Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 173

Văn bản gốc(Tây Tạng)

Trang 8 / 12 (50.000 ký tự/trang)
ན་པའོ། །འདི་ལྟར་དེ་ནི་ཚུལ་ཁྲིམས་ཕུན་སུམ་ཚོགས་པ་སྟེ། མ་ཉམས་པ་ལ་སོགས་པའི་ཡོན་ཏན་དང་ལྡན་པའི་ཚུལ་ཁྲིམས་ཀྱི་ཕུང་པོ་བླ་ན་མེད་པ་དང་ལྡན་པའོ། །འདི་ལྟར་བཅོམ་
ལྡན་འདས་དེ་ནི་གཏོང་བ་ཕུན་སུམ་ཚོགས་པ་སྟེ་ཐམས་ཅད་གཏོང་བའོ་ཞེས་དེ་ལྟར་ཡོན་ཏན་ལ་དགའ་བའི་སྐྱེ་བོས་དགའ་བའི་ཡིད་ཀྱིས་མངོན་པར་དགའ་བར་བྱ་བའི་གྲགས་པ་ཆེན་པོ་རྒྱས་པར་མཛད་ཅིང་སྤེལ་ནས་སོ། །དྲི་མ་མེད་ཅེས་སྨོས་པས་ནི་ཡོན་ཏན་རྣམས་དཔེ་ཟླ་མེད་པ་ཉིད་དུ་སྟོན་ཏོ། །ཡང་
གང་དུ་རྒྱ་བསྐྱེད་ཅེ་ན་སྨྲས་པ། ལྷ་ཡུལ་མཐོ་རིས་དང་། ནམ་མཁའ་བར་སྣང་དང་། ས་སྟེང་མིའི་འཇིག་རྟེན་དུའོ། །གཞན་ཡང་མིའི་འཇིག་རྟེན་གྱི་ས་ལ་མི་དང་མཐོ་རིས་ནི་ལྷ་རྣམས་ངེས་པར་རབ་ཏུ་ཞི་བར་མཛད་དེ་ཞེས་བྱ་བར་སྦྱར་རོ། །ཁྱད་པར་ཇི་ལྟ་བུ་དག་ཅིག་ཅེ་ན་ན་ཆུང་མཆོག །
བདེ་དགས་དགའ་བ་དག་སྟེ། ན་ཆུང་མཆོག་རྣམས་ཀྱིས་བདེ་བའི་དགའ་བ་ནི་ན་ཆུང་མཆོག་བདེ་བའི་དགའ་བས་དགའ་བའོ། །དེས་དགའ་བ་དག་སྟེ། དེ་ལྟར་རབ་ཏུ་མྱོས་པའི་མི་དང་ལྷ་རྣམས་ཀྱང་རབ་ཏུ་ཞི་བར་མཛད་ནས་ཞེས་བྱ་བ་སྟེ་ཚུལ་ཁྲིམས་ལ་སོགས་པ་ལ་བཀོད་ནས་སོ། །ངེས་པར་
ཞེས་སྨོས་པས་ནི་འཕགས་པའི་ཆོས་ལ་དགོད་པར་སྟོན་ཏོ། །དེ་ཉིད་ཀྱི་ཕྱིར་ལྷ་དང་མི་རྣམས་སྨོས་ཏེ། དེ་དག་ཁོ་ན་འཕགས་པའི་ཆོས་ཀྱི་སྣོད་ཡིན་པའི་ཕྱིར་རོ། །དེ་ལྟ་མ་ཡིན་ན་ལྷ་མ་ཡིན་རྣམས་ཀྱང་ན་ཆུང་མཆོག་གི་བདེ་བའི་དགའ་བས་དགའ་བ་ཡིན་ནོ། །དེ་ལྟར་འཇིག་རྟེན་
དུ་གྲགས་པ་ཆེན་པོ་ཡང་རྒྱས་པར་མཛད། ལྷ་དང་མི་རྣམས་ཀྱི་དོན་ཡང་མཛད་ནས་སོ། །ཉོན་མོངས་ཉམ་ཐག་སེམས་ཅན་ཚོགས་ཀྱི་འཇིགས་སྐྱེ་དང་། །འཆི་བ་ཞི་མཛད་རྒྱལ་བའི་དང་པོ་ཉིད་བརྙེས་ནས། །ཞེས་བྱ་བ་འདིས་ནི་དང་པོ་ཁོ་ནར་རིག་པར་བྱ་སྟེ། འདིར་ཚིག་གི་གོ་རིམས་
སྦྱར་བ་ནི་རྒྱལ་བའི་དབང་པོ་དེ་ལྟ་བུ་བརྙེས་ནས་གྲགས་པ་ཆེན་པོ་ཡང་རྒྱས་པར་མཛད། ལྷ་དང་མི་རྣམས་ཀྱང་རབ་ཏུ་ཞི་བར་མཛད་དེ། མྱ་ངན་ལས་འདས་པ་ཐོབ་པར་མཛོད་ཅིག་ཅེས་བྱ་བ་འདི་ཡིན་ནོ། །དེ་ལ་ཉོན་མོངས་ཉམ་ཐག་ཅེས་བྱ་བ་ནི་སེམས་ཅན་ཉོན་མོངས་པས་གཟིར་བ་མང་

པོའིའོ། །འཇིག་པ་དང་སྐྱེ་བ་དང་འཆི་བ་ནི། འཇིགས་སྐྱེ་དང་འཆི་བ་སྟེ། གང་ལ་དེ་དག་ཞི་བར་བྱེད་པའི་ངང་ཚུལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །འདིར་ཡང་འཇིག་པ་ནི་འཇིག་ཚོགས་ལ་ལྟ་བས་བྱས་པ་ཡིན་ནོ། །སྐྱེ་བ་ནི་མི་ཤེས་པ་དང་། ལས་དང་།
སྲེད་པ་ལས་རབ་ཏུ་སྐྱེ་བ་ཡིན་ནོ། །འཆི་བ་ནི་ཁ་ཅིག་ནི་ལས་ཟད་པ་ལས་སོ། །ལ་ལ་ནི་ཚེ་ཟད་པ་ལས་སོ། །ལ་ལ་ནི་ཡ་ང་བ་མ་སྤངས་པ་ལས་ཏེ་རྣམ་པ་གསུམ་དུ་རིག་པར་བྱའོ། །སངས་རྒྱས་ཉིད་ཀྱིས་ནི་སེམས་ཅན་རྣམས་ཀྱི་དེ་དག་ཐམས་ཅད་སེལ་ཏོ། །འཇིག་རྟེན་ལས་འདས་
ཞེས་བྱ་བ་ལ་སོགས་པ་ཐམས་ཅད་ནི་མྱ་ངན་ལས་འདས་པའི་ཁྱད་པར་ཡིན་ནོ། །དེ་ལ་འཇིག་རྟེན་ལས་འདས་ཞེས་བྱ་བ་ནི་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་འཇིག་རྟེན་ཟད་པས་རབ་ཏུ་ཕྱེ་བའི་ཕྱིར་རོ། །ཕུང་པོའི་ལྷག་མ་དང་བཅས་པ་ཡང་འཇིག་རྟེན་པའི་
སེམས་ཀྱིས་རིག་པར་བྱ་བ་མ་ཡིན་པ་ཉིད་ཀྱིས་འཇིག་རྟེན་ལས་འདས་པ་ནི་ཡིན་ན་དེ་ནི་འདིར་མི་གཟུང་སྟེ། སངས་རྒྱས་ཉིད་ཀྱིས་བསྡུས་པའི་ཕྱིར་རོ། །མིང་ཙམ་ཞེས་བྱ་བ་ནི་དངོས་པོ་ཉིད་ལས་སེལ་བ་ཡིན་ཏེ། མདོ་ལས་ལྔ་པོ་འདི་དག་ནི་མིང་ཙམ་སྟེ་འདས་པ་དང་མ་འོངས་པ་
དང་མྱ་ངན་ལས་འདས་པ་དང་སོ་སོར་མ་བརྟགས་པར་འགོག་པ་དང་གང་ཟག་གོ་ཞེས་འབྱུང་བའི་ཕྱིར་རོ། །ཞི་བ་ནི་འཁོར་བའི་གནོད་པ་མེད་པའི་ཕྱིར་རོ། །མི་བསྙེངས་པ་ནི་དེ་ལ་འཇིགས་པར་བྱ་བ་དང་། འཇིགས་པ་དག་མེད་པའི་ཕྱིར་རོ། །མི་བགྲེས་པ་ནི་ཟད་མི་ཤེས་པའི་ཕྱིར་རོ། །
ནོངས་པ་མི་མངའ་བ་ནི་རྟག་པའི་ཕྱིར་ཏེ། ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་ཀྱི་གོ་འཕང་དེ་ལྟ་བུ་བརྙེས་པར་མཛོད་ཅིག་ཅེས་བྱ་བའི་ཐ་ཚིག་གོ། །བཤེས་པའི་ཕྲིན་ཡིག་གི་རྒྱ་ཆེར་བཤད་པའི་ཚིག་གསལ་བ་ཞེས་བྱ་བ། སློབ་དཔོན་བློ་གྲོས་ཆེན་པོས་
མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་སརྦ་ཛྙཱ་དེ་བ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་དཔལ་བརྩེགས་ཀྱིས་སྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། ༄༅༅། །རྒྱ་གར་སྐད་དུ། ཤི་ཥྱ་ལེ་ཁ་ཏི་པ་ན། བོད་སྐད་དུ། སློབ་མ་ལ་སྤྲིང་

བའི་ཕྲིན་ཡིག་གི་དཀའ་འགྲེལ། ཇོ་མོ་སྒྲོལ་མ་ལ་ཕྱག་འཚལ་ལོ། །སློབ་མའི་སྤྲིང་ཡིག་རྟོགས་དཀའ་བའི། །ཚིག་རྣམས་གསལ་བར་བྱས་པ་ཡིས། །སྐྱེ་རྨོངས་མི་ཤེས་སྤང་བའི་ཕྱིར། །དཀའ་འགྲེལ་བདག་གིས་བྲི་བར་བྱ། །འགྲོ་བ་རྣམས་ལ་སྙེན་པར་གྲགས་པའི་ཟླ་
བར་གྲགས་པའི་སློབ་མ་དཔའ་བོ་རིན་ཆེན་གྲགས་ཞེས་བྱ་བ་བློན་པོས་རྒྱལ་སྲིད་ཀྱི་དོན་དུ་ཁྲིད་པ་ལ། དཔལ་ཙན་དྲ་གོ་མིའི་ཞལ་སྔ་ནས་ཀྱི་ཕྲིན་ཡིག་འདིས་བཟློག་གོ་ཞེས་པ་ནི་གདམས་ངག་གོ། །དེ་བཞིན་གཤེགས་པ་གང་གིས་སྔོན་གྱི་མཛད་པ་སྤྱད་པ་རྣམས་རབ་ཏུ་བསྙད་
པས་བདུད་ཀྱི་བུ་མོ་རྣམས་ཀྱི་བཞིན་རས་པད་མའི་ནགས་ཚལ་དག་ཟུམ་པར་བྱེད་པ་སྟེ། སྔོན་གྱི་མཛད་པ་ནི་སྔོན་སྤྱད་པ་སྟེ། །དེ་སྤྱད་པར་མཛད་དོ། །རབ་ཏུ་བསྙད་པ་ནི་དབྱངས་ཀྱི་སྦྱོར་བས་བསྙད་པའོ། །ལྷ་མོ་ནི་ལྷའི་ཁྱིམ་ཐབ་མོའོ། །དུས་ཡང་འདི་ལྟར་རོ། །ཟུམ་
པར་བྱེད་པ་ནི་ཀུན་ནས་ཟུམ་པར་བྱེད་པའོ། །བདུད་ནི་འདོད་པའི་ལྷ་ལ་སོགས་པའོ། །བཀྲ་ཤིས་ནི་ཕན་པ་དང་བཀྲ་ཤིས་པར་བྱེད་པའོ། །ཡིད་དུ་འོང་བ་ནི་བསྔགས་པ་དང་ཡིད་བདེ་བར་བྱེད་པའོ། །སྐུ་ནི་ལུས་གང་ཡིན་པའོ། །ཤིན་ཏུ་ནི་མཆོག་ཏུའོ། །རྨད་དུ་བྱུང་བ་ནི་ངོ་མཚར་
བའོ། །ཤིན་ཏུ་ཡང་ཡིན་ལ་རྨད་དུ་བྱུང་བ་ཡང་དེ་ཡིན་ནོ། །གང་གིས་འཇིག་རྟེན་པ་རྣམས་ཀྱི་མངོན་པར་འདོད་པ་རྫོགས་པ་ནི་ཡིད་ལ་རེ་བ་ཐོབ་པའོ། །གཞན་དོན་རོ་ནི་གཞན་དོན་མཆོག་ཏུའོ། །གཅིག་པུ་གཉིས་སུ་མེད་པ་ཡང་ཡིན་ལ་སྤྱོད་པ་ཡང་དེ་ཡིན་པས་གཞན་དོན་རོ་
གཅིག་པར་སྤྱོད་པའོ། །དབུ་ཅོད་པན་ཉིད་ཀྱི་པདྨ་ནི་སྤྱན་གྱི་པད་མའོ། །བྱེ་བ་ནི་ཁ་བྱེ་བའོ། །དེས་ན་སྤྱན་གྱི་པདྨ་སྟེ་དེའི་རང་བཞིན་ནོ། །ཁེབས་པ་ཉིད་ནི་གཉིས་མེད་པའོ། །གདུགས་དཀར་པོ་གང་ཡིན་པ་ཇི་ལྟར་རལ་གྲིའི་སོ་བདར་བས་ལུས་ཅན་སྡུག་བསྔལ་སྐྱེད་པར་བྱེད་
པ་སྟེ། དེ་བཞིན་དུ་ས་གཞི་ཡང་གཞན་གྱི་ལོངས་སྤྱོད་པ་དང་ལྡན་པ་སྡུག་བསྔལ་བའོ། །བདེ་བ་ནི་དགའ་བའོ། །སྡུག་བསྔལ་ནི་མི་བཟོད་པའོ། །གང་ཞིག་ཐུགས་རྗེ་ཆེན་པོའི་ཡོན་ཏན་བསྐྲུན་པ་འཛིན་པའོ། །སྤངས་པ་ནི་བྲལ་བར་གྱུར་པ་སྟེ། དེ་ལྟ་མོད་ཀྱི་དེའི་

སྡུག་བསྔལ་དང་བདེ་བ་ཞེས་སྨྲས་སོ། །དེ་ཉིད་ཅེས་བྱ་བ་ནི་ཉོན་མོངས་གང་ཞིག་བདེ་བ་དང་སྡུག་བསྔལ་བས་ཀྱང་དེ་ཉིད་དེའི་བདེ་བ་དང་སྡུག་བསྔལ་བ་སྟེ་རང་གི་རྒྱུད་དེ་དང་དེས་སོ། །འཇིག་རྟེན་མངོན་པར་འདོད་པའི་རེ་བ་ནི་དེ་མཆོག་ཏུ་སྒྲུབ་པར་བྱེད་
པའོ། །གསལ་འབྱུང་ནི་གང་ཞིག་ཤར་བས་སོ། །དེའི་ཕྱོགས་གཅིག་ནི་ཡང་ཟླ་བ་ཕྱེད་དོ། །དཀར་པོ་ཡང་ཡིན་ལ་ཕྱོགས་གཅིག་ཀྱང་དེ་ཡིན་པས་སོ། །དེ་ལ་ཡོངས་སུ་རྫོགས་པ་ཡང་ཡིན་ལ་ཡོན་ཏན་ཡང་དེ་ཡིན་པས་དེས་གསལ་བའོ། །ཉེས་པ་ནི་མཚན་མའོ། །
འདོད་ཆགས་ལ་སོགས་པ་ཡང་ཚུལ་ཁྲིམས་ཀྱིས་རིང་དུ་སྤོང་བའོ། །ཡིད་དུ་འོང་བ་ནི་གང་དུ་དེས་ཡིད་དགའ་བར་བྱེད་པའོ། །རབ་ཏུ་གསལ་བ་ནི་གསལ་བར་སྐྱེད་པར་བྱེད་པ་ཞེས་བརྗོད་དོ། །གཙུག་ནི་སྤྱི་བོའོ། །ལྟ་བུ་ནི་མཚུངས་པའོ། །གདེངས་ཀ་ཉིད་ནི་གང་ཞིག་གི་
མགོ་བོ་ལ་ལུས་ཀྱི་རྟགས་ཡོད་པའོ། །བཟང་པོ་ནི་ཐར་པ་བགྲོད་པར་བྱེད་པའི་ཕྱིར་རོ། །འཕེན་པ་མེད་པ་ནི་ཉམས་པ་མེད་པའོ། །རྣམ་པར་དག་པ་ནི་བསམ་པའི་སྟོབས་སོ། །ཚུལ་ནི་ངང་ཚུལ་ལོ། །གང་ཡིན་པ་ནི་ཅི་ཞིག་སྟེ། བསྟན་པ་དེ་ནི་བཀའོ། །སའི་སྟེང་ན་
གནས་པ་ནི་གནས་གང་ན་རབ་རིབ་མི་ཤེས་པ་སེལ་བར་མཛད་པ་སྟེ། དེ་སྤོང་བར་བྱེད་པའོ། །ཆོས་ཉིད་ནི་འབེབས་པར་བྱེད་པས་སྤྲིན་ཏེ། རྒྱུན་འབྱིན་པར་བྱེད་པའོ། །གཡོས་པ་ནི་སྐྱེད་པའོ། །ཆོས་ཉིད་ནི་བདུད་རྩི་སྟེ་ཆོས་ཀྱི་བདུད་རྩི་ནི་ལེགས་པར་སྤྱོད་པའོ། །རོ་
གཅིག་པ་ནི་རང་བཞིན་ཏེ་གང་ཞིག་ནི་ཆར་ཆུ་ཕབ་པས་སོ། །དེ་དག་གིས་གདུང་བ་བསལ་བ་ནི་མྱ་ངན་ལས་འདས་བའོ། །སྣོད་ཉིད་ནི་གཞི་ཉིད་དེ་རྟེན་ནོ། །རྟེན་དེས་བཅུད་དེ་སྣ་ཚོགས་པར་འགྱུར་བ་སྟེ། ཉན་ཐོས་ལ་སོགས་པའི་དབྱེ་བས་སོ། །སྣོད་ཡངས་པ་དང་ཟབ་པ་ནི་གཞོལ་
བའོ། །དྲི་མ་མེད་པ་དང་གསལ་བ་ནི་སྦས་པ་མ་ཡིན་པའོ། །གནས་ནི་སེམས་ཀྱི་གནས་གང་དག་ཡིན་པའམ། བཟོད་པ་ནི་དེ་གཞན་གྱིས་གནོད་པ་བྱེད་པ་བཟོད་པ་ཞེས་བྱའོ། །དེ་ཞེས་བྱ་བ་ནི་ཆོས་ཀྱི་བདུད་རྩིའོ། །སྐྱེས་བུའི་གཟུགས་བྱང་ཆུབ་སེམས་དཔའ་དེ་ཉིད་མཚོ་

ཆེན་པོ་ཞེས་བྱའོ། །ཐོབ་པར་བྱེད་པ་ནི་ཐོས་པས་སོ། །མཐུན་པ་ནི་བསམ་པས་སོ། །འཛིན་པར་བྱེད་པ་ནི་བསྒོམ་པས་སོ། །ཆེན་པོ་ཡང་ཡིན་ལ་དྲི་ང་བ་ཡང་ཡིན་པས་དུག་ཆེན་པོའོ། །ཡུན་རིང་ནད་ཀྱིས་ཐེབས་པ་ནི་ཉོན་མོངས་པའི་ནད་ཀྱིས་བཏབ་པའོ། །སྨན་ཆེན་པོ་ནི་
བདུད་རྩིའོ། །གང་ཞིག་བཟུང་ནས་ཡང་འདོར་བ་ཞེས་བསྟན་པ་ནི་གང་གི་ཕྱིར་བསྟན་པ་གཅིག་པུ་གཉིས་སུ་མེད་པའི་མིག་གོ། །དྲི་མ་ནི་མིག་སེར་ལ་སོགས་པའོ། །ས་གསུམ་ན་གནས་པ་ནི་ས་གསུམ་མོ། །གཏི་མུག་ནི་མི་ཤེས་པ་སྟེ། གསོ་བ་ནི་རོལ་པར་བྱེད་པའོ། །
རྨད་དུ་བྱུང་བ་ནི་གང་ཞིག་ངོ་མཚར་བའོ། །ལྷག་པའི་ཚུལ་ཁྲིམས་ལ་སོགས་པ་བསླབ་པའི་གཞི་རྣམས་ལ་གནས་པ་རབ་ཏུ་བྱུང་བ་ལ་སོགས་པའི་བཅས་པ་རྣམས་སྤངས་པའོ། །ངེས་པ་ཞེས་པ་ནི་རིམ་པ་ཐ་དད་པའོ། །བྱང་ཆུབ་ཉིད་ནི་སྦྱོང་བའོ། །དེའི་ཁོང་བཟངས་འཛེག་
པར་བྱེད་པ་ནི་སྐས་ཀའོ། །དེའི་ལམ་ནི་བགྲོད་པར་བྱེད་པའོ། །གནས་དེ་ཉིད་དུ་ངེས་པར་འཛེགས་པས་སོ། །དེ་ཉིད་དུ་རྐང་པ་ལ་བརྟེན་ནས་འཛེག་པར་བྱེད་པ་སྟེ། གོ་འཕང་ནི་ལམ་གྱི་ཁྱད་པར་དུའོ། །མཐོ་བ་ནི་ཆེ་བའོ། །ས་ནི་མི་དགེ་བའི་གནས་སོ། །ཕྱིན་གྱུར་ནི་སྐྱེད་པར་བྱེད་
པའོ། །ལྡོག་པར་བྱེད་པ་ནི་ཐོབ་པ་སྤོང་པའོ། །སྐྱེ་བ་ཞེས་བྱ་བ་ནི་སྐྱེས་པའོ། །ཚུལ་ཁྲིམས་ཉིད་གཟིངས་ཏེ་ལག་ཏུ་འོངས་པའོ། །འབྲོག་དགོན་ནི་འཇིགས་པ་དང་བགྲོད་དཀའ་བའོ། །ཡུན་རིང་བ་ནི་དུས་སོ། །འཕངས་པ་ནི་དྲང་བའོ། །བྲལ་བ་ནི་དབེན་པའོ། །ཤིན་ཏུའི་
སྒྲ་ནི་མཆོད་པར་བྱེད་པ་བཀག་པ་སྟེ། །བཟང་པོའི་ལམ་ནི་ལམ་བཟང་པོ་ཞེས་བྱ་བར་འགྱུར་རོ། །རྒྱལ་བའི་ཡོན་ཏན་རྣམས་ཀྱི་ཕྲེང་བ་ནི་ཕྲེང་དུ་སྦྱར་བ་སྟེ། རྒྱལ་བའི་ཡོན་ཏན་ཞེས་བྱ་བ་ལ་གཞུང་ཁ་ཅིག་ལས་བརྗོད་དོ། །གཉུག་མའི་ཐོབ་པ་ལས་བར་མ་དོར་འདོར་བ་ནི་དམྱལ་བ་
ལ་སོགས་པའོ། །དེར་ལྟུང་བ་ནི་ཇི་ལྟར་ལྟུང་བར་འགྱུར་བ་དེ་ལྟར་འོག་ཏུ་ལྟུང་བར་འགྱུར་བའོ། །ཤུགས་དྲག་ནི་མྱུར་དུའོ། །འཁོར་བ་ན་འཁོར་བ་སྟེ་དེ་ཉིད་རིའོ། །དེའི་སུ་ལ་ནི་དམའ་བ་འམ་གཞོལ་བའི་ཕྱོགས་སོ། །དེའི་ཁྲོད་ནི་གསེབ་ཏུའོ། །དེ་ཉིད་ནི་གཡང་སར་ལྷུང་

བའི་གནས་སོ། །དེའི་ཕྱིར་དམ་པ་ནི་གཙོ་བོ་སྟེ་མཆོག་ཏུ་བརྩོན་བའོ། །མུན་ནག་ཐིབས་པོ་ནི་གང་དུ་མི་ཤེས་པས་སོ། །གཅིག་པུ་ཡང་ནི་དགེ་བའི་བཤེས་གཉེན་གྱིས་དབེན་པར་ཡང་འདི་དག་བྱའོ་ཞེས་ངེས་པར་རྟོགས་པར་བྱེད་པ་སྟེ། ལས་དང་བྱ་བ་རྣམས་
སེམས་ཀྱིས་ཡང་དག་པར་བརྟག་པའོ། །ལྷན་ཅིག་ནི་མཚུངས་པར་རོ། །འགྲོགས་པ་ནི་དུས་ཤེས་པའི་དོན་ཏོ། །ས་ནི་འགྲོ་བ་སྟེ། །དེ་ཉིད་ནི་དཀྱིལ་འཁོར་རོ། །དེའི་གཙོ་བོར་གྱུར་པ་ནི་ཅོད་པན་དུ་གྱུར་པའོ། །འགྱུར་བ་ནི་ཐོབ་པའོ། །བླ་མ་ནི་ཆེན་པོ་ཉིད་དོ། །ངོ་ཚ་ནི་
འཛེམ་པའོ། །ཡ་རབས་ནི་ཡང་དག་པའི་ལམ་ལ་གནས་པའོ། །དག་པ་ནི་དྲི་མ་མེད་པའོ། །གཟི་བརྗིད་དང་ལྡན་པ་ནི་མཆོད་པར་འོས་པའོ། །སྲོག་ནི་ཚེའོ། །བདེ་བླག་ཏུ་ནི་འདིས་སོ། །བདེན་པ་ནི་དོན་ཇི་ལྟ་བ་བརྗོད་པའོ། །དེ་ལ་གནས་པ་ནི་གནས་པར་བྱེད་པའོ། །དགའ་
བ་ནི་མཆོག་ཏུ་འཛིན་པའོ། །དམ་བཅས་ནི་ཡང་དག་པའི་ལམ་དུ་གཟུང་བའོ། །དཔྱ་བ་ནི་སྨོད་པའོ། །སྡིག་པའི་འགྲོ་བ་དང་ལམ་ནི་ལམ་པོ་ཆེའོ། །ཆོས་ཀྱི་རང་བཞིན་ནི་ཆོས་ལས་བྱུང་བའོ། །རྒྱ་ཆེ་བ་ནི་ཡངས་པའོ། །ཐོབ་པ་ནི་བརྒྱན་པའོ། །འཁོར་བ་ཉིད་བགྲོད་
དཀའ་བའི་ཕྱིར་རྒྱ་མཚོའོ། །ལྡོག་པ་དང་འཇུག་པར་བྱེད་པ་སྟེ། དེ་ཉིད་གར་མཁན་འདྲ་བའོ། །དགའ་བ་ནི་འདོད་པའོ། །དེས་ན་ཀློང་འཁྱིལ་ཏེ་གཡོབ་པའོ། །འཁོར་བ་ཉིད་ནི་འཁོར་ལོ་སྟེ། །འཁོར་བའི་བདག་ཉིད་ཡིན་པའི་ཕྱིར་རོ། །བརྒྱ་ཕྲག་ཏུ་ནི་རྣམ་པ་བརྒྱའོ། །མི་བཟད་
པ་ནི་བཟོད་པར་དཀའ་བའོ། །འགག་པ་ནི་གང་བའོ། །འདུག་པ་ནི་ཉེ་བར་གྱུར་པའོ། །ཐིབས་པོ་ནི་མང་པོས་སོ། །ཞུགས་ནས་ནི་རབ་ཏུ་ཞུགས་ནས་སོ། །བརྣག་པ་ནི་ཉམས་སུ་མྱོང་བས་སོ། །སྡུག་བསྔལ་ནི་མི་བཟོད་པས་སོ། །ལུས་ཡོངས་སུ་བསྐུམ་པས་ནི་ལུས་ཀུན་ནས་
ཟླུམ་པོར་བྱས་པས་སོ། །དེར་ཞེས་བྱ་བ་ནི་མངལ་དུའོ། །དེ་ཞེས་བྱ་བ་ནི་སེམས་ཅན་ནོ། །གནས་པ་ནི་བཅིངས་པས་སོ། །མངལ་ནི་མངལ་ཏེ་ལུས་གང་ཞིག་མངལ་གྱི་ནང་དུ་དཀྲིས་པའོ། །བོད་པ་ནི་ཆེན་པོས་སོ། །མངལ་གྱི་གནས་སྐབས་སུ་སྔོན་གྱི་དྲན་པར་བྱེད་པ་ནི་ཇི་ལྟར་རྨ་ལ་

བྱེད་པ་བཞིན་དུ་དེ་སྤོང་བར་བྱེད་པ་སྟེ། །དེ་བཞིན་དུ་མངལ་གྱི་སྐྱོན་སྐྱུགས་པ་དང་འདྲ་བ་བཞིན་དུ་སྤོང་ངོ་། །དེ་ནས་ཐ་དད་དུ་རྡོལ་ནས་དེ་ནི་མངལ་གྱི་གནས་ན་སྲ་བས་ཏིལ་མར་བཙིར་སྤྱད་བཞིན་དུ་སྲ་བས་ཏིལ་མར་བཙིར་བ་ལྟར་བྱས་པས་སོ། །དེ་ནས་ནི་དེ་ལྟ་བུའི་རྣམ་པ་སྡུག་བསྔལ་
ཉེ་བར་ལོངས་སྤྱད་ནས་གང་ཞིག་ཐོབ་པ་ནི་སྐྱེ་བའོ། །མི་ཕོངས་པས་ནི་བརྩེ་བས་སོ། །ཉེ་བར་སྤྱད་པས་ནི་བྱ་དཀའ་བ་ཞེས་བྱའོ། །དར་ལ་བབ་པ་ནི་རི་སུལ་གྱི་གསེབ་པོ། །ཡུལ་གྱི་སྦྲུལ་དུག་ནི་ཀུན་དུ་ཞེན་པས་སོ། །དེ་ཉིད་ནི་ཡུལ་ཏེ་དེའི་གནས་གྱུར་ནི་གནས་པས་སོ། །དེ་
ནས་ཀྱང་ཞེས་པ་ནི་རི་སུལ་ནས་སོ། །ལྷུང་བ་ནི་ངན་འགྲོར་རོ། །བསམ་བརླག་ནི་མ་སྨིན་པའོ། །མིག་གཙིགས་པ་ནི་ཕྱིན་ཅི་ལོག་གོ། །འཆི་བ་མེད་པ་ནི་འཆི་བ་དང་བྲལ་བ་སྟེ། གང་ལ་དགའ་བ་དང་འཆི་བ་དེ་དག་ཡོད་པ་མ་ཡིན་པའོ། །རོལ་པ་ནི་སྒེག་པ་དང་མཚུངས་པར་
ལྡན་པའོ། །སེམས་པ་ནི་ཤེས་པའོ། །ལམ་མིན་པ་ནི་ལམ་བདེན་པའོ། །དེའི་ཕྱིར་རྨོངས་པ་སྟེ་མི་ཤེས་པའོ། །བབ་དགུ་ནི་བྱ་བ་མངོན་སུམ་པའོ། །ཕྱེ་མར་རློག་པ་ནི་ལམ་ངན་པར་འཇུག་པར་བྱེད་པ་སྟེ་ཆུད་གསོན་པར་བྱེད་པས་སོ། །རྡོག་པས་མནན་པ་ནི་བྱ་བའི་གནས་
སྐབས་སོ། །ཤིན་ཏུ་འདེབས་པ་བཞིན་དུ་འགྱུར་བ་སྟེ། དེ་བཞིན་དུ་དགའ་བ་དང་བཅས་པས་སོ། །དེ་ནས་ཞེས་པ་ནི་གནས་སྐབས་གཞན་དུའོ། །མཐར་ཐུག་པ་ནི་དཔེའོ། །གཟུང་བ་ནི་ཟ་བའོ། །བོད་པ་ནི་ཆེན་པོས་སོ། །གང་ཞིག་ཞི་བར་བྱེད་པའི་ཐབས་མེད་པ་ནི་རྒྱུ་མེད་པའོ། །
དགའ་བ་ཉིད་ཀྱི་རྗེས་སུ་སྐྱེས་པ་གང་ཞིག་ནུ་བོས་སོ། །ཡང་ན་དགའ་བ་ཉིད་ཟ་བ་ཞེས་བྱ་བའོ། །དེ་ནས་ནི་དེ་མ་ཐག་ཏུའོ། །བྱེ་བ་ནི་ལྷོད་པར་འགྱུར་བའོ། །ཚིག་རྣམས་ནི་མདུད་པའོ། །བློ་བསླད་པ་ནི་ཟད་པར་འགྱུར་བའོ། །ཉམས་འགྱུར་ནི་དམན་པར་འགྱུར་བས་སོ། །
འགྲོ་བ་ནི་རྐང་པའི་བྱ་བའོ། །ཟད་པ་ནི་ཆུད་ཟོས་པས་སོ། །འདི་ནི་ཀུན་དུ་འགྲོ་བའོ། །ཡོངས་སུ་ནི་ཀུན་ནས་སོ། །ཤིག་ཤིག་པོ་ནི་ལྷོད་པའོ། །འཕེལ་བ་ནི་བརྟེན་པའོ། །ཆགས་པ་ནི་རེ་བའོ། །རིམ་གྱིས་ཞུམ་ནས་ནི་མཐུ་མེད་པར་གྱུར་པའོ། །དབང་པོ་གང་ཞིག་ལ་

ཡུལ་འཛིན་པ་མེད་པས་སོ། །ཉམས་པ་ནི་བྲལ་བ་སྟེ། གང་ཞིག་ལ་ནུས་པའི་སྤྲོ་བ་མེད་པས་སོ། །ཆགས་པ་ནི་ཞེན་པའོ། །འགྲོ་བར་གྱུར་པ་ནི་ཐོབ་པ་ཞེས་བྱའོ། །གནས་སྐབས་ནི་གནས་སྐབས་སོ། །གནས་སྐབས་དེ་ནི་གལ་ཏེ་དམྱལ་བར་འགྱུར་
བ་སྟེ། དེའི་ཚེ་དམྱལ་བའི་འཇིགས་པ་དང་བཅས་པ་ཉིད་ནི་འཇིགས་སུ་རུང་བ་ཉིད་དོ། །འདིས་ནི་སྡུག་བསྔལ་ཆེན་པོ་ཉིད་སྟོན་པར་བྱེད་པའོ། །འདི་ཞེས་པ་ནི་སྔར་བསྟན་པ་མ་བྱས་པའོ། །བྱས་པ་ནི་རྗེས་སུ་གནས་པའོ། །ཉམས་པ་ནི་ཆུད་ཟོས་པར་གྱུར་པའོ། །འགྲོ་བ་ནི་
འདོད་པའོ། །རྡོག་པས་མནན་པ་ནི་རྡོག་པའི་གནས་སྐབས་གང་ཡིན་པའོ། །དེའི་ཕྱིར་དེ་ལྟ་དེ་ལྟ་བུར་ཞེས་པ་ནི་དེ་ལྟར་ཡང་ཞེས་བྱའོ། །མཆོག་ཏུ་གདུང་བའི་རང་བཞིན་འདི་ཞེས་པས་ནི་ནེའི་རྐྱེན་ནོ། །གནོད་པ་ནི་ན་ཚས་སོ། །སྙིང་རྗེ་ཡོད་པ་ཞེས་པས་ནི་ཨ་ཙའི་རྐྱེན་ནོ། །སྡུག་
བསྔལ་ནི་ན་ཚ་སྐྱེས་པས་སོ། །ཕྱི་རྒྱུན་ཅན་ནི་ཕྱི་མའི་ཆུའོ། །དེའི་རྗེས་ལ་ནི་ལུས་སྤོང་བར་འགྱུར་རོ། །ཡིད་དུ་འོང་བ་ནི་འདོད་པའོ། །སྲུང་བ་ནི་སྐྱོབ་པར་བྱེད་པའོ། །འབད་པ་ཡང་ཡིན་ལ་ལྷུར་བླང་བ་མང་བ་དེ་ཡིན་པ་ཞེས་བྱའོ། །ཆོས་ལ་སོགས་པ་དང་རང་འདོད་ཅེས་བྱ་བ་ནི་ཚིག་བསྡུ་
བའོ། །གང་ཞིག་ཐ་དད་ན་མི་འཚོ་བ་ནི་གནད་ཅེས་བྱའོ། །དེའི་གཤིས་ནི་གནས་སོ། །དེར་གང་ཞིག་གིས་གཟིར་བར་བྱེད་པས་སོ། །མུན་རུམ་ནི་མི་གསལ་བའོ། །ཤིན་ཏུ་མི་བཟད་པ་ནི་ཤིན་ཏུ་མཐུག་པའོ། །ཆོ་ངེས་འདེབས་པ་ནི་ངུད་མོས་འདེབས་པའོ། །ཅོ་ཏོ་ནི་སྐྲའོ། །ཕོ་ཉ་
ནི་ཁྲོ་བའི་རྣམ་པའོ། །ཞགས་པ་ནི་ཐག་པའི་ཁྱད་པར་རོ། །དམ་དུ་བཅིངས་པ་ནི་བཅིངས་པས་སོ། །སྐྱེ་བོ་ནི་བཤེས་སོ། །རང་གིས་བྱས་པའི་ངུ་བ་ཉིད་སྒྲ་དེ་ཡིན་པའི་ཕྱིར་རོ། །ལྡིར་བ་ཉིད་ནི་གཡེངས་པས་སོ། །ཁྲིད་པར་འགྱུར་བ་ནི་ཁྱེར་བའོ། །མི་བཟད་པས་ནི་འཇིགས་པའི་
ཚོགས་སོ། །མཚུངས་པའི་དབྱུག་པས་བདའ་ཞིང་གང་དུ་འཁྲིད་པར་བྱེད་པའོ། །ཆུ་ཀླུང་ནི་ཆུས་གང་བའི་ཕྱོགས་སོ། །དེ་དག་བར་མ་ཆད་པ་ནི་ཁེངས་པའོ། །དེར་བགྲོད་པར་དཀའ་བ་ནི་སྤྱད་པར་དཀའ་བའོ། །ནག་པོ་ཞེས་པ་ནི་གནག་པའོ། །ངན་འགྲོའི་འབྲས་བུ་བསྟན་པ་ནི་ཕྱིར་

མཐོང་ནས་ནི་མངོན་སུམ་དུ་གྱུར་པའོ། །བཏུང་བར་འདོད་པ་ནི་བཏུང་བ་དོན་དུ་གཉེར་བའོ། །གང་ཡིན་པ་ནི་ཆུའོ། །དེ་ཉིད་སྲ་བའི་ཆུ་ཡང་ཡིན་ལ་ཉ་ལྕིབས་མོ་ཡང་ཡིན་པས་དེ་དག་གོ། །ཚོགས་ནི་གཅིག་ཏུ་བྱས་པའོ། །དེའི་རྣག་སུངས་ནི་རྣག་ཅེས་བྱ་སྟེ་དེའི་འདམ་རྫབ་པོ། །དེས་གང་བ་ནི་དེ་ལས་
འཛེག་ཅིང་སྐྱེས་པའི་ཁྲག་དང་མི་གཙང་བའི་ཆུ་ཉིད་ལ་འདྲེས་པས་སོ། །དུས་རླབས་ནི་དེའི་རླུང་འཁྲུགས་པས་སོ། །མཐར་ཐུག་པས་ནི་རི་རྩེའོ། །དེས་ན་བསིལ་བས་ནི་རི་རྩེའི་ཕྱོགས་གཅིག་གང་ཡིན་པའོ། །ཀུན་ནས་ཙནྡན་སྔོན་པོའི་ལྗོན་པ་གང་ཡིན་པའོ། །གང་ཚེ་དེ་ལྟ་བུར་གྱུར་
པའི་མ་ལ་ཡར་སྡིག་པ་བྱེད་པའི་སེམས་ཅན་དང་ཕྲད་པ་ན་དེའི་ཚེ་ནགས་བསྲེགས་མེ་ལྕེ་རྣོན་པོ་འཁྲིགས་པའོ། །རྩེ་མོ་ནི་འབར་བའོ། །དེས་དཀྲིགས་པ་ནི་དཀྲིས་པའོ། །དེའི་མགལ་དུམ་འགྱེལ་བའི་རྣམ་པ་མང་པོས་ཀྱང་དེར་རད་རོད་ཅན་དུ་གྱུར་པ་སྟེ། མཐོ་བ་དང་དམའ་བར་གྱུར་
པས་སོ། །འཇིགས་པ་ནི་འཇིགས་སུ་རུང་བས་སོ། །རླབས་ནི་རྒྱས་པའོ། །དབའ་ནི་ཀློང་ངོ་། །དེ་དག་གྱེས་པ་ནི་དབའ་རླབས་ལས་སྐྱེས་པའི་གྱེས་པའོ། །དེར་སྐྱེས་པའི་དབའ་དྲག་པོའི་དབུ་བ་ཉིད་ནི་གང་ཞིག་དགོད་པའི་སོ་གཙིགས་པའོ། །ཚ་བས་གདུངས་པ་དང་རབ་ཏུ་གདུངས་
པ་འཕེལ་བ་དང་ལྡན་པའི་དོན་ཏོ། །རྩུབ་པ་ནི་སྡུག་བསྔལ་སྦྱིན་པར་བྱེད་པ་སྟེ། །དེས་ན་འདི་ནི་མྱ་ངན་ཉིད་དོ། །དེ་ལ་སྤྲིན་ནི་ཚོགས་པའོ། །དེ་ལ་འཁོར་བ་པ་ནི་འཁོར་བའོ། །དེས་ན་བྱེ་ཚན་རྩུབ་པ་ཡང་དེ་ཡིན་ལ་མྱ་ངན་ཡང་དེ་ཡིན་པས་རླུང་དམར་གྱི་ཆུའི་ཕྱོགས་ཞེས་བྱ་བ་
སྟེ། དེའི་རང་བཞིན་ནོ། །དུག་མི་བཟད་པ་ཞེས་ཀྱང་ཁ་ཅིག་ལས་བརྗོད་དོ། །ཁུག་རྣ་ནི་རྒྱས་པའོ། །དམར་རྩུབ་པ་ནི་དམར་བའོ། །དེར་ཞེས་པ་ནི་རྒུད་པའི་གནས་སུའོ། །ལྕགས་མདའི་ཆར་ནི་ཆར་དུ་འབབ་པའོ། །དུད་འཐུལ་འདབ་མར་བཅས་པ་དག་ཏུ་འགྱུར་རོ་ཞེས་
བྱའོ། །དེར་ཡང་རྡོ་རྗེའི་ཕ་བོང་འཕྲོ་བ་ཕ་བོང་སྟེ། །དེའི་ཚ་ཚ་འཕྲོ་བ་ནི་གང་དུ་མེའི་དུམ་བུ་སྟེ་ཕྲེང་བ་ནི་ཚར་དུ་དངར་བའོ། །དེའི་དམར་སེར་གྱུར་པའོ། །ཚ་བ་ནི་གདུང་བའི་ཉེས་པ་སྟེ་སྡུག་བསྔལ་བའོ། །ཚར་འགྱུར་ནི་སྲེད་པར་བྱེད་པས་སོ། །ལྷགས་པ་ནི་བ་མོ་སྟེ་དེ་དང་འདྲེས་

པའི་རླུང་དམར་རོ། །ཚ་བ་ཡང་ནི་མེ་ཡང་ངོ་། །ལས་མི་བཟད་པ་ནི་ཤིན་ཏུ་མི་བཟད་པའི་ལས་སོ། །འགྱུར་བ་ནི་འབྲས་བུ་སྨིན་པའོ། །ཁབ་ཀྱི་ཁ་ནི་གང་ཞིག་གི་ཁའོ། །དཔག་ཚད་མང་པོ་ནི་གང་ཞིག་དཔག་ཚད་མང་པོ་དང་བཅས་པ་སྟེ། ལྟོ་བ་ཞེས་
བྱ་བ་དང་སྦྱར་རོ། །དཔག་ཚད་མང་འཇིགས་ནི་འཇིགས་སུ་རུང་བ་སྟེ། གང་ཞིག་གི་ལྟོ་བ་ནི་ནང་ངོ་། །ཉམ་ཐག་པ་ནི་སྐོམ་པས་གཟིར་བའོ། །འདི་ལ་སྟེ་དེའི་ཚ་བའི་དུགས་ཀྱིས་སོ། །ཡངས་པ་ཡང་ཡིན་ལ་མགྲིན་པ་ཡང་དེ་ཡིན་པས་སོ། །བསྐམས་པར་གྱུར་པ་ནི་ཆུའི་
ཐིགས་པའོ། །དེ་ཉིད་ཕྱིན་པ་ནི་ལྟུང་བའི་གནས་སོ། །འགུགས་པ་ནི་ཀུན་དུ་འགུགས་པར་བྱེད་པའོ། །ཤིན་ཏུ་གང་བས་ན་གང་བའི་ངོགས་སོ། །རབ་མེད་ནི་དམྱལ་བའི་ཆུའོ། །བུལ་ཏོག་གི་ཆུས་གང་བའི་ངོགས་ནི་རབ་མེད་ཀྱི་ངོགས་ཞེས་བྱའོ། །མི་བཟད་པ་ནི་བརྣག་དཀའ་བའོ། །
རྩེ་མོ་ནི་མཐའོ། །རྣོ་བ་ནི་ཤིན་ཏུ་རྣོ་བའོ། །མི་མཉམ་པ་ནི་ངོགས་ཏེ་གང་ན་རྡོའི་ཕ་བོང་ཡོད་པའོ། །བདའ་བ་ནི་བདས་པའོ། །རལ་པའི་ཚོགས་མང་བ་ནི་སྐྲའི་ཚོགས་བསྒྱིངས་པའོ། །ཁྱི་ཡང་ཡིན་ལ་བསྒྱིངས་པ་ཡང་དེ་ཡིན་ནོ། །ཁྱི་དེ་དག་གི་མཆེ་བ་ལྕགས་ཀྱུ་ཉིད་རྡོ་རྗེ་ཡིན་པས་རྡོ་རྗེའོ། །
རྩེ་མོ་ནི་རྩེ་མོ་དེ་ཉིད་ཀྱིས་སོ། །དབང་པ་ནི་ལུས་གང་ཡིན་པའོ། །རྒྱུག་པ་ནི་སྐྲག་པར་ཤེས་པར་བྱ་བ་སྟེ། གང་ཞིག་ཁྱད་པར་དུ་ལུས་གཏུབས་པས་སྐྱབས་མ་དམིགས་པའོ། །ལོ་མ་ཉིད་ནི་འདབ་མ་སྟེ། ལོ་མའི་འདབ་མ་དེའི་ནགས་ཚལ་ལོ། །དེ་ན་ཁྱད་པར་ཅི་ཞིག་ཅེ་ན། སྤུ་གྲིའི་སོ་
གཏམས་པའི་འདབ་མའོ། །མདུང་དང་རྩེ་གསུམ་དང་མདུང་ཐུང་ནི་མཚོན་ཆའི་ཁྱད་པར་རོ། །མདུང་ཐུང་ནི་མདུང་ཐུང་ངོ་། །རལ་གྲི་ནི་རལ་གྲི་ཉིད་དོ། །དེ་ཉིད་དགོད་པ་དང་འདྲ་བར་ཡོད་པ་སྟེ། ཁྲོན་པ་གང་ཞིག་ཏུ་ཁྱད་པར་ཅི་ཞིག་ཅེ་ན། ཁ་སྟེ་བུག་པའི་སྒོའོ། །རྒྱལ་བ་ནི་གང་ཞིག་གཞན་
ཕམ་པའོ། །ལྷུང་བ་ནི་ཉེ་བར་གྱུར་པའོ། །གལ་ཏེ་ཞེས་པ་ནི་མཐུས་སོད་པའོ། །མཐུག་པ་ནི་བར་མཚམས་མེད་པའོ། །ལོ་མ་ནི་འདབ་མ་གང་ཡིན་པའོ། །ཉི་ཚན་གྱིས་གདུངས་པའི་ཚ་བ་དེ་ཉིད་ཀྱིས་སྡུག་བསྔལ་མི་བཟོད་པ་སྟེ། བཟོད་པར་དཀའ་བའོ། །དེས་ཆད་པ་ནི་སྐྱོ་བའི་

ལུས་གང་ཡིན་པའོ། །ཤིང་དེ་དག་གི་ལོ་མ་ཉིད་ནི་མཚོན་ཆ་དེ་དག་སྟེ། དེ་དག་བརྒྱ་ཕྲག་ལྷུང་བས་གང་ཞིག་གི་ལུས་བཅད་པ་སྟེ། ཤིང་གི་རྩ་བ་དེ་ཉིད་དུའོ། །མཐར་ཐུག་པ་ནི་བས་མཐའ་སྟེ། ལྷག་པ་ཡང་ཡིན་ལ་རྩེ་མོ་ཡང་དེ་ཡིན་པས་དེ་དག་བརྒྱ་ཕྲག་རྣམས་སོ། །དེ་དག་ནི་མི་རྟག་སྟེ།
དེའི་ཕྲེང་བ་ནི་གྲལ་དུ་དངར་བའོ། །དེས་གཡེངས་པ་ཡང་ཡིན་ལ་འབར་བ་ཡང་ཡིན་པས་དེ་ཉིད་ལུས་ཏེ། དེས་ན་ལུས་ཀྱི་ཞགས་པས་སོ། །སོག་ལེ་བཞིན་དུ་རྩུབ་པའི་ལུས་ཤིན་ཏུ་རྩུབ་པ་འདི་དག་གིས་སོ། །དེ་དག་གོང་ནས་གོང་དུ་སྡུག་པས་སྲོག་ཆགས་དག་བཅུམ་ནས་
འཁྱུད་པས་གཏོང་བར་ཇི་ལྟར་དམ་པར་འགྱུར་རོ། །རི་ཁ་སྦྱར་བའི་རི་སྟེ་རི་ཉིད་དང་འདྲ་བ་མཚུངས་པ་གང་ཡིན་པ་སྟེ། དེ་དག་ཀྱང་འཇིགས་སུ་རུང་བ་སྟེ་འཇིགས་པར་བྱེད་པས་སོ། །འདུས་པའི་ཕྲག་སྟེ་ལུག་དེ་དག་འདུས་པའི་ཕྲག་ཏུ་སྟེ། དེ་དག་གི་ཟུང་དེས་འཇོམས་པ་ནི་བཏགས་པ་སྟེ།
དེས་ན་ཕྱེ་མར་རློག་ཅིང་འཇོམས་པའོ། །དེ་ནས་ལུས་ཀུན་བཅོམ་པའི་དུས་དེར་སྐད་ཅིག་གིས་ཅུང་ཟད་དེ་བསིལ་བས་བརྟས་པ་སྟེ་ཕན་པས་སོ། །སྲོག་ནི་འཚོ་བ་གང་ཡིན་པའོ། །དེ་བཞིན་དུ་ཞེས་པ་ནི་འཁྱུད་པ་བཞིན་ནོ། །བསེ་ནི་བསེ་རུ་གཅིག་གོ། །བྲེད་པ་ནི་འཇིགས་པར་གྱུར་པས་སོ། །
འདུས་པ་ནི་གཟུགས་བརྙན་ཙམ་གྱི་ཕྱིར་རོ། །དེ་ལ་ཞེས་བྱ་བ་ནི་ཤལྨ་ལི་ལའོ། །ཁྲ་ནི་བྱ་རོག་གོ། །འབྱིན་པ་ནི་གཡོ་བར་བྱེད་པས་སོ། །བརྩམས་པ་མེད་པ་ནི་སྟོབས་ཀྱིས་སོ། །དམ་ཞགས་ནི་བཅིངས་པས་སོ། །འཆི་བ་ནི་གཤིན་རྗེས་སྐེ་ནས་བཏབ་པའོ། །འཛེག་པར་བྱེད་པ་ནི་ཤིང་
ལ་འཛེག་པར་བྱེད་པའོ། །དྲན་པ་དང་བྲལ་བ་ནི་སེམས་ཉམས་པས་སོ། །དབང་པ་ནི་གཏུབས་པའོ། །ཉམ་ཐག་འབྱིན་པ་ནི་ངུ་བའི་སྒྲའོ། །རྩེ་མོ་ནི་ཆ་ཤས་སོ། །མཚུངས་པ་ནི་མཉམ་པའོ། །ལྕགས་ནི་འདིར་ལྕགས་སོ། །དེ་ཡང་དེར་ཁ་གྱེན་དུ་བལྟས་པ་ནི་ཁ་གྱེན་དུ་བལྟས་
པའོ། །མང་པོ་ནི་རབ་ཏུ་མང་པོའོ། །སྦོམ་པ་ནི་མཐུག་པོའོ། །རྣོན་པོས་ཕུག་པ་ནི་ཕུར་བུས་སོ། །འབབ་པར་མི་ནུས་པ་ནི་ཐར་བར་མི་ནུས་པ་སྟེ། ཤལྨ་ལི་དེ་ཉིད་ལས་སོ། །ངུད་མོ་ནི་ཆོ་ངེས་འདེབས་པའོ། །འབར་བའི་ཟུག་རྔུ་ནི་དེ་བཞིན་དུ་དབང་དུ་བྱེད་པའི་ཟུག་རྔུའོ། །ཀུན་དུ་དྲངས་པ་

ནི་བཏོན་པའོ། །བརྒྱང་བ་ནི་འཐེན་པ་སྟེ། ནང་གི་རྒྱུ་ལྟོ་གང་ཡིན་པའོ། །ཁྭ་ནི་བྱའོ། །མཚོན་ཆ་བདར་བ་ནི་མཆུ་གང་ཡིན་པའོ། །བྱེ་མ་ཚ་མོ་ཡང་ཡིན་ལ་ས་ཡང་དེ་ཡིན་པ་ཞེས་བྱའོ། །གཞི་ནི་རྟེན་ནོ། །རྐང་པ་གཞག་པ་ནི་བོར་བའོ། །དེ་མི་
ཐོབ་པ་ཉིད་ནི་སྐྲག་པས་ལྷུང་བར་འགྱུར་བའོ། །འཚེ་བ་ནི་སྲོག་དང་བྲལ་བའོ། །ལས་ཉིད་ཞགས་པ་བཞིན་པས་ཞགས་པའོ། །ཐོགས་པ་ནི་གཟུང་བའོ། །འཕོ་བ་ནི་འཕོ་བ་སྟེ་གཞན་དུ་འགྲོ་བའོ། །ལྕིག་ལྕིག་ཆེན་པོ་ནི་དེས་བྱས་པའི་སྒྲ་ཆུང་ངོ་། །རྨུགས་པ་ནི་རྙིངས་པའོ། །
སྟོང་པ་ནི་སྟོང་པའོ། །རུས་པ་ལ་ཡང་ཞེས་པ་ལ་སོགས་པའོ། །ཚིགས་སུ་བཅད་པ་གཉིས་པོ་ཡང་གནས་སོ་ཞེས་པ་ནི་འདི་དག་ཉིད་ཀྱི་བྱ་བའོ། །གང་གྲང་བའི་སེམས་ཅན་དམྱལ་བ་རྣམས་སོ། །ཤིན་ཏུ་ནི་མཐར་ཐུག་པའོ། །འོ་དོད་ནི་སྐད་འབྱིན་པའོ། །སྦྲེབས་པ་ནི་རྣམ་པ་ཐ་
དད་པར་འགྱུར་བའོ། །འདར་ཤང་ནི་གཡོ་བའོ། །བསྐུམ་པ་ནི་ལུས་ཟླུམ་པོར་བྱས་པ་གང་ཡིན་པའོ། །ལྷགས་པ་དཔེ་མེད་པ་ནི་འདྲ་བ་མེད་པ་གང་ཡིན་པའོ། །རྨ་བརྟོལ་བ་ནི་གང་ཞིག་འཛག་པའོ། །ཆུ་བུར་བརྒྱ་ཕྲག་ལས་སྐྱེས་པའི་སྲོག་ཆགས་ཀྱིས་ཟོས་པ་ནི་ཟོས་
པའོ། །དེས་དབང་པ་དེའི་ཕྱིར་འཛག་པ་ནི་ལུག་པའོ། །རྐང་དང་ཞག་དང་བཅས་པ་དག་ཏུ་འཇུག་པ་ཞེས་པ་ནི་གང་དག་རྐང་དང་ཞག་དང་ཆུ་སེར་དང་བཅས་པ་རྣམས་སོ། །སོ་ཐམ་ནི་སོ་གང་དག་ཡིན་པ་རྣམས་སོ། །སྤུ་དང་བ་སྤུ་ནི་ཅོ་དོ་དང་སྤུ་གང་ཡིན་པ་དག་གོ། །གཡེངས་པར་གྱུར་པ་ནི་ཕན་
ཚུན་འབྲེལ་པའོ། །སེམས་མེད་པ་ནི་སེམས་དང་མི་ལྡན་པ་སྟེ། བེམས་པོ་ནི་བཏང་སྙོམས་སུ་གྱུར་པའོ། །གནམ་མདོག་གྱུར་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་གཉིས་ཀྱིས་ནི་དམྱལ་མེ་ནས་ལྟུང་བ་སྟེ་འགྲོ་བའི་བྱ་བའོ། །ཅི་ཞིག་ཏུ་གྱུར་པས་ཤེ་ན། རྣམ་པར་འཕྲོ་བ་ནི་
འཁྲུགས་པའོ། །མང་བ་ནི་མཐུག་པའོ། །མནམ་པ་ནི་དྲི་ང་བའོ། །ཚ་བ་ནི་རྣོ་བའོ། །གང་ཞིག་དུ་བ་དེ་འཐུལ་བ་རྣམ་པར་གཡེངས་པ་གང་ཞིག་གིས་གནམ་མདོག་ཏུ་གྱུར་པའོ། །ཆེ་དགུ་ནི་འཕེལ་བའོ། །རྩེ་མོར་འབར་བ་གང་ཡིན་པ་ནི་ལག་པ་དེ་དག་གོ། །མང་བ་ནི་ཚོགས་པའོ། །

རྣམ་པར་ཕྲ་བ་ནི་སྟོན་པའོ། །ཕྱོགས་ཀྱི་དཀྱིལ་འཁོར་ནི་ཡུལ་ཁེབས་པ་གང་ཡིན་པའོ། །སྐྱི་གཡའ་བ་ནི་འཇིགས་སུ་རུང་བའོ། །འཇིགས་བྱེད་ནི་དབང་ཕྱུག་ཆེན་པོའི་ཁྱད་པར་རོ། །རབ་གར་ནི་གར་ཡང་ཡིན་པ་སྟེ། དེ་བསམ་གྱིས་མི་ཁྱབ་པ་ཞེས་བྱ་བའི་དོན་ཏོ། །གླང་ཆེན་ལྤགས་གྱོན་
ཀྱེ་མ་ཀྱི་ཧུད་ཟེར་བ་བཞིན། །དེ་དག་ལ་འཇུག་ཅེས་པ་ནི་འཇིགས་བྱེད་ཀྱི་གླང་ཆེན་པགས་པའོ། །དེ་སུ་ཞིག་ཅེ་ན། དམྱལ་བ་སྟེ་དེའི་རྣམ་པའོ། །ལ་ལར་ཞེས་པ་ནི་ཕྱོགས་གཅིག་ནའོ། །ཆེར་ནི་རྒྱས་པར་རོ། །སྐད་འགག་ནི་དུས་ཐུང་བའོ། །རྩེ་ཞིལ་བ་ཞེས་པ་ནི་གནས་པའོ། །བསྐྱད་
དུ་མེད་པ་ནི་འཕེལ་བའོ། །ཁོང་ནི་དེའི་ནང་དུའོ། །བསྐལ་པའི་དུས་ཀྱི་མེ་ནི་འཇིག་པའི་དུས་ཀྱི་མེའོ། །སྐམ་པོ་ཞེས་པ་ལ་སོགས་པའི་ཚིགས་སུ་བཅད་པ་གཉིས་ཀྱིས་ནི་ཡང་སྡུག་བསྔལ་རྒྱུན་མི་འཆད་པར་ལྟུང་བར་བྱེད་པའོ། །ཡང་ཇི་ལྟ་ཞེ་ན། རྩྭའི་ཚོགས་ཀྱིས་ཡང་ངོ་། །གསེབ་
གཞན་ནི་བར་མཚམས་སོ། །སྒྲེང་བ་ནི་ཕྱེ་བའོ། །ནར་བ་ནི་བརྐྱང་བའོ། །འདོད་པ་ནི་རེ་བའོ། །དེའི་གསེབ་གཡོགས་པ་ནི་བཅད་པ་སྟེ། ལས་ཉིད་སྒོ་གླེགས་སོ། །ཅི་ཞིག་ཅེ་ན་བརྡ་མི་ཕྲད་པའོ། །ཅིའི་ཕྱིར་བརྡ་མི་ཕྲད་ཅེ་ན། དེ་ཉིད་དུ་དེ་དག་རྙིངས་པ་གོང་བུར་གྱུར་པ་སྟེ། བཟོད་
དཀའ་བའི་ཕྱིར་རོ། །དེ་བཞིན་དུ་ལུས་ཀྱི་རྩིབ་ལོགས་སུ་ཟུག་པ་ཞེས་བརྗོད་དོ། །དུད་བཅས་བསྟུད་མར་བྱུང་བ་ནི་རྐན་གང་ཡིན་པ་ནས་སོ། །མེ་ལྕེ་གང་ཡིན་པ་ནི་རྩེ་མོའོ། །གྲོལ་བ་ནི་བྱེ་བའོ། །མི་བཟད་པ་ནི་སྡུག་བསྔལ་བའི་ཕྱིར་རོ། །སྐད་ཅེས་འདོན་པ་ཉིད་ནི་སྐད་འདོན་པ་ཙམ་
སྟེ་དེ་ཉིད་ལྷག་མའི་བྱ་བ་གང་ཡིན་པའོ། །ལྕགས་བཞུ་ཁུ་བ་འཐུང་ཞེས་པ་ནི་བྱ་བ་སྟེ། །མདའ་བོ་ཆེ་ནི་མཚོན་ཆའི་ཁྱད་པར་རོ། །ཆར་བཞིན་འབབ་པ་ནི་དེའི་ཕྱི་རྗེས་ལའོ། །འཁྲིགས་པ་ནི་གཡོགས་པའོ། །རྣ་བ་ནི་ཉན་པའོ། །བུད་ཤིང་སྐམ་པོར་བཅེར་བ་ལྟ་བུ་ལས་
མཆེད་པ་ནི་ལྟོས་པ་མེད་པར་སྲེག་པར་བྱེད་དོ། །ཅི་ཞིག་གིས་ཤེ་ན་མེས་སོ། །ཀུན་བྱེད་པ་ནི་རང་ངོ་། །རྡོལ་བ་ནི་མིག་དང་མགོ་བོ་སྟེ། ཐོད་པ་ཡང་ཡིན་ལ་གླད་རྒྱས་ཀྱང་ཡིན་པས་མགོ་བོའི་གླད་པའོ། །སྨུག་ནག་ནི་དམར་སེར་རོ། །འབར་བ་ནི་རྩེ་མོའོ། །དེ་དག་གི་དུས་གང་

ཡིན་པའོ། །མཆེད་པ་ནི་སྐྱེད་པར་བྱེད་པའོ། །ཡང་གང་གི་ཕྱིར་སྲོག་ནི་འཚོ་བའོ། །ཨུས་སྠུ་བ་ཉིད་ནི་བྱི་ལའོ། །དེར་ཟད་པ་སེམས་ཅན་དེ་དག་ཉིད་དོ། །འདི་དག་ཉིད་ནི་མེ་ལ་སོགས་པའི་དམྱལ་བའི་ལས་ཀྱི་དབང་དུ་བྱས་པ་མི་བཟད་པ་ཉིད་དུ་འགྱུར་རོ། །འདི་
ཉིད་ལས་ཀྱི་དབང་དུ་བྱས་ནས་འཁྲུགས་པར་སྣང་བའོ། །སྤྱོད་པ་ནི་ཀུན་དུ་སྤྱོད་པ་གང་ཡིན་པའོ། །འཕྱེས་རྣམས་སུ་ནི་འཇིགས་པས་གཡེངས་པ་རྣམས་སོ། །སྤྱོད་མཚུངས་ནི་གསོད་པར་བྱེད་པའོ། །སྐྱེ་བ་ནི་སྐྱེས་པའོ། །ངང་ཚུལ་ནི་སྤྱོད་པའོ། །ཐོབ་པ་ནི་དམྱལ་བ་ལ་སོགས་
པའོ། །དགེ་བ་ནི་ཞི་བའོ། །ལྷག་པ་ནི་གཞན་གྱི་དོན་ཕུལ་དུ་བྱུང་བའོ། །ལམ་ནི་རྟེན་ནོ། །ནམ་མཁའ་ལྡིང་ནི་བྱ་ཁྱུང་ལ་སོགས་པའོ། །ཀླུ་ནི་ནོར་རྒྱས་ལ་སོགས་པའོ། །ལག་པས་འགྲོ་བས་ན་ལག་འགྲོས་ཏེ་སྦྲུལ་ལོ། །བརྟུན་པ་ནི་བརྩོན་འགྲུས་དང་ལྡན་པའོ། །དོན་ནི་
གོ་བགོས་པའོ། །བརྣག་པ་ནི་དམ་བཅས་པའོ། །མིའི་དངོས་པོ་སླུ་བ་ནི་མངོན་པར་སླུ་བའོ། །རྙེད་གྱུར་ནི་ཐོབ་ནས་སོ། །ཤིན་ཏུ་འཇོམས་པ་ཉིད་ནི་དགེ་བའི་ལས་སོ། །ལས་དང་བྱེད་པ་པོ་གང་གིས་དེ་ཉིད་དམིགས་པ་ནི་བྱས་པས་སོ། །གང་གི་ཕྱིར་གནས་པ་ནི་ཡུན་རིང་པོར་
གནས་པ་སྟེ། དེའི་ངེས་པ་མེད་པའོ། །ཤུགས་དྲག་རླུང་གིས་བསྐྱོད་པ་ནི་གཡོ་བ་སྟེ། མར་མེའི་རྩེ་མོ་རླུང་གིས་བཏབ་པ་བཞིན་དུ་གཡོ་བས་སོ། །ཟུར་གྱིས་བལྟ་བ་ནི་ཟུར་མིག་གིས་ཏེ་ཟུར་མིག་ཏུ་བྱས་པའོ། །དབྱུག་པ་ནག་པོ་གང་གིས་སོ། །སོ་ག་མེ་ཏོག་རྒྱས་པ་ནི་མེ་
ཏོག་ཁ་བྱེ་བའོ། །མི་དགའ་བ་ནི་སྐྱོ་བའོ། །ཤིན་ཏུ་ནི་མཆོག་ཏུའོ། །ཟད་པར་འགྱུར་བ་ནི་གོད་པར་འགྱུར་བའོ། །རི་རྩེ་ནགས་ཀྱི་མཐོངས་དེར་ནི་ཤིང་ལ་སོགས་མེད་པའི་ཕྱོགས་སོ། །དཀྱིལ་འཁོར་ནི་གཟུགས་སོ། །རྒྱས་པ་ནི་ཡོངས་སུ་རྫོགས་པའོ། །ཆར་སྤྲིན་ཉིད་ནི་རྐེ་
རགས་ཏེ། རྐེད་པ་བཅིངས་པ་དང་གང་དག་ཡིན་པའོ། །ཉམས་དགའ་བ་ནི་མཐོ་རིས་ཀྱི་སྐྱེད་མོས་ཚལ་གང་ཡིན་པའོ། །ས་གཞི་དེ་ཉིད་བསྔགས་པའི་ཕྱིར་ཀ་ནི་རྐྱེན་སྦྱིན་ནོ། །ལྷ་མོ་ནི་ལྷའི་ཆུང་མ་ཞེས་བྱའོ། །ཉམ་བག་ཏུ་ནི་བདེ་བར་རོ། །མཛེས་པ་ནི་སྤང་བར་རོ། །སྐལ་

པ་བཟང་པོ་ནི་དགའ་བྱེད་པའོ། །ལྷབ་ལྷུབ་མེད་པ་ནི་གཡོས་སྤྱོད་པ་མེད་པའོ། །རབ་བདེ་བ་ནི་ཤིན་ཏུ་དྲི་མ་མེད་པའོ། །དབེན་པ་ནི་སྐྱེ་བོ་མེད་པའོ། །དྲི་ཞིམ་བསྐུས་པ་ནི་ཁྲུས་ཀྱི་འདག་རྫས་སོ། །དེ་ནས་ལན་བུ་རྒྱན་དུ་ཐོགས་པའི་རྒྱུ་ལྡན་ནི་དེ་དག་ཕན་ཚུན་འདྲེས་པར་གྱུར་པས་སོ། །
རྒྱུན་ནི་གང་ཞིག་མཐོ་རིས་ཀྱི་ཆུའོ། །དེ་དག་དགོད་པ་ནི་ཁ་བྱེ་བས་སོ། །རང་ཉིད་རྩེ་བ་དང་རོལ་པས་ཉེ་བར་དགོད་པའི་རང་བཞིན་གང་ཡིན་པའོ། །ལྷ་ནི་ལྷ་མོའོ། །སྐྱེ་བོ་ལྷབ་ལྷུབ་མེད་པ་ནི་གྲོགས་མེད་པའོ། །ཆུ་དང་བྲལ་བ་ནི་ངོགས་ཀྱི་གླེ་མའོ། །ཕུག་གིས་སྒྲོགས་པ་ནི་སྙན་
པར་ཐོས་པའོ། །འདོད་ཆགས་དང་བྲལ་བ་ནི་སྲིད་པ་ལས་ཡིད་བྱུང་བའོ། །ཕུན་སུམ་ཚོགས་པ་ནི་འབྱོར་བའོ། །ཁོར་ཡུག་ནི་མཐར་ཐུག་པའི་ལོངས་སྤྱོད་པ་གང་ཡིན་པའོ། །ཕྲེང་ནི་གྲལ་ལོ། །ཉེར་སྤྱོད་ནི་འཁོར་དུ་གནས་པའོ། །གང་དག་འདོད་པ་ལ་ཆགས་པ་རྣམས་ནི་དམྱལ་བར་
ལྟུང་བར་འགྱུར་རོ། །དེ་དག་འདོད་པ་སྤང་བར་བྱ་ཞེས་པ་ནི་ལྷག་མའོ། །དཔག་བསམ་མཚུངས་པ་སྟེ་རྨི་ལམ་ཉིད་ན་དེ་དང་རྩེ་བ་ལ་སོགས་པ་རྙེད་པར་དཀའོ། །འཁྲུལ་པ་ནི་ནོར་བའོ། །སླུ་བ་ནི་སླུ་བར་བྱེད་པའོ། །བདེ་བ་ནི་དགའ་བའོ། །རྣམ་པར་སྨིན་པ་ནི་སྨིན་པའོ། །ཚ་བ་ནི་རྣོ་བའོ། །
རྨོངས་པ་ཉིད་ནི་གཏི་མུག་པར་བྱེད་པ་དེའི་ཕྱིར་རོ། །འཐིབས་པོར་བྱེད་པ་ནི་ཀུན་དུ་སྤྱོད་པའོ། །ངེས་པར་བརྟགས་པ་ནི་རྣམ་པར་དཔྱད་པའོ། །མཆོག་ནི་བདེ་བ་སྦྱིན་པར་བྱེད་པའོ། །མི་བཟད་པ་ནི་འཇིགས་སུ་རུང་བའོ། །དུག་ཉིད་མི་འདོད་པའི་འབྲས་བུ་སྦྱིན་པའོ། །དུག་ཉིད་དང་ལྡན་
པས་ནི་དུག་ཉིད་རབ་ཏུ་ཞི་བར་བྱེད་པའོ། །དུག་སེལ་བ་ནི་སྨན་ནོ། །གསོར་རུང་བ་ནི་མཐུས་བསྒྲུབས་པ་སྟེ། རིགས་པ་དང་ལྡན་པའི་སྦྱོར་བས་སོ། །ཆགས་པ་ནི་སྲེད་པས་སོ། །རྙེད་པ་ནི་ཐོབ་པས་སོ། །ཀློངས་པ་ནི་གཡེངས་པས་སོ། །རྩེ་མྱོང་བ་ནི་རིགས་ཀྱི་མྱོང་བ་ལ་སོགས་
པའོ། །ལྷའི་བུ་མོ་ནི་ལྷ་མོའོ། །འཁྱམས་པ་ནི་འཁོར་བའོ། །ཕྲད་པས་སྨྲས་པའི་སྡུག་བསྔལ་མི་བཟད་པ་བསྟེན་དགོས་སོ། །དཔག་བསམ་ཤིང་ལོ་གདིང་བ་ཀུན་བཀྲམ་པ་ནི་ནགས་བཏིང་བའི་ཚོགས་གང་ཡིན་པའོ། །མཛེས་པ་ནི་ཡིད་དུ་འོང་བའོ། །རྩེ་བ་ནི་ལྷན་ཅིག་རྩེ་བར་

བྱེད་པའོ། །རྩེ་མོ་ནི་རྣོ་བའོ། །འཁྲུགས་པ་ནི་ཀུན་ནས་གཡེངས་པའོ། །རྐང་བཞག་ནི་གནས་སུའོ། །ནེམས་དང་པར་ནི་མཐོ་བ་དང་དམའ་བའོ། །རྔུལ་ཉིད་ནི་རྔུལ་ལོ། །མེ་ཚོགས་ནི་ཐལ་ཚེན་གྱི་མེའོ། །ཚ་བ་ཉིད་ནི་མེ་མར་མུར་དེ་ལའོ། བྱེ་མ་
བསྲེགས་པ་ནི་བྱེ་མ་བསྲེགས་པའི་ཚོགས་སོ། །ཞིག་པར་བྱེད་པ་ནི་རྐང་པ་དང་། བརླ་དང་། ལག་པ་གང་ཡིན་པ་རྣམས་སོ། །མུན་ནག་ཐིབས་པོ་ནི་མུན་ནག་གིས་གཡོགས་པས་སོ། །མི་བཟད་པ་ནི་འཇིགས་པ་འབྱུང་བའོ། །གནས་པ་ནི་ཡུན་རིང་བར་གནས་པ་གང་ཡིན་པའོ། །
དཔག་མེད་ནི་ཚད་མེད་པའོ། །མཐའ་དང་ཕ་རོལ་དེ་དག་ཡོད་པ་མ་ཡིན་པ་གང་ཡིན་པའོ། །དྲིལ་བུ་འཁྲོལ་བ་ནི་ཁ་ནས་སྒྲ་འབྱིན་པའོ། །མཛེས་པ་ནི་བརྒྱན་པའོ། །འཁྲོལ་བ་ནི་དྲིལ་ཆུང་དེ་དག་གོ། །དེ་མུ་ཏིག་ཕྲེང་བའི་ཚོགས་ནི་ཞེས་པ་སྟེ་ལྷག་གེ་བ་ནི་མཛེས་པའོ། །འོད་ནི་ལྷའི་ཁྱད་ཆོས་
སོ། །མགོ་རྒྱན་ནི་ཅོད་པན་ནོ། །དམར་བ་ནི་ཁ་དོག་གོ། །རྐང་རྟེན་ནི་རྐང་པའི་གདན་ནོ། །དེར་འགྲོ་བ་ནི་རབ་ཏུ་སྤྱོད་པའོ། །རབ་ཏུ་རྙིངས་པ་ཞེས་པ་ནི་ཨ་ཏ་ངི་ལ་ཨ་ན་རའི་རྐྱེན་བྱིན་པའོ། །འཛག་པ་ནི་རྔུལ་འཛག་པ་སྟེ་རྔུལ་གྱིས་ལུས་པོ་ཀུན་གོས་པའོ། །དྲི་མ་ཆགས་པ་ནི་རྙིངས་པ་སྟེ་
གོས་གང་ཡིན་པའོ། །དེ་བཞིན་དུ་སྙིང་རྗེས་སྨྲེ་ཞིང་ཉེ་དུ་རྣམས་ཀྱི་ཚོགས་ལ་ལྟ་བའོ། །འགྱུར་བ་ནི་ཐོབ་པ་སྟེ་ཤིན་ཏུ་སྡུག་བསྔལ་བའོ། །སྡུག་བསྔལ་དེ་ནི་མི་རྣམས་ལ་མེད་དོ། །སྡུག་བསྔལ་གྱི་མེ་ཚོགས་སྤུངས་པ་ནི་གང་བའོ། །དེ་ནི་གཤིན་རྗེའི་འཇིགས་སུ་རུང་བའོ། །བདེ་བར་
མངོན་པའི་ང་རྒྱལ་བྱེད་པ་ནི་བདེ་བའི་སྒྲོ་འདོགས་པའོ། །བྱེད་པ་ནི་འབྱུང་བའོ། །དེ་ལ་བདེ་བ་སྙམ་ང་རྒྱལ་བྱེད་པ་ནི་འཇོམས་པར་བྱེད་པའོ། །གཤིན་རྗེའི་ཁར་འཇུག་པར་བྱེད་ཅེས་པའི་དོན་ཏོ། །དེ་ཞེས་པ་ནི་བདེ་བར་མངོན་པར་རློམ་པར་བྱེད་པའོ། །གཤིན་རྗེ་ལ་སྦྱིན་པ་སྟེ། སྲེད་པའི་
པའི་རང་བཞིན་བརྟན་པས་ཐི་གུ་རིང་པོ་སྟེ། གང་ཞིག་དེའི་དམ་བཞག་སྟེ་སྡོམ་པའོ། །བཏབ་པ་ནི་གཟུང་བའོ། །ལོག་པར་སྨོན་པ་ནི་དོན་དུ་གཉེར་བའོ། །འཇིགས་པ་ནི་འཇིགས་སུ་རུང་བའོ། །དབྱུག་པ་ནག་པོ་གང་ཞིག་གིས་སོ། །སྲེད་པ་ནི་གོས་པའོ། །མཆོག་ཏུ་ནི་ཕུལ་

དུ་བྱུང་བ་ཉིད་དོ། །བདེ་བས་སེམས་པ་ནི་དེ་ཉིད་མྱུར་བས་སོ། །ཁྲོས་ཏེ་གཟས་པ་ནི་བརྟགས་པས་སོ། །མགོ་བསྟོད་པ་ནི་གང་དུ་སྐད་ཅིག་གོ། །དབུགས་ཕྱིན་ཐོབ་པ་ནི་གང་ཞིག་གྲོལ་ཞིང་ཐར་བས་སོ། །བསྐོལ་བའི་ཚ་བ་ནི་རྗེས་སུ་འཆི་བས་སོ། །དེའི་དྲན་པ་ནི་དེ་ཉིད་མྱུར་བས་
སོ། །ཟངས་ཆེན་ནི་བཤད་པའི་ཆུ་གང་ཡིན་པས་སོ། །དེའི་ཕྱིར་ཡང་ཁ་ཅིག་ལས་སོད་པ་ནི་རྣམ་པར་གཡེངས་པ་ཞེས་ཀྱང་བརྗོད་དོ། །ཁམ་འགའ་ནི་ཁམ་གཅིག་གོ། །སྲེད་པ་ནི་ཞེན་པས་སོ། །མི་བཟད་པ་ནི་བཟོད་པར་དཀའ་བའོ། །དབང་མེད་རྟག་ཏུ་ནི་གང་དུ་བཅིངས་པས་
བཅིངས་པ་སྟེ། དེ་ནི་རྟག་ཏུ་སྟེ་ཉིན་དང་མཚན་དུ་ཞེས་པའི་དོན་ཏོ། །ཅི་ཞིག་ལྟར་ནི་གཞན་དབང་དུའོ། །སྐྱེད་པ་ནི་སྐྱེད་པར་བྱེད་པའོ། །ཤིན་ཏུ་ནི་ཕུལ་དུ་བྱུང་བསམས་པ་ཉིད་དོ། །རྣམ་འཕེལ་ནི་རྒྱས་པར་རོ། །བསྒོམས་པ་ནི་གོམས་པར་བྱེད་པའོ། །རྩེ་མོ་ནི་འབར་
བའོ། །མི་སྡུག་པ་ནི་མི་མཛེས་པའོ། །སྙོམས་བྱེད་པ་ནི་མཚུངས་པར་བྱེད་པའོ། །མི་ཟད་པ་ནི་བཟོད་པར་དཀའ་བ་ཉིད་དོ། །ཡང་དེ་དག་གོ། །འགྲོ་བ་ནི་འགྲོ་བ་དྲུག་པོ་རྣམས་ལས་གང་ཡང་རུང་བར་སྐྱེ་བའོ། །མ་སོང་བ་ནི་མ་ཐོབ་པའོ། །མཛེས་པ་ནི་སྡུག་པ་སྟེ་གང་ཞིག་དགའ་
བའོ། །དེ་ཡང་ནི་དེ་ལྟར་ཡང་ངོ་། །འདོད་ཆགས་ནི་ཞེན་པའོ། །གནས་མ་བཅས་པ་ནི་གནས་པར་མ་བྱས་པའོ། །གནས་ནི་གཞིའོ། །ཕྱོགས་ནི་ཕྱོགས་གཅིག་གོ། །སོང་བ་ནི་བགྲོད་པར་བྱས་པའོ། །སྡུག་བསྔལ་གྱིས་གང་བའི་ཕྱིར་དགང་དཀའ་བའོ། །ཉམས་སུ་མྱོང་བ་ནི་ཐོབ་པའོ། །
འདོད་པ་དེ་དག་མེད་པ་ནི་རྒྱུར་གྱུར་བ་གང་ཞིག་གིས་ཚིམ་པ་ནི་ཞེན་པ་ལོག་པའོ། །ཉལ་བ་ནི་ཉལ་བར་བྱས་པའོ། །སྐྱེ་བ་བླངས་པས་ཞེས་བྱ་བའི་དོན་ཏོ། །ཡོངས་སུ་འཛིན་པ་ནི་ཡང་དང་ཡང་དུ་སྐྱེ་བ་ལེན་ནོ། །རྒྱ་ཆེན་ནི་ཤིན་ཏུ་རྒྱས་པར་རོ། །འཇིགས་པ་ནི་འཇིགས་སུ་རུང་བའོ། །
གནས་དེ་ནི་གདེངས་དཀའོ། །སྡུག་བསྔལ་ཉམས་སུ་མྱོང་བ་ནི་ལུས་ཀྱིས་སོ། །གང་ཞིག་དང་རྡུལ་གྱིས་གཙེས་པས་སོ། །ཚོགས་པ་ནི་བདག་ཉིད་དང་ཚོགས་ནས་སོ། །ལྷན་ཅིག་འདུག་ནས་བགད་པར་བྱས་པ་དང་རྩེས་པ་ནི་རྩེད་མོ་དང་། གླུ་ནི་རབ་ཏུ་བླངས་པ་དང་། འཐུངས་

པ་འདི་བཏུང་བ་བྱས་པ་དང་། གཅིག་ཏུ་ཞེན་པ་ནི་ཚོགས་པས་སོ། །ཟོས་པ་ནི་བཟའ་བའོ། །དགའ་མཐུན་ནི་བརྗོད་པས་སོ། །དུས་ནི་མེ་ཏོག་དང་ལྡན་པའོ། །དེངས་པ་ནི་ཁྱེར་ནས་གཞུང་ཁ་ཅིག་ལས་ནི་དུས་ཀྱི་རིམ་པས་ཞེས་པ་བརྗོད་དོ། །གནས་
སྐབས་ནི་གནས་པའི་བྱེ་བྲག་གོ། །མཉམ་པ་ནི་བདེ་བའི་སྦྱིན་པའོ། །ཅི་ཞིག་ལྟར་ནི་དཀའ་བས་ཞེས་པའི་དོན་ཏོ། །སྐྱེ་ཤི་ནི་སྐྱེས་པ་དང་ཤི་བའི་རྒྱུན་ཏེ་དེའི་འཕོ་བ་ནི་ཡང་དང་ཡང་དུའོ། །སྣང་བཞིན་དུ་ཆུད་ཟོས་པའོ། །ཀློང་ནི་ཆུའི་འཁོར་བའོ། །གཅིག་ཐར་ནི་གཅིག་པུའོ། །
འདི་ནི་ཉན་ཐོས་རྣམས་སོ། །དཀའ་བ་བྱས་པ་སྟེ། དེའི་ཕྱིར་བོར་བ་སྟེ་དོར་བར་བྱས་པའོ། །མི་ནུས་པ་ནི་རང་དབང་དུའོ། །ནུ་ཞོ་ནི་འོ་མའོ། །བྱམས་པ་དང་རྗེས་སུ་འབྲེལ་པ་སྟེ། དེའི་མའོ། །ངལ་བ་རྩེ་བ་ལ་སོགས་པའོ། །གཅིག་ཏུ་བསྟན་པ་ཞེས་བྱ་བ་ནི་རྐྱེན་སྦྱིན་ནོ། །མ་
རབས་ནི་ཆོམ་རྐུན་ནོ། །གང་གི་ནི་མ་རྣམས་ཀྱིའོ། །འང་གི་སྒྲས་ནི་པང་དུའོ། །བདག་གི་བུར་གྱུར་ཅེས་བྱ་བའི་སྐབས་གང་ཡིན་པའོ། །རྩེ་བག་སེམས་ནི་རྣམ་པར་གཡེངས་པའོ། །འདི་བླངས་པ་ནི་ཟོན་དང་བཅས་པའོ། །འདི་ལྟར་ནི་བྱིས་པའོ། །པང་པ་ནི་པང་དུ་བླངས་པ་དེ་
སྲིད་དུའོ། །བཙའ་བ་ནི་ཐོབ་པའོ། །ཁོང་དུ་འཛིན་པ་ལ་སོགས་པས་སྡུག་བསྔལ་བ་ཉིད་དོ། །སྐྱབས་ནི་སྐྱོབ་པའོ། །བརྩེ་བའི་རང་བཞིན་ནི་གཞན་སྡུག་བསྔལ་བ་ན་འདི་མི་སྲིད་པའོ། །འགྲོ་བ་བཟློག་པ་ནི་བགྲོད་པའོ། །དབང་མེད་པ་ནི་གཡེངས་པའོ། །གཞན་ཞེས་པ་ནི་སེམས་
ཅན་ནོ། །སྐད་ཅིག་ཀྱང་རངས་པར་བྱས་པ་ནི་དེ་དགའ་བ་གང་ཡིན་པ་དེ་དང་འདྲ་བ་སྟེ་མཚུངས་པར་ཡོད་པའོ། །དེ་ཅིའི་ཕྱིར་ཞེ་ན། བཀྲེས་པ་ནི་ལྟོགས་པའོ། །སྲེད་པ་ནི་ཞེན་པའོ། །ཚ་བ་ནི་རྔུལ་བྱུང་བ་གང་ཡིན་པའོ། །བྲལ་བ་ནི་མེད་པའོ། །དེས་དགའ་བ་བཞིན་སྡུག་པ་ནི་མཛེས་
པ་གང་ཡིན་པའོ། །སྐྱེས་པ་ནི་རྒྱུའོ། །གཞོན་པ་ནི་གླང་པོ་ལ་སོགས་པའོ། །ཉེ་བར་མཁོ་བ་ནི་གཡོག་ལ་སོགས་པའོ། །ཇི་ལྟར་ཡང་ནི་རྣམ་པ་གང་གིས་ཀྱང་ངོ་། །ཤིན་ཏུ་ནི་འདུས་པས་སོ། །རྩྭ་ནི་སྔོ་རྣམས་སོ། །དེའི་ཁམ་འགའ་ནི་ཁམ་གཅིག་གོ། །དེ་ཡང་མི་རྙེད་པའོ། །

གང་འདོད་པ་ཇི་ལྟར་འགའ་ཞིག་ཏུའོ། །འང་ནི་བསྡུས་པའོ། །བརྩོན་པ་ནི་བརྩོན་པར་བྱེད་པའོ། །རང་ནི་བདག་ཉིད་དོ། །བརྗོད་པ་ནི་ནུས་པའོ། །བདེ་བ་ནི་ཡང་འདིའོ། །སྐྱེས་བུ་ནི་སྐྱེས་བུའི་བྱེད་པའོ། །ངོ་མཚར་བ་ནི་རྨད་དུ་བྱུང་བའོ། །སྣང་བ་ནི་གསལ་བའོ། །མི་རྩེགས་
པ་ནི་མ་ཆད་པའོ། །མཁས་པ་ནི་ཀུན་བརྟགས་པས་སོ། །རང་བཞིན་དེ་འདྲ་བ་ནི་རང་གི་ངོ་བོ་དེའོ། །འདི་ནི་འདི་ལྟ་བུར་གྱུར་པའོ། །ཕན་དང་བདེ་བའི་རོ་ནི་དབུགས་འབྱིན་པའོ། །གཅིག་ཏུ་གཞོལ་བ་ནི་རོ་མྱང་བའོ། །མ་རིག་པ་ནི་རྨོངས་པའོ། །དེ་ཉིད་ནི་དུ་བའོ། །དེ་ཉིད་ནི་
མུན་པར་བྱེད་དོ་ཞེས་པ་ནི་མུན་པར་རོ། །དེའི་སྤྲིན་ནི་གཡོགས་པ་སྟེ། ཁྱབ་པས་ན་དེར་འཁྲིགས་པའོ། །བོང་བ་ནི་སའོ། །མཐོ་བ་ནི་ཁྱད་པར་འགྲོ་བའི་འཁྲུགས་པར་འགྱུར་བའོ། །ནང་དུ་ནི་སྤྱོད་པ་གང་ཡིན་པའོ། །ལྟུང་བ་ནི་དམའ་བའོ། །ཐོད་ནི་དཀྲིས་པའོ། །ཐོད་ལ་མེ་
མཆེད་འབར་བ་ལྟ་བུ་ནི་མཚུངས་པའོ། །མགོ་དང་ཐོད་ལ་མེ་ཤོར་བ་དང་མཚུངས་པ་ཞེས་པའི་དོན་ཏོ། །སྐྱེས་བུ་ནི་སྐྱེས་བུའི་ཡོན་ཏན་དང་ལྡན་པ་ཞེས་བྱ་བའི་དོན་ཏོ། །འཇུགས་པ་ནི་ཞུགས་པའོ། །མནར་མེད་པ་ནི་ངལ་སོ་དང་བྲལ་བའོ། །གང་བ་ནི་ཁྱབ་པའོ། །གཞན་གྱི་དོན་
དུ་ནི་གཞན་གྱི་ཆེད་དུའོ། །གངས་དང་ཟླ་འོད་ལྟ་བུ་ནི་ཇི་ལྟ་བ་མིང་གིས་བསིལ་བར་འགྱུར་བ་ལྟ་བུའོ། །དགའ་བས་ལྡང་བ་ནི་བ་སྤུ་སྟེ། ལུས་ཀྱི་བ་སྤུ་ལྡང་བ་གང་ཡིན་པའོ། །ཁ་བྱེ་བ་ནི་རྒྱས་པའོ། །པདྨ་ནི་འདམ་སྐྱེས་སོ་ཞེས་བྱ་བའོ། །དེ་ཉིད་ཀྱིས་ལྷག་གེ་པ་གང་ཡིན་པའོ། །
འདུས་པ་ནི་གནས་པའོ། །མཁས་པ་ནི་སྐྱེས་བུ་དམ་པའོ། །ཆས་པ་ནི་བསྐོར་ནས་སོ། །དགའ་བའི་ཚལ་ནི་ལྷའི་སྐྱེད་མོས་ཚལ་ལོ། །བསྒྲལ་བའི་ཕྱིར་ནི་གཞུག་པའི་ཕྱིར་རོ། །བརྒལ་བར་གྱུར་པ་ནི་བྱང་ཆུབ་སེམས་དཔར་བསྟན་པ་སྟེ། དམྱལ་བའི་ལས་ལས་ཡང་དག་
པར་འདས་པའི་ཕྱིར་རོ། །དབའ་རླབས་ནི་ཐ་དད་པའོ། །དེའི་ཆིལ་ཆིལ་ནི་ཕན་ཚུན་འདྲས་པར་གྱུར་པའོ། །དེས་རེག་པ་ནི་ཕྲད་པའོ། །དེས་ན་བདེ་བའོ། །དེ་ལྟར་ནི་རྣམ་པ་གཞན་གྱིས་ཞེས་བྱའོ། །བསྟེན་པར་བྱེད་པ་ནི་བདག་ཉིད་དོ། །རྒྱན་གྱིས་ནི་ཕྱིར་སྤྱིར་རོ། །བརྒྱན་གྱུར་ནི་

སྙིང་པོའོ། །ཞི་བ་ནི་དཔལ་ལོ། །བདུད་རྩི་ཉིད་ནི་བདུད་རྩི་སྟེ། ཡོན་ཏན་གྱི་རྟེན་ཡིན་པའི་ཕྱིར་རོ། །ཡངས་པ་ནི་རྒྱ་ཆེ་བའོ། །གསལ་བ་ནི་མར་མེ་བཞིན་ནོ། །རྙེད་དཀའ་བས་ནི་སྡུག་བསྔལ་བས་རྙེད་པའོ། །དགའ་བར་བྱེད་པའི་ཕྱིར་དགའ་བ་སྟེ་དགའ་
བར་བྱེད་ཅེས་པའི་དོན་ཏོ། །ཞི་བ་ནི་ཐར་པའོ། །བཀྲ་ཤིས་པ་ནི་དགའ་བའོ། །བསྟེན་པ་ནི་གོམས་པར་བྱེད་པའོ། །མེ་ཏོག་ཉིད་ནི་མེ་ཏོག་གོ། །འབྲས་བུ་ནི་འབྱིན་པར་བྱེད་པ་སྟེ་གང་གི་ཕྱིར་ལྗོན་ཤིང་རྣམས་ཀྱི་མེ་ཏོག་ཉིད་ནི་འབྲས་བུ་སྟེ་ལོ་མ་ལ་སོགས་པའོ། །དོན་ཚོགས་ནི་མི་
རྟག་པ་ཉིད་རྗེས་སུ་གནས་པའོ། །སྦྲང་རྩི་ནི་མེ་ཏོག་གི་སྙིང་པོའོ། །མཆོག་ནི་རབ་ཏུ་གྱུར་པའོ། །དོན་དུ་གཉེར་བ་ནི་ལྟ་བའོ། །སྤོང་བ་ནི་འདོར་བའོ། །རྟག་ཏུ་ནི་རྒྱུན་དུའོ། །འཚེ་བ་ནི་རྙེད་དཀའ་བའི་ཉེས་དམིགས་སོ། །འཁྲུགས་པ་ནི་རྣམ་པར་གཡེངས་པ་སྟེ་དག་པ་
ཉམས་པའི་ཕྱིར་རོ། །སྐད་ཅིག་ལ་འཇིག་ནི་ཆུད་ཟོས་པ་སྟེ། དེས་སྣ་འདི་ལ་ཆགས་པ་ཡོད་པ་ཞེས་བྱའོ། །དབེན་པ་ནི་མཐའ་གཅིག་ཏུ་ངེས་པའི་རང་བཞིན་དེ། མཐའ་གཅིག་ཏུ་ཞི་བས་སམ་དབེན་པས་སོ། །སོལ་བ་ནི་སྤངས་པས་སོ། །རབ་རིབ་ནི་མི་ཤེས་པ་སྟེ་གཏི་མུག་གོ། །རང་
བཞིན་ནི་གཙུག་ཕུད་གང་ཡིན་པའོ། །ནི་ནི་གང་གི་ཕྱིར་རོ། །རྟེའུ་སྐྱེས་མ་ཐག་ནི་ཡུན་རིང་པོར་གཉིད་བསྟེན་པར་འགྱུར་བ་མ་ཡིན་ནོ། །དེ་བཞིན་དུ་བསྒོམ་པའི་དུས་ན་ཡང་མི་ཤེས་པའི་གཉིད་ཡུན་རིང་པོར་བསྟེན་པ་མ་ཡིན་ནོ། །འདུལ་བ་ནི་བསླབ་པའོ། །ཆེ་བ་ནི་རྒྱས་པར་རོ། །ཤིང་
ནི་སྙིང་པོའོ། །བཟོད་པའི་གནས་སྐབས་སོ། །ལོ་མ་ནི་གཡོགས་པའོ། །སྨོན་ལམ་ནི་སྨོན་པའོ། །རྩེ་མོ་ནི་ཅོ་དོའོ། །སྲིད་པ་ནི་མྱ་ངམ་སྟེ་ཆུས་དབེན་པའི་ས་གཞིའོ། །གཅིག་ནི་གཙོ་བོ་སྟེ་གྲིབ་མ་ལ་སོགས་པ་ཕུན་སུམ་ཚོགས་པའོ། །གསལ་བ་ནི་གྲགས་པའོ། །ཡངས་
པ་ནི་རྒྱ་ཆེ་བའོ། །མཚོ་ཟབ་པ་ནི་དེའི་གཏིང་དུའོ། །རབ་ཏུ་དང་བ་ནི་དྲི་མ་མེད་པ་སྟེ། བསམ་པའི་གནས་སྐབས་སམ་སེམས་གང་ཡིན་པའོ། །བ་མོ་ནི་བསིལ་བའོ། །སྦྲུལ་གདུག་ནི་ཆུ་སྲིན་ལ་སོགས་པའོ། །སྙིང་ནི་རྩ་ལ་སོགས་པའོ། །བག་མེད་པ་ནི་མུན་པའོ། །རབ་ཏུ་

གཙང་བ་ནི་བདེ་བ་སྦྱིན་པའོ། །སྲེད་པ་ནི་ཞེན་པའོ། བརྟུན་པ་ནི་ཀུན་དུ་དཀྲུགས་པའོ། །དེ་ཉིད་ཁུར་ཡིན་པས་ཁུར་ཚའོ། །སྨྲ་བ་ནི་བརྗོད་པའོ། །གྲགས་པ་ནི་ཡོན་ཏན་གྲགས་པའོ། །རྒྱུན་ནི་འབྱུང་བའོ། །ཤུགས་དྲག་ནི་ཤུགས་ཀྱིས་འབབ་པའོ། །བསྐྱོད་པ་ནི་བསྒུལ་
བའོ། །རྡུལ་རབ་ཞི་བ་ནི་རྡུལ་ཕྲན་ནོ། །གང་གིས་བསྒྲུབས་པ་ནི་ཐོབ་པའོ། །དད་པ་ནི་གུས་པའོ། །རྟག་བདེ་བའི་ལོངས་སྤྱོད་ནི་གཟུགས་ལ་སོགས་པའི་ཡུལ་རྒྱས་པ་གང་ཡིན་པའོ། །རིམ་གྱིས་ནི་ཐོས་པ་ལ་སོགས་པས་སོ། །དགའ་བ་མེད་པ་ནི་སེམས་ཅན་ནོ། །འདིར་ཞེས་
པ་ནི་དམྱལ་བའོ། །མཉམ་པ་ནི་འདྲ་བའོ། །པདྨ་སྣ་ཚོགས་པས་གང་བའོ། །བཟང་པོ་ནི་དཔལ་ལོ། །རྒྱས་ཤིང་ནི་རྫོགས་པར་རོ། །ཤོག་ཅིག་ནི་ཕུན་སུམ་ཚོགས་པར་རོ། །བརྣག་པ་ནི་བསམ་པའོ། །བདུད་དཔུང་ཕམ་པས་ཆོ་ངེས་འདེབས་པ་ནི། སངས་རྒྱས་བྱུང་བ་གང་
ཡིན་པས་སོ། །ལྷའི་ཆུ་ནི་ནམ་མཁའི་གངྒཱའོ། །དེ་ལ་རྩེ་བ་ནི་རོལ་པར་བྱེད་པས་སོ། །དེ་བཞིན་དུ་དགའ་བས་ན་དགའ་མཛད་དོ། །འདུ་བ་ནི་གན་ཏུ་འོངས་པ་སྟེ་ལྷ་དང་མི་གང་དག་ཡིན་པའོ། །འཇོམས་པ་ནི་མི་འཇུག་པའི་རང་བཞིན་ཏེ་བྱེད་པ་པོ་གང་ཡིན་པའོ། །ཆོས་ནི་གསུང་
རབ་བོ། །དེས་ཀུན་དགའ་བ་ནི་དགའ་བ་སྟེ་དེའི་རྒྱུ་ཡིན་ནོ། །དེ་ཉིད་ནི་དགའ་སྟོན་ཆེན་པོའོ། །འཕེལ་བ་ནི་གསལ་བའོ། །འཆི་བདག་ནི་གཤིན་རྗེའོ། །དོན་མེད་པ་ནི་འབྲས་བུ་མེད་པའོ། །ཙན་དྲ་གོ་མིའི་སྣང་བ་ནི་ཡེ་ཤེས་སམ་ཟླ་བའོ། །དོན་བྱས་པ་ནི་འབྲས་བུ་
དང་བཅས་པའོ། །བསིལ་བ་ནི་རྣར་འོང་བའོ། །གཏམ་ཚོགས་ནི་ཀླགས་པ་ལ་སོགས་པའོ། །འཕེལ་བ་ནི་དེའི་རྒྱུན་ནོ། །འཕགས་པའི་སྐྱེ་བོའི་གཏམ་གྱིས་ནི་ཟླ་བའི་སྣང་བའི་དགེ་བར་གྱུར་པ་ཐོབ་པས་ཞེས་པའི་དོན་ཏོ། །སློབ་མ་ལ་སྤྲིངས་པའི་དཀའ་འགྲེལ་སློབ་དཔོན་
བཻ་རོ་ཙ་ན་རཀྵི་ཏས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་པཎྜི་ཏ་ཆེན་པོ་སུ་ག་ཏ་ཤྲཱི་མི་ཏྲ་དང་། ལོ་ཙཱ་བ་དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་གྱིས་སྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། ཤི་ཥྱ་ལེ་ཁ་བྲྀཏྟི། བོད་སྐད་དུ། སློབ་མ་ལ་

སྤྲིང་པའི་འགྲེལ་པ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །ཐུབ་དབང་སྲས་བཅས་བཞུགས་ཀུན་ལ། །རབ་ཏུ་གུས་པས་རྟག་བཏུད་ནས། །སློབ་མ་རྣམས་ལ་ཕན་དོན་དུ། །སློབ་མའི་སྤྲིང་ཡིག་རྣམ་པར་དབྱེ། །འདིར་
འཕགས་པ་ཟླ་བ་དེ་ནི་བདག་དང་གཞན་གྱི་གྲུབ་པའི་མཐའ་རྒྱ་མཚོའི་ཕ་རོལ་ཏུ་སོན་པ། ཤེས་བྱ་ཐམས་ཅད་ཀྱི་གཟུགས་བརྙན་ཤེས་པའི་མེ་ལོང་ལ་རབ་ཏུ་སྣང་བ། རིག་པའི་གནས་ཐམས་ཅད་ལ་ཆགས་པ་དང་ཐོགས་པ་མེད་པར་དབང་འབྱོར་པ་མང་དུ་ཐོས་པའི་བདུད་རྩིའི་ཉིང་ཁུས་བློ་
གྲོས་ཀྱི་དབང་པོ་རྒྱས་པ། ས་ཆེན་པོ་ལ་ཡང་དག་པར་བཞུགས་པས་བདུད་ཀྱི་འཚེ་བ་དང་བྲལ་བ། གཅིག་ཏུ་ཐེག་པ་ཆེན་པོ་ལྷུར་ལེན་པས་ཐེག་པ་གཞན་ལ་འདོད་པ་མེད་པ། བདག་དང་གཞན་མཉམ་པར་སྒོམ་པས་འགྲོ་བ་ཐམས་ཅད་ལ་ཕན་པ་དང་བདེ་བར་ཞུགས་པ། བྱང་ཆུབ་སེམས་
དཔའི་སྤྱོད་པ་མཐར་བྱུང་བ། བརྩོན་འགྲུས་ལྷོད་པ་མེད་པ། ཆོས་ཐམས་ཅད་བདག་མེད་པར་མཉམ་པ་ཉིད་རབ་ཏུ་རྟོགས་པ་དང་། དཀོན་མཆོག་གསུམ་གྱི་རིགས་གོང་ནས་གོང་དུ་རྒྱས་པར་བྱ་བའི་ཕྱིར་རབ་ཏུ་གཞོལ་བ། བདག་ཉིད་འདོད་པའི་འདམ་ལས་བརྒལ་ནས་གཞན་
ཡང་བསྒྲལ་བར་བཞེད་པ་སྟེ། རང་གི་སློབ་མ་དགེ་སློང་གི་བརྟུལ་ཞུགས་དོར་ཏེ་རྒྱལ་པོའི་བུ་མོ་དང་འདོད་པ་བསྟེན་པ་ལས་སླར་བཟློག་པའི་ཕྱིར་དེ་ལ་གདམས་པ་སྤྲིང་བའི་ཐོག་མར་སྟོན་པ་ལ་བསྟོད་པ་ནི་རྒྱུ་ཕུན་སུམ་ཚོགས་པ་གང་གིས་ཞེས་ཚིགས་སུ་བཅད་པ་གཅིག་གོ། །སངས་
རྒྱས་བཅོམ་ལྡན་འདས་གང་གིས་བདུད་བཏུལ་ནས་མཛད་པ་ཤིན་ཏུ་དཀའ་སྤྱད་མཛད་པ་ནི་ཇི་སྐད་དུ། ལྷ་ཆེན་ཐིག་ལེ་མཆོག་མ་ལ། །ཆགས་པ་སྐྱེས་པས་གདོང་བཞི་བྱུང་། །བདུད་ཀྱི་བུ་མོའི་སྒེག་པ་ཡིས། །ཁྱོད་ཀྱི་བ་སྤུའི་རྩེ་མ་གཡོས། །ཞེས་བཤད་པ་ལྟ་བུའོ། །འོ་ན་སྟོན་པའི་
དཀའ་སྤྱད་དཔག་ཏུ་མེད་པ་མ་ཡིན་ནམ། འདི་ཁོ་ནས་སྟོན་པ་ཇི་ལྟ་བུ་ཞེ་ན། །གདམས་པའི་ཡུལ་སློབ་མ་དེ་བུད་མེད་ལ་ཆགས་བ་བཟློག་པའི་ཕྱིར་རོ། །འབྲས་བུ་ཕུན་སུམ་ཚོགས་པ་ནི། །བཀྲ་ཤིས་ཞེས་པ་རྐང་པ་གཉིས་སོ། །བཀྲ་ཤིས་པ་ནི་སྤྲུལ་པའི་སྐུའོ། །ཡིད་དུ་འོང་བ་ནི་ལོངས་སྤྱོད་

རྫོགས་པའི་སྐུའོ། །རྨད་དུ་བྱུང་བ་ནི་ཆོས་ཀྱི་སྐུའོ། །ཡང་ན་སྟོན་པའི་ཐུགས་དང་། གསུང་དང་། སྐུ་སྟེ་རིམ་པ་བཞིན་ནོ། །ཡང་ན་སྤངས་པ་དང་ཡེ་ཤེས་དང་ཆེ་བ་ཉིད་དེ། རིམ་པ་དེ་ལ་སྒྲིབ་གཉིས་ནི་མི་ཤེས་པ་ཡིན་ལ། དེ་དག་སྤངས་པ་ནི་བཀྲ་ཤིས་པའོ། །མི་ཤེས་པ་ནི་ཡིད་
དུ་མི་འོང་བ་ཡིན་ལ། ཡེ་ཤེས་ནི་ཡིད་དུ་འོང་བའོ། །ཆེ་བ་ཉིད་ནི་འཇིག་རྟེན་གསུམ་ན་གཙོ་བོར་གྱུར་པ་རྨད་དུ་བྱུང་བའོ། །བསོད་ནམས་ཆུང་ངུའི་སྐྱེ་བོ་ནི་ཆོས་ཀྱི་རྒྱུན་གྱི་ཏིང་ངེ་འཛིན་མ་ཐོབ་པ་རྣམས་སོ། །མཐོང་བ་རྙེད་པར་དཀའ་བ་ནི་ཇི་སྐད་དུ། ཇི་ལྟར་ཆུ་ཡི་སྣོད་ཆག་ན། །ཟླ་བའི་གཟུགས་བརྙན་
མི་སྣང་བ། །དེ་བཞིན་སེམས་ཅན་ངན་པ་ལ། །སངས་རྒྱས་གཟུགས་ཀྱང་མི་སྣང་ངོ་། །ཞེས་བཤད་པ་ལྟ་བུའོ། །འོ་ན་སུ་ལ་སྣང་ཞེ་ན། མོས་པ་སྤྱོད་པའི་སྐྱེ་བོ་དང་། འཕགས་པ་ཉན་ཐོས་རྣམས་ལ་སྤྲུལ་པའི་སྐུ་ཁོ་ན་སྣང་ངོ་། །མཚན་མ་མེད་པའི་སར་ཞུགས་པའི་བྱང་ཆུབ་སེམས་
དཔའ་རྣམས་ལ་ལོངས་སྤྱོད་རྫོགས་པའི་སྐུ་ཁོ་ནའོ། །མཚན་མ་དང་བཅས་པའི་སར་ཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་དེ་གཉིས་ཀ་སྣང་ངོ་། །སངས་རྒྱས་ཀྱི་ས་ལ་ནི་ཆོས་ཀྱི་སྐུ་ཁོ་ནར་ཟད་ཀྱིས་གཉིས་པོ་མེད་དོ། །དེ་སྐད་དུ་ཡང་། སྤྲུལ་ཡོད་ལོངས་སྤྱོད་རྫོགས་པ་མེད། །
ལོངས་སྤྱོད་རྫོགས་ཡོད་ཅིག་ཤོས་མེད། །ལོངས་སྤྱོད་རྫོགས་དང་ཅིག་ཤོས་ཡོད། །ལོངས་སྤྱོད་རྫོགས་དང་ཅིག་ཤོས་མེད། །དེ་ལ་མོས་པ་བརྟན་རྣམས་དང་། །མཚན་མ་མེད་པའི་ས་རྣམས་དང་། །མཚན་མ་བཅས་པ་གཞན་རྣམས་དང་། །སངས་རྒྱས་ཉིད་དང་གོ་རིམས་
བཞིན། །ཞེས་པ་ལྟ་བུའོ། །བྱམས་པ་ཕུན་སུམ་ཚོགས་པ་ནི། །འཇིག་རྟེན་ཞེས་རྐང་པ་གཉིས་སོ། །འཇིག་རྟེན་པ་རྣམས་མངོན་པར་འདོད་པའི་རེ་བ་བསྒྲུབས་པ་ནི་དེ་དག་མཐོ་རིས་དང་ཐར་པ་ལ་བཀོད་པའོ། །ཡང་ན་ལོང་བ་དང་ཕྲད་པས་མིག་ཐོབ་པ་ལ་སོགས་པའོ། །རོ་གཅིག་ནི་
རྒྱུན་མ་ཆད་པར་རོ། །ཡང་ན་རང་དོན་དང་མ་འདྲེས་པའོ། །སྙིང་རྗེ་ཕུན་སུམ་ཚོགས་པ་ནི་གང་ཞིག་རྟག་ཏུ་ཞེས་ཚིགས་སུ་བཅད་པ་གཅིག་གོ། །དེ་ཉིད་རང་གི་བདེ་བ་བསྒྲུབས་པ་དང་སྡུག་བསྔལ་སེལ་བ་ཡང་ཡིན་ཏེ། སྲིད་པར་གནས་ཀྱི་བར་དུ་མྱ་ངན་ལས་མི་འདའ་བར་འདུག་པ་ཡིན་ནོ། །ཕྲིན་

ལས་ཕུན་སུམ་ཚོགས་པ་ནི་གང་ཞིག་གཞན་གྱི་ཞེས་ཚིགས་སུ་བཅད་པ་གཅིག་གོ། །སྟོན་པ་ནི་སྔོན་རྒྱལ་པོ་ཟླ་འོད་དུ་གྱུར་པ་གང་ཞིག་བྲམ་ཟེའི་ཁྱིའུ་ལེའུ་དུ་ཙ་དབུ་སློང་བ་གཞན་གྱི་དོན་དུ་དབུ་ནགས་ཀྱི་ལྗོན་ཤིང་ལ་བཅིངས་ཏེ་བྲམ་ཟེ་གཅོད་དུ་བཅུག་པ་ནི་ཤིང་དེའི་ལྷས་
གེགས་བྱས་པའི་ཚེ་པདྨ་འདམ་གྱིས་མ་གོས་པ་ལྟ་བུར་ལྷ་དང་བྲམ་ཟེ་ལ་ཆགས་སྡང་མེད་པར་དགྱེས་པའོ། །སྟོན་པ་ཉིད་ཀྱི་དོན་དུ་གདུགས་དཀར་པོ་གཅིག་གིས་འཛིན་པ་པོའི་རང་གི་ལུས་ཁེབས་པ་ལྟ་བུར་ས་ཐམས་ཅད་ཀྱང་རང་གི་རྒྱལ་སྲིད་ཀྱིས་ཁེབས་ཀྱང་། དེ་ལ་རལ་གྲི་སོ་བདར་བ་
རྣོན་པོས་ཡན་ལག་ལ་སོགས་པ་གཅོད་པ་ལྟར་དགེ་བའི་བར་ཆད་དུ་དགོངས་སོ། །ཡང་ན་སྡུག་བསྔལ་གྱི་རྒྱུར་དགོངས་སོ། །ཡོན་ཏན་ཕུན་སུམ་ཚོགས་པ་ནི། །ཟླ་བ་ཞེས་ཚིགས་སུ་བཅད་པ་གཅིག་གོ། །ཟླ་བ་ནི་ཚེས་གཅིག་ནས་ཆེར་འཕེལ་བ་དང་། འོད་གསལ་བ་དང་། བཅོ་ལྔའི་
ཚེ་དཀྱིལ་འཁོར་རྫོགས་པ་དང་། མུན་པ་སེལ་བ་དང་། གཅིག་ཏུ་རྒྱུ་བ་དང་། ཡིད་དུ་འོང་བ་དང་། ལྟ་བ་པོའི་མིག་ལ་ཕན་པ་དང་། ལུས་ལ་བསིལ་བ་དང་། ནམ་མཁའ་ལ་འཆར་བ་དང་ཆོས་དགུ་དང་ལྡན་པ་བཞིན་དུ་སྟོན་པ་ཡང་ངོ་། །དེ་ལ་ཡོན་ཏན་ནི་གསུམ་སྟེ། སྐུ་དང་། གསུང་དང་།
ཐུགས་ཀྱིའོ། །ཆེར་འཕེལ་བ་ནི་བཅུ་མན་ཆད་དུའོ། །གསལ་བ་ནི་ཤེས་བྱ་ཐམས་ཅད་མངོན་སུམ་དུ་སྣང་བའོ། །རྫོགས་པ་ནི་སངས་རྒྱས་ཀྱི་སར་རོ། །ཉེས་པའི་མུན་པ་སེལ་བར་མཛད་པ་ནི་གདུལ་བྱའི་མ་རིག་པ་སེལ་བའོ། །གཅིག་པུ་ནི་ཞིང་གཅིག་ཏུ་སངས་རྒྱས་གཉིས་མི་འབྱུང་
བའོ། །དེ་ཅིའི་ཕྱིར་ཞེ་ན། །འགྲན་ཟླ་མེད་པའི་ལས་བསགས་པ་དང་། གདུལ་བྱ་རྣམས་སྟོན་པ་ལ་བླང་དོར་ལྡོག་པ་དང་། བདག་འདྲེན་པ་མེད་པ་རྣམས་ཀྱི་འདྲེན་པ་བྱེད་པར་གྱུར་ཅིག །ཅེས་སྨོན་ལམ་གྲུབ་པའི་ཕྱིར་རོ། །དེ་སྐད་དུ་ཡང་། ལྷན་ཅིག་གཉིས་མིན་སངས་རྒྱས་
བཞིན། །ཞེས་བཤད་དོ། །ཡིད་དུ་འོང་བ་ནི་སྐུ་བྱད་ལྟ་བས་ཆོག་མི་ཤེས་པའི་ཕྱིར་རོ། །དེ་སྐད་དུ། ཉེ་བར་ཞི་ལ་ཡིད་དུ་འོང་། །འབར་ལ་གནོད་པ་མཛད་མི་མངའ། །དུལ་ལ་རྔོམ་བརྗིད་ཆེ་བ་ཡི། །སྐུ་འདིས་སུ་ཞིག་དད་མི་མཛད། །ཁྱོད་ཀྱི་སྐུ་ནི་གང་གིས་ནི། །ལན་བརྒྱར་

མཐོང་དང་གང་ཞིག་གིས། །དང་པོ་མཐོང་བ་དེ་གཉིས་ཀ། །འདྲ་བར་མིག་ནི་མགུ་བར་མཛད། །ཁྱོད་ཀྱི་སྐུ་ནི་མཛེས་པའི་ཕྱིར། །ལྟ་བས་མི་ངོམས་རང་བཞིན་པས། །མཐོང་ངོ་ཅོག་ནི་ཕྱི་ཕྱིར་ཞིང་། །དགའ་བ་སྐྱེད་པར་མཛད་པ་ལགས། །ཞེས་བཤད་པ་ལྟ་བུའོ། །འཇིག་རྟེན་ནི་
ཁམས་གསུམ་མོ། །ཕན་པར་བརྩོན་པ་ནི་དེ་དག་སྡུག་བསྔལ་རྒྱུ་དང་བཅས་པ་ལས་བཟློག་ནས། བདེ་བ་རྒྱུ་དང་བཅས་པ་ལ་དགོད་པས་ན་ལེ་ལོ་མེད་པའོ། །བསལ་བ་བྱུང་བ་ནི་དེ་སྐད་དུ་ཡང་། །ཁྱོད་ཐོས་པས་ནི་སྤྲོ་བ་སྐྱེ། །མཐོང་བས་དད་པ་སྐྱེ་བར་འགྱུར། །ཁྱོད་གསུང་ཐོས་པས་
དགའ་འགྱུར་ཏེ། བསྟེན་པས་རྣམ་པར་གྲོལ་བར་མཛད། །ཅེས་པ་དང་། བསྒྲགས་པས་སྡིག་པ་འཕྲོག་པར་མཛད། །ཁྱོད་དྲན་པས་ནི་རངས་པར་འགྱུར། །བསལ་བས་བློ་གྲོས་སྐྱེ་འགྱུར་ཏེ། །ཡོངས་སུ་ཤེས་པས་རྣམ་པར་འདག །ཁྱོད་ལ་བསུ་བས་དཔལ་དུ་བྱེད། །
བསྟེན་པས་བློ་གྲོས་མཆོག་ཏུ་འགྱུར། །བརྟེན་ན་འཇིགས་པ་མེད་པར་མཛད། །བསྙེན་བཀུར་བགྱིས་པས་བདེ་བར་འགྱུར། །ཞེས་བཤད་པ་ལྟ་བུའོ། །དེ་ཤར་བ་ནི་སངས་རྒྱས་འཇིག་རྟེན་དུ་བྱོན་པའོ། །བསིལ་བར་མཛད་པ་ནི་གདུལ་བྱ་རྣམས་ཀྱི་མེ་གསུམ་ཞི་བར་མཛད་པ་
སྟེ། དེ་སྐད་དུ་ཡང་། རེ་ཞིག་དང་པོར་ཁྱོད་ཀྱི་གསུང་། །ཉན་པ་རྣམས་ཀྱི་ཡིད་འཕྲོག་མཛད། །དེ་ནས་ཡིད་ལ་བསམ་བགྱིས་ན། །ཆགས་དང་གཏི་མུག་རྣམས་ཀྱང་སེལ། །ཞེས་བཤད་པ་ལྟ་བུའོ། །དེ་ལྟར་སངས་རྒྱས་ལ་བསྟོད་ནས། ཆོས་ལ་བསྟོད་པས་ཉེས་པ་
འཇོམས་པ་ནི། བསྟན་པ་ཞེས་ཚིགས་སུ་བཅད་པ་གཅིག་གོ། །རིན་ཆེན་མཆོག་བཻ་ཌཱུརྱ་ནི་བཟང་བ་དང་། འཕན་མེད་པ་དང་། མཆིང་བུ་རྣམ་པར་དག་པ་དང་། ཀླུའི་གཙུག་གི་རྒྱན་དུ་གྱུར་པ་དང་། ཀླུའི་གནས་ས་འོག་གི་མུན་པ་རབ་རིབ་སེལ་བ་སྟེ། །ཆོས་ལྔ་དང་ལྡན་
པ་དེ་བཞིན་དུ་བསྟན་པ་ཡང་ངོ་། །དེ་ལ་བསྟན་པ་ནི་གཉིས་ལས་རྟོགས་པའི་ཆོས་དང་སྦྱར་ན་བཟང་བ་ནི་ཏིང་ངེ་འཛིན་ནོ། །འཕན་མེད་པ་ནི་ཚུལ་ཁྲིམས་ཏེ། ཇི་སྐད་དུ། རྣམ་དག་ཡོན་ཏན་བཞི་ལྡན་ནོ། །འཆལ་ཁྲིམས་དེ་རྒྱུས་འཕན་མ་བྱུང་། །དེ་ཡི་གཉེན་པོ་ཞི་ལ་བརྟེན། །ཞེས་

བཤད་པ་ལྟ་བུའོ། །རྣམ་པར་དག་པ་ནི་ཤེས་རབ་བོ། །ལུང་གི་ཆོས་དང་སྦྱར་ན་མདོ་སྡེ་དང་། འདུལ་བ་དང་། མངོན་པ་སྟེ་གོ་རིམས་བཞིན་ནོ། །ཆེན་པོ་ནི་རིགས་ཅན་གསུམ་མོ། །མནོས་པ་ནི་ཐོས་པ་ལ་སོགས་པ་བྱེད་པའོ། །སའི་སྟེང་ན་གནས་པ་ནི་
བསམ་གཏན་དགུ་ན་སྤྱོད་པ་རྣམས་ཀྱི་ཡིད་ལ་གནས་པའོ། །རབ་རིབ་ནི་མི་ཤེས་པ་གཉིས་པའོ། །ལེགས་པར་སྒྲུབ་པ་ནི་ཆོས་ཀྱི་སྤྲིན་དེ་ཞེས་ཚིགས་སུ་བཅད་པ་གཅིག་གོ། །ཆར་སྤྲིན་ནི་ནམ་མཁའ་ལ་གཡོས་པ་དང་། ཆར་གྱི་རྒྱུར་གྱུར་པ་དང་། ཆར་ཆུ་དེ་ཡང་རོ་གཅིག་
པ་དང་། ཚ་བའི་གདུང་བ་སེལ་བ་དང་། སྣོད་ཀྱི་དབང་གིས་རོ་དུ་མར་འགྱུར་བ་སྟེ། ཆོས་ལྔ་དང་ལྡན་པ་བཞིན་དུ་བསྟན་པ་ཡང་ངོ་། །ཕན་པ་མཛད་པ་ནི་སྔ་མ་ལྟར་རོ། །མྱ་ངན་ནི་འཁོར་བ་པའོ། །འདས་པ་ནི་དེ་ལས་བརྒལ་བར་རོ། །མཆོག་ནི་ངེས་པ་དོན་དམ་པར་དགེ་བ་ཡིན་པའི་
ཕྱིར་རམ། འདུས་མ་བྱས་པའི་ཕྱིར་རོ། །དེའི་རྒྱུ་ནི་དེས་དེ་ཐོབ་པར་བྱེད་པའོ། །རོ་གཅིག་པ་ནི་ཆོས་ཐམས་ཅད་བདག་མེད་པ། ཐ་མི་དད་པའོ། །ཡང་ན་ཐེག་པ་གཅིག་ཏུ་ཐ་མི་དད་པ་སྟེ། ཇི་སྐད་དུ། ཤཱ་རིའི་བུ་ང་ལ་དད་པར་གྱིས་ཤིག ངེས་པར་ཟུང་ཤིག །ཤཱ་རིའི་བུ་དེ་
བཞིན་གཤེགས་པ་ལ་ནི་བརྫུན་གསུང་བ་མི་མངའ་འོ། །ཤཱ་རིའི་བུ་ཐེག་པ་ནི་འདི་གཅིག་པུ་ཁོ་ནར་ཟད་དེ། འདི་ལྟ་སྟེ། སངས་རྒྱས་ཀྱི་ཐེག་པའོ་ཞེས་གསུངས་པ་ལྟ་བུའོ། །གདུང་བ་སེལ་བ་ནི་སྡུག་བསྔལ་བ་དང་ཉོན་མོངས་པ་སྤོང་བའོ། །སྣོད་ནི་ཉན་པོའི་དབང་པོ་ཐ་དད་པའམ། རིགས་ཐ་
དད་པའོ། །རོ་རྣམས་དུ་མར་འགྱུར་བ་ནི་ཐེག་པ་གཉིས་སམ་གསུམ་མམ་བཞིར་འགྱུར་བའོ། །དེ་སྐད་དུ་ཡང་། ལྷ་ཡི་ཐེག་དང་ཚངས་པའི་ཐེག །བདེ་གཤེགས་ཉན་ཐོས་རང་རྒྱལ་གྱི། །ཐེག་པ་ཐ་དད་ངས་བཤད་དོ། །ཞེས་གསུངས་པ་ལྟ་བུའོ། །འོ་ན་སྔར་རོ་གཅིག་ཏུ་ཞེས་ཐེག་པ་
གཅིག་ཏུ་བཤད་པ་དང་འགལ་ལོ་ཞེ་ན། མི་འགལ་ཏེ། གོ་རིམས་བཞིན་དུ་ངེས་པའི་དོན་དང་། དྲང་བའི་དོན་གྱི་དབང་དུ་བྱས་པའི་ཕྱིར་རོ། །དེ་ལྟར་ཆོས་ལ་བསྟོད་ནས། དགེ་འདུན་ལ་བསྟོད་པའི་བསམ་པ་ཕུན་སུམ་ཚོགས་པ་ལ་བསྟོད་པ་ནི། སྣོད་ཡངས་ཞེས་རྐང་པ་ཕྱེད་དང་གཉིས་སོ། །རྒྱ་

མཚོ་ཆེན་པོ་ནི་འབབ་ཆུའི་སྣོད་དུ་གྱུར་པ་དང་། རྒྱ་ཆེ་བ་དང་། ཟབ་པ་དང་། དྲི་མ་མེད་པ་དང་། བླ་འོག་གསལ་བ་དང་། གྲུ་གཟིངས་ལ་སོགས་པ་འདེབས་པ་ན་ཁུར་བཟོད་པ་དང་། ཁྲུས་དང་བཏུང་བ་ལ་སོགས་པ་ཉེ་བར་སྤྱད་པ་དང་། ཉ་དང་རུས་སྦལ་ལ་སོགས་པའི་གནས་སུ་གྱུར་པ་སྟེ། ཆོས་
བརྒྱད་དང་ལྡན་པ་བཞིན་དུ་དགེ་འདུན་རྣམས་ཀྱང་ངོ་། །དེ་ལ་དགེ་འདུན་ནི་རྒྱུད་ཡོན་ཏན་གྱི་སྣོད་དུ་གྱུར་པ་དང་། ཡངས་པའི་བསམ་པ་ནི་ཚད་མེད་པ་བཞི་ཡིད་ལ་བྱེད་པ་སྟེ། སེམས་ཅན་ཐམས་ཅད་ལ་དམིགས་པའི་ཕྱིར་རོ། །ཟབ་པའི་བསམ་པ་ནི་བདག་མེད་པ་གཉིས་ཡིད་ལ་བྱེད་པ་སྟེ་གཏིང་
དཔག་དཀའ་བའི་ཕྱིར་རོ། །དྲི་མ་མེད་པའི་བསམ་པ་ནི་དྲི་མ་དྲུག་དང་བྲལ་བའི་ཕྱིར་རོ། །ཇི་སྐད་དུ། གཞན་ཡང་ཉོན་མོངས་དྲི་མ་དྲུག །སྒྱུ་དང་གཡོ་དང་རྒྱགས་པ་དང་། །དེ་བཞིན་འཚིག་དང་ཁོན་འཛིན་དང་། །རྣམ་འཚེའོ་ཞེས་བཤད་པ་ལྟ་བུའོ། །གསལ་བའི་བསམ་པ་ནི་ཉོན་མོངས་
པའི་མུན་པ་སེལ་བའི་ཕྱིར་རོ། །སྦྱོར་བ་ཕུན་སུམ་ཚོགས་པ་ནི། །ཁུར་ཀུན་བཟོད་པ་ཞེས་རྐང་པ་ཕྱེད་དང་གསུམ་མོ། །དེ་ལ་ཁུར་བཟོད་པ་ནི་གཞན་གྱི་དོན་བྱེད་པ་ན་སྐྱོ་བ་མེད་པའོ། །དེ་སྐད་དུ་ཡང་། དཔེར་ན་རབ་དུལ་སྟོབས་ལྡན་གླང་པོ་ཆེ། །ཁལ་རྣམས་ཁྱེར་ཀྱང་སྐྱོ་བར་འགྱུར་བ་མེད། །དེ་
བཞིན་བྱང་ཆུབ་སེམས་དཔའ་རབ་དུལ་བ། །སེམས་ཅན་ཁུར་གྱིས་སྐྱོ་བར་འགྱུར་བ་མེད། །ཅེས་པ་དང་། ཡང་། སེམས་ཅན་ཁུར་ཆེན་མགོ་ལ་ཁྱེར་བ་ཡི། །སེམས་པ་མཆོག་ནི་དལ་གྱིས་འགྲོ་མི་མཛེས། །བདག་གཞན་འཆིང་བ་སྣ་ཚོགས་རབ་བཅིངས་པས། །བརྩོན་པ་བརྒྱ་འགྱུར་
གྱིས་ནི་བྱ་བར་རིགས། །ཞེས་བཤད་པ་ལྟ་བུའོ། །སྐྱེ་བོ་ཀུན་གྱིས་དགེ་འདུན་ལ་ལེགས་པར་སྒྲུབ་པ་ཐམས་ཅད་དོ། །ཉེ་བར་སྤྱད་བྱ་ནི་མཐོ་རིས་དང་ཐར་པའོ། །དེ་གནས་པ་ནི་དེ་ཐོབ་པའི་རྟེན་བྱེད་པའོ། །འོ་ན་དགེ་འདུན་ནི་འགྲོ་བ་གཞན་གྱི་རྟེན་ཅན་ཡང་མ་ཡིན་ནམ། མིའི་གཟུགས་ཅན་
ཁོ་ནར་བརྗོད་པ་ཇི་ལྟ་བུ་ཞེ་ན། ཕལ་ཆེ་བའི་ཕྱིར་རོ། །དེ་ལྟར་མཆོད་པར་བརྗོད་ནས། གདམས་ངག་བརྗོད་པའི་དམ་པའི་ཆོས་མི་འཛིན་པའི་ཉེས་པ་ནི། གང་དག་ཅེས་ཚིགས་སུ་བཅད་པ་གཅིག་གོ། །བསྟན་པ་འདིར་མི་འཇུག་པ་གང་དག་སྐྱེ་བ་ནི་མངལ་ལ་སོགས་པ་ནས་འབྱུང་བའོ། །

རྒ་བ་ནི་ན་ཚོད་གྱུར་པའོ། །ཤི་བ་ནི་སྲོག་གྱུར་པའོ། །བདུད་རྩི་ནི་དམ་པའི་ཆོས་སོ། །དེ་ཐོས་པས་ཐོབ་པར་མི་ཕྱེད། བསམ་པས་མི་སྤྱོད། སྒོམ་པས་འཛིན་པར་མི་བྱེད་པའོ། །ཡང་ན་བསླབ་པ་གསུམ་དང་རིམ་པ་བཞིན་ནོ། །ཡང་ན་ཐེག་པ་གསུམ་དང་
ངོ་། །དེ་ལ་ཉེས་པ་ཅི་ཡོད་ཅེ་ན། །དེ་དག་ཉེས་མང་ཞེས་རྐང་པ་གཉིས་སོ། །བཟུང་ནས་བཏང་བའི་ཉེས་པ་ནི། །འགྲོ་བ་ཀུན་གྱི་ཞེས་ཚིགས་སུ་བཅད་པ་གཅིག་གོ། །མིག་ནི་ཆོས་ཏེ། ལམ་དང་ལམ་མ་ཡིན་པ་མཐོང་བར་བྱེད་པའི་ཕྱིར་རོ། །དྲི་མ་མེད་པའི་ལུང་ནི་དྲི་མ་མེད་པའི་
རྗོད་བྱེད་ཡིན་ལ། རྟོགས་པ་ནི་དེའི་རྒྱུ་ཡིན་པའི་ཕྱིར་རོ། །ས་གསུམ་ནི་ཁམས་གསུམ་མོ། །བཟུང་ནས་མ་བཏང་བའི་ཕན་ཡོན་ནི། བྱང་ཆུབ་ཅེས་རྐང་པ་བཞིའོ། །བསླབ་པའི་གཞི་བཅས་པ་ནི་སྒྲུབ་པ་དང་སྤང་བར་ཁས་བླངས་པ་རྣམས་སོ། །རྐང་ཚུགས་རྟོན་པ་ནི་ཁས་
བླངས་པ་རྣམས་མི་ཉམས་པར་བྱེད་པའོ། །གོ་འཕང་ཆེན་པོ་ནི་མཐོ་རིས་སོ། །གོ་འཕོང་མཐོ་བ་ནི་ཐར་པའོ། །ས་གཉུག་མར་ལྟུང་བ་ནི་མི་ཁོམ་པར་སྐྱེ་བའོ། །ཚུལ་ཁྲིམས་ནི་སྲིད་པའི་རྒྱ་མཚོ་ལས་རྒལ་བའི་རྟེན་བྱེད་པའི་གཟིངས་སུ་གྱུར་པའོ། །ལག་ཏུ་འོང་བ་ནི་དེ་ཐོབ་པའོ། །
སྤོང་བ་ནི་དེ་སྟོང་པའམ་ཉམས་པར་བྱེད་པའོ། །སྤོང་མོད་ཉེས་པ་ཅིར་འགྱུར་ཞེ་ན། འཕགས་པའི་ཞེས་རྐང་པ་གཉིས་སོ། །གཡང་ས་ནི་ངན་འགྲོར་འགྲོ་བ་སྟེ། བདེ་འགྲོ་ནས་ཐུར་དུ་ལྟུང་བའི་ཕྱིར་རོ། །དེ་སྐད་དུ་ཡང་། འདི་འོག་སྟོང་ཕྲག་ཉི་ཤུ་ན། མནར་མེད་པའོ། །དེ་ཙམ་ཞེས་པ་
པ་དང་། ཡང་དཔག་ཚད་སྟོང་དུ་ལྟུང་བ་ཡིས། །ཡུན་རིངས་གཡང་ས་སྨོས་ཅི་དགོས། །ཞེས་བཤད་པ་ལྟ་བུའོ། །ལྡང་བར་བརྩོན་པ་ནི་གཡང་ས་དང་མུན་པ་ནས་ཐར་པར་འདོད་པའོ། །ཚུལ་ཁྲིམས་ལ་སོགས་པའི་ཡོན་ཏན་རྒྱུན་མི་འཆད་པར་སྨྱུག་མའམ། ནར་མར་བསྟན་པར་བྱ་བའི་
འདྲེན་པ་སྟེ། དཔྱང་ཐག་གམ་ཞགས་པ་ལྟ་བུའོ། །བར་མ་དོར་འདོར་བ་ནི་དེ་སྤོང་བའོ། །དོར་མོད་ཉེས་པ་ཅིར་འགྱུར་ཞེ་ན། དེ་དག་ཅེས་རྐང་པ་གཅིག་གོ། །ལམ་ཇི་ལྟར་བསྒྲུབ་པའི་ཐབས་སྟོན་པ་ན་ཚུལ་བཞིན་ཡིད་ལ་བྱེད་པ་ནི། གང་དག་ཅེས་ཚིགས་སུ་བཅད་པ་གཅིག་གོ། །ཐར་

པ་ཆོལ་བ་གང་དག་གཅིག་པུར་གནས་སམ། འང་གི་སྒྲས་མང་པོའི་ཚོགས་ན་གནས་ཀྱང་རུང་། ཡིད་ཀྱིས་རབ་བརྟགས་ནི་འདི་སྙམ་དུ་བདག་གི་སྒོ་གསུམ་ལས་གསུམ་པོ་གང་ལ་འཇུག་སྙམ་དུ་དཔྱོད་པའོ། །དེ་ལྟར་དཔྱད་པས་སྒོ་གསུམ་དགེ་བ་ལ་འཇུག་ན་དེ་ལ་སྦྱོར་ཞིང་གཉིས་ལ་འཇུག་ན་དེ་དག་ལས་
བཟློག་པར་བྱའོ་ཞེས་སྟོན་པ་ནི་ཡང་དག་ལས་དང་ཞེས་རྐང་པ་གཅིག་གོ། །ཡང་དག་པའི་ལས་ནི་དགེ་བའོ། །ལྷན་ཅིག་ནི་ཡུལ་དང་དུས་ཀུན་དུའོ། །མཉམ་པར་འགྲོགས་པ་ནི་དེ་ལུས་དང་སྲོག་གི་ཕྱིར་ཡང་མི་འདོར་བའོ། །ཡང་ན་དེ་ལ་འཇུག་པར་སློབ་པའོ། །དེས་ཕན་ཡོན་ཅི་
ཐོབ་ཅེ་ན། །ས་སྟེང་ཞེས་རྐང་པ་གཉིས་སོ། །ས་སྟེང་དཀྱིལ་ན་སྟེ་མི་རྣམས་ཀྱི་དབུས་ནའོ། །གཙོ་བོར་གྱུར་པ་ནི་དགེ་བ་སྒྲུབ་པའོ། །དམ་པ་ནི་མི་དགེ་བ་སྤོང་བའོ། །ཡང་ན་ཚུལ་ཁྲིམས་ནི་མ་ཐོབ་པ་ཐོབ་པར་བྱེད་པ་དང་། །ཐོབ་པ་མི་ཉམས་པར་བྱེད་པ་སྟེ་ཚིག་གཉིས་དང་རིམ་
པ་བཞིན་ནོ། །སློབ་མ་མཆོག་ནི་དེ་ལེན་པའོ། །བླ་མ་ནི་དེ་སྦྱིན་པའོ། །བཀུར་བ་ཉིད་དུ་འགྱུར་ཏེ། དེས་དེ་ལ་སྒྲུབ་པའི་མཆོད་པ་ཕུལ་བའི་ཕྱིར་རོ། །ངོ་ཚ་ཤེས་པ་ནི་ངོ་ཚ་ཞེས་ཚིགས་སུ་བཅད་པ་གཅིག་གོ། །དཔེར་ན་མ་ནི་བུའི་ལུས་སྐྱེད་པ་དང་། རིགས་བཙུན་པ་དང་། བུ་ལ་
གཡོ་མི་བྱེད་པ་དང་། བུ་ལ་བྱམས་པ་དང་། བུའི་རྗེས་སུ་འབྲང་བ་དང་། བུ་ལ་བདེན་པར་སྨྲ་བ་དང་། བུ་ལ་གཞུང་ལུགས་ཆེ་བ་དང་། བུ་སྐྱོང་བ་ལ་དགའ་བ་དང་། བྲན་མོ་ལ་སོགས་པ་ཟིལ་གྱིས་གནོན་པའི་གཟི་བརྗིད་ཆེ་བ་དང་། རང་གི་སྲོག་གཏོང་གི་བུ་མི་གཏོང་བ་སྟེ། ཆོས་བཅུ་
དང་ལྡན་པ་བཞིན་དུ་ངོ་ཚ་ཤེས་པ་ཡང་ངོ་། །ངོ་ཚ་ཤེས་པ་རྣམས་ནི་རང་གི་སྲོག་བདེ་བླག་ཏུ་གཏོང་བར་བྱེད་ཀྱི་དམ་བཅས་པའི་བསླབ་པ་རྣམས་མི་གཏོང་བ་ཡིན་ཏེ། མདོ་ལས་དགེ་ཚུལ་ཕ་ལ་བུ་མོས་གསོལ་བ་བཏབ་པ་ན་ཚུལ་ཁྲིམས་ཀྱི་དོན་དུ་རང་གི་སྲོག་དོར་བའི་གཏམ་རྒྱ་ཆེར་གསུངས་
བ་ལྟ་བུའོ། །ཁྲེལ་ཡོད་པ་ནི་རེ་ཞིག་ཅེས་ཚིགས་སུ་བཅད་པ་གཅིག་གོ། །དམ་བཅའ་བ་བཏང་མོད་ཉེས་པ་ཅིར་འགྱུར་ཞེ་ན། རེ་ཞིག་སྐྱེ་བོ་ཀུན་གྱི་དཔྱས་དང་ཞེས་སྨོས་ཏེ། མཛའ་བ་དང་མི་མཛའ་བ་དང་བར་མ་ཐམས་ཅད་ཀྱིས་ཉེས་པ་སྒྲོགས་པའམ། སྡིག་པའི་འགྲོ་བ་ནི་ངན་

སོང་རྣམས་ཏེ་དེ་དག་ནི་མི་དགེ་བ་ལས་སྐྱེས་པའི་ཕྱིར་རོ། །རང་བཞིན་རྣལ་མ་བོར་བ་ནི་སྔོན་གྱི་གྲོལ་སོ་དང་ཆོས་དང་ཟང་ཟིང་གི་ལོངས་སྤྱོད་ལས་ཉམས་པའོ། །མཁས་ལ་ས་སྟེང་ནི་ཚུལ་ཁྲིམས་ཉམས་པ་དེ་ཁོ་ན་སྡུག་བསྔལ་ཆེའོ། །དེ་ལས་མ་གཏོགས་པའི་
སྡུག་བསྔལ་གཞན་ཅི་ཡོད། ལམ་མི་སྒྲུབ་པའི་ཉེས་པ་སྟོན་པའི་སྲེད་པས་སླུ་བར་འགྱུར་བ་ནི། གང་ཞིག་ཅེས་ཚིགས་སུ་བཅད་པ་གཅིག་གོ། །ཆོས་ཀྱི་ལམ་ནི་ཐེག་པ་གསུམ་སྟེ། རིགས་ཅན་གསུམ་གྱིས་བགྲོད་པར་བྱ་བའི་ཕྱིར་རོ། །རྒྱ་ཆེན་པོ་ནི་ཕན་ཡོན་ཤིན་ཏུ་རྒྱ་ཆེ་པའོ། །
ཡང་ན་ཐེག་པ་ཆེན་པོའོ། །དོར་མོད་ཉེས་པ་ཅིར་འགྱུར་ཞེ་ན། འཁོར་བའི་རྒྱ་མཚོ་ཞེས་རྐང་པ་གཉིས་སོ། །གར་མཁན་གྱི་ལུས་ཀྱི་བྱེད་པ་མི་རྟག་པ་དང་འདྲ་བར་རོ། །དགའ་བ་ནི་རྗེས་སུ་ཆགས་པའོ། བསླུས་པ་ནི་མཐོ་རིས་དང་ཐར་པ་ལས་ཉམས་པའོ། །འཁོར་བར་འཁྱམས་
པར་འགྱུར་བ་སྟེ། གང་ཞིག་འཁོར་བའི་ཞེས་ཚིགས་སུ་བཅད་པ་གཅིག་གོ། །རྟག་ཏུ་འགྱུར་བ་ནི་འགྲོ་བ་གཅིག་ནས་གཅིག་ཏུ་འཕོ་བའོ། །བསྟི་བ་ཙམ་ནི་འདོད་པའི་ཡུལ་ལྔ་ཐོབ་པའོ། །མཉམ་པ་ནི་ལྷ་དང་མི་རྣམས་སོ། །མི་མཉམ་པ་ནི་ངན་འགྲོ་རྣམས་སོ། །འཁྱམས་མོད་
ཉེས་པ་ཅིར་འགྱུར་ཞེ་ན། སྡུག་བསྔལ་གྱིས་གཟིར་བར་འགྱུར་ཞེས་སྟོན་པ་ན། ཐོག་མར་མིའི་དབང་དུ་བྱས་ནས་མངལ་གྱི་སྡུག་བསྔལ་ནི། ཤིན་ཏུ་མི་བཟོད་ཅེས་ཚིགས་སུ་བཅད་པ་གཅིག་གོ། །སྐྱེ་བའི་སྡུག་བསྔལ་སྟོན་པའི་ཤིན་ཏུ་དོག་པ་ནི། དེ་ནི་ཞེས་རྐང་པ་གཉིས་སོ། །
སྲོག་མི་སྤང་བ་ནི། འོན་ཀྱང་ཞེས་པ་རྐང་པ་གཉིས་སོ། །མི་གཙང་བས་གཟིར་བ་ནི་མི་གཙང་ཞེས་རྐང་པ་གཉིས་སོ། །ལུས་དང་སེམས་ཉམས་པར་འགྱུར་བ་ནི་གནོད་པ་ཞེས་པ་རྐང་པ་གཉིས་སོ། །སྔོན་གྱི་དྲན་པ་སྤོང་བ་ནི་མངལ་གྱི་སྡུག་བསྔལ་རྣམས་བརྗེད་པའོ། །བྱིས་པའི་སྡུག་
བསྔལ་ནི་ལུས་ཞེས་རྐང་པ་གཉིས་སོ། །ཉེ་བར་སྤྱོད་པ་ཀུན་ལ་མི་འབོངས་པ་ནི་དེས་སྒོ་གསུམ་གྱི་ལས་ཡོངས་སུ་རྫོགས་པར་མི་ནུས་པའོ། །དར་ལ་བབ་པའི་སྡུག་བསྔལ་སྟོན་པའི་སྦྱོར་བ་ཉམས་པ་ནི་དར་ལ་བབ་ཅེས་རྐང་པ་གཉིས་སོ། །སྦྲུལ་གདུག་ནི་འདོད་ཆགས་ལ་སོགས་

པའོ། །གནས་གྱུར་ནི་རྟེན་བྱེད་པའོ། །མུ་ནི་མཐའ་སྟེ་འདོད་པ་ལྔའོ། །བག་རྐྱོང་བ་ནི་ངོ་ཚ་བ་དང་འཇིགས་པ་མེད་པར་རོ། །སྤྱོད་མོད་ཉེས་པ་ཅིར་འགྱུར་ཞེ་ན། བསམ་པ་ཉམས་པ་ནི། བསམ་བརླག་ཅེས་ཚིགས་སུ་བཅད་པ་གཅིག་གོ། །དགེ་བའི་བསམ་པ་བརླག་པ་དེ་ནི་
དར་ལ་བབ་པ་དེ་ནས་ཀྱང་རྒན་པོར་ལྷུང་ངོ་། །མི་གཙིགས་སྤྱོད་པ་མི་འདོར་བ་ནི་སྒོ་གསུམ་ཞི་བར་སྤྱོད་པའོ། །དེ་མི་འདོར་ཅིའི་ཕྱིར་ཞེ་ན། རྒ་ཤི་མེད་པར་ལྟ་བའི་ཕྱིར་ཞེས་སྟོན་པ་ནི། བྱིས་པ་བདག་ལུས་ཞེས་རྐང་པ་གཉིས་སོ། །ལམ་ལས་ཉམས་པ་ནི་རྨོངས་པ་ཞེས་ཚིགས་
སུ་བཅད་པ་གཅིག་གོ། །དེ་ལྟར་སེམས་པ་མེད་ན་ཉེས་པ་ཅིར་འགྱུར་ཞེ་ན། རྨོངས་པ་ཞེས་སྨོས་ཏེ། བླང་བྱ་དང་དོར་བྱ་མི་ཤེས་པའོ། །ལམ་བཟང་ནི་སྦྱིན་པ་ལ་སོགས་པ་སྟེ་འབྲས་བུ་ཡིད་དུ་འོང་བ་འབྱིན་པའི་ཕྱིར་རོ། །ལམ་མིན་ནི་མི་དགེ་བ་སྲོག་གཅོད་པ་ལ་སོགས་པ་སྟེ་འབྲས་བུ་
ཡིད་དུ་མི་འོང་བ་འབྱིན་པའི་ཕྱིར་རོ། །བབ་དགུ་ནི་རྩྭ་ཤིང་ལ་སོགས་པ་གླང་པོའི་ལམ་དུ་བབ་པ་ཐམས་ཅད་ཕྱེ་མར་རློག་ཅིང་འགྲོ་བ་བཞིན་དུ་མཐོ་རིས་དང་ཐར་པ་ཕྱེ་མར་རློག་ཅིང་ངན་སོང་འཁོར་བར་འགྲོ་བའོ། །རྒ་བའི་སྡུག་བསྔལ་སྟོན་པའི་དགའ་བས་ལུས་དབང་སྒྱུར་བ་ནི། དེ་ནས་དེ་ནི་
ཞེས་ཚིགས་སུ་བཅད་པ་གཅིག་གོ། །དར་ལ་བབ་པ་ནི་དེ་ནས་མི་གཙིགས་པ་དེ་ནིའོ། །དགེ་བའི་ཆོས་འགྲིབ་པར་འགྱུར་བ་ནི། འོན་ཀྱང་ཞེས་རྐང་པ་གཉིས་སོ། །མི་དགེ་བ་འཕེལ་བར་འགྱུར་བ་ནི། རྨོངས་པ་ཞེས་རྐང་པ་གཉིས་སོ། །རང་གི་ཕུན་སུམ་ཚོགས་པ་ཉམས་པར་འགྱུར་བ་སྟོན་
པ་ན་སྐྲ་ཉམས་པ་ནི་དེ་ནས་དེ་ནི་ཞེས་ཚིགས་སུ་བཅད་པ་གཅིག་གོ། །དགོད་པ་བཞིན་དུ་ཞེས་པ་ནི་སྐྱེ་བོ་རྣམས་དགོད་པའི་ཚེ་སོ་དཀར་པོ་སྣང་བ་བཞིན་དུ་རྒས་པས་སྐྲ་དཀར་པོ་སྣང་བའོ། །ལུས་དང་བསམ་པ་ཉམས་པ་ནི་དེ་ནས་དེའི་ལྷུ་ཚིགས་ཞེས་ཚིགས་སུ་བཅད་པ་གཅིག་གོ། །བློ་བསླད་
པ་ནི་སེམས་འཁྲུགས་ཤིང་དྲན་པ་ཉམས་པའོ། །འགྲོ་བ་ཉམས་པ་ནི་ཡུལ་གཞན་དུ་འགྲོ་བ་ན་འཁར་བ་འམ་བཞོན་པ་མེད་ན་འགྲོ་མི་ནུས་པའོ། །དེ་སྐད་དུ་ཡང་། ཁ་ལོ་སྒྱུར་བ་མི་རིད་ཉམ་ཆུང་ཞིང་། །ཤ་ཁྲག་བསྐམས་ཤིང་རྒྱུས་ལྤགས་ཉི་ཚེས་དཀྲིས། །མགོ་དཀར་སོ་རྒལ་ལུས་ནི་

རབ་སྐེམ་ལ། །འཁར་བར་བརྟེན་ཅིང་མི་བདེ་ཁྱོགས་འགྲོ་སུ། །ཞེས་གསུངས་སོ། །དེངས་པ་ནི་མདངས་ཡལ་བའོ། །ཤིག་ཤིག་པོ་ནི་ཚིགས་རྣམས་འཁྲུལ་པའོ། །དབང་པོ་ཉམས་པ་ནི་དབང་པོ་ཞེས་རྐང་པ་གཅིག་གོ། །འདོད་པ་བསྟེན་པ་ཉམས་པ་ནི།
ཡུལ་ལ་ཞེས་རྐང་པ་གཅིག་གོ། །འཇིགས་པ་སྐྱེད་པ་ནི། གནས་སྐབས་ཞེས་རྐང་པ་གཉིས་སོ། །རྒ་བའི་གནས་སྐབས་གང་དུ་དར་ལ་བབ་པ་འདི་འགྲོ་བར་འགྱུར་བའོ། །འཆི་བའི་སྡུག་བསྔལ་སྟོན་པ་ནི་འགྱོད་པའི་སྡུག་བསྔལ་བ་ནི། བདག་གིས་ཞེས་ཚིགས་སུ་བཅད་པ་གཅིག་
གོ། །འདི་མ་བྱས་བ་ནི་དགེ་བ་མ་བྱས་པའོ། །དེ་ལ་བྱས་པ་ནི་སྡིག་པ་དེ་སྤྱད་པའོ། །འགྲོ་བ་ཉམས་པ་ནི་བདེ་འགྲོ་ནས་ལྟུང་བའོ། །འཕྲིགས་པར་མ་གྱུར་པ་ནི་དེ་ལྟར་མ་ཤེས་པའོ། །མྱ་ངན་གྱིས་སྡུག་བསྔལ་བ་ནི་མྱ་ངན་ཞེས་ཚིགས་སུ་བཅད་པ་གཅིག་གོ། །རྡོ་རྗེ་བསྣུན་པས་ལུས་
ལ་གནོད་པ་དེ་ལྟ་བུར་མྱ་ངན་སྐྱེ་བས་