Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 173
Văn bản gốc(Tây Tạng)
Trang 7 / 12 (50.000 ký tự/trang)
།སྐྱེས་བུ་དམ་པ་ལ་བརྟེན་པ་ནི་དགེ་བའི་བཤེས་གཉེན་ལ་ཡང་དག་པར་བརྟེན་པའོ། །དེ་ཡང་ ལུང་ཕུན་སུམ་ཚོགས་པའམ། རྟོགས་པ་ཕུན་སུམ་ཚོགས་པ་ཡང་རུང་སྟེ། ཡོན་ཏན་དག་གིས་མཉམ་པའམ། ཁྱད་པར་དུ་འཕགས་པའི་ཡོན་ཏན་ཅན་ཡིན་ནོ། །ཡང་ན་མཛའ་བོ་འམ། བླ་མ་ཡིད་བརྟན་དུ་རུང་བ་སྨྲ་མཁས་པ་ཚིག་བཟོད་པ་དོན་ཟབ་མོ་ སྨྲ་བ་གནས་པ་ཡིན་པར་སྦྱོར་བར་མི་བྱེད་པ་གང་ཡང་རུང་སྟེ། གང་གི་རྗེས་སུ་བསླབས་ནས་ཚུལ་ཁྲིམས་དང་། ཐོས་པ་དང་། གཏོང་བ་དང་། ཤེས་རབ་ཀྱིས་འཕེལ་བར་འགྱུར་བ་དེ་འདྲ་བ་དེ་ནི་སྐྱེས་བུ་དམ་པ་ཞེས་བྱའོ། །བདག་ཉིད་ཀྱིས་ལེགས་པའི་སྨོན་ལམ་ནི་བདག་ཉིད་ ཀྱིས་ཇི་སྐད་བཤད་པ་བཞིན་བྱེད་པའི་སྒོ་ནས་ལེགས་པར་སྒྲུབ་པའོ། །སྔོན་ཡང་བསོད་ནམས་བགྱིས་ཞེས་བྱ་བ་འདིས་ནི་ཚོགས་བསགས་པ་ཉིད་དུ་སྟོན་ཏོ། །དེ་དག་ནི་འཁོར་ལོ་ཞེས་བྱ་བ་སྟེ། འཕགས་པའི་ལམ་གྱི་ཤིང་རྟས་འགྲོ་བར་བྱེད་པ་ཡིན་པའི་ཕྱིར་རོ། །འཁོར་ལོ་ ཆེན་པོ་དེ་བཞི་ནི་ཁྱོད་ལ་མངའ་ཞིང་ཡོད་པས་དེའི་ཕྱིར་འཕགས་པའི་ལམ་བསྐྱེད་པའི་ཕྱིར་འབད་པར་བྱོས་ཤིག་སྙམ་དུ་དགོངས་པ་ཡིན་ནོ། །དགེ་བའི་བཤེས་གཉེན་བསྟེན་པ་ཞེས་བྱ་བ་ལ་སོགས་པས་ནི་འཕགས་པའི་ལམ་བསྐྱེད་པ་ལ་སྐྱེས་བུ་དམ་པ་ལ་བརྟེན་པ་གཙོ་བོ་ཡིན་པར་སྟོན་ ཏོ། །འཕགས་པ་ཀུན་དགའ་བོས་བཅོམ་ལྡན་འདས་འདི་ལྟ་སྟེ། དགེ་བའི་བཤེས་གཉེན་དང་དགེ་བའི་གྲོགས་པོ་འདི་ནི་ཚངས་པར་སྤྱོད་པའི་ཕྱེད་ལགས་སོ་ཞེས་གསོལ་བ་དང་། བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་ཁྱོད་དེ་སྐད་དུ་དགེ་བའི་གྲོགས་པོ་འདི་ནི་ཚངས་པར་སྤྱོད་པའི་ཕྱེད་ལགས་ སོ་ཞེས་བྱ་བའི་བར་མ་སྨྲ་ཤིག །ཀུན་དགའ་བོ་འདི་ལྟ་སྟེ། དགེ་བའི་བཤེས་གཉེན་དང་དགེ་བའི་གྲོགས་པོ་འདི་ནི་ཚངས་པར་སྤྱོད་པ་ཡོངས་སུ་རྫོགས་པར་བྱེད་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ་སྐྱེ་བའི་ཆོས་ཅན་རྣམས་དགེ་བའི་བཤེས་གཉེན་ལ་བརྟེན་ནས་སྐྱེ་བ་ལས་ཡོངས་ སུ་གྲོལ་ལོ་ཞེས་རྒྱས་པར་བཀའ་སྩལ་ཏོ། །གང་གི་ཕྱིར་བཅོམ་ལྡན་འདས་ཀྱིས་དེ་སྐད་དུ་བཀའ་སྩལ་པ་དེའི་ཕྱིར་སྐྱེས་བུ་དམ་པ་རྣམས་ལ་བརྟེན་པར་བྱའོ། །ཡང་སྐྱེས་བུ་དམ་པ་ལ་བརྟེན་པས་ཚངས་པར་སྤྱོད་པ་ཡོངས་སུ་རྫོགས་པ་ཡིན་པ་ཇི་ལྟར་ཤེས་ཤེ་ན། རྒྱལ་བ་ལ། བརྟེན་ནས་ རབ་ཏུ་མང་པོས་ཞི་བ་ཐོབ། །ཅེས་བྱ་བ་སྨོས་སོ། །དེ་ལ་ཚངས་པ་ཞེས་བྱ་བ་ནི་མྱ་ངན་ལས་འདས་པའོ། །དེའི་དོན་དུ་སྤྱོད་པ་ནི་ཚངས་པར་སྤྱོད་པ་སྟེ་ལམ་མོ། །དེ་ལྟ་བས་ན་ཚངས་པར་སྤྱོད་པ་ཡོངས་སུ་རྫོགས་པ་སྡུག་བསྔལ་བ་མཐའ་དག་ཟད་པའི་རྒྱུར་གྱུར་པ་འཕགས་པའི་ལམ་གྱི་རྒྱུ་ ནི་དགེ་བའི་བཤེས་གཉེན་ཡིན་ནོ་ཞེས་བཤད་པ་ཡིན་ནོ། །ལོག་པར་ལྟ་བ་འཛིན་དང་ཞེས་བྱ་བ་ལ་སོགས་པས་ནི་དགེ་བ་བྱ་བར་མི་རུང་བ་ཉིད་དུ་སྟོན་པར་བྱེད་དོ། །དེ་ལ་ལོག་པར་ལྟ་བ་འཛིན་པ་ནི་འཇིག་རྟེན་ཕ་རོལ་མེད་དོ་ཞེས་བྱ་བར་འཛིན་པ་གང་ཡིན་པའོ། །དུད་འགྲོ་ཉིད་ནི་དུད་ འགྲོའི་སྐྱེ་གནས་སུ་སྐྱེ་བའོ། །ཡི་དགས་ཉིད་ནི་ཡི་དགས་ཀྱི་འཇིག་རྟེན་དུ་སྐྱེ་བའོ། །དམྱལ་བར་སྐྱེ་བ་ནི་དམྱལ་བའི་འཇིག་རྟེན་དུ་སྐྱེ་བའོ། །རྒྱལ་བའི་བཀའ་མེད་པ་ནི་སངས་རྒྱས་འབྱུང་བ་མེད་པའི་ཕྱིར་རོ། །མཐའ་འཁོབ་ཏུ་ཀླ་ཀློར་སྐྱེ་བ་ནི་དེར་སྐྱེ་བ་གང་ཡིན་པའོ། །སངས་ རྒྱས་འབྱུང་བ་ཡོད་ཀྱང་གླེན་ཞིང་ལྐུགས་པ་ཉིད་ནི་ལག་བརྡ་བྱེད་པའོ། །ཚེ་རིང་ལྷ་ཉིད་གང་ཡང་རུང་བར་ནི། །སྐྱེ་བ་ཞེས་བྱ་བ་ནི་འདུ་ཤེས་མེད་པ་དག་དང་གཟུགས་མེད་པ་རྣམས་སོ། །གནས་བརྒྱད་པོ་དེ་དག་ཏུ་དགེ་བ་བྱ་བའི་དལ་བ་མེད་པས་ན་མི་ཁོམ་པ་ཞེས་བྱའོ། །དེ་ཉིད་ ཀྱི་ཕྱིར་ཉེས་པ་མང་བས་སྐྱོན་ཞེས་ཀྱང་བྱའོ། །མི་ཁོམ་པའི་སྐྱོན། །དེ་དག་དང་བྲལ་ཁོམ་པ་རྙེད་ནས་ནི། །སྐྱེ་བ་བཟློག་པའི་སླད་དུ་འབད་པར་མཛོད། །ཅེས་པ་སྨོས་ཏེ་ཕྱིན་ཆད་མི་ཁོམ་པའི་གནས་དེ་དག་ཏུ་སྐྱེ་བ་བཟློག་པའི་ཆེད་དུ་ཞེས་བྱ་བའི་དོན་ཏོ། །ད་ནི་དེས་པ་འདོད་པས་ཕོངས་དང་ ཞེས་བྱ་བ་ལ་སོགས་པ་གང་སྨོས་པ་ནི་འཇིག་རྟེན་ཐམས་ཅད་ལ་མངོན་པར་མི་དགའ་བའི་འདུ་ཤེས་ཉེ་བར་སྒྲུབ་ཅིང་མྱ་ངན་ལས་འདས་པ་ལ་རྒྱུད་གཅིག་ཏུ་གཞོལ་བར་བྱ་བར་བཞེད་པ་ཡིན་ཏེ། སྡུག་བསྔལ་ཞེས་བྱ་བའི་སྒྲ་ནི་འདོད་པས་ཕོངས་པའི་སྡུག་བསྔལ་དང་། འཆི་བའི་སྡུག་བསྔལ་ ཞེས་བྱ་བ་ལ་སོགས་པའི་ཚུལ་དུ་རེ་རེ་དང་སྦྱར་རོ། །འདོད་པས་ཕོངས་པ་ལ་སོགས་པ་ནི་སྡུག་བསྔལ་གྱི་རྒྱུ་ཡིན་པའི་ཕྱིར་སྡུག་བསྔལ་ཞེས་བཤད་ཀྱི། ཚོར་བའི་རང་བཞིན་ཡིན་པའི་ཕྱིར་ནི་མ་ཡིན་ནོ། །སོགས་པ་ཞེས་སྨོས་པས་ནི་མྱ་ངན་དང་སྨྲེ་སྔགས་འདོན་པ་ལ་སོགས་ པ་གཟུང་ངོ་། །དེ་ལྟར་སྡུག་བསྔལ་དུ་མའི་འབྱུང་གནས་རྟེན་འཁོར་བ་ཉེ་བར་ལེན་པའི་ཕུང་པོ་ལྔའི་ངོ་བོ་ཉིད་ལས་སྐྱོ་མཛད་ཅིང་། ཡིད་འབྱུང་བ་བསྐྱེད་པར་བྱ་ཞིང་ཞེས་བྱ་བའི་ཐ་ཚིག་གོ། །འཁོར་བ་འདིའི་ཉེས་པ་སྐྱོ་བའི་རྒྱུ་ཤས་ཀྱང་གསན་པར་མཛོད་ཅིག །འཁོར་ བའི་ཉེས་པ་རིལ་བརྗོད་པར་མི་ནུས་པའི་ཕྱིར་ཕྱོགས་གཅིག་ཞལ་གྱིས་བཞེས་སོ། །འཁོར་བའི་ཉེས་པ་དེ་ཡང་རྣམ་པ་བདུན་ཞིག་བརྗོད་དེ་འདི་ལྟ་སྟེ། ངེས་པ་མེད་པའི་ཉེས་པ་དང་། ངོམས་མི་ཤེས་པའི་ཉེས་པ་དང་། ལུས་ཡང་དང་ཡང་དུ་འདོར་བའི་ཉེས་པ་དང་། ཡང་དང་ཡང་དུ་ཉིང་མཚམས་ སྦྱོར་བའི་ཉེས་པ་དང་། ཡང་དང་ཡང་དུ་མཐོ་དམན་གྱི་ངོ་བོར་འགྱུར་བའི་ཉེས་པ་དང་། གྲོགས་མེད་པ་ཉིད་ཀྱི་ཉེས་པ་དང་། འགྲོ་བ་དྲུག་གི་ཉེས་པའི་སྡུག་བསྔལ་ཉམས་སུ་མྱོང་བའི་ཉེས་པའོ། །དེ་ལ་ངེས་པ་མེད་པའི་དབང་དུ་བྱས་ནས། ཕ་ནི་བུ་ཉིད་ཅེས་བྱ་བ་ལ་སོགས་པ་སྨོས་སོ། །བཟློག་པ་ཉིད་ དུ་ཞེས་བྱ་བ་ནི་བུ་ནི་ཕ་ཉིད་དུ། ཆུང་མ་ནི་མ་ཉིད་དུ། སྐྱེ་བོ་བཤེས་པ་ནི་དགྲ་བོ་ཉིད་དུ་འགྱུར་བའོ། །དེ་ལྟ་བས་ན་འཁོར་བ་ན་ངེས་པ་འགའ་ཡང་མེད་དོ། །ངོམས་མི་ཤེས་པའི་ཉེས་པའི་དབང་དུ་བྱས་ནས། རེ་རེས་རྒྱ་མཚོ་བཞི་པས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཚིགས་སུ་བཅད་པའི་ དོན་ནི་གོ་བར་ཟད་དོ། །ལུས་ཡང་ནས་ཡང་དུ་འདོར་བའི་ཉེས་པའི་དབང་དུ་བྱས་ནས། རེ་རེའི་བདག་ཉིད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་བདག་ཉིད་རུས་པའི་ཕུང་པོ་ཞེས་བྱ་བ་ནི་ལུས་ཀྱི་རུས་པའི་ཕུང་པོ་ཞེས་བྱ་བའི་དོན་ཏོ། །ཡང་དང་ཡང་དུ་ཉིང་མཚམས་སྦྱོར་བའི་ཉེས་པའི་དབང་དུ་བྱས་ནས། མ་ ཡི་ཐུག་མཐའ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བཅོམ་ལྡན་འདས་ཀྱིས་ཇི་སྐད་དུ། དགེ་སློང་དག་དཔེར་ན་སྐྱེས་བུ་འགའ་ཞིག་གིས་ས་ཆེན་པོ་འདི་ལ་རྒྱ་ཤུག་གི་ཚི་གུ་ཙམ་གྱི་རི་ལུ་ཐོགས་ཏེ། འདི་ནི་བདག་གི་མའོ། །འདི་ནི་བདག་གི་མ་དེའི་ཡང་མའོ་ཞེས་འདོར་བར་བྱེད་ན། དགེ་སློང་ དག་ས་ཆེན་པོ་འདིའི་འཇི་བ་ནི། ཆེས་སྔར་ཟད་པར་འགྱུར་གྱི། མི་རྣམས་ཀྱི་མ་བརྒྱུད་པ་ནི་དེ་ལྟ་མ་ཡིན་ནོ་ཞེས་ང་སྨྲའོ་ཞེས་གསུངས་པ་ལྟ་བུའོ། །ཡང་དང་ཡང་དུ་མཐོ་དམན་གྱི་ངོ་བོར་འགྱུར་བའི་ཉེས་པའི་དབང་དུ་བྱས་ནས། བརྒྱ་བྱིན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཚིགས་སུ་བཅད་པའི་ དོན་ནི་གོ་བར་ཟད་དོ། །མཐོ་རིས་བུ་མོ་ཞེས་བྱ་བ་ལ་སོགས་པ་ལ་མཐོ་རིས་བུ་མོ་ནི་ལྷའི་བུ་མོ་དག་གོ། །དེ་དག་གི་ནུ་མ་དང་རྐེད་པ་ལ་རེག་པ་སྟེ། རེག་པ་དེས་བདེ་བ་མྱོང་ནས་ཉམས་སུ་མྱོང་ཞེས་བྱ་བའི་དོན་ཏོ། །ཤིན་ཏུ་མི་བཟད་བསྟེན་འཚལ་ལོ། །ཞེས་བྱ་བ་ནི་རེག་པ་ཏེ་པོར་མི་བཟད་པ་ བསྟན་དགོས་སོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ཡང་གང་ཞེ་ན། འཐག་གཅོད་དབང་བའི་འཁྲུལ་འཁོར་གྱི། །རེག་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འཁྲུལ་འཁོར་ཞེས་བྱ་བའི་སྒྲ་ནི་རེ་རེ་དང་སྦྱར་རོ། །དེ་ལ་འཐག་པའི་འཁྲུལ་འཁོར་ནི་འདི་ལྟ་སྟེ། དམྱལ་བ་བསྡུས་འཇོམས་ན་ ཡོད་པ་ལྟ་བུའོ། །གཅོད་པའི་འཁྲུལ་འཁོར་ནི་དམྱལ་བ་ཐིག་ནག་ན་ཡོད་པ་ཡིན་ནོ། །དབང་པའི་འཁྲུལ་འཁོར་ནི་ཚ་བ་དང་རབ་ཏུ་ཚ་བ་ན་ཡོད་པ་ཡིན་པར་རིག་པར་བྱའོ། །རྐང་པ་རེག་པས་ནེམ་པར་བདེ་བཟོད་པ། །ཞེས་བྱ་བ་ནི་རྐང་པའི་རེག་པས་ནེམ་ཞེས་བྱེད་པ་དང་། པར་ ཅེས་བྱེད་པའོ། །དེའི་བདེ་བ་བཟོད་པས་ན། རྐང་པའི་རེག་པས་ནེམ་པར་བདེ་བཟོད་པ། །ཞེས་བྱ་སྟེ། བདེ་བར་རུང་ཞིང་བདེ་བའི་རྟེན་བྱེད་ཅེས་བྱ་བའི་ཐ་ཚིག་གོ། །ལྷུན་པོའི་སྤོ་དེ་དང་འདྲ་བ་ལ་ཡུན་རིང་པོ་ལྷའི་ལོ་སྟོང་དུ་གནས་པ་ནི། སླར་ཡང་མེ་མུར་རོ་མྱགས་རྒྱུ་བ་ཡིས། །སྡུག་ བསྔལ་མི་བཟད་ཕོག་སྙམ་བགྱི་འཚལ་ལོ། །དེ་ལ་མེ་མ་མུར་ནི་པུས་མོ་ནུབ་ཙམ་སྟེ། གང་དུ་རྐང་པ་བཞག་པ་ན་པགས་པ་དང་ཤ་དང་ཁྲག་ཞིག་པར་འགྱུར་ལ། བཏེག་ན་པགས་པ་དང་ཤ་དང་ཁྲག་སླར་སྐྱེ་བར་འགྱུར་བ་ཡིན་ནོ། །རོ་མྱགས་ནི་ཕྱི་སའི་འདམ་རྫབ་ གང་ན་སྲོག་ཆགས་འབུ་མཆུ་རྣོན་ཞེས་བྱ་བ་ལུས་ཐམས་ཅད་དཀར་ལ་མགོ་བོ་གནག་པ་ཡིན་ཏེ། དེ་དག་གིས་སེམས་ཅན་དེ་རྣམས་ཀྱི་པགས་པ་ཡང་འབིགས་ས་པར་བྱེད་ཅེས་བྱ་བ་རྒྱས་པར་མདོ་ལས་ཇི་སྐད་འབྱུང་བ་བཞིན་རིག་པར་བྱའོ། །མཐོ་རིས་བུ་མོས་འབྲོངས་ ཤིང་ཞེས་བྱ་བ་ལ་སོགས་པས་ནི་མཐོ་རིས་ཀྱི་བུ་མོ་དག་གིས་འབྲོངས་པ་ནི་མཐོ་རིས་བུ་མོས་འབྲོངས་པ་སྟེ། ཉེ་བར་བསྟེན་པ་ཞེས་བྱ་བའི་ཐ་ཚིག་གོ། །མཐོ་རིས་བུ་མོས་འབྲོངས་ཤིང་དགའ་བ་དང་། རྣམ་པར་མཛེས་ཚལ་སོན་པ་དེ་དག་རྩེ་ནས་ཏེ་དགའ་བའི་ཚལ་དུ་སོན་པ་དང་ རྣམ་པར་མཛེས་པའི་ཚལ་དུ་སོན་པ་དག་རྩེ་རྩེ་ནས། སླར། འདབ་མ་རལ་གྲི་འདྲ་ཚལ་ནགས་རྣམས་ཀྱིས། །རྐང་ལག་རྣ་བ་སྣ་གཅོད་འཐོབ་པ་འགྱུར། །དེ་ལ་འདབ་མ་རལ་གྲི་ལྟ་བུའི་ཚལ་ཞེས་བྱ་བ་ནི་མེ་མ་མུར་དང་རོ་མྱགས་དང་སྤུ་གྲིའི་སོ་གཏམས་པའི་ལམ་པོ་ཆེ་ འདས་ནས་རྒྱས་བཅད་པ་ཞིག་ན་ནགས་ཚལ་སྔོན་པོ་ལྟ་བུ་ཞིག་སྣང་སྟེ། དེར་སེམས་ཅན་གནས་ཚོལ་བ་སྐྱབས་ཚོལ་བ་དེ་དག་རྒྱུག་པར་བྱེད་ཅིང་སེམས་ཅན་དེར་ཞུགས་པ་རྣམས་ལ་ལས་ལས་བྱུང་བའི་རླུང་དག་ལྡང་ཞེས་བྱ་བ་རྒྱས་པར་འབྱུང་བ་ཡིན་ནོ། །དལ་གྱིས་འབབ་པར་ཞུགས་ནས་ཞེས་བྱ་ བ་ནི་ལྷའི་རྫིང་བུ་དལ་གྱིས་འབབ་པ་ཞེས་བྱ་བ་དེར་ཞུགས་ནས་སོ། །ཁྱད་པར་ཇི་ལྟ་བུ་ཅན་ཞིག་ཏུ་ཞེ་ན། ལྷའི་བུ་མོ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་ན་ལྷའི་བུ་མོ་གདོང་མཛེས་པ་དང་གསེར་གྱི་པདྨ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །སླར་ཡང་དམྱལ་བའི་ཆུ་བོ་རབ་མེད་ པར་འཇུག་འཚལ་ལོ། །ཁྱད་པར་ཇི་ལྟ་བུ་ཅན་ཞིག་ཏུ་ཞེ་ན་ཚྭ་སྒོ་བཟོད་རླག་ཆུ་ཚན་དུ་སྟེ། ཆུ་བོ་རབ་མེད་ཅེས་བྱ་བ་ལ་ལོ་མ་རལ་གྲི་ལྟ་བུའི་ཚལ་འདས་ནས་དམྱལ་བ་འོབས་བཞིན་དུ་བསྐོར་ཏེ་འདུག་པ། གང་དུ་སེམས་ཅན་གནས་ཚོལ་བ་སྐྱབས་ཚོལ་བ་དེ་དག་ཅེས་བྱ་བ་རྒྱས་པར་མདོ་ ལས་ཇི་སྐད་འབྱུང་བ་བཞིན་རིག་པར་བྱའོ། །བཞི་པོ་འདི་དག་ནི་ལྷག་པ་ཡིན་པར་བཤད་དེ་འདི་ལྟ་སྟེ། མེ་མ་མུར་དང་། རོ་མྱགས་དང་། ལོ་མ་རལ་གྲི་ལྟ་བུའི་ཚལ་དང་ཆུ་བོ་རབ་མེད་དོ། །ལྷག་པ་བཞི་པོ་དེ་དག་ནི་སེམས་ཅན་དམྱལ་བ་ཐམས་ཅད་ཀྱི་སྒོ་བཞིན་གོ་རིམས་བཞིན་དུ་རྣམ་པར་གནས་ཏེ། དེ་ལྟ་བས་ན་སེམས་ཅན་དམྱལ་བ་ཆེན་པོ་བརྒྱད་འཆད་པར་འགྱུར་བ་རེ་རེ་ཞིང་ལྷག་པ་བཅུ་དྲུག་ཡིན་ནོ། །ལྷ་ཡུལ་འདོད་པ་དེ་ཞེས་བྱ་བ་ནི་འདིར་སུམ་ཅུ་རྩ་གསུམ་པ་ཡན་ཆད་ཀྱི་འདོད་པའི་ལྷ་འཐབ་བྲལ་བ་ལ་སོགས་པ་གང་ཡིན་པ་དེ་དག་ཡིན་པར་བཞེད་དེ། དེ་དག་ན་ཡོད་ པའི་བདེ་བ་གང་ཡིན་པ་དེ་ཐོབ་ནས་སོ། །ཤིན་ཏུ་ཆེན་པོ་ཞེས་བྱ་བ་ནི་འདོད་པའི་བདེ་བའི་ཁྱད་པར་རོ། །ཡང་ན་ཆགས་པ་དང་བྲལ་བའི་བདེ་བའི་ཁྱད་པར་ཡིན་ཏེ། བདེ་བ་ཐམས་ཅད་ལས་ཁྱད་པར་དུ་འཕགས་པའི་ཕྱིར་རོ། །དེའི་གོང་མ་གཟུགས་ཀྱི་ཁམས་ན་ནི། ཚངས་ ཉིད་ཆགས་བྲལ་བདེ་བ་སྟེ། ཆགས་པ་དང་བྲལ་བ་ཉིད་ནི་འདོད་པའི་འདོད་ཆགས་རྣམ་པར་གནོན་པ་ལས་རིག་པར་བྱའོ། །བདེ་བ་དེ་འདྲ་བ་ཐོབ་ནས་ཀྱང་དུས་གཞན་ན་མི་དགེ་བའི་ལས་བསགས་པའི་ཕྱིར་ལན་གྲངས་གཞན་ལ་མྱོང་བར་འགྱུར་བའི་ལས་ཀྱི་འཕེན་པས་སླར། སྡུག་ བསྔལ་རྒྱུན་མི་འཆད་པར་བསྟན་འཚལ་ལོ། །ཞེས་བྱ་བར་སྦྱར་རོ། །གང་དུ་དེ་བསྟེན་དགོས་ཤེ་ན། མནར་མེད་དུའོ། །ཁྱད་པར་ཇི་ལྟ་བུ་ཅན་ཞིག་གིས་ཤེ་ན། མེའི་བུད་ཤིང་གྱུར་བ་ཡིས་ཏེ། ལུས་བསྲེགས་པས་ཞེས་བྱ་བའི་ཐ་ཚིག་གོ། །ཉི་མ་ཟླ་བ་ཉིད་ཐོབ་ཅེས་བྱ་བ་ནི་ཉི་མ་ཉིད་དང་ ཟླ་བ་ཉིད་ཐོབ་ནས་སོ། །རང་ལུས་ཀྱི། འོད་ཀྱིས་འཇིག་རྟེན་མཐའ་དག་སྣང་བྱས་ཏེ། །ཞེས་བྱ་བ་ནི་འཇིག་རྟེན་པའི་ཚིག་གི་ཚུལ་གྱིས་དེ་སྐད་དུ་འཆད་པར་ཟད་དེ་འོད་འདི་ལྟ་བུ་ཉི་མ་འམ་ཟླ་བའི་ལུས་ཀྱི་འོད་ནི་མ་ཡིན་གྱི། གཞལ་མེད་ཁང་གི་ཡིན་པས། རྟེན་དང་བརྟེན་པ་དག་དབྱེ་བ་མ་ བྱས་པས་དེ་སྐད་ཅེས་བཤད་པར་རིག་པར་བྱའོ། །སླར་ཡང་མུན་ནག་སྨག་ཏུ་ཕྱིན་གྱུར་ནས། །ཞེས་བྱ་བ་ནི་མུན་ནག་སྨག་ཏུ་ཕྱིན་ནས་ཞེས་བྱ་བར་སྦྱར་ཏེ། དེ་ནི་འཇིག་རྟེན་གྱི་བར་དག་ན་ཡོད་པ་ཡིན་པར་རིག་པར་བྱའོ། །དེར་སྐྱེས་ནས་ནི་རང་གི་ལག་པ་བརྐྱང་བའང་མཐོང་མི་འགྱུར། གྲོགས་མེད་པ་ཉིད་ཀྱི་ཉེས་པའི་དབང་དུ་བྱས་ནས། དེ་ལྟར་ནོངས་པར་འགྱུར་འཚལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལྟར་ཇི་སྐད་བཤད་པའི་རྣམ་པས་འཆི་དགོས་པ་ཡིན་པས་བསོད་ནམས་ནི། རྣམ་གསུམ་མར་མེའི་སྣང་བ་རབ་བཞེས་ཤིག །བསོད་ནམས་རྣམ་གསུམ་ ཉིད་མར་མེའི་སྣང་བ་ཡིན་པས་ན། བསོད་ནམས་ནི་རྣམ་གསུམ་མར་མེའི་སྣང་བའོ། །བསོད་ནམས་རྣམ་པ་གསུམ་ནི་ལུས་ཀྱི་དང་ངག་གི་དང་ཡིད་ཀྱི་འོ། །ཡང་ན་སྦྱིན་པ་ལས་བྱུང་བ་དང་། ཚུལ་ཁྲིམས་ལས་བྱུང་བ་དང་། བསྒོམས་པ་ལས་བྱུང་བའོ། །ཅིའི་ཕྱིར་བསོད་ནམས་ ཀྱི་མར་མེའི་སྣང་བ་བླང་ཞེ་ན། གཅིག་པུ་མུན་ནག་མཐའ་ཡས་ནང་དུ་འཇུག་འཚལ་ལོ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མ་འོངས་པའི་དུས་ན་ནི་མ་རིག་པའི་མུན་པས་གཡོགས་པས་མི་གསལ་བའི་ཕྱིར་དང་། ཡོངས་སུ་མ་ཆད་པའི་ཕྱིར་མུན་ནག་མཐའ་ཡས་ཞེས་ བཤད་དོ། །དེར་གཅིག་བུ་གྲོགས་མེད་པར་འཇུག་དགོས་ལ་དེ་ཡང་སྡུག་བསྔལ་དུ་མའི་འཇིགས་པ་དང་བཅས་པ་ཡིན་པས་དེའི་གཉེན་པོར་བསོད་ནམས་རྣམ་པ་གསུམ་གྱི་མར་མེའི་སྣང་བ་ལོང་ཤིག་ཅེས་བྱ་བ་ཡིན་ནོ། །འདི་མན་ཆད་ཀྱི་གཞུང་ནི་འགྲོ་བ་དྲུག་གི་ ངེས་པའི་སྡུག་བསྔལ་ཉམས་སུ་མྱོང་བའི་ཉེས་པའི་དབང་དུ་བྱས་པ་ཡིན་པར་རིག་པར་བྱའོ། །དེ་ལ་རེ་ཞིག་དམྱལ་བའི་འགྲོ་བའི་དབང་དུ་བྱས་ནས། སེམས་ཅན་ཉེས་པར་སྤྱད་པ་སྤྱོད་རྣམས་ལ། །ཡང་སོས་ཐིག་ནག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། ཚིགས་སུ་བཅད་པ་འདིར་ནི་ཚིག་བསྡེབས་ པ་ཉམས་སུ་མྱོང་དགོས་པས། དམྱལ་བ་རྣམས་བབ་བབ་ཏུ་བསྟན་པ་མཛད་དོ། །འདི་ལ་གོ་རིམས་ནི་འདི་ཡིན་པར་རིག་པར་བྱ་སྟེ། ཡང་སོས་དང་། ཐིག་ནག་དང་། བསྡུས་འཇོམས་དང་། ངུ་འབོད་དང་། ངུ་འབོད་ཆེན་པོ་དང་། ཚ་བ་དང་། རབ་ཏུ་ཚ་བ་དང་། མནར་མེད་པ་ཞེས་བྱ་བ་ འདི་དག་ནི་སེམས་ཅན་དམྱལ་བ་ཆེན་པོ་བརྒྱད་ཡིན་ནོ། །སོགས་པ་ཞེས་བྱ་བའི་སྒྲས་ནི་ལྷག་པ་རྣམས་དང་། གྲང་བའི་དམྱལ་བ་རྣམས་དང་། ཉི་ཚེ་བའི་དམྱལ་བ་རྣམས་བསྡུས་པར་རིག་པར་བྱའོ། །རྟག་ཏུ་སྡུག་བསྔལ་འགྱུར་ཞེས་བྱ་བ་ནི་རྒྱུན་མི་འཆད་པར་སྡུག་བསྔལ་བར་འགྱུར་བའོ། ། སུ་དག་ལ་དམྱལ་བ་འདི་རྣམས་རྒྱུན་མི་འཆད་པར་སྡུག་བསྔལ་བར་འགྱུར་ཞེ་ན། ཉེས་པར་སྤྱད་པ་སྤྱོད་རྣམས་ལ། །ཞེས་བྱ་བ་སྨོས་ཏེ། གང་དག་ལུས་དང་ངག་དང་ཡིད་ཀྱིས་ཉེས་པར་སྤྱད་པ་སྤྱོད་པ་རྣམས་ལའོ། །འཕགས་པ་རྣམས་ཀྱིས་སྨད་ཅིང་དགོངས་པའི་སྤྱད་པ་ནི་ཉེས་པར་སྤྱད་པ་སྟེ། དེ་ཡང་ མི་དགེ་བ་བཅུའི་ལུས་ཀྱི་ལས་སྔར་ཇི་སྐད་བཤད་པ་ལྟ་བུ་ཡིན་ནོ། །དེ་ལ་རེ་ཞིག་དམྱལ་བ་ཡང་སོས་ན་ནི་སེམས་ཅན་རྣམས་ཕན་ཚུན་འདུས་ནས་ལས་ལས་བྱུང་བའི་མཚོན་ཆ་སྣ་ཚོགས་ཀྱིས་ཡན་ལག་དང་ཉིང་ལག་དང་ཀུན་དུ་རྡུང་བར་བྱེད། ཀུན་དུ་གཅོད་པར་བྱེད་ཅིང་དེར་དྲན་པ་བརླག་ནས་ས་ལ་ རབ་ཏུ་འགྱེལ་ལོ། །དེའི་རྗེས་ལ་ནམ་མཁའ་ལས་ཁྱེད་རྣམས་ཡང་སོས་པར་གྱུར་ཅིག་ཅེས་བྱ་བའི་སྒྲ་གྲགས་པར་འགྱུར་ཏེ། དམྱལ་བ་དེ་ནི་ཡང་སོས་ཞེས་བྱའོ། །ཐིག་ནག་ན་ནི་སེམས་ཅན་རྣམས་དེ་ན་ཡོད་པའི་སྐྱེས་བུ་གནོད་པ་བྱེད་པ་རྣམས་ཀྱིས་རི་དབྱིབས་སྣ་ཚོགས་པ་དག་གི་གསེབ་ཏུ་ བཅུག་ནས་ཐིག་ནག་པོ་དག་དྲངས་ཏེ། ཤིང་བཞིན་དུ་རྐོ་བར་བྱེད་གཤེག་པར་བྱེད་པས་དམྱལ་བ་དེ་ནི་ཐིག་ནག་ཅེས་བྱའོ། །བསྡུས་གཞོམ་ནི་སེམས་ཅན་རྣམས་གཅིག་ཏུ་བསྡུས་པར་གྱུར་པ་དང་། དེ་ན་ཡོད་པའི་སྐྱེས་བུ་གནོད་པ་བྱེད་པ་རྣམས་ཀྱིས་རི་དབྱིབས་སྣ་ཚོགས་པ་དག་གི་གསེབ་ཏུ་ འཛུད་ཅིང་། རི་དེ་དང་དེ་དག་གིས་འཚིར་བར་བྱེད་དེ། ད་ལྟར་བཙིར་བ་རྣམས་ཀྱི་ཁྲག་ཆུ་ཀླུང་བཞིན་དུ་འབབ་པར་འགྱུར་རོ། །དེ་བཞིན་དུ་ལྕགས་ཀྱི་འཚིར་སྤྱད་ཆེན་པོར་བཅུག་ནས་འཚིར་བར་བྱེད་ཅིང་སྟེང་ནས་རྫོ་ཆེན་པོ་འབབ་པས་དེ་དག་ལྕགས་ཀྱི་ས་གཞི་ལ་ཀུན་དུ་གདུང་བར་བྱེད་ཀུན་ དུ་གཏུབ་པར་བྱེད། ཀུན་དུ་འཇོམས་པར་བྱེད་པས། དམྱལ་བ་དེ་ནི་བསྡུས་གཞོམ་ཞེས་བྱའོ། །ངུ་འབོད་ན་ནི་སེམས་ཅན་གནས་ཚོལ་བ་རྣམས་ལྕགས་ཀྱི་ཁང་པར་འཇུག་པར་བྱེད་དོ། །དེར་ཞུགས་པ་རྣམས་ལ་མེ་འབྱུང་བར་འགྱུར་ཏེ། དེ་ན་དེ་རྣམས་ལ་མེ་འབྱུང་ཞིང་མེ་ལྕེ་གཅིག་ཏུ་ གྱུར་པ་འབར་བས་ཉམ་ཐག་པའི་ང་རོས་འོ་དོད་འབོད་པས་ན་དམྱལ་བ་དེ་ནི་ངུ་འབོད་ཅེས་བྱའོ། །ངུ་འབོད་ཆེན་པོ་ན་ནི་ཁྱད་པར་འདི་ཡོད་དེ། དེ་ན་སེམས་ཅན་གནས་ཚོལ་བ་རྣམས་ཁང་སྒོམ་དུ་འཇུག་གོ། །དེས་ན་དམྱལ་བ་ངུ་འབོད་ཆེན་པོ་ཞེས་བྱའོ། །ཚ་བ་ན་ནི་སེམས་ཅན་རྣམས་དེ་ན་ཡོད་པའི་ སྐྱེས་བུ་གནོད་པ་བྱེད་པ་རྣམས་ཀྱིས། སླར་རབ་ཏུ་འབར་བའི་ནང་དུ་བཅུག་ནས་སྲེག་པར་བྱེད་དོ། །ཡང་དེ་རྣམས་མདུང་འབར་བས་མས་འབིགས་པར་བྱེད་དེ། དེ་རྒྱབ་རོལ་ནས་ཕུག་པས་གླད་པར་ཐལ་འབྱིན་ཅིང་དེ་རྣམས་ཀྱི་སྤུའི་བུ་ག་ཐམས་ཅད་དང་སྒོ་ཐམས་ཅད་ནས་ཀྱང་མེ་འབྱུང་ ངོ་། །ཡང་དེ་རྣམས་ས་གཞི་ཀུན་དུ་འབར་བ་ལ་གན་རྐྱལ་དུ་བསྙལ་ནས་ལྕགས་ཀྱི་ཐོ་བ་ཀུན་དུ་འབར་བ་དག་གིས་རྡུང་བར་བྱེད་དེ། དེ་ན་དམྱལ་བ་དེ་ཚ་བ་ཞེས་བྱའོ། །རབ་ཏུ་ཚ་བ་ན་ནི་ཁྱད་པར་འདི་ཡོད་དེ་མདུང་རྩེ་གསུམ་པས་རྒྱབ་རོལ་ནས་བཏབ་པས་དེའི་རྩེ་མོ་གཉིས་ནི་ཐལ་གོང་ གཉིས་སུ་ཐལ་འབྱིན་ལ། གཅིག་ནི་གླད་པར་ཐལ་འབྱིན་ཏོ། །ཡང་ལྕགས་ཀྱི་ལེབ་མ་ཀུན་དུ་འབར་བས་ལུས་ཐམས་ཅད་ནས་འཁྲི་བར་བྱེད་དོ། །ཡང་ལྕགས་ཟངས་ཀུན་དུ་འབར་བ་ཚ་སྒོའི་ཆུ་བསྐོལ་བའི་ནང་དུ་ཁས་བུབ་ཏུ་འཇུད་པར་བྱེད་ཅིང་དེ་རྣམས་དེ་ན་སྟེང་དང་འོག་དང་ཐད་ ཀར་འགྲོ་བ་ན་པགས་པ་དང་ཤ་དང་ཁྲག་དག་བསྙིལ་ནས་རུས་པའི་ཀེང་རུས་ཙམ་ལུས་སོ། །ཕྱིར་བྱུང་ན་ནི་པགས་པ་དང་ཤ་དང་ཁྲག་དག་སླར་སྐྱེ་བར་འགྱུར་ཏེ། དེས་ན་དམྱལ་བ་དེ་རབ་ཏུ་ཚ་བ་ཞེས་བྱའོ། །མནར་མེད་པ་ནི་ཕྱོགས་བཞི་དང་བླ་འོག་ཐམས་ ཅད་ནས་མེ་འབར་བར་འཁྲིགས་པར་འདུག་སྟེ། དེར་སེམས་ཅན་རྣམས་ཀྱི་པགས་པ་དང་། ཤ་དང་། རྒྱུས་པ་དང་། རུས་པ་ནས་རྐང་གི་བར་ལ་ཞེན་ནས་ལུས་ལ་མར་མེའི་སྙིང་པོ་ལ་ཞེན་པ་བཞིན་ཁྱད་པར་གནས་སོ། །དེ་ན་ཉམ་ཐག་པའི་ང་རོ་གྲག་པ་མ་གཏོགས་པ་འདི་ དག་ནི་སེམས་ཅན་ནོ། །འདི་དག་ནི་མེའོ་ཞེས་བྱེ་བྲག་ཏུ་དབྱེ་བར་མི་ནུས་ཏེ་མེའི་ཕུང་པོ་ལྟ་བུར་སྣང་ངོ་། །སེམས་ཅན་རྣམས་ལ་མེ་དང་སྡུག་བསྔལ་གྱི་བར་མཚམས་མེད་པས་ན། དམྱལ་བ་དེ་ནི་མཚམས་མེད་པ་ཞེས་བྱའོ། །ད་ནི་ཅི་རིགས་པར་དམྱལ་བ་དེ་དག་ན་ཡོད་པའི་སྡུག་བསྔལ་གྱི་ ཁྱད་པར་སྟོན་པར་བྱེད་དོ། །དེ་ལ་ཁ་ཅིག་ཏིལ་བཞིན་འཚིར་ཞེས་བྱ་བ་ནི། །དམྱལ་བ་བསྡུས་འཇོམས་ན་ལྕགས་ཀྱི་འཚིར་སྤྱད་འབར་བར་བཅུག་ནས། འཚིར་བར་བྱེད་པའོ། །ཕྱེ་མ་ཞིབ་མོ་བཞིན་དུ་ཕྱེ་མར་རློག །ཅེས་བྱ་བ་ནི་དམྱལ་བ་དེ་ཉིད་ན། དམྱལ་བའི་སྲུང་མ་ཡ་སོས་མ་ མཆུ་མནན་པ་དག་ཆེ་ཐང་དུ་འབད་པས་ལྕགས་ཀྱི་མཆིག་འབར་བ་དག་གི་སྟེང་དུ། མཆི་གུ་དེ་ཁོ་ན་དང་འདྲ་བས་ཕྱེ་མར་རློག་པར་བྱེད་པའོ། །སོག་ལེས་འདྲ་ཞེས་བྱ་བ་ལ་སོགས་པས་ནི་དམྱལ་བ་ཐིག་ནག་ན། གཤིན་རྗེའི་མི་ཅི་ལ་མ་རག་པར་ཆས་པ། བྲོད་བྲོད་ལྟར་འདུག་པ་དག་ གིས་ཤིང་མཁན་གྱི་ཤིང་རློན་པ་ལ་བྱ་བ་བཞིན་དུ་སོག་ལེས་རབ་ཏུ་འབར་བས་སོ་རང་རོང་དུ་འདུག་པ་དང་། སྟ་རེ་མེ་འབར་བ་རྣམས་ཀྱིས་གཤེག་པར་བྱེད་པ་ཡིན་ནོ། །དེ་བཞིན་གཞན་དག་ཁྲོ་ཆུ་བཞུས་པའི་ཞེས་བྱ་བ་ལ་སོགས་པ་ནི་ཆུ་བོ་རབ་མེད་ཀྱི་འགྲམ་ན། རྐམ་པ་འབར་ བས་ཁའི་བུ་ག་ཕྱེ་བར་ཁྲོ་ཆུ་མེ་དྲག་པོའི་རེག་པས་སྲ་བ་ལས་ཐལ་ཏེ་ནལ་ནལ་པོ་ཉིད་དུ་གྱུར་པ་འབར་བས་ལྡུད་པར་བྱེད་པ་ཡིན་ནོ། །ཁ་ཅིག་ལྕགས་ཀྱི་གསལ་ཤིང་ཞེས་བྱ་བ་ལ་སོགས་པ་ནི་དམྱལ་བ་ཚ་བ་ན་དམྱལ་བ་པ་ལྕགས་ཀྱི་གསལ་ཤིང་འབར་བ་ཚེར་མ་ཅན་ལ་རྒྱུད་པར་བྱེད་ པ་ཡིན་ནོ། །ཁ་ཅིག་ལྕགས་ཀྱི་མཆེ་བ་ལྡན་པའི་ཁྱི། །ཞེས་བྱ་བ་ལ་སོགས་པ་ནི་ལོ་མ་རལ་གྲི་ལྟ་བུའི་ཚལ་ན། ཁྱི་སྲེ་བོ་ལྕགས་ཀྱི་མཆེ་བ་ཅན་གཏུམ་པོ་ངན་པ་སྐད་པོ་ཆེར་ཟུག་པ་དག་གིས་དབད་ཅིང་ལག་པ་གནམ་ཏུ་བསྒྲེངས་ནས། འོ་དོད་འབོད་པར་བྱེད་པ་ཡིན་ནོ། །དབང་ མེད་གཞན་དག་ལྕགས་མཆུ་རྣོན་པོ་དང་། །ཞེས་བྱ་བ་ལ་སོགས་པ་ནི་དབང་མེད་པ་གཞན་དག་ལྕགས་ཀྱི་ཤལ་མ་རིའི་ནགས་ཚལ་ན་འཐོག་པར་བྱེད་པ་ཡིན་ནོ། །གང་དག་གིས་ཤེ་ན། ལྕགས་མཆུ་རྣོན་པོ་དང་། སེན་མོ་མི་བཟད་ལྡན་པའི་ཁྭ་རྣམས་ཀྱིས་ཏེ། ཁྭ་གང་དག་ལ་ལྕགས་ཀྱི་མཆུ་རྣོན་པོ་ དང་སེན་མོ་མི་བཟད་པ་ཡོད་པ་དེ་དག་ལ་དེ་སྐད་ཅེས་བྱའོ། །ཁ་ཅིག་སྲིན་བུ་སྦུར་བ་སྣ་ཚོགས་དང་། །ཞེས་བྱ་བ་ལ་སོགས་པ་ནི་སྲིན་བུ་དང་སྦུར་བ་དག་སྟེ། སྲིན་བུ་ནི་ལུས་ལས་བྱུང་བ་རྣམས་སོ། །སྦུར་བ་ནི་ཕྱི་རོལ་ནས་བྱུང་བ་རྣམས་སོ། །སྣ་ཚོགས་པ་ནི་ཁ་དོག་དང་དབྱིབས་དང་རིགས་ ཐ་དད་པས་སོ། །དེ་བཞིན་དུ། ཤ་སྦྲང་སྦྲང་མ་ནག་པོ་ཁྲི་ཕྲག་དག །སྣ་ཚོགས་པ་ཞེས་བྱ་བར་སྦྱར་བ་སྟེ། ཤ་སྦྲང་དང་སྦྲང་མ་ནག་པོ་དག་ཅེས་བྱ་བར་ཚིག་བསྡུའོ། །སྦྲང་མ་ནག་པོ་ཞེས་བྱ་བ་ནི་སྦྲང་མ་ལྡིང་ནག་ཅེས་བྱ་བའི་དོན་ཏོ། །ཁྲི་ཕྲག་ཅེས་སྨོས་པ་ནི་མང་པོ་ཉིད་དུ་མཚོན་པ་ཡིན་ནོ། ། རེག་ན་མི་བཟོད་ཅེས་པ་ནི་གང་དག་གི་རེག་པ་མི་བཟད་པ་དེ་དག་གིས་རེག་ན་མི་བཟོད་པའོ། །གང་དག་གིས་རྨ་སྲོལ་ཆེར་འབྱིན་པ། དེ་དག་ལ་དེ་སྐད་ཅེས་བྱ་བ་སྟེ། དེ་ལ་སྔ་མས་ནི་ཚོར་བ་མི་བཟད་པའི་རྒྱུ་ཉིད་བཤད་དོ། །གཉིས་པས་ནི་རྨ་སྲོལ་ཆེ་བའི་རྒྱུ་ཉིད་བཤད་དོ། །འགྲེ་ལྡོག་ཅེས་བྱ་ བ་ནི་ཚོར་བ་མི་བཟད་པས་ཉེན་པས་ལུས་མི་བརྟན་པ་ཡིན་ཏེ། སྡུག་བསྔལ་འདི་ཡང་ལྷག་མ་དག་ན་ཡོད་པར་རིག་པར་བྱའོ། །ཁ་ཅིག་མདག་མེ་འབར་བའི་ཚོགས་སུ་ནི། །ཞེས་བྱ་བ་ལ་སོགས་པ་ནི་དམྱལ་བའི་སྲུང་མ་ལྕགས་ཀྱི་འདན་ཀར་འབར་བ་ལ་ཀོམ་ཚུགས་བཅས་ཤིང་། ཅི་ལ་ མ་རག་པར་ཆས་པ་དག་གིས་དམྱལ་བ་རྣམས་ལྕགས་ཀྱི་མདག་མ་མེ་འབར་བ་ལྟ་བུར་འབར་བའི་ཚོགས་སུ་སྲེག་པར་བྱེད་པ་ཡིན་ཏེ། ལུས་ཚོར་བ་བཟོད་རླག་མེད་པས་ཉེན་པ་དེ་དག་ནི་ཁའི་བུ་ག་བགྲད་པ་ཙམ་ལས་གཤིས་བརླག་གོ། །སྡུག་བསྔལ་འདི་ཡང་དམྱལ་བ་ཚ་བ་ན་ ཡོད་པར་རིག་པར་བྱའོ། །ཁ་ཅིག་ལྕགས་ལས་བྱས་པའི་ཟངས་ཆེན་དུ། །ཞེས་བྱ་བ་ལ་སོགས་པ་ནི་ཡང་ཁ་ཅིག་ནི་དམྱལ་བ་རབ་ཏུ་ཚ་བ་ན་ལྕགས་ལས་བྱས་པའི་ཟངས་པོ་ཆེ་མེ་འབར་བ་འཁྲིགས་པར་འདུག་པ་ཚ་སྒོའི་ཆུ་བསྐོལ་བས་བཀང་བའི་ནང་དུ་ འབྲས་ཀྱི་ཅུང་པེང་བཞིན་དུ་འཚེད་པར་བྱེད་པ་ཡིན་ནོ། །སྡིག་ཅན་དབུགས་འབྱུང་འགགས་པ་ཙམ་ཞིག་ནི། །ཞེས་བྱ་བ་ལ་སོགས་པས་ནི་དམྱལ་བའི་སྡུག་བསྔལ་མི་བཟད་པ་ཉིད་སྟོན་ཏེ་སྡིག་ཅན་ནི་སྡིག་པ་དང་ལྡན་པའོ། །དབུགས་འབྱུང་བ་འགགས་པ་ཙམ་གྱི་དུས་ནི། དབུགས་འབྱུང་བ་ འགགས་པ་ཙམ་གྱི་དུས་དེ་དེ་ཙམ་ཞིག་གིས་བར་དུ་ཆོད་པ་བཞིན་དུ་གང་གི་ཕྱིར་སྡིག་ཅན་དག་དམྱལ་བ་རྣམས་ཀྱི་སྡུག་བསྔལ་གཞལ་དུ་མེད་པ་དེ་ལྟ་བུ་ཐོས་ནས། འཇིགས་པར་མི་འགྱུར་བ་དེའི་ཕྱིར་རྡོ་རྗེའི་རང་བཞིན་ཡིན་ཏེ། ཧ་ཅང་འཇིགས་མི་ཤེས་ཆེས་སོ་ཞེས་བྱ་བའི་ཐ་ཚིག་ གོ། །རྡོ་རྗེའི་རང་བཞིན་ནོ་ཞེས་བྱ་བ་ནི་འཇིགས་མི་ཤེས་པ་ཉིད་དུ་སྟོན་པར་བྱེད་པ་ཡིན་ཏེ། སྡིག་པ་ཅན་རྣམས་ཀྱི་དམྱལ་བའི་སྡུག་བསྔལ་ཤི་མ་ཐག་ཏུ་འབྱུང་སྟེ། དེ་ལྟར་གཏིང་ལ་ཐུག་གི་སྡུག་བསྔལ་ཆེན་པོ་ཐོས་ནས་འགྱོད་པར་མི་བྱེད་པ་གང་ཡིན་པ་དེ་ནི་དེ་དག་གི་རྡོ་རྗེའི་རང་བཞིན་ ཡིན་ནོ། །དམྱལ་བ་བྲིས་པ་ཞེས་བྱ་བ་ལ་སོགས་པས་ནི་དེ་ཉིད་དྲན་པར་བྱེད་དེ་རྩིག་པ་ལ་སོགས་པ་ལ་བྲིས་པ་མཐོང་བ་རྣམས་ཀྱང་འཇིགས་པ་སྐྱེ་བར་འགྱུར་ན་ཞེས་ཐམས་ཅད་ལ་སྦྱར་རོ། །ཐོས་པ་ནི་གཞན་དག་གིས་བསྙད་པའོ། །དྲན་པ་ནི་སྔོན་ཉམས་སུ་མྱོང་བའོ། །བཀླགས་པ་ནི་ གཞུང་གི་ངོ་བོར་སྦྱོར་བའོ། །གཟུགས་སུ་བགྱིས་པས་ནི་འཇིམ་པ་ལ་གཟུགས་སུ་བྱས་པ་ཞེས་བྱ་བའི་ཐ་ཚིག་གོ། །དམྱལ་བ་དེ་ལྟ་བུ་དག་ཀྱང་། འཇིགས་པ་སྐྱེ་བར་འགྱུར་ན་མི་བཟད་པའི། །རྣམ་སྨིན་ཉམས་སུ་མྱོང་རྣམས་སྨོས་ཅི་འཚལ། །དེ་དག་ནི་རྣམ་པར་སྨིན་པ་མི་བཟད་པ་ཡང་ ཡིན་ལ། ཉམས་སུ་མྱོང་བ་ཡང་ཡིན་པས། མི་བཟད་པའི་རྣམ་སྨིན་ཉམས་སུ་མྱོང་བ་རྣམས་ཏེ། དེའི་གནས་སྐབས་ན་དམྱལ་བ་རྣམས་འཇིགས་པ་ཤིན་ཏུ་ཡང་བསྐྱེད་དོ་ཞེས་བྱ་བའི་ཐ་ཚིག་གོ། །བདེ་བ་ཀུན་གྱི་ནང་ན་སྲེད་ཟད་པའི། །ཞེས་བྱ་བ་ལ་སོགས་པས་ནི་དམྱལ་བ་ན་ཡང་ ཐམས་ཅད་དུ་སྡུག་བསྔལ་མཚུངས་པ་མ་ཡིན་གྱི་འོན་ཀྱང་ལ་ལར་ཁྱད་པར་ཡོད་དོ་ཞེས་སྟོན་པར་བྱེད་དོ། །དེ་ལ་སྲེད་པ་ཟད་པའི་བདེ་བ་ནི་རྣམ་པར་གྲོལ་བའི་བདེ་བ་ཡིན་པར་རིག་པར་བྱ་སྟེ། དེ་བཞིན་དུ་འཇིག་རྟེན་ན་སྡུག་བསྔལ་གང་དག་ཇི་སྙེད་ཡོད་པ་དེ་དག་གི་ནང་ན་དམྱལ་བ་མནར་མེད་པའི་ སྡུག་བསྔལ་མི་བཟད་པ་ཡིན་ནོ། །འདི་ན་ཉན་གཅིག་ཅེས་བྱ་བ་ལ་སོགས་པས་ནི་མིའི་སྡུག་བསྔལ་བས་དམྱལ་བའི་སྡུག་བསྔལ་གྱིས་ཁྱད་ཞུགས་པར་སྟོན་པར་བྱེད་དེ། མདུང་ཐུང་སུམ་བརྒྱས་ཉི་མ་ཐོག་ཐག་ཏུ་བཏབ་པའི་མིའི་སྡུག་བསྔལ་གང་ཡིན་པ་དེ་ནི་མིའི་འཇིག་རྟེན་ན་ཤིན་ཏུ་ སྡུག་བསྔལ་བ་ཡིན་ནོ། །སྡུག་བསྔལ་དེ་འདྲ་བ་དེ་ཡང་དམྱལ་བའི་སྡུག་བསྔལ་ཆུང་ངུ་དང་ཡང་མཉམ་པར་མི་འགྱུར་ཏེ། དམྱལ་བའི་སྡུག་བསྔལ་ཆུང་ངུ་ཡང་སྡུག་བསྔལ་དེ་བས་ཁྱད་ཞུགས་སོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟར་དམྱལ་བའི་སྡུག་བསྔལ་མི་བཟད་པ་ཉིད་དུ་བཤད་ ནས་ལས་ཟད་པ་ཁོ་ནས་དེ་ཟད་པར་འགྱུར་གྱི་གཞན་དུ་ནི་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། དེ་ལྟར་སྡུག་བསྔལ་ཤིན་ཏུ་མི་བཟད་པ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་སྐད་དུ་ལས་དེ་ནི་སྡུག་བསྔལ་དྲག་པོའི་ཚོར་བ་འདི་ལྟ་བུས་ཀྱང་འཆི་བར་མི་འགྱུར་བ་གང་ཡིན་པ་དེ་ལྟ་བུའི་སྟོབས་ དང་ལྡན་པ་ཡིན་ནོ་ཞེས་བཤད་པར་འགྱུར་རོ། །མི་དགེའི་འབྲས་འདི་རྣམས་ཀྱི་ས་བོན་ནི། །ཞེས་བྱ་བ་ལ་སོགས་པས་ནི་དམྱལ་བའི་སྡུག་བསྔལ་ལས་བཟློག་པའི་ཕྱིར་རྒྱལ་པོ་ལ་འདོམས་པར་བྱེད་དོ། །མི་དགེའི་འབྲས་འདི་རྣམས་ཀྱི་ཞེས་བྱ་བ་ནི་དམྱལ་བ་རྣམས་སེམས་ཅན་ཐམས་ ཅད་ཀྱི་ལས་ཀྱི་དབང་གིས་འབྱུང་བའི་ཕྱིར་རོ། །ས་བོན་ནི་རྒྱུའོ། །ལུས་དང་ངག་དང་ཡིད་ཀྱི་ཉེས་པར་སྤྱད་པ་ནི་སྔར་བཤད་པ་ཡིན་ནོ། །ཁྱོད་ཀྱིས་ཅི་ནས་ཀྱང་ས་བོན་དེ་རྡུལ་ཙམ་ཡང་མེད་པ་དེ་ལྟར་འབད་པར་གྱིས་ཤིག་ཅེས་བྱ་བ་ནི་འདི་ལ་གདམས་པ་ཡིན་ནོ། །དུད་འགྲོའི་སྐྱེ་གནས་སུ་ གཏོགས་པའི་སྡུག་བསྔལ་གྱི་དབང་དུ་བྱས་ནས། དུད་འགྲོའི་སྐྱེ་གནས་ན་འང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་དུད་འགྲོའི་སྐྱེ་གནས་སུ་གཏོགས་པའི་སྡུག་བསྔལ་ནི་སྤྱི་དང་ཁྱད་པར་དུ་བསྟན་པར་རིག་པར་བྱའོ། །སྤྱིར་བསྟན་པའི་དབང་དུ་བྱས་ནས། བསད་པ་དང་། བཅིང་ དང་བརྡེག་སོགས་སྡུག་བསྔལ་སྣ་ཚོགས་པ། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ལ་བསད་པ་ནི་གསོད་པའོ། །འཆིང་བ་ནི་ཐག་པ་ལ་སོགས་པས་སོ། །བརྡེག་པ་ནི་ལྕགས་ལ་སོགས་པས་སོ། །སོགས་ཞེས་བྱ་བའི་སྒྲས་ནི་བཀོལ་བ་དང་། སྣ་ དབུག་པ་ལ་སོགས་པ་བསྡུས་ཏེ། འདི་ནི་རེ་ཞིག་དུད་འགྲོའི་སྐྱེ་གནས་སུ་གཏོགས་པ་རྣམས་ཀྱི་སྡུག་བསྔལ་མི་དང་མི་ཡིན་པས་བྱས་པའི་དབང་དུ་བྱས་ནས་བཤད་པ་ཡིན་ནོ། །རང་གི་རིགས་ཀྱིས་བྱས་པའི་སྡུག་བསྔལ་གྱི་དབང་དུ་བྱས་ནས། ཞི་འགྱུར་དགེ་བ་སྤངས་པ་ རྣམས་ལ་ནི། །གཅིག་ལ་གཅིག་ཟ་ཤིན་ཏུ་མི་བཟད་པ། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཞི་འགྱུར་དགེ་བ་སྤངས་པ་རྣམས་ལ་ཞེས་བྱ་བ་ནི་ངེས་པར་འབྱེད་པའི་ཆ་དང་མཐུན་པའི་དགེ་བ་སྤངས་པ་རྣམས་ལ་ཞེས་བྱ་བའི་ཐ་ཚིག་སྟེ། མྱ་ངན་ལས་འདས་པ་ཐོབ་པར་བྱེད་པའི་དགེ་བ་ནི་ ཞི་བར་འགྱུར་བའི་དགེ་བ་ཡིན་པས་སོ། །འདིར་སྤངས་པ་ཉིད་ཀྱིས་ནི་སྣོད་མ་ཡིན་པ་ཉིད་དུ་བཤད་དོ། །གཅིག་ལ་གཅིག་ཟ་ཞེས་བྱ་བ་ནི་ཕན་ཚུན་ཟ་བ་ཞེས་བྱ་བའི་ཐ་ཚིག་གོ། །འདིར་ཡང་ཞི་བར་འགྱུར་བའི་དགེ་བ་སྤངས་པ་ཉིད་ཀྱིས་ནི་ཤིན་ཏུ་བླུན་པ་ཉིད་དུ་བཤད་དོ། །དེ་ལྟ་བུ་ རྣམས་ཕན་ཚུན་ཟ་བ་ནི་ཤིན་ཏུ་མི་བཟད་པ་ཡིན་ཏེ། འགྱོད་པ་མེད་པ་ཉིད་ཀྱིས་རྣམ་པར་སྨིན་པ་གཅིག་ཏུ་སྡུག་བསྔལ་བའི་ཕྱིར་རོ། །ཁྱད་པར་གྱི་དབང་དུ་བྱས་ནས། ཁ་ཅིག་མུ་ཏིག་བལ་དང་རུས་པ་དང་། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཁ་ཅིག་ནི་མུ་ཏིག་གི་ཕྱིར་འཆི་བར་ འགྱུར་རོ། །ཁ་ཅིག་ནི་བལ་གྱི་ཕྱིར་རོ། །ཁ་ཅིག་ནི་རུས་པའི་ཕྱིར་ཏེ། དཔེར་ན་གླང་པོ་ཆེ་ལྟ་བུའོ། །ཁ་ཅིག་ནི་ཤའི་ཕྱིར་ཏེ་རི་དགས་ལ་སོགས་པའོ། །ཁ་ཅིག་ནི་པགས་པའི་ཕྱིར་ཏེ་གཟིག་ལ་སོགས་པའོ། །དབང་མེད་གཞན་དག་ཅེས་བྱ་བ་ལ་སོགས་པ་ལ་འདིར་བཏབ་སྟེ་ཞེས་ བྱ་བའི་སྒྲ་ནི་རེ་རེ་དང་སྦྱར་རོ། །དེ་ལ་རྡོག་པས་བཏབ་སྟེ་བཀོལ་བ་ནི་རྟ་ལ་སོགས་པའོ། །ལག་པས་བཏབ་སྟེ་བཀོལ་བ་ནི་མ་ཧེ་ལ་སོགས་པའོ། །ལྕག་གིས་བཏབ་སྟེ་བཀོལ་བ་ནི་བོང་བུ་ལ་སོགས་པའོ། །ལྕགས་ཀྱུས་བཏབ་སྟེ་བཀོལ་བ་ནི་གླང་པོ་ཆེ་རྣམས་སོ། །གདབ་ པས་བཏབ་སྟེ་བཀོལ་བ་ནི་གླང་ལ་སོགས་པའོ། །ཡི་དགས་ཀྱི་འགྲོ་བའི་སྡུག་བསྔལ་གྱི་དབང་དུ་བྱས་ནས། ཡི་དགས་ན་ཡང་འདོད་པས་ཕོངས་པ་ཡིས། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འདིར་ཡང་སྤྱི་དང་ཁྱད་པར་དུ་བསྟན་པར་རིག་པར་བྱ་སྟེ། རེ་ཞིག་སྤྱིར་བསྟན་པ་ ནི་འདོད་པས་ཕོངས་པ་བགྲེས་པ་ལ་སོགས་པ་བྱས་པའི་སྡུག་བསྔལ་ཡིན་ནོ། །ནམ་ཡང་འདོད་པས་ཡོངས་སུ་རྫོགས་པ་མེད་པའི་ཕྱིར་རྒྱུན་ཆགས་པའོ། །མི་འཆོས་པ་ཞེས་སྨོས་པ་ནི། སྡུག་བསྔལ་མི་བཟད་པ་ཉིད་དུ་སྟོན་ཏེ། བཀྲེས་སྐོམ་ཞེས་བྱ་བ་ལ་སོགས་པས་ནི་བཀྲེས་པ་དང་སྐོམ་པ་དང་ གྲང་བ་དང་དྲོ་བ་དང་། ངལ་བ་དང་འཇིགས་པ་ཞེས་བྱ་བར་ཚིག་བསྡུས་ཏེ། འདི་རྣམས་ཀྱིས་བསྐྱེད་པའི་སྡུག་བསྔལ་ཤིན་ཏུ་མི་བཟད་པ། ཐིག་གི་དྲག་པོ་བསྟན་འཚལ་ལོ་ཞེས་བྱ་བར་སྦྱར་རོ། །དེ་ལ་ངལ་བ་ནི་ཟས་ཀྱི་ཕྱིར་ཡོངས་སུ་རྒྱུག་པ་རྣམས་ལ་འབྱུང་ངོ་། །འདི་དག་གི་འཇིགས་པ་ ནི་སྐྱེས་བུ་རལ་གྲི་དང་གཏུན་ཤིང་དང་ཞགས་པ་ཐོགས་པ་རྣམས་མཐོང་ན་སྐྱེའོ། །སྡུག་བསྔལ་ཁྱད་པར་དུ་བསྟན་པའི་དབང་དུ་བྱས་ནས། ཁ་ཅིག་ཁ་ནི་ཁབ་ཀྱི་མིག་ཙམ་ལ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་དག་གི་ཁ་ཁབ་ཀྱི་མིག་ཙམ་དུ་ཆུང་བ་དེ་དག་ལ་དེ་སྐད་ཅེས་བྱ་སྟེ། ལྟོ་བ་རི་ཡི་གཏོས་ཙམ་ཞེས་བྱ་བ་ནི་ལྟོ་བ་རིའི་གཏོས་ཀྱི་ཚད་ཙམ་ཞེས་བྱ་བའི་ཐ་ཚིག་གོ། །མི་གཙང་གྱི་ན་བོར་བ་ཅུང་ཟད་ཀྱང་། །ཞེས་བྱ་བ་ནི་ཁའི་བུ་ག་ཕྲ་བའི་ཕྱིར་མི་གཙང་བ་ཅི་བདེར་བོར་བ་ཅུང་ཟད་ཙམ་ཡང་བཟའ་བར་མི་ནུས་སོ་ཞེས་བྱ་བ་ཡིན་ནོ། །ཁ་ཅིག་པགས་རུས་ལུས་ཞེས་ བྱ་བ་ནི་ཤ་མེད་པའོ། །གཅེར་བུ་ཞེས་བྱ་བ་ནི་སྒྲེན་མོའོ། །ཏ་ལའི་ཡང་ཏོག་བསྐམས་པ་ལྟ་བུ་ལགས། །ཞེས་བྱ་བ་ནི་ཤིང་ཏ་ལ་མགོ་བསྐམས་པ་དང་འདྲ་བ་ཞེས་བྱ་བའི་ཐ་ཚིག་སྟེ། ཡི་དགས་དེ་དག་ནི་ལྷ་མ་ཡིན་ཞེས་བྱའོ། །ཡི་དགས་ཁ་ཅིག་ནི་ཁ་ནས་འབར་བ་སྟེ། ཁ་གདངས་ན་མེ་ འབར་བ་ལྟ་བུ་འབྱུང་བ་ཡིན་ནོ། །ཅི་ཉིན་པར་རམ་ཞེ་ན། མ་ཡིན་ཏེ་མཚན་ཞིང་ཞེས་བྱ་བ་སྨོས་ཏེ་ནུབ་མོ་ཞིང་ངོ་། །ཡང་དེ་དག་ཟས་སུ་ཅི་ཞིག་ཟ་ཞེ་ན། ཟས་སུ་འབར་བའི་ཁར་བབས་བྱེ་མ་འཚལ། །ཞེས་བྱ་བ་སྨོས་ཏེ། ཁ་འབར་བར་བྱེད་པའི་བྱེ་མ་བབས་པ་ནི། འབར་བའི་ཁར་ བབས་བྱེ་མའོ། །གང་དག་ལ་ཟས་སུ་དེ་དག་བདོག་པ་དེ་དག་ལ་དེ་སྐད་ཅེས་བྱའོ། །ཡི་དགས་ཁ་ཅིག་གིས་ནི་ཕྱི་ས་དང་རྣག་ལ་སོགས་པའི་མི་གཙང་བ་ཡང་མི་རྙེད་དོ། །དེ་ཅིའི་ཕྱིར་ཞེ་ན། སྨད་རིགས་ཞེས་བྱ་བ་སྨོས་ཏེ་བསོད་ནམས་མ་བྱས་པའི་ཕྱིར་རོ་ཞེས་བྱ་ བའི་ཐ་ཚིག་གོ། །འོ་ན་དེ་དག་ཅི་ཞིག་ཟ་ཞེ་ན། ཕན་ཚུན་གདོང་དུ་འཚོག་ཅིང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་དག་གི་ཕན་ཚུན་མཐོང་ནས་ཁྲོས་པའི་དབང་གིས་གདོང་དུ་འཚོག་པར་བྱེད་དོ། །ཁ་ཅིག་ནི་ལག་པ་ནས་ཐོ་བ་དག་ཕྱུང་སྟེ། གཅིག་ལ་གཅིག་སྣུན་པར་བྱེད་དོ། །དེས་ན་དེ་ དག་གི་མགྲིན་པར་ལྦ་བ་འབྱུང་སྟེ། དེ་ཡོངས་སུ་སྨིན་པའི་དབང་གིས་ཁོང་དུ་འཛག་པ་ལ་ཟས་ཀྱི་བྱ་བ་སྒྲུབ་བོ། །ཡི་དགས་འདི་དག་ཁ་ཅིག་ལ་སོས་ཀའི་དུས་སུ་ནི་ཟླ་བ་ཡང་ཚ་བར་འགྱུར་ལ། དགུན་གྱི་དུས་ལ་བབ་ན་ནི་ཉི་མ་ཡང་གྲང་མོར་འགྱུར་རོ། །ལྗོན་ཤིང་འབྲས་བུ་མེད་འགྱུར་ ཞེས་བྱ་བ་ནི་བསོད་ནམས་དང་མི་ལྡན་པ་དེ་རྣམས་ལ་ནི་ཤིང་ལྗོན་པ་འབྲས་བུ་སྨིན་ཞིང་ཞིམ་པ། ཡལ་ག་དུད་པ་དག་ཀྱང་མེས་བསྲེགས་པ་བཞིན་དུ་འབྲས་བུ་དང་ལོ་མ་དག་ཀྱང་མེད་པར་འགྱུར་རོ། །དེ་དག་གིས་བལྟས་པ་ཙམ་ཁོ་ནས་ཆུ་ཞིམ་པོ་བསིལ་བ་འབབ་པའི་ཀླུང་ཡང་མིག་གདུག་པའི་དུག་ གིས་བསྲེགས་པ་བཞིན་དུ་སྐམ་པར་འགྱུར་རོ། །ཁ་ཅིག་ལ་ནི་མེ་འབར་བ་འཁྲིགས་པའི་མདག་མེས་གང་བར་འགྱུར་རོ། །ཁ་ཅིག་ལ་ནི་རྣག་གི་ཀླུང་སྲིན་བུ་སྣ་ཚོགས་ཀྱིས་གང་བ་འབབ་པར་འགྱུར་རོ། །ཁ་ཅིག་ལ་ནི་ཕྱི་ས་དང་གཅིན་གྱིས་གང་བར་འགྱུར་རོ། །དེ་ལྟ་བུ་དེ་དག་དུས་ཇི་ སྲིད་ཅིག་ཏུ་འཚོ་ཞེ་ན། ལོ་ལྔ་སྟོང་དག་དང་ཁྲིར་ཡང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཁ་ཅིག་ལོ་ནི་ལྔ་སྟོང་། ཁ་ཅིག་ནི་ལོ་ཁྲིར་ཡང་མི་འཆིའོ། །ཁྱད་པར་ཅི་ལྟ་བུ་ཅན་དག་ཡིན་ཞེ་ན། བར་ཆད་མེད་པར་སྡུག་བསྔལ་རྟེན་གྱུར་པ། །ཞེས་བྱ་བ་སྨོས་ཏེ། བར་ཆད་མེད་པར་ སྡུག་བསྔལ་གྱི་ཚོར་བས་ཉེན་པ་དག་ཅེས་བྱ་བའི་དོན་ཏོ། །ཡང་ཇི་ལྟར་དེ་དག་གི་ལུས་སྡུག་བསྔལ་བ་དེ་ལྟ་བུས་ཀྱང་འཇིག་པར་མི་འགྱུར་ཏེ། ཉེས་པར་སྤྱད་པའི་ལས་ཀྱི་ཞགས་པ་ནི། །སྲ་བས་བཅིངས་པའི་ལུས་ཅན་ཞེས་བྱ་བ་སྨོས་ཏེ། གང་དག་གིས་ཉེས་པར་སྤྱད་པའི་ལས་ཀྱི་ ཞགས་པ་སྲ་བས་བཅིངས་པ་ཞེས་བྱ་བར་ཚིག་སྦྱར་སྟེ། དེའི་ཕྱིར་མི་འཇིག་གོ་ཞེས་བྱ་བའི་ཐ་ཚིག་གོ། །སྡུག་བསྔལ་དེ་འདྲ་བའི་རྒྱུ་གང་ཡིན་ཞེ་ན། དེ་ལྟར་ཡི་དགས་རྣམས་ཀྱིས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ལ་དེ་ལྟར་ཞེས་བྱ་བ་ནི་ཇི་སྐད་བཤད་པ་སྟེན་པར་བྱེད་དོ། །སྣ་ ཚོགས་པ་ཞེས་བྱ་བ་ནི་བཀྲེས་པ་དང་སྐོམ་པ་ལ་སོགས་པར་རིག་པར་བྱའོ། །རོ་གཅིག་ཅེས་བྱ་བ་ནི་སྡུག་བསྔལ་བར་ཆད་མེད་པ་ཉིད་དུ་སྟོན་པར་བྱེད་དོ། །སྐྱེ་བོ་འཇུངས་དགའ་བ། ཞེས་བྱ་བ་ལ། སྐྱེ་བོ་འཇུངས་པ་ནི་སྐྱེ་བོ་སེར་སྣ་ཅན་ཏེ། དེ་དག་ལ་དགའ་བའོ། །དེ་ཡང་གང་ཡིན་ ཞེ་ན། སེར་སྣ་འཕགས་མིན་ཞེས་བྱ་བ་སྨོས་ཏེ། འཕགས་པ་མ་ཡིན་པ་ཉིད་ནི་ཉོན་མོངས་པ་ཅན་ཉིད་ལ་རིག་པར་བྱའོ། །སེར་སྣ་དེ་ནི་ཡི་དགས་ཀྱི་འཇིག་རྟེན་དུ་སྐྱེ་བའི་རྒྱུ་ཡིན་པར་སངས་རྒྱས་བཅོམ་ལྡན་འདས་ཀྱིས་གསུངས་ཏེ། བདག་ཅག་སེར་སྣ་ཅན་རྣམས་ནི། །མིག་ ཚུགས་ཤེ་དག་ལྟ་ལྟ་ནས། །སྦྱིན་པ་ཆུང་ཟད་མ་སྩལ་དེས། །བདག་ཅག་ཡི་དགས་འཇིག་རྟེན་ལྷགས། །ཞེས་འབྱུང་བའི་ཕྱིར་རོ། །ལྷའི་འགྲོ་བའི་སྡུག་བསྔལ་གྱི་དབང་དུ་བྱས་ནས། མཐོ་རིས་ན་ཡང་བདེ་ཆེན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མཐོ་རིས་དག་ན་ལྷའི་བུ་མོ་ སྒེག་མ་དང་གཟུགས་ལ་སོགས་པ་ཡུལ་སྣ་ཚོགས་པའི་ཡིད་དུ་འོང་བ་དག་གིས་བདེ་བ་ཆེན་པོ་ཉམས་སུ་མྱོང་ངོ་། །དེ་ན་བདེ་བ་དེ་འདྲ་བ་ཡོད་མོད་ཀྱི། དེ་དག་གི་འཆི་འཕོའི་སྡུག་བསྔལ་ཉིད་འཆི་བའི་དུས་ནི་ཡིད་ཤིན་ཏུ་མི་བདེ་བ་འབྱུང་བ་ནི་བདེ་བ་དེ་བས་ཀྱང་ཆེའོ། །དེ་ལྟར་བསམས་ནས་ ཡ་རབས་རྣམས་ཀྱིས་ནི། །ཟད་འགྱུར་མཐོ་རིས་སླད་དུ་སྲེད་མི་བགྱི། །ཡ་རབས་ཡིན་ཡང་ཟད་པར་འགྱུར་བའི་ངང་ཚུལ་ཅན་གྱི་མཐོ་རིས་ལ་དགའ་བར་མི་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །ལྷ་རྣམས་ལ་གནད་འཆད་པའི་ཚོར་བ་མེད་པའི་ཕྱིར་ཅིའི་ཕྱིར་འཆི་འཕོ་བའི་སྡུག་བསྔལ་ འབྱུང་ཞེ་ན། ལུས་ཀྱི་ཁ་དོག་མི་སྡུག་འགྱུར་བ་དང་། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འདི་སྐད་དུ་བཤད་པ་ཡིན་ཏེ། དེ་དག་ལ་གནད་འཆད་པའི་ཚོར་བ་མེད་པས་ལུས་ཀྱི་སྡུག་བསྔལ་མེད་མོད་ཀྱི། འཆི་འཕོ་བའི་སྔ་ལྟས་རྣམས་མཐོང་ནས་སེམས་ཤིན་ཏུ་སྡུག་བསྔལ་བ་ནི་ འབྱུང་སྟེ། ཇི་སྐད་དུ། དེ་ནས་ལྷའི་བུ་ཞིག་སྙིང་རྗེ་རྗེ་སྐད་དུ་ངུ་ཞིང་། ཀྱི་ཧུད་དལ་གྱིས་འབབ། ཀྱི་ཧུད་རྫིང་བུ་ཞེས་སྨྲེ་སྔགས་འདོན་ཏོ་ཞེས་རྒྱས་པར་འབྱུང་བ་ལྟ་བུ་ཡིན་ནོ། །ལྷ་རྣམས་ཀྱི་འཆི་འཕོ་བའི་སྔ་ལྟས་ཀྱི་སྡུག་བསྔལ་དེ་དག་ཀྱང་ལྔ་ཡིན་ཏེ། འདི་ལྟ་སྟེ་སྔོན་གྱི་ ཁ་དོག་ཕུན་སུམ་ཚོགས་པ་མེད་པས་ལུས་ཀྱི་མདོག་མི་སྡུག་པ་དང་། རང་གི་སྟན་ལ་མི་དགའ་བ་དང་། མེ་ཏོག་གི་ཕྲེང་བ་རྙིངས་པ་དང་། གོས་ལ་དྲི་མ་ཆགས་པ་དང་ལུས་ལས་རྔུལ་འབྱུང་བའོ། །དེ་ལྟར་ན་གང་དག་མཐོང་ནས་ལྷ་རྣམས་ཡིད་མི་བདེ་བ་སྐྱེ་བར་འགྱུར་བས། མཐོ་རིས་འཆི་འཕོ་ སྦྲོན་བྱེད་སྔ་ལྟས་ལྔ། །ལྷ་ཡུལ་ལྷའི་འཇིག་རྟེན་ན་གནས་པའི་ལྷ་རྣམས་ལ་འབྱུང་སྟེ། མི་རྣམས་ཀྱི་འཆི་བར་འགྱུར་བ་སྦྲོན་པའི་སྔ་ལྟས་བཞིན་ནོ། །དཔེར་ན་ཁྲུས་བྱས་ཤིང་བྱུག་པས་བརྐུས་པ་གང་ཡིན་པ་ཞིག་གི་སྙིང་དང་པོར་ཚ་བ་དང་། རྣ་བ་མ་བཀག་པར་སྒྲ་མི་ཐོས་པ་དེ་ནི་རིང་པོར་མི་ ཐོགས་པར་འཆི་བར་འགྱུར་རོ་ཞེས་བྱ་བ་ལ་སོགས་པ་ལྟ་བུ་ཡིན་ནོ། །ལྷ་ཡི་འཇིག་རྟེན་དག་ནས་འཕོས་པ་ལ། །ཞེས་བྱ་བ་ལ་སོགས་པས་ནི་ལྷ་རྣམས་ལ་སྡུག་བསྔལ་དེ་ཙམ་པ་འབའ་ཞིག་ཏུ་མ་ཟད་ཀྱི། དེ་ནས་ཤི་འཕོས་པ་རྣམས་ལ་ཡང་འབྱུང་བ་ཁོ་ནའོ་ཞེས་བྱ་བ་དེ་སྟོན་ཏེ། བསྡུས་པའི་ དོན་ནི་ལྷའི་འཇིག་རྟེན་ནས་ཤི་འཕོས་པ་ལ་གལ་ཏེ་ལྷ་དང་མིར་སྐྱེ་བར་འགྱུར་བའི་དགེ་བ་ཅུང་ཟད་ཀྱང་མེད་ན་སླར་ངན་སོང་གསུམ་དུ་སྡུག་བསྔལ་ཉམས་སུ་མྱོང་བར་འགྱུར་བ་ཁོ་ནའོ་ཞེས་བྱ་བ་ཡིན་ནོ། །ལྷ་མ་ཡིན་གྱི་སྡུག་བསྔལ་གྱི་དབང་དུ་བྱས་ནས། ལྷ་མིན་དག་ན་འང་རང་བཞིན་གྱིས། །ཞེས་བྱ་བ་ ལ་སོགས་པ་སྨོས་སོ། །ལྷ་མ་ཡིན་རྣམས་ལ་ནི་རང་བཞིན་གྱིས་སྙེམས་པའི་ང་རྒྱལ་ལས་སྐྱེས་པའི་ང་རྒྱལ་ཡོད། དེ་དག་ཀྱང་ང་རྒྱལ་ཆེ་བའི་ཕྱིར་རོ། །དེ་ལྟ་བས་ན་འདིས་ནི་དེ་དག་གི་ཉོན་མོངས་པའི་ཀུན་ནས་ཉོན་མོངས་པའི་སྡུག་བསྔལ་བཤད་དོ། །རང་བཞིན་གྱིས་ཞེས་བྱ་བ་སྨོས་ པས་ནི་གཡུལ་འགྱེད་པའི་ཚེ་ལུས་ཀྱི་སྡུག་བསྔལ་ཡང་འབྱུང་ངོ་ཞེས་སྟོན་པར་བྱེད་དོ། །ལྷའི་དཔལ་ལ་སྡང་ཕྱིར་ཞེས་བྱ་བ་འདིས་ནི་སྙེམས་པའི་ང་རྒྱལ་ལས་སྐྱེས་པའི་སྡུག་བསྔལ་གྱི་རྒྱུ་སྟོན་པར་བྱེད་དོ། །སྐྱེ་བའི་ཀུན་ནས་ཉོན་མོངས་པའི་སྡུག་བསྔལ་ཡང་བསྟན་པའི་ཕྱིར་རོ། །དེ་དག་བློ་ དང་ལྡན་ན་ཡང་། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གལ་ཏེ་འདི་དག་ལ་དགེ་བ་དང་མི་དགེ་བ་རྣམ་པར་དཔྱོད་པར་ནུས་པའི་བློ་ཡོད་དུ་ཟིན་ཀྱང་འོན་ཀྱང་འགྲོ་བའི་སྒྲིབ་པས་བདེན་པ་མཐོང་བ་ནི་མེད་དོ། །འགྲོ་བ་དེ་ཉིད་གང་བདེན་པ་མཐོང་བའི་རྟེན་གྱི་ངོ་བོར་མི་འགྱུར་བ་དེ་ལྟ་བུར་མི་དགེ་བའི་ ལས་ཀྱིས་འཕངས་པ་ཡིན་ཏེ། དེ་བས་ན་སྒྲིབ་པ་ཞེས་བྱའོ། །ལྷ་མ་ཡིན་གྱི་འགྲོ་བའི་འཕེན་པར་བྱེད་པ་ནི་མི་དགེ་བའི་ལས་ཡིན་ལ་ཡོངས་སུ་རྫོགས་པར་བྱེད་པ་ནི་དགེ་བ་ཁོ་ན་ཡིན་པར་འདོད་དོ། །ལྷའི་འགྲོ་བ་ནི་འཕེན་པར་བྱེད་པ་དང་ཡོངས་སུ་རྫོགས་པར་བྱེད་པ་ཡང་དགེ་བ་ ཡིན་པས། ལྷའི་འགྲོ་བ་ལས་ལྷ་མ་ཡིན་གྱི་འགྲོ་བ་འགྲོ་བ་གཞན་ཉིད་དུ་རྣམ་པར་གཞག་གོ། །མིའི་འགྲོ་བའི་སྡུག་བསྔལ་གྱི་ཁྱད་པར་ནི་ལོགས་ཤིག་ཏུ་བཤད་དེ། སྤྱིར། དེས་པ་འདོད་པས་ཕོངས་དང་འཆི་བ་དང་། །ན་དང་རྒས་སོགས་སྡུག་བསྔལ་དུ་མ་ཡི། །འབྱུང་གནས་ཞེས་ བྱ་བ་ལ་སོགས་པ་ཁོ་ནས་བསྟན་ཟིན་པའི་ཕྱིར་དང་། སྔར་ཡང་མི་རྣམ་པ་དུ་མས་སྨད་པའི་ཕྱིར་རོ། །ད་ནི་དེ་ལྟར་འཁོར་བའི་ཉེས་པ་བཤད་ནས་དེ་ལ་མངོན་པར་མི་དགའ་བའི་འདུ་ཤེས་ཉེ་བར་བསྒྲུབ་པར། འཁོར་བ་དེ་འདྲ་ལགས་པས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གང་གི་ཕྱིར་ དེ་ལྟར་འཁོར་བ་ཉེས་པ་དང་ལྡན་པ་དེའི་ཕྱིར་ལྷ་ལ་སོགས་པར་སྐྱེ་བ་ནི་བཟང་པོ་མ་ཡིན་ནོ། །དེ་ལྟར་ཁྱད་པར་དུ་སྐྱེ་བའི་ཉེས་པ་བཤད་ནས། མིར་སྐྱེ་བ་ནི་གནོད་པ་དུ་མའི་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། སྐྱེ་བ་ནི་ཉེ་དུའི་གནོད་པ་ལ་སོགས་པ་གནོད་པ་དུ་མའི་སྣོད་དུ་གྱུར་ཅིང་རྟེན་དུ་གྱུར་པ་ ཡིན་པར་ཤེས་པར་གྱིས་ཤིག་ཅེས་བྱ་བ་ཡིན་ནོ། །དེ་ལྟར་འཇིག་རྟེན་ཐམས་ཅད་ལ་མངོན་པར་མི་དགའ་བ་བསྐྱེད་ནས། མྱ་ངན་ལས་འདས་པ་ལ་གཞུག་པའི་ཕྱིར། མགོ་འམ་གོས་ལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མགོ་ལ་མེ་ཤོར་རམ་གོས་ལ་མེ་ཤོར་ན་ཞེས་བྱ་བར་སྦྱར་རོ། །དེ་ དག་ཕྱིར་བཟློག་བགྱི་བ་བཏང་ནས་ཀྱང་། །ཞེས་བྱ་བ་ནི་དེ་དག་གསད་པ་ཡང་བཏང་ནས་ཞེས་བྱ་བའི་ཐ་ཚིག་གོ། །ཡང་སྲིད་མེད་པར་བགྱི་སླད་འབད་འཚལ་ཏེ། །ཞེས་བྱ་བ་ནི་ལུས་དང་སྲོག་ལ་མི་ལྟ་བའི་བརྩོན་འགྲུས་ཆེན་པོ་དེ་ལྟ་བུ་ཡང་སྲིད་མེད་པར་བྱ་བའི་ཕྱིར་འབད་པར་བྱ་དགོས་ སོ་ཞེས་བྱ་བ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། འདི་བས་ཆེས་མཆོག་དགོས་པ་གཞན་མ་མཆིས། །ཞེས་བྱ་བ་སྨོས་ཏེ། འདི་བས་ཁྱད་པར་དུ་འཕགས་པའི་དགོས་པ་གཞན་ནི་མེད་ཀྱི། འདི་ལྟར་སྐྱེས་བུའི་དོན་གྱི་དམ་པ་ནི་འདི་ཁོ་ནར་ཟད་དོ་སྙམ་དུ་དགོངས་པ་ ཡིན་ནོ། །ཡང་སྲིད་པ་མེད་པ་ཡང་ཇི་ལྟར་འཐོབ་ཅེ་ན། ཚུལ་ཁྲིམས་དག་དང་བསམ་གཏན་ཤེས་རབ་ཀྱིས། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བསླབ་པ་གསུམ་ཡོངས་སུ་རྫོགས་པར་བྱས་ནས་མྱ་ངན་ལས་འདས་པ་ཐོབ་པར་གྱིས་ཤིག་ཅེས་བྱ་བའི་དོན་ཏོ། །མྱ་ངན་ལས་འདས་ པ་དེ་ལ་ཡང་རྣམ་པ་གཉིས་ཏེ་ཕུང་པོའི་ལྷག་མ་མེད་པ་དང་། ཕུང་པོའི་ལྷག་མ་དང་བཅས་པའོ། །དེ་ལ་ཕུང་པོའི་ལྷག་མ་མེད་པ་ནི་སྡུག་བསྔལ་ཉེ་བར་ཞི་བས་རབ་ཏུ་ཕྱེ་བའི་ཕྱིར་ཞི་བ་ཞེས་བྱ་བའི་སྒྲས་སྟོན་ཏོ། །ཕུང་པོའི་ལྷག་མ་དང་བཅས་པ་ནི་དབང་པོ་དུལ་བས་རབ་ཏུ་ཕྱེ་བའི་ཕྱིར། དུལ་བ་ཞེས་བྱ་བའི་སྒྲས་སྟོན་ཏོ། །གཉི་ག་ཡང་འདོད་ཆགས་ལ་སོགས་པའི་དྲི་མ་ཉེ་བར་ཞི་བས། དྲི་མ་མེད་པ་སྟེ། མྱ་ངན་ལས་འདས་པ་ཞེས་བྱ་བའི་གོ་འཕང་གནས་དེ་ལྟ་བུ་ཐོབ་ཅིང་རབ་ཏུ་ཐོབ་པར་གྱིས་ཤིག་ཅེས་བྱ་བའི་ཐ་ཚིག་གོ། །མི་རྒ་མི་འཆི་ཞེས་བྱ་བ་ལ་སོགས་པས་ནི་མྱ་ ངན་ལས་འདས་པ་དེ་ཉིད་ཀྱི་ཁྱད་པར་གྱི་སྒོ་ནས་བསྔགས་པ་བཤད་པ་ཡིན་ཏེ། དེ་ལ་དེངས་པ་མེད་པས་ན་མི་རྒས་པའོ། །འཆི་བར་མི་འགྱུར་བས་ན་མི་འཆི་བའོ། །ཟད་པ་མེད་པས་ན་མི་ཟད་པའོ། །ལྷག་མས་ནི་ཕྱི་རོལ་པའི་མྱ་ངན་ལས་འདས་པ་ལས་ཁྱད་པར་དུ་བྱ་བའི་ཕྱིར་ ཏེ་ཆེན་པོ་བཞི་དང་ཉི་མ་དང་ཟླ་བ་དག་མེད་པར་བཤད་དོ། །ད་ནི་ཆོས་གང་དག་མངོན་དུ་གྱུར་པས་མྱ་ངན་ལས་འདས་པ་ཐོབ་པར་འགྱུར་བའི་ཆོས་དེ་དག་བསྟན་པའི་ཕྱིར། དྲན་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་དྲན་པ་ནི་དམིགས་པ་མ་བརྗེད་པའོ། །ཆོས་རབ་ཏུ་འབྱེད་པ་ནི་དེ་ ལ་ཤེས་རབ་གང་ཡིན་པའོ། །བརྩོན་འགྲུས་ནི་མངོན་པར་སྤྲོ་བ་གང་ཡིན་པའོ། །དགའ་བ་ནི་དམིགས་པ་དེ་ཉིད་ལ་ཡིད་བདེ་བ་གང་ཡིན་པའོ། །ཤིན་ཏུ་སྦྱངས་པ་ནི་ལུས་དང་སེམས་ལས་སུ་རུང་བ་གང་ཡིན་པའོ། །ཏིང་ངེ་འཛིན་ནི་སེམས་རྩེ་གཅིག་པ་ཉིད་དོ། །བཏང་སྙོམས་ ནི་སེམས་དང་སེམས་ལས་བྱུང་བ་རྣམས་རྣལ་དུ་འདུག་པ་དང་ལྷུན་གྱིས་གྲུབ་པར་འཇུག་པ་གང་ཡིན་པའོ། །ཆོས་བདུན་པོ་དེ་དག་ནི་བྱང་ཆུབ་ཟག་པ་མེད་པའི་ཡེ་ཤེས་ཀྱི་ཡན་ལག་ཏུ་གྱུར་པའི་ཕྱིར། བྱང་ཆུབ་ཀྱི་ཡན་ལག་ཅེས་བྱ་སྟེ་འཁོར་དུ་གྱུར་པའི་ཕྱིར་རོ་ཞེས་བྱ་བའི་དོན་ཏོ། །དགེ་ཚོགས་ ལགས་ཞེས་བྱ་བ་ནི་དགེ་བའི་རྒྱུ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །ཤེས་རབ་མེད་ལ་ཞེས་བྱ་བ་ལ་སོགས་པས་ནི་ཆོས་གཞན་གཉིས་པོ་འདི་ལྟ་སྟེ། བསམ་གཏན་དང་ཤེས་རབ་དག་མངོན་དུ་གྱུར་པས། མྱ་ངན་ལས་འདས་པ་འཐོབ་པར་སྟོན་ཏེ། དེ་གཉིས་ཟུང་དུ་འབྲེལ་པས་ མྱ་ངན་ལས་འདས་པ་ཐོབ་པར་འགྱུར་ལ། དེ་གཉིས་ནི་ཕན་ཚུན་གྱི་སྟོབས་ཀྱིས་འགྲུབ་པར་སྟོན་ཏོ། །ཤེས་རབ་མེད་ལ་བསམ་གཏན་ཡོད་མིན་ལ། །ཞེས་བྱ་བ་ནི་གང་ཞིག་བསམ་གཏན་ལེགས་པར་བསྐྱེད་མི་ཤེས་པ་དེ་ནི་འདིར་ཤེས་རབ་མེད་པ་ཡིན་པར་དགོངས་པ་ཡིན་ཏེ། དེ་ལ་ནི་བསམ་གཏན་མི་འགྲུབ་པོ། །བསམ་གཏན་མེད་པར་ཡང་ནི་ཤེས་རབ་ཡོད་མིན་ཏེ། །ཞེས་བྱ་བ་ནི་བསམ་གཏན་མེད་པར་ཡང་གང་གི་ཆོས་རྣམས་ཇི་ལྟ་བ་བཞིན་ཤེས་པར་འགྱུར་བའི་ཤེས་རབ་མེད་དེ། སེམས་མཉམ་པར་གཞག་པས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་ སོ་ཞེས་འབྱུང་བའི་ཕྱིར་རོ། །གང་ལ་དེ་གཉིས་ཀ་ཡོད་པ་དེ་འཁོར་བ་གནག་རྗེས་ལྟ་བུར་རིག་པར་བྱའོ། །རྣམ་པ་གཅིག་ཏུ་ན་གང་ལ་སྐྱེས་ནས་ཐོབ་པའི་ཤེས་རབ་མེད་པ་དེ་ལ་བསམ་གཏན་མི་འགྲུབ་ལ། བསམ་གཏན་མེད་པར་ཡང་བསྒོམས་པ་ལས་བྱུང་བའི་ཤེས་རབ་མི་འགྲུབ་ཀྱི་གང་ལ་ ཤེས་རབ་དང་བསམ་གཏན་དེ་གཉི་ག་ཡོད་ལ་དེའི་འཁོར་བ་གནག་རྗེས་ལྟ་བུར་རིག་པར་བྱ་སྟེ། མྱུར་བ་ཁོ་ནར་བརྒལ་བར་ནུས་པའི་ཕྱིར་རོ། །ད་ནི་མྱ་ངན་ལས་འདས་པ་འཐོབ་པར་བྱེད་པའི་ཆོས་འདི་རྣམས་ཀྱི་བར་ཆད་དུ་གྱུར་པ་བསམ་པར་བྱ་བ་མ་ཡིན་པའི་གནས་ལ་སེམས་པ། དེ་ལས་ བཟློག་པའི་ཕྱིར་ལུང་མ་བསྟན་པ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་བཞིན་གཤེགས་པས་ལུང་དུ་མ་བསྟན་པའི་དངོས་པོ་བཅུ་བཞི་གསུངས་པ་བཅུ་བཞི་གང་ཞེ་ན། འདི་ལྟ་སྟེ། འཇིག་རྟེན་རྟག་པ་དང་། འཇིག་རྟེན་མི་རྟག་པ་དང་། རྟག་པ་ཡང་ཡིན་མི་རྟག་པ་ཡང་ཡིན་པ་དང་། རྟག་པ་ཡང་མ་ཡིན་ མི་རྟག་པ་ཡང་མ་ཡིན་པ་དང་། འཇིག་རྟེན་མཐའ་དང་ལྡན་པ་དང་། འཇིག་རྟེན་མཐའ་དང་མི་ལྡན་པ་དང་། མཐའ་དང་ལྡན་པ་ཡང་ཡིན་མཐའ་དང་མི་ལྡན་པ་ཡང་མ་ཡིན་པ་དང་། མཐའ་དང་ལྡན་པ་ཡང་མ་ཡིན་མཐའ་དང་མི་ལྡན་པ་ཡང་མ་ཡིན་པ་དང་། དེ་བཞིན་གཤེགས་ པ་ཤི་ཕན་ཆད་ཡོད་པ་དང་། དེ་བཞིན་གཤེགས་པ་ཤི་ཕན་ཆད་མེད་པ་དང་། དེ་བཞིན་གཤེགས་པ་ཤི་ཕན་ཆད་ཡོད་ཀྱང་ཡོད་ལ་མེད་ཀྱང་མེད་པ་དང་། དེ་བཞིན་གཤེགས་པ་ཤི་ཕན་ཆད་ཡོད་པ་ཡང་མ་ཡིན་མེད་པ་ཡང་མ་ཡིན་པ་དང་། སྲོག་གང་ཡིན་པ་དེ་ལུས་ཡིན་པ་དང་། སྲོག་ཀྱང་གཞན་ལ་ལུས་ཀྱང་གཞན་ཞེས་བྱ་བ་ཡིན་ནོ། །དངོས་པོ་བཅུ་བཞི་པོ་འདི་དག་ནི་དྲིས་ན་ལུང་མི་བསྟན་པར་བྱ་བ་ཡིན་པའི་ཕྱིར་ལུང་དུ་མ་བསྟན་པ་ཞེས་བཤད་དེ། འདི་ཉིད་གཞག་པར་བྱ་བའི་དྲི་བ་ཡིན་པར་བསྟན་ཏོ། །གནས་འདི་དག་ནི་བསམ་པར་བྱ་བ་ཡང་མ་ ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དེ་ཡིས་བློ་ནི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འདི་སྐད་དུ་གང་ཞིག་བསམས་ན་ཕན་པ་ཐོབ་པའམ། བདེ་བ་ཐོབ་པར་འགྱུར་བ་དེ་བསམ་པར་བྱ་བ་ཡིན་ན་གནས་འདི་དག་ནི་བསམས་པས་ནི་སེམས་ཞི་བར་སྐྱེད་པར་མི་འགྱུར་བས་བསམ་པར་བྱ་བ་མ་ཡིན་ནོ་ཞེས་ བཤད་པ་ཡིན་ནོ། །དེ་ལྟར་བསམ་པར་བྱ་བ་མ་ཡིན་པའི་གནས་ཡོངས་སུ་སྤང་བར་བཤད་ནས་གང་ཞིག་བསམས་ན་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པ་འདི་རྣམས་སྐྱེ་བར་འགྱུར་བདེ་ལ་སེམས་ཉེ་བར་གཏད་པར། མི་ཤེས་པ་ལས་ལས་ཏེ་ཞེས་བྱ་བ་ལ་སོགས་པས་ནི་རྟེན་ཅིང་འབྲེལ་པར་ འབྱུང་བའི་ཡན་ལག་བཅུ་གཉིས་སྟོན་ཏེ། འདི་དག་གི་དོན་ནི་མདོའི་རྗེས་སུ་འབྲངས་ནས་ཁོང་དུ་ཆུད་པར་བྱའོ། །དེ་ལ་མདོ་ནི་འདི་ཡིན་ཏེ། མ་རིག་པའི་རྐྱེན་གྱིས་འདུ་བྱེད། འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ། རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས། མིང་དང་ གཟུགས་ཀྱི་རྐྱེན་གྱིས་སྐྱེ་མཆེད་དྲུག །སྐྱེ་མཆེད་དྲུག་གི་རྐྱེན་གྱིས་རེག་པ། རེག་པའི་རྐྱེན་གྱིས་ཚོར་བ། ཚོར་བའི་རྐྱེན་གྱིས་སྲེད་པ། སྲེད་པའི་རྐྱེན་གྱིས་ལེན་པ། ལེན་པའི་རྐྱེན་གྱིས་སྲིད་པ། སྲིད་པའི་རྐྱེན་གྱིས་སྐྱེ་བ། སྐྱེ་བའི་རྐྱེན་གྱིས་རྒ་བ་དང་འཆི་བ་དང་མྱ་ངན་དང་སྨྲེ་ སྔགས་འདོན་པ་དང་སྡུག་བསྔལ་བ་དང་ཡིད་མི་བདེ་བ་དང་། འཁྲུག་པ་རྣམས་འབྱུང་སྟེ། དེ་ལྟར་ན་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འབའ་ཞིག་པོ་འདི་འབྱུང་བར་འགྱུར་རོ། །དེ་ལྟར་ལུགས་དང་མཐུན་པའི་དབང་དུ་བྱས་ཏེ་བཤད་ནས་ལུགས་ལས་བཟློག་པའི་དབང་དུ་བྱས་ནས། སྐྱེ་བ་ འགགས་པས་འདི་ཀུན་འགག་པར་འགྱུར། །ཞེས་བྱ་བ་སྨོས་ཏེ། སྐྱེ་བ་འགགས་པས་རྒ་བ་དང་འཆི་བ་དང་མྱ་ངན་དང་སྨྲེ་སྔགས་འདོན་པ་ལ་སོགས་པའི་ཆོས་རྣམས་འགག་པར་འགྱུར་ཏེ། དེ་ལྟར་ནི་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འབའ་ཞིག་པོ་འདི་འགག་པར་འགྱུར་ཏེ། སྐྱེ་བ་འགགས་ པས་ནི་སྲིད་པ་འགག་པར་འགྱུར་ལ། མ་རིག་པ་འགགས་པས་འདུ་བྱེད་འགག་པའི་བར་དུ་འགྱུར་རོ། །མ་རིག་པ་གང་ཞེ་ན། མདོ་ཉིད་ལས་གང་སྔོན་གྱི་མཐའ་མི་ཤེས་པ་ཞེས་བྱ་བ་ལ་སོགས་པ་བསྟན་ཏོ། །འདིར་མདོར་བསྡུ་བ་ནི་འདི་ཡིན་ཏེ། བདེན་པ་རྣམས་མི་ཤེས་པ་ནི་དོན་ དམ་པར་མ་རིག་པ་ཡིན་ནོ། །མི་ཤེས་པ་ཞེས་བྱ་བ་ནི་ཤེས་པའི་མི་མཐུན་པའི་ཕྱོགས་ཡིན་པར་རིག་པར་བྱའོ། །བྱིས་པ་མ་རིག་པ་དེ་དང་ལྡན་པའི་ལས་དགེ་བ་དང་མི་དགེ་བ་དང་མི་གཡོ་བ་ནི་མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་ཡིན་ནོ། །མདོ་ལས་ནི་ལུས་ཀྱི་འདུ་བྱེད་དང་། ངག་གི་འདུ་ བྱེད་དང་། ཡིད་ཀྱི་འདུ་བྱེད་རྣམས་ཞེས་གསུངས་སོ། །དེ་སྐད་དུ་གསུངས་མོད་ཀྱི། འོན་ཀྱང་འདིར་ནི་ལུས་དང་ངག་དང་ཡིད་ཀྱི་ལས་སྨོས་པ་ཁོ་ནར་རིག་པར་བྱའོ། །ལས་དེའི་ས་བོན་གང་ཡིན་པ་དེས་བསྒོས་པའི་སེམས་ནི་འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་ཡིན་ནོ། །མདོ་ ལས་ནི་འབྲས་བུ་རྒྱུས་བསྟན་པའི་དབང་དུ་མཛད་ནས། རྣམ་པར་ཤེས་པའི་ཚོགས་དྲུག་གོ་ཞེས་གསུངས་ཏེ། དཔེར་ན་ཚེ་དང་ལྡན་པ་ཁྱོད་ཀྱི་དབང་པོ་རྣམས་ནི་རབ་ཏུ་དངས་ཞེས་བྱ་བ་ལྟ་བུ་ཡིན་ནོ། །དེ་བཞིན་དུ་རྣམ་པར་སྨིན་པའི་རྣམ་པར་ཤེས་པ་ནི་ཕྲ་བ་ཉིད་ཀྱིས་རང་གི་ངོ་བོ་བསྟན་པར་བྱ་བ་མ་ ཡིན་ཏེ། འབྲས་བུ་བསྟན་པར་མཛད་དོ། །རྣམ་པར་ཤེས་པ་དེ་ཡང་འདུ་བྱེད་རྣམས་ཀྱིས་རིམ་པ་གང་གིས་མིང་དང་གཟུགས་ལ་སོགས་པ་མངོན་པར་འགྲུབ་པར་བྱེད་པ་འཕངས་པའི་རིམ་པ་དེ་ཁོ་ནས་རྐྱེན་དུ་གྱུར་པའི་ཕྱིར། རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས་ཞེས་བྱ་བ་ནས་རེག་ པའི་རྐྱེན་གྱིས་ཚོར་བ་ཞེས་བྱ་བའི་བར་གྱིས་བཤད་དོ། །མིང་དང་གཟུགས་གང་ཞེ་ན། མའི་མངལ་དུ་ཉིང་མཚམས་སྦྱོར་བའི་གནས་སྐབས་ནས་ཚོར་བ་ལ་སོགས་པ་གཟུགས་ཅན་ཡང་མ་ཡིན་པའི་ཕུང་པོ་བཞི་དང་། འབྱུང་བ་དང་རྒྱུར་བྱས་པའི་གཟུགས་ཏེ་ཅི་ རིགས་པར་སྦྱར་རོ། །དེ་ཉིད་ནུར་ནུར་པོ་ཞེས་བྱ་སྟེ། རིམ་གྱིས་ནི་མེར་མེར་པོ་ལ་སོགས་པའི་ཐ་སྙད་ཀྱང་འཐོབ་པོ། །དེ་ལ་ཕུང་པོ་བཞི་ནི་ཡང་སྲིད་པར་འཁྲིད་པའི་ཕྱིར་དང་ཡུལ་ལ་འགྲོ་བའི་ཕྱིར་དང་མིང་ཉིད་ཡིན་ནོ། །འབྱུང་བ་དང་རྒྱུར་བྱས་པ་ནི་གྲང་བ་ལ་སོགས་པས་འགྱུར་བ་སྐྱེད་ པའི་ཕྱིར་གཟུགས་ཉིད་ཡིན་ནོ། །མིང་དང་གཟུགས་དེ་ཉིད་རྣམ་པར་འཕེལ་བའི་རིམ་གྱིས་མིག་ལ་སོགས་པ་སྐྱེ་བའི་གནས་སྐབས་ནི་སྐྱེ་མཆེད་དྲུག་གི་རྐྱེན་དུ་འགྱུར་ཏེ། གནས་སྐབས་དེ་ནི་སྐྱེ་མཆེད་དྲུག་རྫོགས་པར་འགྱུར་བས་སོ། །སྐྱེ་མཆེད་དྲུག་ཉིད་ནི་སེམས་དང་སེམས་ལས་བྱུང་བ་རྣམས་ སྐྱེ་བའི་སྒོའི་དོན་གྱིས་སོ། །སྐྱེ་མཆེད་དྲུག་པོ་དེ་དག་ཡོངས་སུ་སྨིན་པ་དང་། ཡུལ་ཡང་མངོན་དུ་གྱུར་པ་ལས་རེག་པ་སྐྱེ་སྟེ། རྟེན་གྱི་བྱེ་བྲག་གིས་རྣམ་པ་དྲུག་ཁོ་ནའོ། །བདེ་བ་མྱོང་བར་འགྱུར་བ་ལ་སོགས་པའི་རེག་པ་ཅི་འདྲ་བ་དེ་དང་འདྲ་བར་བདེ་བ་དང་སྡུག་བསྔལ་བ་དང་། བདེ་བ་ ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པའི་ཚོར་བ་སྐྱེའོ། །དེ་ལྟར་ན་འདུ་བྱེད་རྣམས་ཀྱིས་འཕངས་པའི་ཡན་ལག་སྲེད་པ་དང་ལེན་པས་མངོན་པར་བརླན་པ་ནི་འཆི་བའི་དུས་ནི་སྲིད་པར་འགྱུར་རོ། །དེ་ནས་ཅི་ལྟར་འཕངས་པའི་རིམ་གྱིས་སྐྱེ་བར་ཡང་འགྱུར། རྒ་བར་ཡང་འགྱུར་རོ། །འཆི་ བར་ཡང་འགྱུར་རོ། །དེ་ལ་སྲེད་པ་གང་ཞེ་ན། ཚོར་བ་བདེ་བ་ལ་ནི་མི་འབྲལ་བར་འདོད། སྡུག་བསྔལ་ནི་འབྲལ་བར་འདོད། བདེ་བ་ཡང་མ་ཡིན་སྡུག་བསྔལ་ཡང་མ་ཡིན་པ་ལ་དེ་གཉི་གར་མི་འདོད་པ་གང་ཡིན་པ་སྟེ། དེ་ཡང་མདོ་ལས་འདོད་པ་དང་གཟུགས་དང་གཟུགས་མེད་པ་ན་ སྤྱོད་པའི་བྱེ་བྲག་གིས་རྣམ་པ་གསུམ་དུ་བསྟན་ཏོ། །ལེན་པ་གང་ཞེ་ན། འདོད་པ་ལ་སོགས་པ་ལ་འདུན་པའི་འདོད་ཆགས་གང་ཡིན་པའོ། །མདོ་ལས་ནི་དམིགས་པའི་བྱེ་བྲག་གིས་འདོད་པ་ཉེ་བར་ལེན་པ་དང་། ལྟ་བ་ཉེ་བར་ལེན་པ་དང་། ཚུལ་ཁྲིམས་དང་བརྟུལ་ཞུགས་ཉེ་བར་ལེན་པ་དང་། བདག་ཏུ་ལྟ་བ་ཉེ་བར་ལེན་པ་ཞེས་བྱ་བ་རྣམ་པ་བཞིར་བསྟན་ཏེ། འདུན་པའི་འདོད་ཆགས་དེས་འདོད་པ་ལ་སོགས་པ་ཉེ་བར་བླངས་པར་འགྱུར་བས་སོ། །སྲེད་པ་དང་ལེན་པ་དག་ལ་ཁྱད་པར་ཅི་ཡོད་ཅེ་ན། ཁྱད་པར་མེད་པར་ཡང་སྲིད་པ་མངོན་པར་འདོད་པ་ནི་སྲེད་པའོ། །ཁྱད་པར་དུ་མངོན་པར་འདོད་ པ་ནི་ལེན་པའོ། །ཡང་ན་རིང་བའི་རྒྱུ་ནི་སྲེད་པ་ཡིན་ལ། ཉེ་བའི་རྒྱུ་ནི་ལེན་པ་ཡིན་པར་རིག་པར་བྱའོ། །འདུ་བྱེད་ཀྱི་ས་བོན་སྲེད་པ་དང་ལེན་པས་མངོན་པར་བརླན་པ་དེ་ཉིད་འབྲས་བུ་སྐྱེད་པར་མངོན་དུ་ཕྱོགས་པ་ནི་སྲིད་པ་ཞེས་བྱའོ། །མདོ་ལས་ནི་འདོད་པའི་སྲིད་པ་དང་། གཟུགས་ཀྱི་སྲིད་པ་ དང་། གཟུགས་མེད་པའི་སྲིད་པ་ཞེས་གསུངས་སོ། །དེ་སྐད་གསུངས་མོད་ཀྱི། འོན་ཀྱང་འདིར་ནི་འདས་པའི་སྲིད་པ་ཁོ་ན་ཡིན་པར་བཤད་དོ། །སྲིད་པའི་མཇུག་ཐོགས་སུ་སྐྱེ་བ་ཡིན་ཏེ། མིང་དང་གཟུགས་ཀྱི་རིམ་གྱིས་ཚོར་བའི་བར་ཡིན་ནོ། །སྐྱེས་ནས་ནི་རྒ་བ་དང་། འཆི་བ་ལ་ སོགས་པར་འགྱུར་རོ། །དེ་ལྟར་ན་ཞེས་བྱ་བ་ལ་སོགས་པ་ནི་ཇི་སྐད་བཤད་པའི་རིམ་གྱིས་སྡུག་བསྔལ་གྱི་ཚོགས་བདག་མེད་པ་འདི་འབྱུང་བར་འགྱུར་བ་ཡིན་ཏེ། མདོ་ལས་ནི་སྐྱེ་བ་ལ་སོགས་པ་རྣམ་གྲངས་ཙམ་ཁོ་ནས་བསྟན་པར་མཛད་དོ། །དེ་ལྟར་ན་འདིར་རྟེན་ཅིང་འབྲེལ་པར་འབྱུང་བའི་ ཡན་ལག་བཅུ་གཉིས་མདོར་བསྡུས་ནས་ཡན་ལག་བཞིར་རྣམ་པར་གཞག་པ་མཛད་པར་རིག་པར་བྱ་སྟེ། འདི་ལྟ་སྟེ། དཔེར་ན། འཕེན་པར་བྱེད་པའི་ཡན་ལག་དང་། འཕགས་པའི་ཡན་ལག་དང་། མངོན་པར་འགྲུབ་པར་བྱེད་པའི་ཡན་ལག་དང་། མངོན་པར་འགྲུབ་པར་བྱེད་པའི་ཡན་ལག་ གོ། །ཡན་ལག་བཅུ་གཉིས་མདོར་བསྡུས་ནས། །ཡན་ལག་བཞིར་ནི་བགྲངས་པ་སྟེ། །གསུམ་དང་བཞི་དང་གསུམ་དང་ནི། །གཉིས་པོ་དག་སྟེ་གོ་རིམས་བཞིན། །དེ་ལྟར་ན་རེ་ཞིག་སྐྱེ་བ་གཉིས་རྣམ་པར་གཞག་པའི་དབང་དུ་མཛད་ནས་བཤད་པ་ཡིན་ན། །མདོ་ལས་ནི་མ་རིག་པ་ དང་། འདུ་བྱེད་འདི་ནི་སྔོན་གྱི་མཐའ་པའི་འཕེན་པར་བྱེད་པ་ཡིན་ནོ་ཞེས་འབྱུང་བའི་ཕྱིར། ཡན་ལག་བཅུ་གཉིས་སྐྱེ་བ་གསུམ་དུ་རྣམ་པར་འཇོག་པར་མཛད་དེ། དེ་ལ་མ་རིག་པ་དང་འདུ་བྱེད་ནི་འདས་པའི་སྐྱེ་བའོ། །རྣམ་པར་ཤེས་པ་ནས་སྲིད་པའི་བར་དུ་ནི་ད་ལྟར་བྱུང་བའི་སྐྱེ་བའོ། ། སྐྱེ་བ་དང་རྒ་ཤི་ནི་མ་འོངས་པའི་སྐྱེ་བའོ། །དེ་ལ་འདས་པའི་སྐྱེ་བ་ནི་མ་རིག་པའི་རྐྱེན་གྱིས་འདུ་བྱེད་བྱས་པ་རྣམས་ཀྱིས་སྐྱེ་བ་འདི་ལ་ཉིང་མཚམས་སྦྱོར་བའི་རྣམ་པར་ཤེས་པ་ནས་གཟུང་སྟེ། ཚོར་བའི་བར་གྱི་རྣམ་པར་སྨིན་པ་འགྲུབ་ལ། ད་ལྟར་བྱུང་བའི་སྲེད་ པ་དང་། ལེན་པ་དང་། སྲིད་པ་རྣམས་ཀྱིས་མ་འོངས་པའི་སྐྱེ་བ་ལ་སོགས་པ་སྐྱེད་དོ་ཞེས་བྱ་བར་རིག་པར་བྱའོ། །སྐྱེ་བ་གསུམ་དུ་རྣམ་པར་གཞག་པ་འདིའི་དགོས་པ་ནི་སྔོན་དང་ཕྱི་མའི་མཐའ་དང་བར་དག་ལ་ཀུན་དུ་རྨོངས་པ་རྣམ་པར་བཟློག་པ་ཡིན་ནོ། །དེ་སྐད་དུ་གསུངས་མོད་ཀྱི། འོན་ ཀྱང་མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་ཀྱིས་སྐྱེ་བ་སྐྱེད་པའི་དུས་ན་སྲིད་པ་དང་ལེན་པ་དང་སྲིད་པ་དག་ཀྱང་ཡོད་པ་ཁོ་ན་ཡིན་ལ། སྲེད་པ་དང་ལེན་པ་དང་སྲིད་པ་དག་གིས་མ་འོངས་པའི་སྐྱེ་བ་སྐྱེད་པར་བྱེད་པ་དེ་ཡང་མ་རིག་པའི་རྐྱེན་གྱིས་འདུ་བྱེད་དོ། །མིང་དང་གཟུགས་ལ་སོགས་པ་ལས་གཞན་པའི་ སྐྱེ་བ་ལ་སོགས་པ་ཡང་ཡོད་པ་མ་ཡིན་པས་དེ་དག་ཉིད་རྣམ་པ་གཞན་གྱིས་བཤད་པ་ཡིན་ཏེ། དེ་ལྟ་བས་ན་སྐྱེ་བ་གཉིས་སུ་རྣམ་པར་གཞག་པ་ཡང་མི་འགལ་བ་ཁོ་ན་ཡིན་ནོ། །རྟེན་ཅིང་འབྲེལ་པར་འབྱུང་བ་དེ་ནི་ལམ་གསུམ་དུ་རིག་པར་བྱ་སྟེ། འདི་ལྟ་སྟེ་མ་རིག་པ་དང་སྲེད་པ་དང་ལེན་པ་རྣམས་ནི་ ཉོན་མོངས་པའི་ལམ་ཡིན་ནོ། །འདུ་བྱེད་དང་སྲིད་པ་ནི་ལས་ཀྱི་ལམ་ཡིན་ནོ། །ཡན་ལག་ལྷག་མ་རྣམས་ནི་རྣམ་པར་སྨིན་པའི་ལམ་སྟེ་སྤྲོས་པས་ཆོག་གོ། །དཀྱུས་མ་བརྗོད་པར་བྱ་སྟེ། རྟེན་ཅིང་འབྲེལ་པར་འབྱུང་འདི་རྒྱལ་བ་ཡི། །ཞེས་བྱ་བ་ལ་སོགས་པས་ནི་རྟེན་ཅིང་འབྲེལ་བར་འབྱུང་ བའི་བསྔགས་པ་ཡིན་ནོ། །རྟེན་ཅིང་འབྲེལ་པར་འབྱུང་བ་འདི་ནི་དེ་བཞིན་གཤེགས་པའི་གསུང་གི་གཅེས་པར་གྱུར་པ་ཡིན་ཏེ། འདི་ལྟར་གང་གིས་འདི་ལེགས་པར་ཤེས་པ་དེས་དེ་བཞིན་གཤེགས་པའི་བསྟན་པ་ཡང་དག་པར་རྟོགས་པ་ཡིན་ནོ། །ཟབ་མོ་སྟེ་ཞེས་བྱ་བ་ནི་ཟབ་མོ་ཉིད་ཁོ་ན་སྟོན་པར་ བྱེད་པ་ཡིན་ནོ། །གང་གིས་འདི་ནི་ཡང་དག་མཐོང་། །ཞེས་བྱ་བ་ལ་སོགས་པས་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཟག་པ་མེད་པའི་ཡེ་ཤེས་བླ་ན་མེད་པས་ཐུགས་སུ་ཆུད་པར་བྱ་བ་ཉིད་ཀྱིས་ཟབ་པ་ཉིད་དུ་སྟོན་པ་ཡིན་ནོ། །རྟེན་ཅིང་འབྲེལ་པར་འབྱུང་བ་ཤེས་པས་དེ་ཤེས་ན། རྟེན་ཅིང་འབྲེལ་ པར་འབྱུང་བ་ཟབ་མོ་ཉིད་དུ་བཤད་པ་ཡིན་ཏེ། ཇི་སྐད་དུ་དགེ་སློང་དག་གང་གིས་སཱ་ལུའི་ལྗང་པ་འདི་ཤེས་པ་དེས་རྟེན་ཅིང་འབྲེལ་པར་འབྱུང་བ་ཤེས་སོ། །གང་གིས་ཆོས་རྟེན་ཅིང་འབྲེལ་པར་འབྱུང་བ་ཤེས་པ་དེས་ཆོས་ཤེས་སོ། །གང་གིས་ཆོས་ཤེས་པ་དེས་སངས་རྒྱས་ཤེས་སོ་ཞེས་གསུངས་པ་ལྟ་ བུ་ཡིན་ནོ། །ཡང་ན་གང་གིས་འདི་ནི་ཡང་དག་མཐོང་། །ཞེས་བྱ་བ་ལ་སོགས་པས་ནི་རྒྱལ་བའི་གསུང་གི་མཛོད་ཀྱི་གཅེས་པ་ཉིད་སྟོན་པར་བྱེད་དོ། །ཟབ་པ་ཉིད་ནི་རང་གིས་མ་བྱས་པ་དང་། གཞན་གྱིས་མ་བྱས་པ་དང་། གཉི་གས་མ་བྱས་པ་དང་། རྒྱུ་མེད་པ་ལས་བྱུང་བ་མ་ཡིན་པ་ ཉིད་ཀྱི་ཕྱིར་རིག་པར་བྱའོ། །འདི་ལྟར་རང་ལས་ཀྱང་མི་སྐྱེ། གཞན་ལས་ཀྱང་མ་ཡིན། གཉི་ག་ལས་ཀྱང་མ་ཡིན། རྒྱུ་མེད་པ་ལས་ཀྱང་མི་སྐྱེའོ། །འོན་ཀྱང་མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་ཏེ། ལྷག་མ་རྣམས་ཀྱང་དེ་དང་འདྲའོ། །རྣམ་པ་གཅིག་ཏུ་ན་མ་རིག་པ་ཡང་འདི་སྙམ་དུ་བདག་ གིས་འདུ་བྱེད་རྣམས་བསྐྱེད་པར་བྱའོ་སྙམ་དུ་མི་སེམས། འདུ་བྱེད་རྣམས་ཀྱང་འདི་སྙམ་དུ་བདག་ཅག་ནི་མ་རིག་པས་བསྐྱེད་དོ་སྙམ་དུ་མི་སེམས་ལ། མ་རིག་པ་མེད་པར་ཡང་འདུ་ཤེས་རྣམས་འབྱུང་བར་མི་འགྱུར་ཞེས་བྱ་བ་ཡང་སྔོན་ལ་བྱེད་པ་པོ་ནི་མི་དམིགས་ཏེ། དེ་ལྟར་ན་རྟེན་ཅིང་འབྲེལ་ བར་འབྱུང་བ་ཟབ་པ་ཉིད་དུ་རིག་པར་བྱའོ། །དེ་ལྟར་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་མཁས་པས་འཕགས་པའི་བདེན་པ་བཞི་ལ་དམིགས་པའི་ལམ་བསྒོམ་པར་ནུས་སོ་ཞེས་བསྟན་པའི་ཕྱིར། ཡང་དག་ལྟ་དང་འཚོ་དང་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ལ་ཡང་དག་པའི་ལྟ་བ་ནི་ཟག་པ་ མེད་པའི་ཤེས་རབ་བོ། །ཡང་དག་པའི་འཚོ་བ་ནི་ཁ་གསག་དང་ལོག་པའི་འཚོ་བ་སྤང་བའོ། །ཡང་དག་པའི་རྩོལ་བ་ནི་བརྩོན་འགྲུས་ཏེ། དེ་ཡང་ཡང་དག་པར་སྤང་བ་བཞིའོ། །ཡང་དག་པའི་དྲན་པ་ནི། དམིགས་པ་མ་བརྗེད་པའོ། །དེ་ཡང་དྲན་པ་ཉེ་བར་གཞག་པ་བཞི་པོ་ལུས་དང་། ཚོར་བ་ དང་སེམས་དང་ཆོས་ལ་དམིགས་པ་རྣམས་ཡིན་ཏེ། དྲན་པ་ཉིད་དྲན་པ་ཉེ་བར་འཇོག་པ་ནི་དྲན་པ་ཉེ་བར་གཞག་པ་ཉིད་ཡིན་པས་སོ། །གང་དག་འདིས་དྲན་པ་ཉེ་བར་འཇོག་པས་ཞེས་འཆད་པ་དེ་དག་གི་གཞུང་ལུགས་ཀྱིས་ནི་དྲན་པ་ཉེ་བར་གཞག་པ་ཤེས་རབ་ཡིན་ནོ། །ཡང་དག་པའི་ཏིང་ངེ་ འཛིན་ནི་བསམ་གཏན་བཞི་པའོ། །ཡང་དག་པའི་ངག་ནི་ངག་གི་དགེ་བའི་ལས་ཀྱི་ལམ་བཞིའོ། །ཡང་དག་པའི་ལས་ཀྱི་མཐའ་ནི་ལུས་ཀྱི་མི་དགེ་བའི་ལས་ཀྱི་ལམ་སྤོང་བའི་རང་བཞིན་གསུམ་མོ། །ཡང་དག་པའི་རྟོག་པ་ནི་གནོད་སེམས་མེད་པའི་རྟོག་པ་དང་། ངེས་ པར་འབྱུང་བའི་རྟོག་པ་ཞེས་བྱ་བ་ལ་སོགས་པ་སྟེ། དགེ་བའི་རྟོག་པ་རྣམས་པ་དུ་མ་ནི་ཡང་དག་པའི་རྟོག་པའོ། །འཕགས་པའི་ལམ་གྱི་ཡན་ལག་བརྒྱད་པོ་འདི་ནི་ཞི་བར་བགྱི་བའི་སླད་དུ་སྟེ། མྱ་ངན་ལས་འདས་པ་ཐོབ་པར་བྱ་བའི་ཕྱིར་བསྒོམ་པར་བགྱིའོ། །འདི་ནི་འཕགས་ པའི་ལམ་འདིའི་དམིགས་པར་གྱུར། འཕགས་པའི་བདེན་པ་བཞི་བསྟན་པའི་ཕྱིར། སྐྱེ་འདི་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །བཞི་གང་ཞེ་ན་འདི་ལྟ་སྟེ། སྡུག་བསྔལ་གྱི་བདེན་པ་དང་། ཀུན་འབྱུང་གི་བདེན་པ་དང་། འགོག་པའི་བདེན་པ་དང་། ལམ་གྱི་བདེན་པའོ། ། སྡུག་བསྔལ་གྱི་བདེན་པ་གང་ཞེ་ན། སྐྱེ་བའི་སྡུག་བསྔལ་ཞེས་བྱ་བ་སྨོས་ཏེ། མདོར་ན་ཉེ་བར་ལེན་པའི་ཕུང་པོ་ལྔ་སྡུག་བསྔལ་བའོ་ཞེས་འབྱུང་བའི་ཕྱིར་ཉེ་བར་ལེན་པའི་ཕུང་པོ་ལྔའི་མཚན་ཉིད་ཀྱི་སྐྱེ་བ་གང་ཡིན་པ་དེ་ནི་སྡུག་བསྔལ་གྱི་བདེན་པ་ཡིན་ནོ། །སྐྱེ་བ་དེ་ཡང་འདུ་བྱེད་ཀྱི་སྡུག་ བསྔལ་ཉིད་ཀྱིས་སྡུག་བསྔལ་བ་ཡིན་པར་རིག་པར་བྱ་སྟེ། དེ་ཉིད་ལ་དགོངས་ནས་ཉེ་བར་ལེན་པའི་ཕུང་པོ་ལྔ་སྡུག་བསྔལ་བའོ་ཞེས་བཤད་དོ། །མདོ་ལས་ནི། སྐྱེ་བ་སྡུག་བསྔལ་བའོ་ཞེས་བྱ་བ་ལ་སོགས་པས་བསྟན་པར་མཛད་དོ། །ཀུན་འབྱུང་བའི་བདེན་པ་གང་ཞེ་ན། སྲེད་པ་ ཞེས་བགྱི་བ། དེ་ནི་དེ་ཡི་ཀུན་འབྱུང་རྒྱ་ཆེན་ཏེ། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཡང་འབྱུང་བའི་སྲེད་པ། དགའ་བའི་འདོད་ཆགས་དང་ལྷན་ཅིག་པ། དེ་དང་དེར་མངོན་པར་དགའ་བ་གང་ཡིན་པ་འདི་ལྟ་སྟེ། འདོད་པའི་སྲེད་པ་དང་། འབྱུང་བའི་སྲེད་པ་དང་། འཇིགས་ པའི་སྲེད་པ་ཞེས་འབྱུང་བའི་ཕྱིར་རོ། །དེ་ཡི་ཞེས་བྱ་བ་ནི་སྡུག་བསྔལ་གྱིའོ། །འདི་ལས་སྡུག་བསྔལ་ཀུན་འབྱུང་བས་ན་ཀུན་འབྱུང་སྟེ་རྒྱུ་ཞེས་བྱ་བའི་དོན་ཏོ། །རྒྱ་ཆེན་ཏེ་ཞེས་བྱ་བ་ནི་སྲེད་པའི་དམིགས་པ་མང་བ་ཉིད་དུ་སྟོན་ཏོ། །དེ་ལྟ་མ་ཡིན་ན་ནི་འདི་རྒྱ་ཆེན་པོ་ཉིད་དུ་རུང་བ་མ་ཡིན་ནོ། ། དེ་ལ་ཡང་འབྱུང་བ་ཞེས་བྱ་བ་ནི། ཡང་སྲིད་པ་ལ་ཞེས་དགོངས་པའོ། །དགའ་བའི་འདོད་ཆགས་དང་ལྷན་ཅིག་པ་ཞེས་བྱ་བ་ནི་ཡིད་བདེ་བ་དང་ལྷན་ཅིག་པའི་འདོད་ཆགས་ཞེས་བྱ་བའི་ཐ་ཚིག་གོ། །དེ་དང་དེར་མངོན་པར་དགའ་བ་ཞེས་བྱ་བ་ནི། ཡང་སྲིད་པ་ལ་དམིགས་པ་ཉིད་དུ་སྟོན་པར་བྱེད་ དོ། །འདོད་པའི་སྲེད་པ་ཞེས་བྱ་བ་ནི་འདོད་པའི་ཁམས་ལ་དམིགས་པའོ། །འབྱུང་བའི་སྲེད་པ་ཞེས་བྱ་བ་ནི་གཟུགས་དང་གཟུགས་མེད་པའི་ཁམས་ལ་དམིགས་པའོ། །འཇིག་པའི་སྲེད་པ་ཞེས་བྱ་བ་ནི་བདག་ཉིད་མེད་པར་དམིགས་པའོ། །འགོག་པའི་བདེན་པ་གང་ཞེ་ན། འདི་ འགོག་པ་ནི་ཐར་པ་ལགས་ཞེས་བྱ་བ་སྨོས་ཏེ། ཀུན་འབྱུང་བ་འདི་འགོག་པ་གང་ཡིན་པ་དེ་ནི་ཐར་པ་ཡིན་ནོ། །དེ་ནི་འགོག་པའི་བདེན་པ་ཡིན་པར་རིག་པར་བྱའོ་ཞེས་བྱ་བའི་ཐ་ཚིག་སྟེ། སྲེད་པ་དེ་ཉིད་གཏན་འགོག་པ་དང་། རྣམ་པར་ཞི་བ་གང་ཡིན་པ་ཞེས་འབྱུང་བའི་ཕྱིར་རོ། །དེ་ ལྟ་བས་ན་འདིར་སྲེད་པ་ཟད་པ་མྱ་ངན་ལས་འདས་པ་ཡིན་ནོ་ཞེས་བསྟན་པས་ནི་ཕུང་པོའི་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པ་སྟོན་ཏོ། །ལམ་གྱི་བདེན་པ་གང་ཞེ་ན། འཐོབ་བགྱིད་འཕགས་ལམ་ཡན་ལག་དེ་བརྒྱད་ལགས། །ཞེས་བྱ་བ་སྨོས་ཏེ། མྱ་ངན་ལས་འདས་པ་ འཐོབ་པར་བྱེད་པའི་ལམ་གྱི་བདེན་པ་ནི་གང་འཕགས་པའི་ལམ་ཡན་ལག་བརྒྱད་པ་བཤད་མ་ཐག་པ་དེ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ལྟར་འཕགས་པའི་བདེན་པ་བཞི་པོ་དག །ཅེས་བྱ་བ་ལ་སོགས་པ་ནི་མྱ་ངན་ལས་འདས་པ་ཐོབ་པར་བྱ་བ་ལ་སྦྱོར་བར་བྱེད་དོ། །དེ་ལྟར་ ཞེས་བྱ་བ་ནི་དེ་ལྟར་ལམ་བསྒོམ་པ་ཇི་སྐད་བཤད་པའི་རྣམ་པས་རྟག་ཏུ་དུས་ཐམས་ཅད་དུ་བརྩོན་པར་བྱ་བ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། འཕགས་པའི་བདེན་པ་བཞི་པོ་དག །མཐོང་བར་བགྱི་སླད་དེ། འཕགས་པའི་བདེན་པ་བཞི་མཐོང་བར་བྱ་བའི་དོན་དུའོ། །འཕགས་པ་ རྣམས་ཀྱི་བདེན་པ་གང་དག་ཡིན་པས་ན། །འཕགས་པའི་བདེན་པ་སྟེ། འདི་དག་ནི་འཕགས་པ་རྒྱུན་དུ་ཞུགས་པ་ལ་སོགས་པས་བདེན་པ་ཉིད་དུ་གཟིགས་པའི་ཕྱིར་རོ། །བདག་ཅག་ཁྱིམ་པ་རྒྱལ་སྲིད་ལ་གནས་པ་རྣམས་ཀྱིས་ཇི་ལྟར་འཕགས་པའི་བདེན་པ་བཞི་མཐོང་བར་ ནུས་ཤེ་ན། པང་ན་དཔལ་གནས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་སྐད་དུ་བཤད་པ་ཡིན་ཏེ། ཁྱིམ་པ་རྒྱལ་སྲིད་ལ་གནས་པ་གཟུགས་ཅན་སྙིང་པོ་ལ་སོགས་པས་ཀྱང་འཕགས་པའི་བདེན་པ་བཞི་ཤེས་པས་ཉོན་མོངས་པའི་ཆུ་བོ་ལས་བརྒལ་བར་ བྱས་པས། དེ་བས་ན་ཁྱོད་ཀྱང་འབད་པར་བྱོས་ཤིག་ཅེས་བྱ་བའི་དོན་ཏོ། །གང་དག་ཆོས་མངོན་བགྱིས་པ་དེ་དག་ཀྱང་། །ཞེས་བྱ་བ་ལ་སོགས་པས་ནི་འཕགས་པའི་ལམ་སྐྱེས་བུའི་རྩལ་གྱིས་བསྒྲུབ་པར་བྱ་བ་ཉིད་དུ་སྟོན་པར་བྱེད་དོ། །དེ་དག་ཀྱང་། གནམ་ལས་བབས་པ་མ་ལགས་ ཞེས་བྱ་བ་ནི་དེ་དག་དང་པོ་ཉིད་ནས་ཤེས་པ་ཡོངས་སུ་གྲུབ་ཟིན་པ་ཅིག་ལས་འདིར་ལྷགས་པ་མ་ཡིན་པའོ། །ལོ་ཏོག་བཞིན། ས་རུམ་ལས་འཐོན་མ་ལགས་ཞེས་བྱ་བ་ནི་སྐྱེས་བུའི་རྩ་ལ་མེད་པར་གྱི་ན་ལོ་ཏོག་བཞིན་ཐོན་པ་མ་ཡིན་པའོ། །འོ་ན་ཅི་ལྟ་ཞེ་ན། སོ་སོའི་སྐྱེ་བོ་ཡིན་པ་ ལས་འབད་དེ། དགེ་བའི་བཤེས་གཉེན་ལ་བརྟེན་ནས་ཉོན་མོངས་པའི་ཆུ་བོ་ལས་བརྒལ་བར་ཟད་དེ། དེ་ལྟ་བས་ན་སྐྲག་པར་མ་བྱེད་ཅིག་སྙམ་དུ་དགོངས་པ་ཡིན་ནོ། །ད་ནི། བསྙེངས་དང་བྲལ་བར་མང་དུ་གསོལ་ཅི་འཚལ། །ཞེས་བྱ་བ་ལ་སོགས་པས་མདོར་བསྡུས་ནས་འདོམས་ པར་བྱེད་དེ། བསྙེངས་དང་བྲལ་བ་ཞེས་བྱ་བ་ནི་བོད་པའོ། །ཕན་པའི་གདམས་ངག་དོན་པོ་འདི་ལགས་སོ། །ཞེས་བྱ་བ་ནི་ཕན་པའི་གདམས་ངག་གཅེས་པ་འདི་ཉིད་དོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ཡང་གང་ཞེ་ན། ཁྱོད་ཀྱིས་ཐུགས་དུལ་མཛོད་ཅིག་ཅེས་བྱ་བ་སྨོས་ཏེ། ཁྱོད་ཀྱིས་སེམས་མི་དགེ་བའི་གནས་ནས་བསླངས་ཏེ་དགེ་བ་ལ་ཞོག་ཤིག་ཅེས་བྱ་བའི་དོན་ཏོ། །ཅིའི་ཕྱིར་ཞེ་ན། བཅོམ་ལྡན་འདས་ཀྱིས། སེམས་ནི་ཆོས་ཀྱི་རྩ་བ་ལགས་པར་གསུངས། །ཞེས་བྱ་བ་སྨོས་སོ། །ནི་ཞེས་བྱ་བ་ནི་གང་གི་ཕྱིར་ཞེས་བྱ་བའི་དོན་ཏོ། །གང་གི་ཕྱིར་བཅོམ་ལྡན་ འདས་ཀྱིས་དགེ་བའི་ཆོས་དེ་ཐམས་ཅད་ཀྱི་རྩ་བ་སེམས་ཡིན་པར་བསྟན་པ་དེའི་ཕྱིར་ཁྱོད་ཀྱིས་སེམས་དུལ་བར་བྱ་སྟེ། ཡིད་ནི་ཆོས་རྣམས་ཀྱི་སྔོན་དུ་འགྲོ་བའོ་ཞེས་འབྱུང་བའི་ཕྱིར་རོ། །དེ་ལྟ་བས་ན་བསྡུས་པའི་དོན་ནི་ཡིད་རབ་ཏུ་དང་བས་ནི་བདེ་བ་ཐམས་ཅད་ཐོབ་པར་འགྱུར་ལ། ཡིད་ རབ་ཏུ་འཁྲུགས་པས་ནི་སྡུག་བསྔལ་ཐམས་ཅད་ཐོབ་པར་འགྱུར་རོ་ཞེས་བྱ་བ་ཡིན་ནོ། །ཁྱོད་ལ་དེ་སྐད་གདམས་པ་གང་ལགས་དེ། །ཞེས་བྱ་བ་ལ་སོགས་པས་ནི་འདི་སྐད་དུ་སྟོན་ཏོ། །བདག་གིས་ཆོས་ཇི་སྙེད་བསྟན་པ་ཐམས་ཅད་བསྒྲུབས་པས་ཀྱང་དེ་བཞིན་གཤེགས་པའི་བསྟན་པ་ལ་ གནས་པར་འགྱུར་བ་ནི་མ་ཡིན་ནོ། །འོན་ཀྱང་ཕྱོགས་གཅིག་བསྒྲུབས་པས་ཀྱང་གནས་པ་ཡིན་ཏེ། འདི་ལྟར་དེ་ཐམས་ཅད་ནི་དགེ་སློང་ཁྱིམ་ན་གནས་པ་ཡོངས་སུ་བོར་བ་རྣམས་ཀྱིས་ཀྱང་བསྒྲུབ་པར་དཀའ་ན་ཁྱིམ་པ་རྣམས་ཀྱིས་ལྟ་སྨོས་ཀྱང་ཅི་དགོས། དེ་ལྟ་བས་ན་དེའི་ནང་ནས། གང་ ཞིག་ནུས་པའི་ངོ་བོ་དེའི་ཡོན་ཏན་བསྟན་ཅིང་བསྒྲུབ་པས་སྐུ་ཚེ་དོན་ཡོད་པར་གྱིས་ཤིག་དང་། དེ་ཉིད་ཆོས་ཐམས་ཅད་འཐོབ་པའི་རྒྱུར་འགྱུར་རོ་སྙམ་དུ་དགོངས་པ་ཡིན་ནོ། །དེ་ལྟར་ཆོས་བསྟན་པས་སེམས་མགུ་བར་བྱས་ནས། ཐེག་པ་ཆེན་པོ་ལ་གཞུག་པར་བཞེད་དེ། ཀུན་ གྱི་དགེ་བ་ཀུན་ལ་ཡི་རང་ཞིང་། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །འཇིག་རྟེན་ན་དགེ་བ་གང་ཅུང་ཟད་ཟག་པ་དང་བཅས་པ་དང་། ཟག་པ་མེད་པ་དང་། འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པ་གང་ཇི་སྙེད་ཅིག་ཡོད་པ་དེ་དག་ཐམས་ཅད་ལ་རྫོགས་པའི་སངས་རྒྱས་རྣམས་ ཀྱིས་ཇི་ལྟར་ཐུགས་སུ་ཆུད་པ། དེ་བཞིན་དུ་བདག་གིས་ཀྱང་རྗེས་སུ་ཡི་རང་བ་བླ་ན་མེད་པས་རྗེས་སུ་ཡི་རང་ངོ་ཞེས་བྱ་བ་ལ་སོགས་པས་ཚིག་ཏུ་སྟོན་པས་རྗེས་སུ་ཡི་རང་བར་བྱ་ཞིང་དགེ་བའི་རྩ་བ་འདིས་བདག་མགོན་མེད་པ་རྣམས་ཀྱི་མགོན། སྐྱབས་མེད་པ་རྣམས་ཀྱི་སྐྱབས། དཔུང་ གཉེན་མེད་པ་རྣམས་ཀྱི་དཔུང་གཉེན། གནས་མེད་པ་རྣམས་ཀྱི་གནས། སངས་རྒྱས་སུ་གྱུར་ཅིག་ཅེས། ཉིད་ཀྱིས་ལེགས་པར་སྤྱད་པ་རྣམ་གསུམ་ཡང་། །སངས་རྒྱས་ཉིད་ཐོབ་བགྱི་སླད་ཡོངས་བསྔོས་ནས། །དེ་ནས་རྗེས་སུ་ཡི་རང་བ་དང་། ཡོངས་སུ་བསྔོས་པ་ལས་ བྱུང་བའི་དགེ་བའི་ཕུང་པོ་འདི་ཡིས་ཁྱོད། །སྐུ་ཚེ་དཔག་ཏུ་མེད་པ་མཛོད་ཅེས་བྱ་བ་འཆད་པར་འགྱུར་བ་དང་སྦྱར་རོ། །རིམ་པ་གང་གིས་ཤེ་ན་སྐྱེ་བ་དཔག་ཏུ་མེད་པར་ཞེས་བྱ་བ་ལ་སོགས་པར་སྨོས་ཏེ། སྐྱེ་བ་ཚད་མེད་པ་དག་ཏུ་མཛད་ནས་སོ། །ཅི་ཞིག་མཛད་ཅེ་ན། ལྷ་དང་མིའི། འཇིག་ རྟེན་ཀུན་གྱི་རྣལ་འབྱོར་དབང་མཛད་ནས། །ཞེས་བྱ་བ་སྨོས་ཏེ། ལྷའི་འཇིག་རྟེན་དང་མིའི་འཇིག་རྟེན་ཐམས་ཅད་དུ་རྣལ་འབྱོར་གྱི་དབང་ཕྱུག་མཛད་ཅིང་བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་གྱི་ཆེ་བའི་བདག་ཉིད་ཀྱིས་ཁམས་གསུམ་གྱི་དབང་པོ་བརྙེས་ནས་སོ། ། གཞན་ཡང་། འཕགས་པ་སྤྱན་རས་གཟིགས་དབང་སྤྱོད་པ་ཡིས། །སྐྱེ་བོ་ཉམ་ཐག་མང་པོ་རྗེས་བཟུང་སྟེ། །ཇི་ལྟར་བཅོམ་ལྡན་འདས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་ཐུགས་རྗེས་བརླན་པའི་ཐུགས་ཀྱིས་སེམས་ཅན་རྣམ་པ་དུ་མ་སེང་གེ་དང་། གླང་པོ་ཆེ་དང་། སྦྲུལ་དང་། མེ་དང་། ཆོམ་རྐུན་དང་། བཅིངས་པ་དང་། ཆུ་དང་། རྒྱལ་པོ་དག་ལས་བསྐྱབས་པ་དེ་བཞིན་དུ་ཁྱོད་ཀྱིས་ཀྱང་དེ་ཁོ་ནའི་ཚུལ་དུ་སེམས་ཅན་ཉམ་ཐག་པ་རྣམས་རྗེས་སུ་བཟུང་ནས་སོ། །དེ་ལྟ་བས་ན་འདིར་སྔ་མས་ནི་སངས་རྒྱས་ཀྱི་ཆོས་ཡོངས་སུ་སྨིན་པར་ བཤད་ལ། ཕྱི་མས་ནི་སེམས་ཅན་ཡོངས་སུ་སྨིན་པར་བཤད་དོ། །དེ་ལྟར་ཚོགས་ཡོངས་སུ་རྫོགས་པ་སྲིད་པ་ཐ་མར་འཁྲུངས་ནས། ནད་ལ་སོགས་པའི་ཆོས་རྣམས་ཡོངས་སུ་སྤངས་ཏེ། འཇིག་རྟེན་རྣམས་ཀྱི་མགོན་པོ་མཛོད་ཅིག །གང་དུ་ཞེ་ན། སངས་རྒྱས་ཀྱི་ཞིང་ཇི་ ལྟར་ཡོངས་སུ་སྦྱངས་པར་འགྱུར་རོ། །ཁྱད་པར་ཇི་ལྟ་བུ་ཅན་ཞིག་ཅེ་ན། སྐུ་ཚེ་དཔག་ཏུ་མེད་པ་སྟེ། བདེ་བ་ཅན་ན་བཅོམ་ལྡན་འདས་སྣང་བ་མཐའ་ཡས་ཇི་འདྲ་བ་དེ་འདྲ་བར་སངས་རྒྱས་པར་གྱིས་ཤིག་ཅེས་བྱ་བའི་ཐ་ཚིག་གོ། །ཡང་ན་ནད་ལ་སོགས་པ་བསལ་ཏེ། སངས་ རྒྱས་ཀྱི་ཞིང་ཡོངས་སུ་སྦྱངས་ནས་ཞེས་བྱ་བ་ཡིན་ཏེ། དེ་ལྟར་ཡོངས་སུ་སྦྱངས་ནས་སངས་རྒྱས་ཀྱི་ཞིང་དེར་འཁྲུངས་པ་དང་སྲིད་པ་ཐ་མ་ལ་མགོན་པོ་མཛོད་ཅིག་ཅེས་བྱ་བ་ཡིན་ནོ། །ཤེས་རབ་ཚུལ་ཁྲིམས་ཞེས་བྱ་བ་ལ་སོགས་པ་ནི། འདི་སྐད་དུ། དེ་ལྟར་སངས་རྒྱས་ཉིད་ཐོབ་ ནས། དུས་ཅི་རན་ཅིག་གིས་སེམས་ཅན་གྱི་དོན་མཐའ་ཡས་པ་མཛད་དེ། སངས་རྒྱས་ཀྱི་ཡོངས་སུ་མྱ་ངན་ལས་འདས་པས་ཡོངས་སུ་མྱ་ངན་ལས་འདས་པ་ཐོབ་པར་གྱིས་ཤིག་ཅེས་སྟོན་པར་བྱེད་དོ། །དེ་ལ་ཤེས་རབ་ཚུལ་ཁྲིམས་གཏོང་འབྱུང་གྲགས་ཆེན་ཞེས་བྱ་བར་སྦྱར་ཏེ། འདི་ ལྟར་བཅོམ་ལྡན་འདས་དེ་ནི་ཤེས་རབ་ཕུན་སུམ་ཚོགས་པ་སྟེ། ངེས་པར་འབྱེད་པའི་ཤེས་རབ་དང་ལྡ