Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 173

Văn bản gốc(Tây Tạng)

Trang 4 / 12 (50.000 ký tự/trang)
ལུས་རྨུགས་བམ་ཞིང་རྣམ་པར་འདྲུལ། །ལས་ཀྱི་རང་བཞིན་སྙི་ལ་འཚོ་བ་ཐོགས་པ་རྣམས། །བསྐྱོད་པ་ཙམ་ཡང་བྱ་བར་མི་ནུས་བཞིན་དུ་གསོན། །ལྷགས་པ་དཔེ་མེད་རུས་པ་ལ་ཡང་ཐིམ་
པ་ཡིས། །ལུས་སྦྲེབས་འདར་ཞིང་བསྐུར་ནས་གུམ་གུམ་པོར་འདུག་པ། །ཆུ་བུར་བརྒྱ་བྱུང་རྡོལ་བ་ལས་སྐྱེས་སྲོག་ཆགས་ཀྱི། །རལ་གྲིས་དབད་ནས་ཞག་དང་ཆུ་སེར་རྐང་བཅས་འཛག །དཀོས་ཐག་སོ་འཐམས་སྐྲ་དང་སྤུ་རྣམས་གཡེངས་གྱུར་པ། །མིག་དང་རྣ་བ་ལྐོག་མ་གནོད་

པས་ཀུན་གཟིར་ཞིང་། །ལུས་དང་སེམས་ཀྱི་བར་དག་རབ་ཏུ་ཀློང་གྱུར་ནས། །གྲང་བའི་དམྱལ་བར་གནས་ཤིང་ཤིན་ཏུ་འོ་དོད་འབོད། །དམྱལ་མེ་དུ་བ་མཆེད་དཀུ་མནམ་པ་འཐུལ་བས་གནམ་མདོག་འགྱུར། །མེ་ལྕེའི་ལག་མང་རྣམ་པར་འཕྲོས་ནས་ཕྱོགས་ཀྱི་དཀྱིལ་འཁོར་
ཁེབས། །རུས་གོང་དཀར་དུམ་ཕྲེང་བའི་རྒྱན་གྱིས་སྤུད་པ་སྐྱི་གཡའ་བ། །གླང་ཆེན་པགས་གྱོན་བསྡིགས་ཐབས་ཀྱེ་མ་ཀྱི་ཧུད་ཟེར་བ་བཞིན། །ལ་ལར་མེ་སྟག་ཆེ་འཕྲོ་འཁྲུག་པ་འུར་སྒྲ་ཏོག་ཡར་ལ། །ཞག་གིས་བབ་ན་སྐད་ངན་བོད་པའི་རྩེ་ཞིལ་ཆིལ་ཆིལ་འབར། །བྲང་གི་རུས་
པའི་ཁོང་དུ་ཐལ་ལ་ལྷག་ལྷག་སྒྲ་གྲགས་པ། །བསྐལ་པའི་དུས་ཀྱི་མེ་ཡིས་བསྐྱོད་དུ་མེད་པའི་ནང་དུ་ལྷུང་། །གློ་ནས་རྩྭ་སྐམ་རྙིང་ལས་སྦར་བ་ལྟ་བུར་མེ་ཚོགས་འབར། །མགྲིན་དང་ཁ་ནས་མེ་ལྕེ་འབར་བ་དུད་བཅས་བསྟུང་མར་འབྱུང་། །ཁོང་ལྟོགས་པ་ནས་ལུག་ནང་ཁྲོལ་ནར་བས་
ཀུན་བྲེད་ཅིང་། །བརྡ་མི་ཕྲད་པའི་སྐད་ཆེན་ཙམ་ཞིག་འདོན་པར་བྱེད་པར་ཟད། །སྡུག་བསྔལ་ཆེ་ལས་ཐར་པར་འདོད་པས་དེ་དག་ཡང་དང་ཡང་། །སྒོ་བྱེ་གསེབ་གཞན་མཐོང་ནས་ཐག་རིང་ཅི་ཞིག་ལྟར་ཏེ་འབྱེར། །གང་ཚེ་ལས་ཀྱི་སྒོ་འཕར་དམ་པོས་དེ་ཡང་བཅད་འགྱུར་པ། །དེ་ཚེ་ཡི་མུག་
བཟོད་བླག་སྡུག་བསྔལ་གཞན་ཡང་འབྱུང་བར་འགྱུར། །མངའ་ཆེན་རྣོ་ཚོགས་འབར་བ་ཆར་བཞིན་འབབ་པའི་རྗེས་ལ་ཡང་། །དམྱལ་བའི་སྲུང་མས་དབྱུག་པས་བཏབ་ཅིང་མཆི་མ་འཛག་བཞིན་དུ། །ལྕགས་ཞུན་ཁུ་བ་མེ་སྟག་འབར་བའི་ཕྲེང་བས་འཁྲིགས་པ་ལྡུད། །ཁ་སྣ་རྣ་བའི་བུ་ག་
དག་ནས་དུད་འཐུལ་གྱེན་དུ་འབྱུང་། །མིག་དང་གླད་སྤྲིས་རྡོལ་གྱི་བར་དུ་ཀུན་སྲེག་ཅིང་། །གླད་པའི་རྒྱས་ལ་འབར་བའི་མེ་ལྕེ་སྨུག་ནག་ཚོགས། །མེ་དེ་ཁྲོས་པ་ལྟ་བུར་དེ་ཡི་ལུས་ཕུང་ལ། །བུད་ཤིང་སྐམ་པོ་བཅེར་ལ་སྦར་བ་བཞིན་དུ་མཆེད། །སྐྱེ་བོ་དེ་སྲོག་རི་གཟར་ཀླུང་གི་ཆུ་ལྟར་གཡོ། །དམྱལ་
བའི་མེ་ཡང་དེར་ཟད་ཚ་བའང་དེར་ཟད་དེ། །ལས་རྣམས་ཇི་ལྟར་ཐམས་ཅད་ཤིན་ཏུ་མི་བཟད་པ། །སྣང་བར་འགྱུར་བ་དེ་ལྟར་ཡོངས་སུ་སྒྱུར་བར་བྱེད། །སྐྱེ་བོ་རང་གི་ལས་ཀྱིས་དབང་མེད་འཆལ་སྤྱོད་པ། །བརྒྱ་ལ་སྡིག་ནས་དམྱལ་བ་དག་ནས་ཐར་ན་ཡང་། །འཇིག་རྟེན་འགྲོ་བ་མཐའ་དག་བྱེ་

བ་འཕྱེས་རྣམས་སུ། །མི་ཡི་དངོས་པོ་ཤིན་ཏུ་རྙེད་པར་དཀའ་བ་ཉིད། །གལ་ཏེ་ཀླ་ཀློ་དམྱལ་བའི་སྲུང་དང་སྤྱོད་མཚུངས་སམ། །དུད་འགྲོ་ཕན་ཚུན་ཟ་བར་བྱེད་པའི་ནང་དག་ཏུ། །སྐྱེ་བ་ཐོབ་པར་འགྱུར་ན་གང་གི་ཕྱིར་ཡང་ནི། །གཡང་དུ་ལྷུང་བར་འགྱུར་
བའི་ངང་ཚུལ་དེ་ཉིད་བསྟེན། །གང་ཞིག་ཐོབ་ནས་སྐྱེ་བའི་རྒྱ་མཚོ་མཐར་འབྱིན་ཅིང་། །བྱང་ཆུབ་མཆོག་གི་ས་བོན་དགེ་བའང་འདེབས་གྱུར་པ། །ཡིད་བཞིན་ནོར་བུ་བས་ཀྱང་ཡོན་ཏན་ལྷག་པ་ཡི། །མི་ཉིད་དེ་ནི་སུ་ཞིག་འབྲས་བུ་མེད་པར་བྱེད། །བདེ་གཤེགས་ལམ་བསྟེན་
འགྲོ་བ་འདྲེན་པར་ཆས་གྱུར་ཅིང་། །སེམས་ཀྱི་སྟོབས་ཆེན་མི་ཡིས་རྙེད་པ་གང་ཡིན་པའི། །ལམ་དེ་ལྷ་དང་ཀླུ་ཡིས་མི་རྙེད་ལྷ་མིན་དང་། །མཁའ་ལྡིང་རིག་འཛིན་མིའམ་ཅི་སྟེ་ལྟོ་འཕྱེས་མིན། །མི་ཡི་དངོས་པོ་ཤིན་ཏུ་རྙེད་དཀའ་རྙེད་གྱུར་ནས། །དོན་དུ་བརྣག་པ་གང་
ཡིན་དེ་ནི་བརྟུན་ཏེ་བསྒྲུབ། །མར་མེའི་མེ་ལྕེ་ཤུགས་དྲག་རླུང་གིས་བསྐྱོད་པ་ལྟའི། །ཚེ་ནི་སྐད་ཅིག་གནས་པའི་གདེངས་ཡང་ཡོད་མ་ཡིན། །འདི་ནི་སང་བྱ་འདི་ནི་ཐང་ཅིག་འོག་ཏུ་བྱ། །འདི་ནི་དེའུ་རེ་བྱ་ཞེས་སྐྱེ་བོ་སེམས་པ་ན། །གཤིན་རྗེ་བེ་ཅོན་ནག་ཐོགས་ཟུར་གྱིས་ལྟ་བ་
ཡི། །མིག་རྩ་དམར་ཁྲོས་མ་རངས་གད་མོས་རེ་སྙམ་འདེབས། །སོས་ཀ་མེ་ཏོག་རྒྱས་པའི་དུས་འདེ་འབྱུང་བར་འགྱུར། །ཟླ་བ་གསལ་བས་མཚོན་པའི་སྟོན་དུས་འདི་འབྱུང་ཞེས། །སྐྱེ་བོ་ཐམས་ཅད་དགའ་འགྱུར་བདག་གི་ཚེ་འདི་ནི། །ཟད་པར་འགྱུར་ཞེས་ཤིན་ཏུ་མི་
དགར་འགྱུར་བ་མེད། །ཟླ་བའི་དཀྱིལ་འཁོར་རྒྱས་པ་ཉེ་བར་བརྒྱན་བྱས་ཤིང་། །རྐེད་འཆིངས་ཆར་ཆེན་སྤྲིན་གྱི་འཁྲིགས་པས་འཁྱུད་གྱུར་པ། །རི་རྩེའི་ནགས་ཀྱི་མཐོངས་དེར་ཆགས་པ་མེད་པ་ནི། །རླུང་ལྟར་གཡོ་བའི་རང་བཞིན་ཚེ་གཏུགས་སྐལ་བ་ཆེ། །ནགས་མཐོངས་རི་
དགས་རྒྱུ་བའི་ཚོགས་ཀྱིས་བསྟེན་བྱས་ལ། །ཀུན་ནས་ཉམས་དགའ་བཟང་པོ་དེ་ནི་སྐྱིད་པ་གང་། །དེ་ཅི་དགའ་བའི་ནགས་ཚལ་ལྷ་མོའི་ཉམས་བག་ཏུ། །ཐེལ་གྱིས་འབེབས་པའི་རྡོ་ལེབ་ཅན་ལ་ཡོད་འགྱུར་སྙམ། །ནགས་ཀླུང་ཆུ་གཙང་ངོགས་ཀྱི་དབེན་པ་སྐྱིད་པ་གང་། །

དེ་ཅི་ལྷ་ཡི་བུ་མོ་དྲི་ཞིམ་བྱུགས་པ་ཡི། །ལན་བུའི་རྒྱན་དུ་ཐོགས་པའི་རྒྱུ་ལྡན་མེ་ཏོག་ཚོགས། །མཛེས་པའི་ཟིལ་གནོན་ལྷ་ཡི་ཆུ་ལ་འང་ཡོད་འགྱུར་རམ། །རྩ་བ་འབྲས་བུ་ཤུན་པ་ལོ་མ་ཕུན་སུམ་ཚོགས་པའི་ལྗོན་ཤིང་ལྡན། །ནགས་ཚལ་ལྟོས་མེད་རི་བོའི་
ཆུ་རྒྱུན་བསིལ་འབབ་ཆགས་པ་མེད་པའི་གནས། །ཆུ་ཀླུང་ཡངས་པའི་མཐའ་རུ་འབྲས་བུ་མེ་ཏོག་ལྷུང་བས་བརྒྱན་པ་ཡི། །ཉམས་དགའ་བས་མཐར་ཅི་ཞིག་མེད་དེ་དམྱལ་སྡོང་ཁྱིམ་གྱིས་བསླུས་ཏེ་སྡོད། །རི་སུལ་ཡངས་པར་སྐྱེ་བོ་བུན་ལོང་མེད་པས་རབ་བདེ་བ། །ཉེར་སྤྱོད་
རྒྱ་ཆེན་ནགས་ཚལ་སྔོ་འཁྲུངས་ཕྲེང་བས་སྦྲེངས། །ཆུ་ངོགས་སྙན་པ་ཕུ་ཆུའི་རྒྱུན་འདྲ་རྔ་ལྟར་སྙན་པ་ཡིས། །བདག་ཅག་ཉོན་མོངས་ཡུལ་མ་ཡིན་ཞེས་འདོན་ལ་སྒྲོགས་པ་བཞིན། །འདོད་པ་རྣམས་དང་འབྱོར་དང་སྲིད་གསུམ་རྒྱལ་བ་ཡིས། །སྒྱུ་མ་སྨིག་རྒྱུ་ཆུ་ཟླ་དབའ་རླབས་འདྲ་
བར་གསུངས། །རྨི་ལམ་ལྟ་བུའི་ངན་སྤྱོད་འཁྲུལ་བས་བསླུས་པ་ཡི། །བྱིས་པ་གང་དག་དེ་ལ་ཆགས་པ་དམྱལ་བར་ལྟུང་། །ཡུལ་དང་དུག་མཚུངས་དང་པོ་མྱོང་བ་ཙམ་ན་བདེ། །ཡུལ་དང་དུག་མཚུངས་རྣམ་སྨིན་རྩུབ་པས་མི་བཟད་པ། །ཡུལ་དང་དུག་མཚུངས་གཏི་མུག་མུན་པས་
ཐིབས་པོར་བྱེད། །ཡུལ་དང་དུག་མཚུངས་ཤུགས་བཟློག་དཀའ་ཞིང་གཡོ་བ་ཡིན། །དུག་དང་ཡུལ་རྣམས་བློ་ཡིས་ངེས་པར་བརྟགས་བྱས་ན། །ཉིས་ན་དུག་བླ་མི་བཟད་རང་བཞིན་ཡུལ་རྣམས་མིན། །དུག་ནི་སྐྱེ་བ་གཅིག་ལ་དུག་ཏུ་འགྱུར་བར་ཟད། །ཡུལ་ནི་ཚེ་རབས་གཞན་
ལའང་དུག་ཏུ་འགྱུར་བར་བྱེད། །དུག་ནི་དུག་དང་བསྲེས་ནས་རབ་ཏུ་ཞི་བར་འགྱུར། །གསང་སྔགས་མཆོག་དང་དུག་སེལ་སྨན་གྱིས་གསོ་བར་རུང་། །དུག་ནི་ཐབས་ལྡན་སྤྱད་ན་མི་ལ་ཕན་འགྱུར་གྱི། །དུག་ཆེན་ཡུལ་ནི་ནམ་ཡང་དེ་ལྟ་མ་ཡིན་ནོ། །ཇི་ལྟར་གླང་བུ་ཁྲོན་ཟབ་ཁ་ནས་
འཁྲུངས་པ་ཡི། །རྩྭ་ལོ་ཁམ་འགའ་ཙམ་ལ་ཡིད་ནི་ཆགས་གྱུར་པ། །རྙེད་པ་གྲུབ་པ་མེད་པར་གཡང་དུ་ལྟུང་བ་ལྟར། །འཚོ་བའི་འཇིག་རྟེན་བདེ་ལྡན་འདོད་པའང་དེ་དང་འདྲ། །ལྷ་ཡི་བུ་མོ་དལ་གྱིས་འབབ་པའི་ཆུ་རྒྱུན་གྱིས། །འཕྲལ་ཐབས་ཀློང་པ་རྣམས་དང་ལྷན་ཅིག་རྩེ་མྱོང་

ནས། །ཕྱིར་ཡང་ཆུ་བོ་རབ་མེད་རྦ་དྲག་འབོགས་པ་ཡིས། །སྨས་པའི་སྡུག་བསྔལ་མི་བཟད་བསྟན་པར་བྱ་དགོས་སོ། །ལྷ་ཚལ་དཔག་བསམ་ཤིང་ལོའི་གདིང་བ་ཀུན་བཀྲམ་པར། །ལྷ་ཡི་བུ་མོ་དང་བསྟེན་བདེ་བར་གནས་ནས་ཀྱང་། །ཕྱིར་ཡང་མཚོན་རྣོན་མང་པོ་
འབབ་པས་ལུས་དབང་པ། །ལོ་མ་རལ་གྲི་ལྟ་བུའི་ནགས་ཚལ་བགྲོད་དགོས་སོ། །རྐང་བཞག་ནེམས་དང་འཕར་བྱེད་རེག་ན་བདེ་བ་ཡི། །རི་རབ་སྤོ་ཡི་དཀྱིལ་དུ་ཡུན་རིང་གནས་ནས་ཀྱང་། །ཕྱིར་ཡང་བྱེ་མ་བསྲེགས་པའི་མེ་མ་མུར་གྱི་ཚོགས། །བརླ་དང་རྐང་ལག་ཀུན་དུ་ཞིག་པར་
འཁྱམ་པར་འགྱུར། །དྲིལ་བུ་མཛེས་ཁྲོལ་མུ་ཏིག་ཕྲེང་ཚོགས་ལྷག་གེ་བ། །གཞལ་མེད་ཁང་དུ་ཞུགས་ཏེ་ལྷ་ཡུལ་བགྲོད་ནས་ཀྱང་། །མི་བཟད་སྐྱབས་མེད་མུན་ནག་ཐིབས་པོ་དཔག་མེད་པ། །ཕ་མཐའ་མེད་པའི་ནང་དུ་སྤྱི་ཚུགས་ལྟུང་བར་འགྱུར། །གང་དུ་ལྷ་ཀླུ་མིའམ་ཅི་ཡི་མགོ་རྒྱན་
གྱི། །འོད་ཀྱི་ཚོགས་ཀྱིས་རྐང་རྟེན་དམར་བའི་བརྒྱ་བྱིན་ཡང་། །ལས་ཀྱི་རླུང་འཁྲུགས་འགྲོ་བ་ངན་པར་འགྲོ་འགྱུར་བ། །དེ་ལ་སྐྱེས་བུ་སུ་ཞིག་འཇིགས་པ་བསྟན་མི་བྱེད། །མེ་ཏོག་རབ་ཏུ་རྙིངས་ཤིང་ལུས་རྔུལ་ཐོན་པ་དང་། །གོས་རྙིང་སྨྲེ་ཞིང་ཉེ་དུ་རྣམས་ལ་ལྟ་བ་ཡིས། །ལྷ་རྣམས་
འཆི་བའི་རབ་ཏུ་སྡུག་བསྔལ་གང་ཡིན་དེ། །འཚོ་བ་ཆུ་བུར་ལྟ་བུར་གཡོ་བའི་མི་ལ་མེད། །སྡུག་བསྔལ་མེ་ཚོགས་འཕུང་བས་འཇིགས་པའི་འཇིག་རྟེན་འདིར། །སྐྱེ་བོ་བདེ་སྙམ་མངོན་པའི་ང་རྒྱལ་བྱེད་པ་དང་། །དེ་ནི་གཤིན་རྗེའི་ཁ་ཡངས་འབྱེད་པར་བྱེད་པ་སྟེ། །དེ་ནི་སྐྱེ་བ་ཕྱི་
མའི་ལྗོན་ཤིང་ས་བོན་ཡིན། །དེ་ནི་གཤིན་རྗེས་སྲིད་མཚོར་རྒྱུ་བའི་སེམས་ཅན་ལ། །ལོག་པར་སྨོན་པའི་འཇིགས་པ་དབྱིག་པ་ནག་པོའི་རྩེར། །སྲེད་པའི་ཐ་གུ་རིང་པོས་དམ་བཞག་བཏགས་པ་ཡི། །མཆིལ་པས་ཉ་ལ་བྱ་བ་བཞིན་དུ་བཏབ་པ་ཡིན། །དམྱལ་རྣམས་ཟངས་ཆེན་ལྷག་
ལྷག་སྐོལ་བ་ཚ་བའི་ཤུགས་དྲག་ནས། །སྐད་ཅིག་ཙམ་ཞིག་མགོ་སྟོད་དབུགས་འབྱིན་འགྱུར་བ་རྣམས། །ལྕགས་ཀྱི་ཐོ་བ་རབ་ཏུ་མང་པོ་ཁྲོས་ཏེ་གཟས་པ་ཡིས། །བརྒྱབ་ན་དེ་ཉིད་མཆོག་ཏུ་བདེ་བ་ཡིན་པར་སེམས་པ་ལྟར། །དེ་བཞིན་སྡུག་བསྔལ་མི་བཟད་པ་ཡིས་དབང་མེད་རྟག་

གཟིར་ཅིང་། །རེ་ཞིག་ཙམ་ཞིག་ཇི་ཞིག་ལྟར་ཏེ་སྐྱེ་ཤིའི་འཁྲུགས་མེད་ནས། །སྐད་ཅིག་སྡུག་བསྔལ་གཉུག་མར་བཟོད་དཀའ་མེ་ལྕེ་ཞིལ་གྱུར་ན། །འཇིག་རྟེན་ཐམས་ཅད་བདེ་བ་ཁམ་འགའ་ལ་ཡང་སྲེད་པར་བྱེད། །ཇི་ལྟ་ཇི་ལྟར་འགྲོ་བ་ཀུན་ལ་བདེ་བའི་འདུ་ཤེས་བསྐྱེད། །དེ་ལྟ་དེ་
ལྟར་གཏི་མུག་མུན་པ་ཤིན་ཏུ་སྟུག་པོར་འགྱུར། །ཇི་ལྟ་ཇི་ལྟར་འགྲོ་བ་ཀུན་ལ་སྡུག་བསྔལ་འདུ་ཤེས་བསྐྱེད། །དེ་ལྟ་དེ་ལྟར་གཏི་མུག་མུན་པ་ཤིན་ཏུ་སྲབ་མོར་འགྱུར། །ཇི་ལྟ་ཇི་ལྟར་སྡུག་པ་བསྒོམ་པ་ཤིན་ཏུ་རྣམ་འཕེལ་བ། །དེ་ལྟ་དེ་ལྟར་འདོད་ཆགས་མེ་ལྕེ་ཤིན་ཏུ་འཕྲོ་བར་འགྱུར། །
ཇི་ལྟ་ཇི་ལྟར་མི་སྡུག་བསྒོམ་པ་ཤིན་ཏུ་འཕེལ་འགྱུར་བ། །དེ་ལྟ་དེ་ལྟར་འདོད་ཆགས་མེ་ལྕེ་ཤིན་ཏུ་རྩེ་ཞིལ་འགྱུར། །བུད་མེད་ཡན་ལག་དྲི་ང་རུལ་པ་མི་སྡུག་དང་། །པད་མའི་འདབ་མ་ཨུཏྤལ་དག་ཏུ་སྙམ་བྱེད་པ། །སྙན་དངགས་མཁན་གྱི་བརྫུན་དེའི་འབྲས་བུ་མི་བཟད་པ། །
དེ་དག་དེ་ཡི་མངལ་གནས་འཇུག་པ་དེ་ཡིན་ནོ། །འགྲོ་བར་ལན་བརྒྱར་མ་སོན་འགྲོ་དེ་གང་ཞིག་ཡོད། །སྔོན་ཆད་ལན་མང་མ་མྱོང་བདེ་བ་དེ་གང་ཞིག །རྔ་ཡབ་དཀར་མཛེས་ལྟ་བུའི་དཔལ་གང་མ་ཐོབ་པ། །དེ་ཡང་གང་ཞིག་ཡོད་ན་འོན་ཀྱང་འདོད་ཆགས་འཕེལ། །གང་གི་གླིང་བར་མ་
གནས་ཆུ་བོ་དེ་ཡོད་མིན། །ཡུལ་ཕྱོགས་གང་དུ་གནས་མ་བཅས་པའི་གནས་དེ་མེད། །གང་དུ་མ་སོང་ནམ་མཁའི་ཕྱོགས་དེའང་ཡོད་མིན་ན། །འོན་ཀྱང་འདོད་ཆགས་དགང་དཀའ་འཕེལ་བར་འགྱུར་བ་ཉིད། །སྔོན་ཆད་ལན་མང་མ་མྱོང་སྡུག་བསྔལ་དེ་ཡོད་མིན། །འགྲོ་བར་གང་
གིས་ཚིམ་གྱུར་འདོད་པ་དེ་དག་མེད། གང་གི་ལྟོར་མ་ཉལ་བའི་སེམས་ཅན་དེ་མེད་ན། །འོན་ཀྱང་ཇི་ལྟར་འཁོར་བ་ཅན་ལ་ཆགས་བྲལ་མེད། །སྐྱེ་བ་ཡོངས་སུ་འཛིན་པ་འགྲོ་བ་རྒྱ་ཆེན་འདིར། །བདེ་དང་སྡུག་བསྔལ་དག་ཏུ་ལན་མང་འགྲེ་ལྡོག་པ། །འགྲོ་བ་གཉེན་མ་གྱུར་པའི་
སྐྱེ་བོ་དེ་གང་མེད། །འོན་ཀྱང་ཞེ་སྡང་སྦྲུལ་གྱི་རང་བཞིན་འཇིགས་པར་གནས། །གང་དང་ལྷན་ཅིག་འདུས་ནས་བགད་ཅིང་རྩེས་པ་དང་། །གླུ་བླངས་དགའ་འདུན་བྱས་ཤིང་གཅིག་ཏུ་ཟོས་འཐུངས་དང་། །དུས་ཀྱི་རིམ་པས་མེ་ཏོག་རྣ་རྒྱན་དེངས་བྱས་དང་། །གནས་སྐབས་ཅི་ཞིག་

ལྟར་མཉམ་མི་མཉམ་བྱས་པ་ཡི། །ཉེ་དུ་འཁོར་བའི་རྒྱ་མཚོའི་ཁོངས་སུ་ཆུད་གྱུར་པ། །ཀློང་གི་ནང་དུ་ལྷུང་བ་ལྟ་བུ་སྣང་བཞིན་དུ། །སྐྱེ་ཤིས་འཕོས་པས་ངོ་མ་ཤེས་པ་དེ་བོར་ནས། །གལ་ཏེ་གཅིག་ཐར་བྱེད་ན་དེ་ལས་ཁྲེལ་བོར་མེད། །བྱིས་པ་པང་ན་བཙའ་བ་
ཅི་ཡང་མི་ནུས་པར། །གང་གི་ནུ་ཞོ་བྱམས་པའི་ཤུགས་ཀྱིས་གཟགས་འཐུངས་པ། །ངལ་བ་མང་བསྟེན་བྱམས་པ་བསྟེན་པ་དེ་དག་འདིར། །ཤིན་ཏུ་མ་རབས་ཞིག་ནའང་སྤོང་བར་སུ་ཞིག་སྤྲོ། །གང་གི་ཁོང་ན་འདི་སྐབས་རྙེད་ནས་གནས་བཅས་ཤིང་། །གང་གི་རྩེ་བག་སེམས་
ཀྱིས་ཟོན་བཅས་འདི་བླངས་པ། །ཉོན་མོངས་དེ་དག་སྡུག་བསྔལ་སྐྱབས་མེད་དེར་བོར་ནས། །འགྲོ་བ་མ་རབས་ཐ་ཤལ་ཞིག་ནའང་སུ་ཞིག་སྤྲོ། །འགྲོ་བ་སྡུག་བསྔལ་མི་བཟད་མང་པོས་དབང་མེད་སྐྱབས་མེད་འདིར། །གཞན་གྱི་དོན་དུ་སྡུག་བསྔལ་གང་དེ་བདེ་ཞེས་སྐྱེས་མཆོག་
གསུངས། །སྐད་ཅིག་གཞན་བཀྲེས་སྐོམ་དང་ཚ་ངལ་བྲལ་བས་རངས་བྱས་པ། །དེས་དགའ་གང་ཡིན་དེ་དང་འདྲ་བ་འདི་ནའང་གང་ཞིག་ཡོད། །གཞན་ཕན་བདེ་བ་སྐྱེད་པར་བརྩོན་པས་དགའ་བ་རྙེད་པ་གང་། །དེ་ནི་ཡུལ་བདེའི་ལོངས་སྤྱོད་ལྷུར་ལེན་རྣམས་ཀྱིས་ཇི་ལྟར་ཡང་། །གཞོན་
བདེས་མི་ཐོབ་མི་དབང་འབྱོར་པའི་ཡོ་བྱད་རྣམས་ཀྱིས་མིན། །ཆུང་མས་མ་ཡིན་གཞན་མིན་ལྷ་གནས་ལྷ་མིན་འགྲོ་བས་མིན། །ཤིན་ཏུ་རྙེད་སླ་རྩྭ་ཁམ་འགའ་ལྟ་ཕྱུགས་ཀྱང་རང་ཉིད་ཟ། །ཤིན་ཏུ་སྐོམ་པས་གདུངས་པའང་ཆུ་ཞིག་རྙེད་ན་དགའ་མགུར་འཐུང་། །འདི་ན་སྐྱེས་བུ་གཞན་
དོན་བྱེད་པར་བརྩོན་པ་གང་ཡིན་པ། །དེ་འདིའི་བརྗིད་བག་ཡིན་ཏེ་དེ་བདེ་སྐྱེས་བུའི་རྩལ་དེ་འཕགས། །ཉི་མ་རླབས་ཆེན་རྟ་ཞོན་རྒྱུ་བ་སྣང་བྱེད་གང་ཡིན་དང་། །ཁུར་ལ་མི་རྩེགས་ས་ཡིས་འཇིག་རྟེན་འདེགས་པ་གང་ཡིན་དེ། །རང་དོན་འགའ་མེད་ཆེན་པོ་རྣམས་ཀྱི་རང་བཞིན་དེ་འདྲ་སྟེ། །
དེ་དག་འཇིག་རྟེན་ཕན་དང་བདེ་བའི་རོལ་གཅིག་ཏུ་གཞོལ། །འཇིག་རྟེན་མ་རིག་དུད་སྤྲིན་འཁྲིགས་པས་འགྲོ་བ་འཁྲུགས་གྱུར་བ། །སྡུག་བསྔལ་མེ་རབ་འབར་བའི་ནང་དུ་དབང་མེད་ལྟུང་མཐོང་ནས། །ཐོང་ལ་མེ་ལྕེ་འབར་བ་ལྟ་བུར་ཡིད་བྲེལ་བརྩོན་པ་གང་། །འདི་ན་དེ་དག་སྐྱེས་

བུ་ཡིན་ཏེ་མཁས་པའང་དེ་དག་ཡིན། །གཞན་གྱི་དོན་དུ་མེ་ལྕེས་གང་བའི་མནར་མེད་དམྱལ་བར་ཡང་། །གངས་དང་ཟླ་འོད་བསིལ་བ་ལྟ་བུར་རབ་ཏུ་དགའ་བཞིན་འཇུག །ཉིད་ཀྱི་དོན་དུ་པད་མ་ཁ་བྱེ་ལྷག་གེར་འདུག་པ་ཡི། །མཚོ་ཡང་དེ་ལ་མེ་ལྕེའི་ཚོགས་བཞིན་རབ་ཏུ་གདུངས་
བར་བྱེད། །གཞན་ལ་ཕན་པར་བྱེད་པར་ཆས་པའི་མཁས་པ་རྣམས། །ལོ་མ་རལ་གྲི་ཚལ་ནའང་བདེ་བླག་གནས་བྱེད་ཀྱིས། །སྐད་ཅིག་ཙམ་ཡང་ལྷ་ཡི་བུ་མོ་དང་འགྲོགས་ནས། །དགའ་བའི་ཚལ་གྱི་ནང་དུ་སྐྱིད་པར་བྱེད་མི་འགྱུར། །རྒལ་བར་གྱུར་པ་སྐྱབས་མེད་སྐྱེ་བོ་བསྒྲལ་
བའི་ཕྱིར། །ཕྱིར་ཡང་ཆུ་བོ་རབ་མེད་ནང་དུ་འཇུག་བྱེད་ཀྱིས། །ལྷ་ཡི་ཆུ་བོ་དབའ་རླབས་ཆིལ་ཆིལ་འདུག་པ་ཡིས། །རེག་པའི་བདེ་བ་བདག་ཉིད་སྟེན་པར་བྱེད་མ་ཡིན། །དེ་ལྟར་རྒྱན་གྱིས་བརྒྱན་གྱུར་ལེགས་སྤྱད་རིན་པོ་ཆེ། །གསལ་བའི་ནང་ན་གསལ་བ་ཞི་བའི་བདུད་རྩི་
ཡངས། །དགའ་བའི་དགའ་བ་བྱས་པ་མི་གཟོ་རྙེད་དཀའ་བ། །བཀྲ་ཤིས་རྣམས་ཀྱི་བཀྲ་ཤིས་ཞི་བའི་བདེ་རྒྱུན་ཏེ། །བདེ་བར་གཤེགས་པའི་གསུང་གི་མེ་ཏོག་རྟག་བསྟེན་བྱ། །ལྗོན་ཤིང་མེ་ཏོག་དེ་ལས་འབྲས་བུ་རྒྱ་ཆེན་འབྱུང་། །བདེ་གཤེགས་མེ་ཏོག་གསུང་ལས་དོན་ཚོགས་
བསྟེན་བྱ་སྟེ། །སྦྲང་མ་སྦྲང་རྩི་ལ་མཆོག་དགའ་བར་བྱེད་ལ་ལྟོས། །སྐད་ཅིག་གཅིག་ལ་ཟད་ཅིང་རྟག་ཏུ་འཁྲུག་པའི་ཡུལ་རྣམས་སྤོང་། །ཞི་བའི་བདེ་འབྲས་འཆི་བའི་འཚེར་མེད་གཅིག་པུ་དབེན་པ་སྟེན། །རྣམ་ཐར་སྒོ་ཡི་གཏན་པས་གཏི་མུག་འཁྲུགས་པའི་རབ་རིབ་སོལ། །རྟ་
མཆོག་རྟེའུ་ནི་ཤིན་ཏུ་ཡུན་རིང་གཉིད་ལོག་འགྱུར་མ་ཡིན། །ཁྱོད་གཅིག་གདུང་བས་ཉམ་ཐག་རྣམས་ལ་སྲིད་པའི་མྱ་ངམ་དུ། །ཤིང་ཆེན་སྡང་བརྟན་རྒྱ་ཆེན་ཀུན་གེལ་བཟོད་དང་དུལ་བའི་ལོ་མ་ཅན། །ཞིག་ནས་མེ་ཏོག་ཤེས་རབ་ཡལ་ག་རབ་སྨིན་ལོ་བྲན་སྟུག །སྨོན་ལམ་རྩེ་མོ་
ཚུལ་ཁྲིམས་དྲི་མ་རབ་ཞི་འབྲས་བཅས་ཀྱིས། །ཁྱོད་གཅིག་གདུང་བས་ཉམ་ཐག་རྣམས་ལ་སྲིད་པའི་མྱ་ངམ་དུ། །མཚོ་ཆེན་ཡངས་གསལ་བྱིན་གཞོལ་གཏིང་ཟབ་བསམ་པ་རབ་ཏུ་དངས། །རྟག་བསིལ་སྦྲུལ་གདུག་རྙི་ཡིས་བག་མེད་འཇིགས་སྤངས་རང་བཞིན་གྱིས། །རབ་ཏུ་

གཙང་ཞིང་སྲེད་པ་གཅོད་བྱེད་རྟུལ་བའི་ཁུར་བཟོད་ཀྱིས། །ཁྱོད་གཅིག་གདུང་བས་ཉམ་ཐག་རྣམས་ལ་སྲིད་པའི་མྱ་ངམ་དུ། །སྤྲིན་ཆེན་སྐྱེ་བོ་མང་ཕན་མི་འཇིགས་སྨྲ་བའི་སྒྲ་ཆེན་སྒྲོགས། །དྲག་པ་རྒྱ་ཆེན་ཆར་གྱི་ཤུགས་དྲག་སྙིང་རྗེའི་རླུང་གིས་བསྐྱོད། །རྡུལ་
བྲལ་ཞི་བས་ཚུལ་ཁྲིམས་དྲི་མས་ས་སྟེང་བརྒྱན་པར་གྱིས། །བདག་གིས་དེ་སྐད་བརྗོད་པས་བསོད་ནམས་ཅུང་ཟད་བསྒྲུབས་པ་གང་། །དེ་ཡིས་སྐྱེ་བོ་མ་ལུས་བདེ་གཤེགས་སྤྱོད་ལ་དང་བྱེད་ཅིང་། །རྟག་བདེ་ལོངས་སྤྱོད་བཟང་ལྡན་ཡིད་ལ་རེ་བ་འབྱོར་བ་དང་། །གཞན་ལ་ཕན་དགའ་དེ་ནས་རིམ་
གྱིས་ཀུན་མཁྱེན་བགྲོད་པར་ཤོག །དམྱལ་བ་ལག་མཐིལ་ལྟར་མཉམ་རྣམ་བསལ་མེ་རབ་ཞི་བ་དང་། །སྐམ་འཁྲུངས་པདྨའི་ལོ་མས་ཁེབས་ཤིང་རྩ་བའི་ཁྱེའུ་སོ་འཐོན། །གཙང་ཞིང་དྲི་ཞིམ་པདྨ་ཁ་བྱེས་ས་རྣམས་བརྒྱན་པ་དང་། །རྒྱས་ཤིང་བཟང་ལ་སེར་བུའི་ངད་བཅས་ཆར་ཟིམ་འབབ་པ་
པར་ཤོག །བདུད་དཔུང་ཕམ་པ་ཆོ་ངེས་འདེབས་པས་མི་བསྙེངས་སྒྲོགས་པ་པོ། །ལྷ་ཆུའི་རྩེ་མོ་བས་ཀྱང་དགའ་མཛད་ལྷ་དང་མི་འདུལ་བ། །སྐྱེ་ཤི་ཉོན་མོངས་སྡུག་བསྔལ་རྒྱུན་རྣམས་འཇོམས་པའི་སངས་རྒྱས་དག །ཕྱོགས་དང་ཕྱོགས་སུ་བརྣག་པ་བཞིན་དུ་ནམ་ཞར་འབྱུང་བར་
ཤོག །འགྲོ་བ་ཆོས་ཀྱི་ཀུན་དགའ་འཕེལ་བའི་དགའ་སྟོན་ཆེ་བར་ཤོག །འཆི་བདག་རེ་བ་ཤིན་ཏུ་ཡུན་རིང་གོམས་པ་དོན་མེད་ཤོག །ཐུབ་པའི་སྐྱེ་བོ་གཏམ་ཚོགས་འཕེལ་བས་ཞེ་བ་བདུད་རྩི་ཡི། །ཆར་གྱི་ཟླ་བའི་སྣང་བ་རབ་བཟང་བསིལ་བས་དོན་བྱས་ཤོག །སློབ་མ་ལ་སྤྲིངས་པའི་
ཕྲིན་ཡིག་སློབ་དཔོན་ཆེན་པོ་ཙན་དྲ་གོ་མིས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་སརྦ་ཛྙ་དེ་བ་དང་། །ཞུ་ཆེན་གྱི་ལོ་ཙཱ་བ་བན་དེ་དཔལ་བརྩེགས་རཀྵི་ཏས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། ༄༅༅། །རྒྱ་གར་སྐད་དུ། མ་ཧཱ་རཱ་
ཛ་ཀ་ནིསྐ་ལེ་ཁ། །བོད་སྐད་དུ། རྒྱལ་པོ་ཆེན་པོ་ཀ་ནིས་ཀ་ལ་སྤྲིངས་པའི་སྤྲིང་ཡིག །དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་འཚལ་ལོ། །བགྲོད་པར་བགྱི་འོས་ཁྱོད་ལགས་ན། །བཀུག་ཀྱང་མ་མཆིས་གང་ལགས་དེ། །མ་གུས་མ་ལགས་བརྙས་མ་ལགས། །རྒ་

དང་ནད་ཀྱི་བར་ཆད་བགྱིས། །བདག་ནི་སེམས་ཅན་ཐམས་ཅད་དང་། །འདྲ་བར་ཁྱོད་ལ་བརྩེ་མོད་ཀྱིས། །ཁྱོད་ཀྱི་ཡོན་ཏན་གྱིས་ཁྱོད་ལ། །ལྷག་པར་ཉེ་མགོན་ཁྱད་པར་བགྱིད། །གདམས་བགྱི་ཕལ་ཆེར་མཆིས་མོད་ཀྱི། །ཐམས་ཅད་གདམས་པར་སུས་རྔོ་ཐོགས། །ཁྱོད་ཀྱི་ཡོན་
ཏན་གང་ལགས་དེས། །བདག་ནི་སྤྱི་བརྟོལ་སྐྱེས་པར་གྱུར། །བཟློག་པ་མེད་པའི་ཡོན་ཏན་གྱིས། །ཕྱོགས་རྣམས་ཀུན་དུ་བསྒོས་པས་ནི། །མི་མཆོག་རྣམས་ཀྱང་ཐུགས་ཐུབ་པར། །མཛའ་བཤེས་བཞིན་དུ་འཛེམ་པ་མེད། །དེ་ལྟས་སྙན་བསྟོད་ཉིད་ཀྱི་ཆེད། །བདག་གིས་
གསོལ་བ་འདི་གསོན་ཏེ། །བསྒྲུབ་དང་བཏང་བའི་ཕྱོགས་གཉིས་ལས། །གང་རིགས་དེ་ནི་ཉམས་སུ་བཞེས། །དགའ་བར་བགྱིད་པའི་ཡུལ་རྣམས་དང་། །རྒྱགས་པར་བགྱིད་པའི་ལང་ཚོ་དང་། །བདག་ཉིད་རང་དགར་སྤྱོད་པ་དེ། །ཀུན་དུ་དོན་མེད་བགྱིད་པའི་སྒོ། །ཕུང་བར་བྱེད་པ་
དེ་གསུམ་སྤང་། །མཁས་པས་དམ་པ་བསྟེན་པ་དང་། །དབང་པོ་དུལ་དང་ཤེས་རབ་ཀྱི། །སྟོབས་མཐུས་ཉམས་ནི་སྨད་ནས་སྤྱད། །ཁྱོད་གྱི་ཉོས་པའི་གཞིར་གྱུར་པའི། །ཆ་ནི་གསུམ་པོ་དེ་དག་རྣམས། །ཆོས་ལུགས་དག་དང་འདུལ་བ་ཡིས། །བཅོས་ནས་ཡོན་ཏན་ཉིད་དུ་མཛོད། །
ཅི་སྟེ་རྒྱལ་པོ་བློན་པོ་དག །དཀྱེལ་ཆེ་སྙིང་རྗེའི་བདག་ཉིད་ནི། །རྟག་ཏུ་ཉོན་མོངས་མེད་པ་ཡི། །ལས་ཀྱིས་རྒྱལ་སྲིད་བྱ་བར་རུང་། །འཇིག་རྟེན་འདི་ན་བློ་གྲོས་ཀྱིས། །ཉམ་ཆུང་གྱུར་དང་མགོན་མེད་པ། །བྱ་བ་མ་ཡིན་བྱེད་པ་ལ། །གདོན་མི་ཟ་བར་འཇུག་པར་འགྱུར། །དེ་བས་ཇི་སྲིད་
ས་དེ་ལས། །མྱུར་དུ་མ་བརྒལ་བར་དུ་ནི། །བློ་མཐུ་བསྐྱེད་ཕྱིར་མཁས་པ་དག །བསྡུ་བར་དགྱེས་པའི་ནན་ཏན་མཛོད། །ཆོས་ཀྱི་བསྟན་བཅོས་གདོན་བགྱི་ཞིང་། །དེ་ཡི་དོན་གྱི་ཚུལ་གསོན་ལ། །གསན་པའི་ཆོས་རྣམས་རྣམ་དཔྱད་དེ། །དཔྱད་པ་ལ་ནི་མཁས་པར་མཛོད། །མྱ་
ངན་གྱིས་ནི་མ་གདུངས་ཤིང་། །ན་གཞོན་ནད་མེད་ལོངས་པ་ཡི། །དངོས་པོ་ད་ལྟར་བྱུང་བ་ཡི། །བློ་གྲོས་ལ་ནི་མི་ནུས་མེད། །འདིར་ནི་སྐྱེས་བུ་དམ་པ་ལས། །དུས་དུས་སུ་ཡང་ཉུང་ཟད་གསོན། །ཉུང་ངུ་བསགས་ནའང་ངེས་པར་ནི། །རིང་པོར་མི་ཐོགས་མང་པོར་འགྱུར། །

རྟག་ཏུ་ཆུ་ཐིགས་རེ་རེའི་རྒྱུན། །བར་ཆད་མེད་པར་འབབ་པ་ཡིས། །གང་ཞིག་གང་བར་མི་འགྱུར་བའི། །སྣོད་དེ་ཇི་ལྟ་བུ་ཞིག་མཆིས། །དེ་ལྟར་དཔེ་གསལ་དེ་ལྟ་བུ། །རྒྱལ་པོ་ཚད་མར་མཛད་ནས་ནི། །དམ་པའི་ཆོས་ནི་གསན་པ་ལ། །རྟག་ཏུ་དགེས་པ་
ཉིད་དུ་མཛོད། །ཡོན་ཏན་ནོར་ནི་གཉེར་ལ་གཉེན། །མཁས་ཤིང་སྙིང་རྗེའི་བདག་ཉིད་ཅན། །བྱས་གཟོ་ཕོངས་ཆོས་མི་བགྱིད་པ། །བཟང་པོ་ཁྱོད་ཀྱི་སླད་དུ་ཞོག །ཁྱོད་ཀྱི་བླུན་དང་ཕོངས་ཆོས་ཅན། །སྐམས་ཤིང་བྱས་པ་མི་གཟོ་དང་། །ཁ་གསག་གཏུམ་པོ་མི་བཟད་པ། །ཡུལ་
ན་རང་གནས་སུ་མ་སྩལ་ཅིག །རྟག་ཏུ་སོ་སོའི་སྐྱེ་བོ་ཡི། །ཁྱད་པར་མཁྱེན་པར་མཛོད་ཅིག་དང་། །དེ་ཡི་ཁྱད་པར་མཁྱེན་ཙམ་ལ། །ཕུན་སུམ་ཚོགས་པ་རག་ལས་སོ། །མི་གང་དཀའ་བ་སྤྱོད་བྱེད་དང་། །དོར་བར་བྱ་དཀའ་འདོར་བ་དང་། །བཟོད་པར་དཀའ་བ་བཟོད་བྱེད་དང་། །བཀུར་
དཀའ་ཉམས་སུ་ལེན་པ་དང་། །གནས་མིན་ལས་ནི་ཟློག་བྱེད་དང་། །གནས་སུ་འཇོག་པར་བརྩོན་པ་དང་། །དེ་ཡི་བསམ་པ་མཐུན་གུས་དང་། །བདེ་བར་འདོད་ཅིང་འོ་བྱམས་པ། །དེ་དག་རྣམས་ནི་མཛའ་བཤེས་ཏེ། །གཉེན་འདུན་གྲོགས་པོའང་དེ་དག་ལགས། །རང་དོན་ཙམ་
ཕྱིར་འབྲང་བའི་མི། །གཞན་དག་སྐྱེ་བོ་ཕལ་པར་བས། །གྲོགས་པོ་ཕན་པར་འདོད་པའི་ཚིག །མི་སྙན་ཡང་ནི་ཕན་པ་དང་། །འཇམ་དང་བདེ་བ་ལགས་པ་དག །ཐུགས་ལ་བཞག་པར་མཛད་དུ་གསོལ། །ཚིག་སྙན་ཕན་པ་མ་ལགས་དང་། །འཇམ་ཡང་བདེན་པ་མ་
ལགས་པ། །དམ་པ་མ་ཡིན་རྣམས་ཀྱི་ཚིག། །ཁྱོད་ཀྱི་ཐུགས་ལ་མ་བཟུང་ཤིག །ཕན་པར་སྨྲ་བ་ཁྲོ་ཡང་ནི། །ཁྱོད་ཀྱིས་གནང་ཆེན་དག་ཏུ་མཛོད། །མི་ཕན་སྨྲ་བ་བསྟོད་བགྱིས་ཀྱང་། །དགྱེས་པ་དག་ཏུ་མ་མཛད་ཅིག །རབ་དངས་མཚོ་ལ་དང་པ་ཡི། །རྒྱལ་པོ་དང་ནི་ཆུས་
འཇིགས་བཞིན། །དམ་པ་རྣམས་ཀྱིས་བསྙེན་སླ་དང་། །དམ་པ་མིན་པས་བསྙེན་དཀའ་མཛོད། །ཁྱོད་ཀྱིས་མཁས་རྣམས་ཚིམ་བགྱིས་པས། །འབྱོར་བ་དོན་དུ་གཉེར་མི་བགྱི། །ཡོན་ཏན་དགྱེས་ཕྱིར་ཁྱོད་ཀྱིས་ནི། །ཡོན་ཏན་རྣམས་ཀྱིས་མི་ངོམས་མཛོད། །ལོངས་

སྤྱོད་བྱེད་དམ་བདེ་བ་དང་། །སྡུག་བསྔལ་ཕྲད་པའམ་སྤྱོད་པའམ། །སྤྱོད་ལམ་ཀུན་དུ་སྤྱོད་པ་ན། །ཁྱོད་ཀྱིས་དམ་པ་བསྟེན་པ་དང་། །དྲན་པའི་གྲོགས་ཀྱིས་བསྐོར་བ་ན། །བག་ཡོད་པར་ནི་གནས་འགྱུར་ཏེ། །སཱ་ལའི་ཤིང་ལ་འཁྲི་ཤིང་བཞིན། །བཟང་པོ་དཔལ་གྱིས་
འཁྱུད་པར་འགྱུར། །ཁྱོད་ཀྱིས་གཞོམ་པ་བདེན་པ་དང་། །ཁྱད་པར་ཞིང་ལ་སྦྱིན་པ་དང་། །དྲན་དང་བྲལ་བས་འདོད་པ་དབྱེ། །ཆད་པས་གང་དུའང་གཅད་མི་བགྱིད། །ལོག་པས་འཐབ་གཅུགས་བྱེད་པ་དང་། །བཀྲེན་ལ་དམན་པར་ལྟ་བ་དང་། །ཚུལ་ཁྲིམས་ལྡན་རྣམས་
མི་དགའ་དང་། །དཀའ་ཐུབ་སྡོམ་པ་འཁྲུལ་བྱེད་པ། །བཞི་པོ་འདི་དག་འདོད་མིན་ཏེ། །རྩ་བ་འཇོམས་པར་བགྱིད་པ་ལགས། །རབ་བརྩོན་ཁྱོད་ཀྱི་ཡུལ་ན་ནི། །དེ་དག་གཏན་མ་མཆིས་པར་མཛོད། །སྟོབས་དང་ལྡན་པས་སྟོབས་ཆུང་བ། །གནང་ཆེན་གྱིས་ནི་མི་
གནང་དང་། །མཆོད་འོས་རྣམས་ཀྱིས་མི་མཆོད་དང་། །སྨོས་འདྲིན་ཀྱིས་ནི་མི་ཤེས་པ། །གང་ཡང་རུང་ལ་གང་གིས་ཀྱང་། །བརྙས་པ་མེད་པར་ཁྱོད་ཀྱིས་མཛོད། །ཐ་སྙད་རྣམས་ནི་དག་པ་ཡིས། །ཀུན་ལ་འདྲ་བར་གཟིགས་སུ་གསོལ། །ཀུན་གྱིས་རང་གི་ཆོས་ཐོབ་
ཅིང་། །ཆོས་ཀྱིས་ཐམས་ཅད་འཚོ་བར་མཛོད། །མི་སྡུག་ཀྱང་ནི་ཉེས་མེད་ན། །ཐམས་ཅད་བདེ་བར་མཛད་དུ་གསོལ། །ཕ་ཡིས་བུ་ལ་ཇི་ལྟ་བར། །ཁྱོད་ཀྱིས་འཁོར་ལ་བྱམས་བགྱིས་ན། །བུ་ཡིས་ཕ་ལ་ཇི་ལྟ་བར། །ཁྱོད་ཀྱིས་ཞབས་འབྲིང་དགའ་བར་བགྱིད། །ཕལ་
རྣམས་རང་བཞིན་བཟང་ན་ནི། །ཁྱོད་ཀྱི་དགོངས་པ་བཞིན་དུ་འགྱུར། །ཕལ་རྣམས་རང་བཞིན་ངན་ན་ནི། །ཁྱོད་ཀྱི་དགོངས་པ་བཞིན་མི་འགྱུར། །གལ་ཏེ་གཞུང་ལུགས་བཟང་བཞེས་ན། །གོང་ནས་གོང་དུ་འཕང་བར་འགྱུར། །ཅི་སྟེ་ངན་པའི་སྤྱོད་མཛད་ན། །འོག་ནས་
འོག་ཏུ་ལྟུང་བར་འགྱུར། །དམ་པའི་ལས་ལ་གནས་ན་ནི། །ཁྱུ་མཆོག་དང་ནི་ཁྱུ་ལྟ་བུར། །རྗེས་སུ་འཚོ་བའི་སྐྱེ་བོའི་ཚོགས། །འདི་ཀུན་རྗེས་སུ་འབྲང་བར་འགྱུར། །ཁྱོད་ནི་གྱ་གྱུ་ལ་ཞུགས་ན། །གྱ་གྱུ་ཁོ་ནའི་རྗེས་འབྲངས་པས། །སྐྱེས་དགུ་ཁྱོད་མཛད་རྗེས་འབྲང་པའི། །

སྐྱེ་དགུ་དེ་ནི་ཉམས་པར་འགྱུར། །དེ་བས་བདག་གཞན་བསྲུང་སླད་དུ། །ཐུགས་ཀྱིས་རབ་ཏུ་བསྒྲིམས་ནས་ནི། །གནའ་རྒྱལ་དྲང་སྲོང་རྣམས་ཀྱི་ལུགས། །ཉམས་པ་སར་པར་བཅོས་སུ་གསོལ། །གནའ་ཡི་རྒྱལ་པོའི་སྤྱོད་པ་ལས། །གང་དག་བཟང་བ་དེ་
མཛོད་ལ། །མི་རིགས་པ་ནི་གང་ལགས་དེ། །སྨད་པར་མཛོད་ལ་སྤང་དུ་གསོལ། །སྔོན་གྱི་བཀའ་ཁྲིམས་སྐྱོན་ཆགས་པ། །གནའ་ནས་མཆིས་ཀྱང་རྒྱུན་ཆོད་ལ། །རྒྱལ་པོ་ཀ་ནི་སྐས་མཚན་པའི། །ཁྲིམས་སུ་བཅའ་བ་གསར་པ་མཛོད། །ལྷ་ཁྱོད་ཡོན་ཏན་དོན་གཉེར་བས། །
ཡོན་ཏན་ལྷ་བཞིན་ཁོ་ནར་མཛོད། །ལྷ་ཁྱོད་སྐྱོན་རྣམས་མཁྱེན་པ་ཡིས། །ལྷ་བཞིན་ཉེས་མེད་ཁོ་ནར་མཛོད། །ཟླ་བ་མར་གྱི་ངོ་བཞིན་དུ། །ཉེས་པའི་ཚོགས་རྣམས་འགྲིབ་པ་དང་། །ཟླ་བ་ཡར་གྱི་ངོ་བཞིན་དུ། །རྟག་ཏུ་ཡོན་ཏན་གྱིས་བརྒྱན་མཛོད། །ཡབ་མེས་བཞིན་དུ་བདག་ཉིད་
ཀྱིས། །ཆོས་ཀྱིས་ས་སྟེང་བསྐྱང་བ་དང་། །ཡབ་མེས་བཞིན་དུ་ལྷ་གང་གི །དུས་སྟོན་འཕེལ་བར་མཛད་དུ་གསོལ། །ཁྱོད་ཀྱིས་མཐོ་རིས་བྱང་གྲོལ་གྱི། །ཐེམ་སྐས་མ་མཉམ་མཉམ་པའི་ཕྱིར། །བསོད་ནམས་ལས་བྱུང་བཟོ་རིག་ཆེ། །རྟག་ཏུ་ལྷ་ཁང་དག་ཏུ་སོགས། །རྒ་དང་
འཆི་བས་བསྙེངས་མཛོད་དེ། །ཆོས་བཞིན་རྒྱལ་སྲིད་དཔལ་སྤྱད་ནས། །བཀྲེས་ཀར་དགོན་པར་གཤེགས་སུ་གསོལ། །དམ་ཆོས་བསྟན་པས་འབྲས་མཆིས་མཛོད། །རང་བྱུང་རྣམས་ཀྱི་རྗེས་བསླབས་པས། །ཀུ་ཤའི་རིགས་སུ་འཁྲུངས་ཁྱོད་ཀྱིས། །ཡབ་མེས་འཕགས་
རིགས་ཉི་མ་ཡི། །གདུང་རྒྱུད་ཆོས་ལུགས་མ་ཉམས་མཛོད། །སྐྱེ་བ་ཅན་ལ་ངེས་པར་ནི། །རྒ་དང་འཆི་དང་ན་མཆིས་ན། །མ་བགྲེས་མ་བསྙུངས་མ་འགྲོངས་ཞེས། །ལེགས་སྨོན་གསོལ་ཡང་ཅི་ལ་སྨན། །སྲིད་པ་དག་ནི་གང་ཡང་རུང་། །དེ་ཉིད་རྒས་དང་འཆི་བ་ལགས། །
ཡོངས་སུ་བསྒྱུར་བས་རྒ་བ་སྟེ། །སྐད་ཅིག་འཇིག་པ་འཆི་བ་ཡི། །མ་རྒས་མ་ན་མ་འཆི་ཞེས། །སྨྲ་བ་དག་ནི་སྨྲ་བ་ན། །དེ་ལྟར་འཇིག་རྟེན་ཀུན་འབར་ན། །ཡང་སྲིད་མེད་ལས་གཞན་ཅི་ཡོད། །གང་ན་མི་མཐུན་ཡོད་མ་ཡིན། །གང་དུ་འདུ་བྱེད་འཇིག་མི་འགྱུར། །གང་ན་

གཅིག་ཏུ་བདེ་བར་གནས། །གང་དུ་སོང་ན་འཆི་མི་འགྱུར། །སྲིད་པ་ཀུན་ནས་ཉོན་མོངས་དང་། །སྡུག་བསྔལ་འབྱུང་བ་ཕྱིར་མི་མཁོ། །དེ་སླད་དེས་པ་སྲིད་པ་རྣམས། །མེད་པར་བསྒོམ་པ་རྒྱས་པར་མཛོད། །འདིར་ནི་བགྱི་བ་འདི་ཉིད་དེ། །དེ་ལས་གཞན་པའི་བགྱི་མི་འཚལ། །
བགྱི་བ་དེ་ནི་བགྱིས་པ་ཡིས། །མི་བགྱི་བ་ཡི་ཚར་ཕྱིན་ཏོ། །བགྲང་ཕྲེང་བཞིན་དུ་འཁོར་བ་རུ། །ལན་མང་ཡོངས་སུ་འཁོར་བ་ནི། །ལན་བརྒྱ་འམ་ཡང་ན་སྟོང་དག་ཏུ། །འཇིག་རྟེན་དག་ཏུ་ཅི་མ་བགྱིས། །འདི་མ་བགྱིས་སླད་བྱིས་པ་ཡི། །ཡང་དང་ཡང་དུ་བགྱི་འཚལ་བས། །
ཐོག་མ་མེད་པའི་དུས་ཅན་འདི། །ད་དུང་བར་དུ་མ་ལོག་གོ། །འཆི་བདག་སུ་དང་མི་བཤེས་པ། །གློ་བུར་དག་ཏུ་འབབ་འགྱུར་བས། །སང་དག་བྱ་ཞེས་མ་བཞེས་པར། །དམ་པའི་ཆོས་ལ་བསྙུར་ཏེ་མཛོད། །འདི་སང་དེང་འདི་མི་བྱ་ཞེས། །བྱ་བ་མི་ལ་བཟང་པོ་མིན། །ནམ་
ཞིག་ཁྱོད་ནི་མེད་འགྱུར་བའི། །སང་དེ་གདོན་མི་ཟ་བར་འོང་། །འཆི་བདག་བརྩེ་བ་མེད་པ་ཅན། །སྐྱེས་རྩལ་དོན་མེད་གསོད་འགྱུར་བ། །གསོད་པ་སྔོན་དུ་འོང་བཞིན་དུ། །མཁས་པ་སུ་ཞིག་བག་རྐྱོང་སྤྱོད། །དེ་ལས་དཔག་ཆེན་བཟོད་མེད་དེས། །མདའ་ནི་མི་བཟད་འཆོར་
མེད་པར། །དེ་ནི་ཇི་སྲིད་མ་འཕངས་པ། །དེ་སྲིད་རང་གི་དོན་ལ་འབོད། །རྣམ་སྨིན་འབྱིན་པ་སྔོན་ལས་ཀྱིས། །ཁྱོད་ནི་ཡོངས་སུ་བཏང་གྱུར་པ། །གསར་པའི་ལས་དང་རྗེས་འབྲེལ་ཞིང་། །འཆི་བདག་གིས་ནི་དྲངས་པ་ན། །དགེ་དང་སྡིག་པ་མ་གཏོགས་པར། །འགྲོ་བ་
ཐམས་ཅད་ཕྱིར་ལོག་ནས། །འགའ་ཡང་ཁྱོད་རྗེས་མི་འབྲང་བར། །མཁྱེན་པར་མཛོད་ལ་ལེགས་པར་སྤྱོད། །བདག་ནི་སྙིང་རྗེས་ཟིལ་གནོན་ཅིང་། །ཡིད་མི་དགའ་བའི་རླན་གྱིས་ནི། །ཤིན་ཏུ་བརླན་པའི་སྨྲེ་སྔགས་འདི། །རེ་ཞིག་གསན་པར་མཛད་དུ་གསོལ། །འགྲོ་
བ་དམན་པ་ལོག་ལྟུང་བ། །མགོན་མེད་ཉེས་མེད་ཕལ་ཆེར་ནི། །རྩྭ་དང་ཆུ་དང་འབྲས་བུ་ནི། །ཕལ་པས་འཚོ་བ་སྒྲུབ་བགྱིད་པ། །བྱ་དང་རི་དགས་ཕྱུགས་དག་ལ། །རྒྱལ་པོས་གསོད་དམ་གསོད་འཇུག་པ། །ཅི་ག་རིགས་སམ་མི་རིགས་པ། །བདེ་ལ་གནས་པ་ཁྱོད་

ཉིད་གསུངས། །ཁྱོད་ནི་ཆེན་པོར་མི་ཁྲོ་ཞིང་། །གནོད་པ་བགྱིད་ལའང་བཟོད་ཅེས་གདའ། །ཁྱོད་ཀྱི་ཐུགས་རྗེ་དུད་འགྲོ་ལ། །ཀྱེ་མ་སུ་ཡིས་དགག་པར་བགྱིས། །གནོད་པ་བགྱིད་ལ་བཟོད་མཛད་ཅིང་། །གནོད་མི་བགྱིད་པ་འགུམས་མཛད་
པས། །ཁྱོད་ལ་བརྩེ་དང་མི་བརྩེ་བའི། །རྒྱུ་མཐུན་པ་ནི་གཉིས་ཀ་གདའ། །སྔོན་ཆད་བགྱིས་པའི་སུག་ལས་ཀྱིས། །འདི་ལྟར་འབེན་དུ་གྱུར་པ་ལ། །ཁྱོད་ཉིད་གནོད་པ་མཛད་ན་གོ། །སུ་ལ་སྐྱབས་སུ་མཆི་བ་གསུངས། །གཞན་གྱིས་གནོད་པ་བགྱིས་ན་ཡང་། །ཉིད་ཀྱི་
ཕྱག་གིས་བཤུག་འཚལ་ན། །ཁྱོད་བཞེངས་མངོན་དུ་གནོད་མཛད་ན། །ཕྱོགས་ཀུན་མུན་པར་མ་གྱུར་ཏམ། །ཀུན་ལ་སྲོག་ནི་ཕངས་པ་སྟེ། །ཀུན་ལ་གསོན་པ་སྡུག་པ་ལགས། །ཐམས་ཅད་འཆི་བའི་ཆོས་ཅན་ཏེ། །ཐམས་ཅད་སྡུག་བསྔལ་རྣམས་ཀྱིས་གདུངས། །འདི་
ལྟར་གང་ཞིག་མི་འཚལ་བ། །དེ་ཉིད་ཀྱིས་ནི་སྡུག་བསྔལ་ཏེ། །མཁས་པ་སུ་ཞིག་མགར་བ་ལྟར། །ཚིག་པ་ལ་ནི་ཡང་སྲེག་བཞིན། །ཁྱོད་ནི་སྲོག་གཅོད་མི་དགྱིས་ཤིང་། །སྲོག་གཅོད་དགྱེས་ལས་ཕྱིར་ལོག་ན། །རྒྱལ་སྲིད་ཉམས་པར་འགྱུར་རམ་ཅི། །ལུགས་འདི་ཅི་
ཞིག་ལགས་པ་གསུངས། །མཚོན་ཆའི་ཐབས་ལ་མཁས་ཁྱོད་ཀྱིས། །གཡུལ་ངོར་སྲོལ་བཏོད་མཐོང་ལགས་ན། །གཞན་དུ་ཁྱོད་ལ་རི་དགས་ལ། །ཅི་སླད་གནོད་པའི་ལས་རྣམས་མཛད། །རི་དགས་གཞོན་ནུའི་སྤྱན་མངའ་ཁྱོད། །སྤྱན་དང་འདྲ་བའི་རི་དགས་རྣམས། །རྟབས་
ནས་རིག་རིག་ལྟ་བ་ལས། །ཅི་ཡི་སླད་དུ་ཐུགས་མི་རྗེ། །ཁྱོད་ཀྱི་སྤྱན་དང་མིག་འདྲའི་ཕྱིར། །ཁྱོད་ལ་དགའ་བ་གང་ལགས་དེ། །རི་དགས་ལ་ཡང་དགའ་བགྱིད་ན། །ཁྱོད་ནི་ཇི་ལྟར་དགྱེས་མི་མཛད། །ལོག་པར་ལྟུང་དང་སྤྱན་འདྲ་དང་། །མགོན་མེད་ཡུལ་ན་གནས་པ་ཉིད། །རེ་
རེ་ཡང་ནི་རི་དགས་དག །མི་འགུམས་པ་ཡི་རྒྱུར་རུང་ངོ་། །མི་རྣམས་ལ་ནི་མཛད་པ་བས། །སྡུག་བསྔལ་ལྷག་པར་བརྟགས་པ་ཡི། །དུད་འགྲོ་རྣམས་ལ་ཆེས་ལྷག་པར། །ཁྱོད་ཀྱི་ཐུགས་རྗེས་མཛད་དུ་གསོལ། །ཁྱོད་ཉིད་བསྲུང་བའི་དོན་འདི་ལ། །བདག་གིས་ཐལ་མོ་

སྦྱར་མི་འཚལ། །རྒྱུད་གཞན་གསལ་བས་གུས་བགྱིས་པར། །ལེགས་པར་ཐུགས་ཚོད་མངའ་ལགས་གྲང་། །ཅོ་ནས་བཟུང་སྟེ་བསླབ་སྦྱང་བ། །དམ་པ་རྣམས་ཀྱི་ལུགས་སུ་གྲགས། །དེ་ལྟར་ལགས་པས་རྒྱལ་པོ་ལ། །བུ་སྡུག་བཞིན་དུ་གསོལ་བ་ལགས། །གལ་ཏེ་བདག་གིས་མི་
ཕན་པ། །གསོལ་ན་བདག་ལ་ཆད་པས་ཁུམ། །ཅི་སྟེ་གཅིག་ཏུ་ཕན་གསོལ་ན། །བདག་གིས་གསོལ་བ་བཞིན་དུ་མཛོད། །གལ་ཏེ་མི་དགྱེས་མཛད་པར་མ་གྱུར་ན། །བདག་གིས་ཡང་དང་ཡང་དུ་གསོལ་བར་འཚལ། །ཅི་སྟེ་བདག་ཚིག་ཁྱད་དུ་འགུམས་མཛད་ན། །བཀའ་མཆིད་འདི་
ནི་ངེས་པར་བཏང་བར་བགྱི། །དགྱེས་པར་གྱུར་ན་སླར་རྗེས་མི་འགུམས་ཏེ། །མི་དགྱེས་གྱུར་ན་དོག་ས་གཟུང་བར་འཚལ། །གནོད་བགྱིད་ཉི་མ་ལྟར་རྔོ་མི་ཐོགས་པས། །ས་བདག་ཟླ་བ་ཉ་བ་བཞིན་དུ་མཛོད། །ས་བདག་ཚེར་མའི་ཤིང་ལས་སྦྲང་རྩི་ལྟར། །དགྲ་བོ་ལས་ཀྱང་ལེགས་
པར་སྨྲས་པ་གཟུང་། །གསེར་གྱི་རི་ལ་དུག་རྒྱུན་ཇི་བཞིན་དུ། །ཡིད་འོང་སྐྱེ་བོའི་ཚིག་ངན་སྤང་འཚལ་ལོ། །མི་མཆོག་གལ་ཏེ་ལེགས་པར་མཛད་པའི་སྦྱོར་བས་བསྒྲུབས་གྱུར་ཏེ། །ཕ་རོལ་གནོད་པ་སེལ་བའི་དཔལ་འདི་ཡོན་ཏན་རྒྱན་རྣམས་ཀྱིས། །ཕྱུག་པར་བགྱིད་ན་ལེགས་སྤྱད་
བརྒྱ་ལ་ཆགས་ཕྱིར་གཡོ་བའི་སྙིང་། །མི་བརྟེན་པ་ཡང་རང་དབང་མེད་པར་ཡུན་རིང་ཁྱོད་ལ་ཆགས། །སློབ་དཔོན་མ་ཏི་ཙི་ཏྲས་རྒྱལ་པོ་ཆེན་པོ་ཀ་ནིས་ཀ་ལ་སྤྲིངས་པའི་སྤྲིང་ཡིག་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་བིདྱཱ་ཀ་ར་པྲ་བྷཱ་དང་། །ཞུ་ཆེན་གྱི་ལོ་ཙཱ་བ་བན་དེ་རིན་ཆེན་
མཆོག་གིས་བསྒྱུར། ཨཱ་ཙཱརྱ་དཔལ་བརྩེགས་ཀྱིས་ཞུས་ཏེ་གཏན་ལ་ཕབ་པའོ།། ༄༅༅། །རྒྱ་གར་སྐད་དུ། ཙི་ཏྟ་རཏྣ་བི་ཤོ་དྷ་ན་ཀྲ་མ་ནཱ་མ་ལེ་ཁ། །བོད་སྐད་དུ། སེམས་རིན་པོ་ཆེ་རྣམ་པར་སྦྱང་བའི་རིམ་པ་ཞེས་བྱ་བའི་སྤྲིང་ཡིག །སངས་རྒྱས་དང་བྱང་ཆུབ་
སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །ས་གསུམ་དབང་ཕྱུག་སྐྱེ་དགུ་ཆོས་ཀྱིས་སྐྱོང་མཛད་པ། །ལྷ་མིའི་བླ་མ་འཕགས་པའི་གང་ཟག་རྣམས་ཀྱི་ཡབ། །རྒོལ་བ་ཚར་གཅོད་རང་གི་འཁོར་གྱི་དགའ་སྐྱེད་པ། །ཆོས་ཀྱི་རྒྱལ་པོ་གཅིག་པུ་དེ་ནི་རྒྱལ་གྱུར་ཅིག །བློ་ཞན་བདག་

འདྲས་གཞན་ལ་སྐུལ་བར་མི་ནུས་ཤིང་། །བསྐུལ་བས་ཕན་པར་འགྱུར་བའང་དེང་སང་ཉུང་མོད་ཀྱི། །འོན་ཀྱང་ས་ཡི་བདག་པོ་ཁྱོད་ཀྱིས་ནོངས་པ་ཡལ་བོར་ནས། །འགྲོ་མང་དེ་འདྲར་འགྱུར་འདི་མ་བཟོད་ཁྱོད་ལ་བསྐུལ། །མི་སྐྱོང་ཁྱོད་ཀྱི་དབང་ཕྱུག་འདི་ནི་སྔོན་ཆད་ཉིད་ཀྱི་
ཐུགས། །གདུལ་དཀའ་ལེགས་པར་བཏུལ་ལས་བརྙེས་ཀྱི་གཞན་གྱིས་བྱིན་པ་དང་། །ས་ཡི་རུམ་ནས་འཐོན་དང་གནམ་བབས་ལྟ་ཞིག་ག་ལ་ལགས། །ས་བདག་དཔལ་འདི་མི་ཉམས་བཞེད་ན་ད་དུང་ཐུགས་ཐུལ་འཚལ། །གང་ཞིག་ཕན་ན་དེ་ནི་བརྟགས་ཏེ་དཀའ་ཡང་མཛད་
རིགས་ལ། །གང་ཞིག་མི་ཕན་དེ་ནི་བསྒྲུབ་པར་སླ་ཡང་གཏང་བའི་རིགས། །དེ་ཕྱིར་སྔོན་ཚེ་ཐུབ་ཆེན་རྒྱལ་བུ་ཟླ་བར་གྱུར་པ་ཡིས། །རྒྱལ་པོ་སུ་ཏ་ས་ཡི་བུ་ལ་གདམས་པ་སྨྲས་པས་ཀྱང་། །རྒྱལ་པོ་གཅིག་པུས་གཡུལ་ངོར་དམག་གི་དཔུང་ལས་རྒྱལ། །སེམས་ཙམ་ཚར་གཅད་ཕྱིར་
ནི་སྔར་མ་མ་མཛད་ཅིག །མི་ཡི་བདག་པོ་འཇིག་རྟེན་ཕྱི་མའང་གཟིགས་པར་རིགས། །དེ་བས་དགྱེས་ཀྱང་ཕན་པ་མ་ཡིན་བསྟེན་མི་རིགས། །ཞེས་སོ། །དེ་ཕྱིར་གང་གིས་དམན་པའི་རིགས་སུ་ལྟུང་བྱེད་པ། །ང་རྒྱལ་དགྲ་སྤངས་བདག་གི་ཚིག་འདི་སང་ཕྱིར་ཡང་། །ཅི་ནས་མི་བདག་ཁྱོད་
ཀྱིས་གུས་པས་གསན་རིགས་ཏེ། །ལེགས་སྨྲས་བྱིས་ལས་བླངས་ཞེས་ཐུབ་ཆེན་གསལ་བར་གསུངས། །ས་བདག་ཚེར་མའི་ཤིང་ལས་སྦྲང་རྩི་བཞིན། །དགྲ་བོ་ལས་ཀྱང་ལེགས་སྨྲས་གཟུང་བར་བྱ། །གསེར་གྱི་རི་ལས་དུག་གི་ཆུ་རྒྱུན་བཞིན། །ཡིད་འོང་སྐྱེ་བོའི་ཚིག་ངན་
སྤང་འཚལ་ལོ། །ཞེས་སོ། །གང་ཞིག་མ་བཏུལ་མནར་མེད་སོགས། །སྡུག་བསྔལ་བཟོད་དཀར་སྐྱེད་བྱེད་ཅིང་། །དེ་ཉིད་བཏུལ་བས་ལྷ་མི་དང་། །འཇིག་རྟེན་མིན་པའི་བདེ་བའང་འཐོབ། །རབ་ཏུ་མཐུ་ལྡན་སེམས་འདི་ནི། །མཁས་པ་སུ་ཞིག་འདུལ་མི་བྱེད། །འདིར་སེམས་
ནི་རང་བཞིན་གྱིས་འོད་གསལ་བ་རྟག་ཏུ་རྣམ་པར་མི་རྟོག་པའི་རང་བཞིན་ཡིན་མོད་ཀྱི། ལུས་དང་ངག་བྲན་ལྟ་བུ་དང་བཅས་པ་གློ་བུར་གྱི་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་དག་གིས་དཀྲུགས་པ་སྟེ། དེའི་ཕྱིར་འདི་དག་རྣམ་པར་སྦྱངས་ཏེ་ནོར་བུ་ཆུ་ཤེལ་གྱི་འོད་ལྟར་རབ་ཏུ་

འོད་གསལ་བའི་རང་བཞིན་དཀྲུག་མ་དང་བྲལ་བ་བསྐྱེད་དེ། །འདི་ཙམ་ནི་མི་གནས་པའི་མྱ་ངན་ལས་འདས་པའོ། །དེ་ལ་འདིར་བསྡུ་ན་སེམས་དེ་དཀྲུགས་པས་རྟོག་པ་ཅན་དུ་བྱེད་ཅིང་། །ལུས་དང་ངག་བྲན་ལྟར་འཁོལ་བ་ནི་རྣམ་པ་བཞི་སྟེ། ཐམས་ཅད་ཀྱི་རྒྱུ་རྣམ་པར་རྟོག་པ་མང་བ་
དང་། འདོད་ཆགས་དང་། ཞེ་སྡང་དང་། །གཏི་མུག་ཤས་ཆེ་བའོ། །དེ་ལ་གང་རྣམ་པར་རྟོག་པ་མང་པ་དེས་ནི་རླུང་གི་ཏིང་ངེ་འཛིན་ལ་དམིགས་པས་དེ་སྤང་བར་བྱ་སྟེ། བགྲང་དང་རྗེས་འགྲོ་འཇོག་པ་དང་། རྟོག་པ་དང་ནི་བསྒྱུར་པ་དང་། །ཡོངས་དག་རྣམ་པ་དྲུག་ཏུ་འདོད། །དེ་ནི་
བགྲང་བ་དང་། །རྗེས་སུ་འགྲོ་བ་དང་། འཇོག་པ་དང་། ཉེ་བར་རྟོག་པ་དང་། སྒྱུར་བ་དང་། ཡོངས་སུ་དག་པ་སྟེ་རྒྱུ་དྲུག་དང་ལྡན་ན་ཡོངས་སུ་རྫོགས་པ་ཡིན་ནོ། །དེ་ལ་བགྲང་བ་ཞེས་བྱ་བ་ནི། །དབུགས་རྔུབ་པ་དང་དབུགས་འབྱུང་བ་དག་ལ་སེམས་གཏད་ནས་མངོན་པར་འདུ་བྱ་བ་
མེད་པར་ལུས་དང་སེམས་རྣལ་དུ་བཞག་སྟེ་དྲན་པ་ཙམ་གྱིས་གཅིག་དང་གཉིས་ནས་བཅུའི་བར་དུ་བགྲང་བར་བྱེད་པའོ། །སེམས་མངོན་པར་བསྡུས་པ་དང་རྣམ་པར་གཡེང་བར་དོགས་པས་ཧ་ཅང་མང་བ་དང་ཉུང་ངུར་ནི་མ་ཡིན་ནོ། །དེ་ལ་སྐྱོན་ནི་གསུམ་ཡོད་དེ། གལ་ཏེ་གཅིག་ལ་
གཉིས་སུ་བརྩིས་ན་ལྷག་པར་བགྲང་བའི་སྐྱོན་ཡོད་དོ། །གལ་ཏེ་གཉིས་ལ་གཅིག་ཏུ་འཛིན་ན་མ་ཚང་བར་བགྲང་བའི་སྐྱོན་ནོ། །གལ་ཏེ་དབུགས་རྔུབ་པ་ལ་དབུགས་འབྱིན་པར་འཛིན་ཏམ་དབུགས་འབྱིན་པ་ལ་དབུགས་རྔུབ་པར་འཛིན་ན་འཆོལ་བར་འཛིན་པའི་སྐྱོན་ནོ། །དེ་ལས་
གཞན་པ་ནི་ཡང་དག་པར་བགྲང་བ་ཡིན་ནོ། །བར་སྐབས་སུ་སེམས་རྣམ་པར་གཡེངས་ན། །ཡང་མགོ་ནས་ཇི་སྲིད་དུ་ཏིང་ངེ་འཛིན་མ་ཐོབ་ཀྱི་བར་དུ་བགྲང་བར་བྱའོ། །རྗེས་སུ་འགྲོ་བ་ཞེས་བྱ་བ་ནི་འདི་དག་ཇི་སྲིད་ཅིག་ཏུ་འབྱུང་ངམ་འཇུག །ཅི་འདི་དག་ལུས་ཐམས་ཅད་ལ་ཁྱབ་
བདག་གཅིག་གམ་ཕྱོགས་འགའ་ཞིག་ནས་རྒྱུ་བ་དག་ཡིན་ཞེས་མངོན་པར་འདུ་བྱ་བ་མེད་པར་དབུགས་རྔུབ་པ་དང་། །དབུགས་འབྱུང་བའི་རྗེས་སུ་འགྲོ་བ་སྟེ། དེ་འཇུག་པ་ན་ལྐོག་མ་དང་། སྙིང་ག་དང་། ལྟེ་བ་དང་། རྐེད་པ་དང་། བརླ་དང་། བྱིན་པར་འཇུག་པའི་རིམ་

གྱིས་རྐང་པ་གཉིས་ཀྱི་བར་དུ་རྗེས་སུ་འགྲོ་ལ། འབྱུང་བ་ན་མཐོ་གང་དང་འདོམ་གང་གི་བར་དུ་འབྱུང་ངོ་། །གཞན་དག་ན་རེ་རླུང་གི་དཀྱིལ་འཁོར་དང་རྣམ་པར་འཐོར་བྱེད་ཀྱི་རླུང་གི་བར་དུའོ་ཞེས་ཟེར་ཏེ། འདི་ནི་དེ་ཁོ་ན་ཉིད་ཡིད་ལ་བྱེད་པའི་ཕྱིར་རིགས་པ་ཡིན་ནོ། །
འཇོག་པ་ཞེས་བྱ་བ་ནི་ནོར་བུའི་ཐག་པ་བཞིན་དུ་སྣའི་རྩེ་མོ་ནས་རྐང་པའི་མཐེ་བོའི་བར་དུ་གནས་པར་ལྟ་ཞིང་ཅི་འདི་དག་ཕན་འདོགས་པར་བྱེད་པ་ཞིག་གམ། གནོད་པར་བྱེད་པ་ཞིག་གམ། གྲང་ངམ་དྲོ་བ་ཞིག་ཅེས་རྟོག་པའོ། །ཉེ་བར་རྟོག་པ་ཞེས་བྱ་བ་ནི་འདི་དག་ནི་རླུང་འབའ་ཞིག་མ་ཡིན་གྱི་
འབྱུང་བ་ཆེན་པོ་བཞི་པོ་དག་དང་འབྱུང་བ་དག་ལས་མངོན་པར་གྲུབ་པའི་རྒྱུར་བྱས་པའི་གཟུགས་དང་། དེ་དག་ལ་བརྟེན་པའི་སེམས་དང་སེམས་ལས་བྱུང་བ་རྣམས་ཀྱང་ཡོད་དོ་ཞེས་ཕུང་པོ་ལྔ་ཉེ་བར་རྟོག་པའོ། །སྒྱུར་བ་ཞེས་བྱ་བ་ནི་རླུང་ལ་དམིགས་པའི་བློ་བསྒྱུར་ཏེ་ཆོས་ཀྱི་མཆོག་གི་བར་དུ་
བློ་གོང་ནས་གོང་དུ་དགེ་བའི་རྩ་བ་རྣམས་ལ་ཡང་དག་པར་སྦྱོར་བའོ། །ཡོངས་སུ་དག་པ་ནི་མཐོང་བའི་ལམ་ལ་སོགས་པ་ལ་འཇུག་པའོ། །གཞན་དག་ན་རེ་སྒྱུར་བ་ནི་དྲན་པ་ཉེ་བར་གཞག་པ་ནས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་བར་ཡིན་ལ། རྣམ་པར་དག་པ་ནི་ཟད་པ་ཤེས་པ་ལ་སོགས་པ་ཡིན་
ནོ་ཞེས་ཟེར་རོ། །འདི་ལྟ་བུ་ནི་སློབ་དཔོན་དབྱིག་གཉེན་གྱི་ཞལ་སྔ་ནས་ཇི་ལྟར་བྲིས་པ་ཁོ་བོས་འདིར་ཡང་བྲིས་པར་ཤེས་པར་བྱའོ། །དེ་ལྟར་རིམ་པ་དྲུག་པོ་དེ་དག་གི་ལས་ནི། ཇི་སྐད་དུ་འཕགས་པ་སའི་སྙིང་པོ་འཁོར་ལོ་བཅུ་པའི་མདོ་ལས་གསུངས་པ་བཞིན་ཏེ། དེ་ལས་ནི་ཇི་ལྟར་དྲན་པའི་
དབང་གིས་ཡང་དག་པ་ཇི་ལྟ་བ་བཞིན་དུ་དབུགས་ཕྱི་ནང་དུ་རྒྱུ་བ་ལ་རྟོག་ཅེ་ན། །ཡང་དག་པ་ཇི་ལྟ་བ་བཞིན་དུ་བགྲང་བ་དང་། རྗེས་སུ་འགྲོ་བ་དང་། ཞི་གནས་དང་། ལྷག་མཐོང་དང་། འཇུག་པ་དང་། ཡོངས་སུ་དག་པ་ལ་རྟོག་གོ། །དེ་ལ་བགྲང་བས་ནི་བྱ་བའི་ལས་ཀྱི་དངོས་པོ་རྣམ་
པ་གཉིས་བྱེད་པར་འགྱུར་ཏེ། །རྟེན་དུ་གྱུར་པས་རྣམ་པར་རྟོག་པ་དང་རྣམ་པར་དཔྱོད་པ་གཉིས་ཐུལ་བས། །དབུགས་ཕྱི་ནང་དུ་རྒྱུ་བའི་མཚན་ཉིད་འཛིན་པར་ནུས་པའོ། །རྗེས་སུ་འགྲོ་བས་ཀྱང་བྱ་བའི་ལས་ཀྱི་དངོས་པོ་རྣམ་པ་གཉིས་བྱེད་པར་འགྱུར་ཏེ། ཡང་དག་པར་འབྱུང་བ་ལ་བརྟེན་

ཅིང་། རྣམ་པར་རྟོག་པ་དང་རྣམ་པར་དཔྱོད་པ་དང་བྲལ་བ་དང་། དབུགས་ཕྱི་ནང་དུ་རྒྱུ་བའི་འཇུག་པའི་མཚན་ཉིད་ལ་མཁས་པར་འགྱུར་བའོ། །ཞི་གནས་ཀྱིས་ནི་བྱ་བའི་ལས་ཀྱི་དངོས་པོ་རྣམ་པ་གཉིས་བྱེད་པར་འགྱུར་ཏེ། དབུགས་ཕྱི་ནང་དུ་རྒྱུ་བ་འབྲི་བར་མངོན་དུ་སྟོན་པ་དང་། ཏིང་
ངེ་འཛིན་གྱི་མཆོག་ལ་གནས་པར་ནུས་པའོ། །ལྷག་མཐོང་གིས་ཀྱང་བྱ་བའི་ལས་ཀྱི་དངོས་པོ་རྣམ་པ་གཉིས་བྱེད་པར་འགྱུར་ཏེ། དབུགས་ཕྱི་ནང་དུ་རྒྱུ་བ་ཟད་པར་མངོན་དུ་སྟོན་པ་དང་། སེམས་དང་སེམས་ལས་བྱུང་བའི་ཆོས་སོ་སོར་རྟོག་པ་ལ་གནས་པའོ། །འཇུག་པས་ཀྱང་བྱ་བའི་
ལས་ཀྱི་དངོས་པོ་རྣམ་པ་གཉིས་བྱེད་པར་འགྱུར་ཏེ། ཉེ་བར་ལེན་པའི་ཕུང་པོ་སྤོང་བའི་སྦྱོར་བ་ལ་མཁས་པ་དང་། འཕགས་པའི་སར་འཇུག་པ་ལ་སྦྱོར་བའོ། །ཡོངས་སུ་དག་པས་ཀྱང་བྱ་བའི་ལས་ཀྱི་དངོས་པོ་རྣམ་པ་གཉིས་བྱེད་པར་འགྱུར་ཏེ། ཀུན་ནས་ཉོན་མོངས་པ་སྤོང་བ་དང་། ལྟ་བ་
ཡོངས་སུ་དག་པའོ་ཞེས་སོ། །དེ་ལྟར་དབུགས་ཐུང་ངུ་རྔུབས་ན་ཡང་དབུགས་ཐུང་ངུ་རྔུབས་སོ་སྙམ་དུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ་ཞེས་བྱ་བ་ལ་སོགས་པ་བཅུ་དྲུག་ཀྱང་ལེགས་པར་རྟོགས་པར་འགྱུར་རོ། །འདིར་རྣམ་པར་རྟོག་པ་མང་བ་ལ་བསྟན་པ་ནི་གཙོར་བྱས་ཀྱི་ཡོན་ཏན་མ་
ལུས་པ་འདི་ལ་བརྟེན་པས་ན་ཐར་པའི་གྲོང་ཁྱེར་གྱི་སྒོ་འབྱེད་པ་ནི་དབུགས་རྔུབ་པ་དང་འབྱུང་བ་དྲན་པ་ཡིན་ཏེ་ཞེས་གསུངས་སོ། །ཇི་ལྟར་ཞེ་ན་རབ་ཏུ་གདུལ་དགའ་བའི་སེམས་ཞེས་བརྗོད་པ་དེ་ནི་རླུང་ལས་གུད་དུ་མ་དམིགས་པའི་ཕྱིར་ཏེ། དེ་བས་ན་སེམས་ཞེས་བྱ་བ་དེ་ནི་རླུང་དུ་བརྗོད་དོ་ཞེས་
གསུངས་སོ། །དེ་ལྟར་མི་བདག་ཁྱོད་ཀྱིས་རླུང་གི་ཕྲ་དང་ཟབ་མཁྱེན་ནས། །ཡུན་རིང་དུས་ནས་རྣམ་རྟོག་དགྲ་ཡིས་རབ་ཏུ་གཙེས་པས་ཤིན་ཏུ་ཡང་། །མཉེལ་ཞིང་སྐྱོ་བའི་ཐུགས་ནི་དེང་ནས་ངལ་བསོས་རྟོག་དགྲ་བཟློག་པ་དང་། །ལོ་ཡིས་མ་ཡིན་གུས་པར་སྦྱོར་བས་ཞག་གི་རིམ་པས་རྟོག་
བྲལ་མཛོད། །དེ་ནས་རིམ་གྱིས་ཡོངས་སུ་དག་པའི་མཐར་ཡང་ཁྱོད་ཀྱི་ཐུགས་གཞོལ་ན། །ས་བདག་ཁྱོད་ཀྱི་སྐྱེ་བ་འབྲས་བཅས་དེ་ནས་ཆོས་ཀྱི་རྒྱལ་པོར་འགྱུར། །དེ་ཡི་བར་དུ་ལྷ་མིའི་བདེ་བ་ཚད་མེད་རྣམས་ལ་དགྱེས་བཞིན་དུ། །ཐུགས་བཏུལ་མཐུ་ཡིས་སྤྱོད་པ་འདི་ལ་ཐེ་ཚོམ་

མེད་པར་མངོན་སུམ་གནས། །རྣམ་པར་རྟོག་པའི་གཉེན་པོ་བཤད་ཟིན་ཏེ། །སེམས་ཀྱི་རྟོག་པ་སྦྱང་བའི་རིམ་པའོ། །མི་སྐྱོང་ཁྱོད་ཀྱི་ཐུགས་ནི་གལ་ཏེ་བུད་མེད་ཀྱིས་ཕྲོགས་ན། །འདི་ནི་ས་ཡི་བདག་པོའི་མཐུ་རྩལ་རབ་ཏུ་དམན་པ་སྟེ། །གང་གི་གཡུལ་ཆེན་
འཇིགས་སུ་རུང་བ་གཞོམ་པའི་ཐབས་མཁྱེན་ན། །མི་གཙང་ཀུན་སྣོད་མངོན་གྱུར་བུད་མེད་མཚན་ཉིད་མི་མཁྱེན་འདི་མཚར་ཆེ། །ཤིན་ཏུ་ཡིད་འོང་ཚེར་མའི་གནོད་པའང་མི་བཟོད་ལུས་འདི་ནི། །བུད་མེད་བསྟེན་པའི་རྒྱུ་ལས་འདི་དང་སླད་པ་མགོ་གཅོད་སོགས། །རབ་ཏུ་བཟོད་དཀའི་སྡུག་
བསྔལ་འབྱུང་འདི་ཉིད་ཀྱིས་མངོན་སུམ་ན། །འོན་ཀྱང་བླ་མའི་བཀའ་ཡིས་འདོད་ཆགས་ཞི་བར་བྱེད་པ་མདོར་བརྗོད་བགྱི། །ཆགས་པ་ཅན་རྣམས་ཀྱི་གཉེན་པོ་ནི་རུས་གོང་ཡིད་ལ་བྱ་བ་ཡིན་ཏེ། ཀེང་རུས་ཆགས་ཅན་ཐམས་ཅད་ལ་ཞེས་བཤད་པས་སོ། །ཇི་ལྟར་ཞེ་ན། །རུས་པ་རྒྱ་
མཚོའི་བར་དུ་ནི། །སྤྲོ་ཞིང་སྡུད་པས་ལས་དང་པོ། །རྐང་རུས་དང་ནི་ཐོད་ཕྱེད་བར། །བཏང་བས་སྦྱང་བ་བྱས་པར་བཤད། །སྨིན་མའི་བར་དུ་སེམས་འཛིན་པས། །ཡིད་ལ་བྱེད་པ་རྫོགས་པ་ཡིན། །ཞེས་བཤད་པའི་རིམ་པས་སོ། །གཞན་ཡང་བྱིས་པ་རྣམས་ནི་ཕལ་ཆེར་ཁ་དོག་དང་།
དབྱིབས་དང་། རེག་པ་འཇམ་པ་དང་། བསྙེན་བཀུར་ལ་ཆགས་ཏེ། དེ་དག་གི་གཉེན་པོར་ནི་རྣམ་པར་བསྔོས་པ་དང་། རྣམ་པར་དམར་བ་དང་། རྣམ་པར་ཚིག་པ་དག་ཡིད་ལ་བྱེད་པས་ཁ་དོག་ལ་ཆགས་པ་དག་སེལ་ཏོ། །རྣམ་པར་རྣགས་པ་དང་། རྣམ་པར་ཟོས་པ་དང་། རྣམ་པར་འཐོར་བ་དག་
ཡིད་ལ་བྱེད་པས་ནི་དབྱིབས་ལ་ཆགས་པ་སེལ་བར་བྱེད་དོ། །རྣམ་པར་དབུས་གཞིག་པ་དང་རུས་གོང་རྒྱུས་པས་འབྲེལ་བ་དག་ཡིད་ལ་བྱེད་པས་ནི་རེག་བྱ་འཇམ་པ་ལ་ཆགས་པ་སེལ་ཏོ། །རྣམ་པར་བམ་པའི་རོ་མི་གཡོ་བ་རྐྱལ་བ་སྟོང་པ་བུས་པ་ལྟ་བུ། རྡོ་ལྟར་བསྙེན་བཀུར་བྱེད་པ་དང་
བྲལ་བ་ཡིད་ལ་བྱེད་པས་ནི་རྐང་པ་བཀྲུ་བ་ལ་སོགས་པའི་བསྙེན་བཀུར་ལ་ཆགས་པ་སེལ་བར་བྱེད་དོ། །གཞན་ཡང་རྣམ་པར་ཕྱེ་སྟེ་བརྗོད་ན། སྔོ་བསངས་ལ་སོགས་པའི་ཁ་དོག་ལ་ཆགས་པ་ཞིག་ན་རྣམ་པར་བསྔོས་པར་ཡིད་ལ་བྱའོ། །ཙནྡན་དང་ག་བུར་ལ་སོགས་པའི་དྲིས་བྱུགས་པའི་

ལུས་ལ་ཆགས་པ་ལྟ་ན་རྣམ་པར་རྣགས་པར་ཡིད་ལ་བྱའོ། །མཚན་སྤྲད་པའི་རེག་བྱ་ལ་ཆགས་པ་ཞིག་ན་རྣམ་པར་འབུས་གཞིག་པར་ཡིད་ལ་བྱའོ། །དབྱིབས་ཕུན་སུམ་ཚོགས་པ་ལ་ཆགས་པ་ལྟ་ན་རྣམ་པར་བམ་པར་ཡིད་ལ་བྱའོ། །རྒྱན་གྱིས་མཛེས་པའི་ལུས་ལ་ཆགས་པ་ཞིག་ན་རྣམ་
པར་དམར་བར་ཡིད་ལ་བྱའོ། །ཤ་རྒྱས་པའི་ལུས་ལ་ཆགས་པ་ཞིག་ན་རྣམ་པར་ཟོས་པར་ཡིད་ལ་བྱའོ། །འཁྱུད་པ་དང་འོ་བྱས་པ་ལ་སོགས་པའི་རྩེ་འཇོ་ལ་ཆགས་པའི་དུས་ན་རྣམ་པར་འཐོར་བར་ཡིད་ལ་བྱའོ། །ཁ་དོག་དང་དབྱིབས་ཕུན་སུམ་ཚོགས་པ་ལ་ཆགས་པར་གྱུར་ན་རྣམ་པར་
ཚིག་པར་ཡིད་ལ་བྱའོ། །སོ་རྣམས་དཀར་བ་ལ་ཆགས་པའི་ཚེ་ན་རུས་གོང་གི་ཡིད་ལ་བྱེད་པས་ཞི་བར་འགྱུར་རོ། །རབ་ཏུ་མི་བཟད་ནགས་བསྲེགས་མེ་ལྕེའི་ཚོགས། །ཆར་རྒྱུན་དྲག་པོས་སྐད་ཅིག་ཞི་བྱེད་ལྟར། །བྱིས་པའི་ནགས་ཚལ་ཐལ་བར་བྱེད་པ་ཡི། །འདོད་ཆགས་མེ་ཆེན་
མི་སྡུག་ཆར་གྱིས་འཇོམས། །འཇིག་རྟེན་གནོད་པའི་རྩ་བ་ཇི་སྙེད་པ། །ཀུན་གྱི་ཕུལ་བྱུང་འཁྲིག་པའི་འདོད་ཆགས་ཏེ། །ས་བདག་འདི་མཁྱེན་འདོད་ལས་ཕྱིར་ལྟོས་དང་། །རབ་ཏུ་དགྱེས་པ་བྱིས་པས་མ་མྱོང་བ། །བསམ་གཏན་བདེ་བས་ལུས་ལ་ཕན་འདོགས་ཤིང་། །ཁ་ན་མ་ཐོ་
མེད་པ་མྱོང་བའི་རིགས། །འདོད་ཆགས་དང་བཅས་པའི་སེམས་སྦྱང་བའི་རིམ་པ་སྟེ། འདོད་ཆགས་ཀྱི་གཉེན་པོ་བཤད་ཟིན་ཏོ།། །།ལྷ་མིའི་བླ་མས་གང་དུ་འབད་པས་བཀག་གྱུར་པ། །དེ་ནི་འགྲོ་ལ་བྱམས་དང་སྙིང་རྗེ་མེད་པ་སྟེ། །དེ་ཕྱིར་མི་དབང་ཁྱོད་ཀྱིས་ཐུབ་ལ་གུས་པ་དང་། ཉིད་
ཀྱི་ཐུགས་ཀྱང་དམ་པའི་གྲངས་སུ་འགྱུར་བའི་ཕྱིར། །གང་ལ་སྐྲ་རྩེས་གཟུང་བྱའི་སྐྱེ་བོ་དེ་ལ་ཡང་། །ཉིད་ཀྱི་སྲས་བཞིན་གཅེས་ཤིང་བྱམས་པས་བསྐྱང་བར་རིགས། །བཤེས་གཉེན་དམ་པའི་ལུང་གིས་གོམས་པར་བྱས་པ་ལས། །སྲིན་པོ་ཤ་ཟ་སེང་གེ་སོགས་ཀྱང་འགྲོ་ལ་བྱམས། །
དེ་ཕྱིར་མི་དབང་ཁྱོད་ཀྱིས་ཐུགས་ནི་འཇམ་པ་དང་། །འགྲོ་བ་བསྐྱང་ལས་ནམ་ཡང་ཕྱིར་ལྡོག་མ་མཛད་ཅིག །ལེགས་པའི་ལམ་ནི་ཇི་སྙེད་བསྟན་པ་དག་ལས་ཀྱང་། །གཙོ་བོར་གྱུར་པ་བྱམས་དང་སྙིང་རྗེར་དམ་པས་གསུངས། །འདི་ཇི་ལྟར་བསྒོམ་པར་བྱ་ཞེ་ན། དང་པོར་རང་གི་མའམ་

ཕའམ་བུ་འམ་བུ་མོ་འམ། འབྲེལ་པ་གཉིས་སམ། གང་ཡང་རུང་བ་ཅིག་བདེ་བ་མ་ལུས་པ་དང་ཕྲད་པར་གྱུར་ཅིག་སྙམ་པ་དང་། །བདག་གིས་དེ་དང་ཕྲད་པར་བྱའོ་ཞེས་པ་དང་། ནུས་པ་ལྟ་ན་དངོས་སུ་དེ་བསྒྲུབ་པ་དང་། ཕྲད་པ་ལ་ཕྲག་དོག་མེད་པ་ཉི་མ་
འགའ་ཞིག་གུས་པར་བསྒོམ་མོ། །དེ་ནས་ནི་དེ་བས་ཅུང་ཟད་མི་གཅུགས་པ་ལའོ། །རིམ་གྱིས་པར་མ་ལའོ། །དེ་ནས་དགྲ་བོ་དམན་པ་ལའོ། །དེ་ནས་དེའི་བར་མ་ལའོ། །དེ་ནས་དེ་དགྲ་བོ་རབ་ཏུ་མ་རུངས་པ་ལའོ། །དེ་ལ་མ་ལ་སོགས་པ་དང་མཉམ་པ་ཐོབ་པ་ན་གྲོང་དང་གྲོང་ཁྱེར་པ་
ལའོ། །དེ་ནས་ནི་ཡུལ་དང་ལྗོངས་དང་གླིང་གཅིག་དང་གཉིས་ལ་སོགས་པ་ནས་སྟོང་སྤྱི་ཕུད་དང་། སྟོང་གཉིས་བར་མ་དང་། སྟོང་གསུམ་གྱི་སྟོང་ཆེན་པོ་དང་། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གངྒཱ་ཀླུང་གི་བྱེ་མ་སྙེད་ལ་སོགས་པར་བྱམས་པས་ཁྱབ་པར་བྱས་ཏེ། དེ་ནས་གཞུང་དེ་
བཞིན་དུ་སྡུག་བསྔལ་དང་བྲལ་བར་གྱུར་ཅིག་ཅེས་པ་དང་། སྡུག་བསྔལ་དང་བྲལ་བ་ལ་དགའ་བ་དང་། དེ་དག་འཇིག་རྟེན་ལས་འདས་པའི་ལམ་ལ་དགོད་པར་བྱའོ་ཞེས་བྱ་བའི་རིམ་པས་སྙིང་རྗེ་དང་དགའ་བ་དང་བཏང་སྙོམས་རྣམས་བསྒོམ་མོ། །དང་པོ་ཉིད་དུ་སྡུག་ཅིང་ཡིད་དུ་འོང་བའི་མཚན་ཉིད་
ཅན་གྱི་བྱམས་པ་ཡིད་ལ་མ་བྱས་པར་ནི་སྡུག་བསྔལ་དང་བྲལ་བའི་སྙིང་རྗེ་ག་ལ་འཇུག་སྟེ། དེ་ལྟར་རིམ་པ་གཞན་ཡང་ངོ་། །གནོད་པར་སེམས་པའི་ཡིད་ཙམ་བོར་བས་ཀྱང་། །འཁོར་ལོས་སྒྱུར་ཉིད་ཐོབ་པར་ཐུབ་པས་གསུངས། །བྱམས་སོགས་གོམས་ལས་འཆི་མེད་མ་བརྙེས་ཀྱང་། །
ཚངས་པའི་འཇིག་རྟེན་བདེ་བ་རྒྱ་ཆེན་ཐོབ། །དེ་ཕྱིར་མི་རྗེ་ཁྱོད་ཀྱིས་གང་སྤྱོད་པ། །ཚངས་པའི་གནས་བཞི་ཡིས་ནི་གནས་པར་རིགས། །ཁྱོད་ཀྱིས་འབྱོར་པ་དུག་ཅན་ཟས་བཞིན་དུ། །བོར་ནས་གཅིག་པུ་གཞན་དུ་གཤེགས་འཚལ་ན། །གྲོགས་བཟང་འདོད་མེད་དགེ་བ་དེ་བཀྲིའི་ཕྱིར། །
ཐུགས་ནི་རྣམ་པར་སྦྱང་བར་ཅིས་མི་མཛད། །ཞེ་སྡང་དང་བཅས་པའི་སེམས་སྦྱང་བའི་རིམ་པ་སྟེ། ཞེ་སྡང་གི་གཉེན་པོ་བཤད་ཟིན་ཏོ།། །།རང་དང་གཞན་དང་གཉིས་ཀ་ལས་སྐྱེ་དང་། །རྒྱུ་མེད་འབྱུང་ཞེས་སྨྲ་བ་གང་ལགས་པ། །འདི་དག་ལོག་པར་སྨྲ་བ་ཕུང་ཁྲོལ་བ། །

ལེགས་པར་སྤྱད་ཀྱང་འབྲས་བུ་མི་འདོད་འབྱིན། །དེ་ཕྱིར་ཁྱོད་ཀྱིས་རྟེན་ཅིང་འབྲེལ་འབྱུང་བ། །ལྟ་ངན་སེལ་འཇོམས་ཐུབ་པའི་མན་ངག་མཆོག །བདུད་རྩིའི་མཆོག་འདི་མྱུར་དུ་གསོལ་བ་ཡིས། །དཀར་ཕྱོགས་མ་ལུས་རྒྱས་ཤིང་བརྟན་པོར་མཛོད། །རྟེན་ཅིང་འབྲེལ་པར་འབྱུང་བ་ཇི་ལྟ་
བུ་ཞེ་ན། འདི་ལྟ་སྟེ་མ་རིག་པའི་རྐྱེན་གྱིས་འདུ་བྱེད། འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ། རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས། མིང་དང་གཟུགས་ཀྱི་རྐྱེན་གྱིས་སྐྱེ་མཆེད་དྲུག །དེའི་རྐྱེན་གྱིས་རེག་པ། དེའི་རྐྱེན་གྱིས་ཚོར་བ། དེའི་རྐྱེན་གྱིས་སྲེད་པ། དེའི་
རྐྱེན་གྱིས་ལེན་པ། དེའི་རྐྱེན་གྱིས་སྲིད་པ། དེའི་རྐྱེན་གྱིས་སྐྱེ་བ། དེའི་རྐྱེན་གྱིས་རྒ་ཤི་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་རྣམས་འབྱུང་བར་འགྱུར་ཏེ། །དེ་ལྟར་ན་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འདི་འབའ་ཞིག་
འབྱུང་བར་འགྱུར་རོ་ཞེས་ཤེས་རབ་ཀྱི་མིག་གིས་ལྟ་བར་བྱས་ཏེ་རྒྱུ་མེད་པ་ལ་སོགས་པ་བསལ་ལོ། །དོན་འདི་ནི་འཕགས་པ་བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས། གང་དུ་མ་རིག་སྐྱེ་འགྱུར་བ། །ཉོན་མོངས་རྒྱུ་ནི་ཚུལ་བཞིན་མིན། །དེ་ཡི་རྐྱེན་ནི་འདུ་བྱེད་དེ། །སྡུག་བསྔལ་བར་དུ་སྐྱེ་བར་
འགྱུར། །ཞེས་པ་དང་། གང་གིས་སེམས་ཅན་དག་འགྱུར་བ། །རྒྱུ་གཉིས་དང་ནི་རྐྱེན་གཉིས་ཏེ། །གཞན་ལས་རྗེས་སུ་མཐུན་སྒྲ་དང་། །ནང་དུ་ཚུལ་བཞིན་ལྟ་བའོ། །དེ་བཞིན་རྒྱུ་ནི་ཞི་གནས་ཏེ། །ལྷག་མཐོང་ཡང་ནི་རྐྱེན་ཡིན་ནོ། །ཞེས་གསུངས་སོ། །དེ་ལྟར་སྲིད་པ་འབྱུང་བའི་རིམ་པ་ལ་
ཡིད་ཆེས་པར་བྱས་ནས། ཡང་མ་རིག་པ་འགགས་པས་འདུ་བྱེད་འགག་པ་ནས་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འདི་འབའ་ཞིག་འགག་པར་འགྱུར་རོ་ཞེས་བྱ་བའི་བར་དུ་ཡིད་ལ་བྱའོ། །དེ་ནས་རྟག་པར་མ་ཡིན་པ་དང་། ཆད་པར་མ་ཡིན་པ་དང་། འཕོ་བར་མ་ཡིན་པ་དང་། དེ་དང་
འདྲ་བའི་རྒྱུད་དུ་འཇུག་པ་དང་། རྒྱུ་ཆུང་ངུ་ལས་འབྲས་བུ་ཆེན་པོ་འབྱུང་བ་ཞེས་ངེས་པར་བཟུང་སྟེ། ཕྱི་རོལ་ཡང་ས་བོན་ལས་མྱུ་གུ་དང་དེ་ལས་འདབ་མ་དང་། །དེ་ལས་སྡོང་བུ་དང་། དེ་ལས་མེ་ཏོག་དང་། དེ་ལས་འབྲས་བུ་འབྱུང་ཞིང་རྒྱུ་དེ་དག་དང་རྐྱེན་འབྲེལ་བར་འབྱུང་བ་ཁམས་བཞི་

དང་ནམ་མཁའ་དང་དུས་ཀྱི་ཁམས་ཏེ། རྣམ་པ་བཅུ་གཉིས་པོ་འདི་དག་ཙམ་མོ་ཞེས་འབྱུང་བ་དང་། འགག་པ་ལས་རྒྱུ་མེད་པ་དང་། མི་མཐུན་པའི་རྒྱུ་སྤངས་ཏེ་འདིར་ནི་མདོར་བསྡུས་ནས་རྟེན་ཅིང་འབྲེལ་བར་འབྱུང་བ་ཡིད་ལ་བྱས་པས་རིག་པ་བསྐྱེད་པ་དང་། མ་རིག་
པའི་ངོ་བོའམ་དེ་ལས་འབྱུང་བའི་ལོག་པར་ལྟ་བ་སྤང་བའོ། །གལ་ཏེ་རྒྱས་པར་ཡིད་ལ་བྱེད་པ་ལྟ་ཞིག་ན་རང་རང་གི་མཚན་ཉིད་དང་། མིང་གི་དོན་དང་། ལས་ཐ་དད་པ་དང་། ཡན་ལག་ལྔས་ཡང་དག་པར་བསྡུས་པ་དང་། ཡན་ལག་གསུམ་གྱིས་ཡང་དག་པར་བསྡུས་པ་དང་། གསུམ་ལས་
གཉིས་འབྱུང་བ་དང་། གཉིས་ལས་བདུན་འབྱུང་བ་དང་། བདུན་ལས་གསུམ་འབྱུང་བ་དང་། དུས་གསུམ་པའི་ངོ་བོར་གཞག་པ་དང་། རྐྱེན་དང་འབྲེལ་བ་དག་ཡིད་ལ་བྱའོ། །ས་བདག་རྟེན་ཅིང་འབྲེལ་འབྱུང་མཁྱེན་ན་སྣང་བས་མུན་པ་བཞིན། །ཁྱོད་ཀྱི་ཐུགས་ལ་གནས་པའི་གཏི་མུག་གོ་སྐབས་
ག་ལ་མཆིས། །འདི་མཁྱེན་སྲིད་པའི་འཁོར་ལོ་ཕྲ་ཞིང་ཟབ་པ་གཟིགས་པའི་ཕྱིར། །ཤེས་རབ་ཡེ་ཤེས་སྤྱན་གཉིས་དྲི་མེད་ལུང་གི་སྨན་བྱུགས་གཟིགས། །ཇི་སྐད་དུ་འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱང་། །རྟེན་ཅིང་འབྲེལ་བར་འབྱུང་འདི་རྒྱལ་བ་ཡི། །གསུང་གི་མཛོད་གྱི་གཅེས་པ་ཟབ་མོ་
སྟེ། །གང་གིས་འདི་ནི་ཡང་དག་མཐོང་བ་དེས། །སངས་རྒྱས་དེ་ཉིད་རིག་པ་རྣམ་མཆོག་མཐོང་། །ཞེས་བསྟན་ཏོ། །གཏི་མུག་དང་བཅས་པའི་སེམས་སྦྱང་བའི་རིམ་པ་སྟེ། རྟེན་ཅིང་འབྲེལ་བར་འབྱུང་བ་ཡིད་ལ་བྱེད་པ་བཤད་ཟིན་ཏོ།། །།མི་ཡི་བདག་པོ་གལ་ཏེ་ཕྲ་བའི་ཐུགས་ཀྱི་
གོ་སྐབས་སུ། །ཐོག་མའི་རྩོམ་མེད་དུས་ཅན་སྡིག་པའི་རྩ་བའི་རྟོག་དགྲ་འདི། །ཞེན་པ་གནས་སྙམ་ཞུམ་པའི་རྟོག་པ་མི་བཟད་ཞུགས་གྱུར་ན། །དེ་ཡི་གཉེན་པོར་བརྟེན་ཅིང་སྐྱེས་པའི་དངོས་པོས་རང་བཞིན་གཟིགས། །དྲི་མེད་མེ་ལོང་ངོས་ལ་སྐྱེས་པའི་བཞིན་གྱི་གཟུགས་བརྙན་གང་། །གལ་ཏེ་ཡང་དག་
གནས་ན་རྐྱེན་ལ་རག་ལས་མི་འགྱུར་ཞིང་། །སླར་འདི་རྣམ་པར་འཇིག་འགྱུར་གོ་སྐབས་ཅན་དུ་ག་ལ་འགྱུར། །དེ་ཕྱིར་དངོས་མེད་རྐྱེན་ལ་རག་ལས་གཅིག་པུ་རྣམ་པར་སྤང་། །ཇི་ལྟར་གནས་པའི་རང་བཞིན་འདི་ཡང་ལེགས་པར་རྣམ་དཔྱད་ན། །རབ་ཏུ་ཕྲ་རྡུལ་བར་དུ་འགྱུར་

ཞེས་དམ་པས་དང་པོར་གསུངས། །གལ་ཏེ་དངོས་ཡོད་དེ་དག་ཤེས་རབ་ཅིས་མི་འབབ། །དེ་ཕྱིར་དེ་ཡང་ཕྱོགས་ཆའི་བྱེ་བྲག་དག་གིས་ག་ལ་གནས། །རིན་ཆེན་སེམས་ཀྱི་ཁྱད་པར་འགའ་ཞིག་སྣ་ཚོགས་སྣང་ཞེ་ན། །དེ་བཞིན་འདི་ལའང་སྐད་ཅིག་ཅེས་བྱ་རབ་ཕྲ་དམ་པས་གསུངས། །སྐད་ཅིག་སྐད་
ཅིག་ཅེས་བྱའི་གང་དག་ཕྲ་ལ་རྣམ་པར་རྨོངས། །དེ་ཡང་ཇི་ལྟར་ཐོག་མ་དབུས་མཐའ་དག་ཏུ་བལྟ་མི་ནུས། །དེའི་ཕྱིར་རིན་པོ་ཆེའི་ཕྲེང་བ་ལས། །སྐད་ཅིག་ཇི་ལྟར་མཐའ་ཡོད་ལྟར། །ཐོག་མ་དང་དབུས་དེ་ལྟར་བརྟག །སྐད་ཅིག་རང་བཞིན་གསུམ་གྱི་ཕྱིར། །འཇིག་རྟེན་སྐད་ཅིག་ལ་མི་
གནས། །ཞེས་བསྟན་ཏོ། །དེ་ལྟར་འདི་དག་ཕྱི་དང་ནང་དུ་བཅས་པ་གཅིག་མིན་ཞིང་། །དེ་ཉིད་ཕྱིར་ན་དེ་ཡི་རང་བཞིན་རྣམ་བསགས་དུ་མའང་མིན། །འདི་དག་ལས་དབེན་དངོས་པོ་ཤེས་རབ་མིག་གིས་འགའ་མ་དམིགས། །དེས་ན་འདི་དག་མཐའ་གཉིས་གྲོལ་བར་དམ་པས་གསལ་བར་གསུངས། །
དེ་བཞིན་གཅིག་གིས་གཅིག་ཉིད་སྐྱེས་པ་མངོན་སུམ་འགལ་མཐོང་སྟེ། །རབ་ཏུ་ཕྲ་བའི་འབྲས་བུ་རྒྱུ་ནི་གཅིག་མིན་ལ་ལྟོས་པར། །འགྲོ་བའི་མངོན་སུམ་ཉིད་དུ་སྟོན་པ་བཞིན་དུ་ངེས་པར་གནས། །དེ་བཞིན་གཅིག་གིས་གཅིག་མིན་སྐྱེད་སོགས་ཐམས་ཅད་གནོད་པར་བཅས། །དངོས་རྣམས་
ཐུག་མེད་མ་ལུས་སླར་སྐྱེད་འགྱུར་འདི་བཟློག་དཀའི་ཕྱིར། །ཡོད་པ་འགའ་ཞིག་སྐྱེ་ཞེས་འདི་ནི་སུས་ཀྱང་སྨྲ་མི་ནུས། །གང་མེད་འགའ་ཞིག་སྐྱེ་ན་མེད་པའི་ཐ་སྙད་སུ་ཞིག་འཇོག །དེ་ཕྱིར་བདག་ལས་སྐྱེ་སོགས་འདི་དག་མཁས་པས་རྩ་ནས་བཏོན། དེ་ལྟར་ཁྱོད་ཀྱི་ཤེས་རབ་སྤྱན་གསལ་
དྲི་མེད་རྣམ་རྒྱས་པས། །རྟེན་ཅིང་འབྲེལ་འབྱུང་མཚན་ཉིད་འདི་ལ་ཡུན་རིང་གཟིགས་པ་ན། །ཐོག་མེད་སྲིང་རྒྱུད་བསགས་པའི་བསྙེངས་གནས་རབ་ཏུ་ཕྲ་བ་ཡང་། །གང་ནའང་གནས་པར་འགྱུར་འདི་གཟིགས་མིན་མི་བདག་གང་གིས་ཞུམ། །དེ་ལྟར་ནི་འཕགས་པ་མི་ཕམ་པའི་ཞལ་སྔ་ནས། འདི་
ལ་བསལ་བྱ་ཅི་ཡང་མེད། །བསྣན་པར་བྱ་བ་ཅུང་ཟད་མེད། །ཡང་དག་ཉིད་ལ་ཡང་དག་ལྟ། །ཡང་དག་མཐོང་ན་རྣམ་པར་གྲོལ། །ཞེས་གསུངས་ཤིང་། འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱང་། མཐོང་བའི་ཆོས་ལ་མྱ་ངན་འདས། །བྱ་བ་བྱས་པའང་དེ་ཉིད་ཡིན། །ཞེས་གསུངས་སོ། །དེས་ན་

གང་ལ་དགའ་བའམ་ཡང་དག་སྐྲག་ནས་འདི་ཅི་ཞིག །བསྐལ་པ་བྱེ་བར་བསྒྲུབས་ཀྱང་བརྟན་གནས་དེ་ནི་སུ་ཡིས་ནུས། །གང་ཞིག་ནམ་མཁའ་གཞོམ་ཞེས་འབད་པའང་བླུན་ཏེ་རྣམ་པར་ངལ། །ཅིའི་ཕྱིར་ཞེ་ན་གདོད་ནས་མ་སྐྱེས་དེ་ལ་སུ་ཡིས་དགག །དེ་འདྲའི་
གནས་མེད་འདིར་གནས་ཡེ་ཤེས་ཅན་ཏེ་རྟག་བདེ་ལྡན། །གང་ལ་རྣམ་རྟོག་མེད་འདི་བདེ་ཞེས་ཐུབ་པས་གསལ་བར་གསུངས། །འདི་སྤངས་ལྷ་ཡུལ་འདོད་པས་རབ་ཏུ་ཡིད་འཕྲོག་བྱེད་པ་དང་། །འཁོར་ལོས་སྒྱུར་བའི་འབྱོར་བའང་དམ་པས་ཚེར་མའི་གནོད་འདྲར་གསུངས། ས་བདག་
འོན་ཀྱང་གནས་འདིར་ཤིན་ཏུ་དགྱེས་པར་མ་གྱུར་ཅིག །ཅི་ཕྱིར་ཞེ་ན་བདག་གཞན་ཕན་པ་མི་བཟོད་འབྱོར་ལས་ཁྱོད། །རྣམ་པར་ལྟུང་བའི་སྒོ་མོ་མི་མཁས་རྣམས་ལ་འདི་རབ་སྤང་། །ཁ་ཅིག་སྒོ་འདིར་རབ་དགའ་འཇུག་ལ་སྙིང་བརྩེ་རིང་དུ་སྤངས། །གཞན་དག་གནས་འདིར་འཁྲུལ་
ཕྱིར་ལས་འབྲས་ཐལ་བ་བཞིན་དུ་བྱེད། །གཞན་དག་ཤིན་ཏུ་མེད་ལས་སངས་རྒྱས་ཡོན་ཏན་བསམ་ཡས་འདོད། །འདི་འདྲ་འདི་དག་སྒོ་འདིར་ཞུགས་ནས་རང་གཞན་དེ་ལས་ཉམས། །དེ་ཕྱིར་འདི་ནི་ཡན་ལག་ལྡན་པར་བགས་ཀྱིས་བསྟེན་པར་བགྱི། །དེ་ལྟར་ནི་འཕགས་པ་དྲི་མ་མེད་པར་
གྲགས་པས་བསྟན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་ལས་ཀྱང་། མིང་ཡང་ཡོད་དང་ཡོད་མ་ཡིན་པར་ཚིག་གིས་གསུངས། །རྒྱུ་ལ་བརྟེན་ཏེ་བྱུང་བའི་ཆོས་ནི་འདི་ཀུན་ཏེ། །འདི་ལ་བདག་མེད་ཚོར་བ་པོ་དང་བྱེད་མེད་ཀྱང་། །དགེ་དང་མི་དགེའི་ལས་རྣམས་ཅུང་ཟད་མེད་མི་འགྱུར། །ཞེས་གསུངས་
སོ། །རྟེན་ཅིང་འབྲེལ་བར་འབྱུང་བའི་དེ་བཞིན་ཉིད་བསམ་གྱིས་མི་ཁྱབ་པར་ཡིད་ལ་བྱའོ། །མི་དབང་ཡན་ལག་བཞི་པོ་འདི་ཙམ་གྱིས། །ཁྱོད་ཀྱི་ཐུགས་ཀྱི་དྲི་མ་རགས་པ་རྣམས། །ངེས་པར་བསལ་འགྱུར་འདི་ལ་དགོས་པ་མཛད། །དེ་ལས་གོང་དུ་ཁྱད་པར་རྣམ་བཞེད་ན། །དཀྱིལ་འཁོར་
བྱུག་པ་སྔོན་དུ་འགྲོ་བ་ཡིས། །སྐྱེ་བ་གཞན་དུ་འབྱོར་པ་མི་ཟད་པ། །ད་ལྟའི་བཞེད་པ་ཉིད་ཀྱི་ཕྱག་གནས་ལྟར། །སླུ་བ་མེད་པར་བདག་གིས་བརྗོད་པར་བགྱི། །ཨོཾ་བཛྲ་རེ་ཁེ་ཧཱུཾ། གཙང་སྤྱོད་པ་ཡི་ལྕི་བ་ནི། །ཆུ་དང་འོ་མ་ཞོ་དང་མར། །ཐམས་ཅད་དེ་ལས་བྱུང་བ་དག །སྣོད་གཙང་

བསྐོལ་ཏེ་ཆུ་རྣམས་དབོ། །ཚིགས་མ་དོར་ཏེ་དབུས་ཀྱི་ཆས། །དབྱིབས་ཅི་དགའ་བའི་མཎྜལ་ནི། །ས་བདག་ཁྲུ་གང་ཡན་ཆད་པར། །གསང་སྔགས་དོན་ལ་གཞོལ་བར་བྱུག །དེ་ནས་དེ་ནི་གུས་པ་ཡིས། རྒྱལ་བ་སྲས་གསུམ་བཅས་ལ་འབུལ། །མཇུག་ཏུ་ཐུབ་པས་གསུངས་པ་ཡི། །ཚིགས་
བཅད་འདི་དག་བརྗོད་པར་བྱ། །བ་ཡི་ལྕི་བ་ཆུར་བཅས་སྦྱིན་པ་སྟེ། །ལེགས་པར་བྱུག་པར་བྱེད་པ་ཚུལ་ཁྲིམས་སོ། །སྲིན་བུ་གྲོག་སྦུར་བསལ་བ་བཟོད་པ་ཡིན། །བྱ་བ་ལ་ནི་ཉེར་ཞུགས་བརྩོན་འགྲུས་ཏེ། །དེ་ཡི་སྐད་ཅིག་སེམས་ནི་གཅིག་བྱེད་པ། །བསམ་གཏན་ཤེས་རབ་རི་མོ་གསལ་
བའོ། །ཐུབ་པའི་མཎྜལ་བྱས་པ་ཡིས། །ཕ་རོལ་ཕྱིན་པ་འདི་དྲུག་འཐོབ། །གསེར་གྱི་མདོག་ཏུ་འགྱུར་བ་སྟེ། །ནད་རྣམས་ཀུན་དང་བྲལ་བར་འགྱུར། །ཟླ་བ་ལྟར་མཛེས་གསལ་བ་ཡི། །ལྷ་དང་མི་ནི་དམ་པར་སྐྱེ། །ནོར་དང་གསེར་ནི་འབྱོར་བ་ཡི། །རྒྱལ་པོའི་རིགས་སུ་སྐྱེ་བར་
འགྱུར། །བདེ་བར་གཤེགས་པའི་ཕོ་བྲང་མཆོག །མཎྜལ་གང་ཞིག་བྱེད་པ་དང་། །སྡིག་པ་ཐམས་ཅད་མི་བྱེད་ཅིང་། །དགེ་བ་ཕུན་སུམ་ཚོགས་པ་དང་། །རང་གི་སེམས་ནི་ཡོངས་འདུལ་བ། །འདི་དག་སངས་རྒྱས་རྣམས་ཀྱིས་བསྔགས། །ཞེས་སོ། །དེ་ནས་དགེ་བ་དེ་ཉིད་རྒྱུ་མཚན་
དུ་བྱས་ལ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ཞིང་། །དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །བདག་ནི་ཁྱེད་ལ་རྣམས་ཀུན་དབུལ། །སྡིག་པ་ཐམས་ཅད་བཤགས་པར་བགྱི། །འགྲོ་བའི་དགེ་ལ་རྗེས་ཡི་རང་། །དམ་ཆོས་འཁོར་ལོ་མཆོག་བསྐོར་དང་། །ཡོངས་སུ་མྱ་ངན་
འདས་སྤང་ཕྱིར། །བདག་ནི་ཁྱོད་ལ་གསོལ་བ་འདེབས། །འདི་སོགས་དགེ་བའི་ལས་རྣམས་ནི། །བྱང་ཆུབ་བླ་ན་མེད་པར་བསྔོ། །འགྲོ་བ་སྡུག་བསྔལ་ཁུར་ཆེན་བོར་བའི་ཕྱིར། །བདག་གི་སེམས་ནི་བྱང་ཆུབ་ཕྱིར་བསྐྱེད་དེ། །མ་བསྒྲལ་བསྒྲལ་དང་མ་གྲོལ་དགྲོལ་བ་དང་། །
དབུགས་མ་ཕྱིན་པ་བདག་གིས་དབུགས་དབྱུང་སྟེ། །མྱ་ངན་མ་འདས་བདག་གིས་མྱ་ངན་བཟླ། །དེ་ལྟར་བྱང་ཆུབ་ཀྱི་སེམས་རབ་ཏུ་བརྟན་པར་བསྐྱེད་ལ་ཇི་ལྟར་འདོད་པའི་བྱ་བ་དགེ་བ་ལ་འཇུག་པར་བྱའོ། །མི་དབང་ཁྱོད་ཐུགས་སྦྱངས་པས་དགེ་བ་རྒྱ་ཆེན་དག་ལ་དགྱེས་བསྐྱེད་ན། །

སྦྱིན་དང་ཚུལ་ཁྲིམས་བཟོད་པ་བརྩོན་འགྲུས་བསམ་གཏན་ཤེས་རབ་ཕ་རོལ་ཕྱིན། །རྒྱ་ཆེན་སྤེལ་མཛད་དེར་ཡང་ཁྱོད་ཀྱི་ཐུགས་ནི་རྨ་མེད་འབད་འཚལ་ཏེ། །སེམས་མ་བསྲུངས་པའི་སྐྱེས་བུའི་དགེ་ལ་འཇུག་པ་བུ་ཆུའི་རྒྱུན་ཁྲུས་ལྟར། །ཕན་དང་འབྲེལ་བའི་གནོད་
པའང་རབ་ཏུ་མ་རུངས་གྱུར་པའི་གནས་སྐབས་མཆིས། །གནས་འདི་མཁས་པས་གཟིགས་ནས་མཐུ་ལྡན་ཉིད་ཀྱི་ཐུགས་ནི་བསྲུང་འཚལ་ལོ། །དེ་ལྟར་བསྙེངས་དང་བྲལ་ན་མང་དུ་གསོལ་ཅི་འཚལ། །ཕན་པའི་མན་ངག་དོན་པོ་འདི་ལགས་ཏེ། །ཁྱོད་ཀྱི་ཐུགས་ཐུལ་མཛོད་ཅིག་བཅོམ་ལྡན་
གྱིས། །སེམས་ནི་ཆོས་ཀྱི་རྩ་བ་ལགས་ཞེས་གསུངས། །ཚིགས་སུ་བཅད་པ་གཅིག་པུ་འདི་འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་མཁར་གྱི་རྒྱལ་པོ་བདེ་སྤྱོད་ལ་གདམས་པ་བཤེས་པའི་སྤྲིང་ཡིག་ལས་བདག་གིས་དྲངས་པའོ། །མི་སྐྱོང་ཁྱོད་ནི་གལ་ཏེ་གསང་བའི་ལམ་ལ་དགྱེས་པ་ན། །
ལམ་དེར་རབ་ཏུ་རྟོགས་དཀའ་སེམས་ལ་རྨ་འབྱིན་ཚིག་འཕྲོས་ཏེ། །བུད་མེད་འཁྱུད་སོགས་ཚུལ་ཁྲིམས་མ་ཡིན་ཡིད་ལ་བྱེད་པར་ལྡན། །ཁ་ཅིག་མངོན་སུམ་འཁྲིག་དང་དྲག་ཤུལ་སྤྱོད་ལ་འཇུག་པ་སྟེ། །མི་དབང་ཐུགས་ལ་གནོད་ན་ཐུབ་པའི་བཀའ་ཡང་དུག་དང་འདྲ། །དེ་ཕྱིར་ཁྱོད་ཀྱིས་
གསང་བའི་ལམ་དུ་ཞུགས་པའི་རྒྱུ་མཚན་ལས། །ཁྱོད་ཐུགས་འདོད་ཆགས་ལ་སོགས་དྲི་མས་གོས་པ་འདི་ནི་སྤངས། །གང་གཞན་སྐྱེ་བོ་དེ་འདྲ་བཟློག་པར་ཁྱོད་ཀྱིས་རྣམ་བསྒྲུབ་རིགས། །དོན་འདི་ནི། ཞུ་བའི་འོག་ཏུ་ཟ་བ་ལ། །མར་གྱི་ཉིང་ཁུ་ཀ་ར་དང་། །སྦྲང་རྩི་དག་ནི་བདུད་རྩི་
བཞིན། །མ་ཞུ་ཟ་བ་དུག་ཏུ་འགྱུར། །དེ་བཞིན་རབ་རྒྱས་བདུད་རྩི་མཆོག །དགོངས་པའི་ཚིག་ལ་མི་མཁས་ཤིང་། །བྱིས་པའི་བློ་དང་ལྡན་རྣམས་ལ། །མི་བཟད་པ་ཡི་དུག་ཏུ་འགྱུར། །ཞེས་གསུངས་ཏེ། འདི་ནི་འཕགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ཞེས་བྱ་བ་ཐེག་པ་ཆེན་པོའི་
མདོ་ལས་གསུངས་པ་བདག་གིས་འདིར་བྲིས་པའོ། །རིན་ཆེན་སེམས་འདི་རྣམ་པར་སྦྱང་བའི་ཕྱིར། །ཐུབ་པའི་བཀའ་ལུང་ཅུང་ཟད་འདིར་བྲིས་པས། །ས་ཡི་བདག་པོ་ཐུགས་ནི་དྲི་མེད་པ། །སྟོན་ཀའི་ཟླ་རྒྱས་ལྟ་བུར་གསལ་གྱུར་ཅིག །འགྲོ་བའང་རིམ་གྱིས་སེམས་ནི་རྣམ་སྦྱངས་ཏེ། །མུ་ཏིག་

དྲི་མེད་འབྲུ་ལྟར་རྣམ་དག་ཤོག །སེམས་རིན་པོ་ཆེ་རྣམ་པར་སྦྱང་བའི་རིམ་པ་ཞེས་བྱ་བའི་སྤྲིང་ཡིག་སློབ་དཔོན་བྱང་ཆུབ་སེམས་དཔའ་ཆེན་པོ་དགྲ་ལས་རྒྱལ་བ་གསང་བས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཨཱ་ཙཱརྱ་དུ་ལོ་པ་དང་། ལོ་ཙཱ་བ་དགེ་སློང་ཆོས་ཀྱི་ཤེས་རབ་
ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། ༄༅༅། །རྒྱ་གར་སྐད་དུ། གུ་རུ་ལེ་ཁ། བོད་སྐད་དུ། བླ་མ་ལ་སྤྲིང་བ། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །རྒྱལ་སྲས་རྣམས་ཀྱི་དོན་དུ་སྟུག་པོ་བཀོད་པར་སངས་རྒྱས་ནས། །དགའ་ལྡན་སྐྱེ་བོའི་དོན་མཛད་ཕྱིར་ནི་དམ་པ་ཏོག་
དཀར་གྱུར། །དེ་ནས་འདིར་ནི་འགྲོ་བའི་དོན་དུ་ཤཱཀྱ་ཐུབ་གྱུར་གང་། །ཀུན་མཁྱེན་ཉེས་བྲལ་ངོ་བོ་ཉིད་མེད་དེ་ནི་རྒྱལ་གྱུར་ཅིག །བླ་མ་མཁས་པ་བློ་གྲོས་རྒྱ་ཆེ་ལ། །འདོད་སྲེད་བག་མེད་ཉོན་མོངས་སྤང་བའི་ཐབས། །ཐུབ་པའི་གསུང་བཞིན་མདོར་བསྡུས་བརྗོད་པ་འདི། །སྨན་བཞིན་
ཕན་པར་བརྟགས་ནས་གསན་པའི་རིགས། །ཇི་ལྟར་རིགས་ངན་ལག་ནས་རིན་ཆེན་མཆོག །བློ་ལྡན་སྐྱེ་བོས་རབ་གུས་ལེན་པ་ལྟར། །ཀུན་རྨོངས་བདག་གིས་བརྩེ་བས་གསོལ་བ་ཡི། །སྤྲིང་ཡིག་འདི་ནི་རབ་གུས་བླང་བར་འོས། །སྟོན་པའི་མདོ་སྡེ་ཟབ་ཅིང་རྒྱ་ཆེན་རྣམས། །མཁན་པོ་
ཉིད་ཀྱི་ཐུགས་སུ་ཆུད་མོད་ཀྱི། །ལུས་ཀྱི་དོན་དུ་གསོད་པའི་ཁ་ཟས་ལྟར། །བདག་གིས་བརྗོད་པ་འདི་ཡང་བསྟན་པར་མཛོད། །རི་དགས་གླང་པོ་ཕྱེ་མ་ལེབ་དང་ཉ། །སྦྲང་མ་ལྔ་པོ་ལྔ་ཡིས་བཅོམ་གྱུར་ན། །གཅིག་གིས་བཅོམ་ན་གང་གིས་ལྔ་པོ་ཀུན། །རྟག་ཏུ་བསྟེན་ན་ཅི་ཕྱིར་བཅོམ་མི་
འགྱུར། །འདོད་པ་རྣམས་ནི་ཀུན་ནས་འབར་བ་སྟེ། །རབ་ཏུ་སྨད་ཅིང་བསད་དང་དགྲ་བོ་ཡིན། །ཕྱིར་རྒོལ་བ་དང་རྩྭ་ཡི་སྒྲོན་མེ་དང་། །ཀིམ་པ་ཀ་ཡི་འབྲས་བུ་རལ་གྲིའི་སོ། །མེ་མདག་སྤུངས་པ་དུག་གི་ལོ་མ་དང་། །ལྕགས་ཀྱུ་ཚེར་མ་མི་གཙང་རླུབས་ལྟ་བུ། །འདོད་པའི་རྒྱུས་ནི་སེམས་ཅན་
དམྱལ་བར་ལྟུང་། །ཡི་དགས་རྣམས་དང་དུད་འགྲོར་སྐྱེ་བར་འགྱུར། །འདོད་ལ་བརྐམ་པ་བདེ་འགྲོར་མི་སྐྱེ་ཞིང་། །མྱ་ངན་འདས་པ་ནམ་ཡང་ཐོབ་མི་འགྱུར། །དལ་རྙེད་ཤེས་རབ་ལྡན་གྱུར་ཅིང་། །རྒྱལ་བའི་བསྟན་ལ་ཞུགས་པ་ཁྱོད། །འདོད་དང་སྲེད་པ་བག་མེད་དང་། །ཉོན་མོངས་རྣམས་

ནི་སྤང་བར་མཛོད། །ཀུན་རྟོག་ལས་ནི་འདོད་སྐྱེ་བས། །འདོད་པའི་རྩ་བ་མཁྱེན་ནས་ནི། །ཁྱོད་ནི་ཀུན་རྟོག་མ་མཛད་དང་། །དེ་ནི་ཁྱོད་ལ་འབྱུང་མི་འགྱུར། །འདོད་པ་རྣམས་ལས་མྱ་ངན་སྐྱེ། །འདོད་པ་རྣམས་ལས་འཇིགས་པ་འབྱུང་། །འདོད་པ་དག་ནི་རྣམ་སྤངས་
ན། །མྱ་ངན་མེད་ཅིང་འཇིགས་པ་མེད། །འདོད་པའི་རྣམ་སྨིན་སྡུག་བསྔལ་ཏེ། །དང་པོ་མངར་ལ་འབྲས་བུ་ཚ། །མེ་སྒྲོན་ལག་ནས་མ་བོར་ན། །མཇུག་ཏུ་བྱིས་པ་སྲེག་བྱེད་བཞིན། །ནོར་བུའི་རྣ་ཆ་བུ་དང་ཆུང་མ་ལ། །ཡོངས་སུ་ཆགས་སེམས་གང་ཡིན་ལ་ལྟོས་ན། །ལྕགས་
ཤིང་གྲེས་མ་ལས་བྱས་ཆིངས་མ་གང་། །དེ་དག་དམ་པོ་མིན་ཞེས་འཕགས་པ་གསུངས། །འདོད་པའི་ཆིངས་མ་གང་ཡིན་དེ་ལྷོད་ཀྱང་། །རབ་ཏུ་དགྲོལ་བར་དཀའ་ཞེས་འཕགས་པས་གསུངས། །བརྟན་རྣམས་འདོད་པའི་བདེ་ལ་མི་ལྟ་བར། །དེ་དག་གཏུབས་ནས་མྱུར་དུ་འགྲོ་བར་
བྱེད། །འཇིག་རྟེན་སྣ་ཚོགས་གང་དེ་འདོད་མིན་གྱི། །སྐྱེས་བུའི་ཀུན་རྟོག་འདོད་ཆགས་འདོད་པ་ཡིན། །འཇིག་རྟེན་སྣ་ཚོགས་དེ་ལ་གནས་ཀྱང་ནི། །འོན་ཀྱང་འཇིག་རྟེན་འདི་ན་འདུན་པ་འདུལ། །མི་རྣམས་ལ་ནི་བརྟེན་པའི་འདོད་པ་མེད། །འདོད་པ་གང་ལ་ཆགས་ཏེ་མི་རྟག་པས། །ཡང་སྲིད་
མེད་ཕྱིར་སེམས་ཀྱིས་རབ་སྤངས་ལ། །འཆི་བའི་གནས་མི་འགྱུར་བར་གྱིས་ཞེས་གསུངས། །འདུན་པ་བསྐྱེད་ཅིང་ཟག་པར་མི་བྱེད་དང་། །སེམས་ལ་སྐྱོན་མེད་པ་དང་དྲན་པ་དང་། །འདོད་པ་རྣམས་ལ་སོ་སོར་མ་ཆགས་གང་། །དེ་ནི་གོང་དུ་འཕོ་བ་ཡིན་ཞེས་གསུངས། །མགར་བ་ཡིས་ནི་
རྡུལ་བཞིན་དུ། །བློ་གྲོས་ལྡན་པས་རིམ་པ་བཞིན། །སྐད་ཅིག་ཐང་ཅིག་ཅུང་ཟད་ཙམ། །རང་གི་དྲི་མ་བསལ་བར་བྱ། །ལྷམ་མཁན་གྱིས་ནི་ཀོ་བ་དག །ཡོངས་སུ་སྦྱངས་པའི་ལྷམ་བདེ་ལྟར། །འདོད་པ་གང་དག་གང་སྤངས་པ། །དེ་དེ་བདེ་བ་ཕུན་སུམ་ལྡན། །གལ་ཏེ་བདེ་བ་ཀུན་
འདོད་པ། །འདོད་པ་ཐམས་ཅད་ཡོངས་སུ་སྤོངས། །འདོད་པ་ཐམས་ཅད་ཡོངས་སྤངས་པས། །མཆོག་ཏུ་བདེ་བ་ཐོབ་པར་འགྱུར། །ཇི་སྲིད་འདོད་པའི་རྗེས་འབྲངས་པ། །དེ་ཉིད་རབ་ཏུ་ངོམས་མི་འགྱུར། །དེ་ལ་གང་དག་ཤེས་རབ་ཀྱིས། །ཟློག་བྱེད་དེ་དག་ཚིམ་པ་འཐོབ། །འདོད་

པས་ངོམས་པར་མི་འགྱུར་བས། །ཤེས་རབ་ཀྱིས་ནི་ངོམས་པ་བདེ། །ཤེས་རབ་ཀྱིས་ནི་ངོམས་པའི་མི། །སྲིད་པའི་དབང་དུ་མི་འགྱུར་རོ། །འདོད་ལ་ཆགས་པའི་མི་གང་ཡིན། །དེ་དག་ཀྱེ་མ་ཆོས་མིན་དགའ། །ཅུང་ཟད་གསོན་པོར་འདུག་པ་ན། །བར་ཆད་མཐོང་བར་མི་འགྱུར་རོ། །
བློ་ངན་ལོངས་སྤྱོད་ཀྱིས་བཅོམ་པ། །ཕ་རོལ་ཚོལ་བར་མི་བྱེད་ཅིང་། །བསམ་བརླག་འདོད་ལ་སྲིད་པ་ཡིས། །བདག་ཕུང་གཞན་ཡང་ཕུང་བར་བྱེད། །ལྷ་ཡིས་འདོད་པའི་ཆར་བབ་ཀྱང་། །འདོད་ལྡན་རྣམས་ལ་ངོམས་མི་འགྱུར། །བརྒྱ་བྱིན་དང་ནི་མཉམ་པ་ཡི། །ལྷ་ཡི་འདོད་པ་ཡོད་
གྱུར་ཀྱང་། །ང་ལས་ནུས་བཞིན་མི་ངོམས་པར། །རྟོགས་པར་མཛོད་ལ་ལེགས་པར་སྤྱོད། །འདོད་པ་མནོག་ཆུང་ཉེས་མང་བར། །མཁས་པ་རྣམས་ཀྱི་ཁོང་དུ་ཆུད། རྫོགས་པའི་སངས་རྒྱས་ཉན་ཐོས་རྣམས། །ལྷ་ཡི་འདོད་པ་རྣམས་ལ་ཡང་། །ལྷག་པར་དགའ་བར་མི་འགྱུར་
གྱི། །སྲེད་པ་ཟད་པས་དགྱེས་པར་འགྱུར། །གང་དག་སྡུག་བསྔལ་རྒྱུ་ཤེས་པ། །དེ་དག་ནམ་ཡང་འདོད་ལ་དགའ་མི་འགྱུར། །འཇིག་རྟེན་དག་ན་ཟུག་རྔུའི་རྒྱུར་མཁྱེན་ནས། །འདི་དག་གདུལ་ཕྱིར་བསྟན་པ་འཐོབ་པར་མཛོད། །འདོད་པ་སྤང་བའི་ལེའུ་སྟེ་དང་པོའོ།། །།ལུས་
ཅན་རྣམ་པར་རྟོག་པས་རབ་བཅོམ་པ། །འདོད་ཆགས་མི་བཟད་གཙང་མའི་རྗེས་ལྟ་བས། །འདོད་ཆགས་ཕྱིར་ཞིང་རབ་ཏུ་འཕེལ་འགྱུར་ཏེ། །རང་གི་འཆིང་བ་དེ་ཡིས་དམ་པོར་བྱེད། །གང་དག་རྣམ་རྟོག་ཉེ་བར་ཞི་དགའ་ཞིང་། །མི་སྡུག་བསྒོམ་པ་རྟག་ཏུ་དྲན་བྱེད་པ། །དེ་ཡི་སྲེད་པ་རབ་ཏུ་
སྤངས་པ་ཡིན། །རང་གི་འཆིང་བ་དེ་དག་གཏུབས་པར་འགྱུར། །འདོད་པའི་མུན་ནག་དྲ་བས་གཡོགས། །སྲེད་པའི་དགབ་པས་བཀབ་པ་དང་། །བག་མེད་འཆིང་བས་བཅིངས་པ་དག །ཚོད་མར་ཆུད་པས་ཉ་དང་འདྲ། །སྐྱེས་བུ་བག་མེད་རབ་ཏུ་སྤྱོད་བྱེད་པ། །འཁྲི་ཤིང་བཞིན་དུ་སྲེད་པ་
འཕེལ་འགྱུར་ཞིང་། །སྐྱེ་རྒ་ན་འཆིའི་རྗེས་སུ་འགྲོ་འགྱུར་ཏེ། །མ་དྲུང་ནུ་ཞོ་འདོད་པའི་བུ་དང་འདྲ། །འདོད་པའི་བྲན་དང་མངོན་དགའ་ཆགས་བྱེད་དང་། །ཡིད་བདེ་བ་ལ་རྟོག་པར་བྱེད་པ་དག །དེ་ཡིས་ཡང་དང་ཡང་དུ་འཁོར་བར་འཁྱམས། །ཚལ་དང་འབྲས་བུ་འདོད་པའི་

སྤྲེ་དང་མཚུངས། །མི་གང་རྟག་ཏུ་བདེ་བ་འདོད་བྱེད་པ། །སྐྱེ་རྒ་ན་འཆིའི་དྲ་བར་ཆུད་འགྱུར་ཞིང་། །ངན་འགྲོའི་སྲིད་པ་རྣམས་ཀྱིས་མདུན་དུ་བདར། །རྒྱ་ནང་རི་བོང་ཡོངས་སུ་རྒྱུགས་པ་བཞིན། །སྲིད་པའི་ཞགས་པས་མདུད་པའི་སེམས་ཅན་དག །སྲིད་དང་ལོངས་སྤྱོད་དག་
ལ་སེམས་ཆགས་ཤིང་། །བུ་དང་ཆུང་མ་རྣམས་ལ་རབ་ཞེན་པ། །ཡང་དང་ཡང་དུ་སྡུག་བསྔལ་འཐོབ་པར་འགྱུར། །སྐྱེ་བོ་གྲུབ་དང་བདེ་རྣམས་དང་བྲལ་ཞིང་། །བདུད་ཀྱི་སྦྱོར་བ་དག་དང་ལྡན་པ་དེ། །འཇིགས་དང་སྡུག་བསྔལ་རྣམས་ཀྱིས་འཇོམས་འགྱུར་ཏེ། །རྩྭ་དང་ལོ་མའི་
མཆོག་ལ་མེ་དང་འདྲ། །འདི་ན་སྲེད་པ་དེ་འདྲ་སྤོང་བྱེད་པ། །སྲེད་དང་ལོངས་སྤྱོད་དག་ལ་སྲེད་བྲལ་ཞིང་། །དགེ་སློང་སྲིད་པ་ཟིལ་གྱིས་གནོན་བྱེད་པ། །ལྷག་མ་མེད་པར་ཡོངས་སུ་མྱ་ངན་འདའ། །གང་ཞིག་འཇིག་རྟེན་སྤང་དཀའ་བའི། །སྲིད་པའི་བུད་མེད་འདིར་བསྟེན་པ། །དེ་ཡི་མྱ་ངན་
འཕེལ་འགྱུར་ཏེ། །རྩྭ་ལ་ཆར་པ་བབ་པ་བཞིན། །གང་ཞིག་འཇིག་རྟེན་སྤང་དཀའ་བའི། །སྲིད་པའི་བུད་མེད་འདི་སྤོང་བ། །དེ་ཡི་མྱ་ངན་ལྡོག་འགྱུར་ཏེ། །པདྨ་ལ་ནི་ཆུ་ཐིགས་བཞིན། །ཨུ་ཤིའི་ཕྱིར་ནི་རྩྭ་བཞིན་དུ། །སྲིད་པའི་རྩར་བཅས་དྲུང་ནས་ཕྱུང་། །སྐྱེས་བུ་སྲེད་པ་དང་
འགྲོགས་ན། །ཡུན་རིང་དུས་སུ་འཁྱམས་འགྱུར་བས། །སྲེད་པ་དྲུང་ནས་ཕྱུང་ཤིག་དང་། །མྱ་ངན་མེད་ཅིང་འཇིགས་པ་མེད། །ཡང་དང་ཡང་དུ་ཉེར་ལེན་ཅིང་། །ཡང་དང་ཡང་དུ་མངལ་དུ་འཇུག །གནས་སྐབས་འགྱུར་དང་གཞན་འགྱུར་བས། །སེམས་ཅན་འོད་དང་འགྲོ་བར་
འགྱུར། །འདིར་ནི་སྤང་དཀའི་སྲེད་པ་དེ། །སྤོངས་ལ་ས་བོན་ཆོད་ཅིག