Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 173
Văn bản gốc(Tây Tạng)
Trang 6 / 12 (50.000 ký tự/trang)
ད་ནས་ཅི་སྟེ་མ་སྨྲས་ཁོ་བོ་སྔར་བག་མེད་པར་གྱུར་ཟིན་པས། བག་ཡོད་པས་ ཅི་བྱར་ཡོད་སྙམ་དུ་སེམས་ན་དེའི་ཕྱིར། གང་ཞིག་སྔོན་ཆད་བག་མེད་གྱུར་པ་ལས། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། །འདི་སྐད་དུ། གང་ཞིག་སྔོན་ཆད་བག་མེད་པར་གྱུར་པ་དེ་ཡང་གལ་ཏེ་ཕྱིས་བག་ཡོད་པ་ལ་བརྟེན་ན་དེ་ནི་མཛེས་པ་ཉིད་དེ། དཔེར་ན་ཟླ་བ་སྤྲིན་དང་བྲལ་བ་བཞིན་ནོ་ ཞེས་བཤད་པ་ཡིན་ནོ། །ཅི་སེམས་ཅན་དེ་ལྟ་བུ་འགའ་ཙམ་མཐོང་ངམ་ཞེ་ན། །མཐོང་ངོ་ཞེས་བསྟན་པའི་ཕྱིར། དགའ་བོ་སོར་ཕྲེང་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དགའ་བོ་ཞེས་བྱ་བ་ཤཱཀྱ་གཞོན་ནུ་འདོད་ཆགས་ཆེན་པོ་ཞིག་ཡོད་དེ། དེ་ནི་རང་གི་ཆུང་མ་ལ་ཤིན་ཏུ་ལྷག་ པར་ཆགས་པས་དེ་མེད་པར་ཐང་ཅིག་ཙམ་ཡང་དགའ་བ་མི་མྱོང་ངོ་། །དེ་འདྲ་བ་དེ་དེ་བཞིན་གཤེགས་པས་ཁྱིམ་ནས་ཁྲིད་དེ་རབ་ཏུ་ཕྱུང་ངོ་། །རབ་ཏུ་ཕྱུང་ཡང་ཉིན་དང་མཚན་དུ་དེ་ཁོ་ན་ལ་རྗེས་སུ་རྟོག་པར་བྱེད་ཀྱིས་ཆོས་ལ་ནི་མ་ཡིན་ནོ། །དེ་ལྟ་བུ་ལ་དེ་བཞིན་གཤེགས་པས་དགྲ་བཅོམ་པ་ཉིད་ཐོབ་ པའི་དབང་དུ་མཛད་དོ། །སོར་མོའི་ཕྲེང་བ་ཞེས་བྱ་བ་ནི་བྲམ་ཟེའི་བུ་ཞིག་གོ། །དེ་ནི་བླུན་པོ་ཞིག་སྟེ་འདི་ལྟར་དེས་ཆོས་སུ་འགྱུར་རོ་ཞེས་བྱ་བ་བླ་མའི་ལུང་མཉན་ནས་མི་དགུ་བརྒྱ་དགུ་བཅུ་རྩ་དགུ་བསད་དོ། །དེ་ཡང་ཕྱིས་དེ་བཞིན་གཤེགས་པས་རབ་ཏུ་ཕྱུང་ནས། ཁམས་གསུམ་ལས་འདོད་ཆགས་ དང་བྲལ་བར་གྱུར་ཏོ། །མཐོང་ལྡན་ནི་མ་སྐྱེས་དགྲའོ། །དེ་ནི་ཞེ་སྡང་ཅན་ཞིག་སྟེ། འདི་ལྟར་དེས་མི་དགེ་བའི་གྲོགས་པོ་དང་ཕྲད་པ་དང་། སྔོན་གྱི་ཤ་ཁོན་ཆགས་པས་ཕ་ཆོས་དང་ལྡན་པའི་རྒྱལ་པོ་གསད་དོ། །དེ་ཡང་དགེ་བའི་བཤེས་གཉེན་དེ་བཞིན་གཤེགས་པའི་བསྟན་པ་ཁོ་ན་ལ་བརྟེན་ ནས། དམྱལ་བའི་མེའི་བུད་ཤིང་ལས་ཐར་རོ། །རིགས་ཀྱི་བུ་བདེ་བྱེད་ཡང་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པའི་དབང་གིས་གཞན་གྱི་ཆུང་མ་ལ་ཉལ་པོ་བྱ་བའི་ལེ་ལན་གྱིས་མ་བསད་ནས། དེ་བཞིན་གཤེགས་པའི་བསྟན་པ་ཁོ་ན་ལ་བརྟེན་ཏེ། ཕོ་ལོང་བརྡབས་པ་དང་འདྲ་བར་དམྱལ་བའི་རྡོ་རྗེ་ ལས་ཐར་ཏེ། མཐོ་རིས་ཀྱི་འཇིག་རྟེན་གྱི་བདེ་བ་ཉམས་སུ་མྱོང་བར་གྱུར་ཏོ་ཞེས་གྲགས་ཏེ། དེ་ལྟར་དགའ་བོ་ལ་སོགས་པ་དེ་དག་ཀྱང་སྔོན་བག་མེད་པར་གྱུར་པ་ལས་ཕྱིས་བག་ཡོད་པའི་དབང་གིས་སྡུག་བསྔལ་གྱི་ཁྱད་པར་དེ་དང་དེ་ལས་ཐར་པས། ཁྱོད་ཀྱང་སྔོན་བག་མེད་པར་གྱུར་དུ་ཟིན་ཀྱང་ ཕྱིས་བག་ཡོད་པར་བྱ་དགོས་སོ་ཞེས་བྱ་བ་ཡིན་ནོ། །ཁྱིམ་པ་རྣམས་ལ་མི་འདོད་པ་དུ་མ་འབབ་པའི་དབང་གིས་ཁྲོ་བ་མང་བའི་ཕྱིར་དེ་ལ་འདུན་པ་ལས་བཟློག་པའི་ཆེད་དུ་བཟོད་པ་བསྟན་པའི་ཕྱིར། འདི་ལྟར་བཟོད་མཚུངས་ཐུབ་དཀའ་མ་མཆིས་པས། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །བཟོད་ པ་དང་འདྲ་བའི་དཀའ་ཐུབ་ནི་མེད་ཀྱི་བཟོད་པ་ཁོ་ན་དཀའ་ཐུབ་ཐམས་ཅད་ཀྱི་མཆོག་ཡིན་ཏེ། བཟོད་པ་དཀའ་ཐུབ་དམ་པ་ཞེས་ཚིགས་སུ་བཅད་པ་དེ་དག་བཀའ་སྩལ་པའི་ཕྱིར་རོ། །འདི་སྐད་དུ་བཟོད་པ་དང་ལྡན་པ་ཁོ་ན་དཀའ་ཐུབ་ཅན་ཡིན་གྱི། སེམས་ཁྲོ་བས་ཉམས་པ་ལ་རླུང་དང་ཆུ་དང་རྩ་བ་དང་འབྲས་ བུ་ཟ་ཞིང་ལུས་སྐེམ་པ་དང་། རལ་པ་དང་ལོ་མ་དང་ཤིང་ཤུན་དང་། །ཧྲལ་ཧྲུལ་གྱོན་པ་ནི་མ་ཡིན་ནོ་ཞེས་བཤད་པ་ཡིན་ནོ། །འདི་ལྟར་བཟོད་པ་དང་ལྡན་པས་ནི་ཉོན་མོངས་པ་རྣམས་གདུང་བར་བྱེད་ལ། ཅིག་ཤོས་ཀྱིས་ནི་ལུས་སོ། །ལུས་གདུངས་པ་ཙམ་གྱིས་ནི་བདེ་འགྲོ་ཡང་མི་ཐོབ་ན་ཐར་པ་ ལྟ་ཞིག་སྨོས་ཀྱང་ཅི་དགོས། གང་གི་ཕྱིར། དེ་ལྟར་བཟོད་པ་ཕན་ཡོན་ཆེ་བ་དེ་ཡི་ཕྱིར། །ཁྱོད་ཀྱིས་ཁྲོ་བའི་གོ་སྐབས་དབྱེ་མི་བགྱི། །བཟོད་པའི་ཡོན་ཏན་གཞན་ཡང་བསྟན་པའི་ཕྱིར། །ཁྲོ་བ་སྤངས་པས་ཕྱིར་མི་ལྡོག་པ་ཉིད། །ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། ཁྲོ་བ་སྤངས་པ་གང་གི་དབང་ གིས་ན་འདོད་པའི་ཁམས་སྡུག་བསྔལ་དུ་མ་དང་འབྲེལ་བར་འོང་བར་མི་འགྱུར་བའི་ཕྱིར་མི་ལྡོག་པ་ཉིད་ཀྱང་ཐོབ་སྟེ། གནས་འདི་ལ་ནི་སངས་རྒྱས་ཞལ་གྱིས་བཞེས་སོ། །གཉའ་བོ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་སྟེ། ཇི་སྐད་དུ་བཅོམ་ལྡན་འདས་ཀྱིས་དགེ་སློང་དག་འདི་ལྟ་སྟེ། ཁྲོ་བ་སྤོངས་ཤིག་དང་། ཁྱོད་ཕྱིར་མི་ལྡོག་པའི་གཉའ་བོར་གྱུར་པ་ང་ཡིན་ནོ་ཞེས་བྱ་བ་ལྟ་བུའོ། །དེ་ལ་བཟོད་པ་གང་ཡིན་ཞེ་ན། མི་ཁྲོ་བ་དང་། ཁྲོ་བ་སྐྱེས་ན་ཡང་དེའི་མོད་ཁོ་ན་ལ་ཞི་བར་བྱེད་ཀྱིས་ཞེ་ལ་འཛིན་པར་མི་བྱེད་པ་གང་ཡིན་པའོ། །ད་ལ་ཁྲོ་བ་གང་ཞེ་ན། སེམས་ཅན་དང་སེམས་ཅན་མ་ཡིན་པ་དག་ལས་མི་འདོད་པ་ཉེ་ བར་འབབ་པ་ད་ལྟར་བྱུང་བ་ལ་བརྟེན་ནས། སེམས་གཏུམ་པ་གང་ཡིན་པ་སྟེ། ཚིག་པ་ཟ་བ་ཞེས་ཀྱང་བྱའོ། །བདག་ནི་འདིས་སྤྱོས་ཞེས་བྱ་བ་ལ་སོགས་པས་ནི་བཟོད་པ་ཁོ་ན་སྟོན་ཏོ། །ཁོན་དུ་འཛིན་པའི་ཡུལ་རྣམ་པ་བཞི་སྟེ། འདིས་བདག་སྤྱོས་སོ། །འདིས་བདག་གཏགས་སོ། །འདིས་བདག་ ཕམ་པར་བྱས་སོ། །འདིས་བདག་གི་ནོར་ཕྲོགས་སོ་ཞེས་དེ་ལྟར་ཁོན་དུ་འཛིན་ཅིང་དེ་ལྟར་གཞན་གྱིས་གནོད་པ་བྱས་པ་ཞེ་ལ་འཛིན་ན་ཁྲོ་བའི་ཉེས་རྩོམ་འཁྲུག་ལོང་རྣམས་སྐྱེད་དོ། །གང་གི་སེམས་ལ་དེ་ལྟ་བུར་འཛིན་པ་མེད་ཅིང་ཁོན་དུ་འཛིན་པ་རྣམ་པར་སྤངས་པ་དེ་ནི་སེམས་ཀྱི་སྡུག་བསྔལ་མེད་པའི་ཕྱིར། ། བདེ་བར་གཉིད་ཀྱིས་ལོག་གི །ཅིག་ཤོས་ནི་སེམས་སྡུག་བསྔལ་བར་འགྱུར་བའི་ཕྱིར་སྡུག་བསྔལ་ཞིང་གཉིད་ཀྱིས་ལོག་གོ། །ད་ནི་སེམས་ཅན་ཆུ་དང་ཞེས་བྱ་བ་ལ་སོགས་པས། སེམས་ཅན་སོ་སོའི་སྐྱེ་བོ་ཐམས་ཅད་ལ་ཡང་ཇི་སྐད་བཤད་པའི་དགེ་བ་དང་མི་དགེ་བའི་སེམས་དག་ ཀུན་དུ་འབྱུང་བས། དེ་ལ་ཁྱོད་ཀྱིས་དགེ་བ་ལ་ནི་སེམས་བརྟན་པར་བྱས་ལ། མི་དགེ་བ་ལ་ནི་སེམས་མི་བརྟན་པར་བྱའོ་ཞེས་བྱ་བ་དེ་སྟོན་པར་བྱེད་དོ། །སེམས་ཅན་ཐམས་ཅད་ནི་ཆུ་ལ་རི་མོ་བྲིས་པ་ལྟ་བུ་དང་། ས་ལ་རི་མོ་བྲིས་པ་ལྟ་བུ་དང་། རྡོ་ལ་རི་མོ་བྲིས་པ་རྣམ་པ་གསུམ་སྟེ། དེ་ལྟར་སེམས་ ཅན་རྣམ་པ་གསུམ་དུ་རིག་པར་བྱའོ། །ཆུ་ལ་རི་མོ་བྲིས་པ་ལྟ་བུ་ཡང་ཁ་ཅིག་ནི་མི་དགེ་བ་ལའོ། །ཁ་ཅིག་ནི་དགེ་བ་ལ་སྟེ། རྡོ་ལ་རི་མོ་བྲིས་པའི་བར་ཡང་དེ་དང་འདྲའོ། །དེའི་ནང་ན་ཉོན་མོངས་པ་ཅན་རྣམས་ལ་ནི་དང་པོ་སྟེ། །ཆུ་ལ་རི་མོ་བྲིས་པ་ལྟ་བུ་མཆོག་ཡིན་ལ། ཆོས་འདོད་པ་རྣམས་ཀྱི་ནང་ན་ནི་ ཐ་མ་སྟེ། རྡོ་ལ་རི་མོ་བྲིས་པ་ལྟ་བུ་མཆོག་ཡིན་ནོ། །དེ་བས་ན་ཁྱོད་ཀྱིས་མི་དགེ་བ་ལ་ནི་ཆུ་ལ་རི་མོ་བྲིས་པ་ལྟ་བུར་བྱས་ལ། དགེ་བ་ལ་ནི་རྡོ་ལ་རི་མོ་བྲིས་པ་ལྟ་བུར་བྱའོ་སྙམ་དུ་དགོངས་པ་ཡིན་ནོ། །ཇི་ལྟར་སེམས་ཅན་རྣམས་ཀྱི་སེམས་རྣམ་པ་གསུམ་ཡིན་པ་དེ་བཞིན་དུ་ངག་ཀྱང་རྣམ་པ་གསུམ་མོ་ ཞེས་བསྟན་པའི་ཕྱིར། རྒྱལ་བས་སྙིང་ལ་འབབ་པ་དང་། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྒྱལ་བས་ཚིག་རྣམ་པ་གསུམ་བཀའ་སྩལ་ཏོ་ཞེས་བྱ་བར་སྦྱར་རོ། །དེ་དག་གང་ཞེ་ན། སྦྲང་རྩི་མེ་ཏོག་མི་གཙང་ལྟ་བུའི་ཚིག །ཅེས་བྱ་བ་སྨོས་སོ། །དེ་དག་ཀྱང་སུའི་ཡིན་ཞེ་ན། སྙིང་ལ་འབབ་ དང་བདེན་པ་དང་། །ལོག་པར་སྨྲ་ལྡན་སྐྱེས་བུ་རྣམས་ཀྱིས་ནི། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཚིག་སྙན་པ་ནི་སྦྲང་རྩི་ལྟ་བུ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་སྙིང་ལ་འབབ་ཅིང་དགའ་བར་བྱེད་པས་ན་སྙིང་ལ་འབབ་པ་ཞེས་བྱའོ། །ཚིག་བདེན་པ་ནི་མེ་ཏོག་ལྟོག་ལྟ་བུ་སྟེ། བསྔགས་པར་བྱ་བ་ཡིན་པའི་ ཕྱིར་རོ། །ཚིག་ལོག་པ་ནི་མི་གཙང་བ་ལྟ་བུ་སྟེ། སྨད་པའི་ཕྱིར་ཚིག་གསུམ་པོ་དེ་དག་གི་ནང་ནས། ཚིག་ཐ་མ་ནི་མི་གཙང་བ་ལྟ་བུ་སྟེ། དེ་ཁྱོད་ཀྱིས་སྤང་བར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །སེམས་ཅན་འཁོར་བ་ན་འཁོར་བ་རྣམས་ཀྱི་སྤྱོད་པ་རྣམ་པ་བཞི་སྟེ། དེ་བས་ན་ཁྱོད་ཀྱི་སྤྱོད་པ་མཆོག་ལ་ གནས་པར་བྱའོ་ཞེས་དེ་ལ་སྦྱར་བའི་ཕྱིར། སྣང་ནས་སྣང་བའི་མཐར་ཐུག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། མདོ་ལས་ནི་སྣང་བ་ལས་སྣང་བའི་མཐར་འགྲོ་བ་ཞེས་འབྱུང་ངོ་། །དེ་ལ་སྣང་ནས་སྣང་བའི་མཐར་ཐུག་ཅེས་བྱ་བ་ནི་ལྷ་དང་མིའི་དབང་ཐང་ཆེན་པོ་རྣམས་ཀྱི་ནང་དུ་སྐྱེས་ནས་ཡང་དེ་ཉིད་དུ་སྐྱེ་བ་ གང་ཡིན་པའོ། །མུན་པ་ནས་མུན་པའི་མཐའ་ཞེས་བྱ་བ་ནི་ངན་འགྲོ་འམ་མི་དབང་ཐང་ཆུང་ངུ་རྣམས་ཀྱི་ནང་དུ་སྐྱེས་ནས་ཡང་དེ་ཉིད་དུ་སྐྱེ་བ་གང་ཡིན་པའོ། །སྣང་ནས་མུན་མཐར་ཐུག་ཅེས་བྱ་བ་ནི་ལྷ་དང་མི་དབང་ཐང་ཆེན་པོ་རྣམས་ཀྱི་ནང་དུ་སྐྱེས་ནས། ངན་སོང་གསུམ་དང་མི་དབང་ ཐང་ཆུང་བ་རྣམས་ཀྱི་ནང་དུ་སྐྱེ་བ་གང་ཡིན་པ་སྟེ་དཔེར་ན་འཇུངས་དགའ་ལྟ་བུའོ། །མུན་ནས་སྣང་བའི་མཐར་ཐུག་ཅེས་བྱ་བ་ནི་ངན་སོང་གསུམ་དང་མི་དབང་ཐང་ཆུང་ངུ་རྣམས་ཀྱི་ནང་དུ་སྐྱེས་ནས་ལྷའི་འཇིག་རྟེན་དང་མི་དབང་ཐང་ཆེན་པོ་རྣམས་ཀྱི་ནང་དུ་སྐྱེ་བ་གང་ཡིན་པ་སྟེ། དཔེར་ན་ལྷའི་བུ་སྦལ་པ་ ལྟ་བུའོ། །དེ་དག་ནི་གང་ཟག་བཞི་སྟེ། དེ་དག་གི་ནང་ནས་དང་པོ་མཛད་དེ་སྣང་བ་ནས་སྣང་བར་འགྲོ་བར་མཛོད་ཅིག་ཅེས་བྱ་བའི་དོན་ཏོ། །ད་ནི་ཁྱིམ་པ་རྣམས་ནི་སེམས་ཅན་མང་པོ་དང་འགྲོགས་དགོས་ཏེ། དེ་བས་ན་དེ་དག་ལ་ཇི་ལྟར་རིགས་པར་བསྒྲུབ་པར་བསྟན་པའི་ཕྱིར། དེ་དག་གི་སྤྱོད་པའི་ཁྱད་ པར་བསྟན་པ་ལ། མི་ནི་ཨ་མྲའི་འབྲས་བཞིན་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཨ་མྲའི་འབྲས་བུ་ནི་རྣམ་པ་བཞི་སྟེ། ལ་ལ་ནི་མ་སྨིན་ཡང་ཕྱི་རོལ་ནས་སྨིན་པ་ལྟ་བུར་སྣང་ངོ་། །ལ་ལ་ནི་སྨིན་ཡང་སྔོན་པོའི་ངོ་བོ་དང་མ་བྲལ་བས་མ་སྨིན་པ་ལྟ་བུར་སྣང་ངོ་། །ལ་ལ་ནི་མ་སྨིན་ལ་མ་སྨིན་པ་ཉིད་དུ་སྣང་ངོ་། ། ལ་ལ་ནི་སྨིན་ལ་སྨིན་པ་ཉིད་དུ་སྣང་ངོ་། །དེ་དང་འདྲ་བར་གང་ཟག་ཀྱང་རྣམ་པ་བཞིར་རིག་པར་བྱ་སྟེ། དེ་ལ་དང་པོ་ནི་བསམ་པ་ཉམས་ལ་སྦྱོར་བ་ཕུན་སུམ་ཚོགས་པ་ཡིན་ནོ། །གཉིས་པ་ནི་སྦྱོར་བ་ཉམས་ལ་བསམ་པ་ཕུན་སུམ་ཚོགས་པ་ཡིན་ནོ། །གསུམ་པ་ནི་གཉི་ག་ཉམས་པ་ཡིན་ནོ། །བཞི་པ་ནི་ གཉི་ག་ཕུན་སུམ་ཚོགས་པ་ཡིན་ནོ། །དེ་ཁྱིམ་པ་རྣམས་ལ་ནི་འདོད་པས་ལོག་པར་གཡེམ་པ་སྤང་དཀའ་བའི་ཕྱིར། དེ་ཡང་གཞན་གྱི་ཆུང་མ་མཐོང་བ་སྔོན་དུ་འགྲོ་བ་ཅན་ཡིན་པས་དེ་ལས་བཟློག་པའི་ཕྱིར། གཞན་གྱི་ཆུང་མ་མི་ལྟ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། མདོ་ལས་ནི་བཙུན་པ་བུད་ མེད་ལ་ཇི་ལྟར་བསྒྲུབ་པར་བགྱི་ཞེས་གསོལ་བ་དང་། ཀུན་དགའ་བོ། །མི་ལྟ་བས་སོ་ཞེས་བཀའ་སྩལ་ཏོ། །འདིར་ནི་ཁྱིམ་པའི་སྐབས་ཡིན་པས་གཞན་གྱི་ཆུང་མ་ཞེས་བཤད་དོ། །འོན་ཏེ་ཇི་ལྟར་མཐོང་བར་གྱུར་ན། དེ་ལ་ཡང་མ་དང་བུ་མོ་དང་། སྲིང་མོའི་འདུ་ཤེས་བསྐྱེད་པར་ བྱའོ། །དེ་ཡང་བབ་ཅོལ་དུ་མ་ཡིན་གྱི། འོན་ཀྱང་ན་ཚོད་དང་མཐུན་པར་རོ། །དེ་ལྟར་བསམས་ཀྱང་གལ་ཏེ་འདོད་ཆགས་སྐྱེ་བ་ལྟ་ན་ཆགས་པས་ཆགས་པར་གྱུར་ན་བུད་མེད་དེ་ལ་དྲི་ང་བ་དང་སྒོ་དགུ་དོད་པ་དང་ཞེས་བྱ་བ་ལ་སོགས་པ་ཇི་སྐད་འཆད་པར་འགྱུར་བ་ལྟ་བུར་མི་གཙང་བ་ཉིད་དུའང་ཡང་ དག་པར་བསམ་པར་བགྱིའོ། །གལ་ཏེ་མི་གཙང་བ་ཉིད་དུ་བསམས་སུ་ཟིན་ཡང་གཙང་བའི་སེམས་བྱུང་ན། དེའི་ཚེ་ཇི་ལྟར་བྱ་ཞེ་ན་སེམས་བསྲུང་བར་བྱའོ་ཞེས་བསྟན་པའི་ཕྱིར་རོ། །གཡོ་བའི་སེམས་ནི་ཐོས་མཚུངས་བུ་ལྟ་བུར། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་སྐད་དུ། ཇི་ལྟར་ འཇིག་རྟེན་ན་ཐོས་པ་ལ་སོགས་པ་དོན་ཆེན་པོ་ཉིད་ཀྱིས་བསྲུང་བ་དེ་ཁོ་ན་བཞིན་དུ་ཁྱོད་ཀྱིས་སེམས་བསྲུང་བར་བྱའོ་ཞེས་བཤད་པ་ཡིན་ནོ། །འདིར་ཡང་བསྲུངས་ན་བདེ་བ་ཐོབ་པར་འགྱུར་ཏེ། བཅོམ་ལྡན་འདས་ཀྱིས་འདི་སྐད་དུ། །སེམས་དུལ་བ་ནི་བདེ་བ་འཐོབ། །ཅེས་གསུངས་པ་ལྟ་བུའོ། ། གཞན་ཡང་གདུག་པ་ལ་སོགས་པ་བཞིན་དུ་འདོད་པའི་བདེ་བ་དག་ལ་ཡིད་འབྱུང་བར་གྱིས་ཤིག །དེ་ལ་གདུག་པ་ནི་སྦྲུལ་ལོ། །དེ་ནི་མ་རུངས་པ་ཉིད་ཀྱིས་ཡིད་འབྱུང་བའི་རྒྱུ་ཡིན་པས་སོ། །དུག་ནི་གསོད་པར་བྱེད་པའི་བདག་ཉིད་ཀྱིས་སོ། །མཚོན་ནི་སྡུག་བསྔལ་བསྐྱེད་པའི་རྒྱུ་ཉིད་ཀྱིས་སོ། །དགྲ་ བོ་ནི་བདེ་བའི་གེགས་བྱེད་པའི་རྒྱུ་ཉིད་ཀྱིས་སོ། །མི་ནི་གདུང་བར་བྱེད་པའི་རྒྱུ་ཉིད་ཀྱིས་སོ། །ཡུལ་རྣམས་ཀྱང་བདག་དང་གཞན་ལ་གནོད་པའི་རྒྱུ་ཉིད་ཀྱིས་གདུག་པ་བཞིན་དུ་མ་རུངས་པ་ཡིན་ནོ། །དགེ་བའི་ལས་ཆུད་གཟོན་པར་བྱེད་པ་ཉིད་ཀྱིས་དུག་བཞིན་དུ་གསོད་པར་བྱེད་པའི་བདག་ཉིད་ཡིན་ནོ། ། ངན་སོང་འདྲེན་པར་བྱེད་པའི་ཕྱིར་མཚོན་བཞིན་དུ་སྡུག་བསྔལ་བསྐྱེད་པའི་རྒྱུ་ཡིན་ནོ། །ལྷ་དང་མིའི་ཕུན་སུམ་ཚོགས་པ་ཐག་སྲིང་བར་བྱེད་པའི་ཕྱིར་དགྲ་བོ་བཞིན་དུ་བདེ་བའི་གེགས་བྱེད་པའི་རྒྱུ་ཡིན་ནོ། །འགྱོད་པ་བསྐྱེད་པའི་ཕྱིར་མེ་བཞིན་དུ་གདུང་བར་བྱེད་པའི་རྒྱུ་ཡིན་ནོ། །དེ་བས་ན་འདོད་པའི་ བདེ་ལ་ཡིད་འབྱུང་མཛོད། །གཞན་ཡང་འདོད་པ་རྣམས་ནི་ཕུང་བ་སྐྱེད་པར་བྱེད་པ་སྟེ། དེའི་ཕྱིར་ཡང་འདོད་པའི་བདེ་བ་དག་ལ་ཡིད་འབྱུང་བར་གྱིས་ཤིག །ཡང་ན་ཅིའི་ཕྱིར་འདོད་པའི་བདེ་བ་ཉམས་སུ་མྱོང་བ་དག་ལ་གདུག་པ་ལ་སོགས་པ་བཞིན་དུ་ཡིད་འབྱུང་བར་བྱ་ཞེ་ན། འདོད་པ་རྣམས་ནི་ཕུང་བ་སྐྱེད་ པ་སྟེ་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ནི་ཞེས་བྱ་བའི་སྒྲ་ནི་གང་གི་ཕྱིར་ཞེས་བྱ་བའི་དོན་ཏོ། །དེ་དག་ནི་ཉེ་བར་སྤྱོད་པའི་དུས་ན་བདེ་བ་སྐྱེད་མོད་ཀྱིས། འོན་ཀྱང་མཇུག་ཏུ་ཕུང་བསྐྱེད་པར་བྱེད་པ་ཁོ་ན་ཡིན་པས་མཁས་པ་རྣམས་ཀྱིས་ཁ་ཟས་དུག་ཅན་བཞིན་སྤང་བར་བྱ་བ་ཁོ་ན་ཡིན་ནོ། །འདི་ལྟར་འདོད་པ་ རྣམས་ནི་དང་པོ་དགའ་བར་བྱེད་པ་ཉིད་ཀྱི་ཕྱིར་དང་ཐ་མར་ཡོངས་སུ་གདུང་བར་བྱེད་པ་ཉིད་ཀྱི་ཕྱིར། རྒྱལ་བའི་དབང་པོས་ཀིམྤའི་འབྲས་འདྲར་གསུངས། །དཔེར་ན་ཀིམྤའི་འབྲས་བུ་ཤུན་པ་ཙམ་ཞིག་བཟང་གི་ནང་ངན་པ་དང་འདྲའོ། །གཞན་ཡང་འདོད་པ་རྣམས་ནི་འཁོར་བར་འཆིང་བའི་རྒྱུར་ གྱུར་པའི་ཕྱིར་ཡང་སྤང་བར་བྱ་བ་ཁོ་ན་ཡིན་ནོ་ཞེས་དེ་སྟོན་པར་བྱེད་དེ། དེའི་ལྕགས་སྒྲོག་གིས་འཁོར་བའི་བཙོན་རར་འཇིག་རྟེན་འདི་དག་བཅིངས་ཞེས་བྱ་བ་ནི་ཡུལ་གྱི་ལྕགས་སྒྲོག་གི་འཁོར་བའི་བཙོན་རར་སེམས་ཅན་གྱི་འཇིག་རྟེན་འདི་བཅིངས་སོ་ཞེས་བྱ་བ་ཡིན་ནོ། །ད་ནི་གང་ཞིག་དབང་ པོ་ཚར་གཅོད་པར་བྱེད་པ་དེ་སྔགས་པའི་སྒོ་ནས་དེ་ལ་སྲན་བསྐྱེད་པའི་ཕྱིར། གང་དག་དབང་པོ་དྲུག་ཡུལ་རྣམས་ལ་ནི། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཡུལ་དང་ཕྲད་ནས་འགྱུར་བའི་ཕྱིར་དེ་ལ་མི་བརྟན་པ་ཞེས་བྱའོ། །ཡུལ་ལ་མངོན་པར་འདོད་པ་ཉིད་ཀྱིས་གཡོ་བ་ཡིན་ནོ། །གང་དག་ ཅི་དབང་པོ་དྲུག་པོ་དེ་དག་ལས་རྒྱལ་བར་བྱེད་པ་དང་གང་དག་ཅིག་འཐབ་མོའི་གཡུལ་ངོར་དགྲའི་ཚོགས་ལས་རྒྱལ་བར་བྱེད་པ་དེ་དག་ལས་མཁས་ཤིང་མཛངས་པ་རྣམས་ནི། དང་པོ་དབང་པོ་ལས་རྒྱལ་བར་བྱེད་པ་གང་དག་ཡིན་པ་དཔའ་རབ་ལེགས་པར་འཚལ་ཏེ་འདོད་དོ་ཞེས་བྱ་བའི་ཐ་ ཚིག་གོ། །འདི་ལྟར་དུད་འགྲོ་ཡང་གཡུལ་ལས་རྒྱལ་བར་སྣང་སྟེ། དེ་དག་གིས་དབང་པོ་ལས་རྒྱལ་བར་བྱ་བར་མི་ནུས་སོ། །གང་ཡང་མི་གཙང་བ་ཉིད་དུ་འང་ཡང་དག་བསམ་པར་བགྱི་ཞེས་བཤད་པ་དེ་བསྟན་པའི་ཕྱིར། བུད་མེད་གཞོན་ནུའི་ལུས་ནི་ལོགས་ཤིག་ཏུ། །ཞེས་བྱ་བ་ ལ་སོགས་པ་སྨོས་སོ། །དེ་ལ་ལུས་ཞེས་བྱ་བའི་སྒྲ་ནི་ལུས་དྲི་ང་བ་ཞེས་བྱ་བ་ལ་སོགས་པའི་ཚུལ་དུ་རེ་རེ་དང་སྦྱར་བར་བྱའོ། །འདིར་ལུས་ནི་དྲི་ང་བ་དང་། དབྱིབས་དང་། མི་གཙང་བའི་རྟེན་དང་ངོམས་མི་ཤེས་པ་དང་། ཁོང་ན་སྙིང་པོ་མེད་པའི་སྒོ་ནས་བཟང་པོ་མ་ཡིན་པ་ རྣམ་པ་ལྔ་སྨོས་སོ། །དེ་བས་ན་བུད་མེད་གཞོན་ནུའི་ལུས་འདི་ལྟ་བུ་ཡང་ལོགས་ཤིག་ཏུ་ལྟོས་ལ། རྒྱན་ཡང་ལོགས་ཤིག་ཏུ་ལྟོས་ཤིག་དང་དེ་ནས་འདོད་ཆགས་ཀྱི་མེ་ཞི་བར་འགྱུར་གྱི། གང་གི་ཚེ་རྒྱན་རྣམས་དང་། ལུས་གཅིག་ཏུ་ཟླུམ་སྟེ་བལྟས་པ་དེའི་ཚེ་ནི་འདོད་ཆགས་ཀྱི་མེ་མཆེད་པ་ཁོ་ནར་ འགྱུར་བས་ཁྱོད་ཀྱིས་དེ་ལྟར་བལྟ་བར་མི་བྱའོ་སྙམ་དུ་དགོངས་པ་ཡིན་ནོ། །གཞན་ཡང་ངོམས་པར་བྱ་བའི་ཕྱིར་ལུས་ལ་ཉེ་བར་སྤྱོད་པར་འདོད་ན། འདོད་པ་རྣམས་ལ་ནི་བསྐལ་པ་བརྒྱ་ཕྲག་ཏུ་ཡང་ངོམས་པ་མེད་པས་དེ་དག་བསྟེན་ཏེ་ཅི་བྱ་ཞེས་བསྟན་པའི་ཕྱིར། ཇི་ལྟར་མཛེ་ཅན་སྲིན་བུས་ཉེན་པ་ན། ། ཞེས་བྱ་བ་ལ་སོགས་པ་སྨོས་སོ། །ཇི་ལྟར་མཛེ་ཅན་སྲིན་བུས་བཙུགས་པ་བསལ་བའི་ཕྱིར་མི་བསྟེན་ཀྱང་ཞི་བར་མི་འགྱུར་བ་དེ་བཞིན་དུ་བྱིས་པ་དག་འདོད་པའི་གདུང་བ་བསལ་བའི་ཕྱིར་ཡུལ་རྣམས་བསྟེན་ཀྱང་ངོམས་པར་མི་འགྱུར་གྱི་རྣམ་པར་ཉམས་པར་འགྱུར་བ་འབའ་ཤིག་ཏུ་ཟད་དེ། འདི་ནི་རེ་ཞིག་ འདོད་པའི་འདོད་ཆགས་རྣམ་པར་གནོན་པའི་སྦྱོར་བ་བཤད་པ་ཡིན་ནོ། །འདི་ཙམ་གྱིས་ནི་དེ་ཀུན་དུ་འཆད་པ་མ་ཡིན་པས་ཁྱོད་དེ་ཀུན་དུ་གཅད་པར་འདོད་ན་ལམ་འདི་བསྒོམ་པར་བྱའོ་ཞེས་བསྟན་པའི་ཕྱིར་རོ། །དོན་དམ་གཟིགས་པར་བགྱི་སླད་དངོས་རྣམས་ལ། །ཞེས་བྱ་བ་ལ་སོགས་པ་སྨོས་ ཏེ། དོན་དམ་པར་ནི་ཆོས་རྣམས་ཀྱི་ངོ་བོ་ཉིད་ཕྱིན་ཅི་མ་ལོག་པའོ། །དེ་མཐོང་བར་བྱ་བའི་ཕྱིར་ཏེ། དེའི་ཡུལ་ཅན་གྱི་ཡེ་ཤེས་བསྐྱེད་པའི་ཕྱིར་ཞེས་བྱ་བའི་དོན་ཏོ། །དངོས་རྣམས་ལ། ཚུལ་བཞིན་ཡིད་ལ་བགྱིད་པ་དེ། །ཞེས་བྱ་བ་ནི་གཟུགས་ལ་སོགས་པ་ཕུང་པོའི་དངོས་པོ་རྣམས་ལ་དམིགས་ ནས་ཚུལ་བཞིན་ཡིད་ལ་བྱེད་པ་སྟེ། དོན་དམ་པའི་ཡེ་ཤེས་སྐྱེ་བ་དང་། མཐུན་པའི་ཡིད་ལ་བྱེད་པ་ཞེས་བྱ་བའི་ཐ་ཚིག་གོ། །འདིར་ཡིད་ལ་བྱེད་པ་སྨོས་པས་ནི་སེམས་དང་སེམས་ལས་བྱུང་བའི་ཚོགས་མཐའ་དག་བཟུང་སྟེ། འདིར་གཙོ་བོ་བསྟན་པ་མཛད་པ་ཡིན་ནོ། །ཡིད་ལ་བྱ་བ་དེ་ གོམས་མཛོད། །ཅེས་བྱ་བ་ནི་ཕྱིན་ཅི་མ་ལོག་པའི་ཚུལ་དུ་ཡང་དང་ཡང་མངོན་དུ་བྱས་ནས་མནོས་ཤིག་ཅེས་བྱ་བའི་ཏོ། །དེ་ལྟར་བསྒོམས་ཏེ་ཅི་ཞིག་བྱ་ཞེ་ན། དེ་དང་འདྲ་བར་ཡོན་ཏན་ལྡན་པ་ཡི། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དོན་དམ་པའི་ཡེ་ཤེས་བསྐྱེད་ཅིང་ཉོན་མོངས་པ་ཉེ་བར་ཞི་བའི་རིམ་གྱིས་ སེམས་ཅན་རྣམས་མྱ་ངན་ལས་འདའ་བའི་བདེ་བ་དང་སྤྲོད་པར་བྱེད་པ་གང་ཡིན་པ་འདི་ནི་ཡོན་ཏན་དང་ལྡན་པའི་ཆོས་ཡིན་ཏེ། འདི་དང་འདྲ་བའི་ཆོས་གཞན་ནི་འཇིག་རྟེན་ན་འགའ་ཡང་མེད་པས་འདི་ཁོ་ན་ཆོས་ཐམས་ཅད་པས་ཡོན་ཏན་དང་ལྡན་པ་ཡིན་ནོ། །ཡིད་ལ་བྱེད་པ་དེ་ཡང་ངེས་པར་འབྱུང་ བའི་ཆ་དང་མཐུན་པའི་གནས་སྐབས་ན་མི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་དང་བདག་མེད་པའི་རྣམ་པ་ཅན་ཡིན་པར་རིག་པར་བྱ་སྟེ། དེ་ནི་འཕགས་པའི་ལམ་སྐྱེ་བ་དང་། མཐུན་པ་ཡིན་ནོ། །ད་ནི་ཤེས་རབ་འདིའི་ཆེ་བའི་བདག་ཉིད་བརྗོད་པའི་ཕྱིར། སྐྱེས་བུ་རིགས་གཟུགས་ཐོས་དང་ ལྡན་རྣམས་ཀྱང་། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རིགས་དང་ལྡན་བ་རྒྱལ་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་ལ་སོགས་པར་སྐྱེས་པ་དང་ལྡན་པ་གང་དག་ཡིན་པ་དང་། གཟུགས་དང་ཁ་དོག་དང་། དབྱིབས་དང་མཚན་ཕུན་སུམ་ཚོགས་པ་གང་དག་ཡིན་པ་དང་། ཐོས་པ་དང་ལྡན་པ་བསྟན་བཅོས་ ཐམས་ཅད་ལ་འཇིགས་པ་མེད་པ་གང་དག་ཡིན་པ་དེ་དག་ཀྱང་གལ་ཏེ་ཇི་སྐད་བཤད་པའི་ཤེས་རབ་དང་ཚུལ་ཁྲིམས་དང་བྲལ་བ་འཇིག་རྟེན་ན་བཀུར་བ་མ་ཡིན་ཞིང་། གུས་པར་བྱ་བ་མ་ཡིན་ལ། ཡིད་བརྟན་པར་བྱ་བ་ཡང་མ་ཡིན་གྱིས། རིགས་ལ་སོགས་པ་མེད་དུ་ཟིན་ཀྱང་ཤེས་རབ་དང་ཚུལ་ ཁྲིམས་དང་ལྡན་ན་མཆོད་པར་བྱ་བ་ཁོ་ན་ཡིན་པས། འདི་ཁོ་ན་ལ་འབད་པར་བྱའི། རིགས་ལ་སོགས་པས་ང་རྒྱལ་ནི་མི་བྱའོ་སྙམ་དུ་དགོངས་པ་ཡིན་ནོ། །འཇིག་རྟེན་མཁྱེན་པ་རྙེད་དང་མ་རྙེད་དང་། །ཞེས་བྱ་བ་ལ་སོགས་པས་ནི་འཕགས་པའི་ལམ་སྐྱེ་བ་དང་མཐུན་པ་ཁོ་ན་སྟོན་པར་བྱེད་ དོ། །འཇིག་རྟེན་གྱི་ཆོས་ལ་གནས་པ་ལ་འཕགས་པའི་ལམ་སྐྱེ་བ་མེད་པའི་ཕྱིར། འདིས་གདོན་མི་ཟ་བར་འཇིག་རྟེན་གྱི་ཆོས་རྣམས་ལ་མཉམ་པ་ཉིད་རྙེད་དོ། །འདིར་འཇིག་རྟེན་གྱི་ཆོས་ནི་རྙེད་པ་མ་རྙེད་པ་ལ་སོགས་པ་ལ་དམིགས་པའི་ཡིད་བདེ་བ་དང་ཡིད་མི་བདེ་བ་ཡིན་གྱི། རྙེད་པ་ལ་ སོགས་པ་ནི་མ་ཡིན་ཏེ། འཕགས་པ་རྣམས་ལ་ཡང་མངའ་བའི་ཕྱིར་རོ། །དེ་ལྟ་བས་ན་དམིགས་པའི་དབང་གིས་འཇིག་རྟེན་གྱི་ཆོས་རྣམ་པ་བརྒྱད་ཉིད་ཡིན་པར་རིག་པར་བྱའོ། །དེ་ལ་མི་སྙན་པ་དང་སྨད་པ་ནི་ལྐོག་དང་ལྐོག་མ་ཡིན་པའི་བྱེ་བྲག་ལས་རིག་པར་ བྱའོ། །འཇིག་རྟེན་གྱི་ཆོས་བརྒྱད་པོ་འདི་དག་མགོ་སྙོམས་མཛོད་ཅེས་བྱ་བ་ནི་ཡིད་བདེ་བ་དང་ཡིད་མི་བདེ་བ་མ་བསྐྱེད་ཅེས་བྱ་བའི་ཐ་ཚིག་གོ། །དེ་ཉིད་ཀྱི་ཡིད་ཀྱི་ཡུལ་མ་ཡིན་པར་འགྱུར་ཏེ། །གང་གི་ཕྱིར་དེ་དག་གི་གཞི་ཅན་གྱི་ཉོན་མོངས་པ་འདིའི་སེམས་འཁྲུག་པར་བྱེད་པ་རྣམས་སྐྱེ་བར་འགྱུར་བ་ལྟ་ བུར། རྙེད་པ་དང་མ་རྙེད་པ་ལ་སོགས་པ་འདི་ཡུལ་གྱི་དངོས་པོར་མི་འགྱུར་རོ། །གཞན་ཡང་འཇིག་རྟེན་ན་ཆོས་མ་ཡིན་པ་ཡང་ཆོས་སུ་གྲགས་ཏེ། དེ་ལས་ལྡོག་པའི་ཕྱིར་རོ། །ཁྱོད་ཀྱིས་བྲམ་ཟེ་དགེ་སློང་ལྷ་དང་ནི། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཁྱོད་ཀྱིས་དགེ་སློང་དང་བྲམ་ཟེ་དང་ལྷ་ དང་མགྲོན་དང་མ་ལ་སོགས་པ་འདི་དག་གི་དོན་དུ་སྡིག་པ་མི་བྱའོ། །ཅིའི་ཕྱིར་ཞེ་ན། དམྱལ་བའི་རྣམ་སྨིན་སྐལ་ནོད་འགའ་མ་མཆིས། །ཞེས་བྱ་བ་སྨོས་ཏེ། འདི་དག་གི་དོན་དུ་སྡིག་པ་བྱས་པ་ཡང་ཁྱོད་ཁོ་ན་དམྱལ་བའི་སྡུག་བསྔལ་དང་སྦྱོར་བར་བྱེད་ཀྱིས། མ་ལ་སོགས་པ་དེ་དག་དམྱལ་བའི་ སྡུག་བསྔལ་གྱི་སྐལ་བ་ལེན་པར་མི་བྱེད་དོ། །གལ་ཏེ་བྲམ་ཟེ་ལ་སོགས་པའི་དོན་དུ་སྡིག་པ་བྱས་པ་རྣམ་པར་སྨིན་པ་མི་འདོད་པ་ཅན་དུ་གྱུར་ན། ཅིའི་ཕྱིར་དེའི་མོད་ལ་རྣམ་པར་སྨིན་པར་མི་འགྱུར་སྙམ་དུ་སེམས་ན། སྡིག་པའི་ལས་རྣམས་སྤྱད་པ་འགའ་ཡང་ནི། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་ སྐད་དུ་སྡིག་པའི་ལས་ཀྱིས་དེའི་མོད་ཁོ་ན་ལ་མཚོན་ཆ་བཞིན་དུ་གཅོད་པར་མི་བྱེད་མོད་ཀྱི། འོན་ཀྱང་འཆི་བའི་དུས་ལ་བབ་པ་ན་སྡིག་པའི་ལས་ཀྱི་འབྲས་བུ་མངོན་པར་འགྱུར་རོ་ཞེས་བཤད་པ་ཡིན་ནོ། །དུས་དེའི་ཚེ་དགེ་བ་དང་མི་དགེ་བའི་ལས་གང་བྱས་པ་དེ་མངོན་དུ་འགྱུར་ཏེ། དཔེར་ན་ཕྱེམ་རེད་ཀྱི་དུས་སུ་ རི་བརྩེགས་པ་རྣམས་ཀྱི་གྲིབ་སོ་འབབ་པ་ལྟ་བུ་ཡིན་ནོ། །དེ་མཐོང་ནས་ཁ་ཅིག་ནི་བཞིན་མདངས་གསལ་བཞིན་དུ་འཆིའོ། །གཞན་དག་ནི་བཞིན་གྱི་མདོག་ངན་པར་གྱུར་ནས་འཆིའོ། །དེ་དག་ཁོ་ན་ལ་དམིགས་ནས་འཆི་འཕོ་བའི་སེམས་ཀྱི་མཇུག་ཐོགས་སུ་ཉིང་མཚམས་སྦྱོར་བའི་སེམས་འབྱུང་ སྟེ། །དེའི་ཚེ་ན་ལས་ཀྱི་རྣམ་པར་སྨིན་པ་སྨིན་པར་འགྱུར་རོ། །འབྲས་བུ་ནི་རྣམ་པར་སྨིན་པའོ། །དེ་ལྟར་འཇིག་རྟེན་གྱི་ཆོས་རྣམས་དང་ཕྲལ་ཏེ། འཕགས་པའི་ཆོས་ལ་དགོངས་པར་བཞེད་ནས་དད་དང་ཚུལ་ཁྲིམས་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ལ་དད་པ་ནི་ལས་དང་འབྲས་བུ་དང་བདེན་པ་ དང་དཀོན་མཆོག་ལ་མངོན་པར་ཡིད་ཆེས་པའོ། །ཚུལ་ཁྲིམས་ནི་མི་དགེ་བ་སྤོང་བ་ཡང་དག་པར་ལེན་པའོ། །དེ་ཡང་སྡོམ་པ་རྣམ་པ་བརྒྱད་དུ་རིག་པར་བྱའོ། །འདི་ལྟ་སྟེ། དགེ་སློང་གི་སྡོམ་པ་དང་། དགེ་སློང་མའི་སྡོམ་པ་དང་། དགེ་སྦྱོང་གི་སྡོམ་པ་དང་། དགེ་སྦྱོང་མའི་སྡོམ་པ་དང་། དགེ་ བསྙེན་གྱི་སྡོམ་པ་དང་། དགེ་བསྙེན་མའི་སྡོམ་པ་དང་། བསྙེན་གནས་ཀྱི་སྡོམ་པའོ། །གཏང་བ་ནི་མཆོད་པ་དང་ཕན་འདོགས་པར་འདོད་པས་ཅི་རིགས་པར་དངོས་པོ་གཏོང་བ་གང་ཡིན་པའོ། །ཐོས་པ་ནི་དགེ་བའི་བསམ་པས་ཐར་པ་དང་། མཐུན་པའི་ཆོས་མཉན་པ་དང་འཛིན་པའོ། །དྲི་ མེད་ཅེས་སྨོས་པས་ནི་ཐོས་པ་རྣམ་པར་བྱང་བ་ཉིད་དུ་སྟོན་ཏོ། །ངོ་ཚ་ཤེས་པ་ནི་བདག་གི་དབང་དུ་བྱས་ནས། ཁ་ན་མ་ཐོ་བས་འཛེམ་པ་གང་ཡིན་པའོ། །ཁྲེལ་ཡོད་པ་ནི་གཞན་གྱི་དབང་དུ་བྱས་ནས་ཁ་ན་མ་ཐོ་བས་མཛེམ་པ་གང་ཡིན་པ་དང་། ཤེས་རབ་ནི་ཆོས་རྣམས་ཀྱི་རང་དང་སྤྱིའི་མཚན་ཉིད་རབ་ཏུ་ རྣམ་པར་འབྱེད་པར་ཞུགས་པ་གང་ཡིན་པའོ། །དེ་དག་ནི་ནོར་བདུན་ལགས་པར་ཐུབ་པས་གསུངས་ཏེ། ཟག་པ་མེད་པའི་བདེ་བའི་རྒྱུ་ཡིན་པའི་ཕྱིར་དང་ཐུན་མོང་མ་ཡིན་པའི་ཕྱིར་རོ། །གསེར་ལ་སོགས་པ་འཇིག་རྟེན་ན་གྲགས་པའི་ནོར་གཞན་ནི། དོན་མ་མཆིས་ཤིང་གསོབ་དང་ཡ་མ་བརླ་སྟེ། ཉོན་ མོངས་པ་ཉེ་བར་ཞི་བའི་རྒྱུ་མ་ཡིན་པའི་ཕྱིར་དང་། ཐུན་མོང་ཡིན་པའི་ཕྱིར་རོ། །དེ་ལྟར་འཕགས་པའི་ནོར་བསགས་པར་བཤད་ནས་དེ་ཆུད་མི་ཟ་བའི་ཐབས། རྒྱན་པོ་འགྱེད་དང་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ལ་རྒྱན་པོ་འགྱེད་པ་ནི་ཆོ་ལོའི་རྒྱན་པོ་འགྱེད་པ་ལ་སོགས་པ་རྣམ་པ་དུ་མའོ། ། འདུས་པ་ལ་ལྟ་བ་ནི་དགའ་སྟོན་ལ་སོགས་པ་ལ་སྐྱེ་བོ་ཕལ་པོ་ཆེ་འདུས་པའོ། །ལེ་ལོ་ནི་དགེ་བ་བྱས་པ་དག་ལ་མི་སྤྲོ་བའོ། །སྡིག་པའི་གྲོགས་པོ་ནི་གང་ཟག་གང་ལ་བརྟེན་ནས་དགེ་བ་ལ་མི་འཇུག་ལ་མི་དགེ་བ་ལ་ནི་འཇུག་པར་འགྱུར་བའོ། །ཆང་ནི་བཅོས་པའི་ཆང་དང་སྦྱར་བའི་ཆང་ངོ་། ། མཚན་མོ་རྒྱུ་བ་ནི་ཉི་མ་ནུབ་པ་དང་ཁྱིམ་གཞན་དང་གྲོང་གཞན་ལ་སོགས་པར་འགྲོ་བའོ། །དྲུག་པོ་དེ་དག་ནི་ངན་སོང་བ་ཡིན་ཏེ། དེ་དག་ལ་བརྟེན་ནས་ལོངས་སྤྱོད་དང་། འཚོ་བ་དང་དགེ་བའི་ཆོས་ཉམས་པར་འགྱུར་བའི་ཕྱིར་རོ། །ངན་སོང་གི་རྒྱུ་ལ་ངན་སོང་ཞེས་བྱ་སྟེ། དཔེར་ན་ ན་སྨན་ལ་ཚེ་ཞེས་བྱ་བ་ལྟ་བུའོ། །མདོ་ལས་ནི་ཁྱིམ་བདག་གི་བུ་དྲུག་པོ་འདི་དག་ནི་ངན་སོང་གི་སྒོ་ཡིན་ནོ་ཞེས་གསུངས་ཏེ། དེར་ནི་རྒྱུའི་དོན་ཡིན་པར་གསལ་བ་ཁོ་ནར་གོའོ། །གྲགས་པ་ཉམས་པར་འགྱུར་བ་ཞེས་བྱ་བ་འདིས་ནི་དེ་དག་གི་ཉེས་དམིགས་གཞན་སྟོན་ཏོ། །གང་གི་ཕྱིར་དེ་ལྟར་ ཡིན་པས་དེ་དག་ལྷག་པར་སྤྱོད་པ་ཡོངས་སུ་སྤང་བའི་སྒོ་ནས་སྤོངས་ཤིག །ཡང་ཕྱིའི་ནོར་གྱི་གཉེན་པོར་ཀུན་ནས་ཉོན་མོངས་པ་མེད་པའི་ཐབས་གཞན་བསྟན་པའི་ཕྱིར། ནོར་རྣམས་ཀུན་གྱི་ནང་ན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གསེར་ལ་སོགས་པ་ཕྱིའི་ནོར་ཐམས་ཅད་པས་ནི་ཆོག་ཤེས་པའི་ ནོར་རབ་མཆོག་སྟེ། ཁྱད་པར་དུ་འཕགས་པ་ཡིན་པར་གསུངས་སོ། །སུས་ཤེས་ན་ལྷ་མིའི་སྟོན་པས་ཏེ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཞེས་བྱ་བའི་ཐ་ཚིག་གོ། །གང་གི་ཕྱིར་བཅོམ་ལྡན་འདས་ཀྱིས་དེ་སྐད་དུ་གསུངས་པ་དེའི་ཕྱིར་དེ་བཞིན་གཤེགས་པའི་བཀའི་རྗེས་སུ་འབྲངས་པ་ཁྱོད་ ཀྱིས་ཆོག་ཤེས་པར་གྱིས་ཤིག་སྙམ་དུ་དགོངས་པ་ཡིན་ནོ། །ཆོག་ཤས་པ་ལ་ཡོན་ཏན་ཅི་ཞིག་ཡོད་ཅེ་ན། ཆོག་མཁྱེན་ན། ནོར་མི་བདོག་ཀྱང་ཡང་དག་འབྱོར་པ་ལགས། །ཞེས་བྱ་བ་སྨོས་ཏེ། ན་ཞེས་བྱ་བ་ནི་གང་གི་ཕྱིར་ཞེས་བྱ་བའི་དོན་ཏོ། །ནོར་མི་བདོག་པ་ནི་གསེར་ལ་སོགས་པའི་ ནོར་མེད་པས་སོ། །དེ་ཡང་ཆོག་ཤེས་པས་ཡང་དག་པར་འབྱོར་པ་ཡིན་ཏེ། ནོར་གྱི་འབྲས་བུ་ནི་ཆོག་ཤེས་པ་ཡིན་པའི་ཕྱིར། གལ་ཏེ་ནོར་མེད་དུ་ཟིན་ཀྱང་ཆོག་ཤེས་ན་དབུལ་བཞིན་དུ་ཡང་ནོར་དང་ལྡན་པ་ཁོ་ན་ཡིན་པར་རིག་པར་བྱའོ། །ཆོག་ཤེས་པ་ཡང་གང་ཡིན་ཞེ་ན། གང་ཞིག་འདས་ པ་ལ་རྗེས་སུ་མྱ་ངན་མི་བྱེད། མ་འོངས་པ་ལ་མངོན་པར་འདོད་པ་མི་བྱེད། ད་ལྟར་བྱུང་བ་ལ་ལྷག་པར་ཆགས་པ་མེད་པ་དེའི་ཆོས་གང་ཡིན་པ་སྟེ། དེས་ན་འདི་ལ་ཆོག་ཤེས་པ་ཞེས་བྱའོ། །དེ་ལྟར་ཆོག་ཤེས་པའི་ཡོན་ཏན་བཤད་ནས། ཆོག་མི་ཤེས་པ་རྣམས་ཀྱི་ཉེས་དམིགས་བསྟན་པའི་ ཕྱིར། དེས་པ་བདོག་མང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེས་པ་ཞེས་བྱ་བ་ནི་བོད་པ་ཡིན་ནོ། །སྣོད་སྤྱོད་པ་ལ་སོགས་པ་ཡོ་བྱད་མང་པོ་བདོག་པ་རྣམས་ཇི་ལྟར་བསྲུང་བ་དང་སྦ་བ་ལ་སོགས་པ་དང་། ཆུད་ཟོས་ན་ཡང་སྡུག་བསྔལ་སྐྱེ་བ་ལྟར་ཡོ་བྱད་མང་པོ་མི་བདོག་པ་རྣམས་ལ་ནི་དེ་ལྟར་མ་ཡིན་ནོ། ། ཇི་ལྟར་ཤེས་ཤེ་ན། ཀླུ་མཆོག་རྣམས་ཀྱི་མགོ་བོ་ཇི་སྙེད་པ། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དཔེར་ན་ཀླུ་གང་ལ་མགོ་བོ་བདུན་ཡོད་པ་དེ་ལ་དེ་དག་ལས་བྱུང་བའི་སྡུག་བསྔལ་ཡང་དེ་སྙེད་ཁོ་ན་ཡོད་ལ། གང་ལ་གསུམ་ཡོད་པ་དེ་ལ་ནི་ཆེས་ཉུང་ངུ་ཡོད། གང་ལ་གཅིག་ཡོད་པ་དེ་ལ་ནི་ཆེས་ཤིན་ཏུ་ཉུང་ངུ་ ཡོད་པ་དེ་བཞིན་དུ། བདོག་པའི་ཁྱད་པར་གྱིས་སྡུག་བསྔལ་གྱི་ཁྱད་པར་རིག་པར་བྱའོ། །ཁྱིམ་ན་གནས་པ་རྣམས་ལ་བུད་མེད་ཡོངས་སུ་བཟུང་བ་མི་འགལ་བའི་ཕྱིར་དེ་དག་གི་སྐྱོན་དང་ཡོན་ཏན་དཔྱད་པས་ཀུན་ནས་ཉོན་མོངས་པ་མེད་པའི་ཐབས་བསྟན་པའི་ཕྱིར། རང་བཞིན་དགྲར་འབྲེལ་ཞེས་ བྱ་བ་ལ་སོགས་པ་སྨོས་ཏེ། རང་བཞིན་གྱིས་དགྲ་དང་འབྲེལ་ཞིང་ལྡན་པ་ཞེས་བྱ་བའི་ཐ་ཚིག་གོ། །ཆུང་མ་དེ་འདྲ་བ་ནི་གཤེད་མ་ལྟ་བུ་ཡིན་ཏེ། དེ་བས་ན་སྤང་བར་བྱའོ། །དེ་ལས་རང་བཞིན་གྱིས་དགྲ་ནི་གང་ཞིག་སྐྱེས་པ་གསོད་པར་འདོད་པའོ། །ཁྱིམ་ཐབ་བརྙས་བགྱིད་ཅེས་བྱ་བ་ནི་ཁྱོད་ ལ་བརྙས་པ་བྱེད་པས་ན་ཁྱིམ་ཐབ་བརྙས་བགྱིད་དེ། བུད་མེད་དེ་འདྲ་བ་ནི་ཇོ་མོ་དང་མཚུངས་པས་དེ་ཡང་སྤང་བར་བྱ་བ་ཁོ་ན་ཡིན་ནོ། །ཆུང་མ་གང་ཞིག་ཆུང་ངུ་རྐུ་བ་དེ་ཡང་ཆོམ་རྐུན་མ་ལྟ་བུ་ཡིན་པས་སྤང་བར་བྱ་བ་ཁོ་ན་ཡིན་ནོ། །འོ་ན་ཆུང་མ་ཅི་འདྲ་བ་ཅིག་བླང་བར་བྱ་ཞེ་ན། སྲིང་མོ་ལྟ་བུར་རྗེས་ མཐུན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཇི་ལྟར་སྲིང་མོ་མིང་པོའི་རྗེས་སུ་མཐུན་ཞིང་དེའི་ཚིག་ཁྱད་དུ་མི་གསོད་པ་དེ་བཞིན་དུ། ཆུང་མ་ཁྱོའི་རྗེས་སུ་མཐུན་པ་གང་ཡིན་པ་དེ་ནི་བཀུར་བ་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །ཇི་ལྟར་མཛའ་བོ་མཛའ་མོའི་སྙིང་ལ་འབབ་ཅིང་རིམ་གྲོར་བྱ་བའི་ཁྱད་པར་དེ་དང་དེས་སྙིང་ དགའ་བ་དེ་བཞིན་དུ། ཁྱོའི་སྙིང་ལ་འབབ་པའི་ཆུང་མ་གང་ཡིན་པ་དེ་ཡང་བཀུར་བ་ཁོ་ན་ཡིན་ནོ། །ཇི་ལྟར་མ་བུ་ལ་ལུས་དང་སེམས་ཀྱི་སྡུག་བསྔལ་དང་བྲལ་བར་འདོད་པས་ཕན་པར་འདོད་ཅིང་ཕན་པར་འདོད་པའི་ངང་ཚུལ་ཅན་ཡིན་པ་དེ་བཞིན་དུ་ཁྱོ་ལ་ཕན་པར་འདོད་པའི་ཆུང་མ་གང་ཡིན་པ་དེ་ཡང་བཀུར་པ་ཁོ་ ན་ཡིན་ནོ། །བྲན་མོ་བཞིན་དུ་དབང་བསྒྱུར་གང་ཡིན་པ་སྟེ་ཇི་ལྟར་བྲན་མོ་དགའ་མགུར་བྱར་ཡོད་པ་ཉིད་ཀྱི་དབང་དུ་འགྱུར་བ་དེ་བཞིན་དུ་ཁྱོའི་དབང་དུ་འགྱུར་བའི་ཆུང་མ་གང་ཡིན་པ་དེ་ནི་བཀུར་བ་ཁོ་ན་ཡིན་ནོ། །ཆུང་མ་བཞི་པོ་དེ་དག་ནི་རིགས་ཀྱི་ལྷ་ཞེས་བྱ་སྟེ། རིགས་མི་ཉམས་པའི་ རྒྱུ་ཡིན་པའི་ཕྱིར་རོ། །འདི་མན་ཆད་ནི་ཏིང་ངེ་འཛིན་ལ་སྦྱར་བའི་ཕྱིར། བསམ་གཏན་གྱི་སྦྱོར་བ་སྟོན་ཏོ། །བསམ་གཏན་ལ་གཅེས་པའི་ཆོས་ནི་གཉིས་ཏེ། ཟས་ཀྱི་ཚོད་ཟིན་པ་དང་། མི་ཉལ་བར་བརྩོན་པའོ། །དེ་ལ་རེ་ཞིག་ཟས་ཀྱི་ཚོད་ཟིན་པའི་དབང་དུ་བྱས་ནས། ཁ་ཟས་སྨན་དང་འདྲ་བར་ རིགས་པ་ཡིས། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ལུས་ནི་རྨ་ལྟ་བུ་ཡིན་པའི་ཕྱིར་རོ། །དཔེར་ན་སྨན་ཧ་ཅང་ཡང་ཉུང་ངུ་མ་ཡིན་ཧ་ཅང་མང་པོ་ཡང་མ་ཡིན་པར་བཏང་ན། དེ་ལྟ་ན་ཕན་ཐོགས་པར་འགྱུར་བ་དེ་བཞིན་དུ་ཟས་ཀྱང་ཧ་ཅང་ཉུང་ངུ་ཡང་མ་ཡིན་ཧ་ཅང་མང་པོ་ཡང་མ་ཡིན་པར་བསྟན་ པར་བྱ་སྟེ། དེ་ལྟ་ན་ལུས་ཀྱང་བསྟན་པར་འགྱུར་ལ། གནོད་པ་ཡང་བསྐྱེད་པར་མི་འགྱུར་རོ། །དོན་འདི་ཉིད་རིགས་པ་ཡིས་ཞེས་བྱ་བ་འདིས་སྟོན་པར་བྱེད་དོ། །འདོད་ཆགས་ཞེ་སྡང་མེད་པར་བསྟེན་བགྱི་སྟེ། །ཞེས་བྱ་བ་ནི་དེ་ཙམ་དུ་བཟའ་བ་གང་ཡིན་པ་དེ་ཡང་འདོད་ཆགས་དང་ཞེ་སྡང་དག་ དང་མ་འབྲེལ་བར་བྱའོ་ཞེས་བྱ་བའི་དོན་ཏོ། །ཇི་ལྟར་ཞེ་ན་དེ་བསྟེན་པ་ཡང་། རྒྱགས་ཕྱིར་མ་ལགས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྒྱགས་པར་འདོད་པ་གང་ཞིག་རྒྱགས་པར་བྱའོ་སྙམ་པ་དང་འཚག་པར་བྱའོ་སྙམ་ནས་ཟས་ཟ་བ་གང་ཡིན་པ་དེ་ནི་འདོད་ཆགས་ཀྱིས་ཟ་བ་ཡིན་ནོ། །གང་ཞིག་ བསྙེམས་པའི་ཕྱིར་ཟ་བ་དེ་ནི། བསྙེམས་པའི་འབྲས་བུ་དེ་ནི་གཞན་ལ་གནོད་པར་བྱེད་པ་ཡིན་པའི་ཕྱིར་ཞེ་སྡང་གིས་ཟ་བ་ཡིན་ནོ། །དེ་ལ་རྒྱགས་པ་ནི་འདོད་ཆགས་ཀྱི་རྒྱུ་ལུས་དང་སེམས་ཀྱི་འགྱུར་བ་འགའ་ཁོ་ན་ཡིན་ནོ། །འཚག་ནི་ཡན་ལག་དང་ཉིང་ལག་རྒྱས་པའོ། །བསྙེམས་པ་ནི་ཉམས་ སྟོབས་སོ། །དེ་དག་མེད་པར་ལུས་གནས་པ་འབའ་ཞིག་གི་ཕྱིར་ཏེ། སྲོག་གི་དབང་པོ་ཡོངས་སུ་གཟུང་བའི་ཕྱིར་ཞེས་བྱ་བའི་ཐ་ཚིག་གོ། །མི་ཉལ་བར་བརྩོན་པའི་དབང་དུ་བྱས་ནས་རིགས་པའི་བདག་ཉིད་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་རིགས་པའི་བདག་ཉིད་ནི་དགེ་བ་ལ་མངོན་པར་ བརྩོན་པ་ལ་བྱའོ། །དགེ་བ་ལ་སྦྱོར་བས་ཉིན་པར་མཐའ་དག་འདས་ནས་ཏེ། འདས་པར་བྱས་ནས་སོ། །ཡོངས་སུ་རྫོགས་པར་བྱས་ནས་ཞེས་བྱ་བའི་ཐ་ཚིག་སྟེ། བཅོམ་ལྡན་འདས་ཀྱིས་ཇི་སྐད་དུ། ཉིན་པར་འཆག་པ་དང་། འདུག་པ་དག་གིས་སྒྲིབ་པར་འགྱུར་བའི་ཆོས་རྣམས་ལས་ སེམས་ཡོངས་སུ་སྦྱོང་བར་བྱེད་དོ། །ཡོངས་སུ་སྦྱངས་ནས་ཞེས་གསུངས་པ་ལྟ་བུ་ཡིན་ནོ། །མཚན་མོའི་ཐུན་གྱི་སྟོད་སྨད་ཅེས་བྱ་བ་ནི་རིགས་པའི་བདག་ཉིད་ཀྱིས་ཉིན་མོ་ཁོ་ན་འདའ་བ་འབའ་ཞིག་ཏུ་མ་ཟད་དོ། །འོ་ན་ཅི་ཞེ་ན། རིགས་པའི་བདག་ཉིད་ཀྱིས་མཚན་མོ་ཡང་ཆ་སྟོད་དང་ཆ་སྨད་འདས་ནས་ཏེ། བཅོམ་ ལྡན་འདས་ཀྱིས་ཇི་སྐད་དུ་མཚན་མོའི་ཐུན་དང་པོ་ལ་འཆག་པ་དང་། འདུག་པ་དག་གིས་སྒྲིབ་པར་འགྱུར་བའི་ཆོས་རྣམས་ལས་སེམས་ཡོངས་སུ་སྦྱོང་བར་བྱེད་དོ། །ཡོངས་སུ་སྦྱངས་ནས་ཐུན་པར་མ་ལ་གཙུག་ལག་ཁང་གི་ཕྱི་རོལ་དུ་རྐང་པ་བཀྲུས་ཏེ། གཙུག་ལག་ཁང་དུ་ཞུགས་ནས་གློ་གཡས་ པ་ཕབ་སྟེ། རྐང་པའི་ཐོག་ཏུ་རྐང་པ་བཞག་ལ། དྲན་པ་དང་ལྡན་ཞིང་ཤེས་བཞིན་དུ་སེང་གེའི་གཟིམས་ཐབས་སུ་ཉལ་བར་བྱེད་དོ། །དེ་ཐུན་ཐ་མ་ལ་མྱུར་བ་མྱུར་བར་ལངས་ནས་འཆག་པ་དང་འདུག་པ་དག་གིས་སྒྲིབ་པར་འགྱུར་བའི་ཆོས་རྣམས་ལས་སེམས་ཡོངས་སུ་སྦྱོང་བར་བྱེད་དོ་ཞེས་ གསུངས་པ་ལྟ་བུ་ཡིན་ནོ། །དེ་དག་བར་དུ་མནོལ་ཞེས་བྱ་བ་ནི་ཐུན་དང་པོ་དང་ཐུན་ཐ་མ་དག་གི་བར་གྱི་ཐུན་གང་ཡིན་པ་དེར་ཉོལ་ཅིག་ཅེས་བྱ་བའི་ཐ་ཚིག་གོ། །དེ་ཡང་གྱི་ན་ཉལ་བར་བྱ་བ་མ་ཡིན་ནོ། །འོན་ཀྱང་རིང་པོར་མི་ཐོགས་པར་ལངས་ལ་དགེ་བ་བྱའོ་སྙམ་པའི་དྲན་པ་དང་ལྡན་པར་བྱ་སྟེ། དེ་ ལྟ་བུའི་དྲན་པ་ཉེ་བར་བཞག་ནས་ཞེས་བྱ་བའི་དོན་ཏོ། །ཅིའི་ཕྱིར་ཞེ་ན། མནལ་ཚེའང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་སྐད་དུ་ལུས་དགེ་བ་ལ་སྦྱོར་བཟོད་པར་བྱས་ནས་ལངས་ཏེ། དགེ་བ་བྱའོ་སྙམ་པ་དེ་ལྟ་བུས་ཉལ་བ་ནི་གཉིད་ལོག་ཀྱང་དགེ་བའི་སེམས་པ་སྔོན་དུ་གཏོང་བའི་ཕྱིར། དགེ་ བ་ཁོ་ན་སྐྱེ་བར་འགྱུར་བས་དུས་དེ་ན་ཡང་ཚེ་དོན་མེད་པར་མི་འགྱུར་རོ་ཞེས་བཤད་པ་ཡིན་ནོ། །དེ་ལྟར་ལུས་དང་སེམས་ལས་སུ་རུང་བར་བྱས་ནས། བསམ་གཏན་གྱི་སྦྱོར་བའོ་ཞེས་བསྟན་པའི་ཕྱིར། བྱམས་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བྱམས་པ་ལ་སོགས་པ་ནི་བསམ་གཏན་ གྱི་སྦྱོར་བ་ཡིན་ཏེ། དེ་དག་ལ་གོམས་པས་བསམ་གཏན་དང་པོ་ལ་སོགས་པ་སྐྱེ་བའི་ཕྱིར་རོ། །དེ་ལ་བྱམས་པར་བྱེད་པས་ན་བྱམས་པ་སྟེ། སྡུག་པར་བྱེད་ཅེས་བྱ་བའི་དོན་ཏོ། །སྙིང་རྗེ་བར་བྱེད་པས་ནི་སྙིང་རྗེ་སྟེ། སྡུག་བསྔལ་བར་མི་བྱེད་ཅེས་བྱ་བའི་དོན་ཏོ། །དགའ་ བར་བྱེད་པས་ན་དགའ་བ་སྟེ། རངས་པར་བྱེད་ཅེས་བྱ་བའི་དོན་ཏོ། །རིགས་པར་ལྟ་བས་ན་བཏང་སྙོམས་ཏེ། ཕྱོགས་སུ་མ་ལྷུང་བར་ལྟ་ཞེས་བྱ་བའི་དོན་ཏོ། །བྱམས་པ་གང་ཡིན་ཞེ་ན། སེམས་ཅན་རྣམས་ལ་བདེ་བ་དང་སྤྲོད་པའི་རྣམ་པར་ཞུགས་པའོ། །སྙིང་རྗེ་ནི་སྡུག་བསྔལ་དང་བྲལ་བའི་ རྣམ་པར་ཞུགས་པའོ། །དགའ་བ་ནི་བདེ་བ་དང་མི་འབྲལ་བའི་རྣམ་པར་ཞུགས་པའོ། །བཏང་སྙོམས་ནི་བར་མ་གནས་པའི་རྣམ་པར་ཞུགས་པ་སྟེ། བྱམས་པ་ལ་སོགས་པའི་ཆོས་བཞི་པོ་དེ་དག་རྟག་ཏུ་བསྒོམ་པར་བྱའོ། །དེ་ལ་རེ་ཞིག་བྱམས་པ་བསྒོམ་པར་འདོད་པ་ནི་ཚུལ་ཁྲིམས་ཡོངས་སུ་ སྦྱངས་ནས། ཕྱོགས་དབེན་པ་ཞིག་ཏུ་སྟན་བདེ་བ་ལ་འདུག་ཅིང་སངས་རྒྱས་ལ་སོགས་པའི་ཡོན་ཏན་རྗེས་སུ་དྲན་པས་སེམས་བཟང་པོ་བསྐྱེད་དེ། གང་ཟག་ཡོན་ཏན་དང་ལྡན་པ་བཀུར་སྟི་བྱ་བར་འོས་པ། བླ་མ་ལྟ་བུའི་གནས་ཞིག་ལ་དད་པ་བསྐྱེད་ནས་སྐྱེས་བུ་དམ་པ་འདི་བདེ་བར་གྱུར་ཅིག་སྙམ་པའི་ ཡིད་ལ་བྱེད་པ་འཇུག་པར་བྱེད་དེ། ཇི་སྲིད་དུ་འདིའི་སེམས་ཆུང་ངུ་བྱུང་བ་དེ་སྲིད་དུ་འཇུག་པར་བྱེད་དོ། །དེ་ནས་གང་ཟག་སྡུག་པ་ལ་སེམས་གཏོད་པར་བྱེད་དེ། དེ་ལ་ཡང་ཇི་སྲིད་དུ་འདི་ལ་གང་ཟག་སྔ་མ་དང་མཉམ་པའི་སེམས་སྐྱེས་པ་དེ་སྲིད་དུ་སེམས་གཏོད་པར་བྱེད་དོ། །དེ་ནས་གང་ཟག་ཐ་མ་ལ་ གཏོད་པར་བྱེད་དེ། དེ་སྲིད་དུ་གང་ཟག་ཐ་མ་གཉིས་དང་མཉམ་པའི་སེམས་སྐྱེས་པ་དེ་སྲིད་དུ་གཏོད་པར་བྱེད་དོ། །དེ་ནས་གང་ཟག་མི་སྡུག་པ་ལ་སེམས་གཏོད་པར་བྱེད་དེ། དེ་ལ་ཡང་དེ་སྲིད་དུ་གཏོད་པར་བྱེད་དོ། །གལ་ཏེ་འདི་ལ་གང་ཟག་ཤ་ཁོན་ཅན་ཞིག་ཡོད་ན་དེ་ལ་འདི་བདེ་བར་གྱུར་ཅིག་ སྙམ་པའི་སེམས་སྐྱེད་པར་བྱེད་དེ། དེ་ལ་ཡང་ཇི་སྲིད་དུ་སྔ་མ་དག་དང་ལྷན་ཅིག་ཏུ་སྙམ་པའི་སེམས་སྐྱེས་པ་དེ་སྲིད་དུ་སྐྱེད་པར་བྱེད་དེ། འདི་ཙམ་གྱིས་ན་འདིའི་བྱམས་པའི་སེམས་ཀྱིས་རྣམ་པར་གྲོལ་བ་མཚམས་ཐ་དད་པ་བསྒོམ་པ་ཡིན་ནོ། །དེ་ཕྱིན་ཆད་ནི་ཕྱོགས་ཁྱབ་པར་བྱེད་པའི་དབང་གིས་ ཡིད་ལ་བྱེད་པར་རིག་པར་བྱ་སྟེ། བཅོམ་ལྡན་འདས་ཀྱི་ཇི་སྐད་དུ་དེ་བྱམས་པ་དང་ལྡན་པའི་སེམས་ཁོ་ན་མེད་པ་འགྲན་ཟླ་མེད་པས་ཕྱོགས་གཅིག་ཏུ་མོས་ནས་ཁྱབ་པར་བྱ་སྟེ། རྫོགས་པར་བྱས་ནས་གནས་སོ་ཞེས་བྱ་བའི་བར་རྒྱས་པར་གསུངས་པ་ལྟ་བུ་ཡིན་ནོ། །སྙིང་རྗེ་ནི་གང་ཟག་སྡུག་བསྔལ་བ་ མགོན་མེད་པ་སྐྱབས་མེད་པ་ལ་དམིགས་ནས་རིམ་པ་འདི་ཉིད་ཀྱིས་འཇུག་པར་བྱའོ། །དགའ་བ་ནི་གང་ཟག་སྡུག་པ་ལ་དམིགས་ནས་རིམ་པ་འདི་ཉིད་ཀྱིས་བསྒྲུབ་པར་བྱའོ། །བཏང་སྙོམས་ནི་གང་ཟག་ཐ་མལ་པ་ལ་དམིགས་ནས་རིམ་གྱིས་སེམས་ཅན་ཐམས་ཅད་ལ་འཇུག་པར་བྱ་སྟེ། དེ་ལྟར་ རྟག་ཏུ་བྱམས་པ་དང་། སྙིང་རྗེ་དང་དགའ་བ་དང་བཏང་སྙོམས་བསྒོམ་པར་བྱའོ། །ཡང་བྱམས་པ་ལ་སོགས་པ་དེ་ལྟར་བསྒོམས་པ་རྣམས་ཀྱི་འབྲས་བུ་ཅི་ཞིག་ཡིན་ཞེ་ན། །གོང་མ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་སྐད་དུ་བྱམས་པ་ལ་སོགས་པ་དེ་ལྟར་བསྒོམས་པས་ནི་མྱ་ངན་ལས་འདས་པ་འཐོབ་ པར་འགྱུར་རོ། །འོན་ཏེ་ཇི་ཞིག་ལྟར་མྱ་ངན་ལས་འདས་པ་མ་ཐོབ་ན་འོན་ཀྱང་ཚངས་པའི་འཇིག་རྟེན་བདེ་བ་ཐོབ་པར་འགྱུར། གཟུགས་ཀྱི་ཁམས་སུ་འདོད་པའི་ཁྲོ་བའི་ཡོངས་སུ་གདུང་བ་དང་བྲལ་བའི་བསམ་གཏན་སྐྱོན་མེད་པ་ཞི་བ་ཉམས་སུ་མྱོང་བར་འགྱུར་རོ་ཞེས་བཤད་པ་ཡིན་ནོ། །དེ་ལྟར་ བྱམས་པ་ལ་སོགས་པ་ཡོངས་སུ་གྲུབ་པས་བསམ་གཏན་བཞི་འཐོབ་པོ་ཞེས་བསྟན་པའི་ཕྱིར། འདོད་སྤྱོད་ཅེས་བྱ་བ་ལ་སོགས་པ་སྨོས་སོ། །འདི་ལྟར་རྣམ་པར་སྤངས་ཞེས་བྱ་བའི་སྒྲས་ནི་འདོད་པ་རྣམ་པར་སྤངས་པ་དང་། སྤྱོད་པ་རྣམ་པར་སྤངས་པ་དང་། དགའ་བ་རྣམ་པར་སྤངས་ པ་དང་། བདེ་བ་དང་སྡུག་བསྔལ་བ་རྣམ་པར་སྤངས་པ་ཞེས་བྱ་བ་རེ་རེ་དང་སྦྱར་ཏེ། དེ་དག་ནི་གོ་རིམས་བཞིན་དུ་བསམ་གཏན་བཞི་ཡིན་ནོ། །བསམ་གཏན་བཞི་པོ་དེ་དག་ཐོབ་པས། འབྲས་བུ་ཅི་ཞིག་ཐོབ་པར་འགྱུར་ཞེ་ན། རྣམ་པར་སྨིན་པའི་འབྲས་བུ་བསྟན་པའི་ཕྱིར། ཚངས་དང་ འོད་གསལ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བསམ་གཏན་དང་པོ་བསྒོམས་པས་ནི་ཚངས་རིས་ཀྱི་ལྷ་རྣམས་དང་སྐལ་བ་མཉམ་པར་སྐྱེ་བར་འགྱུར་རོ། །གཉིས་པས་ནི་འོད་གསལ་བ་རྣམས་དང་ངོ་། །གསུམ་པས་ནི་དགེ་རྒྱས་པ་རྣམས་དང་ངོ་། །བཞི་པས་ནི་འབྲས་བུ་ཆེ་བའི་ལྷ་རྣམས་དང་ སྐལ་པ་མཉམ་པར་སྐྱེ་བར་འགྱུར་རོ། །དེ་ལ་བསམ་གཏན་དང་པོ་ལ་སོགས་པ་འདོད་པ་རྣམ་པར་སྤང་བ་ལ་སོགས་པ་ནི་མདོའི་རྗེས་སུ་འབྲང་བ་ཁོ་ནས་རིག་པར་བྱའོ། སྤྱོད་པ་རྣམ་པར་སྤངས་པས་ནི་རྟོག་པ་མེད་པ་ཡང་བཤད་པ་ཡིན་ཏེ། གང་ན་སྤྱོད་པ་མེད་པ་དེ་ན་ གདོན་མི་ཟ་བར་རྟོག་པ་ཡང་མེད་པས་སོ། །བདེ་བ་དང་སྡུག་བསྔལ་རྣམ་པར་སྤངས་པས་ནི་བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པའི་ཚོར་བ་སྟོན་པར་བྱེད་དོ། །ད་ནི་འདོད་པ་ན་སྤྱོད་པའི་དགེ་བ་དང་མི་དགེ་བ་རྣམས་ཀྱི་ལྕི་ཡང་གི་བྱེ་བྲག་བསྟན་པའི་ཕྱིར། རྟག་དང་མངོན་ པར་ཞེན་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། དེ་ལ་ལས་ཀྱི་ལྕི་བ་ཉིད་ནི་རྒྱུ་བཞི་པོ་སྦྱོར་བའི་ཁྱད་པར་དང་། བསམ་པའི་ཁྱད་པར་དང་། གཉན་པོའི་ཁྱད་པར་དང་། གཞིའི་ཁྱད་པར་གྱི་སྒོ་ནས་བཤད་དོ། །དེ་ལ་སྦྱོར་བའི་ཁྱད་པར་ནི་ལས་ཆུང་ངུ་ལ་ཡང་དུས་རིང་མོ་ཞིག་ཏུ་སྦྱར་བའི་ཕྱིར་རོ། ། ལས་དུས་ཡུན་ཐུང་ངུ་ཡང་ཉོན་མོངས་པ་དང་། རབ་ཏུ་དང་བ་དྲག་པོ་དང་ལྡན་པའི་བསམ་པའི་ཁྱད་པར་ལས་ལྕི་བར་འགྱུར་རོ། །ལས་བྱས་པ་ཡང་གཉེན་པོ་སྟོབས་དང་ལྡན་པས་ཟིལ་གྱིས་མནན་ན་ཉམ་ཆུང་ངུར་འགྱུར་ལ། ལས་དེ་ཉིད་གཉེན་པོ་མེད་པར་གྱུར་ན་སྟོབས་དང་ལྡན་ པར་འགྱུར་རོ། །གཞི་ནི་རྣམ་པ་གཉིས་ཏེ་ཡོན་ཏན་དང་ལྡན་པ་དང་། ཕན་འདོགས་པའོ། །དེ་ལ་ཡོན་ཏན་དང་ལྡན་པ་ནི་དཀོན་མཆོག་གསུམ་དང་། གང་ཟག་འགོག་པ་ལས་ལངས་པ་ལ་སོགས་པ་ཁ་ཅིག་གོ། །ཕན་འདོགས་པ་ནི་ཕ་དང་མ་དག་དང་གཞན་ཡང་ཕན་པ་ཁྱད་པར་ཅན་འདོགས་ པ་དཔེར་ན། ཤ་བཀྲ་བ་དང་དོམ་དང་སྤྲེའུ་ལ་སོགས་པ་ལྟ་བུའོ། །དེ་ལྟར་ན་དགེ་བ་དང་མི་དགེ་བའི་ལས་རྣམ་པ་ལྔ་པོ་དེ་ནི་འབྲས་བུ་ངེས་པ་དང་། མང་པོ་འབྱིན་པའི་ཕྱིར་ཆེན་པོ་སྟེ། དེ་ལས་ཁྱོད་ཀྱིས་མི་དགེ་བ་ཡོངས་སུ་སྤངས་ཏེ། དགེ་བ་སྤྱད་པ་ལ་བརྩོན་པར་བགྱིའོ། །ལན་ཚྭ་སྲང་ འགས་ཞེས་བྱ་བ་ལ་སོགས་པས་ནི། ལས་ཆུང་ངུ་ནི་མང་པོའི་སྟོབས་དང་ལྡན་པས་ཟིལ་གྱིས་གནོན་པར་འགྱུར་ཞེས་སྟོན་པར་བྱེད་དོ། །བསྡུས་པའི་དོན་ནི་དེ་བས་ན། ཁྱོད་ཀྱི་དགེ་བ་ནི་ཉུང་ངུ་མི་དགེ་བ་ནི་མང་དུ་བྱས་ནས་འཇིགས་པ་མེད་པར་ཡང་མི་བྱ་ལ། དགེ་བ་ནི་མང་དུ་མི་དགེ་ བ་ནི་ཉུང་ངུ་བྱས་ནས་ཧ་ཅང་སྐྲག་པར་ཡང་མི་བྱའོ་ཞེས་བྱ་བ་ཡིན་ནོ། །ཡན་ལག་གི་དོན་ནི་རྟོགས་པར་སླའོ། །ད་ནི་རྒོད་དང་འགྱོད་དང་ཞེས་བྱ་བ་ལ་སོགས་པས་བསམ་གཏན་དང་། རྣམ་པར་ཐར་པ་དང་འགལ་བའི་ཆོས་རྣམས་སྟོན་པར་བྱེད་དོ། །དེ་དག་འབད་དེ་རྣམ་པར་སྤང་བར་བྱ་ བའི་ཕྱིར་རོ། །རྒོད་པ་དང་འགྱོད་པ་ནི་སྒྲིབ་པ་གཅིག་ཡིན་ནོ། །གནོད་སེམས་ནི་གཉིས་པ་ཡིན་ནོ། །རྨུགས་པ་དང་གཉིད་ནི་གསུམ་པ་ཡིན་ནོ། །འདོད་པ་ལ་འདུན་པ་ནི་བཞི་པ་ཡིན་ནོ། །ཐེ་ཚོམ་ནི་ལྔ་པ་ཡིན་ནོ། །དེ་དག་ནི་སྒྲིབ་པ་ལྔ་ཡིན་ཏེ། བསམ་གཏན་དང་རྣམ་པར་ཐར་པའི་ ལམ་ལ་སྒྲིབ་པའི་ཕྱིར་རོ། །དེ་ལ་རྒོད་པ་ནི་སེམས་རྣམ་པར་མ་ཞི་བ་སྟེ། ཡིད་མི་འབྱུང་བ་ཞེས་བྱ་བའི་ཐ་ཚིག་གོ། །འགྱོད་པ་ནི་ངན་པར་བྱས་པ་ལ་དམིགས་པའི་སེམས་ལ་གཅགས་པ་སྟེ། ཕྱིས་མི་དགའ་བ་ཞེས་བྱ་བའི་ཐ་ཚིག་གོ། །གནོད་སེམས་ནི་ཁོང་ཁྲོ་བ་སྟེ། ཀུན་ནས་མནར་ སེམས་ཀྱི་དངོས་པོ་དགུ་ལ་རིག་པར་བྱའོ། །དེ་ལ་ཀུན་ནས་མནར་སེམས་ཀྱི་དངོས་པོ་དགུ་ནི་འདི་དག་ཡིན་ཏེ། བདག་ལ་གནོད་པར་བྱས་སོ། །བྱེད་དོ། །བྱེད་པར་འགྱུར་རོ་ཞེས་བྱ་བ་གསུམ་ཚན་དང་པོ་དང་། བདག་གི་མཛའ་བོ་ཡིད་དུ་འོང་བ་ཕན་པར་འདོད་པ་གང་ཡིན་པ་དེ་ལ་གནོད་པར་བྱས་སོ། ། བྱེད་དོ། །བྱེད་པར་འགྱུར་རོ་ཞེས་བྱ་བ་གསུམ་ཚན་གཉིས་པ་དང་བདག་དང་མི་མཛའ་བ་ཡིད་དུ་མི་འོང་བ་གནོད་པར་འདོད་པ་ཕན་པར་མི་འདོད་པ་གང་ཡིན་པ་དེ་ལ་ཕན་པར་བྱས་སོ། །བྱེད་དོ། །བྱེད་པར་འགྱུར་རོ་ཞེས་བྱ་བ་གསུམ་ཚན་གསུམ་པའོ། །ཀུན་ནས་མནར་སེམས་ཀྱི་དངོས་པོ་བཅུ་པ་གནས་ མ་ཡིན་པ་ཞེས་བྱ་བ་ཡང་བརྗོད་དོ། །ཀུན་ནས་མནར་སེམས་དེ་ནི་སྔོན་གྱི་ཁོན་དང་འབྲེལ་པ་ལས་རིག་པར་བྱའོ། །རྨུགས་པ་ནི་ལུས་དང་སེམས་དག་ལས་སུ་མི་རུང་བ་ཉིད་དོ། །གཉིད་ནི་གཉིད་ལོག་པའོ། །འདོད་པ་ལ་འདུན་པ་ནི་འདོད་པ་རྣམས་ལ་འདོད་ཆགས་པའི་དངོས་པོ་གང་ཡིན་པ་སྟེ། སྲེད་པ་དང་ མངོན་པར་འདོད་པ་ཞེས་བྱ་བ་རྣམ་གྲངས་ཡིན་ནོ། །ཐེ་ཚོམ་ནི་ཐར་པ་དང་ཐར་པའི་ལམ་ལ་ཐེ་ཚོམ་ཟ་བ་གང་ཡིན་པའོ། །སྒྲིབ་པ་ལྔ་པོ་དེ་དག་ནི་དགེ་བའི་ནོར་འཕྲོག་པར་བྱེད་པ་ཉིད་ཀྱིས་ཆོམ་རྐུན་པ་ཞེས་བྱའོ། །ཡང་ཅིའི་ཕྱིར་ཆོས་གཉིས་གཉིས་སྒྲིབ་པ་གཅིག་ཏུ་བཤད་ཅེ་ན། གཡོ་བ་དང་ བླུན་པ་ཉིད་དུ་མཐུན་པའི་ཕྱིར་ཏེ། རྒོད་པ་དང་འགྱོད་པ་ནི་གཉིས་ཀ་ཡང་གཡོ་བ་ཡིན་ནོ། །རྨུགས་པ་དང་གཉིད་ནི་བླུན་པ་ཡིན་ནོ། །དེ་ལྟར་བར་ཆད་ཀྱི་ཆོས་རྣམས་བསྟན་ནས་ཐར་པ་དང་རྗེས་སུ་མཐུན་པའི་ཆོས་རྣམས་བསྟན་པའི་ཕྱིར། དད་དང་བརྩོན་ འགྲུས་དག་དང་དྲན་པ་དང་། །ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཇི་ལྟར་ཐར་པ་དང་འགལ་བའི་ཆོས་ལྔ་ཡོད་པ་དེ་བཞིན་དུ་ཐར་པ་དང་རྗེས་སུ་མཐུན་པ་ཡང་། ལྔ་ཁོ་ན་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །དད་པ་ལ་སོགས་པ་འདི་དག་གང་གི་མཇུག་ཐོགས་སུ་འཕགས་པའི་ལམ་སྐྱེ་ཞིང་ གནས་སྐབས་གཞན་དུ་ཕྱིན་པ་ལ། ཆོས་མཆོག་ཅེས་བྱའོ། །ཆོས་ཀྱི་མཆོག་ཅེས་བྱ་བའི་མིང་ཁོ་ན་འཐོབ་པ་འབའ་ཞིག་ཏུ་ཡང་མ་ཟད་དོ། །འོ་ན་ཅི་ཞེ་ན། སྟོབས་ཞེས་བྱ་བ་དང་། དབང་པོ་ཞེས་བྱ་བ་དང་། རྩེ་མོ་ཞེས་བྱ་བ་ཡང་འཐོབ་བོ་ཞེས་བྱ་བའི་དོན་ཏོ། །དེ་ལ་སྟོབས་ ཞེས་བྱ་བ་ནི་བཟོད་པའི་གནས་སྐབས་ནའོ། །དབང་པོ་ཞེས་བྱ་བ་ནི་དྲོ་བའི་གནས་སྐབས་ནའོ། །རྩེ་མོ་ཞེས་བྱ་བ་ནི་དྲོ་བར་གྱུར་པའི་མཇུག་ཐོགས་སུ་སྐྱེ་བ་གང་ཡིན་པའོ། །དབང་པོ་ལྔ་བསྒོམ་པ་ནི་རྒྱགས་པ་སྤང་བ་སྔོན་དུ་འགྲོ་བ་ཅན་ཡིན་པས་རྒྱགས་པ་སྤང་པར་བསྟན་པའི་ ཕྱིར། ན་རྒ་འཆི་སྡུག་བྲལ་དང་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། བདག་ནི་ན་བ་དང་རྒ་བ་དང་འཆི་བ་ཞེས་བྱ་བའི་ཆོས་འདི་གསུམ་ལས་ཀྱང་མ་འདས་པ་དེ་བཞིན་དུ་སྡུག་པ་དང་བྲལ་བ་དང་། ལས་བདག་གིར་བྱ་བ་ལས་ཀྱང་མ་འདས་སོ་ཞེས་དེ་ལྟར་སེམས་པ་ནི། དེའི་གཉེན་པོ་ཡིན་པའི་ ཕྱིར་གཉེན་པོའི་རྒྱགས་པ་འཇིག་པར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལ་ལས་བདག་གིར་བྱ་བ་ཉིད་ནི་ལས་ཇི་ལྟ་བ་བཞིན་བདེ་བ་དང་། སྡུག་བསྔལ་བ་འབྱུང་བའོ། །ལྷག་མ་ནི་དོན་གོ་བར་ཟད་དོ། །གལ་ཏེ་མཐོ་རིས་ཐར་པ་མངོན་བཞེད་ན། །ཞེས་བྱ་བ་ལ་སོགས་པ་ནི། དད་པ་ ལ་སོགས་པའི་དབང་པོ་སྐྱེ་བའི་རྒྱུ་སྟོན་ཏོ། །ཡང་དག་ལྟ་ལ་གོམས་པ་དག་ཏུ་མཛོད། །ཅེས་བྱ་བ་དེ་ལ་ཡང་དག་པའི་ལྟ་བ་ནི་ཚེ་ཕྱི་མ་ལ་ལེགས་པར་སྤྱད་པ་དང་། ཉེས་པར་སྤྱད་པའི་ལས་རྣམས་ཀྱི་འབྲས་བུ་འབྱུང་བར་ཡིད་ཆེས་པ་སྟེ། འཇིག་རྟེན་ཕ་རོལ་ཡོད་པ་ཉིད་དུ་ཡིད་ཆེས་པ་ ཞེས་བྱ་བའི་དོན་ཏོ། །ཡང་དག་པའི་ལྟ་བ་དེ་ལྟ་བུ་མེད་ན་སྦྱིན་པ་ལ་སོགས་པ་ལེགས་པར་སྤྱོད་པ་གང་ཅུང་ཟད་ཅིག་ཡོད་ཀྱང་། ཐམས་ཅད་རྣམ་པར་སྨིན་པ་མི་བཟད་ལྡན། །ཞེས་བྱ་སྟེ། རྣམ་པར་སྨིན་པ་ཡིད་དུ་མི་འོང་བ་ཅན་ཁོ་ནར་འགྱུར་རོ་ཞེས་བྱ་བའི་དན་ཏོ། །དེ་ལྟ་བས་ན་ཡང་དག་པའི་ལྟ་ བ་ནི་དགེ་བའི་རྩ་བ་ཐམས་ཅད་སྐྱེད་པའི་རྒྱུ་ཡིན་ནོ་ཞེས་བཤད་པར་འགྱུར་རོ། །ད་ནི་མི་ནི་ཡང་དག་ཉིད་དུ་མི་བདེ་ཞིང་། །ཞེས་བྱ་བ་ལ་སོགས་པས་སྐྱོ་བའི་རྒྱུ་སྟོན་ཏེ། མི་བདེ་ཞེས་བྱ་བ་ནི་སྡུག་བསྔལ་བ་ཞེས་བྱ་བའི་ཐ་ཚིག་གོ། །མི་རྟག་ཅེས་བྱ་བ་ནི་སྐད་ཅིག་མ་ཞེས་བྱ་བའི་དོན་ཏོ། །བདག་ མེད་པ་ནི་ནང་གི་བྱེད་པའི་སྐྱེས་བུ་དང་བྲལ་བ་ཞེས་བྱ་བའི་དོན་ཏོ། །མི་གཙང་བ་ནི་སུངས་པ་དང་རུལ་བའི་མི་གཙང་བ་ཉིད་དང་ལྡན་པ་ཞེས་བྱ་བའི་ཐ་ཚིག་སྟེ། མི་ནི་ཡང་དག་པའི་ཤེས་རབ་ཀྱིས་ལེགས་པར་བརྟགས་ན་དེ་ལྟ་བུ་ཡིན་ནོ། །གང་དག་དྲན་པ་ཉེ་བར་མ་བཞག་པ་དེ་དག་ནི་ལོག་པར་འཛིན་ཏོ། ། དེས་ན་ཉེས་པ་ཅི་ཡོད་ཅེ་ན། དྲན་པ་ཉེ་བར་མ་བཞག་རྣམས་ཀྱིས་ནི། །ཕྱིན་ཅི་ལོག་བཞིར་ལྟ་བ་ཕུང་ཁྲོལ་བ། །ཞེས་བྱ་བ་སྨོས་ཏེ། ཕྱིན་ཅི་ལོག་བཞི་ནི་སྡུག་བསྔལ་བ་ལ་བདེ་བའོ་སྙམ་དུ་འདུ་ཤེས་ཕྱིན་ཅི་ལོག་དང་སེམས་ཕྱིན་ཅི་ལོག་དང་། ལྟ་བ་ཕྱིན་ཅི་ལོག་གོ། །དེ་བཞིན་དུ་མི་རྟག་ པ་ལ་རྟག་གོ་སྙམ་པ་དང་། བདག་མེད་པ་ལ་བདག་གོ་སྙམ་པ་དང་། མི་གཙང་བ་ལ་གཙང་ངོ་སྙམ་དུ་འདུ་ཤེས་ཕྱིན་ཅི་ལོག་དང་། སེམས་ཕྱིན་ཅི་ལོག་དང་། ལྟ་བ་ཕྱིན་ཅི་ལོག་དང་། ཕྱིན་ཅི་ལོག་ཏུ་ལྟ་བ་དེ་ནི་ངན་སོང་དང་འཁོར་བའི་རྒྱུ་ཡིན་པའི་ཕྱིར་རོ། །ཕུང་ཀྲོལ་བ་སྟེ། དེ་ལྟ་བས་ ན་ཁྱོད་ཀྱིས་མི་ནི་སྡུག་བསྔལ་བ་ལ་སོགས་པ་ཉིད་དུ་རིག་པར་བྱའོ། །གལ་ཏེ་མི་སྡུག་པ་དང་། མི་རྟག་པ་དང་མི་གཙང་བ་ནི་ཡིན་གྲང་ན། བདག་མེད་པ་ཡིན་པར་རྟོགས་པར་མི་ནུས་ཏེ། བདག་གཅིག་མེད་ན། ལས་དགེ་བ་དང་། མི་དགེ་བ་རྣམས་ཀྱི་འབྲས་བུ་སུ་ཞིག་སྤྱོད་སྙམ་དུ་སེམས་ ན། གཟུགས་ནི་བདག་མ་ཡིན་ཞེས་གསུངས་ཏེ། བདག་ཅེས་བྱ་བ་ལ་སོགས་པ་སྨོས་ཏེ། འདི་སྐད་དུ་བཤད་པ་ཡིན་ཏེ། བདག་གཅིག་ཡོད་ན་གཟུགས་ལ་སོགས་པའི་ངོ་བོ་ཉིད་གཅིག་ཡིན་པའམ། དེ་ལས་གཞན་པ་ཞིག་ཡིན་པར་འགྱུར་གྲང་། རེ་ཞིག་གཟུགས་ལ་སོགས་ པའི་ངོ་བོ་ཉིད་ནི་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། །གཟུགས་ནི་བདག་མ་ཡིན་གསུངས་ལ། རྣམ་པར་ཤེས་པའི་བར་ཡང་བདག་མ་ཡིན་ཞེས་གསུངས་ཏེ། རེ་ཞིག་འདི་ནི་ལུང་གི་བདག་གཟུགས་ལ་སོགས་པའི་ངོ་བོ་ཉིད་ཡིན་པ་བཀག་པ་ཡིན་ནོ། །འདི་ལ་ རིགས་པ་གང་ཡིན་ཞེ་ན། བདག་ནི་གཟུགས་ལ་སོགས་པའི་ངོ་བོ་ཉིད་མ་ཡིན་ཏེ། གཟུགས་ལ་སོགས་པ་དང་འདྲ་བ་ཁོ་ནར་མི་རྟག་པ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །འོན་ཏེ་གཟུགས་ལ་སོགས་པ་ལས་གཞན་པ་ཞིག་ཡིན་ནོ་ཞེ་ན། དེ་ལ་རྣམ་པ་གསུམ་སྟེ། དེས་ལྷས་བྱིན་བ་ལང་ དང་ལྡན་པ་ལྟ་བུར་གཟུགས་ལ་སོགས་པ་དང་ལྡན་པ་ཞིག་ཡིན་པའམ། དཔེར་ན་ལྷས་བྱིན་རེ་ལྡེ་ལ་འདུག་པ་བཞིན་དུ་གཟུགས་ལ་སོགས་པ་ལ་གནས་པ་ཞིག་ཡིན་པའམ། དཔེར་ན་འཁྲི་ཤིང་དང་གེལ་པ་ལ་སོགས་པ་ས་ལ་བརྟེན་པ་ལྟར་དེ་ལ་གཟུགས་ལ་སོགས་པ་བརྟེན་པ་ཞིག་ཡིན་ གྲང་། འདིའི་ལན་གོ་རིམས་བཞིན་དུ་བདག་གཟུགས་དང་ལྡན་མིན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རེ་ཞིག་འདི་ནི་ལུང་ཡིན་ནོ། །རིགས་པ་བརྗོད་པར་བྱ་སྟེ། བདག་གཟུགས་ལ་སོགས་པ་ལ་དབང་བ་ཅི་ཞིག་ཡོད་དེ། ལྷས་བྱིན་བ་ལང་རྣམས་ལ་བཀོལ་བ་དང་། བཞོ་བ་ལ་ སོགས་པ་བྱ་བར་དབང་བ་ལྟར་དེའི་འདོད་པས་གཟུགས་ལ་སོགས་པ་འདོར་བ་དང་ལེན་པ་ནི་མེད་དོ། །མི་འདོད་བཞིན་དུ་ཡང་གཟུགས་ལ་སོགས་པ་འཇིག་པ་མཐོང་བའི་ཕྱིར། ཇི་ལྟར་འདི་དེ་དང་ལྡན་ནོ་ཞེས་བརྗོད་པར་བྱ། ཕྱོགས་གཉིས་པ་ལ་ཡང་ཇི་ལྟར་འདི་གཟུགས་ལ་སོགས་ པ་གནས་པ་ཞེས་བརྗོད་པར་བྱ་སྟེ། གཟུགས་ཅན་མ་ཡིན་པའི་ཆོས་ལ་ནི་ལྷས་བྱིན་རེ་ལྡེ་ལ་འདུག་པ་ལྟར་བླ་འོག་ཏུ་གནས་པར་རུང་བ་མ་ཡིན་ནོ། །གང་གིས་ན་དེ་དག་ན་གནས་པ་མངོན་པར་གྱུར་པ་དེ་ལ་གནས་པའི་བདག་གིས་ཀྱང་གཟུགས་ལ་སོགས་པ་ལ་ཕན་ཅུང་ཟད་ ཀྱང་མི་འདོགས་ལ་གཟུགས་ལ་སོགས་པས་ཀྱང་དེ་ལ་ཕན་ཅུང་ཟད་ཀྱང་མི་འདོགས་སོ། །འོན་ཏེ་འདི་དེ་ལ་ཞོན་ནས་དེ་དག་འཇུག་པར་བྱེད་དེ། དཔེར་ན་རྟ་ལ་ཞོན་ནས་རྟ་བཞིན་ནོ་ཞེ་ན། དེ་ཡང་རུང་བ་མ་ཡིན་ཏེ། མི་འདོད་བཞིན་དུ་ཡང་འཇུག་པ་དང་ལྡོག་པ་མཐོང་བའི་ཕྱིར། བདག་གིས་འདོད་པས་གཟུགས་ལ་སོགས་པ་འཇུག་པ་དང་ལྡོག་པར་འགྱུར་བ་ནི་མེད་དོ། །ཕྱོགས་གསུམ་པ་ལ་རིགས་པ་ནི། ཁྲི་ཤིང་ལ་སོགས་པ་ནི་ས་ལ་བརྟེན་པ་ཉིད་ཡིན་ཏེ། དེ་ལ་བརྟེན་ནས་གཟུགས་ལ་སོགས་པ་སྐྱེ་བ་དང་། གནས་པ་དང་འཕེལ་བ་མཐོང་བའི་ཕྱིར་རོ། ། གཟུགས་ལ་སོགས་པའི་སྐྱེ་བ་ལ་སོགས་པ་ནི་དེ་ལྟར་བདག་ལ་རག་ལས་པ་མ་ཡིན་ཏེ། བདག་མེད་བཞིན་དུ་ཡང་ཕྱིའི་གཟུགས་ལ་སོགས་པར་མཐོང་བའི་ཕྱིར་རོ། གང་དག་གི་ལྟར་ན་རྩྭ་ལ་སོགས་པ་སྲོག་ཡོད་པ་དེ་དག་ལྟར་ན་ལན་ཚྭ་ལ་སོགས་པས་མ་ངེས་པ་ཡིན་ནོ། །དེ་ལྟར་ན་ཕུང་ པོ་ལྔ་པོ་རེ་རེ་ལ་རྣམ་པ་བཞི་བཞི་ཡིན་པས་འཇིག་ཚོགས་ལ་ལྟ་བ་རྣམ་པ་ཉི་ཤུར་བཤད་པ་ཡིན་ཏེ། འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་ཉི་ཤུ་མཐོ་བ་ནི་ཡེ་ཤེས་ཀྱི་རྡོ་རྗེས་བཤིག་ནས་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་པར་འགྱུར་རོ། །ད་ནི་མི་མཐུན་པའི་རྒྱུ་དང་རྒྱུ་མེད་པ་ཡོངས་སུ་སྤང་བའི་སྒོ་ ནས་དངོས་པོ་རྣམས་ཀྱི་སྐྱེ་བའི་རྒྱུ་བསྟན་པའི་ཕྱིར། ཕུང་པོ་འདོད་རྒྱལ་ལས་མིན་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། འདོད་རྒྱལ་ཞེས་བྱ་བ་ནི་གནམ་བབས་སོ། །དུས་ཞེས་བྱ་བ་ནི་དུས་སུ་སྨྲ་བ་རྣམས་ཀྱིས་ཆོས་ཐམས་ཅད་ཀྱི་སྐྱེ་བ་དང་འཇིག་པའི་རྒྱུ་ཆོས་རྟག་པ་ཁྱབ་པ་གཅིག་པུ་ཞིག་ཀུན་བརྟགས་པ་ སྟེ། ཇི་སྐད་དུ། དུས་ནི་འབྱུང་བ་རྣམ་སྨིན་བྱེད། །དུས་ནི་སྐྱེ་དགུ་རྣམ་འཇིག་བྱེད། །དུས་ནི་གཉིད་ལོག་རྣམ་སད་བྱེད། །དུས་ནི་འདའ་བར་དཀའ་བ་ཡིན། །ཞེས་བཤད་པ་ལྟ་བུ་ཡིན་ནོ། །རང་བཞིན་ཡང་གྲངས་ཅན་རྣམས་ཀྱི་ཆོས་ཐམས་ཅད་ཀྱི་སྐྱེ་བའི་རྒྱུར་གྱུར་པ་སྙིང་སྟོབས་དང་རྡུལ་དང་མུན་པའི་ ངོ་བོ་ཉིད་གཅིག་པུ་རྟག་པ་ཁྱབ་པ་ཞིག་བརྟགས་པ་ཡིན་ནོ། །ངོ་བོ་ཉིད་ནི་ཆོས་ཀྱི་བདག་གི་དངོས་པོ་སྟེ། རང་གི་ངོ་བོ་ཞེས་བྱ་བའི་ཐ་ཚིག་གོ། །དབང་ཕྱུག་ཀྱང་། ཕྲ་ཞིང་བསམ་གྱིས་མི་ཁྱབ་རབ་ཏུ་སྲབ་བྱེད་ཀུན་རིག་ཐམས་ཅད་བྱེད། །རྣལ་འབྱོར་གོམས་པས་ཐོབ་པའི་བློ་ཅན་བསམ་ གཏན་ཡུལ། ཉི་མ་ཟླ་བ་ཆུ་མེ་རླུང་ཕྱོགས་ནམ་མཁའི་ལུས་ཅན་ཏེ། །ཞི་བའི་བདེ་དགའ་གྲུབ་པ་འདོད་པ་རྣམས་ཀྱིས་དབང་ཕྱུག་རྟག་ཏུ་བསྒོམ། །ཞེས་བྱ་བ་དེ་ལྟ་བུའི་ཡོན་ཏན་གྱི་ཁྱད་པར་ཅན་ཞིག་ཀུན་བརྟགས་པ་ཡིན་ནོ། །དངོས་པོ་རྣམས་དེ་དག་ལས་མི་སྐྱེ་བས་ན་མི་མཐུན་པའི་རྒྱུར་སྨྲས་ པ་བཀག་པ་ཡིན་ནོ། །རྒྱུ་མེད་ཅན་མིན་ཞེས་བྱ་བ་འདིས་ནི་རྒྱུ་མེད་པར་སྨྲ་བ་བཀག་གོ། །ལྷག་མ་རྣམས་ཀྱིས་ནི་དངོས་པོ་རྣམ་ཀྱི་རྒྱུ་ཕྱིན་ཅི་མ་ལོག་པ་སྟོན་ཏོ། །དེ་ལ་དངོས་པོ་རྣམས་འདོད་རྒྱལ་ལས་མི་སྐྱེའོ་ཞེས་བྱ་བ་ནི་ཇི་ལྟར་ཤེས་ཤེ་ན། སྐྱེས་བུའི་བྱེད་པ་ འབྲས་བུ་དང་བཅས་པར་མཐོང་བའི་ཕྱིར་རོ། །འབྲས་བུ་མེད་པ་ཡང་སྣང་བ་མ་ཡིན་ནམ་ཞེ་ན། སྣང་བ་བདེན་ཏེ་དེ་ནི་རྒྱུ་གཞན་མ་ཚང་བའི་ཕྱིར་རོ། །དངོས་པོ་འགའ་ཞིག་རྒྱུ་ཇི་སྙེད་ཅིག་སྐྱེ་བ་ལས་གལ་ཏེ་དེ་དག་ཚོགས་ཀྱང་དངོས་པོ་དེ་མི་སྐྱེ་ན་འདོད་རྒྱལ་གྱིས་བྱས་སོ་ཞེས་བྱ་བར་ གསལ་བར་ཤེས་སོ། །དུས་ཀྱང་ཐམས་ཅད་ཀྱི་སྐྱེ་བའི་རྒྱུ་མ་ཡིན་ཏེ། རྗེས་སུ་འགྲོ་བ་དང་ལྡོག་པས་མི་དམིགས་པའི་ཕྱིར་ནམ་མཁའི་མེ་ཏོག་བཞིན་ནོ། །གཞན་ཡང་དེ་ནི་རྟག་པའི་ཕྱིར་དངོས་པོ་རིམ་གྱིས་སྐྱེ་བར་མི་འགྱུར་ཏེ། རྒྱུ་མ་ཚང་བས་ནི་དངོས་པོ་སྐྱེ་བར་མི་འགྱུར་རོ། །དངོས་པོ་ རྣམས་ཀྱི་སྐྱེ་བ་དང་འཇིག་པ་ཅིག་ཅར་དུ་ཡང་ཐལ་བར་འགྱུར་ཏེ། རྒྱུ་ལ་ཁྱད་པར་མེད་པའི་ཕྱིར་རོ། །འོན་ཏེ་སྐྱེ་བ་དང་འཇིག་པ་དེ་ལ་ཁྱད་པར་ཡོད་ན་ནི་རྟག་པ་ཉིད་དུ་མི་འགྱུར་རོ། །རྒྱུ་ལ་རྟག་པ་ཅུང་ཟད་ཀྱང་མ་མཐོང་བས་དུས་ལ་རྒྱུའི་དངོས་པོ་རྣམ་པ་ཐམས་ཅད་དུ་མེད་དོ། །འཇིག་པ་ནི་རྒྱུ་ དང་ལྡན་པ་ཡང་མ་ཡིན་ཏེ། མེད་པའི་ཕྱིར་གཏན་མེད་པ་བཞིན་ནོ། །རང་བཞིན་ཡང་འདི་ཉིད་ཀྱིས་ཅི་རིགས་པར་བཀག་པར་རིག་པར་བྱའོ། །གཞན་ཡང་རང་བཞིན་ནི་འགྱུར་བར་མི་འགྱུར་ཏེ། རྟག་པའི་ཕྱིར་སྐྱེས་བུ་བཞིན་ནོ། །སྐྱེས་བུའི་དོན་དུ་རང་བཞིན་འགྱུར་བ་ཡང་མ་ཡིན་ཏེ། རྟག་པའི་ཕྱིར་དཔེར་ན་རང་བཞིན་གྱི་དོན་དུ་སྐྱེས་བུ་ལྟ་བུའོ། །རང་བཞིན་སྤྱོད་པར་བྱ་བ་མ་ཡིན་ཏེ། རྟག་པའི་ཕྱིར་སྐྱེས་བུ་ལྟ་བུ་ཁོ་ནའོ། །སྐྱེས་བུ་སྤྱོད་པར་བྱེད་པ་ཡང་མ་ཡིན་ཏེ། རྟག་པའི་ཕྱིར་རང་བཞིན་ལྟ་བུ་ཁོ་ནའོ། །རང་བཞིན་ཆོས་ཐམས་ཅད་ཀྱི་ས་བོན་གྱི་རྟེན་ཡང་མ་ཡིན་ཏེ། རྟག་པའི་ཕྱིར་སྐྱེས་བུ་ལྟ་བུ་ཁོ་ནའོ། །རང་བཞིན་སྙིང་སྟོབས་དང་རྡུལ་དང་མུན་པའི་ངོ་བོ་ཉིད་ཀྱང་མ་ཡིན་ཏེ། རྟག་པའི་ཕྱིར་སྐྱེས་བུ་ལྟ་བུ་ཁོ་ནའོ། །གཞན་ཡང་རང་བཞིན་འགྱུར་བ་ཞིག་ཏུ་འགྱུར་ན་ཅི་བདག་ཉིད་ཐམས་ཅད་ཀྱིས་སམ། འོན་ཏེ་ཕྱོགས་གཅིག་གིས་གལ་ཏེ་བདག་ཉིད་ ཐམས་ཅད་ཀྱིས་ན་ནི་རང་བཞིན་ཆད་པར་འགྱུར་རོ། །འོན་ཏེ་ཕྱོགས་གཅིག་གིས་ན་ནི་མི་རྟག་པ་ཉིད་དུ་ཐལ་བར་འགྱུར་རོ། །ངོ་བོ་ཉིད་ལས་ཀྱང་མི་སྐྱེ་སྟེ། ཡོད་པའི་ཕྱིར་སྐྱེས་ཟིན་པ་བཞིན་ནོ། །དབང་ཕྱུག་ཀྱང་མ་ཡིན་ཏེ། ས་ལ་སོགས་པའི་ལུས་ཅན་ཡིན་པའི་ཕྱིར་ས་ལ་སོགས་པ་ ལྟ་བུ་ཁོ་ནའོ། །གཅིག་ལ་ཕན་ཚུན་འགལ་བའི་ངོ་བོ་ཉིད་ཀྱང་རུང་བ་མ་ཡིན་ལ། དུ་མའི་བདག་ཉིད་ཀྱང་མ་ཡིན་པས་འདི་ས་ལ་སོགས་པའི་ལུས་ཅན་ཉིད་དུ་མ་ཡིན་པར་མི་སྲིད་དོ། །རབ་ཏུ་སྲབ་མོར་བྱེད་པ་ཡང་མ་ཡིན་ཏེ། སྐྱེ་བའི་ལུས་ཅན་ཡིན་པའི་ཕྱིར། སྐྱེ་བ་ལྟ་བུ་ཁོ་ནའོ། །ཀུན་ རིག་པ་ཡང་མ་ཡིན་ཏེ། རབ་ཏུ་སྲབ་མོར་བྱེད་པའི་ཕྱིར། གྲོལ་བའི་བདག་བཞིན་ནོ། །ཐམས་ཅད་བྱེད་པ་ཡང་མ་ཡིན་ཏེ། ཕྲ་བའི་ཕྱིར་རྡུལ་ཕྲ་རབ་བཞིན་ནོ། །འདི་ནི་རྟག་པ་ཡང་མ་ཡིན་ཏེ། ས་ལ་སོགས་པའི་ལུས་ཅན་ཡིན་པའི་ཕྱིར་ས་ལ་སོགས་པ་ལྟ་བུ་ཁོ་ནའོ། །དབང་ཕྱུག་ ཆོས་ཐམས་ཅད་ཀྱི་སྐྱེ་བའི་རྒྱུ་ཡང་མ་ཡིན་ཏེ། ཅིག་ཅར་མི་སྐྱེ་བའི་ཕྱིར་རྫ་མཁན་བཞིན་ནོ། །གཟུགས་ལ་སོགས་པ་དབང་ཕྱུག་གི་བསྐྱེད་པ་ཡང་མ་ཡིན་ཏེ། དངོས་པོ་ཡིན་པའི་ཕྱིར་དབང་ཕྱུག་བཞིན་ནོ། །དབང་ཕྱུག་ནི་ཐམས་ཅད་བྱེད་པ་ཡང་མ་ཡིན་ཏེ། བདག་མེད་པའི་ཕྱིར་བུམ་ པ་བཞིན་ནོ། །བདག་ཡོད་པ་ཉིད་ཅིག་ཡིན་ན་ནི་སྐྱེས་བུ་བཅིངས་པ་བཞིན་དུ་དབང་ཕྱུག་མ་ཡིན་པ་ཉིད་དུ་ཐལ་བར་འགྱུར་རོ། །རྒྱུ་མེད་པར་སྨྲ་བ་ནི་འཇིག་རྟེན་ཉིད་ཀྱིས་བསལ་བར་ཟད་དེ། དེ་ལ་ཅུང་ཟད་ཀྱང་མི་བརྗོད་དོ། །འོ་ན་དངོས་པོ་རྣམས་ཅི་ལས་སྐྱེ་ཞེ་ན། མི་ཤེས་ལས་དང་སྲེད་ ལས་བྱུང་རིག་མཛོད། །ཅེས་བྱ་བ་སྨོས་ཏེ། །དཔེར་ན་ས་བོན་མ་ཉམས་པ་ལ་ལུད་ཀྱིས་གཡོགས་ཤིང་ཆུས་བརླན་པས་ནི་མྱུ་གུ་མངོན་པར་འགྲུབ་པར་བྱེད་དོ། །དེ་བཞིན་དུ་མི་ཤེས་པས་གཡོགས་པའི་ལས་སྲེད་པའི་ཆུས་བརླན་པས་ཀྱང་ཡང་སྲེད་པའི་མྱུ་གུ་མངོན་པར་འགྲུབ་པར་བྱེད་ དོ། །དེ་ལ་མི་ཤེས་པ་ནི་བདེན་པ་རྣམས་ལ་ཀུན་དུ་རྨོངས་པ་སྟེ། མ་རིག་པ་དང་མི་མཐོང་བ་དང་མུན་པ་ཞེས་བྱ་བ་རྣམ་གྲངས་ཡིན་ནོ། །བྱིས་པ་མ་རིག་པས་དམུས་ལོང་དུ་གྱུར་པ་ནི་འདི་ལ་བདེ་བར་བྱ་བའི་ཕྱིར་རམ། ཕྱི་མ་ལ་བདེ་བར་བྱ་བའི་ཕྱིར་དགེ་བ་དང་མི་དགེ་བའི་ལས་བྱེད་དེ། དེ་ ནི་འདིའི་མ་རིག་པའི་རྐྱེན་གྱིས་འདུ་བྱེད་ཡིན་ནོ། །ལས་ནི་རྣམ་པ་གསུམ་སྟེ། དགེ་བ་དང་མི་དགེ་བ་དང་མི་གཡོ་བའོ། །གཟུགས་དང་གཟུགས་མེད་པ་ན་སྤྱོད་པའི་དགེ་བ་ལ་ནི་མི་གཡོ་བ་ཞེས་བཤད་དེ། ལས་འདི་རྣམ་པ་གསུམ་ཆར་ཡང་མ་རིག་པའི་རྐྱེན་ཅན་ ཡིན་ཞིང་ཁམས་གསུམ་པའི་སྲེད་པས་བརླན་པ་ནི་ཡང་སྲིད་པའི་མྱུ་གུ་མངོན་པར་འགྲུབ་པར་བྱེད་པར་རིག་པར་བྱའོ། །དེ་ལྟ་ཡིན་ན་འོ་ན་ཕུང་པོ་འདི་འདྲ་བ་དག་ལས་གྲོལ་བར་བྱ་བ་ལ་གྲོགས་གྱིས་ཤིག་ཅེ་ན། ཐར་པ་བདག་ལ་རག་ལས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། གྲོལ་བ་ནི་ རང་གི་སེམས་ལ་རག་ལས་པའི་ཕྱིར་ཐར་པ་ཐོབ་པར་བྱ་བ་ལ་གྲོགས་ཀྱིས་བསྟང་བའི་ཁ་ན་ལས་པར་ནི་མི་འདོད་དོ། །འོ་ན་ཐབས་གང་ཡིན་ཞེ་ན། ཐོས་དང་ཚུལ་ཁྲིམས་བསམ་གཏན་ལྡན་པ་ཡིས། །ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ལ་ཐོས་པ་ནི་ལྡན་པ་དང་མཐུན་པ་ཡིན་པར་ རིག་པར་བྱའོ། །ཚུལ་ཁྲིམས་ནི་མ་ཉམས་པ་ལ་སོགས་པ་དང་ལྡན་པའོ། །བསམ་གཏན་ནི་ངེས་པར་འབྱེད་པའི་ཆ་དང་མཐུན་པ་ཡིན་པར་རིག་པར་བྱ་སྟེ། །དེ་ལྟར་ཚུལ་ཁྲིམས་དང་ཐོས་པ་དང་བསམ་གཏན་དང་ལྡན་པས་བདེན་པ་རྣམ་པ་བཞི་ལ་འབད་པར་གྱིས་ཤིག་དང་། དེ་ ལྟར་ན། ཐར་པ་ཐོབ་པར་འགྱུར་རོ་སྙམ་དུ་དགོངས་པ་ཡིན་ནོ། །ལྷག་པའི་ཚུལ་ཁྲིམས་ཞེས་བྱ་བ་ལ་སོགས་པས་ནི་ཐར་པའི་ལམ་ཁོ་ན་སྟོན་པར་བྱེད་དོ། །དེ་ལ་ལྷག་པའི་ཚུལ་ཁྲིམས་ནི་མྱ་ངན་ལས་འདས་པར་ཡོངས་སུ་བསྔོས་པ་གང་ཡིན་པའོ། །ལྷག་པའི་སེམས་ནི་ འཕགས་པའི་ལམ་གྱི་རྟེན་བསམ་གཏན་བཞི་ཡིན་ནོ། །ལྷག་པའི་ཤེས་རབ་ནི་ངེས་པར་འབྱེད་པའི་ཆ་དང་མཐུན་པ་ཡིན་པར་རིག་པར་བྱའོ། །བསླབ་པ་གསུམ་པོ་དེ་དག་ནི་བསླབ་པ་ཐམས་ཅད་ཀུན་དུ་སྡུད་པར་གྱུར་པ་ཡིན་ནོ་ཞེས་བསྟན་པའི་ཕྱིར། བསླབ་པ་བརྒྱ་རྩ་ལྔ་བཅུ་ལྷག་ ཅིག་ནི། །གསུམ་པོ་འདི་ནང་ཡང་དག་འདུ་བར་འགྱུར། །ཞེས་བྱ་བ་སྨོས་ཏེ། གང་གི་ཕྱིར་བསླབ་པ་གསུམ་པོ་འདིའི་ནང་དུ་བསླབ་པ་བརྒྱ་ལྔ་བཅུ་ལྷག་ཅིག་འདུ་བར་འགྱུར་བ་དེའི་ཕྱིར་བསླབ་པ་གསུམ་པོ་འདི་ལ་འབད་དེ་བསླབ་པར་བྱའོ་ཞེས་བྱ་བའི་དོན་ཏོ། །བསླབ་པ་བརྒྱ་ལྔ་བཅུ་ནི་སོ་སོར་ ཐར་པ་ལས་འབྱུང་བར་རིག་པར་བྱའོ། །དབང་ཕྱུག་ལུས་རྟོག་དྲན་པ་ཞེས་བྱ་བ་ལ་སོགས་པས་ནི་ཐར་པའི་ལམ་ཁོ་ན་སྟོན་པར་བྱེད་དེ། ལུས་རྟོག་པ་ནི་ལུས་ལ་སོང་བའོ། །ལུས་དམིགས་པ་ཞེས་བྱ་བའི་ཐ་ཚིག་སྟེ། དེ་ནི་ལུས་ཀྱི་འགྲེང་བ་དང་འདུག་པ་ལ་སོགས་པའི་གནས་སྐབས་ཀྱི་ རྣམ་པར་དཔྱོད་པར་བྱེད་པ་ཡིན་ནོ། །ལུས་སུ་རྟོག་པའི་དྲན་པ་དེ་ནི་བདེ་གཤེགས་ཀྱིས། །བགྲོད་པ་གཅིག་པའི་ལམ་དུ་ཉེ་བར་བསྟན། །དེ་ཇི་སྐད་དུ་དགེ་སློང་དག་སེམས་ཅན་རྣམས་རྣམ་པར་དག་པར་བྱེད་པ་དང་སྡུག་བསྔལ་བ་དང་། ཡིད་མི་བདེ་བ་ལས་ཡང་དག་པར་འདའ་བར་བྱེད་པ་དང་། རིགས་པའི་ཆོས་རྟོག་པར་བྱེད་པ་དང་། མྱ་ངན་ལས་འདས་པ་མངོན་དུ་བྱེད་པའི་བགྲོད་པ་གཅིག་པའི་ལམ་ནི་འདི་ལྟ་སྟེ། ལུས་སུ་རྟོག་པའི་དྲན་པ་ཡིན་ནོ་ཞེས་རྒྱས་པར་གསུངས་པ་ལྟ་བུ་ཡིན་ནོ། །དེ་ལ་བགྲོད་པ་གཅིག་པ་ཉིད་ནི་བདེ་བླག་དང་མྱུར་བ་དང་། གདོན་མི་ཟ་བར་ཐོབ་པའི་ རྒྱུ་ཡིན་པའི་ཕྱིར་ཏེ། དེ་ལྟ་བས་ན་བགྲོད་པ་གཅིག་པ་ཞེས་བྱ་བའི་སྒྲ་ནི་འདིར་ལམ་བསྔགས་པའི་ཚིག་ཡིན་པར་བལྟ་བར་བྱའོ། །གཅིག་ཏུ་འགྲོ་བ་ནི་བགྲོད་པ་གཅིག་པ་སྟེ། ལམ་ལ་རྣམ་པ་གཉིས་སུ་མེད་པས་ངོ་བོ་གཅིག་ཏུ་ཞུགས་པའི་ཕྱིར་རོ་ཞེས་བཤད་པ་ཡིན་ནོ། །དེ་ནི་ བསྒྲིམས་ནས་མངོན་པར་བསྲུང་བགྱི་སྟེ། །ཞེས་བྱ་བ་ནི་དྲན་པ་དེ་ལྟ་བུ་དེ་ནི་དགོས་པ་ཆེ་བའི་ཕྱིར་ཁྱོད་ཀྱིས་འབད་དེ་བསྲུང་བར་བྱའོ་ཞེས་བཤད་པ་ཡིན་ནོ། །དེ་ཉམས་ན་རེ་ཞིག་ཆོས་གཞན་དག་ཀྱང་འཇིག་པར་འགྱུར་ན། མྱ་ངན་ལས་འདས་པ་འཐོབ་པར་བྱེད་པ་རྣམས་ལྟ་སྨོས་ཀྱང་ཅི་དགོས་ ཞེས་བསྟན་པའི་ཕྱིར། དྲན་པ་ཉམས་པས་ཆོས་ཀུན་འཇིག་པར་འགྱུར། །ཞེས་བྱ་བ་སྨོས་སོ། །འདི་མན་ཆད། ཚེ་ནི། གནོད་མང་ཞེས་བྱ་བ་ལ་སོགས་པས་ནི་ཐར་པ་ཐོབ་པའི་རྒྱུ་སྐྱོ་བའི་རྒྱུར་གྱུར་པ་འཆི་བ་ལ་དྲན་པ་ཉེ་བར་གཏོད་པར་བྱེད་དེ། ཚེ་གནོད་པ་དུ་མ་དང་འབྲེལ་པ་རླུང་གིས་བཏབ་ པའི་ཆུའི་ཆུ་བུར་བས་ཀྱང་མི་རྟག་ན་ཞེས་བྱ་བ་འདིས་ནི་ཚེ་སྐད་ཅིག་མ་ཉིད་ཡིན་པར་བསྟན་ཏོ། །དབུགས་རྔུབ་དབུགས་འབྱུང་གཉིད་ཀྱིས་ལོག་པ་ལས། །སད་ཁོམ་གང་ལགས་དེ་ནི་ངོ་མཚར་ཆེ། །ཞེས་བྱ་བ་ནི་ཚེ་དེ་ལྟར་གནོད་པ་མང་བ་ཅན་སྐད་ཅིག་མ་ཡིན་ན། སྐྱེས་བུ་དབུགས་རྔུབ་ པའམ་དབུགས་རྔུབས་ནས་ཕྱིར་འབྱུང་བའམ། གཉིད་ཀྱིས་ལོག་པ་ལ་སོགས་པ་ལས་སད་ཁོམ་པ་གང་ཡིན་པ་དེ་ནི་ཡ་མཚན་ཆེའོ་ཞེས་བྱ་བ་ཡིན་ནོ། །གནོད་པ་ནི་རྣམ་པ་གཉིས་སུ་རིག་པར་བྱ་སྟེ། །ཕྱི་རོལ་གྱི་ནི་རླུང་དང་ཉི་མ་དང་སྡིག་སྦྲུལ་ལ་སོགས་པའོ། །ནང་ གི་ནི་རླུང་ལ་སོགས་པ་འཁྲུགས་པས་ཀུན་ནས་བསླང་བའི་ནད་ལ་སོགས་པའོ། །ལུས་མཐའ་ཐལ་བ་ཞེས་བྱ་བ་ལ་སོགས་པས་ནི་ལུས་ལ་སྙིང་པོའི་བློ་འདོར་དུ་འཇུག་པ་སྟེ། དེ་ལྟ་ན་ཡང་འཆི་བ་ལ་དྲན་པ་ཉེ་བར་གཏོད་པ་ཁོ་ན་ཡིན་ནོ། །དེ་ལ་ལུས་མཐའ་ཐལ་བ་ཞེས་བྱ་བ་ལ་སོགས་ པའི་དོན་ནི་མདོའི་ཚིག་ལྔའི་རྗེས་སུ་འབྲངས་ནས་རིག་པར་བྱ་སྟེ། བཅོམ་ལྡན་འདས་ཀྱིས་ཇི་སྐད་དུ་དགེ་སློང་དག་ཤི་ཞིང་དུས་ལས་འདས་པའི་ལུས་ཉེ་དུ་རྣམས་ཀྱིས་མེས་བསྲེགས་པ་འམ། ཆུས་བསྐུར་བ་འམ་སའི་འོག་ཏུ་འཛུད་པར་བྱེད་ཅིང་། ཡང་ན་ནི་རླུང་དང་ཉི་མ་དག་གིས་སྐེམས་ པར་འགྱུར་རོ། །ཡང་ན་ནི་དུད་འགྲོའི་སྐྱེ་གནས་སུ་གཏོགས་པའི་སྲོག་ཆགས་སྣ་ཚོགས་ཟ་བར་འགྱུར་རོ་ཞེས་གསུངས་པ་ལྟ་བུའོ། །དེ་ལ་ལུས་ཞེས་བྱ་བ་ནི་རྣམ་པར་འགྱེས་པའི་བདག་ཉིད་ཡིན་པའི་ཕྱིར་རོ། །མཐའ་ཐལ་བ་ཞེས་བྱ་བ་ནི་མེས་བསྲེགས་ཞེས་བྱ་བའི་དོན་ཡིན་ནོ། ། མཐར་སྐམ་ཞེས་བྱ་བ་ནི་སའི་འོག་དུ་འཛུད་པར་བྱེད་ཅིང་། ཡང་ན་ནི་རླུང་དང་ཉི་མ་དག་གིས་སྐེམས་པར་འགྱུར་རོ་ཞེས་བྱ་བའི་ཚིག་འདི་གཉིས་ཀྱི་དོན་ཡིན་ནོ། །མཐར་འདྲུལ་ཞེས་བྱ་བ་ནི་ཆུ་བསྐྱུར་བ་ཞེས་བྱ་བའི་དོན་ཡིན་ནོ། །ཐ་མར་མི་གཙང་ཞེས་བྱ་བ་ནི་དུད་འགྲོའི་སྐྱེ་གནས་ སུ་གཏོགས་པའི་སྲོག་ཆགས་སྣ་ཚོགས་ཟ་བར་འགྱུར་རོ་ཞེས་བྱ་བ་འདིའི་དོན་ཡིན་ནོ། །སྙིང་པོ་མ་མཆིས་པ་ཞེས་བྱ་བ་ཅིའི་ཕྱིར་ཞེ་ན་འདི་ལྟར། རྣམ་པར་འཇིག་དེངས་མྱགས་པར་འགྱུར་བ་སྟེ། །སོ་སོར་འགྱེས་ཆོས་ཅན་དུ་མཁྱེན་པར་མཛོད། །སྙིང་པོ་མེད་པ་ཉིད་ནི་རྣམ་པར་ འཇིག་པ་ལ་སོགས་པ་ཉིད་ཀྱིས་སྟོན་པར་བྱེད་དེ། དེ་ལ་རྣམ་པར་འཇིག་པའི་ཆོས་ཅན་ནི་མེས་འཇོམས་པའི་ཕྱིར་རོ། །དེངས་པའི་ཆོས་ཅན་ནི་རླུང་དང་ཉི་མ་ལ་སོགས་པས་སྐེམས་པའི་ཕྱིར་རོ། །མྱགས་པའི་ཆོས་ཅན་ནི་ཆུས་འདྲུལ་པའི་ཕྱིར་རོ། །སོ་སོར་འགྱེས་པའི་ཆོས་ ཅན་ནི་སྲོག་ཆགས་རྣམས་ཀྱིས་ཁམ་བུར་རྣམ་པར་འཇིག་པའི་ཕྱིར་རོ། །མཁྱེན་པར་མཛོད་ཅེས་བྱ་བ་ནི་རྟོགས་པར་གྱིས་ཤིག་པའོ། །ས་དང་ལྷུན་པོ་རྒྱ་མཚོ་ཞེས་བྱ་བ་ལ་སོགས་པས་ནི་ཆེས་བརྟན་པ་རྣམས་ཀྱང་མི་རྟག་པ་ཉིད་དུ་མཐོང་བས་རང་གི་ལུས་ལ་ཤིན་ཏུ་སྙིང་པོ་མེད་པའི་བློ་ཉེ་བར་གཏོད་ པར་བྱེད་དེ། ས་དང་ལྷུན་པོ་དང་རྒྱ་མཚོ་རྣམས་ཞེས་བྱ་བར་ཚིག་ཏུ་བསྡུ་བའོ། །དེ་དག་ནི་ས་དང་ལྷུན་པོ་རྒྱ་མཚོ་ཉི་མ་བདུན། །འབར་བས་བསྲེག་པའི་ལུས་ཅན་ཏེ། །ཉི་མ་བདུན་འབར་བ་ནི་ཉི་མ་བདུན་པོ་དག་གིས་འབར་བའོ། །གང་དག་ལ་དེས་བསྲེག་པའི་ལུས་ཡོད་པ་དེ་ དག་ལ་དེ་སྐད་ཅེས་བྱ་སྟེ། ས་ལ་སོགས་པ་ཉི་མ་བདུན་གྱི་ནི། །འབར་བས་བསྲེག་པའི་ལུས་ཅན་དེ་དག་ཀྱང་། །ཐལ་བ་ཡང་ནི་ལུས་པར་མི་འགྱུར་ན། །ཤིན་ཏུ་ཉམ་ཆུང་མི་ལྟ་སྨོས་ཅི་འཚལ། །རེ་ཞིག་ཆེ་ཐང་དུ་བསྟན་པ་དེ་དག་ཀྱང་གནས་སྐབས་དེ་ལྟ་བུར་འགྱུར་ན་རྣམ་ པ་ཐམས་ཅད་དུ་ཉམ་ཆུང་བའི་ལུས་གང་ཡིན་པ་འདི་ལྟ་སྨོས་ཀྱང་ཅི་དགོས་ཏེ། འདི་ལ་མི་རྟག་པ་ཉིད་ཀྱིས་གཞོམ་པར་མི་ནུས་པའི་གནས་སྐབས་གང་ཡིན་པ་དེ་མེད་དོ་ཞེས་བྱ་བ་ཡིན་ནོ། །དེ་ལ་ས་ལ་སོགས་པ་ཉི་མ་བདུན་གྱིས་བསྲེག་པ་ནི་ཉི་མ་བདུན་འཆར་བའི་མདོའི་རྗེས་ སུ་འབྲངས་ནས་རིག་པར་བྱ་སྟེ། བཅོམ་ལྡན་འདས་ཀྱིས་ཇི་སྐད་དུ། དགེ་སློང་དག་གང་དུས་ཡུན་རིང་མོ་ཞིག་འདས་ནས་ཆར་པ་མི་འབབ་ལ། དེ་ནས་ས་ཆེན་པོ་འདི་ལ་ས་བོན་གྱི་ཚོགས་དང་འབྱུང་བའི་ཚོགས་གང་དག་ཡིན་པ་དང་། ཆུ་བྲན་བསྐམ་པར་འགྱུར་བའི་དུས་དེ་ཡང་ཡོད་དོ། ། དགེ་སློང་དག་གང་དུས་རིང་མོ་ཞིག་འདས་ནས་ཆར་མི་འབབ་ལ། དེ་ནས་འཇིག་རྟེན་འདིར་ཉི་མ་གཉིས་པ་ཞིག་འབྱུང་བར་འགྱུར་ཏེ། དེ་བྱུང་ནས་ས་ཆེན་པོ་འདི་ལ་ཆུ་བོ་ཆེན་པོ་བཞི་མ་གཏོགས་པ་ཆུ་བོ་ཐམས་ཅད་བསྐམ་པར་འགྱུར་བའི་དུས་དེ་ཡང་ཡོད་དོ། །འཇིག་རྟེན་དུ་ཉི་མ་གསུམ་པ་བྱུང་བས་ནི་ཆུ་བོ་ཆེན་ པོ་བཞི་དང་མ་དྲོས་པ་ལ་སོགས་པའི་མཚོ་ཆེན་པོ་རྣམས་ཀྱང་བསྐམ་པར་འགྱུར་རོ། །འཇིག་རྟེན་དུ་ཉི་མ་བཞི་པ་བྱུང་བས་ནི་རྒྱ་མཚོ་ཆེན་པོ་ལས་ཤིང་ཏ་ལ་ཙམ་ཡང་བསྐམ་པར་འགྱུར་ལ། དཔག་ཚད་ཙམ་ཡང་བསྐམ་པར་འགྱུར་བས་ན་དཔག་ཚད་བརྒྱ་རྩ་ཡང་བསྐམ་པར་འགྱུར་རོ། །འཇིག་ རྟེན་དུ་ཉི་མ་ལྔ་བྱུང་བས་ནི་དཔག་ཚད་ཉིས་བརྒྱ་ལ་སོགས་པའི་ཁྱད་པར་གྱི་ཆུ་བསྐམ་པར་འགྱུར་རོ། །འཇིག་རྟེན་དུ་ཉི་མ་དྲུག་པ་བྱུང་བས་ནི་ཆུའི་ཐིགས་པ་ཆུང་ངུ་ཡང་མི་ལུས་ཤིང་ས་ཆེན་པོ་འདི་དང་རིའི་རྒྱལ་པོ་རི་རབ་ཀྱང་དུ་བ་འཐུལ་བར་འགྱུར་ཏེ། དཔེར་ན་ཐང་ལྕགས་བསྲེག་ པ་རྩྭའི་ནང་དུ་བོར་བ་བཞིན་དུ་དུ་བ་འཐུལ་བར་འགྱུར་ཏེ། དུ་བ་ཀུན་དུ་འཐུལ་བར་འགྱུར་རོ། །འཇིག་རྟེན་དུ་ཉི་མ་བདུན་པ་བྱུང་བས་ནི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཀུན་འབར་བར་འགྱུར་རབ་ཏུ་འབར་བར་འགྱུར་ཏེ། དཔེར་ན་མར་སར་རམ་འབྲུ་མར་བསྲེགས་ན་ཐལ་བ་ཡང་མི་ལུས་ པ་བཞིན་དུ་འགྱུར་རོ། །དེ་ལྟར་འདུ་བྱེད་དུ་གཏོགས་པ་ཐམས་ཅད་མ་ལུས་པར་བསྲེགས་ནས་རང་ཡང་འཆི་བར་འགྱུར་ཏེ། རེ་ཞིག་འདི་ནི་མེས་འཇིག་པའི་དབང་གིས་ས་དང་ལྷུན་པོ་དང་རྒྱ་མཚོ་རྣམས་འཇིག་པར་བཤད་པ་ཡིན་ནོ། །འདི་དག་ནི་ཆུས་འཇིག་པའི་དབང་གིས་ཀྱང་འཇིག་ལ། རླུང་གིས་ འཇིག་པའི་དབང་གིས་ཀྱང་འཇིག་པར་རིག་པར་བྱའོ། །དེ་ལ་ཁྱད་པར་ནི་འདི་ཡོད་དེ་ཉི་མ་གཉིས་པའི་ཇི་ལྟ་བ་དེ་ལྟར་ཆུས་འཇིག་པ་ལ་ནི་ཚ་སྒོ་ཆུའི་ཆར་འབབ་བོ། རླུང་གིས་འཇིག་པ་ལ་ནི་རྣམ་པར་འཐོར་བྱེད་ཀྱི་རླུང་ཆེན་པོ་ལྡང་ངོ་། །དེ་ལྟར་འདི་ཀུན་ཞེས་བྱ་བ་ལ་སོགས་པས་ནི་ཇི་སྐད་དུ་བཤད་པའི་ དོན་གྱི་མཇུག་བསྡུས་ནས་གདམས་ངག་སྦྱིན་པར་བྱེད་དེ། མི་རྟག་པ་དང་བདག་མེད་པ་ནི་བཤད་ཟིན་པ་ཉིད་དོ། །སྐྱབས་མེད་པ་ནི་སྡུག་བསྔལ་ལས་ཡོངས་སུ་སྐྱོབ་པར་བྱེད་པའི་རྗེ་དཔོན་འགའ་ཡང་མེད་པའི་ཕྱིར་རོ། །མགོན་མེད་པ་ནི་དེ་ལྟ་བུའི་ཉེ་བའི་ཚོགས་ཀྱང་མེད་པའི་ཕྱིར་རོ། །གནས་ མེད་པ་ནི་ཐ་མལ་པར་འདུག་པ་གཞན་འགའ་ཡང་མེད་པའི་ཕྱིར་ཏེ། །གང་གི་ཕྱིར་འཇིག་རྟེན་འདི་དེ་ལྟར་སྐྱབས་མེད་པ་ཡིན་པ་དེའི་ཕྱིར་ཀྱེ་མི་མཆོག་ཁྱོད་ཀྱིས་འཁོར་བ་ཆུ་ཤིང་ལྟར་སྙིང་པོ་མེད་པ་ལས་ཡིད་འབྱུང་བར་གྱིས་ཤིག་ཅེས་བྱ་བ་ཡིན་ནོ། །དེ་ནི་དགེ་བའི་སྣོད་མི་ཉིད་རྙེད་དཀའ་བར་རབ་ཏུ་ བསྟན་པའི་ཕྱིར། རྒྱ་མཚོ་གཅིག་གནས་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། རྒྱ་མཚོ་གཅིག་ན་གནས་པས་ན་རྒྱ་མཚོ་གཅིག་གནས་སོ། །དེ་ནི་རྒྱ་མཚོ་གཅིག་ན་གནས་པ་ཡང་ཡིན་ལ། རུས་སྦལ་ཡང་ཡིན་པས་རྒྱ་མཚོ་གཅིག་ན་གནས་པའི་རུས་སྦལ་ལོ། །རྒྱ་མཚོ་གཅིག་ན་གནས་ པའི་རུས་སྦལ་དང་གཉའ་ཤིང་བུ་ག་ལ་ཞེས་བྱ་བར་ཚིག་བསྡུས་ཏེ། དེ་གཉིས་ཕྲད་པའི་རྒྱ་མཚོ་གཅིག་ན་གནས་པའི་རུས་སྦལ་དང་གཉའ་ཤིང་བུག་པར་ཕྲད་པའོ། །མི་ཉིད་ཐོབ་པ་ནི་དེ་བས་ཀྱང་དཀའ་བའོ། །དོན་འདི་ཡང་མདོ་ཁོ་ན་ལས་རྒྱས་པར་བསྟན་ཏེ། དགེ་སློང་དག་འཇིག་རྟེན་རྒྱ་མཚོ་ གཅིག་ཏུ་གྱུར་པའི་ནང་ན་རུས་སྦལ་ལོང་བ་ཚེ་རིང་བ་ཡུན་རིང་པོར་འཚོ་བ་ཞིག་གནས་ཤིང་དེ་ལོ་བརྒྱ་འདས་ནས་ལན་ཅིག་གྱེན་དུ་འབྱུང་ལ། རྒྱ་མཚོ་ཆེན་པོ་དེ་ན་གཉའ་ཤིང་བུ་ག་ཕུག་པ་ཅིག་ཡོད་པ་དེ་ཤར་གྱི་རླུང་གིས་བདས་ན་ནི་ནུབ་ཕྱོགས་སུ་འགྲོ་ཞེས་བྱ་བ་རྒྱས་པར་བཀའ་སྩལ་ནས། དགེ་ སློང་དག་གང་དུ་རུས་སྦལ་ལོང་བ་དེ་གྱེན་དུ་འབྱུང་བའི་མགྲིན་པ་གཉའ་ཤིང་དེའི་བུ་གར་ཆུད་པར་འགྱུར་བའི་དུས་དེ་ནི་ཡོད་ཀྱི། དགེ་སློང་དག་མིར་སྐྱེ་བ་ཐོབ་པ་ནི་དེ་བས་ཀྱང་ཆེས་དཀའ་བར་ང་སྨྲའོ་ཞེས་གསུངས་སོ། །དུད་འགྲོ་ལས་ཞེས་བྱ་བ་ནི་དུད་འགྲོའི་སྐྱེ་གནས་ལས་སོ། །དེས་ནི་མི་ཐོབ་ པར་ནི་དཀའ་སྟེ། དེ་དག་ཤིན་ཏུ་བླུན་པའི་ཕྱིར་རོ། །གང་གི་ཕྱིར་དེ་ལྟར་མི་ཉིད་ཐོབ་པར་ཤིན་ཏུ་དཀའ་བ་དེའི་ཕྱིར་མི་དབང་གིས། དམ་ཆོས་སྤྱད་པས་མི་དེ་འབྲས་བུ་མཆིས་པར་མཛོད་ཅིག །འདིས་ནི་འདི་སྐད་དུ་ཁྱོད་ཀྱིས་ཐོས་པ་ཙམ་གྱིས་ཆོག་པར་མི་བྱའོ། །འོན་ཀྱང་ནན་ཏན་སྙིང་པོར་བྱའོ་ཞེས་བྱ་ བཤད་པ་ཡིན་ནོ། །གང་ཞིག་གསེར་སྣོད་ཅེས་བྱ་བ་ལ་སོགས་པས་ནི་དེ་ལྟར་རྙེད་དཀའ་བའི་མི་ཉིད་ཐོབ་ནས། གང་ཞིག་དགེ་བ་མི་བྱེད་པ་དེ་སྨད་པའི་སྒོ་ནས་དགེ་བ་ལ་སྦྱོར་བར་བྱེད་དོ། །གསེར་གྱི་སྣོད་རིན་པོ་ཆེས་སྤྲས་པས་ངན་སྐྱུགས་དག་འཕྱགས་པར་འོས་པ་མ་ཡིན་པས་གནས་མ་ཡིན་པར་ སྤྱོད་པ་ནི་འཇིག་རྟེན་གྱིས་སྨད་པར་བྱ་བ་ཡིན་ནོ། །མིར་སྐྱེས་ན་གང་ཞིག་སྡིག་པ་རྣམས་བྱེད་པ་ནི་དེ་བས་ཀྱང་ཆེས་སྨད་པར་བྱ་བ་ཁོ་ན་ཡིན་ཏེ། མི་ཉིད་ནི་རིན་པོ་ཆེའི་སྣོད་པས་ཀྱང་ཆེས་རྙེད་པར་དཀའ་བའི་ཕྱིར་རོ། །ད་ནི་མཐུན་པར་འགྱུར་བའི་ཡུལ་དུ་གནས་པ་དང་ཞེས་བྱ་བ་ལ་སོགས་པས་རྒྱལ་པོ་ འཕགས་པའི་ལམ་གྱིས་སྣོད་ཉིད་ཡིན་པར་སྟོན་ཏོ། །དེ་ལ་མཐུན་པའི་ཡུལ་ནི་གང་ཞིག་གང་གིས་སེམས་མཉམ་པར་གཞག་པ་དང་མཐུན་པ་ཡིན་ཏེ། འཚེ་བ་དང་གནོད་པ་དང་བྲལ་བའི་ཕྱིར་རོ།