Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 173
Văn bản gốc(Tây Tạng)
Trang 5 / 12 (50.000 ký tự/trang)
་དང་། །དེ་ཡི་སྲེད་པ་མེད་འགྱུར་ཞིང་། །དེ་ནི་ཡང་དུ་འཁོར་མི་འགྱུར། །གང་ཕྱིར་སྲིད་མཚོའི་རྒྱུར་གྱུར་པ། །ཡུལ་ལ་སྲེད་པ་འབྲས་ཀྱི་གཞི། །འཁྲི་ཤིང་དྲ་བས་ཁེབས་བྱེད་པ། །གདུང་བར་བྱེད་པ་མ་བཏུལ་ ན། །སྡུག་བསྔལ་འདི་ནི་ཡང་དང་ཡང་། །རྣམ་པ་ཀུན་དུ་ལྡོག་མི་འགྱུར། །དཔེར་ན་ལྗོན་ཤིང་རྩ་ནས་མ་བཏོན་ན། །བཅད་ཀྱང་ཕྱིར་ཞིང་སྐྱེ་བ་ཁོ་ནར་ཟད། །དེ་བཞིན་སྲིད་པའི་ཕྲ་རྒྱས་མ་བཏོན་ན། །ཡང་དང་ཡང་དུ་སྡུག་བསྔལ་འདི་མི་ལྡོག །དཔེར་ན་བདག་ཉིད་ཀྱིས་ནི་ བྱས་པའི་མཚོན། །དེ་ཡི་རྐུན་པོའི་མཐུ་ཡིས་བདག་གསོད་ལྟར། །དེ་བཞིན་ནང་གི་སེམས་ལས་བྱུང་བ་ཡི། །སྲིད་པས་ལུས་ཅན་ཉེ་བར་གསོད་པར་བྱེད། །དེ་ལྟར་སྲིད་ལས་སྡུག་བསྔལ་དག །འབྱུང་བའི་ནོངས་དམིགས་མཁྱེན་ནས་ནི། །སྲེད་སྤང་ཉེ་བར་ལེན་མེད་པའི། །དོན་དམ་ དགེ་སློང་མཆོག་འགྱུར་མཛོད། །སྲེད་པ་སྤང་བའི་ལེའུ་སྟེ་གཉིས་པའོ།། །།བག་ཡོད་འཆི་མེད་གནས་ཡིན་ཏེ། །བག་མེད་པ་ནི་འཆི་བའི་གནས། །བག་མེད་འཆི་བར་མི་འགྱུར་སྟེ། །བག་མེད་པ་ནི་རྟག་ཏུ་འཆི། །དེ་ཡི་ཁྱད་པར་དེ་རིག་པས། །མཁས་ པ་རྣམས་ནི་བག་དང་ལྡན། །བག་ཡོད་པ་ལ་རབ་དགའ་བ། །འཕགས་པའི་སྤྱོད་ཡུལ་དགའ་བ་ཡིན། །བརྟེན་པ་གྲུབ་བདེ་བླ་མེད་པ། །མྱ་ངན་འདས་ལ་རེག་པ་ཡིན། །གང་ཚེ་མཁས་པ་བག་ཡོད་པས། །བག་མེད་བཅོམ་པ་དེ་ཡི་ཚེ། །ཤེས་རབ་ཁང་བཟང་སྟེང་ འཛེགས་ནས། །མྱ་ངན་མེད་པས་གདུང་བཅད་དེ། །བརྟེན་རྣམས་རི་བོའི་རྩེ་དག་ནས། །ས་སྟེང་བྱིས་པ་རྣམས་ལ་བལྟ། །བརྩོན་འགྲུས་དང་ནི་བག་ཡོད་དང་། །ཡང་དག་སྡོམ་དང་དུལ་བ་ཡིས། །མཁས་པའི་གླིང་དུ་བྱས་ནས་ནི། །ཆུ་བོ་ཆེན་པོ་མངོན་དུ་ཟློག །བརྩོན་ པ་ལྡན་ཞིང་དྲན་དང་ལྡན་པ་དང་། །སྤྱོད་པ་གཙང་ཞིང་བརྟགས་ནས་བྱེད་པ་དང་། །ཡང་དག་སྡོམ་དང་ཆོས་ཀྱིས་འཚོ་བ་དང་། །བག་ཡོད་རྣམས་ཀྱི་གྲགས་པ་མངོན་པར་འཕེལ། །ཚུལ་ཁྲིམས་ཏིང་འཛིན་ཤེས་རབ་མཆོག །ཐུབ་པའི་བསླབ་གཞི་རྣམས་ལ་བསླབ། །ཉེར་ཞི་ རྟག་ཏུ་དྲན་ལྡན་པའི། །སྐྱོབ་པ་མྱ་ངན་མེད་པ་ཡིན། །དམན་པའི་ཆོས་ལ་མི་བརྟེན་ཅིང་། །བག་མེད་པ་ལ་བརྟེན་མི་བྱ། །ལོག་པར་ལྟ་ལ་འདོད་མེད་དང་། །འཇིག་རྟེན་འཕེལ་བར་མི་བྱའོ། །འཇིག་རྟེན་པ་ཡི་ཡང་དག་ལྟ། །ཆེན་པོ་སུ་ལ་ཡོད་གྱུར་པ། །དེ་ནི་ཚེ་རབས་སྟོང་དུ་ ཡང་། །ངན་འགྲོར་འགྲོ་བར་མི་འགྱུར་རོ། །བག་མེད་པ་ལ་སྦྱོར་བྱེད་པའི། །སྐྱེ་བོ་བྱིས་པ་བསམ་བརླག་ཡིན། །ཚོང་དཔོན་ནོར་རྣམས་བསྲུང་བ་ལྟར། །མཁས་པ་བག་དང་ལྡན་པར་བྱ། །བག་མེད་པ་ལ་མི་སྦྱོར་ཞིང་། །འདོད་པ་རྣམས་ལ་རྒྱབ་ཕྱོགས་ནས། །རྟག་ཏུ་ བག་ཡོད་སེམས་བྱེད་པ། །ཟག་པ་ཟད་པ་ཐོབ་པར་འགྱུར། །ཟག་པ་ཟད་པ་མ་ཐོབ་པར། །མཁས་པས་བག་མེད་མི་བྱ་སྟེ། །རི་དགས་མོ་ཡིས་སེང་གེ་ལྟར། །བག་མེད་པ་དག་གསོད་པར་བྱེད། །བག་མེད་ཕ་རོལ་བུད་མེད་སྟེན་བྱེད་པའི། །མི་གང་ཡིན་ལ་ གནས་སྐབས་འདི་བཞི་འབྱུང་། །བསོད་ནམས་མིན་འཐོབ་བདེ་བར་མི་ཉལ་དང་། །དམ་པས་སྨད་ཅིང་ལུས་ཞིག་ངན་འགྲོར་སྐྱེ། །གང་ཞིག་བདག་བདེ་ལྟ་འདོད་པ། །དེ་ནི་གོང་མ་བཞིན་དུ་སྦྱར། །བྱིས་པའི་ཤིང་རྟ་བཞིན་གྱུར་པས། །བརྟན་པས་བརྩོན་འགྲུས་ཞན་མི་བྱ། །དཔེར་ ན་བྱིས་པའི་ཤིང་རྟ་དག །ལམ་ཆེན་བཟང་པོ་བོར་ནས་ནི། །ལམ་ངན་དག་ཏུ་འགྲོ་བྱེད་པ། །མིག་ཆག་སེམས་ཁོང་ཆུད་པ་ལྟར། །དེ་བཞིན་ཆོས་ནི་སྤངས་པས་ཀྱང་། །ཆོས་མིན་རྗེས་སུ་འཇུག་བྱེད་པའི། །བྱིས་པ་འཆི་བདག་དབང་འགྲོ་ཞིང་། །ཆོས་ཉམས་བདེ་བ་བཅོམ་པ་འཐོབ། །གང་ ཞིག་བྱ་བ་རྣམ་སྤངས་ནས། །མི་བྱ་བ་དག་བྱེད་པ་དང་། །བག་མེད་པ་ཡིས་རློམ་བྱེད་པ། །དེ་དག་རྣམས་ཀྱི་ཟག་པ་འཕེལ། །གང་ཞིག་ལུས་སོགས་དྲན་པ་དག །རྟག་ཏུ་ལེགས་པར་བརྩམས་པ་དང་། །བྱ་བ་མ་ཡིན་མི་བྱེད་ཅིང་། །རྒྱུན་དུ་བྱ་བ་བྱེད་པ་དང་། །དྲན་དང་ཤེས་བཞིན་ལྡན་པ་དེའི། །ཟག་པ་ རྣམས་ནི་ཟད་པར་འགྱུར། །ཇི་ཙམ་མང་དུ་སྨྲ་བྱེད་པ། །དེ་དག་དམ་ཆོས་འཛིན་པ་མིན། །གང་དག་འདི་ན་ཐོས་ཉུང་ཡང་། །ཡིད་ཀྱི་ཆོས་དག་མངོན་སུམ་བྱས། །གང་དག་ཆོས་ལ་བག་བྱེད་པ། །དེ་དག་དམ་ཆོས་འཛིན་པ་ཡིན། །གལ་ཏེ་རིགས་བཅས་མང་དུ་སྨྲས་ཀྱང་ནི། །བག་མེད་མི་དག་དེ་ ལྟར་བྱེད་མི་འགྱུར། །དཔེར་ན་ཕྱུགས་རྫིས་གཞན་གྱི་ཕྱུགས་བགྲང་ལྟར། །དེ་དག་དགེ་སྦྱོང་སྐལ་བ་ཐོབ་མ་ཡིན། །གལ་ཏེ་རིགས་བཅས་ཉུང་ངུ་སྨྲ་བྱེད་ཀྱང་། །ཆོས་ཀྱི་རྗེས་སུ་ཆོས་ལ་སྤྱོད་པ་དང་། །འདོད་ཆགས་ཞེ་སྡང་གཏི་མུག་སྤོང་བྱེད་པ། །དེ་དག་དགེ་སྦྱོང་སྐལ་བ་ཐོབ་པ་ཡིན། །བག་ ཡོད་བསྔགས་པ་རྗོད་བྱེད་ཅིང་། །རྟག་ཏུ་བག་མེད་ལ་སྨོད་པས། །བག་མེད་མཆོད་སྦྱིན་རྒྱལ་བ་ཡང་། །ལྷ་རྣམས་ནང་ན་གཙོ་བོར་འགྱུར། །བག་དང་བཅས་པའི་མཁས་པ་ཡིས། །དོན་གཉིས་རབ་ཏུ་ལེན་པར་བྱེད། །ཚེ་འདིའི་དོན་ནི་གང་ཡིན་དང་། །ཕྱི་མའི་དོན་ནི་གང་ཡིན་པའོ། །དེ་ དག་བརྟེན་པས་རྟོགས་པས་ན། །མཁས་པ་ཞེས་ནི་ངེས་པར་བརྗོད། །དགེ་སློང་བག་ཡོད་ལ་དགའ་ཞིང་། །བག་མེད་པ་ལ་འཇིགས་ལྟ་བས། །བདག་ཉིད་ངན་འགྲོ་ལས་འདྲེན་ཏེ། །འདམ་རྫབ་ལས་ནི་གླང་ཆེན་བཞིན། །སྡིག་པའི་ཆོས་རྣམས་སྤྲུག་པར་བྱེད། །རླུང་གིས་ལྗོན་ཤིང་ ལོ་མ་བཞིན། །ཀུན་དུ་སྦྱོར་བ་ཕྲ་རགས་དག །སྲེག་སྟེ་མེ་ཡིས་རྩྭ་བཞིན་ནོ། །འདུ་བྱེད་ཉེར་ཞི་ཞི་བ་ཡི། །གོ་འཕང་མཆོག་ནི་སོ་སོར་རྟོགས། །མྱ་ངན་འདས་དང་ཉེ་བའི་ཕྱིར། །ཡོངས་སུ་ཉམས་འགྱུར་མི་སྲིད་དོ། །བརྩོན་འགྲུས་ལྡན་ཞིང་བག་ཡོད་དང་། །ཆོས་སྤྱོད་ལེགས་པར་སྤྱོད་ བྱེད་པ། །འཇིག་རྟེན་འདི་དང་ཕ་རོལ་དུ། །དགའ་དང་བདེ་བ་རབ་ཏུ་འཐོབ། །ཞི་ཕྱིར་བསླབ་པ་ལ་བརྟེན་དང་། །རྩོལ་བ་དང་ནི་བརྩོན་འགྲུས་སྐྱེད། །མི་དྲན་པ་དང་བག་མེད་དང་། །བརྩོན་འགྲུས་ཆུང་དང་ཀུན་སྡོམ་མེད། །གཉིད་དང་སྡོམ་པ་གཡེང་བ་རྣམས། །འདི་དག་བསླབ་པའི་ བར་བཅད་པས། །ཁྱོད་ཀྱིས་ཡན་ལག་དེ་མཁྱེན་ནས། །དྲན་པ་ཆུད་ནི་མི་གཟན་མཛོད། །མཁས་ཁྱོད་ཚུལ་ཁྲིམས་བཟང་བ་དང་། །བག་ཡོད་པ་ལ་དགྱེས་པ་ཡིས། །ཀུན་རྟོག་ལེགས་པར་མཉམ་ཞོག་སྟེ། །ཉིད་ཀྱི་ཐུགས་ནི་རྗེས་སུ་སྲུངས། །གང་ཞིག་ཆོས་འདུལ་འདི་ལ་ནི། །བག་དང་ ལྡན་པར་སྤྱོད་བྱེད་པ། །སྐྱེ་བའི་འཁོར་བ་རབ་སྤངས་ནས། །སྡུག་བསྔལ་ཐ་མར་བྱེད་པར་འགྱུར། །བག་མེད་པ་སྤང་བའི་ལེའུ་སྟེ་གསུམ་པའོ།། །།ཉོན་མོངས་རྣམས་ནི་བདག་འཇོམས་སེམས་ཅན་འཇོམས་ཤིང་ཚུལ་ཁྲིམས་འཇོམས། །ཉམས་བཅས་རྙེད་པས་ དམན་ཞིང་སྲུང་དང་དེ་བཞིན་སྟོན་པས་སྤངས། །རྩོད་བཅས་མི་སྙན་དེ་ནི་གཞན་དུ་མི་ཁོམ་རྣམས་སུ་སྐྱེ། །ཐོབ་དང་མ་ཐོབ་ཉམས་པས་འཇིགས་དང་སྡུག་བསྔལ་ཆེན་པོ་འཐོབ། །ཉོན་མོངས་ལྷག་པས་ཐུབ་ལ་རྨ་འབྱིན་ཏེ། །དམ་ཆོས་སྤོང་དང་དགེ་འདུན་སྐུར་བར་བྱེད། །ཕ་མ་གསོད་ཅིང་ ཆོམ་རྐུན་ལོག་གཡེམ་སྤྱོད། །རྫུན་དང་ཕྲ་མ་ཚིག་རྩུབ་འཁྱལ་པ་སྨྲ། །བརྣབ་སེམས་གནོད་སེམས་ལོག་ལྟ་ཡིད་བྱེད་ཅིང་། །དམྱལ་བ་ཡི་དགས་དུད་འགྲོ་འཕེལ་བར་བྱེད། །འདིར་ནི་ཉོན་མོངས་ས་བོན་བཞིན། །ཀླུ་བཞིན་རྩྭ་བཞིན་ལྗོན་ཤིང་བཞིན། །དེ་བཞིན་ཤུན་པ་ལྟ་བུ་སྟེ། ། ལས་ནི་ཤུན་བཅས་འབྲས་དང་འདྲ། །དེ་བཞིན་སྨན་དང་མེ་ཏོག་བཞིན། །སྐྱེ་བ་བཟའ་བཏུང་གྲུབ་པ་འདྲ། །ཀུན་སྦྱོར་འཆིང་བ་བག་ལ་ཉལ། །ཉེ་བའི་ཉོན་མོངས་ཀུན་ནས་དཀྲིས། །ཆུ་བོ་སྦྱོར་བ་ཉེར་ལེན་མདུད། །སྒྲིབ་དང་ཐ་བ་དྲི་མ་སྡིག །ཟུག་རྔུ་ཅི་ ཡང་ཉེ་བར་སྤྱོད། །ཟག་པ་ཕོངས་པ་ཡོངས་སུ་མདུད། །འཁྲུག་དང་འཐབ་པ་རིམས་ནད་དང་། །ནགས་སྦྱོར་དང་ནི་གནས་ཞེས་བྱ། །འདོད་ཆགས་ཁོང་ཁྲོ་གཏི་མུག་དང་། །ང་རྒྱལ་ལྟ་བ་ཐེ་ཚོམ་དང་། །ཁྲོ་དང་ཁོན་དུ་འཛིན་པ་དང་། །འཆབ་དང་ཚིག་དང་ཕྲག་དོག་དང་། །སེར་ སྣ་དང་ནི་སྒྱུ་བག་དང་། །གཡོ་རྒྱགས་རྣམ་འཚེ་ངོ་ཚ་མེད། །ཁྲེལ་མེད་རྨུགས་དང་རྒོད་པ་དང་། །མ་དད་པ་དང་ལེ་ལོ་དང་། །བག་མེད་པ་དང་བརྗེད་ངས་དང་། །རྣམ་གཡེངས་ཤེས་བཞིན་མ་ཡིན་པ། །རབ་མཁས་ཁྱེད་ཀྱིས་སྤང་བར་མཛོད། །ཉོན་མོངས་དེ་དག་སྤང་སླད་དུ། །ཞི་གནས་ ལྷག་མཐོང་བསྒོམ་པ་དང་། །མི་སྡུག་བྱམས་ཁམས་རྟེན་འབྲེལ་དང་། །དབུགས་རྔུབ་དབུགས་དབྱུང་དྲན་པ་མཛོད། །དྲན་པ་ཉེར་གཞག་སྤང་བ་བཞི། །དེ་བཞིན་རྫུ་འཕྲུལ་རྐང་པ་དང་། །དབང་སྟོབས་བྱང་ཆུབ་ཡན་ལག་དང་། །ལམ་གྱི་ཡན་ལག་བསྒོམ་པར་མཛོད། །དེ་ལྟར་ འདིར་ནི་མདོར་བསྡུས་ནས། །མཁས་པ་ཁྱོད་ལ་སྤྲིངས་པ་ཡི། །དགེ་བ་གང་དེས་འགྲོ་བ་ཀུན། །རྣམ་གྲོལ་ཞི་བ་ཐོབ་པར་ཤོག །ཉོན་མོངས་པ་སྤོང་བའི་ལེའུ་སྟེ་བཞི་པའོ།། །།བླ་མ་ལ་སྤྲིང་བ་དགེ་སློང་དགོན་པ་པས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་ པོ་ཨཱ་ཙཱརྱ་བི་ན་ཡ་ཙཱན་དྲ་དང་། བོད་ཀྱི་ལོ་ཙཱ་བ་དགེ་སློང་ཆོས་ཀྱི་ཤེས་རབ་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། ༄༅༅། །རྒྱ་གར་སྐད་དུ། སུ་ཏཾ་ལེ་ཁ། བོད་སྐད་དུ། བུ་ལ་སྤྲིང་བ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །མཚོ་ཆེན་ས་ གཞིར་གྱུར་འདི་དགྲ་བཅོམ་བྱེ་བའི་ཡུལ། །ལེགས་སྤྱོད་མིས་གང་དཔེ་མེད་དཔལ་སྒོ་རིག་གནས་འདིར། །མཁས་པ་རིན་ཆེན་རྡོ་རྗེའི་རྒྱུད་འཛིན་བྲམ་ཟེའི་རིགས། །གཟུགས་སྟོབས་ཤེས་རབ་ཕུན་ཚོགས་མ་ཧཱ་ཛཱ་ནར་འགྱུར། །མཆོག་ཏུ་བརྩེ་བའི་ཕ་མ་མཛའ་བཤེས་ གཉེན་འདུན་ཚོགས། །མཆིལ་མའི་ཐལ་བ་བཞིན་དུ་ལྟོས་མེད་ཡལ་དོར་ནས། །མཐའ་འཁོབ་ཀླ་ཀློ་མུན་པའི་ནང་ན་གཅིག་འཁྱམས་པ། །བློ་ལྡན་བུ་དེ་ཤེས་རབ་སྒྲོན་མས་སྣང་གྱུར་ཅིག །ཤིན་ཏུ་བརྩེ་བའི་དེད་དཔོན་བདག་གིས་ནི། །ལེགས་བཤད་རྒྱ་མཚོའི་གླིང་ནས་བླངས་པ་ཡི། ། སྤྲིང་ཡིག་རིན་ཆེན་འདི་ནི་བུ་ལ་བསྐུར། །རབ་གུས་དགའ་ཞིང་དད་པས་མཉན་པར་གྱིས། །དགེ་བའི་ཡུལ་དབུས་ཁང་བཟང་ལོངས་སྤྱོད་དང་། །གཡོ་མེད་སེམས་ཀྱིས་རྒྱུན་དུ་བརྩེ་བ་ཡི། །ཕ་མ་མཛའ་བཤེས་རྩ་ལག་སྤངས་ནས་ནི། །བུ་ཁྱོད་མཐའ་འཁོབ་རྒྱུ་བ་ཤིན་ཏུ་སྨད། །དམ་ཆོས་ ཕྱིར་ནི་ཕ་མ་ཡལ་དོར་ནས། །ནོར་བཟང་བཞིན་དུ་ཡུལ་གཞན་རྒྱུ་འོས་ན། །འདོད་པའི་དོན་དུ་ཕ་མ་ཡལ་དོར་ནས། །སྨད་པའི་དོན་དུ་རྒྱུ་བ་ག་ལ་རིགས། །བུ་ཁྱོད་གཟུགས་སྡུག་མཆོག་དང་སྒྲ་སྙན་དང་། །དྲི་ཞིམ་རོ་མཆོག་རེག་བྱའི་བདེ་བྱེད་པ། །འདོད་པའི་འདམ་དུ་འགྲོ་བ་འདི་དག་བྱིང་། ། དཔེར་ན་གླང་ཆེན་འདམ་དུ་ཆུད་པ་བཞིན། །འདོད་པ་ལས་ནི་འཇིགས་དང་སྡུག་བསྔལ་དང་། །མྱ་ངན་དང་ནི་འཚེ་བ་སྣ་ཚོགས་འབྱུང་། །གསོད་དང་བཅིང་དང་ཡན་ལག་གཅོད་པ་དང་། །མེ་དང་ཆུ་དང་གཡང་སར་འདོར་བར་བྱེད། །འདོད་ལ་བརྐམ་པས་སེམས་ཅན་དམྱལ་བ་དང་། །ཡི་དགས་ དུད་འགྲོ་རྣམས་སུ་སྡུག་བསྔལ་རྙེད། །མིར་གྱུར་ན་ཡང་སྡུག་བསྔལ་མི་སྙན་དང་། །དྲི་མི་ཞིམ་དང་བཀྲེས་སྐོམ་ནད་ཀྱིས་གཟིར། །གཡེན་བ་ཅན་ལ་ཕྲུག་ན་བདེ། །དེ་བཞིན་འཇིག་རྟེན་འདོད་ལྡན་བདེ། །དེ་བས་འདོད་པ་མེད་པ་བདེ། །ཇི་ལྟར་མེ་ལོང་བྲག་ཅ་དང་། །སྤོས་སྣོད་གཟར་བུ་ ནམ་མཁའ་རྣམས། །གཟུགས་བརྙན་སྒྲ་གྲགས་སྤོས་དང་ནི། །ཚོད་མའི་རོ་དང་རླུང་རྣམས་ཀྱིས། །ནམ་ཡང་ངོམས་པར་འགྱུར་བ་མེད། །དེ་བཞིན་མིག་དང་རྣ་བ་དང་། །སྣ་དང་ལྕེ་དང་ལུས་རྣམས་དང་། །གཟུགས་མཛེས་སྒྲ་སྙན་དྲི་ཞིམ་དང་། །རོ་མཆོག་རེག་བྱ་བདེ་བ་ཡིས། །ནམ་ཡང་ ངོམས་པར་འགྱུར་བ་མེད། །དེ་བས་འདོད་པ་རྣམས་སྤང་ཞིང་། །འཕགས་པའི་ཆོས་རྣམས་བསྟེན་པར་བྱ། །ཚུལ་ཁྲིམས་ཏིང་འཛིན་ཤེས་རབ་མཆོག །རྣམ་གྲོལ་བདེ་བས་ངོམས་པར་འགྱུར། །འདོད་ལ་ཆགས་པ་སྤང་བར་བྱའོ། །ནོར་ལ་ཆགས་པས་འདིར་གདུང་ཕྱི་མར་གདུང་། ། གཉིས་ཀར་གདུང་སྟེ་དེས་ན་བདག་ཉིད་ཀྱིས། །ལས་རྣམ་སྨིན་མཐོང་དེ་གདུང་རབ་ཏུ་གདུང་། །འགྲོ་བ་དམན་པར་སོང་བས་ཕྱིར་ཞིང་གདུང་། །བསག་དང་བསྲུང་དང་བརླག་པའི་གདུང་བ་ཡིས། །ནོར་ནི་ཕུང་ཁྲོལ་མཐའ་ཡས་ཤེས་པར་བྱ། །ནོར་ལ་ཆགས་ པས་གཡེང་བར་གྱུར་པ་རྣམས། །སྲིད་པའི་སྡུག་བསྔལ་ལས་གྲོལ་སྐབས་མེད་དོ། །ནོར་གྱི་ཕྱིར་ནི་རྒྱལ་བུ་དགེ་དོན་གྱི། །མིག་གཉིས་ཚེར་མ་རྣོན་པོས་བརྟོལ་བར་གྱུར། །བུ་མོ་མཛའ་བོ་རྣ་བ་བྱེ་བ་རི། །རྒྱ་མཚོར་ཤི་འཕོས་འཁྱམ་པར་གྱུར་པ་ཡིན། །འདི་ན་ནོར་འཚོལ་ཁ་ཅིག་གསལ་ ཤིང་བཙུགས། །ལ་ལ་ཡན་ལག་ཉིང་ལག་གཅོད་པར་སྣང་། །གཞན་དག་བཙོན་ར་ཤིན་ཏུ་ཟབ་མོར་བཅུག །ཁ་ཅིག་ཁོང་སྒྲིལ་སུ་མི་འདོད་ཀྱིས་བཅིངས། །ནོར་བུ་ལེན་པའི་ཚོང་པ་ལྔ་བརྒྱ་དག །སིང་ག་ལ་ཡི་གླིང་དུ་སྲིན་མོས་བཟུང་། །རྫུ་འཕྲུལ་ཆེན་པོའི་རྟ་རྒྱལ་བ་ལ་ཧས། །དེ་དག་ བསྒྲལ་བར་ནུས་པ་མ་ཡིན་ནོ། །འདི་ན་གསེར་དང་དངུལ་དང་བཻ་ཌཱུརྱ། །མུ་ཏིག་བྱི་རུ་ཨསྨ་གརྦྷ་དང་། །ཀཱརྵཱ་པ་ཎ་ལ་སོགས་ཆར་བབས་ཀྱང་། །ནོར་འཚོལ་རྣམས་ནི་ངོམས་པར་འགྱུར་བ་མེད། །གངས་ཅན་འབིགས་བྱེད་དང་ནི་མཉམ་པ་ཡི། །ནོར་གྱི་ཕུང་པོ་ལ་ནི་དབང་བསྒྱུར་ཀྱང་། །ནོར་ ཚོལ་གཅིག་ཀྱང་ངོམས་པར་འགྱུར་མ་ཡིན། །དེ་ཕྱིར་བུ་ཁྱོད་ནོར་ལ་ཆགས་པ་སྤོངས། །འདི་ན་ནོར་མང་སྐྱེ་བོ་སྡུག་བསྔལ་བ། །འདོད་པ་ཆུང་རྣམས་དེ་ལྟ་མ་ཡིན་ཏེ། །ཀླུ་དབང་རྣམས་ལ་མགོ་བོ་ཇི་སྙེད་པ། །དེ་ལས་བྱུང་བའི་སྡུག་བསྔལ་དེ་སྙེད་དོ། །ལུས་སྲོག་ཡལ་བར་དོར་ནས་ནོར་ བསགས་ཀྱང་། །ཤི་ན་སྐལ་བ་ཉམས་པར་འགྱུར་བ་ཡི། །ནོར་དེ་རྨི་ལམ་སྤྲིན་དང་མཚུངས་པ་ཡིན། །དེ་བས་འདོད་པ་ཆུང་ཞིང་ཆོག་ཤེས་བྱ། །ནོར་མང་བསགས་ཤིང་སྦ་བྱས་ཀྱང་། །ཅུང་ཟད་ཅུང་ཟད་སྤྱད་པ་ཡིས། །འཇུངས་པའི་ནོར་ནི་འདྲ་བ་ལྟར། །སྡུག་བསྔལ་སྐྱེད་པ་ཁོ་ནར་ཟད། ། བུ་ཁྱོད་གལ་ཏེ་ནོར་འཚོལ་ན། །འཕགས་པའི་ནོར་བདུན་བསྟེན་པར་གྱིས། །རྒྱལ་པོ་རྐུན་པོས་མི་ཕྲོགས་ཤིང་། །སྲིད་པའི་དབུལ་བ་སེལ་བར་འགྱུར། །རྟག་ཏུ་ཚུལ་ཁྲིམས་ལྡན་པ་ལ། །སྦྱིན་པ་བཀུར་སྟིས་བརྒྱན་པར་གྱིས། །ནོར་རྣམས་དེ་ལྟར་གཏེར་དུ་སྦོས། །རྗེས་སུ་འབྲང་ཞིང་ དབྲོག་ཏུ་མེད། །འདི་ན་ནོར་སློང་དམན་པ་སྟེ། །མི་སྦྱིན་པ་ནི་དེ་བས་དམན། །ནོར་སྦྱིན་པ་ནི་མཆོག་ཡིན་ཏེ། །མི་འདོད་པ་ནི་དེ་བས་མཆོག །ནོར་ལ་ཆགས་པ་སྤང་བའོ། །འདོད་པའི་ཕྱིར་ནི་བྱིས་པ་རྣམས། །བུད་མེད་རུལ་པ་སྟེན་བྱེད་པ། །འགྲོ་བ་རུལ་པར་འགྲོ་འགྱུར་ཞིང་། །ངན་སོང་ རྣམས་སུ་ལྟུང་བར་འགྱུར། །འཇིགས་པ་ཆེན་པོའི་འཆིང་བ་ནི། །བུད་མེད་ཞགས་པ་མི་བཟད་པ། །སངས་རྒྱས་རྣམས་ཀྱིས་འདོད་པ་དང་། །བུད་མེད་བསྟེན་པའང་མ་བསྔགས་སོ། །ལམ་འདིས་བྱང་ཆུབ་བར་བཅད་པས། །སྦྲུལ་གདུག་ཤིན་ཏུ་ཁྲོ་བ་ལྟར། །མཁས་ཁྱོད་བུད་མེད་རྣམ་པར་ སྤོངས། །མི་གང་དག་ནི་བུད་མེད་འདོད། །དེ་དག་བདེ་བར་ག་ལ་འགྱུར། །བུད་མེད་ཕུང་བར་བྱེད་པ་སྟེ། །འཇིག་རྟེན་འདི་དང་ཕ་རོལ་ཕུང་། །རྣམ་པ་ཀུན་དུ་ནོར་འཇིག་དང་། །ངན་སོང་རྩ་བ་བུད་མེད་ཡིན། །བུ་ཁྱོད་བདག་ལ་ཕན་འདོད་ན། །དེ་བས་བུད་མེད་རྟག་ཏུ་སྤོངས། །བུད་མེད་རྣམས་ ཀྱི་རང་བཞིན་ནི། །འདོད་ཅན་རྣམས་ཀྱིས་མི་རིག་སྟེ། །སྐྱེས་པ་དང་ནི་ཡིད་གཅུགས་ཤིང་། །རྩེ་དགའ་དུ་མ་བྱས་ནས་ཀྱང་། །སྦྲུལ་གྱི་ལྤགས་རྙིང་འདོར་བ་ལྟར། །བུད་མེད་ཀྱིས་ནི་བློ་བུར་འདོར། །སྦྲང་མས་མེ་ཏོག་རྙིང་པ་ལྟར། །བུད་མེད་ཀྱིས་ནི་ནོར་མེད་པའི། །སྐྱེས་པ་རྒན་པོ་འདོར་བྱེད་ ཅིང་། །གཟུགས་བྱད་ངན་པའང་འདོར་བ་ཡིན། །རབ་ཏུ་བརྩེ་བས་བུད་མེད་དག །ཐམས་ཅད་དུ་ནི་ཡོངས་བསྐྱངས་ཀྱང་། །བུད་མེད་ཤིན་ཏུ་མི་བཟད་པ། །བདག་གིར་བྱ་བར་མི་ནུས་སོ། །དེ་ཡི་རང་བཞིན་འདི་ཡིན་ཏེ། །བུད་མེད་རྣམས་ནི་སེམས་མི་སྲུན། །བྱས་པ་དྲིན་དུ་མི་གཟོ་བས། ། རང་གི་སྐྱེས་པའང་གསོད་པར་བྱེད། །ཆུ་བོ་དང་ནི་སྡེར་མོ་ཅན། །རྭ་ཅན་ལག་ན་མཚོན་ཐོགས་པ། །རྒྱལ་པོ་ངན་དང་བུད་མེད་ལ། །ནམ་ཡང་ཡིད་བརྟན་མི་བྱའོ། །བུད་མེད་ཁ་ཟས་ཉིས་འགྱུར་ཏེ། །གཡོ་སྒྱུ་དག་ནི་བཞི་འགྱུར་ཡིན། །ཕྲག་དོག་ཤས་ནི་དྲུག་འགྱུར་ཏེ། །འདོད་པ་བརྒྱ་ འགྱུར་ཡིན་པར་བྱ། །ཤིང་རྣམས་ཀྱིས་ནི་མེད་དང་ནི། །ཆར་གྱིས་རྒྱ་མཚོ་ཆེན་པོ་དང་། །འབྱུང་པོ་ཀུན་གྱིས་གཤིན་རྗེ་ལྟར། །སྐྱེས་པ་བུད་མེད་ངོམས་མི་འགྱུར། །པུ་ཀ་རྩེ་ཡི་ཁ་ཆུ་ཡིས། །བྱེ་མའི་ཕུང་པོ་ཇི་ལྟར་འབང་། །སྐྱེས་པ་གཞོན་ནུ་ཐམས་ཅད་ཀྱིས། །བུད་མེད་གཅིག་ནི་ ངོམས་མི་འགྱུར། །བྱི་བོ་བྱེད་པའི་ངང་ཚུལ་ཅན། །མ་བསྡམས་མི་བསྲུན་འདོད་ལ་བརྐམ། །རང་གི་ཆུང་མས་མི་ཆོག་སྟེ། །འཇིག་རྟེན་དག་ན་སྨད་འོས་ཡིན། །འདི་དང་ཕ་རོལ་སྡུག་བསྔལ་འགྱུར། །གསོད་དང་ཆད་པ་དྲག་པོ་མྱོང་། །སེམས་ཅན་དམྱལ་ བ་རྣམས་སུ་སྐྱེ། །དེ་བས་བུ་ཁྱོད་དེ་སྤོངས་ཤིག །བྱི་བོ་བྱེད་པ་ཤལྨ་ལི། །ལྕགས་ཀྱི་ཚེར་མ་རྩེ་མོ་འབར། །སོར་ནི་བཅུ་དྲུག་ཡོད་པ་ལ། །ངུ་ཞིང་སྟོབས་ཀྱིས་འཛེགས་པར་འགྱུར། །བུད་མེད་ཤིན་ཏུ་འཇིགས་འཇིགས་ལྟ། །མཆེ་རྣོ་ལུས་ཆེ་འབར་བ་ཡིས། །གཞན་གྱི་བུད་མེད་ འཕྲོག་པ་ལ། །ཅི་ནས་ཟ་བ་ཁོ་ནར་འགྱུར། །གལ་ཏེ་ཆུང་མར་བརྟེན་ན་ཡང་། །དེ་ཡི་ཉེས་དམིགས་དྲུག་ཅུ་ལྔ། །དྲག་ཤུལ་ཅན་གྱི་མདོ་ལས་གསུངས། །དེའི་ཕྱིར་བུད་མེད་སྤང་བར་བྱའོ། །བུད་མེད་ལ་ཆགས་པ་སྤང་བའོ།། །།གང་ཞིག་འཐུངས་ནས་ར་རོ་གློ་ནས་གོམ་ཚུགས་དབང་མེད་ འདོར། །ཡུལ་གྲོང་མ་འདྲིས་པར་ཡང་འཁྱམ་ཞིང་བརྡེག་འཆོས་འགྱུར། །བཟའ་དང་མི་བཟའ་སྤྱད་མེད་དུག་དང་འདྲེས་པ་ཟ། །དེ་བས་བུ་ཁྱོད་མྱོས་འགྱུར་ཁུ་བ་རྟག་ཏུ་སྤོངས། །གང་འཐུངས་ན་ནི་བདག་ལ་བརྟན་མེད་བློ་ཉམས་ཤིང་། །ཕྱུགས་དང་འདྲ་བར་མཛའ་བོས་སྤོང་ཞིང་དགྲ་བོས་འཕྱ། ། འདུས་པ་བྲོ་གར་བྱེད་ཅིང་གླུ་ལེན་འཁར་རྔ་རྡུང་། །དགེ་ལེགས་གྲགས་ཉམས་རྒྱུ་དེ་སུ་ཞིག་འཐུང་བར་བྱེད། །དེ་འཐུངས་ངོ་ཚ་ཁྲེལ་ཡོད་དོར་ནས་ནི། །གཅེར་བུར་བྱུང་ཀྱང་འཛེམ་མེད་སྨྱོན་པ་བཞིན། །རྐུན་པོ་གཅན་གཟན་རྒྱུ་བའི་ལམ་དུ་འགྲོ། །ལུས་སྲོག་ཉམས་རྒྱུ་དེ་ནི་ཁྱོད་ཀྱིས་སྤངས། །དེ་ འཐུངས་སྐྱུགས་པས་གོས་ཤིང་འགྱེལ་གྱུར་ནས། །ཁ་ཡང་ཁྱི་ཡིས་དོགས་པ་མེད་པར་ལྡགས། །དྲན་མེད་ལམ་པོ་ཆེར་ཡང་ཉལ་གྱུར་ན། །བག་མེད་རྩ་བ་རྟག་ཏུ་སྤང་བར་བྱ། །གང་ཞིག་འཐུངས་ནས་མྱོས་པར་འཁྲུལ་འགྱུར་ཏེ། །འབྲིས་ན་ཨན་དྷ་དག་ཀྱང་རྨེ་བྱུང་ན། །དུ་ཆེན་འཐིབ་སྟེ་ ཕན་ཚུན་ཐལ་མར་བྱུང་། །ཕུང་ཁྲོལ་རྩ་བ་དེ་ནི་སུ་ཞིག་འཐུང་། །གང་ཞིག་འཐུངས་ན་དཔལ་གྱི་གཞིར་འགྱུར་རིགས། །ཇེ་མཐོ་ཇེ་མཐོ་གྱུར་པའང་རླག་བྱེད་པ། །ནོར་གྱི་དབྱིག་ལྡན་ཁྱིམ་ཀྱང་ཕུང་འགྱུར་བ། །ཉེས་མང་གཞི་རྩ་དེ་ནི་སུ་ཞིག་འཐུང་། །གློ་བུར་ངུ་ཞིང་རེ་འགའ་དགོད་པར་བྱེད། ། མ་ངེས་སྨྲ་ཞིང་གདོན་གྱིས་ཟིན་པ་བཞིན། །དམ་པས་སྨད་ཅིང་བརྙས་པའི་གནས་གྱུར་པ། །འཁྲུལ་སླང་རྒྱུ་དེ་སུ་ཞིག་འཐུང་བར་བྱེད། །བག་ཡོད་རྣམས་ཀྱང་དེ་འཐུངས་སེམས་ཉམས་ཤིང་། །བདག་ལ་ཕན་པའི་ལམ་དུ་མི་འཇུག་པ། །མ་བརྟགས་མང་དུ་སྨྲ་ཞིང་ཚིག་རྩུབ་འབྱིན། །སྒོ་ གསུམ་ཉམས་བྱེད་དེ་ནི་བཏུང་མི་བྱ། །གང་གི་ཉེས་པས་སྔོན་གྱི་ལྷ་རྣམས་མྱོས། །ལྷ་ཡི་དབང་པོའི་དཔལ་ནི་ཉམས་གྱུར་ནས། །སྐྱབས་འདོད་ཕྱིར་ན་རྒྱ་མཚོའི་ནང་དུ་གབ། །ལྷ་ཡང་ཉམས་བྱེད་དེ་ནི་བཏུང་མི་བྱ། །མི་བྱ་བ་ཡང་བྱ་བ་བཞིན་དུ་བྱེད། །མི་བདེན་པ་ཡང་བདེན་པ་བཞིན་དུ་སྨྲ། ། ཞུམ་པ་རྣམས་ཀྱང་མ་ཞུམ་བཞིན་དུ་སྤྱོད། །མྱོས་འགྱུར་རིགས་ཉམས་སྡུག་བསྔལ་རྒྱུར་གྱུར་པ། །སྡིག་པའི་སྲིན་མོ་བྱུར་ངན་མངོན་སུམ་བཞིན། །རྩོད་པའི་གཞི་དང་ཐ་དད་མ་ཡིན་པ། །སྙིང་གི་མུན་པ་མི་བཟད་དེ་སུ་འཐུང་། །དེ་འཐུངས་ཡིད་ནི་རབ་ཏུ་འཁྲུགས་གྱུར་ནས། །བརྩེ་ བའི་ཕ་དང་མ་ཡང་གསོད་འགྱུར་ཞིང་། །ཉེས་མེད་དགེ་སྦྱོང་བྲམ་ཟེ་དྲང་སྲོང་གསོད། །ཆོམ་རྐུན་དང་ནི་ལོག་གཡེམ་སྨད་པ་བྱེད། །རྫུན་དང་ཕྲ་མ་ཚིག་རྩུབ་འཁྱལ་པ་སྨྲ། །བརྣབ་སེམས་གནོད་སེམས་ལོག་ལྟའི་མུན་པ་འཛིན། །མི་དགེའི་རྩ་བ་དེ་ནི་བཏུང་མི་བྱ། །གང་ཞིག་བཏུང་ན་ཚུལ་ ཁྲིམས་ཏིང་འཛིན་དང་། །ཤེས་རབ་ལྟ་བ་འཚོ་བ་ཆོ་ག་དང་། །དྲན་པ་ཤེས་བཞིན་དད་པ་བརྩོན་འགྲུས་ཉམས། །དགེ་ཆོས་ཆུད་གཟོན་དེ་ནི་བཏུང་མི་བྱ། །དེ་འཐུངས་སྡིག་སྤྱོད་རྣམས་ནི་ལུས་ཞིག་ནས། །རབ་ཏུ་བཟོད་དཀའི་སེམས་ཅན་དམྱལ་བར་ལྟུང་། །ཡི་དྭགས་དུད་འགྲོ་རྣམས་ཀྱང་ སྨྱོན་པར་འགྱུར། །སྡུག་བསྔལ་རྩ་བ་དེ་ནི་བཏུང་མི་བྱ། །ཐུབ་པས་དགའ་བ་ཅན་གྱི་མདོ་ལས་ནི། །མྱོས་འགྱུར་ཉེས་པ་སུམ་ཅུ་རྩ་ལྔ་གསུངས། །དེ་ཕྱིར་བུ་ཁྱོད་བདག་ལ་ཕན་འདོད་ན། །ཉེས་ཀུན་རྩ་བ་དེ་ནི་བཏུང་མི་བྱ། །ཆང་དགའ་དགོས་པ་ཐམས་ཅད་ལ། །རྟག་ཏུ་བག་མེད་སྤྱོད་པར་ འགྱུར། །མཁས་པ་རྣམས་ཀྱི་སྨན་འགྱུར་ཞིང་། །དཀར་པོའི་ཆོས་རྣམས་འགྲིབ་པར་འགྱུར། །ཉེས་ཀུན་རྩ་བ་བག་མེད་གནས། །འདི་དང་གཞན་དུ་རྣམ་པར་རྨོངས། །དེ་བས་སྐྱེ་བོ་ཆེན་པོ་ཁྱོད། །ཆང་ལ་དགའ་བ་རྟག་ཏུ་སྤོངས། །ཕན་པར་སྨྲ་བ་དཀོན་པ་སྟེ། །ཉན་པར་བྱེད་པ་ ཤིན་ཏུ་དཀོན། །དེ་དག་བས་ཀྱང་མི་ཉན་ཡང་། །ཕན་པའི་རྗེས་སུ་བྱེད་པ་དཀོན། །ཕན་པར་སྨྲ་བ་མཆོད་པ་ནི། །བསྒོ་བ་ཤིན་ཏུ་སྒྲུབ་པ་ཡིན། །བུ་ཁྱོད་ང་ལ་མཆོད་འདོད་ན། །གདམས་པ་བཞིན་དུ་རྗེས་སུ་སྒྲུབས། །ཆང་ལ་དགའ་བ་སྤང་བའོ། །བདག་གི་ སྤྲིང་ཡིག་རིན་ཆེན་འདི། །བུ་ལ་བརྗོད་པ་ལས་བྱུང་བའི། །དགེ་བ་གང་དེས་འགྲོ་བ་ཀུན། །ཐམས་ཅད་མཁྱེན་པ་ཐོབ་པར་ཤོག །བུ་ལ་སྤྲིང་བ་པཎྜི་ཏ་མཁས་པ་ཆེན་པོ་སད་ཛ་ན་ཆེན་པོས་མཛད་པ་རྫོགས་སོ།། །།ཁ་ཆེའི་མཁན་པོ་མ་ཧཱ་ཛ་ན་དང་། བོད་ཀྱི་ལོ་ཙཱ་བ་ མར་པ་ཆོས་ཀྱི་དབང་ཕྱུགས་གིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། ༄༅༅། །རྒྱ་གར་སྐད་དུ། བི་མ་ལ་རཏྣ་ལེ་ཁ་ནཱ་མ། བོད་སྐད་དུ། དྲི་མ་མེད་པ་རིན་པོ་ཆེའི་སྤྲིང་ཡིག་ཅེས་བྱ་བ། །བླ་མ་རྣམས་ལ་ཕྱག་འཚལ་ལོ། །རྗེ་བཙུན་མ་སྒྲོལ་མ་ལ་ཕྱག་ འཚལ་ལོ། །མ་ཧཱ་གྷ་ཏིར་སྐུ་བལྟམས་ནས། །སངས་རྒྱས་བསྟན་པ་འཕེལ་མཛད་ཅིང་། །རྒྱལ་སྲིད་ཆོས་ཀྱིས་སྐྱོང་མཛད་པ། །ནིར་ཡ་ཕ་ལ་རྒྱལ་གྱུར་ཅིག །ཁྱོད་ཀྱིས་སྔོན་ཆད་སྦྱིན་པ་དང་། །དགེ་བ་བཅུ་དང་གསོ་སྦྱོང་དང་། །བཟོད་དང་བརྩོན་འགྲུས་ལ་གོམས་པས། །ལྷ་ ཁྱོད་ད་ལྟ་ཕུན་སུམ་ཚོགས། །བླ་མ་རྣམས་ཀྱི་བཀའ་ལུང་དང་། །མདོ་སྩོགས་ཆོས་ཀྱི་རྗེས་འབྲང་འདི། །གུས་པས་སྤྱི་བོས་བླང་མཛོད་དང་། །བདག་གཞན་གཉིས་ལ་ཕན་པར་འགྱུར། །ཐེ་ཚོམ་ཐམས་ཅད་རྣམ་སྤངས་ཤིང་། །སྒྲུབ་ལ་ནན་ཏན་ཆེ་བར་མཛོད། །གཉིད་རྨུགས་ལེ་ལོ་ རྣམ་སྤངས་ཤིང་། །རྟག་ཏུ་བརྩོན་འགྲུས་འབད་པར་བྱ། །དྲན་དང་ཤེས་བཞིན་བག་ཡོད་པས། །དབང་པོའི་སྒོ་རྣམས་རྟག་ཏུ་བསྲུང་། །ཉིན་མཚན་དུས་སུ་ཡང་དང་ཡང་། །སེམས་ཀྱི་རྒྱུད་ལ་བརྟག་པར་བྱ། །རང་སྐྱོན་རྟོག་ལ་མིག་བཞིན་བྱ། །གཞན་སྐྱོན་རྟོག་ལ་ལོང་བ་ བཞིན། །དྲན་དང་ང་རྒྱལ་མེད་པ་དང་། །སྟོང་ཉིད་རྟག་ཏུ་བསྒོམ་པར་བྱ། །བདག་གི་ཉེས་པ་བསྒྲག་བྱ་ཞིང་། །གཞན་གྱི་འཁྲུལ་པ་བཙལ་མི་བྱ། །གཞན་གྱི་ཡོན་ཏན་བསྒྲག་པར་བྱ། །བདག་གི་ཡོན་ཏན་སྦ་བར་བྱ། །རྙེད་དང་བཀུར་སྟི་སྤང་བྱ་ཞིང་། །ཁེ་གྲགས་རྟག་ཏུ་སྤང་བར་བྱ། ། བྱམས་དང་སྙིང་རྗེ་བསྒོམ་བྱ་ཞིང་། །བྱང་ཆུབ་སེམས་ནི་བརྟན་པར་མཛོད། །མི་དགེ་བཅུ་ནི་སྤང་བྱ་ཞིང་། །རྟག་ཏུ་དད་པ་བརྟན་པར་བྱ། །འདོད་པ་ཆུང་ཞིང་ཆོག་ཤེས་དང་། །བྱས་ལ་དྲིན་དུ་གཟོ་བར་བྱ། །ཁྲོ་དང་ང་རྒྱལ་སྤང་བྱ་ཞིང་། །དམན་པའི་སེམས་དང་ལྡན་པར་བྱ། །ལོག་པའི་འཚོ་ བ་རྣམས་སྤང་ཞིང་། །ཆོས་ཀྱི་འཚོ་བས་འཚོ་བར་བྱ། །ཟང་ཟིང་ཐམས་ཅད་རྣམས་སྤང་ཞིང་། །འཕགས་པའི་ནོར་གྱིས་ཕྱུག་པོར་བྱ། །རྟག་ཏུ་འདུ་འཛི་སྤང་བྱ་ཞིང་། །དགོན་པ་ལ་ནི་གནས་པར་བྱ། །འཁྱལ་པའི་ཚིག་རྣམས་སྤང་བྱ་ཞིང་། །རྟག་ཏུ་ངག་ནི་བསྡམ་པར་བྱ། །བླ་མ་ མཁན་པོ་མཐོང་བའི་ཚེ། །གུས་པས་རིམ་གྲོ་བསྐྱེད་པར་བྱ། །ཁྱད་པར་ཅན་གྱི་སྐྱེས་བུ་དང་། །གང་ཟག་ཆོས་ཀྱི་མིག་ཅན་དང་། །ལས་དང་པོ་ཡི་སེམས་ཅན་ལ། །སྟོན་པའི་འདུ་ཤེས་བསྐྱེད་པར་བྱ། །སྡུག་བསྔལ་དག་གིས་གདུངས་པ་དང་། །སེམས་ཅན་ཐམས་ཅད་མཐོང་བའི་ཚེ། །བྱང་ ཆུབ་སེམས་ནི་བསྐྱེད་བྱ་སྟེ། །ཕ་མ་བུ་ཚའི་འདུ་ཤེས་བསྐྱེད། །འཇིག་རྟེན་བྱ་བ་ཀུན་སྤངས་ཏེ། །རྟག་ཏུ་ཏིང་འཛིན་བསྒོམ་པར་མཛོད། །སྡིག་པའི་གྲོགས་པོ་སྤང་བྱ་ཞིང་། །དགེ་བའི་བཤེས་ལ་སྟེན་པར་མཛོད། །ཚུལ་ཁྲིམས་འཆལ་བའི་དགེ་སློང་དང་། །ཆོས་ཀྱིས་ཕོངས་པ་གཞན་དག་ དང་། སྡིག་པ་སྤྱོད་པ་མཐོང་བའི་ཚེ། །དེ་དག་ཡལ་བར་དོར་མི་བྱ། །མི་དགེའི་བཤེས་གཉེན་ཐམས་ཅད་དང་། །སྡིག་པའི་གྲོགས་པོ་ཐམས་ཅད་དང་། །དཀོན་མཆོག་གསུམ་དང་བླ་མ་དང་། །མཁན་པོ་སློབ་དཔོན་མི་གུས་དང་། །བྱས་ལ་དྲིན་དུ་མི་གཟོ་དང་། །ཚེ་འདི་འབའ་ཞིག་དྲན་ པ་དང་། །གཞན་ཡང་དད་པ་ཆུང་བ་དང་། །ཞག་གསུམ་འདས་པར་གནས་མི་བྱ། །སྡང་དང་མི་དགེའི་ས་སྤངས་ཤིང་། །གང་དུ་བདེ་བར་འགྲོ་བར་བྱ། །གང་ལ་ཆགས་པ་སྤང་བྱ་ཞིང་། །ཆགས་པ་མེད་པར་གནས་པར་བྱ། །ཆགས་པས་བདེ་འགྲོ་མི་འཐོབ་ཅིང་། །ཐར་པའི་སྲོག་ཀྱང་གཅོད་ པར་བྱེད། །གང་དུ་དགེ་བའི་བཤེས་གནས་པ། །དེར་ནི་རྟག་ཏུ་གནས་པར་བྱ། །བླ་མ་རྟག་ཏུ་བསྟེན་པ་དང་། །རྟག་ཏུ་མདོ་སྡེ་བལྟ་བར་བྱ། །ཐོག་མར་བརྩམས་པ་གང་ཡིན་པ། །དང་པོར་དེ་ཉིད་བསྒྲུབ་བྱ་ཞིང་། །གཞན་དུ་གཉིས་ཀ་འགྲུབ་མི་འགྱུར། །གཞན་དུ་སྡིག་པ་བཤགས་པ་དང་། ། བསོད་ནམས་མཆོག་ལ་འབད་པར་བྱ། །འཇིག་རྟེན་སྤྱོད་དང་མཐུན་པ་དང་། །རྟག་ཏུ་ཕ་རོལ་སེམས་སུ་མཛོད། །གང་ཚེ་མཐོ་བའི་སེམས་སྐྱེས་ཚེ། །དེ་ཚེ་ང་རྒྱལ་བཅག་བྱ་ཞིང་། །གང་དུ་བག་ཡོད་བྲལ་བའི་ཚེ། །བླ་མའི་གདམས་ངག་དྲན་པར་བྱ། ཞུམ་པའི་ སེམས་ནི་བྱུང་བའི་ཚེ། །སེམས་ཀྱི་གཟེངས་ཀྱང་བསྟོད་པར་བྱ། །ཤེས་རབ་ཕ་རོལ་ཕྱིན་དྲན་ཏེ། །སྤྲོས་པ་མ་ལུས་ཞི་བར་མཛོད། །གང་དུ་ཆགས་སྡོང་ཡུལ་བྱུང་ཚེ། །སྒྱུ་མ་སྤྲུལ་པ་བཞིན་དུ་བལྟ། །མི་སྙན་ཚིག་རྣམས་ཐོས་པའི་ཚེ། །བྲག་ཅ་ལྟ་བུར་མཁྱེན་པར་མཛོད། །ལུས་ལ་གནོད་ པ་བྱུང་བའི་ཚེ། །སྔོན་གྱི་ལས་སུ་བལྟ་བར་བྱ། །བས་མཐའ་དགོན་པར་རབ་གནས་ཤིང་། །རི་དགས་ཤི་བའི་རོ་བཞིན་དུ། །གང་དུ་སུས་ཀྱང་མི་ཤེས་པར། །བདག་གིས་བདག་ཉིད་སྦ་བར་བྱ། །རྟག་ཏུ་ཡི་དམ་བརྟན་པར་བྱ། །འདོད་དང་གནོད་སེམས་གཉིད་དང་རྨུགས། །ལེ་ལོ་སྙོམ་ལས་ སེམས་བྱུང་ཚེ། །དེ་ཚེ་བདག་ལ་རྔན་བགྲང་ཞིང་། །བརྟུལ་ཞུགས་སྙིང་པོ་དྲན་བྱ་དང་། །མི་རྟག་པ་དང་འཆི་བ་བསམ། །གཞན་གྱི་མདུན་དུ་གནས་པའི་ཚེ། །ཞི་དེས་གསོང་པོར་སྨྲ་བར་བྱ། །ཁྲོ་གཉེར་ངོ་འཛུམ་སྤང་བྱ་ཞིང་། །རྟག་ཏུ་འཛུམ་ཞིང་གནས་པར་བྱ། །རྟག་ཏུ་གཞན་ལ་དགའ་བྱ་ ཞིང་། །སེར་སྣ་མེད་ཅིང་གཏང་ལ་དགའ། །རྟག་ཏུ་ཕྲག་དོག་སྤང་བར་བྱ། །གཞན་གྱི་སེམས་ནི་བསྲུང་བྱ་ཞིང་། །རྩོད་པ་ཐམས་ཅད་སྤང་བར་བྱ། །ངོ་དགའ་མེད་ཅིང་གསར་འགྲོགས་མེད། །རྟག་ཏུ་ཟུངས་ནི་ཐུབ་པར་བྱ། །རྟག་ཏུ་བཟོད་དང་ལྡན་པ་དང་། །འདོད་པ་ཆུང་ཞིང་ཆོག་ཤེས་བྱ། ། གདོལ་པ་བྲན་གྱི་འདུ་ཤེས་སོ། །ངོ་ཚ་ཤེས་དང་ཁྲེལ་ཡོད་དང་། །ཕ་རོལ་མགུ་བྱ་དེ་ལ་བརྩོན། །རང་གི་སྡོམ་པ་བསྡམ་པར་མཛོད། །གཞན་ལ་བརྙས་པ་སྤང་བྱ་ཞིང་། །གུས་པའི་ཚུལ་གྱིས་གནས་པར་བྱ། །གཞན་ལ་གདམས་ངག་བྱེད་པའི་ཚེ། །སྙིང་རྗེ་ཕན་སེམས་ལྡན་པར་མཛོད། །སངས་ རྒྱས་ཆོས་ལ་གུས་པ་དང་། །དམ་ཆོས་ནམ་ཡང་སྤང་མི་བྱ། །རྟག་ཏུ་དཀོན་མཆོག་གུས་པ་དང་། །འཁོར་གསུམ་ཡོངས་སུ་དག་པར་མཛོད། །སྔོན་དུ་སྙིང་རྗེ་སོང་བ་ཡིས། །ཉིན་དང་མཚན་མོ་ལན་གསུམ་དུ། །མཆོད་པ་བདུན་དུ་རབ་གྲགས་པའི། །ཕུང་པོ་གསུམ་པ་གདོན་པར་མཛོད། ། འགྲོ་བའི་སྡུག་བསྔལ་བསལ་འདོད་པས། །སྨོན་ལམ་རྒྱ་ཆེན་གདབ་པ་དང་། །སེམས་ཅན་སྨོན་དང་བྱང་ཆུབ་འདོད། །ཐམས་ཅད་བྱང་ཆུབ་ཆེན་པོར་བསྔོ། །དུས་ནི་རིང་པོར་དམ་བཅས་ནས། །རྟག་ཏུ་བརྩོན་དང་ལྡན་པར་བྱ། །དེ་ལྟར་མཛད་ན་ཚོགས་གཉིས་པོ། །རྫོགས་འགྱུར་ སྒྲིབ་གཉིས་ཟད་པར་འགྱུར། །མི་ལུས་ཐོབ་པ་དོན་ཡོད་ཅིང་། །མཐོང་བའི་ཆོས་ལ་མྱ་ངན་འདའ། །བདག་དང་གཞན་དོན་རྫོགས་གྱུར་ནས། །དམ་པ་ཉིད་ནི་ཐོབ་པར་འགྱུར། །སོས་ཀའི་ཁུ་བྱུག་གཞོན་ནུ་སྐད་སྙན་སྒྲོགས་ཞེས་ཏེ། །རྨ་བྱ་གཞོན་ནུ་སྐད་མི་སྙན་པ་མི་སྒྲོགས་སམ། །མཁས་ པ་མང་པོས་ལེགས་པར་གསུངས་པ་ཡོད་མོད་ཀྱིས། །རྒྱལ་པོ་གདུང་བ་བཅད་ཕྱིར་བདག་གིས་བྲིས་པ་ཡིན། །ཕན་སེམས་ལྡན་པའི་གཏམ་དེ་ལེགས་པར་དགོངས་མཛོད་ལ། །རྟོགས་དང་ལྡན་པའི་སྐྱེ་བོ་གཞན་ལའང་སྨྲ་བར་མཛོད། །རྟག་ཏུ་ལྷ་དྲུག་དྲན་མཛོད་དམ་ཚིག་གཙང་མར་ མཛོད། །རྒྱལ་སྲིད་ཆོས་ཀྱིས་སྐྱོང་མཛོད་བདག་ལ་བཟོད་པར་མཛོད། །དྲི་མ་མེད་པའི་རིན་པོ་ཆེའི་སྤྲིང་ཡིག་ཅེས་བྱ་བ། །གནས་བརྟན་མཁས་པ་ཆེན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ནས། རྒྱལ་པོ་ནིརྱ་ཕ་ལ་ལ་བརྫོངས་པ་རྫོགས་སོ།། །།དུས་དེ་ཉིད་དུ་བླ་མ་དེ་ཉིད་དང་། ལོ་ཙཱ་བ་དགེ་སློང་ ཚུལ་ཁྲིམས་རྒྱལ་བས་བསྒྱུར་བ། ཤློ་ཀ་བཞི་བཅུ་པའོ།། ༄༅༅། །རྒྱ་གར་སྐད་དུ། ཙནྡྲ་རཱ་ཛ་ལེ་ཁ་ཀ། བོད་སྐད་དུ། རྒྱལ་པོ་ཟླ་བ་ལ་སྤྲིངས་པའི་སྤྲིང་ཡིག །འཇིག་རྟེན་མགོན་པོ་ལ་ཕྱག་འཚལ་ལོ། །ས་གསུམ་དབང་ཕྱུག་ལྷ་དང་མི་ཡི་རྗེ། །ཡོན་ཏན་རྟུལ་ བོད་འཕགས་པའི་བུ་སྟོང་མངའ། །མཉམ་མེད་ཆོས་ཀྱི་འཁོར་ལོས་སྒྱུར་མཛད་པ། །ཆོས་ཀྱི་རྒྱལ་པོས་རྒྱལ་པོ་རྒྱལ་གྱུར་ཅིག །གྲོགས་པོའི་མིང་ཅན་རྣལ་འབྱོར་གྱིས། །ཟླ་བའི་མཚན་ཅན་ས་བདག་ལ། །བརྩེ་བས་རྒྱང་ནས་ཉིད་ཀྱི་དྲུང་། །རིགས་པའི་གདམས་ངག་འཕྲིན་དུ་ གསོལ། །ས་བདག་ཇི་ལྟར་འབྱོར་པའི་དུས། །དེ་ཉིད་དུས་ན་སྤྱད་བཏང་ཞིང་། །ཡོངས་སུ་བསྔོ་བས་གཏེར་དུ་སྦ། །ཚེ་འདི་གཅིག་ལ་གཞན་དཔག་མེད། །གང་ཚེ་ཕྱི་ནས་སེར་སྣ་དང་། །ཕོངས་པས་བསྲེགས་ན་ཅི་བགྱིར་མཆིས། །ས་བདག་ཇི་ལྟར་གང་དང་མཛའ། །དེ་ལྟར་སྔ་ ནས་འབྲེལ་རབ་སྤང་། །དེས་ན་གནོད་པ་མང་པོའི་རྩ། །སྐལ་ལན་མི་བགྱིད་གྲགས་མི་བགྱིད། །གང་ཚེ་ཡུད་ཙམ་རྐྱེན་སྟོབས་ཀྱིས། །དབང་བསྒྱུར་དེ་ཚེ་ཅི་བགྱིར་མཆིས། །ས་བདག་ཇི་ལྟར་དགྲར་ལྟ་བ། །དེ་ལྟར་སྔོན་ནས་རྩོད་མི་བགྱི། །མ་ལ་རྐྱེན་དབང་གིས་ བསྐུལ་ལགས། །སྒྱུ་འདྲ་གཉིས་ཀ་དངོས་མེད་ཕྱིར། །གང་ཚེ་ནགས་ལ་མེ་ཤོར་ལྟར། །འབར་བར་འགྱུར་ཚེ་ཅི་བགྱིར་མཆིས། །ས་བདག་ཇི་ལྟར་གཡར་པོའི་ལུས། །ནད་མེད་རྒུད་མེད་བདེར་གནས་པ། །དེ་ཉིད་ཚེ་ན་སྙིང་པོ་བླང་། །ན་འཆི་རྒུད་པས་འཇིགས་མེད་བགྱི། །གང་ཚེ་ ན་རྒས་རྒུད་སོགས་ན། །དྲན་ཡང་དེ་ཚེ་ཅི་བགྱིར་མཆིས། །ལོངས་སྤྱོད་ཅི་འདྲ་ཁྱིམ་གྱི་སྦྲང་། །བཤེས་པ་ཅི་འདྲ་ཚོང་ཁང་མི། །སྡང་སྡེ་རྨི་ལམ་གནོད་པ་བཞིན། །རང་ལུས་ཅི་འདྲ་སྦྲུལ་གྱི་ལྤགས། །འདུ་འཛི་ཅི་འདྲ་ནད་གཞི་བཞིན། །ཚེ་སྲོག་ཅི་འདྲ་རི་གཟར་ཆུ། །གང་ཚེ་གང་ལ་སེམས་ ཆགས་པ། །དེ་ཉིད་དུས་ན་དེ་བཏང་བགྱི། །ཅི་ཕྱིར་ཆུང་ཡང་གང་ལ་ཞེན། །དེ་ཉིད་འཆིང་བ་མི་བཟད་ཕྱིར། །གང་ཚེ་གང་ལ་སེམས་སྡང་བ། །དེ་ཉིད་དུས་ན་དེ་བཞག་བགྱི། །ཅི་ཕྱིར་ཆུང་ཡང་བློ་འཁྲུག་པ། །དེ་ཉིད་ཕུང་ཁྲོལ་མི་བཟད་ཕྱིར། །གསོན་ཅིག་འདི་ལྟར་ཁྱོད་ཀྱིས་ས། །རྒྱ་མཚོའི་ མཐར་ཐུག་དབང་འབྱོར་པའང་། །ནམ་ཞིག་ཁྱོད་ཉིད་རྣམ་འགྱུར་དུས། །དེ་ཚེ་ཅི་འདྲ་ལེགས་པར་གསུངས། །རེ་ཞིག་ཁྱོད་སྐུ་རྡོ་རྗེ་ལྟར། །འགྲོ་བའི་སྐྱབས་དང་རིན་ཆེན་ནི། །བརྟན་དུ་མི་རུང་གཡོ་བདག་པས། །ངེས་པར་བསྐྱེད་དུས་དེ་མཆིས་སོ། །དེ་ལྟར་ཕུན་ཚོགས་དཔལ་གྱི་གསེབ། །ཁྱོད་ ནི་དགྱེས་རོལ་སྙམ་བགྱིད་ན། །ཐར་པ་རྣམས་ཀྱིས་རྒྱལ་སྲིད་བསྡམ། །རྒྱལ་པོ་བྱིང་བ་ལྟ་བུར་གཟིགས། །སྡུག་བསྔལ་རྒྱ་མཚོ་གཏིང་མཐའ་མེད། །སྲིད་པའི་གློང་དུ་བྱིང་གྱུར་ཀྱང་། །སྐྱོ་མེད་འཇིགས་མེད་དགའ་དང་དགོད། །བདག་ཅག་སྙིང་ལ་ཅི་ཞིག་མཆིས། །ཕོངས་དང་བཙལ་དགའ་ བསྲུང་དང་བརླག །འབྲལ་དང་ཕྲད་དང་ན་རྒས་རྒུད། །རྟག་ཏུ་འབར་བའི་མེར་ཞུགས་ཀྱང་། །བདེ་རློམ་སྨྱོན་པ་ལགས་པ་སྙམ། །གཟུགས་སྒྲ་དྲི་རོ་རེག་དང་ཆོས། །གཟུགས་བརྙན་དགྲ་བརྙན་ཚོགས་མཚུངས་ཕྱིར། །རྟག་ཏུ་མི་བསམ་ཆགས་མི་བགྱི། །ཆགས་ནའང་དེ་ཉིད་རྣམ་སྤྱོད་ མཛོད། །ཐོག་མེད་བག་ཆགས་ལས་དབང་གིས། །སེམས་ནི་བུང་བས་རྩི་བཞིན་ནོ། །རིགས་པ་དང་ནི་གདམས་ངག་དང་། །སྐྱོན་དྲན་པས་ནི་སླར་བཟློག་བགྱི། །དོན་མེད་དོན་ལོག་དོན་དམན་དོན། །འདི་འདྲའི་དོན་དུ་འདོད་ནས་དར། །སྒོ་གསུམ་མི་བཟད་སྡུག་བསྔལ་བགྱིས། །མི་མཆོག་ཀྱང་ནི་ རྣམ་དཔྱོད་རིགས། །ཇི་ལྟར་ལུས་ངག་དེ་བཞིན་ཡིད། །རྩེ་དང་འཁྱལ་དང་རྣམ་གཡེང་དང་། །སྲོག་གཅོད་ཕྲ་མ་གནོད་སེམས་སམ། །ཚེ་འདིར་ཆགས་པས་དགེ་བགྱིད་པ། །དེ་ལྟ་དེ་ལྟར་དོན་ཡོད་བཟང་། །དོན་མཆོག་བགྱིས་ན་ཅིས་མ་ལེགས། །ཇི་ལྟར་མི་རྟག་སྲིན་པོ་ཡི། །ཁར་ཆུད་མ་ གྱུར་དེ་སྲིད་པར། །ལྷ་ཡི་སྲིད་པ་རུ་བཟློག་ལ། །བསྒྲིམ་པར་མཛོད་ཅིག་མི་ཡི་རྗེ། །གང་ཚེ་སྲིན་བུའི་མགྲིན་ཆུད་གྱུར། །དེ་ཚེ་ཁྱོད་ཀྱི་དམག་དང་དཔུང་། །མཐུ་དང་འབྱོར་པ་བཙུན་མོ་སྲས། །རྩལ་བསྙེམས་ཅིར་ཡང་མ་མཆིས་སོ། །ཀྱེ་མ་སྔོན་ནས་དུབ་པའི་ལས། །རྟག་ཏུ་བཟོད་དཀའི་ སྡུག་བསྔལ་གྱིས། །ཉེར་རྩལ་ད་དུང་བསྙེམས་མེད་ན། །རྒྱལ་སྲིད་རྒྱལ་པོ་ཇི་ལྟར་དྲེགས། །རྒྱ་མཚོར་བྱིང་བས་རྙེད་པའི་གྲུ། །ཆུ་རྒྱུན་དྲག་པོའི་རྦ་དང་ནི། །མངར་སྐྱུར་ལོ་ཏོག་བྱ་སྐྲོད་ཤིང་། །རྒྱལ་པོ་ན་རྒས་རྒུད་དང་འཆི། །བཞི་པོ་འདི་དག་བསམ་པར་གྱིས། །ཇི་ལྟར་ཕན་ བཏགས་དེ་ལྟར་གནོད། །ཡོད་ན་སྐྱོ་དང་མེད་ན་གདུང་། །འགྲོགས་ན་སྐྱོན་མཐོང་རྩོད་གྱུར་པ། །སེམས་ཅན་རྣམས་ཀྱི་མཚན་ཉིད་ལགས། །གཅིག་ཏུ་དགེ་བ་དཀར་པོའི་ཆོས། །དེས་ནི་འདི་ཕྱི་འཕྲལ་ཡུན་དུ། །དོན་ཡོད་དོན་ཡོད་དགོས་མི་དགོས། །ན་རྒས་རྒུད་དང་འཆི་ལ་དྲིས། །ཀྱི་ཧུད་ འཇིག་རྟེན་མིག་བཅས་ལོང་། །མངོན་སུམ་རྟག་ཏུ་ངེས་མཐོང་ཡང་། །ད་དུང་ཅུང་ཟད་མི་སེམས་པ། །ཁྱོད་སྙིང་རྡོ་རྗེར་གྱུར་ཏམ་ཅི། །ཚེ་འདི་བསྟོད་བདེ་རྙེད་གྲགས་ཀྱིས། །གཟི་བརྗིད་འོད་ཀྱིས་སྙིང་བྲིད་པ། །འཆལ་རྣམས་དེ་དོན་གཉེར་བ་ཡིས། །སེམས་གཡེངས་ནས་ནི་དྲན་མ་མཆིས། ། ཡུན་རིང་སྔོན་ནས་ད་ལྟ་སྲིད། །ན་ཚོད་གཞོན་དང་གཉེན་དང་རྒན། །འདི་ཙམ་གྲངས་ཀྱིས་ཤི་གྱུར་ཀྱང་། །ཁྱོད་ནི་རྟེན་དབང་གིས་གནས་ན། །ཇི་སྲིད་སྐྱེས་ནས་ད་ལྟའི་བར། །དུས་ནི་ཐུང་ངམ་རིང་ཡང་རུང་། །ཡུད་ཙམ་བསྡད་ཀྱང་མི་སྙམ་པར། །སྐད་ཅིག་གཅིག་གི་ཆད་པར་འདས། །དེ་བཞིན་ད་ནས་འཆི་ མཐའ་ཡས། །ཅུང་ཟད་འདུག་པའི་ལང་མེད་པར། །ཆད་ཀྱིས་འདས་པའི་སྐད་ཅིག་ལ། །དྲན་པ་ཡུད་ཙམ་བྱས་ཏེ་འགྲོ། །བཙུན་མོ་ལྷ་མོ་འདྲ་ན་ཡང་། །མི་བཟད་རུལ་སུངས་བརྒྱལ་བ་ཉིད། །སྒོ་དགུ་མི་གཙང་རྒྱུན་རྟག་འཛག །བཤེས་གཟུགས་རོ་ ལངས་ལགས་སོ་རྗེ། །ལྷ་གཅིག་ཇི་ལྟར་ཁྱོད་འབྱོར་ཀྱང་། །གཤེགས་ནས་འཇིག་རྟེན་གཞན་བཞུད་ཚེ། །མྱ་ངན་ཐང་ལ་དགྲ་བཅོམ་ལྟར། །གཅིག་པུ་སྲས་མེད་བཙུན་མོ་མིན། །ན་བཟའ་མ་མཆིས་བཤེས་མ་མཆིས། །རྒྱལ་སྲིད་མ་མཆིས་ཁབ་མ་མཆིས། །དཔག་མེད་མཐུ་ དཔུང་མངའ་ལགས་ཀྱང་། །གཟིགས་སུ་མ་མཆིས་གསན་མ་མཆིས། །གཅིག་ཙམ་ཉིད་གཅིག་ཕྱི་ཐག་གི །རྗེས་སུ་འབྲང་བའང་མི་མངའོ། །མདོར་ན་ཉིད་ཀྱི་མཚན་ཙམ་ཡང་། །དེ་ཚེ་མེད་ན་གཞན་ཅི་སྨོས། །འཇིག་རྟེན་བདེ་བ་སྡུག་བསྔལ་ཏེ། །ཐར་པའི་བདེ་བ་བདེ་བ་ ཉིད། །དེ་བས་སྡུག་བསྔལ་མི་བཞེད་ན། །ངེས་པར་ཐར་པ་ཅིས་མི་བཞེད། །ཐར་པ་ཞེས་བྱ་བཅིང་གྲོལ་ཕྱིར། །འཆིང་རྒྱུ་ལོངས་སྤྱོད་སེམས་ཅན་ལུས། །བསྡམ་ཕྱིར་ཆགས་སྡང་ཞེ་སྡང་ཡིན། །དེ་ཕྱིར་རྒྱལ་པོས་འདི་ཉིད་གཞོམ། །གང་ཡང་མི་ཡི་གཙོ་བོ་གསོན། །འདི་ན་ གང་དག་འདྲེན་པ་ཡིན། །བཤེས་གཉེན་ངན་པས་སེམས་བསླད་དག །འཇིག་རྟེན་སྔ་ཕྱི་མེད་སྨྲ་བ། །དེ་ནི་སྦྲུལ་གདུག་ནག་པོའི་ལྷ། །ཚིག་ཙམ་རིགས་པ་ལ་བརྟེན་ནས། །ཞིབ་མོ་རྣམ་དཔྱོད་མ་མཛད་པར། །ལྷ་ཡི་ཐུགས་བརྟེན་མི་རུང་ངོ་། །འདི་ལྟར་སྔ་ཕྱི་ཡོད་མིན་ན། ། ད་ལྟར་སྲོག་སེམས་གསལ་འདི་གང་། །རླན་དྲོད་དུས་སད་ཡལ་འདབ་ལས། །མེ་ཏོག་འབྲས་བུ་ཇི་བཞིན་ནོ། །ནགས་དང་ས་ལས་མེ་ཏོག་དང་། །ཤ་མོ་རྡོལ་བ་བཞིན་ཅེ་ན། །འོ་ན་ཇི་ལྟ་དེ་ལྟ་བུར། །ཤིང་སྡོང་ལ་ཡང་སྲོག་སེམས་མིན། །གང་དེ་འདི་འདྲ་དངོས་པོའི་རིགས། ། ཐ་དད་རིགས་པའི་མཚན་ཉིད་ནི། །དེ་བས་འདི་དང་འདི་ཡི་དཔེ། །མཚུངས་པར་དཔག་པར་མི་ནུས་སོ། །གཟིགས་ཤིག་སེམས་ཅན་སྲོག་ལུས་དག །གཅིག་དང་ཅིག་ཤོས་རྟག་གི་ན། །རེ་ཞིག་གཅིག་ན་ལུས་དང་སེམས། །ཤིང་དང་ནམ་མཁའ་འདྲ་བའི་ཕྱིར། །དེ་དག་ ཕན་ཚུན་དེ་འདྲར་འགྱུར། །ཕ་དང་བུ་ཡི་ལུས་སེམས་བཞིན། །དེ་ཟད་ཅིག་ཤོས་ཟད་མིན་པས། །ཐ་དད་ཕྱོགས་ཀྱང་མི་རུང་ངོ་། །ཡུན་རིང་གནས་སྐབས་འབྲེལ་བ་ཡིས། །རྗེས་སུ་འགྲོ་ལྡོག་ངེས་ན་ནི། །ཤིང་དང་ཡལ་ག་རི་དང་སྡོང་། །ཐམས་ཅད་ད་ལྟར་ཐལ་བར་འགྱུར། ། སེམས་ནི་ཐོགས་མེད་འགགས་མེད་བདག །མཁའ་ལྟར་ཞི་དག་སྟོང་པའི་ཕྱིར། །གང་དུ་ཇི་ལྟར་ཆད་པར་འགྱུར། །དུལ་བ་གཞན་ཡང་མུ་སྟེགས་ཅན། །བདག་ཏུ་ལྟ་བ་གཏན་མ་མཆིས། །འདི་ལ་མགོན་པོ་མ་བརྟགས་པར། །ཉིད་ཀྱིས་བབ་ཅོལ་མི་བགྱིའོ། །འཆིང་བ་རྣམ་ གྲོལ་ལས་གདམས་པ། །གཟིགས་ནས་བརྟན་པོས་རྣམ་དཔྱོད་མཛོད། །མི་བཟད་ལྟ་བ་འདི་ཉིད་ལས། །གཅིག་ནི་སྲེག་བྱེད་མེ་དཔུང་སྟེ། །གཉིས་པ་ལྕགས་སྒྲོག་འཆིང་བ་ལགས། །མཁས་རྣམས་ཉེ་བར་མི་བགྱིད་དོ། །དེ་ལྟར་ལྟ་བའི་དྲི་མ་ལས། །ལོག་ནས་དྲང་སྲོང་བསྟན་ཞུགས་ ཏེ། །ཉན་ཐོས་རང་སངས་རྒྱས་དང་སྲས། །ཐེག་གསུམ་རིམ་གྱིས་བགྲོད་པར་གསོལ། །དཔྱོད་ལྡན་བདག་གིས་ཁྱོད་གསོལ་ཅིག །གུས་དང་མི་གུས་ཙམ་ཉིད་ཀྱིས། །བླང་བར་མི་བགྱིད་དོར་མི་བགྱི། །གསེར་ལ་མགར་བས་བསྲེག་སོགས་བཞིན། །རྣམ་བརྟགས་ངེས་པར་གྱུར་ ནས་གདོད། །མི་རིགས་རྒྱང་དུ་འཕང་དུ་གསོལ། །དེ་སྟེ་རིགས་པར་གཟིགས་ན་ནི། །ཉིད་ཀྱིས་སྤྱི་གཙུག་བླང་དུ་གསོལ། །རྒྱལ་པོ་ཟླ་བ་ལ་སྤྲིངས་པའི་སྤྲིང་ཡིག །རྣལ་འབྱོར་གྱི་དབང་ཕྱུག་ཤྲཱི་ཛཱ་ག་ཏ་མི་ཏྲ་ཨཱ་ནནྡས་མཛད་པ་རྫོགས་སོ།། །།རྣལ་འབྱོར་གྱི་དབང་ཕྱུག་ དེ་ཉིད་དང་། བོད་ཀྱི་ལོ་ཆུང་གནུབས་ཚུལ་ཁྲིམས་ཤེས་རབ་ཀྱིས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། བྱག་ཏ་པ་ད་སུ་ཧྲྀ་ད་ལེ་ཁ་ཊཱི་ཀཱ། བོད་སྐད་དུ། བཤེས་པའི་སྤྲིང་ཡིག་གི་རྒྱ་ཆེར་བཤད་པ་ཚིག་གསལ་བ། འཕགས་པ་འཇམ་དཔལ་གཞོན་ནུར་ གྱུར་པ་ལ་ཕྱག་འཚལ་ལོ། །སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛའ་བོ་རྒྱལ་པོ་བདེ་སྤྱོད་ལ་སྤྲིང་ཡིག་ཡོན་ཏན་ཅན་འདི་བསྐུར་བས་ན་བཤེས་པའི་འཕྲིན་ཡིག་ཅེས་བྱ་བའོ། །དེ་ལ་ཡོན་ཏན་རང་བཞིན་ཞེས་བྱ་བ་ནི་བོད་པ་སྟེ། སྔོན་གྱི་དགེ་བའི་རྩ་བ་ལས་ངེས་པར་སྐྱེད་པའི་ཕྱིར། །རང་ བཞིན་ནི་རྒྱུ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར། དགེ་འོས་ཞེས་འཆད་པར་འགྱུར་ཏེ། གང་ཞིག་འདས་པའི་དུས་ན་དགེ་བ་བྱེད་པ་དེ་ནི། ད་ལྟར་བྱུང་བའི་དུས་ན། དགེ་བའི་སྐལ་བ་ཅན་དུ་འགྱུར་རོ། །འདིས་ནི་འདི་དམ་པའི་ཆོས་མཉན་པའི་འོས་ཉིད་ཡིན་པར་བཤད་དེ། །དེ་ལྟ་ བས་ན་ཁྱོད་ཀྱིས་འཕགས་པའི་དབྱངས་འདི་དག་གསན་པའི་རིགས་སོ་ཞེས་བྱ་བ་ཡིན་ནོ། །དེ་དག་སུས་ནི་བྱས། ཅིའི་ཕྱིར་ནི་བྱས་ཤེ་ན། བདག་གིས་ནི། དེ་བཞིན་གཤེགས་པའི་གསུང་བསྙད་ལས་བྱུང་བའི། །བསོད་ནམས་འདུན་སླད་འཕགས་པའི་དབྱངས་འདི་དག །ཅུང་ཟད་ཅིག་ བསྡེབས་ཞེས་བྱ་བ་སྨོས་སོ། །དེ་བཞིན་གཤེགས་པའི་གསུང་བསྙད་ཅེས་བྱ་བ་ནི་རབ་ཏུ་བསྟན་པ་ཞེས་བྱ་བའི་ཐ་ཚིག་སྟེ། དེ་ལས་བྱུང་བའི་བསོད་ནམས་གང་ཡིན་པ་དེ་ལ་འདུན་པའི་ཕྱིར་བདག་གིས། འཕགས་པའི་དབྱངས་འདི་དག་བསྡེབས་ཤིང་སྦྱར་གྱིས། གསན་ པའི་རིགས་སོ་ཞེས་བྱ་བ་ཡིན་ནོ། །འཕགས་པའི་དབྱངས་ཞེས་བྱ་བ་ནི་ཚིགས་སུ་བཅད་པའི་མིང་ངོ་། །དེ་དག་ཀྱང་ཅི་ཙམ་ཞིག་ཅེ་ན། ཅུང་ཟད་ཅིག་ཅེས་བྱ་བ་སྨོས་ཏེ། འདིས་ནི་ཚིག་མངས་པའི་འཇིགས་པ་སྤོང་བར་བྱེད་དོ། །རྣམ་པ་གཞན་དུ་ན། ཡོན་ཏན་རང་བཞིན་ཞེས་བྱ་ བ་ནི་ཡོན་ཏན་གྱི་ངོ་བོ་ཉིད་ཅེས་བྱ་བའི་ཐ་ཚིག་སྟེ། འདིས་ནི་འདི་དགེ་བའི་མཚན་ཉིད་ཡིན་པར་བཤད་དོ། །དགེ་འོས་ཞེས་བྱ་བ་ནི་དགེ་བར་འོས་པ་ཉིད་དེ། དགེ་བའི་བསམ་པ་ཅན་གང་ཡིན་པ་དེ་ནི་དགེ་བར་འོས་པ་ཡིན་ནོ། །དེ་བས་ན་དམ་པའི་ཆོས་མཉན་པའི་རིགས་སོ་ཞེས་སྟོན་པར་བྱེད་ དེ། དགེ་བ་ནི་དེའི་སྔོན་དུ་འགྲོ་བ་ཅན་ཡིན་པའི་ཕྱིར་རོ། །ལྷག་མ་ནི་སྔ་མ་ཡིན་ནོ། །གལ་ཏེ་ཁྱོད་ཀྱི་སྙན་དངགས་བཟང་པོ་མ་ཡིན་པ་འདི་མི་ཉན་ནོ་སྙམ་དུ་སེམས་ན་དེའི་ཕྱིར། ཇི་ལྟར་བདེ་གཤེགས་སྐུ་གཟུགས་ཤིང་ལས་ཀྱང་། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཀྱང་ཞེས་བྱ་བའི་ སྒྲས་ནི། རྡོ་བ་དང་འཇིམ་པ་ལ་སོགས་པ་བསྡུའོ། །ཅི་འདྲའང་རུང་ཞེས་བྱ་བ་འདིས་ནི་བཟང་པོའམ་བཟང་པོ་མ་ཡིན་པ་ཡང་རུང་ཞེས་བྱ་བའི་ཐ་ཚིག་གོ། །ཇི་ལྟར་ཤིང་ལས་དེ་བཞིན་གཤེགས་པའི་སྐུ་གཟུགས་བྱས་པ་ཅི་འདྲའང་རུང་བ་ནི་བཞི་པོའི་ཁྱད་པར་ལ་མཁས་པ་རྣམས་ ཀྱིས་མཆོད་པར་བྱ་བ་ཡིན་པ་དེ་བཞིན་དུ་བདག་གི་སྙན་དངགས་འདི་ཡང་ངན་ཞིང་བཟང་པོ་མ་ཡིན་ཡང་། དམ་པའི་ཆོས་ཀྱི་གཏམ་ལ་བརྟེན་པའི་ཕྱིར་བསྔགས་པར་བྱ་བ་ཡིན་ནོ་ཞེས་སྟོན་པར་བྱེད་དེ། བསྔགས་པར་བྱ་བ་ཡིན་པའི་ཕྱིར། མཉན་པར་བྱ་བ་ཡང་ཡིན་ནོ་སྙམ་དུ་དགོངས་པ་ ཡིན་ནོ། །འོན་ཏེ་ངས་དེ་བཞིན་གཤེགས་པའི་བཀའ་རྣམས་ཤེས་ཟིན་པ་ཉིད་པས། ཡང་སྙན་དངགས་འདིས་ཇི་ཞིག་བྱ་སྙམ་དུ་སེམས་ན་དེའི་ཕྱིར། ཐུབ་པ་ཆེན་པོའི་བཀའ་ནི་སྙན་དགུ་ཞིག །ཁྱོད་ཀྱི་ཐུགས་སུ་ལྟ་ཡང་ཆུད་མོད་ཀྱི། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཡང་ ཞེས་བྱ་བའི་སྒྲས་ནི་ཐོས་པ་དང་རབ་ཏུ་བཤད་པ་དང་བསྒོམ་པ་དག་བསྡུའོ། །འདི་སྐད་དུ་ཁྱོད་ཀྱི་ཐུབ་པ་ཆེན་པོ་སངས་རྒྱས་བཅོམ་ལྡན་འདས་ཀྱི་བཀའ་སྙན་པ་དག་ལྟ་ཐུགས་སུ་ཆུད་མོད་ཀྱི། འོན་ཀྱང་སྙན་དངགས་འདི་སྨད་པར་བྱ་བ་མ་ཡིན་ནོ་ཞེས་བཤད་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། རྡོ་ཐལ་ལས་བགྱིས་དགུང་ཟླའི་འོད་ཀྱིས་ནི། །ཆེས་དཀར་ཉིད་དུ་ཅི་སྟེ་མི་བགྱིད་ལགས། །ཞེས་བྱ་བ་སྨོས་སོ། །ནི་ཞེས་བྱ་བ་ནི་འདི་ལྟར་ཞེས་བྱ་བའི་ཐ་ཚིག་སྟེ། འདི་ལྟར་གཞལ་མེད་ཁང་རྡོ་ཐལ་ལས་བྱས་པ་རང་བཞིན་གྱིས་དཀར་བ་ཡང་ཟླ་བའི་འོད་ཟེར་རྣམས་ཀྱིས་བཟླས་ པ་བཞིན་དུ་དཀར་པོ་ཉིད་དུ་བྱེད་པས་བཀའ་སྩལ་ཟིན་པ་ལ་ཡང་བཟླས་ན། ཆེས་གསལ་བ་ཉིད་དུ་འགྱུར་བས་སྙན་དངགས་འདི་སྨད་པར་བྱ་བ་མ་ཡིན་ནོ། །དེ་ལ་ཉོན་མོངས་པ་དང་སྐྱེ་བ་བག་ཆགས་དང་བཅས་པ་དེ་མེད་པའི་ཕྱིར། ཐུབ་པ་ཆེན་པོ་ནི་དེ་བཞིན་གཤེགས་པའོ། །ལེགས་ པར་གསུངས་པའི་ཕྱིར་སྙན་པ་ཡིན་ནོ། །འདི་མན་ཆད་རྒྱལ་བས་སངས་རྒྱས་ཆོས་དང་ཞེས་བྱ་བ་ལ་སོགས་པ་ནི་ཆོས་བསྟན་པ་ཡིན་ནོ། །སྡིག་པའི་ཆོས་ལས་རྒྱལ་བའི་ཕྱིར། རྒྱལ་བ་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཏེ་ཇི་སྐད་དུ། སྡིག་པའི་ཆོས་ལས་ང་རྒྱལ་ བས། །དེ་བས་ཉེར་འགྲོ་ང་རྒྱལ་བའོ། །ཞེས་གསུངས་པ་ལྟ་བུའོ། །རྗེས་སུ་དྲན་པ་དྲུག །རབ་ཏུ་བཀའ་སྩལ་ཞེས་བྱ་བ་དྲུག་གང་ཞེ་ན་འདི་ལྟ་སྟེ། སངས་རྒྱས་རྗེས་སུ་དྲན་པ་དང་། ཆོས་རྗེས་སུ་དྲན་པ་དང་། དགེ་འདུན་རྗེས་སུ་དྲན་པ་དང་། གཏོང་བ་རྗེས་སུ་དྲན་པ་དང་། ཚུལ་ ཁྲིམས་རྗེས་སུ་དྲན་པ་དང་། ལྷ་རྗེས་སུ་དྲན་པའོ། །དེ་ལ་སངས་རྒྱས་ལ་དམིགས་པའི་དྲན་པ་ཉིད་རྗེས་སུ་དྲན་པ་ཡིན་ཏེ། དེ་བཞིན་དུ་ཐམས་ཅད་ལ་སྦྱར་རོ། །ཡང་རྗེས་སུ་དྲན་པ་དེ་དག་ཇི་ལྟར་བསྒོམ་པར་བྱ་ཞེ་ན། རང་རང་གི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སངས་ རྒྱས་ལ་སོགས་པ་སོ་སོའི་ཡོན་ཏན་རྣམས་ཀྱིས་རྗེས་སུ་དྲན་པ་དེ་དག་རྗེས་སུ་དྲན་པར་བྱ་ཞིང་ཡིད་ལ་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །འདིར་ནི་སངས་རྒྱས་ལ་སོགས་པ་ཉིད་རྗེས་སུ་དྲན་པ་དག་ཡིན་པར་བཤད་དེ། རྗེས་སུ་དྲན་པའི་གནས་ཡིན་པའི་ཕྱིར་རོ། །དེའི་ཕྱིར་སངས་རྒྱས་ལ་སོགས་པ་དེ་དག་ རང་རང་གི་ཡོན་ཏན་གྱི་ཚོགས་རྣམས་ཀྱིས་རྗེས་སུ་དྲན་པར་བྱའོ་ཞེས་བྱས་ན་ལེགས་པར་འབྱོར་པ་ཉིད་དོ། །ཡང་སངས་རྒྱས་ལ་སོགས་པའི་ཡོན་ཏན་གང་དག་ཡིན་ཞེ་ན། རེ་ཞིག་སངས་རྒྱས་ཀྱི་ཡོན་ཏན་ནི། འདི་ལྟར་དེ་ནི་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་ རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ་འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་ཞེས་བྱ་བ་སྟེ། དེ་ལྟ་བུ་ལ་སོགས་པ་ནི། དེ་བཞིན་གཤེགས་པའི་ཡོན་ ཏན་ཡིན་ནོ། །འདི་ལྟར་བཅོམ་ལྡན་འདས་ཞེས་བྱ་བ་ནི་འཇིག་རྟེན་ན་སྙན་པའི་རྣམ་པར་གྲགས་པ་གང་ཡིན་པ་དེ་ནི། འདི་ལྟར་བཅོམ་ལྡན་འདས། འདི་ལྟར་དེ་བཞིན་གཤེགས་པ་ཞེས་ཚིག་ཐམས་ཅད་དང་སྦྱར་བར་བྱ་སྟེ། འདི་ལྟ་བུ་ཡང་ཡིན། འདི་ལྟ་བུ་ཡང་ཡིན་ཞེས་བྱ་བའི་ཐ་ཚིག་གོ། ། དེ་ལ་འདོད་ཆགས་ལ་སོགས་པ་བཅོམ་པ་ཉིད་ཀྱིས་བཅོམ་ལྡན་འདས་སོ། །བྱང་ཆུབ་ཀྱི་སྙིང་པོ་ལ་བཞུགས་པ་ལ། བར་ཆད་བྱ་བར་བརྩོན་པའི་བདུད་བཅོམ་པའི་ཕྱིར་ཡང་བཅོམ་ལྡན་འདས་སོ། །རྣམ་པ་གཅིག་ཏུ་ན་འདི་ལ་སྐལ་བ་ཡོད་པས་ན་བཅོམ་ལྡན་འདས་དེ་དབང་ཕྱུག་ལ་སོགས་ པ་དང་ལྡན་པའི་ཕྱིར་རོ། །དེ་བཞིན་གཤེགས་པ་ཞེས་བྱ་བ་ནི་དངོས་པོ་ཇི་ལྟ་བར་གནས་པ་དེ་དག་དེ་བཞིན་དུ་རྟོགས་ཤིང་ཐུགས་སུ་ཆུད་པས་ན་དེ་བཞིན་གཤེགས་པའོ། །ཇི་སྐད་གསུངས་པ་དེ་ཁོ་ན་ལྟར་ཡིན་གྱིས་གཞན་དུ་མི་འགྱུར་བའི་ཕྱིར་ཡང་དེ་བཞིན་གཤེགས་པའོ། །དགྲ་བཅོམ་པ་ ཞེས་བྱ་བ་ནི་ཉོན་མོངས་པའི་དགྲ་བཅོམ་པའི་ཕྱིར་རོ། །འཁོར་བའི་འཁོར་ལོའི་རྩིབས་བཅོམ་པས་འདིའི་ཕྱིར་ཡང་དགྲ་བཅོམ་པའོ། །རྙེད་པ་དང་བཀུར་སྟིས་མཆོད་པར་འོས་པའི་ཕྱིར་ཡང་དགྲ་བཅོམ་པའོ། །ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་བྱ་བ་ནི་འདིས་ཆོས་རྣམས་ཡང་དག་པར་ ཕྱིན་ཅི་མ་ལོག་པར་ཀུན་ནས་སངས་རྒྱས་པས་ན་ཡང་དག་པར་རྫོགས་པའི་སངས་རྒྱས་སོ། །རིག་པ་དང་ཞབས་སུ་ལྡན་པ་ཞེས་བྱ་བ་ནི་རིག་པ་དང་ཞབས་སུ་ལྡན་པ་སྟེ། མཁྱེན་པ་དང་ཞབས་ལྟ་བུ་ཚུལ་ཁྲིམས་དང་ཏིང་ངེ་འཛིན་དག་དང་ལྡན་པའི་ཕྱིར་རིག་པ་དང་ཞབས་སུ་ལྡན་པའོ། །བདེ་བར་ གཤེགས་པ་ཞེས་བྱ་བ་ནི་མཛེས་པའི་གནས་སུ་གཤེགས་པའི་ཕྱིར་བདེ་བར་གཤེགས་པ་ཞེས་བྱའོ། །ཕྱིར་མི་ལྡོག་པར་གཤེགས་པའི་ཕྱིར་ཡང་བདེ་བར་གཤེགས་པ་སྟེ། རིམས་ནད་ལེགས་པར་བྱང་བ་བཞིན་ནོ། །འཇིག་རྟེན་མཁྱེན་པ་ཞེས་བྱ་བ་ནི་འཇིག་པས་ན་འཇིག་རྟེན་ནོ། ། དེ་ཡང་རྣམ་པ་གཉིས་ཏེ། སེམས་ཅན་གྱི་འཇིག་རྟེན་དང་སྣོད་ཀྱི་འཇིག་རྟེན་ནོ། །དེ་དག་མཁྱེན་པས་ན་འཇིག་རྟེན་མཁྱེན་པ་སྟེ་སེམས་ཅན་གྱི་འཇིག་རྟེན་གྱི་ནི་རྟེན་ཅིང་འབྲེལ་བར་འབྱུང་བའི་ཡན་ལག་བཅུ་གཉིས་རྣམ་པར་གཞག་པ་ཡོངས་སུ་མཁྱེན་པའི་ཕྱིར་དང་། སྣོད་ཀྱི་འཇིག་རྟེན་ གྱི་ཡང་ས་དང་རི་ལ་སོགས་པ་འབྱུང་བ་དང་གནས་པ་དང་ཚད་ལ་སོགས་པ་ཡོངས་སུ་མཁྱེན་པའི་ཕྱིར་འཇིག་རྟེན་མཁྱེན་པ་ཞེས་བྱའོ། །རྣམ་པ་གཅིག་ཏུ་ན་འཇིག་རྟེན་གྱི་ཐ་སྙད་བཟང་པོ་ཡོངས་སུ་མཁྱེན་པའི་ཕྱིར་འཇིག་རྟེན་མཁྱེན་པ་ཞེས་བྱའོ། །སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་ མེད་པ་ཞེས་བྱ་བ་ལ། གདུལ་བར་རུང་བ་ནི་གདུལ་བའོ། །དེ་དག་ནི་སྐྱེས་བུ་ཡང་ཡིན་ལ། གདུལ་བ་ཡང་ཡིན་པས་སྐྱེས་བུ་གདུལ་བའོ། །དེ་དག་གི་ཁ་ལོ་སྒྱུར་བ་ནི་སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་སྟེ་དེ་དག་གདུལ་བའི་ཕྱིར་རོ། །བླ་ན་མེད་པ་ནི་ཉན་ཐོས་དང་རང་སངས་རྒྱས་དག་པས་ ཁྱད་པར་དུ་འཕགས་པའི་ཕྱིར་ཏེ་འདུལ་བ་ནི་འདིར་འཕགས་པའི་ལམ་ཐོབ་པ་ཡིན་པར་རིག་པར་བྱའོ། །དེས་ནི་འདི་འདུལ་བར་འགྱུར་ཏེ། ཡང་དམུ་རྒོད་ཀྱི་ངོ་བོར་མི་འགྱུར་བའི་ཕྱིར་རོ། །ལྷ་དང་མི་རྣམས་ཀྱི་སྟོན་པ་ཞེས་བྱ་བ་ལ་ལྷ་དང་མི་ཞེས་སྨོས་པ་ནི་དེ་དག་མཆོག་ཡིན་པའི་ཕྱིར་རམ། འཕགས་པའི་ལམ་གྱི་སྣོད་ཡིན་པའི་ཕྱིར་རོ། །ཕྱིན་ཅི་མ་ལོག་པར་སྟོན་པའི་ཕྱིར་སྟོན་པ་སྟེ། དེ་བཞིན་གཤེགས་པའི་ཡོན་ཏན་འདི་དག་ནི་བསམ་པ་ཇི་ལྟ་བ་བཞིན་དུ་ཆོས་སྟོན་པས་རབ་ཏུ་ཕྱེ་བ་བསྟན་པ་ཡིན་པའི་ཕྱིར། སངས་རྒྱས་བཅོམ་ལྡན་འདས་ཞེས་བྱ་བ་ནི། དེ་ཁོ་ན་ཉིད་ ཐུགས་སུ་ཆུད་པའི་ཕྱིར་སངས་རྒྱས་ཞེས་བྱ་སྟེ། ཚིག་གི་མཇུག་མི་མངོན་པར་བྱས་པའི་ཕྱིར་རོ། །རྣམ་པ་གཅིག་ཏུ་ན་བློ་རྒྱས་པའི་ཕྱིར་ཏེ། པདྨ་རྒྱས་པ་བཞིན་ནོ། །ཡང་ན་མི་ཤེས་པའི་གཉིད་ལས་སད་པའི་ཕྱིར་ཏེ་སྐྱེས་བུ་གཉིད་སད་པ་བཞིན་ནོ། །འདི་ནི་ཚིག་འདི་རྣམས་ཀྱི་བསྡུས་ པའི་དོན་ཡིན་ཏེ། རྒྱས་པར་ནི་བསྟན་བཅོས་གཞན་དག་ལས་ཁོང་དུ་ཆུད་པར་བྱའོ། །སངས་རྒྱས་རྗེས་སུ་དྲན་པ་བཤད་ཟིན་ཏོ། །ཆོས་ཀྱི་ཡོན་ཏན་ནི་ལེགས་པར་གསུངས་པ་ལ་སོགས་པ་ཡིན་ཏེ། འདི་ལྟ་སྟེ་བཅོམ་ལྡན་འདས་ཀྱི་ཆོས་ནི་ལེགས་པར་གསུངས་པ་ཡང་དག་པར་མཐོང་ བ་དང་ནད་མེད་པ་དུས་ཆད་པ་མེད་པ། འདི་མཐོང་བ་ལ་དོན་ཡོད་པ། ཉེ་བར་གཏོད་པ། མཁས་པ་རྣམས་ཀྱི་སོ་སོར་རང་གི་རིག་པར་བྱ་བ་སྟེ། བསྟན་པའི་ཆོས་དང་རྟོགས་པའི་ཆོས་ཞེས་བྱ་བ་ཆོས་རྣམ་པ་གཉིས་བསྟན་ཏོ། །དེ་ལ་བསྡུས་པའི་དོན་ནི་ལེགས་པར་གསུངས་པ་ཞེས་བྱ་བ་འདིས་ནི་ ཐོག་མ་དང་བར་དང་ཐ་མར་དགེ་བ་ཉིད་ཀྱིས་བསྟན་པའི་ཆོས་བཤད་ལ། ལྷག་མ་རྣམས་ཀྱིས་ནི་རྟོགས་པའི་ཆོས་བཤད་དོ་ཞེས་བྱ་བ་ཡིན་ཏེ། ཧ་ཅང་ཚིག་མངས་སུ་དོགས་པས་མ་སྤྲོས་སོ། །དགེ་འདུན་གྱི་ཡོན་ཏན་ནི་ལེགས་པར་ཞུགས་པ་ལ་སོགས་པ་ཡིན་ཏེ། འདི་ལྟ་སྟེ་བཅོམ་ལྡན་ འདས་ཀྱི་ཉན་ཐོས་ཀྱི་དགེ་འདུན་ནི་ལེགས་པར་ཞུགས་པ། དྲང་པོར་ཞུགས་པ། རིགས་པར་ཞུགས་པ། མཐུན་པར་ཞུགས་པ་འདི་ལྟ་སྟེ། སྐྱེས་བུ་ཟུང་བཞི་དང་། སྐྱེས་བུ་གང་ཟག་ཡ་བརྒྱད་པོ་དག་ཡིན་ནོ། །བཅོམ་ལྡན་འདས་ཀྱི་ཉན་ཐོས་ཀྱི་དགེ་འདུན་འདི་ནི་ཀུན་དུ་སྦྱིན་པའི་འོས་ སུ་གྱུར་པ། རབ་ཏུ་སྦྱིན་པའི་འོས་སུ་གྱུར་པ། བསྐོར་བར་བྱ་བའི་འོས་སུ་གྱུར་པ། ཐལ་མོ་སྦྱར་བའི་འོས་སུ་གྱུར་པ། འཇིག་རྟེན་གྱི་བསོད་ནམས་ཀྱི་ཞིང་བླ་ན་མེད་པ་ཞེས་བྱ་བ་ཡིན་ནོ། །འདིར་ཡང་བསྡུས་པའི་དོན་ནི་འཕགས་པའི་དགེ་འདུན་སློབ་པ་དང་མི་སློབ་པའི་ཡོན་ཏན་ རྣམས་པ་གཉིས་བསྟན་ཏེ་ལེགས་པར་ཞུགས་པ་ལ་སོགས་པ་ཚིག་བཞིས་ནི་བསྒྲུབ་པའི་ཡོན་ཏན་བཤད་དོ། །ཀུན་དུ་སྦྱིན་པའི་འོས་སུ་གྱུར་པ་ལ་སོགས་པས་ནི་མཆོད་པར་འོས་པ་ཉིད་ཀྱི་ཡོན་ཏན་བསྟན་ཏོ་ཞེས་བཤད་པ་ཡིན་ནོ། །གཏོང་བའི་ཡོན་ཏན་ནི་ཀྱེ་མ་བདག་སྐྱེ་བུའི་ཡོན་ཏན་ ནི་སེར་སྣའི་དྲི་མ་ཀུན་ནས་ལངས་པ་རྣམས་ཀྱི་ནང་ནས་སེར་སྣའི་དྲི་མ་དང་བྲལ་བའི་སེམས་ཀྱིས་གནས་ཤིང་མཆོད་སྦྱིན་ཁོར་མོར་བྱེད་པ་དང་། ལག་པ་རྐྱོང་བ་དང་། རྣམ་པར་གཏོང་བ་ལ་དགའ་བ་དང་། སྦྱིན་པ་ལ་འགེད་པར་དགའ་བ་གང་ཡིན་པ་དེ་ནི་བདག་གིས་རྙེད་པ་ ལེགས་པར་རྙེད་པ་ཡིན་ནོ་ཞེས་བྱ་བ་ཡིན་ཏེ། འདིར་ཡང་རང་གི་རྒྱུད་དུ་གཏོགས་པའི་སྦྱིན་པའི་ཡོན་ཏན་སེར་སྣའི་དྲི་མ་སྤངས་པ་དང་། སྦྱིན་པའི་ངང་ཚུལ་ཅན་དང་། ལུས་ཀྱིས་བརྩོན་འགྲུས་བརྩམས་པ་དང་། དངོས་པོ་ཡོངས་སུ་གཏོང་བ་དང་། དེ་ལ་མངོན་པར་དགའ་བ་ཞེས་བྱ་བ་ རྣམས་བསྟན་ཏོ། །ཚུལ་ཁྲིམས་ཀྱི་ཡོན་ཏན་ནི་བདག་གི་ཚུལ་ཁྲིམས་ནི་མ་ཉམས་པ། སྐྱོན་མེད་པ། མ་འདྲེས་པ། མ་གོས་པ། རང་དབང་ཡོད་པ། མཁས་པས་བསྔགས་པ། ཏིང་ངེ་འཛིན་བསྒྲུབ་པ་དག་ཡིན་ནོ་ཞེས་བྱ་བ་ཡིན་ནོ། །འདིར་ཡང་རང་གི་རྒྱུད་དུ་གཏོགས་པའི་ཚུལ་ ཁྲིམས་ཁོ་ནའི་ཡོན་ཏན་རྣམས་བསྟན་ཏེ། ཚིགས་རྣམས་ཀྱི་དོན་ནི་འོག་ནས་བསྟན་པར་བྱའོ། །ལྷའི་ཡོན་ཏན་ནི་རྒྱལ་ཆེན་རིས་བཞི་པའི་ལྷ་དག་དང་། སུམ་ཅུ་རྩ་གསུམ་པ་ནས་གཞན་འཕྲུལ་དབང་བྱེད་ཀྱི་བར་དག་ཡོད་དོ་ཞེས་བྱ་བ་ཡིན་ཏེ། ལྷ་དེ་རྣམས་དང་བདག་ཉིད་ཀྱི་ཡོན་ཏན་ དག་རྗེས་སུ་དྲན་པར་བྱེད་པ་ཡིན་ནོ། །དེ་ལ་སྐྱེ་བའི་ལྷ་རྣམས་ཀྱི་སྐྱེ་བའི་རྒྱུད་དུ་གྱུར་པའི་ཡོན་ཏན་དང་། བདག་ཉིད་ཀྱི་ཚུལ་ཁྲིམས་དང་། ཏིང་ངེ་འཛིན་དང་། ཤེས་རབ་ཀྱི་ཡོན་ཏན་རྣམས་ནི་ལྷའི་ཡོན་ཏན་ཡིན་ནོ་ཞེས་བཤད་དོ། དོན་དུ་ན་འདིར་རང་གི་ཡོན་ཏན་རྣམས་ཁོ་ན་ལྷའི་ཡོན་ཏན་དག་དང་ མཚུངས་པར་བྱས་ནས་དྲན་པ་ནི་རྗེས་སུ་དྲན་པ་ཞེས་བྱ་བར་བཤད་དོ། །རྗེས་སུ་དྲན་པའི་གནས་དྲུག་ནི་སེམས་དང་བར་བྱེད་པའི་ཕྱིར་དང་། བསོད་ནམས་ཆེན་པོ་རྒྱུ་ཡིན་པའི་ཕྱིར་དང་པོ་ཉིད་དུ་བསྟན་ནས། དེ་ལ་སེམས་མངོན་པར་དད་པས་དགེ་བ་བྱའོ་ཞེས་བསྟན་པའི་ཕྱིར། དགེ་བའི་ ལས་ལམ་བཅུ་པོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འབྲས་བུ་ཡིད་དུ་འོང་བའི་ཕྱིར་དགེ་བའོ། །བྱ་བའི་ངོ་བོ་ཉིད་ཡིན་པའི་ཕྱིར་ལས་ཀྱང་ཡིན་ལ། བདེ་འགྲོའི་ལམ་ཡང་ཡིན་པས་ལས་ཀྱི་ལམ་མོ། །ལས་ཀྱི་ལམ་བཅུ་པོ་དེ་དག་ཀྱང་གང་ཞེ་ན། འདི་ལྟ་སྟེ། སྲོག་གཅོད་ པ་སྤོང་བ་དང་། །མ་བྱིན་པར་ལེན་པ་སྤོང་བ་དང་། འདོད་པས་ལོག་པར་གཡེམ་པ་སྤོང་བ་དང་། བརྫུན་དུ་སྨྲ་བ་སྤོང་བ་དང་། ཕྲ་མ་སྤོང་བ་དང་། ཚིག་རྩུབ་མོ་སྤོང་བ་དང་། ཚིག་ཀྱལ་པ་སྤོང་བ་དང་། བརྣབ་སེམས་མེད་པ་དང་། གནོད་སེམས་མེད་པ་དང་། ཡང་དག་པའི་ལྟ་བ་སྟེ་ དགེ་བའི་ལས་ཀྱི་ལམ་བཅུ་པོ་འདི་དག་བསྟེན་པར་བྱའོ། །ཡང་དེ་དག་ཇི་ལྟར་བསྟེན་པར་བྱ་ཞེ་ན། །ལུས་དང་ནི། ངག་དང་ཡིད་ཀྱིས་རྟག་ཏུ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་སྲོག་གཅོད་པ་སྤོང་བ་ལ་སོགས་པ་གསུམ་ནི་ལུས་ཀྱིས་རྟག་ཏུ་བསྟན་པར་བྱའོ། །བརྫུན་དུ་སྨྲ་བ་ སྤོང་བ་ལ་སོགས་པ་བཞི་ནི། ངག་གིས་རྟག་ཏུ་བསྟེན་པར་བྱའོ། །བརྣབ་སེམས་མེད་པ་ལ་སོགས་པ་གསུམ་ནི་ཡིད་ཀྱིས་རྟག་ཏུ་བསྟེན་པར་བྱའོ། །རྟག་ཏུ་ཞེས་བྱ་བ་འདིས་ནི་ལས་ཀྱིས་བྱས་པ་དང་བསགས་པ་སྟོན་པར་བྱེད་དོ། །དེ་ལ་ཇི་ལྟར་སྲོག་གཅོད་པར་འགྱུར་ཞེ་ན། སྲོག་ ཆགས་ཕ་རོལ་ཡང་ཡིན་སྲོག་ཆགས་ཡིན་པར་ཡང་འདུ་ཤེས། གསད་པའི་སེམས་ཀྱང་ཉེ་བར་གནས་པར་གྱུར། བརྩལ་བ་ཡང་བྱས། དེས་ཀྱང་ཤི་ན་སྲོག་བཅད་པ་ཡིན་ཏེ། སྡིག་པའི་ཁྱད་པར་ནི་གཞི་དང་བསམ་པ་དང་སྦྱོར་བའི་ཁྱད་པར་ལས་རིག་པར་བྱའོ། །ཇི་ལྟར་མ་བྱིན་པར་ བླངས་པར་འགྱུར་ཞེ་ན། གཞན་གྱིས་ཡོངས་སུ་བཟུང་བ་ཡང་ཡིན། གཞན་གྱིས་ཡོངས་སུ་བཟུང་བ་ཡང་འདུ་ཤེས། རྐུ་བའི་སེམས་ཀྱང་ཉེ་བར་གནས། གནས་ནས་ཀྱང་སྤགས་ན་མ་བྱིན་པར་ལེན་པ་ཡིན་ཏེ། །འདིར་སྡིག་པའི་ཁྱད་པར་ནི་རྫས་དེ་གང་གི་ཡིན་པ་དེའི་ཁྱད་པར་དང་སྦྱོར་ བ་དང་བསམ་པའི་ཁྱད་པར་ལས་རིག་པར་བྱའོ། །ཇི་ལྟར་འདོད་པས་ལོག་པར་གཡེམ་པར་འགྱུར་ཞེ་ན། བུད་མེད་གཞན་གྱིས་བསྲུངས་པའམ། ཆོས་ཀྱིས་བསྲུངས་པའམ། རང་གི་བུད་མེད་ལ་ཡང་དུས་མ་ཡིན་པ་དང་། གནས་མ་ཡིན་པ་དང་། ཡུལ་མ་ཡིན་པ་དང་། ཡན་ ལག་མ་ཡིན་པ་འཁྲིག་པའི་ཆོས་བསྟེན་ན་འདོད་པས་ལོག་པར་གཡེམ་པ་ཡིན་ཏེ། འདིར་ཡང་སྡིག་པའི་ཁྱད་པར་ནི་གཞི་དང་བསམ་པ་དང་སྦྱོར་བའི་ཁྱད་པར་ལས་རིག་པར་བྱའོ། །དེ་ལ་ཇི་ལྟར་ན་བརྫུན་དུ་སྨྲས་པར་འགྱུར་ཞེ་ན། སླུ་བའི་བསམ་པ་དང་ལྟ་བ་ཡིད་ལ་བཞག་ནས། དོན་ རྣམ་པར་གོ་བ་ལ་ཚིག་ཏུ་སྨྲ་བའམ། ལུས་ཀྱིས་རྣམ་པར་རིག་པར་བྱེད་པས་ཀྱང་རུང་སྟེ་དེ་ལྟ་ན་བརྫུན་དུ་སྨྲས་པ་ཡིན་ཏེ། ཐེ་ཚོམ་ཟ་བའི་དངོས་པོ་ལ་ངེས་པ་བཞིན་དུ་སྨྲ་བ་ཡང་བརྫུན་དུ་སྨྲ་བ་ཁོ་ན་ཡིན་ནོ། །འདིར་ཡང་སྡིག་པའི་ཁྱད་པར་ནི་བསླུ་བར་བྱ་བའི་ཁྱད་པར་དང་བསམ་པའི་ ཁྱད་པར་ལས་རིག་པར་བྱའོ། །ཇི་ལྟར་ཕྲ་མ་བྱས་པར་འགྱུར་ཞེ་ན། དགའ་བར་འདོད་པའམ་དབྱེ་བའི་བསམ་པས་འགའ་ཞིག་ལས་གཞན་ཞིག་ལ་མི་དགའ་བ་ཐོས་ནས་དེ་ལ་བསྙད་པར་གྱུར་པ་དང་། དེ་ལས་ཐོས་ནས་འདི་ལ་བསྙད་པར་གྱུར་ན་ཡང་དག་པ་ཡང་རུང་། ཡང་དག་པ་མ་ ཡིན་པ་ཡང་རུང་སྟེ། དེ་ལྟ་ན་ཕྲ་མ་བྱས་པ་ཡིན་ནོ། །ཡང་དག་པ་མ་ཡིན་པ་སྨྲས་ན་ཡང་བརྫུན་དུ་སྨྲས་པ་ཡང་ཅིའི་ཕྱིར་མི་འགྱུར་ཞེ་ན། ཁ་ཅིག་ན་རེ་འགྱུར་བ་ཁོ་ན་ཡིན་ནོ་ཞེས་ཟེར་རོ། །དེ་ནི་དེ་ལྟར་གཟུང་བར་མི་བྱ་སྟེ། ཅིའི་ཕྱིར་ཞེ་ན། འདི་དབྱེ་བའི་བསམ་པ་ཅན་ཡིན་གྱི། བསླུ་བའི་བསམ་ པ་ནི་མེད་པས་སོ། །དེ་ལྟར་བྱས་ན་ཡང་དག་པ་མ་ཡིན་པ་ཚིག་རྩུབ་མོ་སྨྲས་ན་ཡང་བརྫུན་དུ་སྨྲས་པར་མི་འགྱུར་ཏེ། བསམ་པ་གཉིས་ཅིག་ཅར་མི་སྲིད་པའི་ཕྱིར་རོ། །ཇི་ལྟར་ཚིག་རྩུབ་མོ་སྨྲས་པར་འགྱུར་ཞེ་ན་ཐོས་པའི་སེམས་དང་ལྡན་པས། ཕ་རོལ་པོ་སྡུག་བསྔལ་བར་བྱ་བར་ འདོད་པས། དོན་མངོན་པར་གོ་བ་ལ་ཚིག་ཏུ་སྨྲ་ན་ཚིག་རྩུབ་མོ་སྨྲས་པ་ཡིན་ནོ། །དོན་མངོན་པར་མི་གོ་བ་ལ་ཚིག་འཁྱལ་པར་འགྱུར་རོ། །ཇི་ལྟར་ཚིག་འཁྱལ་པར་སྨྲས་པར་འགྱུར་ཞེ་ན། བརྫུན་དུ་སྨྲ་བ་ལ་སོགས་པ་གསུམ་མ་གཏོགས་པ་ཚིག་གཞན་གང་ཞིག་ཉོན་མོངས་པ་ཅན་གྱི་ སེམས་ཀྱིས་བརྗོད་ན། དེ་ལྟར་ན་ཚིག་རྐྱལ་པ་སྨྲས་པ་ཡིན་ནོ། །ལས་ཀྱི་ལམ་གསུམ་པོ་འདི་དག་ཀྱང་བརྫུན་དུ་སྨྲ་བ་བཞིན་ལུས་ཀྱིས་ཀྱང་བྱེད་ལ་སྡིག་པའི་ཁྱད་པར་ཡང་བརྫུན་དུ་སྨྲ་བ་དང་འདྲ་བ་ཁོ་ནར་རིག་པར་བྱའོ། །ཇི་ལྟར་བརྣབ་སེམས་སུ་འགྱུར་ཞེ་ན། གལ་ཏེ་གཞན་གྱི་བདོག་ བདག་ལ་འདོད་པ་སྐྱེད་པར་བྱེད་ན་དེ་ལྟར་ན་བརྣབ་སེམས་སུ་འགྱུར་བ་ཡིན་ནོ། །ཇི་ལྟར་གནོད་སེམས་ཡིན་ཞེ་ན། གལ་ཏེ་སེམས་ཅན་གཞན་ལ་ཞེ་སྡང་ན་དེ་ལྟ་ན་གནོད་སེམས་སུ་གྱུར་པ་ཡིན་ནོ། །ཇི་ལྟར་ལོག་པར་ལྟ་བར་འགྱུར་ཞེ་ན། གལ་ཏེ་ལས་དགེ་བ་དང་མི་དགེ་བ་རྣམས་ཀྱི་ འབྲས་བུ་མེད་དོ་སྙམ་དུ་ངེས་པར་སེམས་ན་དེ་ལྟ་ན་ལོག་པར་ལྟ་བར་འགྱུར་རོ། །ལས་ཀྱི་ལམ་གསུམ་པོ་འདི་དག་གི་སྡིག་པའི་ཁྱད་པར་ནི་བསམ་པའི་ཁྱད་པར་ཁོ་ན་ལས་རིག་པར་བྱ་ལ་བརྣབ་སེམས་ཀྱིས་ནི་དམིགས་པའི་དབང་གིས་ཀྱང་སྡིག་པའི་ཁྱད་པར་དུ་འདོད་དེ། མི་དགེ་བའི་ལས་ཀྱི་ལམ་ བཅུ་པོ་འདི་དག་སྤོང་བའི་དབང་གིས་དགེ་བ་བཅུའི་ལས་ཀྱི་ལམ་བསྟེན་པར་བྱའོ། །ཆང་རྣམས་ལས་ལྡོག་པར་མཛོད་ཅིག་ཅེས་བྱ་བ་ལ། ཆང་ནི་ཁ་ན་མ་ཐོ་བ་ཆེན་པོའི་རྒྱུ་ཉིད་ཡིན་མོད་ཀྱང་། སྤྱད་པ་ཁོ་ནས་མི་དགེ་བ་ཉིད་མ་ཡིན་པས་ལས་ཀྱི་ལམ་རྣམས་ཀྱི་ནང་དུ་མ་བཤད་དེ་དེ་ལྟ་བས་ན་ལོགས་ ཤིག་ཏུ་དགག་པར་སྟོན་ཏོ། །མང་པོའི་ཚིག་ནི་ཆང་ནི་མྱོས་པར་འགྱུར་བ་ཉིད་དུ་ཁྱད་པར་མེད་ཀྱང་རྒྱུའི་ཁྱད་པར་ལས་རིག་པར་བྱ་སྟེ། བཅོས་པའི་ཆང་ནི་བུ་རམ་ཆང་དང་། འབྲས་ཕྱེའི་ཆང་དང་། སྦྲང་རྩིའི་ཆང་སྟེ་རྣམ་པ་གསུམ་མོ། །སྦྱར་བའི་ཆང་ནི་མེ་ཏོག་ལས་མནན་པ་ལ་སོགས་པ་ཡིན་པར་ རིག་པར་བྱའོ། །དགེ་བའི་འཚོ་བ་ལ་ཡང་མངོན་པར་དགྱེས་པ་ཞེས་བྱ་བ་ནི་མཛོད་ཅེས་བྱ་བར་སྦྱར་ཏེ། དགེ་བའི་འཚོ་བ་ནི་གཞན་ལ་མི་གནོད་པར་འཇུག་པ་གང་ཡིན་པའོ། །དེ་ལྟར་དགེ་བའི་ལས་ལ་རྣམ་པར་གནས་པས་བདོག་པ་ཇི་ལྟ་བ་བཞིན་དུ་སྦྱིན་པ་སྦྱིན་པར་བྱའོ་ཞེས་བསྟན་པའི་ཕྱིར་ལོངས་ སྤྱོད་གཡོ་བ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །སྤྱད་པར་བྱ་བ་ཡིན་པས། ལོངས་སྤྱོད་དེ་འདི་ནི་སྦྱིན་པར་བྱ་བའི་དངོས་པོ་ཟས་དང་སྐོམ་ལ་སོགས་པའི་ཚིག་བླ་དགས་སོ། །ལོངས་སྤྱོད་དེ་དག་ཀྱང་མི་བརྟན་པའི་ཕྱིར་གཡོ་བའོ། །ངོམས་མི་ཤེས་པའི་ཕྱིར་སྙིང་པོ་མེད་པ་སྟེ། འདིས་ནི་ལོངས་སྤྱོད་ རྣམས་ལ་ཀུན་དུ་འཛིན་པ་ལྡོག་པར་བྱེད་དོ། །མཁྱེན་ནས་ཞེས་བྱ་བ་ནི་རྟོགས་པར་བྱས་ནས་སོ། །དགེ་སློང་ཞེས་བྱ་བ་ལ་སོགས་པས་ནི་སྦྱིན་པའི་ཞིང་རྣམ་པ་གསུམ་པོ་སྟོན་ཏེ། །སྦྱིན་གནས་ཀྱི་ཞིང་ནི་དགེ་སྦྱོང་དང་བྲམ་ཟེ་རྣམས་སོ། །སྙིང་རྗེའི་ཞིང་ནི་བཀྲེན་པ་རྣམས་སོ། །ཕན་འདོགས་ པའི་ཞིང་ནི་བཤེས་པ་རྣམས་སོ། །ཚུལ་བཞིན་ཞེས་བྱ་བ་འདིས་ནི་གུས་པར་བྱ་བ་བསྟན་ཏོ། །དེ་ནི་གཅིག་ཏུ་རྣམ་པར་སྨིན་པ་ཡིད་དུ་འོང་བའི་རྒྱུ་ཡིན་པའི་ཕྱིར་ཏེ། བཅོམ་ལྡན་འདས་ཀྱིས་དགེ་སློང་དག་བསོད་སྙོམས་གུས་པར་བྱས་པ་རྣམས་ཀྱི་རྣམ་པར་སྨིན་པ་ནི་འདོད་པ་སྡུག་པ། དགའ་བ་ཡིད་དང་འཐད་པ་སོ་སོར་མྱོང་བར་འགྱུར་རོ་ཞེས་གསུངས་སོ། །སྦྱིན་ལས་གཞན་པའི་གཉེན་མཆོག་མ་མཆིས་སོ། །ཞེས་བྱ་བ་འདིས་ནི་སྦྱིན་པ་ཕན་ཆེན་པོ་འདོགས་པ་ཡིན་པ་ཉིད་དུ་སྟོན་ཏེ། འདིས་ནི་འདིར་སྦྱིན་པ་ལ་བརྟེན་པར་བྱ་བ་ཡིན་པར་རིག་པར་བྱའོ། །ལོངས་སྤྱོད་རྣམས་ལ་ མི་ལྟ་བས་ཚུལ་ཁྲིམས་ཡང་དག་པར་བླངས་ནས་བསྲུང་བར་བྱའོ་ཞེས་བསྟན་པའི་ཕྱིར། །ཁྱོད་ཀྱི་ཚུལ་ཁྲིམས་མ་ཉམས་མོད་མི་དམའ། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ལ་མ་ཉམས་པ་ནི་ཇི་ལྟར་ཡང་དག་པར་བླངས་པ་ལས་གཅིག་ལས་ཀྱང་མ་འདས་པའི་ཕྱིར་རོ། །ཚུལ་ཁྲིམས་གཅིག་ ལས་འདས་པས་ནི་ཉམས་པར་འགྱུར་རོ། །བསླབ་པ་མང་པོ་ཞིག་ལས་འདས་པས་ནི་སྐྱོན་ཅན་དུ་འགྱུར་རོ། །དེ་གཉི་ག་མེད་པར་བསྟན་པའི་ཕྱིར། །མ་ཉམས་མོད་མི་དམའ་ཞེས་བྱ་བ་སྨོས་ཏེ། ཚུལ་ཁྲིམས་སྐྱོན་ཅན་ནི་མོད་དམའ་བ་ཡིན་ནོ། །མ་འདྲེས་ཞེས་བྱ་བ་ལ་ཚུལ་ཁྲིམས་འདྲེས་ པ་ནི་མི་དགེ་བའོ། །འདྲེན་མར་འདུག་པ་གང་ཡིན་པ་སྟེ། དེ་མེད་པའི་ཕྱིར་མ་འདྲེས་པའོ། །མ་སྦགས་པ་ནི་སྲིད་པ་དང་ལོངས་སྤྱོད་ཀྱི་དོན་དུ་ཡོངས་སུ་མ་བསྔོས་པའི་ཕྱིར་རོ། །ཚུལ་ཁྲིམས་འདི་ཉིད་རྣམ་པ་གཞན་དུ་མི་འགྱུར་བའི་ཕྱིར་མ་གོས་པ་ཞེས་བྱ་སྟེ། གོས་པ་ནི་རྣམ་པ་གཞན་དུ་སྟོན་ཏོ། །མ་ཉམས་ པ་ལ་སོགས་པའི་ཡོན་ཏན་དང་ལྡན་པའི་ཚུལ་ཁྲིམས་གང་ཡིན་པ་དེ་ནི་རང་དབང་ཡོད་པ་ཡང་ཡིན་ཏེ། སྲེད་པའི་བྲན་ཉིད་ལས་ཐར་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་ཚུལ་ཁྲིམས་དེ་ནི་མཁས་པ་འཕགས་པ་རྣམས་ཀྱིས་བསྔགས་པ་ཡིན་ལ། ཏིང་ངེ་འཛིན་སྒྲུབ་པར་བྱེད་པ་ཡང་ཡིན་ཏེ། ཚུལ་ཁྲིམས་ དང་ལྡན་པའི་སེམས་མཉམ་པར་འཇོག་པའི་ཕྱིར་རོ། །ཚུལ་ཁྲིམས་དེ་ལྟ་བུ་དེ་ཁྱོད་ཀྱིས་བརྟེན་པར་བྱའོ། །ཅིའི་ཕྱིར་ཞེ་ན། ཁྲིམས་ནི་རྒྱུ་དང་མི་རྒྱུའི་ས་བཞིན་དུ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ནི་ཞེས་བྱ་བའི་སྒྲ་ནི་འདི་ལྟར་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་ས་ནི་འགྲོ་བ་རྒྱུ་བ་དང་མི་རྒྱུ་བའི་ སྐྱེ་བ་དང་། གནས་པ་དང་འཕེལ་བའི་རྒྱུར་གྱུར་པ་དེ་བཞིན་དུ་ཚུལ་ཁྲིམས་ཀྱང་ཏིང་ངེ་འཛིན་ལ་སོགས་པ་ཡོན་ཏན་ཐམས་ཅད་ཀྱི་གཞི་རྟེན་ཡིན་ནོ། །འདིས་ནི་གུས་པ་བསྐྱེད་པའི་ཕྱིར་ཚུལ་ཁྲིམས་ཀྱི་སྐྱེས་བུ་བྱེད་པའི་འབྲས་བུ་བསྟན་ཏེ། དེ་ལྟར་རེ་ཞིག་སྦྱིན་པ་དང་། ཚུལ་ ཁྲིམས་སྤྱིར་བཤད་པ་ཡིན་ནོ། །ད་ནི་ཐེག་པ་ཆེན་པོ་ལ་གཟུད་པའི་ཆེད་དུ་སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པས་བསྡུས་པ་རྣམས་བསྟན་པའི་ཕྱིར། སྦྱིན་དང་ཚུལ་ཁྲིམས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ལ་བྱང་ཆུབ་ཏུ་སེམས་བསྐྱེད་པས། སེམས་ཅན་ཐམས་ཅད་ལ་ཕན་པར་བྱ་བའི་ ཕྱིར། སྦྱིན་པ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡིན་ཏེ་ཚུལ་ཁྲིམས་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་ཡང་དེ་དང་འདྲ་བར་རིག་པར་བྱའོ། །བཟོད་པ་ནི་འདིར་གཞན་གྱིས་གནོད་པ་བྱས་པ་ལ་མི་མཇེད་པའི་བཟོད་པ་དང་། སྡུག་བསྔལ་དང་དུ་ལེན་པའི་བཟོད་པ་ཞེས་བྱ་བ་བཟོད་པ་རྣམ་པ་གཉིས་སུ་བཞེད་དོ། །བརྩོན་ འགྲུས་ནི་སེམས་ཅན་གྱི་དོན་དུ་སངས་རྒྱས་ཀྱི་ཆོས་བཙལ་བར་སྤྲོ་བའོ། །བསམ་གཏན་ནི་སེམས་ཅན་གྱི་དོན་བྱེད་པ་དང་། བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་སྒྲུབ་པར་བྱེད་པའི་བསམ་གཏན་བཞི་པའོ། །ཤེས་རབ་ནི་ཆོས་ཐམས་ཅད་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པར་བྱེད་པ་དང་། སེམས་ ཅན་རྣམས་ལ་དོན་ཕྱིན་ཅི་མ་ལོག་པར་རབ་ཏུ་སྟོན་པར་བྱེད་པའི་རབ་ཏུ་བྱེད་པ་གང་ཡིན་པ་སྟེ། ཤེས་རབ་དེ་ལྟ་བུ་ནི། ཉན་ཐོས་ལ་སོགས་པ་ལ་མེད་པའི་ཕྱིར་གཞལ་དུ་མེད་པ་ཞེས་བྱའོ། །ཕ་རོལ་ཕྱིན་པ་འདི་དག་རྒྱས་མཛད་ཅེས་བྱ་བ་ནི་ཕ་རོལ་ཏུ་ཕྱིན་པ་འདི་རྣམས་སྒྲུབས་ཤིག་ཅེས་བྱ་བའི་ཐ་ཚིག་ གོ། །ཅིའི་ཕྱིར་ཞེ་ན། སྲིད་པའི་རྒྱ་མཚོའི་ཕ་རོལ་ཕྱིན་པ་རྒྱལ་བའི་དབང་པོ་མཛོད། །ཅེས་བྱ་བ་སྨོས་སོ། །དེ་ལ་ཕ་རོལ་ཏུ་ཕྱིན་པ་མཛོད་ཅེས་བྱ་བ་ནི་ཕ་རོལ་དུ་སོན་པར་གྱིས་ཤིག་ཅེས་བྱ་བའི་དོན་ཏོ། །གང་གིས་ཤེ་ན་སྲིད་པའི་རྒྱ་མཚོའོ། །ཉན་ཐོས་དང་རང་སངས་རྒྱས་དག་ཀྱང་སྲིད་པའི་རྒྱ་མཚོའི་ཕ་ ཕ་རོལ་ཏུ་སོན་པ་ཡིན་པས། རྒྱལ་བའི་དབང་པོ་ཞེས་བྱ་བས་ཁྱད་པར་དུ་བྱེད་དེ། འདི་སྐད་དུ་ཕ་རོལ་ཏུ་ཕྱིན་པ་དྲུག་རྫོགས་ནས། སངས་རྒྱས་ཉིད་ཐོབ་པས་ཁྱོད་ཀྱིས་ཀྱང་ཕ་རོལ་དུ་ཕྱིན་པ་རྣམས་རྫོགས་པར་བྱོས་ལ། སངས་རྒྱས་སུ་གྱིས་ཤིག་ཅེས་བཤད་པ་ཡིན་ནོ། །དེ་བཞིན་དུ་སྦྱིན་པ་ལ་ སོགས་པ་དང་ལྡན་པའི་ཁྱིམ་པ་དག་ཀྱང་ཡོད་པས་དེ་དག་གི་དགེ་བའི་ལས་གཞན་བསྟན་པའི་ཕྱིར། །གང་ལ་ཕ་དང་མ་དག་མཆོད་པ་ཡི། །རིགས་དེ་ཚངས་བཅས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ལ་རིགས་གང་ལ་ཕ་དང་མ་དག་མཆོད་པའི་ཞེས་བྱ་བ་འདིས་ནི། རིགས་འདི་ལ་མི་དང་མི་མ་ ཡིན་པས་བྱས་པའི་གནོད་པ་མེད་པར་བསྟན་ཏོ། །ཚངས་པ་དང་བཅས་པ་ཉིད་ཀྱིས་ནི་རིགས་དེ་ལྷས་བྱིན་གྱིས་བརླབས་པ་ཉིད་དུ་སྟོན་ཏོ། །སློབ་དཔོན་དང་བཅས་པ་ཉིད་ཀྱིས་ནི། བླ་མའི་ཁྱད་པར་གྱིས་བྱིན་གྱིས་བརླབས་པ་ཉིད་དུ་སྟོན་ཏོ། །གཞན་ཡང་མཐོང་བའི་ཆོས་དང་། ཚེ་ཕྱི་མའི་ཕན་ ཡོན་བསྟན་པའི་ཕྱིར། དེ་དག་མཆོད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་གཉིས་ལ་མཆོད་པ་ནི་དེ་དག་ལ་མཆོད་པའོ། །ཕ་དང་མ་དག་ལ་མཆོད་པ་ནི་མཐོང་བའི་ཆོས་ལ་ཡང་དག་པར་འགྱུར་ལ་ཕ་རོལ་དུ་ཡང་མཐོ་རིས་སུ་འགྱུར་ཏེ། །དེ་ལྟ་བས་ན་ཁྱིམ་ན་གནས་པས་བསྒྲིམས་ཏེ་ཕ་དང་མ་ དག་ལ་མཆོད་པ་བྱའོ་ཞེས་བྱ་བ་ཡིན་ནོ། །ཁྱིམ་ན་གནས་པ་རྣམས་ལ་དུས་ཐམས་ཅད་དུ་ཚངས་པར་སྤྱད་པ་དཀའ་བའི་ཕྱིར་ན་ཉིན་ཞག་གཅིག་པའི་ཚངས་པར་སྤྱོད་པ་ལ་ཡང་སྦྱར་བའི་ཆེད་དུ་གསོ་སྦྱོང་ཡན་ལག་བརྒྱད་པ་བསྟན་པའི་ཕྱིར། འཚེ་དང་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ལ་འཚེ་བ་ ནི་སྲོག་གཅོད་པའོ། །ཆོམ་རྐུན་ནི་མ་བྱིན་པར་ལེན་པའོ། །འཁྲིག་པ་ནི་བཤང་བ་དང་གཅི་བ་དང་ཁའི་ལམ་དུ་ལོག་པར་སྒྲུབ་པའོ། །བརྫུན་ནི་བརྫུན་དུ་སྨྲ་བའོ། །ཆང་ནི་བཅོས་པའི་ཆང་དང་སྦྱར་བའི་ཆང་ངོ་། །དུས་མིན་ཟས་ནི་ཉི་མ་ཕྱེད་ཡོལ་ནས་དུས་སུ་རུང་བའི་དངོས་པོ་སྤྱོད་པའོ། །མལ་ སྟན་མཐོན་པོ་ནི་ཁྲི་དང་ཁྲིའུ་ཚད་ལས་འདས་པའོ། །གླུ་དག་དང་གར་ནི་འཇིག་རྟེན་གྲགས་པ་ཁོ་ནའོ། །སྤོས་དང་ཕྲེང་བ་སྤྱོད་པ་ནི་ཆེ་བའི་དོན་དུ་བཀག་གི་ནད་པའི་ནད་གསོ་བའི་ཕྱིར་ནི་མ་ཡིན་ནོ། །བརྒྱད་པོ་དེ་དག་ནི་གསོ་སྦྱོང་གི་ཡན་ལག་ཡིན་ནོ། །ཡང་འདི་དག་གང་གི་ཡན་ལག་ཆ་ཤས་སུ་ གྱུར་པ་ཡིན་པ། འདིའི་སྡོམ་པ་གཞན་གང་ཞིག་ཡོད་ཅེ་ན། འགའ་ཡང་མེད་དེ་འོན་ཀྱང་སྤྱིའི་ཡན་ལག་ཅེས་བྱ་སྟེ། ཕྱི་མ་ལ་ཡན་ལག་ལྔ་པ་བཞིན་ནོ། །ཡང་ཡན་ལག་འདི་དག་ཉིད་དགྲ་བཅོམ་པའི་ཚུལ་ཁྲིམས་ཀྱི་རྗེས་སུ་བྱེད་པ་ཡིན་ནམ་ཞེ་ན། གང་གི་ཕྱིར་འདི་སྐད་དུ། དགྲ་བཅོམ་ ཚུལ་ཁྲིམས་རྗེས་སུ་བྱེད་པ་ཡི། །ཡན་ལག་བརྒྱད་པོ་འདི་དག་དང་ལྡན་ན། །ཞེས་བཤད་དེ་འདི་སྐད་དུ་ཡན་ལག་དང་པོ་འདིས་བདག་འཕགས་པ་དགྲ་བཅོམ་པ་དེ་དག་གི་ཚུལ་ཁྲིམས་ཀྱི་རྗེས་སུ་སློབ་པོ། །རྗེས་སུ་བགྱིད་དོ་ཞེས་བྱ་བ་ལ་སོགས་པ་འབྱུང་ངོ་ཞེ་ན། འདིར་ དགྲ་བཅོམ་པའི་ཚུལ་ཁྲིམས་ནི་ཡན་ལག་རྣམས་ཡིན་ལ། དགྲ་བཅོམ་པའི་ཚུལ་ཁྲིམས་ཀྱི་རྗེས་སུ་བྱེད་པ་ནི་གང་ཟག་ཡིན་པར་སྣང་ངོ་། །དེ་ལྟ་ཡིན་དང་འདིར་རྟེན་གྱིས་བརྟན་པ་བསྟན་ཏེ། དཔེར་ན་ཁྲེའུ་དག་སྒྲོགས་སོ་ཞེས་བྱ་བ་ལྟ་བུ་ཡིན་པས་ཉེས་པ་མེད་དོ། །ད་ནི། གསོ་སྦྱོང་འདོད་ སྤྱོད་ལྷ་ལུས་ཡིད་འོང་བ། །ཞེས་བྱ་བ་ལ་སོགས་པས་གསོ་སྦྱོང་གི་སྡོམ་པ་འདིའི་རྣམ་པར་སྨིན་པའི་འབྲས་བུ་སྟོན་པར་བྱེད་དེ། འདི་སྐད་དུ། ཉིན་ཞག་གཅིག་པའི་གསོ་སྦྱོང་གི་སྡོམ་པས་ནི་འདོད་པ་ན་སྤྱོད་པའི་ལྷ་དྲུག་གི་ནང་གར་འདོད་པར་སྐྱེ་བར་འགྱུར་རོ་ཞེས་བཤད་པ་ཡིན་ནོ། །སྐྱེས་ པ་བུད་མེད་དག་ལ་ཞེས་བྱ་བ་ནི་སྐྱེས་པ་དག་དང་བུད་མེད་དག་ལ་སྦྱིན་པར་བྱེད་ཀྱིས། གཞན་མ་ནིང་ལ་སོགས་པ་ལ་ནི་མ་ཡིན་ཏེ། དེ་དག་ལ་སྡོམ་པ་སྐྱེ་བ་མེད་པའི་ཕྱིར་རོ། །སྩོལ་བར་བགྱིད་ཅེས་བྱ་བ་ནི་སྦྱིན་པར་བྱེད་པའོ། །ཁྱིམ་པ་དེ་དག་ཉིད་ལ་བྱ་བ་ངན་པ་ལ་ཆགས་པའི་ཉེས་པས་སེར་སྣ་ལ་ སོགས་པ་འབྱུང་ལ། དེ་དག་ཀྱང་ངན་སོང་གི་རྒྱུ་ཡིན་པས་དེ་ལས་བཟློག་པར། སེར་སྣ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ལ་སེར་སྣ་ནི་སྦྱིན་པ་དང་མི་མཐུན་པར་རང་གི་ཕུན་སུམ་ཚོགས་པ་ལ་ཀུན་དུ་འཛིན་པའོ། །གཡོ་ནི་སེམས་གྱ་གྱུ་བ་སྟེ་གང་གིས་ན་རང་གི་བསམ་པ་རབ་ཏུ་མི་བརྟན་པའོ། ། སྒྱུ་ནི་གཞན་སླུ་བ་སྟེ་གང་གིས་ན་འདི་ལྟར་འདིས་བསམ་པ་ཤེས་ནས་གླགས་རྙེད་པར་མི་འགྱུར་བར་གཞན་རྨོངས་པར་བྱེད་པའོ། །ཆགས་པ་ནི་བདག་ལ་སྲེད་པ་དང་ལོངས་སྤྱོད་ལ་སྲེད་པའོ། །སྙོམ་ལས་ནི་བརྩོན་འགྲུས་ཀྱི་མི་མཐུན་པའི་ཕྱོགས་ཀྱི་ཆོས་ཏེ། ལེ་ལོ་ཞེས་བྱའོ། །མངོན་པའི་ང་ རྒྱལ་ནི་ཁྱད་པར་ཐོབ་པར་བྱ་བ་མ་ཐོབ་པར་བདག་གིས་ཐོབ་བོ་སྙམ་དུ་ང་རྒྱལ་བྱེད་པ་གང་ཡིན་པའོ། །འདོད་ཆགས་ནི་འཁྲིག་པ་ལ་སྲེད་པའོ། །ཞེ་སྡང་ནི་སེམས་ཅན་རྣམས་ལ་ཀུན་ནས་མནར་སེམས་པ་སྟེ། ཆོས་བརྒྱད་པོ་འདི་དག་དང་། རིགས་ཀྱིས་རྒྱགས་པ་ལ་སོགས་པ་ལྔ་དང་མི་དགེ་བའི་ ཆོས་བཅུ་གསུམ་ལ་དགྲ་བཞིན་དུ་བལྟ་བར་བྱ་སྟེ། དེ་རྣམས་དང་ལྷན་ཅིག་འགྲོགས་པར་མི་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལ་རྒྱགས་པ་ནི་ཆོས་དེ་རྣམས་ཀྱིས་སེམས་གཟེངས་རབ་ཏུ་མཐོས་པ་སྟེ། གང་གིས་ན་ར་རོ་བ་བཞིན་དུ་ཆོས་དང་ཆོས་མ་ཡིན་པ་སྒྲུབ་པར་མི་འགྱུར་བའོ། །དེ་ཉིད་ཀྱི་ ཕྱིར་རྒྱགས་པ་ནི་རང་གི་ཆོས་ལ་ཆགས་པའི་སེམས་ནི་ཡོངས་སུ་གཏུགས་པའོ་ཞེས་འབྱུང་སྟེ། རང་གི་ཆོས་ལ་སོ་སོའི་འདོད་ཆགས་ཀྱིས་དེ་ཁོ་ན་ལ་སེམས་དེ་ཡོངས་སུ་གཏུགས་ཤིང་ཡོངས་སུ་ཟད་པར་འགྱུར་གྱི། ཆོས་སམ་ཆོས་མ་ཡིན་པ་གཞན་སྒྲུབ་པར་མི་འགྱུར་བ་ཡིན་ནོ་ཞེས་བྱ་ བའི་ཐ་ཚིག་གོ། །ཁྱིམ་པ་རྣམས་ལ་ཡང་བག་དང་བཅས་པར་བྱ་བ་ཡོད་པས་དེ་དག་དེ་ལ་དགོད་པར་བཞེད་ནས། བག་ཡོད་བདུད་རྩིའི་གནས་ཏེ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བག་ཡོད་པ་ནི་མྱ་ངན་ལས་འདས་པ་བདུད་རྩིའི་རྟེན་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །བག་མེད་པ་ནི་འཆི་བའི་ གནས་ཡིན་ནོ། །ཇི་ལྟར་ཤེས་ཤེ་ན། ཐུབ་པས་བཀའ་སྩལ་ཏོ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་བཞིན་གཤེགས་པས་བཀའ་སྩལ་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་སྟེ། བག་ཡོད་བདུད་རྩིའི་གནས་ཡིན་ཏེ། །བག་མེད་པ་ནི་འཆི་བའི་གནས། །བག་ཡོད་འཆི་བར་མི་འགྱུར་ཏེ། བག་མེད་པ་ནི་རྟག་ཏུ་འཆི། །ཞེས་ཚིགས་སུ་བཅད་པ་དེ་བཀའ་སྩལ་པའི་ཕྱིར་རོ། །དེ་ལ་བག་ཡོད་པ་ནི་དགེ་བའི་ཆོས་བསྒོམ་པའོ། །བཟློག་པ་ནི་བག་མེད་པ་ཡིན་པར་རིག་པར་བྱའོ། །དེ་བས་ཁྱོད་ཀྱིས་དགེ་ཆོས་སྤེལ་སླད་དུ། །ཞེས་བྱ་བ་ནི་གང་གི་ཕྱིར་དེ་ལྟར་བག་ཡོད་པ་ཕན་ཡོན་ ཆེ་བ་དེའི་ཕྱིར་ཁྱོད་ཀྱིས་དགེ་བའི་ཆོས་སྤེལ་བར་བྱ་བའི་ཕྱིར་རྟག་ཏུ་བག་ཡོད་པར་བྱ་སྟེ། དགེ་བའི་ཆོས་ལ་གོམས་པ་དོར་བར་མི་བྱའོ་ཞེས་བྱ་བའི་དོན་ཏོ། །འོན་ཏེ་ཁྱོད་ཀྱིས་ཁོ་བོའི་དོན་ཞིག་བྱ་བར་ཆད་ན། དང་པོ་ཉི