Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 173

Văn bản gốc(Tây Tạng)

Trang 3 / 12 (50.000 ký tự/trang)
ྱོད་ཀྱིས་མ་མཐོང་བ། །ཐོས་སམ་འོན་ཏེ་ཐེ་ཚོམ་ཟ། །ཁམས་གསུམ་འདི་དག་ཐམས་ཅད་ལ། །མི་རྟག་མེ་ཡིས་བསྲེགས་གྱུར་པ། །དགོན་པར་མེ་ནི་འབར་བ་ཡིས། །དགོན་པའི་མེ་ཏོག་ཇི་ལྟ་བཞིན། །རྟག་པར་འདུ་

ཤེས་རྣམས་ལོག་ན། །སྲིད་རྩེ་ལས་ཀྱང་འགྲོ་བ་རྣམས། །འཆི་བའི་ཞགས་པས་དྲངས་གྱུར་པ། །ཞགས་པས་གླང་པོ་བཞིན་དུའོ། །བསམ་གཏན་ལས་སྐྱེས་བདེ་བ་མྱོང་། །ཚངས་པས་ཚངས་པའི་གནས་ལས་ཀྱང་། །མི་རྟག་ཕྱིར་ནི་ལྷུང་གྱུར་པ། །ཆུ་ཡིས་ཀླུང་གི་འགྲམ་ས་
བཞིན། །བརྒྱ་བྱིན་དག་ནི་སྟོང་རྣམས་ཀྱང་། །འཁོར་ལོས་སྒྱུར་བ་བརྒྱ་དག་དང་། །དུས་ཀྱིས་འཆི་བར་འགྱུར་བ་ནི། །མར་མེ་འབར་བ་རླུང་གིས་བཞིན། །དྲང་སྲོང་ཆེན་པོ་ལྔ་མངོན་ཤེས། །མཁའ་ལ་རྒྱང་རིང་འགྲོ་བ་ཡང་། །གང་ན་སྤྱོད་ཡུལ་འཆི་མེད་པ། །དེར་ནི་འགྲོ་བར་ནུས་པ་
མེད། །གང་དུ་ས་རྣམས་བསྲེག་འགྱུར་ཏེ། །ལྷུན་པོའང་ཐལ་བར་འཇིག་པ་དང་། །རྒྱ་མཚོའི་ཆུ་ཡང་སྐམ་འགྱུར་ན། །ལུས་ཅན་དེ་དག་ལྟ་ཅི་སྨོས། །ཅི་སྟེ་སངས་རྒྱས་རྣམས་ཀྱི་སྐུ། །མཚན་དང་དཔེ་བྱེད་ཀྱིས་བརྒྱན་པ། །རྡོ་རྗེའི་སྐུ་ཡང་མི་རྟག་ན། །ཆུ་ཤིང་སྙིང་པོའང་མེད་འདྲ་བའི། །
ལུས་ཅན་གཞན་རྣམས་སྨོས་ཅི་དགོས། །གཉེན་གྱིས་ཕང་དུ་བླངས་པ་ཡི། །སྐྱེ་བོ་རྣམས་ཀྱང་འཆི་བས་འཕྲོགས། །རྒྱ་མཚོའི་ནང་ན་གནས་པ་ཡི། །ཀླུ་ལ་ནམ་མཁའ་ལྡིང་གིས་བཞིན། །ཀྱི་ཧུད་མི་སྲོག་ཀྱེ་གཉེན་ཞེས། །ཤིན་ཏུ་སྡུག་བསྔལ་ངུ་འབོད་པ། །ཇི་ལྟར་སྦྲུལ་གྱིས་སྦལ་
པ་བཞིན། །འགྲོ་བ་རྣམས་ནི་འཆི་བས་མིད། །རབ་ཏུ་བགྲོད་དཀའི་དོན་གྱི་མཐར། །མ་ཕྱིན་པར་ནི་འཇིག་རྟེན་འདི། །རབ་ཏུ་ཞི་བའི་ཁར་བཅུག་པ། །ཆུ་སྲིན་གནས་སུ་ཆུ་འབེབས་བཞིན། །གང་དུས་འཇིག་རྟེན་ཕ་རོལ་དུ། །འགྲོ་བའི་རྗེས་འགྲོ་དགའ་མེད་ན། །དགྲའམ་ཇི་སྟེ་མཛའ་
སྡུག་རྣམས། །འདི་ལ་བྱེ་བྲག་མེད་པར་འགྱུར། །སྐྱེ་བོ་གཞན་ལ་བྱམས་བྱེད་ཕྱིར། །སྐྱེ་བོ་རང་འཁོར་འདུ་ཤེས་པ། །བསམ་པའི་འདམ་དུ་བྱིང་བ་ནི། །གླང་པོ་འདམ་དུ་བྱིང་བ་བཞིན། །ཁྱོད་ཀྱི་ཇི་སྙེད་བཤེས་གཉེན་རྣམས། །འཁོར་བའི་ནང་ན་གླང་བོར་བ། །གང་གའི་བྱེ་མ་རྣམས་
ལ་ཡང་། །དེ་རྣམས་ཙམ་དུ་ཡོད་མ་ཡིན། །གང་ཉིད་ཁྱོད་ཀྱིས་རབ་བསྒྲིམས་ཏེ། །བཙེ་བའི་བུ་ཡི་འདུ་ཤེས་པ། །དེ་ཉིད་ཚེ་རབས་གཞན་དུས་ན། །རྡེག་པར་བྱེད་ཅིང་དགྲར་འདུ་ཤེས། །རང་གིས་ཤེས་པའི་ནུ་མ་ཡང་། །ཁྱོད་ཀྱིས་འཐུང་བའི་སྲིད་གཞན་ལ། །དེ་ཡིས་ཁྲག་ཉིད་འཐུང་

བ་དང་། །རྒྱབ་ནས་ཤ་ཡང་ཟོས་པ་ཡིན། །གང་ཁྱོད་འདི་ལྟར་འཁོར་གྱུར་ཏེ། །མགོ་ལ་ལན་གྲངས་བརྒྱར་རྗེད་པ། །དེ་ཉིད་བྲན་གྱུར་ཁྱོད་ཡིན་ཏེ། །རྟོགས་པས་ལན་གྲངས་བརྒྱར་ཡང་བརྟག །འགྲོ་བའི་རྒྱུ་ཡི་དངོས་པོ་ཡིས། །སྔོན་བཅས་གཞན་དུ་སྣང་གྱུར་
པ། །གཞན་ན་ཡོངས་སུ་འགྱུར་བ་སྟེ། །རྨེ་བདུན་དྲང་སྲོང་བདུན་ཚོགས་བཞིན། །ཇི་ལྟར་ནམ་མཁའི་ཆར་ཐིགས་ནི། །ཚོགས་ཤིང་རྣམ་པར་འཇིག་འགྱུར་པ། །དེ་བཞིན་འཁོར་བའི་སྲོག་ཆགས་ཀྱང་། །ཚོགས་ཤིང་རྣམ་པར་འཇིག་པར་འགྱུར། །ལྡན་པ་དང་ནི་བྲལ་བ་ཡི། །ལུས་
ཅན་རྣམས་ནི་ཡུད་ཙམ་སྟེ། །འབབ་ཆུ་དབའ་ཀློང་འཁྱིལ་ཤུགས་ལ། །ཤིང་དག་ཇི་ལྟར་བཙུགས་པ་བཞིན། །ངོ་མཚར་ཆེ་འོ་མ་རིག་མཐུ། །གང་གིས་འགྲོ་བ་རྣམས་རྨོངས་པའི། །བྲལ་བའི་སྡུག་བསྔལ་དྲན་ཉམས་ཤིང་། །ལྡན་པ་རྣམས་ལ་སྲེད་པར་བྱེད། །གཙང་མའི་གནས་
རྣམས་མ་གཏོགས་པར། །སྣ་ཚོགས་ལས་ཀྱིས་ཆས་ནས་སུ། །བྲོས་པ་གང་དུའང་མི་ལྟུང་བ། །སེམས་ཅན་འགའ་ཡང་ཡོད་མ་ཡིན། །ཡང་དང་ཡང་དུ་དམྱལ་བ་ན། །ཟངས་ཞུན་བསྐོལ་བ་གང་འཐུངས་པ། །རྒྱ་མཚོ་ནང་གི་ཆུ་ལ་ཡང་། །དེ་ཡི་ཚད་ཙམ་ཡོད་མ་ཡིན། །ཁྱི་དང་ཕག་
ཏུ་གྱུར་པ་ན། །མི་གཙང་བ་ནི་གང་ཟོས་པ། །རི་ཡི་རྒྱལ་པོ་ལྷུན་པོ་ཡི། །ཚད་ལས་ཤིན་ཏུ་ལྷག་པར་འགྱུར། །མཛའ་བཤེས་རབ་ཏུ་བྲལ་བ་ཡི། །འཁོར་བའི་གནས་སུ་གང་དུས་པ། །མིག་གི་མཆི་མའི་ཐིགས་པ་ཡིས། །སྣོད་དུ་རྒྱ་མཚོའང་རུང་བ་ཡིན། །ཕན་ཚུན་དག་ཏུ་རྩོད་པའི་
ཕྱིར། །མགོ་བོ་བཅད་པ་གང་ཡིན་པ། །སྤུངས་ན་དེ་ལྟར་མཐོ་བ་ནི། །ཚངས་པའི་འཇིག་རྟེན་ལས་ཀྱང་ཐལ། །སྲིན་པོར་གྱུར་ཅིང་རབ་བཀྲེས་པས། །ལུས་ནི་ཟོས་པ་གང་ཡིན་པ། །འོ་མའི་རྒྱ་མཚོ་ཆེ་ནང་དུ། །དེ་ཡིས་བཀང་ན་ཤིན་ཏུ་གང་། །ཡི་དགས་འཇིག་རྟེན་མི་བཟད་པར། །བཀྲེས་
སྐོམ་སྡུག་བསྔལ་གང་མྱོང་བ། །དེ་ནི་དྲན་ཕྱིར་རང་གི་སྙིང་། །རང་གི་ཤ་ཡང་འདོད་མི་འགྱུར། །མི་ལ་དབུལ་བའི་ཉེས་པ་ཡིས། །མཐོ་བཙམས་པ་ནི་གང་མྱོང་བ། །བརྗོད་པ་བདག་ལ་མཐུ་མེད་པ། །རང་གི་ལྕེ་ལ་ངོ་ཚ་ཞིང་། །རི་བོའི་ངོས་ལ་ཡུན་རིང་དུས། །ལྷ་ཡི་བདེ་བ་མྱོང་གྱུར་

པ། །ལྷ་རྫས་ཡུལ་གྱིས་མི་ངོམས་ཏེ། ཤིང་སྐམ་པ་ལ་མེ་བཞིན་དུ། །དགེ་བའི་ལས་རྣམས་ཡོངས་ཟད་པས། །བདེ་འགྲོ་ལས་ཀྱང་ཤི་འཕོས་ཏེ། །ཚེ་ཟད་ས་ལ་ལྷུང་བ་ནི། །འདབ་ཆགས་བྱ་ནི་མཁའ་ལ་བཞིན། །ལས་ཀྱི་ཤུགས་ཀྱིས་འགྲོ་བ་འདི། །གང་ཕྱིར་འཁོར་ལོ་
བཞིན་དུ་འཁོར། །དེ་བས་ཆགས་པ་ཡོངས་སྤངས་ཤིང་། །ཐར་པ་ལ་ནི་བློ་ཞེན་བྱ། །མྱ་ངན་བསལ་བ་ཞེས་བྱ་བ། སློབ་དཔོན་རྟ་དབྱངས་ཀྱིས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཨ་ཛི་ཏ་ཤྲཱི་བྷ་དྲ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་ཤཱཀྱ་འོད་ཀྱིས་བསྒྱུར་
ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། ༄༅༅། །རྒྱ་གར་སྐད་དུ། ད་ཤ་ཀུ་ཤ་ལཱ་ཀརྨ་པ་ཐ་ནི་རྡེ་ཤ། བོད་སྐད་དུ། མི་དགེ་བ་བཅུའི་ལས་ཀྱི་ལམ་བསྟན་པ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །མི་དགེ་ལས་ཀྱི་ལམ་བཅུ་ནི། །རང་བཞིན་ཁ་ན་མ་
ཐོ་བཅས། །བདེ་བ་དོན་དུ་གཉེར་བ་ཡིས། །འབད་པ་ཡིས་ནི་སྤང་བར་བྱ། །བཅུ་པོ་དེ་དག་གང་ཞེ་ན། །ལུས་ཀྱི་དབྱེ་བ་རྣམ་གསུམ་སྟེ། །ངག་གི་དབྱེ་བ་རྣམ་པ་བཞི། །ཡིད་ཀྱི་རབ་ཏུ་དབྱེ་བ་གསུམ། །མི་དགེ་བཅུ་རུ་དེ་དག་འདོད། །དེ་རྣམས་རབ་ཏུ་བཤད་པར་བྱ། །དེ་ལ་རེ་ཞིག་
ལུས་ཀྱིས་ནི། །སྲོག་གཅོད་མ་བྱིན་ལེན་ལོག་གཡེམ། །ངག་གི་བརྫུན་ཚིག་ཕྲ་མ་དང་། །ཚིག་རྩུབ་དང་ནི་འཁྱལ་པ་རྣམས། །ཡིད་ཀྱི་ལོག་ལྟ་བརྣབ་སེམས་གནོད། །དེ་ལ་སྲོག་གཅོད་གང་ཞེ་ན། །སྲོག་དང་ལྡན་པར་གྱུར་པ་ལ། །སྲོག་དང་ལྡན་པར་འདུ་ཤེས་ལ། །གནོད་སེམས་ཉེ་
བར་གནས་པ་དང་། །རིམ་པ་བཞིན་དུ་བྱས་ལྡན་དང་། །སྲོག་ནི་བཅད་པར་གྱུར་པ་སྟེ། །ཡན་ལག་ལྔ་པོ་དེ་དག་དང་། །ལྡན་པ་སྲོག་གཅོད་ཡིན་པར་བཤད། །མ་བྱིན་ལེན་པ་གང་ཞེ་ན། །གཞན་དག་གི་ནི་ཡིན་པ་དང་། །གཞན་གྱིས་བདག་གིར་བྱས་པ་དང་། །གཞན་གྱི་ཡིན་པར་
འདུ་ཤེས་དང་། །རྐུ་སེམས་ཉེ་བར་གནས་པ་དང་། །རིམ་པ་བཞིན་དུ་བྱས་ལྡན་དང་། །གནས་ནས་སྤགས་པར་གྱུར་པ་སྟེ། །ཡན་ལག་དྲུག་པོ་དེ་དག་དང་། །ལྡན་པ་མ་བྱིན་ལེན་པར་བཤད། །དེ་ལ་ལོག་གཡེམ་གང་ཞེ་ན། །ལོག་པར་གཡེམ་པ་རྣམ་བཞི་སྟེ། །ཡུལ་མིན་པ་དང་

དུས་མིན་དང་། །ཡན་ལག་མིན་དང་བགྲོད་མིན་པའོ། །དེ་ལའང་ཡུལ་མིན་བྱ་བ་ནི། །དམ་ཆོས་མཆོད་རྟེན་སྐུ་གཟུགས་དང་། །བྱང་ཆུབ་སེམས་དཔའི་བཞུགས་གནས་སྩོགས། །མཁན་པོ་དང་ནི་སློབ་དཔོན་དང་། །ཕ་མ་དྲུང་ན་གནས་པ་ནི། །ཡུལ་མིན་
དེ་རུ་མི་བྱའོ། །དེ་ལ་དུས་མིན་བྱ་བ་ནི། །ཟླ་མཚན་འཛག་དང་སྦྲུམ་མ་དང་། །བུ་ཆུང་དང་བཅས་མི་མྱོས་དང་། །སྡུག་བསྔལ་ཡིད་མི་བདེ་སོགས་དང་། །ཡན་ལག་བརྒྱད་གནས་དུས་མིན་ཡིན། །ཡན་ལག་མིན་པ་གང་ཞེ་ན། །ཁ་དང་བཤང་ལམ་བྱིས་པ་དང་། །བརླ་བསྡམས་
ལག་པས་བསྐྱོད་པ་ཡིན། །བགྲོད་པར་བྱ་མིན་ཞེས་བྱ་ནི། །གཞན་བཟུང་ཆོས་ཀྱི་རྒྱལ་མཚན་ལྡན། །རིགས་ཀྱིས་བསྲུངས་དང་རྒྱལ་མོར་གནས། །གཞན་གྱིས་བླངས་དང་སྨད་འཚོང་དང་། །ཉེ་དུ་དག་དང་འབྲེལ་བ་ནི། །དེ་དག་བགྲོད་བྱ་མིན་པ་ཡིན། །རྣམ་པ་དེ་དག་རྣམས་ལ་ནི། །རང་གི་ཆུང་
མ་བསྟེན་པ་ཡང་། །འདོད་ལོག་སྤྱོད་པར་འགྱུར་བ་ཡིན། །བརྫུན་དུ་སྨྲ་བ་གང་ཞེ་ན། །དངོས་པོ་གནས་པར་གྱུར་པ་དང་། །འདུ་ཤེས་གཞན་དུ་བསྒྱུར་བ་དང་། །བརྫུན་དུ་སྨྲ་བར་གྱུར་པ་དང་། །རིམ་པ་བཞིན་དུ་བྱས་ལྡན་དང་། །ཡན་ལག་ལྔ་པོ་དེ་དག་དང་། །ལྡན་པ་བརྫུན་དུ་སྨྲ་བར་འགྱུར། །
དེ་ལ་ཕྲ་མ་གང་ཞེ་ན། །གཞན་དག་དབྱེ་ཕྱིར་ཕྲ་མ་ཡིན། །དེ་ལ་ཚིག་རྩུབ་གང་ཞེ་ན། །གཞན་གྱི་གནད་བསྣུན་བྱེད་པ་ནི། །ཡིད་དུ་མི་འོང་ཚིག་སྨྲས་ཡིན། །དེ་ལ་འཁྱལ་བ་གང་ཞེ་ན། །འདོད་པས་ཉེ་བར་བླང་བ་དང་། །ཆགས་པ་ཡིད་ནི་ཉེར་བསྐྱེད་ནས། །འབྲེལ་མེད་སྨྲ་བ་འཁྱལ་པ་ཡིན། །
དེ་ལ་བརྣབ་སེམས་གང་ཞེ་ན། །གཞན་གྱི་ནོར་དང་ལོངས་སྤྱོད་ལ། །མཆོག་ཏུ་མངོན་པར་ཆགས་པ་ཡིན། །གནོད་སེམས་ཞེས་བྱ་གང་ཞེ་ན། །སེམས་ཅན་རྣམས་ལ་སྡང་བ་ཡིས། །རྡེག་དང་འཆིང་དང་གནོད་པ་སྟེ། །དེ་དག་སེམས་ཅན་ལ་བྱེད་པའོ། །ལོག་ལྟ་ཞེས་བྱ་གང་ཞེ་ན། །སྦྱིན་
མེད་མཆོད་སྦྱིན་ཡོད་མིན་དང་། །འཇིག་རྟེན་ཕ་རོལ་ཡོད་མིན་དང་། །དགེ་སྦྱོང་བྲམ་ཟེ་ལྷ་རྣམས་མེད། །རྫོགས་སངས་རྒྱས་དང་དགྲ་བཅོམ་དང་། །རང་སངས་རྒྱས་དང་ལེགས་སྤྱོད་དང་། །ཉེས་པར་སྤྱོད་པ་ཡོད་མིན་ཞེས། །བྱ་བ་ལོག་པར་ལྟ་བ་ཡིན། །འཕགས་པ་དྲན་པ་ཉེར་གཞག་དང་། །

ཐེག་པ་ཆེན་པོའི་མདོ་རྣམས་ལས། །བཅོམ་ལྡན་འདས་ཀྱིས་རྒྱས་གསུངས་པ། །འདི་ནི་མདོ་རུ་བསྡུས་པ་ཡིན། །མི་དགེ་ལས་ཀྱི་ལམ་བཅུ་ནི། །དམྱལ་བ་ཆེན་པོའི་རྒྱུ་རུ་བཤད། །དགེ་བཅུ་ལས་ཀྱི་ལམ་བསྟེན་པས། །དམྱལ་ལ་སོགས་པར་ལྟུང་མ་ཡིན། །སེམས་ཅན་རྣམས་ལ་ཕན་
པའི་ཕྱིར། །སྐྱེ་ཞིང་སྐྱེ་བ་རྣམས་སུ་ནི། །གང་ཞིག་སྐྱེ་བ་ལས་རྒྱལ་བའི། །བྱང་ཆུབ་རང་བཞིན་དེས་འགྲུབ་ཤོག །མི་དགེ་བཅུའི་ལས་ཀྱི་ལམ་བསྟན་པ་ཞེས་བྱ་བ། སློབ་དཔོན་རྟ་དབྱངས་ཀྱིས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཨ་ཛི་ཏ་ཤྲཱི་བྷ་དྲ་དང་། ཞུ་ཆེན་གྱི་
ལོ་ཙཱ་བ་དགེ་སློང་ཤཱཀྱ་འོད་ཀྱིས་བསྒྱུར་བའོ།། ༄༅༅། །རྒྱ་གར་སྐད་དུ། །སདྡྷརྨ་སྨྲྀ་ཏི་ཨུ་པསྠཱ་ན་ཀཱ་རི་ཀཱ། བོད་སྐད་དུ། དམ་པའི་ཆོས་དྲན་པ་ཉེ་བར་གཞག་པའི་ཚིག་ལེའུར་བྱས་པ། །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ཡོན་ཏན་ལྡན་ཞིང་དབབ་བྱ་
ཕེབས། །ཡང་དག་ཡེ་ཤེས་སྣང་བ་ལྡན། །རྟག་ཏུ་གཞན་གྱི་དོན་མཛད་པ། །འཇིག་རྟེན་གསུམ་གཙོ་ཕྱག་འཚལ་ལོ། །གང་ལ་བྱེད་པོ་གཞན་མེད་པ། །ལུས་དང་ངག་དང་ཡིད་ཀྱི་ལས། །དགེ་དང་མི་དགེ་རང་བྱས་གང་། །འདི་ཡི་འབྲས་བུ་འཇིག་རྟེན་སྤྱོད། །དེ་ལྟར། འཇིག་རྟེན་
མཁྱེན་པ་ཐུགས་བརྩེས་ནོན། །འཇིག་རྟེན་གསུམ་གཙོ་གཅིག་པོ་ཉིད། །འགྲོ་བའི་དོན་དུ་ལས་གང་དང་། །འབྲས་བུ་གང་དག་ཡིན་གསུང་བ། །དེ་ནི་བདག་གིས་མདོར་བཤད་ཀྱི། །ཁྱོད་ཀྱིས་ཉོན་ལ་དམ་པ་དང་། །དམ་པ་མིན་པའི་རྒྱུ་ཡི་ལས། །བྱ་བ་དང་ནི་སྤངས་པའི་རིགས། །
ཆགས་སྡང་གཏི་མུག་འཇིགས་དང་ཁྲོ། །མི་གང་མི་ནི་གསོད་པ་དང་། །གཞན་ཡང་བསྐྱེད་ནས་གསོད་བྱེད་པ། །དེ་དག་ངེས་པར་ཡང་སོས་འགྲོ། །གང་གི་ཕྱིར་ན་ལོ་སྟོང་ཕྲག །མང་པོར་ཡང་ནི་དེ་དག་ཏུ། །བཏགས་ཤིང་བཏགས་ཤིང་ཡང་འཚོ་བས། །དེ་ཕྱིར་ཡང་སོས་ཡིན་པར་
བཤད། །ཕ་མ་དང་ནི་གྲོགས་དང་གཉེན། །བཤེས་གཉེན་དང་ནི་འཁུ་བྱེད་དང་། །ཕྲ་མ་བརྫུན་ནི་སྨྲ་བའི་མི། །ཐིག་ནག་ཏུ་ནི་འགྲོ་བར་འགྱུར། །གང་ཕྱིར་དེ་ལ་ཤིང་བཞིན་དུ། །ཐིག་ནག་བཏབ་ནས་སོག་ལེ་དང་། །འབར་བ་ཡིས་ནི་གཤོག་བྱེད་དེ། །དེ་ཕྱིར་ཐིག་ནག་ཡིན་པར་

བཤད། །ར་དང་ལུག་དང་ཝ་དག་དང་། །རི་བོང་བྱི་བ་རི་དགས་ཕག །གཞན་ཡང་བསྐྱེད་ནས་གསོད་བྱས་ན། །ལུས་ཅན་བསྡུས་འཇོམས་འགྲོ་བར་འགྱུར། །གང་ཕྱིར་བསྡུས་ནས་དེར་འདོར་ནས། །ཡང་དག་སྲེག་པར་བྱེད་པས་ན། །དེ་ཡི་ཕྱིར་ནི་བསྡུས་འཇོམས་ཏེ། །
དེ་ལྟར་མིང་ནི་དོན་མཐུན་དྲག །འདིར་ནི་ལུས་ཅན་གང་དག་གིས། །ལུས་དང་ངག་ཡིད་ཉོན་མོངས་བྱེད། །གང་དག་ལྷང་འཇུག་གཞན་གཡོ་བྱེད། །མི་དེ་དག་ནི་ངུ་འབོད་འགྲོ། །ད་ནི་དྲག་པོའི་མེ་དག་གིས། །རྒྱུན་མི་འཆད་པར་སྲེག་པས་ན། །གང་ཕྱིར་སྐད་ནི་དྲག་འབྱིན་པས། །དེ་
ཕྱིར་དེ་དག་ངུ་འབོད་ཡིན། །གང་གི་ལྷ་དང་བྲམ་ཟེ་དང་། །བླ་མའི་རྫས་འཕྲོག་སྡུག་བསྔལ་བྱས། །གང་ངག་གཏམས་པ་འཕྲོག་བྱེད་པ། །དེ་དག་ངུ་འབོད་ཆེན་པོར་འགྲོ། །མེས་སྲེག་པ་ནི་དྲག་ཕྱིར་དང་། །ངུ་འབོད་པ་ཡང་ཆེ་ཕྱིར་དང་། །ལྕི་ཞིང་ཆེ་བ་ཉིད་ཀྱི་ཕྱིར། །དེ་ནི་ངུ་འབོད་ཆེན་པོ་ཡིན། །
ཡོན་ཏན་དག་གིས་ཆེ་བ་ལ། །གནོད་པ་དྲག་པོ་བྱས་པ་ལས། །ཕ་མ་བླ་མ་བསད་བྱས་པ། །ངེས་པར་བསྐལ་པར་མནར་མེད་འཚེད། །མེ་དྲག་དེར་ནི་ལུས་ངག་གི །རུས་པ་དག་ཀྱང་ལྷགས་པར་འགྱུར། །གང་ཕྱིར་བདེ་བའི་སྐབས་མེད་པ། །དེ་ཕྱིར་མནར་མེད་ཡིན་པར་བཤད། །ལུས་
ཅན་གང་དག་གཅིག་ལ་གཅིག །གནོད་པར་དགའ་བས་གཡུལ་ངོར་གསོད། །སྡིག་ཅན་དེ་དག་སྡུག་བསྔལ་དང་། །ལྡན་པའི་རལ་གྲིའི་སེམས་ཅན་སྐྱེ། །གང་ཕྱིར་དེ་ཡི་སེན་མོ་ནི། །ལྕགས་བྱས་འབར་རྣོ་དེ་དག་གིས། །གཅིག་གིས་གཅིག་གསོད་གང་ཡིན་དེས། །རལ་གྲི་རྩེ་མོ་ཅན་དུ་
བཤད། །བྱི་བོ་བྱེད་པ་ཤལ་མ་རི། །ལྕགས་ཀྱི་རྩེ་མོ་རྩེ་མོ་འབར། །སོར་ནི་བཅུ་དྲུག་ཡོད་པ་ལ། །ངུ་ཞིང་སྟོབས་ཀྱིས་འཛེགས་པར་འགྱུར། །བུད་མེད་ཤིན་ཏུ་འཇིགས་འཇིགས་ལྟ། །མཆུ་རྣོ་ལུས་ཆེན་འབར་བ་ཡིས། །གཞན་གྱི་ལུས་མེད་འཕྲོག་པ་ལ། །འཇུས་ནས་ཟ་བ་
ཁོ་ནར་འགྱུར། །བག་ཕབ་པ་ལ་གནོད་བྱེད་མི། །ནགས་ཚལ་རལ་གྲི་འདབ་ཅན་དུ། །གཏུབས་བྱས་ངུ་ཞིང་བྱ་རྒོད་ཁྱི། །འུག་པ་བྱ་རོག་ཟ་བར་འགྱུར། །གང་དག་གཞན་གྱི་ནོར་འཕྲོག་པ། །དེ་དག་ལྕགས་ཀྱི་ཐུ་ལུམ་ནི། །ཚ་བ་དག་ཀྱང་ཟ་བ་དང་། །ཡང་དང་ཡང་དུ་ཟངས་བསྐོལ་

འཐུང་། །རྟག་ཏུ་རྔོན་ལ་དགའ་བ་གང་། །ལོ་ནི་བྱེ་བར་དུ་ཞིང་ཡང་། །ཁྱི་ནི་ལྕགས་ཀྱི་མཆེ་བ་ཅན། །མི་སྲུན་ཤིན་ཏུ་དབང་མེད་ཟ། །ཆུ་སྐྱེས་ཉ་ལ་སོགས་བསད་ན། །ཆུ་བོ་རབ་མེད་འབར་བ་ཡི། །ཟངས་ཀྱི་ཆུ་བོའི་ཆུར་འགྲོ་ཞིང་། །མི་དེ་མེས་ཀྱང་བསྲེག་པར་འགྱུར། །
གང་ཞིག་རང་དོན་ཙམ་རྨོངས་ནས། །ཆོས་དང་མི་ལྡན་ཤགས་འགྱེད་ནས། །སེམས་ཅན་དམྱལ་བར་དེ་ངུ་ཞིང་། །འཁོར་ལོས་མངོན་པར་གཟིར་བར་འགྱུར། །འདི་ལ་གང་གིས་གཟུགས་ཅན་ལ། །གནོད་པ་རྣམ་པ་མང་བྱས་པ། །དེ་དག་ཡུན་རིང་འཁོར་ལོ་དང་། །རི་དང་ཐོ་བ་འབར་
བས་གཟིར། །གང་ཞིག་ཆོས་ཀྱི་སྟེགས་འཇིག་ཅིང་། །ཡང་དག་མ་ཡིན་ལམ་སྨྲ་བའི། །མི་དེ་དག་ནི་སྤུ་གྲིའི་སོས། །གཏམས་པའི་ལམ་དུ་འགྲོ་བར་འགྱུར། །སོན་མོས་ཤིག་ལ་སོགས་བཅོམ་ན། །དེ་དག་ལུས་ནི་ཆེར་འགྱུར་ལ། །སྟོན་བརྒྱར་ཡང་དང་ཡང་དུ་ནི། །བྲག་སྒོར་པོ་
ཡིས་འཇོམས་པར་འགྱུར། །གང་ཞིག་བརྟུལ་ཞུགས་བཟང་མནོས་ནས། །ལེགས་པར་སྲུང་བར་མི་བྱེད་ན། །དེ་ནི་ངེས་པར་ཤ་དང་རུས། །འཇིགས་པའི་མེ་མར་མུར་དུ་བསྲེག །གང་དུ་འཚོ་བ་ལོག་པ་ནི། །ཅུང་ཟད་ཀྱིས་ཀྱང་འཚོ་བྱེད་པ། །དེ་ནི་རྐྱག་འཇིམ་ནུབ་གྱུར་ནས། །སྲིན་པོ་རྣམས་
ཀྱིས་ཟ་བར་འགྱུར། །འབྲུ་ཡི་ནང་དུ་འཁོད་པ་ཡི། །སྲོག་མཐོང་ནས་ནི་འཇོམས་པ་གང་། །དེ་ནི་ལྕགས་ཀྱི་གཏུན་ཤིང་གིས། །ཡང་དང་ཡང་དུ་བརྡུང་བར་འགྱུར། །ཤིན་ཏུ་ཁྲོ་ཞིང་གཏུམ་པ་དང་། །གཡོ་བྱེད་བརྫུན་དུ་སྨྲ་བ་དང་། །གཞན་ལ་གནོད་བྱེད་དགའ་བ་ནི། །གཤིན་རྗེའི་སྲིན་པོར་
སྐྱེ་བར་འགྱུར། །སྡུག་བསྔལ་ཀུན་གྱི་ས་བོན་ནི། །ཆུང་ངུ་ལ་སོགས་དབྱེ་བ་ཡིས། །ལུས་ངག་ཡིད་ཀྱི་སྡིག་པ་སྟེ། །དེ་ནི་ཕ་ཡང་སྤང་བར་བྱ། །སེམས་ཅན་དམྱལ་བའི་རབས་རྫོགས་སོ།། །།འདོད་ཆགས་ཀྱིས་ནི་རྨོངས་པ་དག །ངང་པ་ཕུག་རོན་ལ་སོགས་དང་། །བོང་
བུ་འདོད་ཆགས་ཅན་རྣམས་ཀྱི། །སྐྱེ་གནས་སྲིན་སོགས་སྐྱེ་གནས་ཏེ། །ཁོང་ཁྲོ་འཛིན་པས་སྦྲུལ་དུ་སྐྱེ། །ང་རྒྱལ་ཁེངས་སེམས་སེང་གེར་འགྱུར། །ཆེ་བ་ཡི་ནི་ང་རྒྱལ་གྱིས། །ཁྱི་དང་བོང་བུའི་སྐྱེ་གནས་ཏེ། །སེར་སྣ་ཕྲག་དོག་ལ་སོགས་པའི། །སྐྱོན་གྱིས་ལུས་ཅན་ཤི་ནས་སྤྲེའུ། །

མུ་ཅོར་སྨྲ་དང་སྤྱི་བརྟོལ་ཆེ། །རང་བཞིན་མི་བརྟན་ཁྲར་སྐྱེའོ། །གསོད་དང་འཆིང་དང་སེར་སྣ་ཡིས། །ལུས་ཅན་བ་ལང་ཁྱི་ལ་སོགས། །འགྱུར་རོ་མི་སྲུན་ལས་ཀྱིས་ནི། །སྡོམ་དང་སྡིག་པ་མི་སྡུག་སྐྱེ། །ཁྲོ་དང་སེར་སྣ་ཅན་གྱི་མི། །ཤི་ནས་ཤ་ནི་ཟ་བྱེད་པ། །སྟག་དང་
སྤྲེའུ་ཝ་དང་དོམ། །བྱ་རྒོད་སྤྱང་ཀི་ལ་སོགས་སྐྱེ། །མི་སྲུན་ཁྲོ་གཉེར་སྦྱིན་བྱེད་མི། །རྫུ་འཕྲུལ་ཆེན་པོའི་ཀླུར་སྐྱེའོ། །གཏོང་ཞིང་ཁྲོ་དང་དྲེགས་པ་ཡིས། །ནམ་མཁའ་ལྡིང་གི་དབང་ཕྱུག་ཆེ། །རང་གི་ལུས་དང་ངག་ཡིད་ཀྱིས། །སྡིག་པའི་ལས་ནི་གང་བྱས་པ། །དེ་ནི་དུད་འགྲོར་སྐྱེ་བས་ན། །
དེ་ནི་ཆུང་ཡང་མ་བྱེད་ཅིག །དུད་འགྲོའི་རབས་རྫོགས་སོ།། །།རྩེ་ལོག་ཅན་གང་སྦྱིན་པ་སྤངས། །བཟའ་དང་བཅའ་བ་སྤོང་བྱེད་པ། །དེ་དག་ཡི་དགས་ལུས་སྲུལ་པོ། །རོ་རྣམས་ཟ་བར་བྱེད་པར་སྐྱེ། །གང་ཞིག་བྱིས་པ་རྣམས་ལ་འཚེ། །སྲེད་པས་འདྲིད་པར་བྱེད་པ་དེ། །ཁོང་གི་
དྲི་མ་ཟ་བྱེད་པའི། །ལུས་སྲུལ་པོར་ནི་སྐྱེ་བར་འགྱུར། །མི་གང་སྤྱོད་པ་དམན་པ་གང་། །ཤིན་ཏུ་ཞུམ་དང་སེར་སྣ་དང་། །རྟག་ཏུ་འདོད་བྱེད་དེ་ཤི་ནས། །ཡི་དགས་ལྦ་བ་ཅན་དུ་སྐྱེ། །གང་ཞིག་ཅི་ཡང་མི་སྟེར་ལ། །སྦྱིན་པ་ཟློག་པར་བྱེད་པ་དེ། །ཡི་དགས་བཀྲེས་པས་རྙོངས་པ་ཞེས། །
གསུས་ཆེ་ཁ་ནི་ཁབ་ཙམ་འགྱུར། །གང་ཞིག་སྤྱོད་དང་སྦྱིན་མི་བྱེད། །རིགས་ཀྱི་དོན་དུ་ནོར་སྲུང་ན། །དེ་ནི་ཡི་དགས་མཚན་གཏོར་སྤྱོད། །ཤིན་ཏུ་བསྔོས་ས་དེར་སྐྱེའོ། །གང་ཞིག་གཞན་གྱི་ནོར་འཕྲོག་འདོད། །བྱིན་ནས་འགྱོད་པར་བྱེད་པ་དེ། །ཤི་ནས་མཆིལ་མ་སྐྱུགས་པ་ལ། །ཟ་བར་
བྱེད་པའི་ཡི་དགས་སྐྱེ། །གང་ཞིག་ཁྲོས་པས་མི་སྙན་སྨྲ། །མཚང་འབྲུ་བ་ནི་སྨྲ་བྱེད་པ། །ལས་དེས་ཤིན་ཏུ་ཡུན་རིང་བར། །ཡི་དགས་ཁ་འབར་སྐྱེ་བར་འགྱུར། །གང་ཞིག་འཐབ་མོ་བྱེད་པ་དང་། །མ་ཆགས་སེམས་ནི་ཁྲོ་བྱེད་པ། །དེ་ནི་ཡི་དགས་མེ་འབར་མ། །སྲིན་དང་
སྡིག་སྦྲུལ་ཕྱེ་ལེབ་ཟ། །གང་ཞིག་གྲོང་བཅས་འབེབས་ཤིང་སྟེར། །བྱིན་ཞིང་གནོད་པར་བྱེད་པ་དེ། །གྲུལ་བུམ་བྱད་ནི་མི་སྡུག་པ། །མཆོད་པར་འོས་པར་སྐྱེ་བར་འགྱུར། །ཟས་ཀྱི་ཆེད་དུ་བརྩེ་མེད་པས། །སྲོག་ཆགས་བསད་ཅིང་སྦྱིན་མེད་གང་། །དེ་དག་ཤི་ནས་ངེས་པར་ནི། །

སྲིན་པོའི་བཟའ་དང་བཅའ་བར་འགྱུར། །རྟག་ཏུ་དྲི་དང་ཕྲེང་ལ་དགའ། །སྦྱིན་བྱེད་ཁྲོ་བ་ཆུང་བ་ནི། །ལྷ་རྣམས་དགའ་བའི་རྒྱུར་འགྱུར་བ། །དྲི་ཟ་རྣམས་སུ་སྐྱེ་བར་འགྱུར། །གང་ཞིག་ཁ་ཅིག་ཕྲ་མ་ཆེ། །ཁྲོ་ཞིང་དགོས་པའི་ཆེད་སྦྱིན་ན། །དེ་ནི་ཤ་ཟ་མ་རུངས་ཉིད། །བཞིན་མི་སྡུག་པར་སྐྱེ་
བར་འགྱུར། །རྟག་ཏུ་རབ་སྔང་རྟབས་བག་ཅན། །གཞན་ལ་གནོད་པ་བྱེད་པ་དང་། །རྟག་ཏུ་སྦྱིན་ལ་དགའ་བ་ནི། །དེ་དག་ཤི་ནས་འབྱུང་པོར་སྐྱེ། །མ་རུངས་ཁྲོ་ཞིང་སྦྱིན་བྱེད་ལ། །ཆང་ཞིམ་དག་ལ་དགའ་བའི་མི། །ཤི་ནས་གནོད་སྦྱིན་མ་རུངས་པ། །ཆང་ལ་དགའ་བ་རྣམས་སུ་སྐྱེ། །གང་
དག་ཕ་མ་བླ་མ་རྣམས། །ཇི་ལྟར་འདོད་པའི་བཞོན་པར་འདེགས། །དེ་དག་གཞལ་མེད་ཁང་རྒྱུ་བའི། །གནོད་སྦྱིན་བདེ་བ་ལྡན་པར་སྐྱེ། །སྲེད་དང་སེར་སྣའི་སྐྱོན་གྱིས་ནི། །ཤི་ནས་ཡི་དགས་སྐྱེ་བར་འགྱུར། །ཉོན་མོངས་ཅན་དགེས་གནོད་སྦྱིན་སོགས། །དེ་ཕྱིར་དེ་ནི་སྦབ་བར་བྱ། །ཡི་
དགས་ཀྱི་རབས་རྫོགས་སོ།། །།མི་འཚེ་བ་ཡི་ལྷ་དང་མི། །ལྷ་མིན་རྣམས་སུ་ཚེ་རིང་འགྱུར། །འཚེ་བས་ཐུང་ངུར་སྐྱེ་བར་འགྱུར། །དེ་ཕྱིར་འཚེ་བ་རྣམ་པར་སྤངས། །མཛེ་དང་སྨོན་པ་ཟད་བྱེད་མི། །མི་ནད་གཞན་ཡང་གང་དག་ཡིན། །འབྱུང་པོ་རྣམས་ལ་བསད་དང་
བཅིངས། །བརྡེག་པར་བྱས་པ་རྣམས་ཀྱིས་འབྱུང་། །གང་ཞིག་གཞན་གྱི་ནོར་འཕྲོག་ཅིང་། །ཅི་ཡང་སྦྱིན་པར་མི་བྱེད་པ། །དེ་ནི་འབད་པ་ཆེན་པོས་ཀྱང་། །རྫས་ནི་རྙེད་པར་མི་ནུས་སོ། །གང་ཞིག་རྫས་ནི་མ་བྱིན་པར། །ལེན་པ་སྦྱིན་པ་སྦྱིན་བྱེད་པ། །དེ་ནི་རྫས་དང་ལྡན་གྱུར་
ལ། །ཕྱིས་ནས་དེ་ནི་མེད་པར་འགྱུར། །མི་གང་མི་འཕྲོགས་སྦྱིན་མི་བྱེད། །ཧ་ཅང་འཇུངས་པ་མ་ཡིན་པ། །དེ་དག་ཚོགས་ནི་ཆེན་པོ་ཡིས། །ངེས་པར་རྫས་ནི་བརྟེན་པ་ཐོབ། །གང་ཞིག་གཞན་གྱི་ནོར་མི་འཕྲོགས། །གཏོང་དང་ལྡན་ཞིང་སེར་སྣ་སྤངས། །མི་དེ་རྫས་ནི་མི་འཕྲོགས་
པ། རྒྱ་ཆེན་ཡིད་དུ་འོང་བ་ཐོབ། །གང་ཞིག་འདི་ལ་རྫས་སྦྱིན་པ། །ཚེ་དང་མདོག་དང་སྟོབས་ལྡན་ཞིང་། །དཔལ་དང་ལྡན་ཞིང་ནད་སྤངས་པ། །རྟག་པར་བདེ་དང་ལྡན་པར་འགྱུར། །གང་ཞིག་གོས་ནི་སྦྱིན་བྱེད་པ། །འཛེམ་བཅས་གཟུགས་བཟང་ལོངས་སྤྱོད་ལྡན། །བྱིན་

ཅན་སྲོག་ཆགས་རྣམས་ལ་སྡུག །གོས་རྣམས་ཀྱང་ནི་རྙེད་པར་འགྱུར། །གང་ཞིག་འདི་ལ་རབ་དགའ་བའི། །སེམས་ཀྱི་གནས་ནི་སྦྱིན་པར་བྱེད། །ལུས་ཅན་དེ་ལ་ཁང་བཟངས་ནི། །འདོད་པ་ཀུན་དང་ལྡན་པར་འགྱུར། །མི་གང་ལྷམ་དང་ཟམ་པ་ལ། །སོགས་པ་
སྦྱིན་པར་བྱེད་པ་དེ། །རྟག་ཏུ་བདེ་དང་ལྡན་པ་དང་། །བཞོན་པ་དག་ཀྱང་རྙེད་པར་འགྱུར། །བསྟི་ས་ཁྲོན་པ་མཚེ་འུ་ལ་སོགས། །རྟེན་རྣམས་བྱེད་དུ་བཅུག་ན་ནི། །དེ་དག་བདེ་དང་ལྡན་པ་དང་། །གདུང་བྲལ་སྐོམ་ནད་མེད་པར་འགྱུར། །གང་ཞིག་ཀུན་དགའ་ར་བ་འབུལ། །དེ་ནི་དབུས་
བཀུར་དཔལ་དང་ལྡན། །ལུས་ཅན་ཀུན་གྱི་སྐྱབས་སུ་འགྱུར། །རྟག་པར་འབྱོར་པ་ལྡན་པར་འགྱུར། །རིགས་པ་སྦྱིན་དང་ཤེས་རབ་ལ། །གོམས་པ་མཁས་པ་ཉིད་དུ་འགྱུར། །སྨན་དང་མི་འཇིགས་སྦྱིན་པ་ཡི། །ནད་མེད་པར་ནི་སྐྱེ་བར་འགྱུར། །མར་མེ་སྦྱིན་པས་མིག་ལྡན་འགྱུར། །
སིལ་སྙན་བྱིན་པས་དབྱངས་སྙན་འགྱུར། །མལ་སྟན་དག་ནི་བྱིན་པ་ཡིས། །མི་དེ་བདེ་དང་ལྡན་པར་འགྱུར། །གང་ཞིག་འདི་ལ་བ་ལང་སོགས། །སྤྱད་བྱའི་འོ་མ་ཡོན་ཏན་ལྡན། །སྦྱིན་བྱེད་མི་དེ་སྟོབས་ལྡན་ཞིང་། །མདོག་ལྡན་ཚེ་རིང་ལོངས་སྤྱོད་ལྡན། །བུ་མོ་བྱིན་པས་འདོད་རྣམས་རྙེད། །
འཁོར་རྣམས་དང་ཡང་ལྡན་པར་འགྱུར། །ས་གཞི་བྱིན་པས་ནོར་ལྡན་ཞིང་། །འབྲུ་རྣམས་འབྱོར་པར་སྐྱེ་བར་འགྱུར། །ལོ་མ་མེ་ཏོག་འབྲས་བུ་དང་། །ཆུ་དང་མི་འཇིགས་ཚིག་སྙན་དང་། །དེ་འདོད་པ་ལ་གུས་པ་སྦྱིན། །འདི་ལ་བསྐོལ་ནས་སྦྱིན་བྱེད་དམ། །མཐོ་རིས་ཆེད་དུ་འམ་འཇིགས་
པས་སམ། །སྙེན་པའི་བདེ་བ་འདོད་ཕྱིར་ན། །དེ་ནི་འབྲས་བུ་ཉོན་མོངས་ཐོབ། །རང་གི་དོན་ལ་མི་ལྟོས་ཤིང་། །སྙིང་རྗེས་ནོན་པའི་སེམས་ཀྱིས་ནི། །གཞན་གྱི་དོན་དུ་འདིར་བྱིན་ན། །དེ་ཡི་འབྲས་བུ་མཐར་ཐུག་ཡིན། །དུས་དང་ཚུལ་ནི་ཇི་བཞིན་དུ། །གང་སྤྱི་གཞན་ལ་སྦྱིན་བྱེད་
ན། །རྣམ་པ་དེ་དང་དེ་ལྟ་བུར། །དེ་ཀུན་ཉེ་བར་གནས་པར་འགྱུར། །གཞན་ལ་གནོད་པ་མེད་པ་ཉིད། །རང་གི་དོན་དུ་ཅི་འདོད་པ། །ཆོས་དང་མི་འགལ་གང་ཕན་པ། །མི་བསྐོལ་བར་ནི་སྦྱིན་པར་བྱ། །དེ་ལྟར་སྦྱིན་པ་སྦྱིན་བྱེད་ན། །དེ་ལྟ་བུ་ཡི་འབྲས་བུ་འབྱུང་། །བདེ་བ་དག་ནི་ཐམས་ཅད་

ཀྱིས། །རྒྱུ་བའི་གཙོ་བོ་སྦྱིན་པ་ཉིད། །གཞན་གྱི་བུད་མེད་རྣམས་སྤངས་ན། །བུད་མེད་སྡུ་གུ་རྙེད་པར་འགྱུར། །ཡུལ་དང་དུས་མིན་རང་གི་ཡང་། །སྤངས་ན་སྐྱེས་པ་ཉིད་ཐོབ་འགྱུར། །གང་ཞིག་གཞན་གྱི་ཆུང་མ་ལ། །ཆགས་པའི་སེམས་ནི་མི་སེལ་དང་། །ཡན་ལག་མིན་ལ་ཆགས་
བྱེད་པ། །སྐྱེས་ན་དེ་ནི་བུད་མེད་འགྱུར། །གང་ཞིག་བུད་མེད་སྨོད་བྱེད་ཅིང་། །ཁྲིམས་བཙུན་འདོད་ཆགས་ཆུང་བྱེད་ལ། །རྟག་ཏུ་སྐྱེས་པར་འགྱུར་འདོད་པ། །མི་མོ་དེ་ནི་སྐྱེས་པར་འགྱུར། །གང་ཞིག་ཡང་དག་སྐྱོན་མེད་པར། །ཚངས་པར་སྤྱོད་ལ་བརྟེན་པ་དེ། །གཟི་ལྡན་ཡང་དག་དོན་
དང་ལྡན། །དཔལ་ལྡན་ལྷ་རྣམས་ཀྱིས་ཀྱང་བཀུར། །ཆང་འཐུང་བ་ནི་མི་བསྟེན་པས། །མི་དེ་དྲན་པ་བརྟེན་པ་དང་། །རྨོངས་མེད་བདེན་པར་སྨྲ་བ་དང་། །སྙན་པའི་བདེ་དང་ལྡན་པར་སྐྱེ། །གང་ཞིག་སེམས་དང་འབྱེད་པར་ཡང་། །བྱེད་པ་འདི་ནི་མི་བྱེད་པ། །དེ་ཡི་འཁོར་རྣམས་མི་
བྱེད་ཅིང་། །བསྟན་པའི་བདེ་དང་ལྡན་པར་སྐྱེ། །གང་ཞིག་རྟག་པས་ཡིད་དགའ་བས། །ཕན་དང་མི་ཕན་སྟོན་པའི་མི། །དེ་ཡི་ཚིག་ནི་བཙུན་པར་འགྱུར། །བཟློག་པ་ཡིས་ནི་མཐོན་པོར་འགྱུར། །བདེ་བ་བྱིན་པས་བདེ་དང་ལྡན། །སྡུག་བསྔལ་བྱིན་པས་སྡུག་བསྔལ་འགྱུར། །
གཞན་ལ་འདྲིད་པར་དགའ་བ་དང་། །གཡོ་བྱེད་བརྫུན་ནི་སྨྲ་བ་དང་། །གང་དག་གཟུགས་ཀྱི་ང་རྒྱལ་ཅན། །སྒུར་ལ་ལུས་ནི་ཐུང་བར་འགྱུར། །སྐྱེ་བོ་བཤེས་གཉེན་སེར་སྣ་བྱེད། །ལྐུགས་གྱུར་ཀུན་ལ་མི་སྡུག་འགྱུར། །རྨོངས་པའི་རང་བཞིན་ཕན་པའི་ཚིག །མི་བཟོད་པ་ནི་འོན་པར་
འགྱུར། །སྡིག་པའི་སྡུག་བསྔལ་བསོད་ནམས་ཀྱིས། །བདེའོ་འདྲེན་པའི་འདྲེན་མ་སྟེ། །ལས་རྣམས་ཀྱི་ནི་འབྲས་བུ་ཀུན། །འདྲ་བ་རྒྱུ་མཐུན་ཡིན་པར་བརྟགས། །མིའི་རབས་རྫོགས་སོ།། །།རྟག་ཏུ་གཡོ་དང་སྒྱུ་སྤྱོད་ཅིང་། །སྡིག་པ་དག་ནི་མ་བྱས་ལ། །འཐབ་ལ་
དགའ་ཞིང་སྦྱིན་བྱེད་པ། །དེ་ནི་ལྷ་མིན་དབང་ཕྱུག་འགྱུར། །ལྷ་མ་ཡིན་གྱི་རབས་རྫོགས་སོ།། །།གང་ཞིག་བདག་མེད་མི་འདོད་ཅིང་། །ཡོངས་སུ་གཟུང་ལ་མི་དགའ་བ། །དེ་ནི་བཟའ་རྣམས་དག་གི་མཆོག །རྒྱལ་ཆེན་བཞི་པ་དག་ཏུ་འགྱུར། །ཕ་མ་ཕ་ཚན་གཙོ་བོ་ལ། །

བཀུར་བྱེད་སྟོང་ལྡན་བཟོད་པར་བྱེད། །འཐབ་མོ་ལ་ནི་དགའ་བ་དང་། །དེ་ནི་སུམ་ཅུ་རྩ་གསུམ་སྐྱེ། །རྩོད་ལ་མི་དགའ་འཐབ་མོ་ལ། །ཡིད་ནི་དགའ་བར་མི་བྱེད་ལ། །གཅིག་ཏུ་དགེ་ལ་བརྩོན་པ་གང་། །དེ་དག་འཐབ་བྲལ་ཉིད་དུ་འགྲོ། །ཐོས་པ་མང་དང་ཆོས་
འཛིན་དང་། །ཤེས་རབ་ལྡན་ཞིང་ཐར་པ་འདོད། །ཡོན་ཏན་རྣམས་ལ་དགའ་བའི་མི། །དེ་དག་དགའ་ལྡན་ཉེ་བར་འགྲོ། །མི་གང་རང་ཉིད་དུལ་བ་ལ། །ཞུགས་ཤིང་ཚུལ་ཁྲིམས་འབོགས་པ་ལ། །སྤྲོ་བ་ཆེ་དང་ལྡན་པ་དེ། །གདོན་མི་ཟ་བར་འབྲུལ་དགར་འགྲོ། །སེམས་ཅན་གང་
ཞིག་སྨན་མིན་མཆོག །སྦྱིན་དང་དུལ་དང་ཡང་དག་བསྡོམས། །ཕུལ་བྱུང་ཡོན་ཏན་ལྷག་གྱུར་ཏེ། །ངེས་པར་གཞན་འཕྲུལ་དབང་བྱེད་དོ། །ཚུལ་ཁྲིམས་ཀྱིས་ནི་མཐོ་རིས་ཐོབ། །བསམ་གཏན་གྱིས་ནི་ཁྱད་པར་འགྱུར། །ཡང་དག་ཇི་བཞིན་ཡོངས་ཤེས་པས། །མཐར་ནི་ཡང་
སྲིད་མེད་པར་འགྱུར། །མི་དགེ་བས་ནི་བདེ་མི་ཐོབ། །དགེ་བ་ཡིས་ནི་བདེ་བ་འཐོབ། །དེ་ལྟར་དགེ་དང་མི་དགེ་བའི། །ལས་ཀྱི་འབྲས་བུ་གསལ་བར་བསྟན། །སྡུག་པ་དང་ནི་བྲལ་བ་དང་། །མི་སྡུག་པ་དང་ཕྲད་པ་དང་། །ལས་རྣམས་རང་གི་འབྲས་བུར་བཅས། །འཆི་དང་རྒ་དང་
ན་བ་ཉིད། །གསུམ་པོ་འདི་དག་བསམ་པར་བྱ། །དེ་ལྟ་ན་ནི་ཆགས་བྲལ་ཐོབ། །ཆགས་དང་བྲལ་ན་བསོད་ནམས་འདོད། །དེ་བཞིན་སྡིག་པ་སྤོང་བར་བྱེད། །དེ་དག་ཉིད་ཀྱང་མདོར་ཉོན་ཅིག །བདག་དང་གཞན་གྱི་དོན་བྱེད་དང་། །གཞན་ལ་གནོད་བྱེད་སྤོང་བ་ནི། །བསོད་ནམས་
བཟློག་པ་སྡིག་ཡིན་པར། །བདག་ཉིད་ཆེན་པོས་དེ་སྐད་གསུངས། །ལྷའི་རབས་རྫོགས་སོ།། །།དམ་པའི་ཆོས་དྲན་པ་ཉེ་བར་གཞག་པའི་འགྲོ་བ་དྲུག་གི་ཚིག་ལེའུར་བྱས་པ། སློབ་དཔོན་བཙུན་པ་ཆོས་ལྡན་རབ་འབྱོར་དབྱངས་ཀྱིས་མཛད་པ་རྫོགས་སོ།། །།
རྒྱ་གར་གྱི་མཁན་པོ་དྷརྨཱ་ཀ་ར་དང་། །ཞུ་ཆེན་གྱི་ལོ་ཙཱ་བ་གཙང་དེ་བེན་ཏྲ་རཀྵི་ཏས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། ༄༅། །འདོད་པའི་ཡོན་ཏན་ལྔའི་ཉེས་དམིགས་བཤད་པ། །འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །རི་དགས་གླང་པོ་

ཕྱེ་མ་ལེབ་དང་ཉ། །སྦྲང་མ་ལྔ་པོ་དེ་ཡང་ལྔ་ཡིས་བཅོམ་འགྱུར་ཏེ། གཅིག་གིས་བཅོམ་ན་གང་ཞིག་ལྔ་རྣམས་ནི། །རྟག་ཏུ་བསྟན་པ་ཅི་ཕྱིར་བཅོམ་མི་འགྱུར། །རྩྭ་ཡི་མྱུ་གུ་གཙང་མ་ཟ། །ཤིན་ཏུ་རིང་དུ་འགྲོ་ནུས་པ། །རི་དགས་རྔོན་པའི་གླུ་དབྱངས་ཀྱིས། །ངེས་པར་གསོད་པ་ཚོལ་བར་
འགྱུར། །ས་སྲུང་དང་ནི་རབ་འགྲེན་ཅིང་། །རི་ཡི་རྒྱལ་པོ་རྒྱུན་ཤེས་བྱའི། །བན་གླང་མོ་ཡི་ཉེ་རེག་གིས། །ངེས་པར་གླང་པོ་བསད་སར་སོང་། །འབར་བ་ཆེན་པོའི་ཚོགས་དག་གི །མེ་ཆེན་དག་ནི་མཐོང་ནས་ཀྱང་། །གཟུགས་ལ་ཆགས་པ་ཆེན་པོ་ཡང་། །ཕྱེ་ལེབ་མེ་ལ་འཇུག་པར་
འགྱུར། །བཀག་པ་མེད་པའི་ལམ་འགྲོ་ཞིང་། །རྟག་ཏུ་རྣམ་པར་རྒྱུ་བ་ཡིན། །རོ་མྱང་བ་ལ་ཆགས་པ་ཡི། །ཉ་ནི་ལྕགས་ཀྱུས་རླག་པར་བྱེད། །རྟག་ཏུ་ནམ་མཁའ་ལ་རྒྱུ་ཞིང་། །གཟུགས་ནི་ཤིན་ཏུ་ཡིད་འོང་བའི། །བུམ་པ་དྲི་ཡིས་ཉེས་པ་ཡིས། །ངེས་པར་འཆི་བར་འགྱུར་བ་ཡིན། །
རི་དགས་ཉིད་ནི་སྒྲ་ཙམ་གྱིས། །རེག་པས་གླང་པོ་བརླག་པར་འགྱུར། །གཟུགས་ཉིད་ཀྱིས་ནི་ཕྱེ་ལེབ་སྟེ། །རོ་ཡིས་ཉ་ནི་རྣམ་པར་རླག །བུང་བ་དྲི་ལ་ཆགས་པ་སྟེ། །འདི་དག་རྒྱུ་ནི་རེ་རེ་ཡིས། །སྐྱེས་བུ་དག་ནི་གཅིག་ལ་ཡང་། །ལྔ་པོ་འདི་དག་རྟག་ལྡན་ཞིང་། །
ཉིན་མཚན་དུ་ནི་རབ་འཇོམས་ན། །བདེ་བ་གནས་ཇི་ཐོབ་པར་འགྱུར། །འདོད་པའི་ཡོན་ཏན་ལྔའི་ཉེས་དམིགས་བཤད་པ་སློབ་དཔོན་དབྱིག་གཉེན་གྱིས་མཛད་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་དྷརྨ་ཤྲཱི་བྷ་དྲ་དང་། །ཞུ་ཆེན་གྱི་ལོ་ཙཱ་བ་རིན་ཆེན་བཟང་པོས་བསྒྱུར་ཅིང་ཞུས་
ཏེ་གཏན་ལ་ཕབ་པའོ།། ༄༅། །འཕགས་པ་སྤྱན་རས་གཟིགས་དབང་བྱུག་གིས<། ,་>དགེ་སློང་རབ་གསལ་གཞོན་ནུ་ལ་སྤྲིངས་པའི་ཕྲིན་ཡིག །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །སྔོན་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་
དང་། །དགེ་སློང་རབ་གསལ་གཞོན་ནུ་གཉིས་དང་པོར་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་དེ་གྲོགས་པོར་འཐམས་ནས། གང་གིས་ལམ་སྔོན་དུ་གྲུབ་པ་དེས། ཅིག་ཤོས་ལ་བསྟང་བར་དམ་བཅས་པ་ལས། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་ལམ་སྔོན་དུ་གྲུབ་སྟེ། དགེ་སློང་

རབ་གསལ་གཞོན་ནུ་ལ་བསྟད་བའི་ཕྱིར་ཕྲིན་ཡིག་གིས་བཟླུགས་པ། གྲོགས་ཁྱོད་ཅི་སྟེ་འམ་དམ་བཅས་བརྗེད་དམ་ཅི། །འདོད་པ་མེ་མདག་དོང་འདྲ་འདི་ལ་ཅི་ཞིག་ཆགས། །ཤིན་ཏུ་སྐྱོ་བའི་ཡིད་ཀྱིས་རབ་ཏུ་མི་འབད་པར། །སྲིད་རྒྱུ་འདོད་པ་ད་དུང་གང་བ་ག་ལ་སྲིད། །
ཐེག་པ་མཆོག་གིས་ངེས་འབྱུང་འགྲོ་བའི་དོན་བྱོས་ལ། །རྒྱུ་དང་ཁ་གསག་དྲག་པ་ཉིད་ལ་མི་གདུང་ཞིང་། །འགྲོ་ལས་རྣམ་གྲོལ་ལམ་ལ་མྱུར་དུ་མ་འབད་ན། །དུས་གསུམ་རྒྱལ་བས་བསྐྱབ་དཀའ་ཕན་ཐག་ཆད་དུ་འོང་། །རྟོག་མེད་རྟོག་བྲལ་དུས་གསུམ་ཐུབ་པ་ཀུན་གཤེགས་ཤུལ། །ཕྲ་
ཤིང་ཤེས་དཀའ་ཚིག་གི་སྤྱོད་ཡུལ་མ་ཡིན་ཡང་། ཕྱོགས་ཙམ་རྟོག་པས་སྒྲོ་བཏགས་རྒྱལ་བའི་མཐུས་བརྗོད་ན། །ཤིན་ཏུ་ལེགས་པར་རབ་ཉོན་ཡིད་ལ་གཟུང་ནུས་སམ། །དགེ་སློང་རབ་གསལ་གཞོན་ནུས་སླར་ཡང་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་གསོལ་པ།
མཐོ་ལ་མཐོ་སེམས་མི་མཛད་མཉམ་ལ་འགྲན་མི་མངའ། །དམའ་ལ་རྔན་ཅན་མི་མཛད་ཡོངས་ལ་སྙོམས་པའི་མགོན། །དཔའ་བོ་འོད་ཟེར་སྟོང་འབར་ལམ་མེར་བཞུགས་པ་ཡི། །མདངས་བཟང་ཐུགས་རྗེའི་མངའ་བདག་ད་ལྟར་གང་ན་བཞུགས། །ཁྲི་ལན་བདུད་རིས་འཕམ་མཛད་
ཐར་པའི་ལམ་སྟོན་གསོལ། །ཉེས་བཅུ་ཐ་བའི་རྡུལ་བྲལ་སྟོབས་བཅུ་རྩལ་འཕགས་གསོན། །འཇིག་རྟེན་གསུམ་གྱི་གཉེན་གྱུར་སྐྱོབ་པ་དམ་པ་གསོན། །དཔའ་བརྟན་བདུད་ལས་ཤིན་ཏུ་མཚམས་མེད་གཅིག་ཏུ་བརྟན་པ་གསོན། །བདག་ནི་མུན་བཅས་བདུད་ཀྱི་ཞགས་པས་ཟིན་
པ་སྟེ། །ཐར་པའི་ལམ་སྟོར་འཁོར་བའི་དགོན་པར་འཁྱམས་ལགས་ན། །ཅིས་འདུལ་གར་ལེགས་ཐབས་ཀྱིས་མྱུར་དུ་མི་སྐྱོབ་པར། །དུས་རིངས་བགྲངས་ཀྱི་བར་དུ་མགོན་ཁྱོད་ཅི་ལ་གཞེས། །ལྷ་དང་མི་ཡི་ཁྱུ་མཆོག་ཚོགས་རབ་མཐའ་ཡས་དགོངས། །མུ་སྟེགས་ཁ་བརྒྱ་ཕམ་
མཛད་སྐྱེས་བུ་སེང་གེ་དགོངས། །ཡིད་བཞིན་དབྱིག་གི་ཏོག་ལྟར་རེ་བ་ཀུན་སྐོང་དགོངས། །ཐུགས་རྗེ་ཆུ་བོ་རྒྱུན་འབབས་རྒྱལ་སྲས་ཐུ་བོ་དགོངས། །སྲིད་གསུམ་སྒྱུ་མར་ཆོས་བསྟན་ངོ་བོ་མེད་བཞིན་དུ། །བདེན་སྤངས་ལོག་པའི་ལམ་ཞུགས་སྲིད་པའི་ལམ་ཞུགས་པ། །འཁོར་བའི་གདོས་ཅན་གྲངས་མེད་བསྐྱབ་

ཀྱི་མི་ལང་ཞེས། །དང་ཆེ་ལྷ་ཡི་ཐུགས་ཀྱང་སྐྱོ་བར་རུང་མོད་ཀྱི། །འོན་ཀྱང་ལེགས་རྒྱུ་ཆོས་ཉིད་བཟོད་ནས་མྱ་ངན་འདས་དོན་དུ། །འགྲོ་བ་ཡོངས་ཀྱི་ཆེད་ལ་གོ་བགོས་མཛད་ལགས་ཀྱིས། །མགོན་པོ་རབ་གསལ་གཞོན་ནུ་རྗེས་དགོངས་ཉག་སྲིང་ཞིང་། །ཐུགས་རྗེའི་ཐུགས་ཀྱིས་བཟོད་
པ་བཞེས་ཏེ་བསྐྱབ་ཏུ་གསོལ། །སྟོབས་མཆོག་དཔལ་གྱི་མགུར་ནས་ཡི་གེ་འབྲུས་བསྙད་པ། །མཁའ་ལ་ཚོན་བཀྱེ་བཞིན་དུ་སྤྱོད་ཡུལ་མ་ལགས་པས། །རྒྱལ་སྲས་འཁོར་བཅས་རྣམས་ཀྱིས་གསལ་བར་མ་བསྟན་ན། །བདག་འདྲ་མཚན་མར་འཛིན་པས་གཟུང་བར་ག་ལ་ནུས། །
འོན་ཀྱང་དོན་གྱི་དམ་པ་སྲིད་པའི་དཔྱིས་འབྱིན་པ། །གདམས་ངག་བཀའ་དྲིན་མཆོག་འདི་སྤྱི་བོར་བླང་སླད་དུ། །ཅི་ནུས་སེམས་ཀྱི་རྩལ་གྱིས་ལོག་པར་གཟུང་མི་བགྱིད། །བླ་མའི་སར་བཞུགས་ཆེ་བའི་མཐུས་ཀྱང་བསྟད་དུ་གསོལ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུགས་
གིས<། ,་>དགེ་སློང་རབ་གསལ་གཞོན་ནུ་ལ་སྤྲིངས་པའི་ཕྲིན་ཡིག་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་སརྦ་ཛྙཱ་དེ་བ་དང་། །ལོ་ཙཱ་བ་བན་དེ་དཔལ་བརྩེགས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། ༄༅༅། །རྒྱ་གར་སྐད་དུ། སུ་ཧྲྀ་ད་ལེ་ཁ། བོད་
སྐད་དུ། བཤེས་པའི་སྤྲིང་ཡིག །འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །ཡོན་ཏན་རང་བཞིན་དགེ་འོས་བདག་གིས་ནི། །བདེ་བར་གཤེགས་པའི་གསུང་བསྙད་ལས་བྱུང་བའི། །བསོད་ནམས་འདུན་སླད་འཕགས་པའི་དབྱངས་འདི་དག །ཅུང་ཟད་ཅིག་
བསྡེབས་ཁྱོད་ཀྱིས་གསན་པའི་རིགས། །ཇི་ལྟར་བདེ་གཤེགས་སྐུ་གཟུགས་ཤིང་ལས་ཀྱང་། །བགྱིས་པ་ཅི་འདྲའང་རུང་སྟེ་མཁས་པས་མཆོད། །དེ་བཞིན་བདག་གི་སྙན་ངག་འདི་ངན་ཡང་། །དམ་ཆོས་བརྗོད་ལ་བརྟེན་སླད་སྨད་མི་བགྱི། །ཐུབ་པ་ཆེན་པོའི་བཀའ་ནི་སྨན་དགུ་
ཞིག། །ཁྱོད་ཀྱི་ཐུགས་སུ་ལྟ་ཡང་ཆུད་མོད་ཀྱི། །རྡོ་ཐལ་ལས་བགྱིས་དགུང་ཟླའི་འོད་ཀྱིས་ནི། །ཆེས་དཀར་ཉིད་དུ་ཅི་སྟེ་མི་བགྱིད་ལགས། །རྒྱལ་བས་སངས་རྒྱས་ཆོས་དང་དགེ་འདུན་དང་། །གཏོང་དང་ཚུལ་ཁྲིམས་ལྷ་རྗེས་དྲན་པ་དྲུག །རབ་ཏུ་བཀའ་སྩལ་དེ་དག་སོ་སོ་ཡི། །

ཡོན་ཏན་ཚོགས་ཀྱིས་རྗེས་སུ་དྲན་པར་བགྱི། །དགེ་བའི་ལས་ལམ་བཅུ་པོ་ལུས་དང་ནི། །ངག་དང་ཡིད་ཀྱིས་རྟག་ཏུ་བསྟེན་བགྱི་ཞིང་། །ཆང་རྣམས་ལས་ལྡོག་དེ་བཞིན་དགེ་བ་ཡི། །འཚོ་བ་ལ་ཡང་མངོན་པར་དགྱེས་པར་མཛོད། །ལོངས་སྤྱོད་གཡོ་བ་སྙིང་པོ་
མེད་མཁྱེན་ནས། །དགེ་སློང་བྲམ་ཟེ་བཀྲེན་དང་བཤེས་རྣམས་ལ། །སྦྱིན་པ་ཚུལ་བཞིན་སྩལ་བགྱི་ཕ་རོལ་དུ། །སྦྱིན་ལས་གཞན་པའི་གཉེན་མཆོག་མ་མཆིས་སོ། །ཁྱོད་ཀྱི་ཚུལ་ཁྲིམས་མ་ཉམས་མོད་མི་དམའ། །མ་འདྲེས་མ་སྦགས་པ་དག་བསྟེན་པར་མཛོད། །ཁྲིམས་ནི་རྒྱུ་
དང་མི་རྒྱུའི་ས་བཞིན་དུ། །ཡོན་ཏན་ཀུན་གྱི་གཞི་རྟེན་ལགས་པར་གསུངས། །སྦྱིན་དང་ཚུལ་ཁྲིམས་བཟོད་བརྩོན་བསམ་གཏན་དང་། །དེ་བཞིན་ཤེས་རབ་གཞལ་མེད་ཕ་རོལ་ཕྱིན། །འདི་དག་རྒྱས་མཛོད་སྲིད་པའི་རྒྱ་མཚོ་ཡི། །ཕ་རོལ་ཕྱིན་པ་རྒྱལ་བའི་དབང་པོ་མཛོད། །གང་ལ་
ཕ་དང་མ་དག་མཆོད་བྱེད་པའི། །རིགས་དེ་ཚངས་བཅས་སློབ་དཔོན་བཅས་པའང་ལགས། །དེ་དག་ལ་མཆོད་གྲགས་པར་འགྱུར་བ་དང་། །སླད་མ་ལ་ཡང་མཐོ་རིས་འགྱུར་བ་ལགས། །འཚེ་དང་ཆོམ་རྐུན་འཁྲིག་པ་བརྫུན་དང་ནི། །ཆང་དང་དུས་མིན་ཟས་ལ་ཆགས་པ་དང་། །མལ་
སྟན་མཐོ་ལ་དགའ་དང་གླུ་དག་དང་། །གར་དང་ཕྲེང་བའི་ཁྱད་པར་རྣམས་སྤོང་ཞིང་། །དགྲ་བཅོམ་ཚུལ་ཁྲིམས་རྗེས་སུ་བྱེད་པ་ཡི། །ཡན་ལག་བརྒྱད་པོ་འདི་དག་དང་ལྡན་ན། །གསོ་སྦྱོང་འདོད་སྤྱོད་ལྷ་ལུས་ཡིད་འོང་བ། །སྐྱེས་པ་བུད་མེད་དག་ལ་སྩོལ་བར་བགྱིད། །སེར་སྣ་
གཡོ་སྒྱུ་ཆགས་དང་སྙོམ་ལས་དང་། །མངོན་པའི་ང་རྒྱལ་འདོད་ཆགས་ཞེ་སྡང་དང་། །རིགས་དང་གཟུགས་དང་ཐོས་པ་ལང་ཚོ་དང་། །དབང་ཐང་ཆེ་བས་རྒྱགས་པ་དགྲ་བཞིན་གཟིགས། །བག་ཡོད་བདུད་རྩིའི་གནས་ཏེ་བག་མེད་པ། །འཆི་བའི་གནས་སུ་ཐུབ་པས་བཀའ་
སྩལ་ཏོ། །དེ་བས་ཁྱོད་ཀྱི་དགེ་ཆོས་སྤེལ་སླད་དུ། །གུས་པས་རྟག་ཏུ་བག་དང་བཅས་པར་མཛོད། །གང་ཞིག་སྔོན་ཆད་བག་མེད་གྱུར་པ་ལ། །ཕྱི་ནས་བག་དང་ལྡན་པར་གྱུར་ཏེ་ཡང་། །ཟླ་བ་སྤྲིན་བྲལ་ལྟ་བུར་རྣམ་མཛེས་ཏེ། །དགའ་བོ་སོར་ཕྲེང་མཐོང་ལྡན་བདེ་བྱེད་བཞིན། །

འདི་ལྟར་བཟོད་མཚུངས་དཀའ་ཐུབ་མ་མཆིས་པས། །ཁྱོད་ཀྱིས་ཁྲོ་བའི་གོ་སྐབས་དབྱེ་མི་བགྱི། །ཁྲོ་བ་སྤངས་པས་ཕྱིར་མི་ལྡོག་པ་ཉིད། །འཐོབ་པར་འགྱུར་བར་སངས་རྒྱས་ཞལ་གྱིས་བཞེས། །བདག་ནི་འདིས་སྤྱོས་འདིས་གཏག་ཕམ་པར་བྱས། །འདི་ཡིས་བདག་གི་ནོར་ཕྲོགས་
གྱུར་ཏེ་ཞེས། །ཁོན་དུ་འཛིན་པས་འཁྲུག་ལོང་རྣམ་བསྐྱེད་དེ། །ཁོན་འཛིན་རྣམ་སྤངས་བདེ་བར་གཉིད་ཀྱིས་ལོག །སེམས་ཅན་ཆུ་དང་ས་དང་རྡོ་བ་ལ། །རི་མོ་བྲིས་པ་དེ་འདྲར་རིག་པར་བགྱི། །དེའི་ནང་ཉོན་མོངས་ཅན་ལ་དང་པོ་ནི། །མཆོག་སྟེ་ཆོས་འདོད་རྣམས་ལ་ཐ་མ་ལགས། །རྒྱལ་བས་
སྙིང་ལ་འབབ་དང་བདེན་པ་དང་། །ལོག་པར་སྨྲ་ལྡན་སྐྱེས་བུ་རྣམས་ཀྱི་ནི། །སྦྲང་རྩི་མེ་ཏོག་མི་གཙང་ལྟ་བུའི་ཚིག །རྣམ་གསུམ་བཀའ་སྩལ་དེ་ལས་ཐ་མ་སྤང་། །སྣང་ནས་སྣང་བའི་མཐར་ཐུག་མུན་པ་ནས། །མུན་པའི་མཐར་ཐུག་སྣང་ནས་མུན་མཐར་ཐུག །མུན་ནས་སྣང་བའི་མཐར་ཐུག་གང་ཟག་
ནི། །གཞི་སྟེ་དེ་དག་རྣམས་ཀྱི་དང་པོར་མཛོད། །མི་ནི་ཨ་མྲའི་འབྲས་བཞིན་མ་སྨིན་ལ། །སྨིན་པ་དང་འདྲ་སྨིན་ལ་མ་སྨིན་འདྲ། །མ་སྨིན་མ་སྨིན་པར་སྣང་སྨིན་ལ་ནི། །སྨིན་པར་སྣང་ཞེས་བགྱི་བ་འདྲར་རྟོགས་མཛོད། །གཞན་གྱི་ཆུང་མ་མི་ལྟ་མཐོང་ན་ཡང་། །ན་ཚོད་མཐུན་པར་མ་དང་བུ་མོ་
དང་། །སྲིང་མོའི་འདུ་ཤེས་བསྐྱེད་བགྱི་ཆགས་གྱུར་ན། །མི་གཙང་ཉིད་དུ་ཡང་དག་བསམ་པར་བགྱི། །གཡོ་བའི་སེམས་ནི་ཐོས་མཚུངས་བུ་ལྟ་བུར། །གཏེར་བཞིན་སྲོག་དང་འདྲ་བར་བསྲུང་བགྱི་སྟེ། །གདུག་པ་དུག་དང་མཚོན་དང་དགྲ་བོ་དང་། །མེ་བཞིན་འདོད་པའི་བདེ་ལ་ཡིད་འབྱུང་
མཛོད། །འདོད་པ་རྣམས་ནི་ཕུང་ཁྲོལ་བསྐྱེད་པ་སྟེ། །རྒྱལ་བའི་དབང་པོས་ཀིམྤའི་འབྲས་འདྲར་གསུངས། །དེ་དག་སྤང་བགྱི་དེ་ཡི་ལྕགས་སྒྲོག་གིས། །འཁོར་བའི་བཙོན་རར་འཇིག་རྟེན་འདི་དག་བཅིངས། །གང་དག་དབང་པོ་དྲུག་ཡུལ་རྣམས་ལ་ནི། །རྟག་ཏུ་མི་བརྟེན་གཡོ་དང་གང་དག་
ཅིག །གཡུལ་ངོར་དགྲ་ཚོགས་ལས་རྒྱལ་དེ་དག་ལས། །མཁས་རྣམས་དང་པོ་དཔའ་རབ་ལགས་པར་འཚལ། །བུད་མེད་གཞོན་ནུའི་ལུས་ནི་ལོགས་ཤིག་ཏུ། །དྲི་ང་བ་དང་སྒོ་དགུ་དོད་པ་དང་། །མི་གཙང་ཀུན་སྣོད་འདྲ་བ་དགང་དཀའ་དང་། །པགས་པས་གཡོགས་དང་རྒྱན་ཡང་

ལོགས་ཤིག་གཟིགས། །ཇི་ལྟར་མཛེ་ཅན་སྲིན་བུས་ཉེན་པ་ནི། །བདེ་བའི་དོན་དུ་མེ་ལ་ཀུན་བསྟན་ཀྱང་། །ཞི་བར་མི་འགྱུར་དེ་དང་འདྲ་བར་ནི། །འདོད་པ་རྣམས་ལ་ཆགས་པའང་མཁྱེན་པར་མཛོད། །དོན་དམ་གཟིགས་པར་བགྱི་སླད་དངོས་རྣམས་ལ། །ཚུལ་
བཞིན་ཡིད་ལ་བགྱིད་པ་དེ་གོམས་མཛོད། །དེ་དང་འདྲ་བར་ཡོན་ཏན་ལྡན་པ་ཡི། །ཆོས་གཞན་འགའ་ཡང་མཆིས་པ་མ་ལགས་སོ། །སྐྱེས་བུ་རིགས་གཟུགས་ཐོས་དང་ལྡན་རྣམས་ཀྱང་། །ཤེས་རབ་ཚུལ་ཁྲིམས་བྲལ་བ་བཀུར་མ་ལགས། །དེ་ལྟས་གང་ལ་ཡོན་ཏན་འདི་གཉིས་
ལྡན། །དེ་ནི་ཡོན་ཏན་གཞན་དང་བྲལ་ཡང་མཆོད། །འཇིག་རྟེན་མཁྱེན་པ་རྙེད་དང་མ་རྙེད་དང་། །བདེ་དང་མི་བདེ་སྙན་དང་མི་སྙན་དང་། །བསྟོད་སྨད་ཅེས་བགྱི་འཇིག་རྟེན་ཆོས་བརྒྱད་པོ། །བདག་གི་ཡིད་ཡུལ་མིན་པར་མགོ་སྙོམས་མཛོད། །ཁྱོད་ཀྱིས་བྲམ་ཟེ་དགེ་སློང་ལྷ་དང་ནི། །
མགྲོན་དང་ཡབ་ཡུམ་དག་དང་བཙུན་མོ་དང་། །འཁོར་གྱི་སླད་དུའང་སྡིག་པ་མི་བགྱི་སྟེ། །དམྱལ་བའི་རྣམ་སྨིན་སྐལ་ནོད་འགའ་མ་མཆིས། །སྡིག་པའི་ལས་རྣམས་སྤྱད་པ་འགའ་ཡང་ནི། །དེ་ཡི་མོད་ལ་མཚོན་བཞིན་མི་གཅོད་ཀྱང་། །འཆི་བའི་དུས་ལ་བབ་ན་སྡིག་པ་ཡི། །ལས་ཀྱི་
འབྲས་བུ་གང་ལགས་མངོན་པར་འགྱུར། །དད་དང་ཚུལ་ཁྲིམས་ཐོས་དང་གཏོང་བ་དང་། །དྲི་མེད་ངོ་ཚ་ཤེས་དང་ཁྲེལ་ཡོད་དང་། །ཤེས་རབ་ནོར་བདུན་ལགས་པར་ཐུབ་པས་གསུངས། །ནོར་གཞན་ཕལ་པ་དོན་མ་མཆིས་རྟོགས་མཛོད། །རྒྱན་པོ་འགྱེད་དང་འདུས་ལ་ལྟ་བ་དང་། །ལེ་ལོ་
སྡིག་པའི་གྲོགས་ལ་བརྟེན་པ་དང་། །ཆང་དང་མཚན་མོ་རྒྱུ་བ་ངན་སོང་བ། །གྲགས་པ་ཉམས་པར་འགྱུར་བ་དེ་དྲུག་སྤང་། །ནོར་རྣམས་ཀུན་གྱི་ནང་ན་ཆོག་ཤེས་པ། །རབ་མཆོག་ལགས་པར་ལྷ་མིའི་སྟོན་པས་གསུངས། །ཀུན་དུ་ཆོག་ཤེས་མཛོད་ཅིག་ཆོག་མཁྱེན་ན། །ནོར་མི་
བདོག་ཀྱང་ཡང་དག་འབྱོར་པ་ལགས། །དེས་པ་བདོག་མང་ཇི་ལྟར་སྡུག་བསྔལ་བ། །འདོད་པ་ཆུང་རྣམས་དེ་ལྟ་མ་ལགས་ཏེ། །ཀླུ་མཆོག་རྣམས་ལ་མགོ་བོ་ཇི་སྙེད་པ། །དེ་ལས་བྱུང་བའི་སྡུག་བསྔལ་དེ་སྙེད་དོ། །རང་བཞིན་དགྲར་འབྲེལ་གཤེད་མ་ལྟ་བུ་དང་། །ཁྱིམ་ཐབ་བརྙས་

བགྱིད་རྗེ་མོ་ལྟ་བུ་དང་། །ཆུང་ངུའང་རྐུ་བ་ཆོམ་རྐུན་ལྟ་བུ་ཡི། །ཆུང་མ་གསུམ་པོ་དེ་དག་རྣམ་པར་སྤང་། །སྲིང་མོ་ལྟ་བུར་རྗེས་མཐུན་གང་ཡིན་དང་། །མཛའ་མོ་བཞིན་དུ་སྙིང་ལ་འབབ་པ་དང་། །མ་བཞིན་ཕན་པར་འདོད་དང་བྲན་མོ་བཞིན། །དབང་གྱུར་གང་ཡིན་རིགས་ཀྱི་ལྷ་བཞིན་
བཀུར། །ཁ་ཟས་སྨན་དང་འདྲ་བར་རིགས་པ་ཡིས། །འདོད་ཆགས་ཞེ་སྡང་མེད་པར་བསྟེན་བགྱི་སྟེ། །རྒྱགས་ཕྱིར་མ་ལགས་བསྙེམས་པའི་ཕྱིར་མ་ལགས། །འཚག་ཕྱིར་མ་ལགས་ལུས་གནས་འབའ་ཞིག་ཕྱིར། །རིག་པའི་བདག་ཉིད་ཉིན་པར་མཐའ་དག་དང་། །མཚན་མོ་ཐུན་གྱི་སྟོད་སྨད་
བཟླས་ནས་ནི། །མནལ་ཚེའང་འབྲས་བུ་མེད་པར་མི་འགྱུར་བར། །དྲན་དང་ལྡན་པར་དེ་དག་བར་དུ་མནོལ། །བྱམས་དང་སྙིང་རྗེ་དག་དང་དགའ་བ་དང་། །བཏང་སྙོམས་རྟག་ཏུ་ཡང་དག་བསྒོམ་མཛོད་ཅིག །གོང་མ་བརྙེས་པར་མ་གྱུར་དེ་ལྟ་ནའང་། །ཚངས་པའི་འཇིག་རྟེན་བདེ་བ་ཐོབ་
པར་འགྱུར། །འདོད་སྤྱོ་དགའ་དང་བདེ་དང་སྡུག་བསྔལ་དག །རྣམ་པར་སྤངས་པའི་བསམ་གཏན་བཞི་པོ་ཡིས། །ཚངས་དང་འོད་གསལ་དག་དང་དགེ་རྒྱས་དང་། །འབྲས་བུ་ཆེ་ལྷ་རྣམས་དང་སྐལ་མཉམ་ཐོབ། །རྟག་དང་མངོན་པར་ཞེན་དང་གཉེན་པོ་མེད། །ཡོན་ཏན་གཙོ་ལྡན་བཞི་
ལས་བྱུང་བའི་ལས། །དགེ་དང་མི་དགེ་རྣམ་ལྔ་ཆེན་པོ་སྟེ། །དེ་བས་དགེ་བ་སྤྱོད་ལ་བརྩོན་པར་བགྱི། །ལན་ཚྭ་སྲང་འགས་ཆུ་ནི་ཉུང་ངུ་ཞིག །རོ་བསྐྱུར་བགྱིད་ཀྱི་གངྒཱའི་ཀླུང་མིན་ལྟར། །དེ་བཞིན་སྡིག་པའི་ལས་ནི་ཆུང་ངུ་ཡང་། །དགེ་བའི་རྩ་བ་ཡང་ལ་མཁྱེན་པར་བགྱི། །རྒོད་
དང་འགྱོད་དང་གནོད་སེམས་རྨུགས་པ་དང་། །གཉིད་དང་འདོད་ལ་འདུན་དང་ཐེ་ཚོམ་སྟེ། །སྒྲིབ་པ་ལྔ་པོ་འདི་དག་དགེ་བའི་ནོར། །འཕྲོག་པའི་ཆོམ་རྐུན་ལགས་པར་མཁྱེན་པར་མཛོད། །དད་དང་བརྩོན་འགྲུས་དག་དང་དྲན་པ་དང་། །ཏིང་འཛིན་ཤེས་རབ་ཆོས་མཆོག་ལྔ་ཉིད་དེ། །
འདི་ལ་མངོན་བརྩོན་མཛོད་ཅིག་འདི་དག་ནི། །སྟོབས་དབང་ཞེས་བགྱི་རྩེ་མོར་གྱུར་པའང་ལགས། །ན་རྒ་འཆི་སྡུག་བྲལ་དང་དེ་བཞིན་དུ། །ལས་ནི་བདག་གིར་བྱས་ལས་མ་འདས་ཞེས། །དེ་ལྟར་ཡང་དང་ཡང་དུ་སེམས་པ་ནི། །དེ་ཡི་གཉེན་པོའི་སྒོ་ནས་རྒྱགས་མི་འགྱུར། །

གལ་ཏེ་མཐོ་རིས་ཐར་པ་མངོན་བཞེད་ན། །ཡང་དག་ལྟ་ལ་གོམས་པ་ཉིད་དུ་མཛོད། །གང་ཟག་ལོག་པར་ལྟ་བས་ལེགས་སྤྱད་ཀྱང་། །ཐམས་ཅད་རྣམ་པར་སྨིན་པ་མི་བཟད་ལྡན། །མི་ནི་ཡང་དག་ཉིད་དུ་མི་བདེ་ཞིང་། །མི་རྟག་བདག་མེད་མི་གཙང་རིག་པར་བགྱི། །དྲན་པ་ཉེ་བར་
མ་བཞག་རྣམས་ཀྱིས་ནི། །ཕྱིན་ཅི་ལོག་བཞིར་ལྟ་བ་ཕུང་ཁྲོལ་བ། །གཟུགས་ནི་བདག་མ་ཡིན་ཞེས་གསུངས་ཏེ་བདག །གཟུགས་དང་མི་ལྡན་གཟུགས་ལ་བདག་གནས་མིན། །བདག་ལ་གཟུགས་མི་གནས་ཏེ་དེ་བཞིན་དུ། །ཕུང་པོ་ལྷག་མ་བཞི་ཡང་སྟོང་རྟོགས་བགྱི། །ཕུང་པོ་འདོད་རྒྱལ་
ལས་མིན་དུས་ལས་མིན། །རང་བཞིན་ལས་མིན་ངོ་བོ་ཉིད་ལས་མིན། །དབང་ཕྱུག་ལས་མིན་རྒྱུ་མེད་ཅན་མིན་ཏེ། །མི་ཤེས་ལས་དང་སྲེད་ལས་བྱུང་རིག་མཛོད། །ཚུལ་ཁྲིམས་བརྟུལ་ཞུགས་མཆོག་འཛིན་རང་ལུས་ལ། །ཕྱིན་ཅི་ལོག་པར་ལྟ་དང་ཐེ་ཚོམ་སྟེ། །ཀུན་དུ་སྦྱོར་བ་འདི་གསུམ་ཐར་པ་ཡི། །
གྲོང་ཁྱེར་སྒོ་འགེགས་ལགས་པར་མཁྱེན་པར་གྱིས། །ཐར་པ་བདག་ལ་རག་ལས་འདི་ལ་ནི། །གཞན་གྱིས་གྲོགས་བགྱིར་ཅི་ཡང་མ་མཆིས་པས། །ཐོས་དང་ཚུལ་ཁྲིམས་བསམ་གཏན་ལྡན་པ་ཡིས། །བདེན་པ་རྣམ་པ་བཞི་ལ་འབད་པར་མཛོད། །ལྷག་པའི་ཚུལ་ཁྲིམས་ལྷག་པའི་ཤེས་རབ་
དང་། །ལྷག་པའི་སེམས་ལ་རྟག་ཏུ་བསླབ་པར་བགྱི། །བསླབ་པ་བརྒྱ་རྩ་ལྔ་བཅུ་ལྷག་ཅིག་ནི། །གསུམ་པོ་འདི་ནང་ཡང་དག་འདུ་བར་འགྱུར། །དབང་ཕྱུག་ལུས་རྟོག་དྲན་པ་བདེ་གཤེགས་ཀྱིས། །བགྲོད་པ་གཅིག་པའི་ལམ་དུ་ཉེ་བར་བསྟན། །དེ་ནི་བསྒྲིམས་ནས་མངོན་པར་བསྲུང་བགྱི་སྟེ། །
དྲན་པ་ཉམས་པས་ཆོས་ཀུན་འཇིག་པར་འགྱུར། །ཚེ་ནི་གནོད་མང་རླུང་གིས་བཏབ་པ་ཡི། །ཆུ་ཡི་ཆུ་བུར་བས་ཀྱང་མི་རྟག་ན། །དབུགས་རྔུབ་དབུགས་འབྱུང་གཉིད་ཀྱིས་ལོག་པ་ལས། །སད་ཁོམ་གང་ལགས་དེ་ནི་ངོ་མཚར་ཆེ། །ལུས་མཐའ་ཐལ་བ་མཐར་སྐམ་མཐར་འདྲུལ་ཞིང་། །ཐ་
མར་མི་གཙང་སྙིང་པོ་མ་མཆིས་པ། །རྣམ་པར་འཇིག་དེངས་མྱགས་པར་འགྱུར་བ་སྟེ། །སོ་སོར་འགྱེས་ཆོས་ཅན་དུ་མཁྱེན་པར་མཛོད། །ས་དང་ལྷུན་པོ་རྒྱ་མཚོ་ཉི་མ་བདུན། །འབར་བས་བསྲེགས་པའི་ལུས་ཅན་འདི་དག་ཀྱང་། །ཐལ་བ་ཡང་ནི་ལུས་པར་མི་འགྱུར་ན། །ཤིན་ཏུ་ཉམ་ཆུང་མི་ལྟ་

སྨོས་ཅི་འཚལ། །དེ་ལྟར་འདི་ཀུན་མི་རྟག་བདག་མེད་དེ། །སྐྱབས་མེད་མགོན་མེད་གནས་མེད་དེ་སླད་དུ། །འཁོར་བ་ཆུ་ཤིང་སྙིང་པོ་མེད་པ་ལས། །མི་མཆོག་ཁྱོད་ཀྱི་ཐུགས་ནི་དབྱུང་བར་མཛོད། །རྒྱ་མཚོ་གཅིག་གནས་གཉའ་ཤིང་བུ་ག་དང་། །རུས་སྦལ་ཕྲད་པ་བས་ཀྱང་དུད་འགྲོ་ལས། །མི་ཉིད་
ཆེས་ཐོབ་དཀའ་བས་མི་དབང་གིས། །དམ་ཆོས་སྤྱོད་པས་དེ་འབྲས་མཆིས་པར་མཛོད། །གང་ཞིག་གསེར་སྣོད་རིན་ཆེན་སྤྲས་པ་ཡིས། །ངན་སྐྱུགས་འཕྱགས་པར་བགྱིད་པ་དེ་བས་ནི། །གང་ཞིག་མི་རུ་སྐྱེས་ནས་སྡིག་པ་དག །བགྱིད་པ་དེ་ནི་ཆེས་རབ་བླུན་པ་ལགས། །མཐུན་པར་གྱུར་པའི་
ཡུལ་དུ་གནས་པ་དང་། །སྐྱེས་བུ་དམ་པ་ལ་ནི་བརྟེན་པ་དང་། །བདག་ཉིད་ལེགས་སྨོན་སྔོན་ཡང་བསོད་ནམས་བགྱིས། །འཁོར་ལོ་ཆེན་པོ་བཞི་ནི་ཁྱོད་ལ་མངའ། །དགེ་བའི་བཤེས་གཉེན་བསྟེན་པ་ཚངས་པར་སྤྱོད། །ཡོངས་སུ་རྫོགས་པ་ཐུབ་པས་གསུངས་དེའི་ཕྱིར། །སྐྱེས་བུ་དམ་པ་
བསྟེན་བགྱི་རྒྱལ་བ་ལ། །བརྟེན་ནས་རབ་ཏུ་མང་པོས་ཞི་བ་ཐོབ། །ལོག་པར་ལྟ་བ་འཛིན་དང་དུད་འགྲོ་དང་། །ཡི་དགས་ཉིད་དང་དམྱལ་བར་སྐྱེ་བ་དང་། །རྒྱལ་བའི་བཀའ་མེད་པ་དང་མཐའ་འཁོབ་ཏུ། །ཀླ་ཀློར་སྐྱེ་དང་གླེན་ཞིང་ལྐུགས་པ་ཉིད། །ཚེ་རིང་ལྷ་ཉིད་གང་ཡང་རུང་བར་ནི། །སྐྱེ་བ་ཞེས་
བགྱི་མི་ཁོམ་སྐྱོན་བརྒྱད་པོ། །དེ་དག་དང་བྲལ་ཁོམ་པ་རྙེད་ནས་ནི། །སྐྱེ་བ་བཟློག་པའི་སླད་དུ་འབད་པར་མཛོད། །དེས་པ་འདོད་པས་ཕོངས་དང་འཆི་བ་དང་། །ན་དང་རྒ་སོགས་སྡུག་བསྔལ་དུ་མ་ཡི། །འབྱུང་གནས་འཁོར་བ་ལ་ནི་སྐྱོ་མཛད་ཅིང་། །འདི་ཡི་ཉེས་པའི་ཤས་ཀྱང་གསན་པར་
མཛོད། །ཕ་ནི་བུ་ཉིད་མ་ནི་ཆུང་མ་ཉིད། །སྐྱེ་བོ་དགྲར་གྱུར་པ་དག་བཤེས་ཉིད་དང་། །བཟློག་པ་ཉིད་དུ་མཆི་བས་དེ་སླད་དུ། །འཁོར་བ་དག་ན་ངེས་པ་འགའ་མ་མཆིས། །རེ་རེས་རྒྱ་མཚོ་བཞི་བས་ལྷག་པ་ཡི། །འོ་མ་འཐུངས་ཏེ་ད་དུང་སོ་སོ་ཡི། །སྐྱེ་བོའི་རྗེས་སུ་འབྲང་བའི་འཁོར་བ་པས། །
དེ་བས་ཆོས་མང་ཉིད་ཅིག་བཏུང་འཚལ་ལོ། །རེ་རེའི་བདག་ཉིད་རུས་པའི་ཕུང་པོ་ནི། །ལྷུན་པོ་མཉམ་པ་སྙེད་ཅིག་འདས་གྱུར་ཏེ། །མ་ཡི་ཐུག་མཐའ་རྒྱ་ཤུག་ཚི་གུ་ཙམ། །རི་ལུར་བགྲངས་ཀྱང་ས་ཡིས་ལང་མི་འགྱུར། །བརྒྱ་བྱིན་འཇིག་རྟེན་མཆོད་འོས་གྱུར་ནས་ནི། །ལས་ཀྱི་དབང་གིས་ཕྱིར་ཡང་

ས་སྟེང་ལྷུང་། །འཁོར་ལོས་སྒྱུར་བ་ཉིད་དུ་གྱུར་ནས་ཀྱང་། །འཁོར་བ་དག་ཏུ་ཡང་བྲན་ཉིད་དུ་འགྱུར། །མཐོ་རིས་བུ་མོའི་ནུ་མ་རྐེད་པ་ལ། །རེག་པའི་བདེ་བ་ཡུན་རིང་མྱོང་ནས་སླར། །དམྱལ་བར་འཐག་གཅོད་དབང་བའི་འཁྲུལ་འཁོར་གྱིས། །རེག་པ་ཤིན་ཏུ་མི་བཟད་བསྟེན་
འཚལ་ལོ། །རྐང་པའི་རེག་པས་ནེམ་པར་བདེ་བཟོད་པ། །ལྷུན་པོའི་སྤོ་ལ་ཡུན་རིང་གནས་ནས་ནི། །སླར་ཡང་མེ་མུར་རོ་མྱག་རྒྱུ་བ་ཡི། །སྡུག་བསྔལ་མི་བཟད་ཕོག་སྙམ་བགྱིད་འཚལ་ལོ། །མཐོ་རིས་བུ་མོས་འབྲོངས་ཤིང་དགའ་བ་དང་། །རྣམ་པར་མཛེས་འཚལ་སོན་པར་རྩེས་ནས་སླར། །
འདབ་མ་རལ་གྲི་འདྲ་ཚལ་ནགས་རྣམས་ཀྱིས། །རྐང་ལག་རྣ་བ་སྣ་གཅོད་འཐོབ་པར་འགྱུར། །དལ་གྱིས་འབབ་པ་ལྷ་ཡི་བུ་མོ་ནི། །གདོང་མཛེས་གསེར་གྱི་པདྨ་ལྷན་བཞུགས་ནས། །སླར་ཡང་དམྱལ་བའི་ཆུ་བོ་རབ་མེད་པར། །ཚ་སྒོ་བཟོད་བརླག་ཆུ་ཚན་འཇུག་འཚལ་ལོ། །ལྷ་
ཡུལ་འདོད་བདེ་ཤིན་ཏུ་ཆེན་པོ་དང་། །ཚངས་ཉིད་ཆགས་བྲལ་བདེ་བ་ཐོབ་ནས་སླར། །མནར་མེད་མེ་ཡི་བུད་ཤིང་གྱུར་པ་ཡི། །སྡུག་བསྔལ་རྒྱུན་མི་འཆད་པ་བསྟན་འཚལ་ལོ། །ཉི་མ་ཟླ་བ་ཉིད་ཐོབ་རང་ལུས་ཀྱི། །འོད་ཀྱིས་འཇིག་རྟེན་མཐའ་དག་སྣང་བྱས་ཏེ། །སླར་ཡང་མུན་ནག་སྨག་
ཏུ་ཕྱིན་གྱུར་ནས། །རང་གི་ལག་པ་བརྐྱང་བའང་མི་མཐོང་འགྱུར། །དེ་ལྟར་ནོངས་པར་འགྱུར་འཚལ་བསོད་ནམས་ནི། །རྣམ་གསུམ་མར་མེའི་སྣང་བ་རབ་བཞེས་ཤིག །གཅིག་པུ་ཉི་མ་ཟླ་བས་མི་བརྫི་བའི། །མུན་ནག་མཐའ་ཡས་ནང་དུ་འཇུག་འཚལ་ལོ། །སེམས་ཅན་ཉེས་པར་སྤྱད་
པ་སྤྱོད་རྣམས་ལ། །ཡང་སོས་ཐིག་ནག་རབ་ཏུ་ཚ་བ་དང་། །བསྡུས་འཇོམས་ངུ་འབོད་མནར་མེད་ལ་སོགས་པའི། །དམྱལ་བ་རྣམས་སུ་རྟག་ཏུ་སྡུག་བསྔལ་འགྱུར། །ཁ་ཅིག་ཏིལ་བཞིན་འཚིར་ཏེ་དེ་བཞིན་གཞན། །ཕྱེ་མ་ཞིབ་མོ་བཞིན་དུ་ཕྱེ་མར་རློག །ཁ་ཅིག་སོག་ལེས་འདྲ་སྟེ་དེ་
བཞིན་གཞན། །སྟ་རེ་མི་བཟད་སོ་རྣོན་རྣམས་ཀྱིས་གཤགས། །དེ་བཞིན་གཞན་དག་ཁྲོ་ཆུ་བཞུ་བ་ཡི། །ཁུ་བ་འབར་བ་འཁྲིགས་པ་ལྡུད་པར་བགྱིད། །ཁ་ཅིག་ལྕགས་ཀྱི་གསལ་ཤིང་རབ་འབར་བ། །ཚེར་མ་ཅན་ལ་ཀུན་དུ་རྒྱུད་པར་བགྱིད། །ཁ་ཅིག་ལྕགས་ཀྱི་མཆེ་བ་ལྡན་པའི་ཁྱི། །

གཏུམ་པོས་དབད་ཅིང་ལག་པ་གནམ་དུ་བསྒྲེང་། །དབང་མེད་གཞན་དག་ལྕགས་མཆུ་རྣོན་པོ་དང་། །སེན་མོ་མི་བཟད་ལྡན་པའི་ཁྭ་རྣམས་འཐོག །ཁ་ཅིག་སྲིན་བུ་སྦུར་བ་སྣ་ཚོགས་དང་། །ཤ་སྦྲང་སྦྲང་བུ་མཆུ་རིངས་ཁྲི་ཕྲག་དག །རེག་ན་མི་བཟད་རྨ་སྲོལ་ཆེར་འབྱིན་པས། །ཟ་བར་བགྱིད་
ཅིང་འགྲེ་ལྡོག་སྨྲེ་སྔགས་འདོན། །ཁ་ཅིག་མདག་མེ་འབར་བའི་ཚོགས་སུ་ནི། །རྒྱུན་མི་འཆད་པར་རབ་བསྲེག་ཁ་ཡང་བགྲད། །ཁ་ཅིག་ལྕགས་ལས་བྱས་པའི་ཟངས་ཆེན་དུ། །སྤྱིའུ་ཚུགས་འབྲས་ཀྱི་ཅུང་འཕེད་བཞིན་དུ་འཚེད། །སྡིག་ཅན་དབུགས་འབྱུང་འགགས་པ་ཙམ་ཞིག་
གི །དུས་ཀྱིས་བར་དུ་ཆོད་རྣམས་དམྱལ་བ་ཡི། །སྡུག་བསྔལ་གཞལ་ཡས་ཐོས་ནས་རྣམ་སྟོང་དུ། །མི་འཇིག་གང་ལགས་རྡོ་རྗེའི་རང་བཞིན་ནོ། །དམྱལ་བ་བྲིས་པ་མཐོང་དང་ཐོས་པ་དང་། །དྲན་དང་བཀླགས་དང་གཟུགས་སུ་བགྱིས་རྣམས་ཀྱང་། །འཇིགས་པ་སྐྱེ་བར་འགྱུར་
ན་མི་བཟད་པའི། །རྣམ་སྨིན་ཉམས་སུ་མྱོང་ན་སྨོས་ཅི་འཚལ། །བདེ་བ་ཀུན་གྱི་ནང་ན་སྲེད་ཟད་པ། །བདེ་བའི་བདག་པོར་བགྱིད་པ་ཇི་ལྟ་བར། །དེ་བཞིན་སྡུག་བསྔལ་ཀུན་གྱི་ནང་ན་ནི། །མནར་མེད་དམྱལ་བའི་སྡུག་བསྔལ་རབ་མི་བཟད། །འདི་ན་ཉིན་གཅིག་མདུང་ཐུང་སུམ་བརྒྱ་ཡིས། །རབ་
ཏུ་དྲག་བཏབ་སྡུག་བསྔལ་གང་ལགས་པ། །དེས་ནི་དམྱལ་བའི་སྡུག་བསྔལ་ཆུང་ངུ་ལའང་། །འོལ་ཡང་མི་བགྱིད་ཆར་ཡང་མི་ཕོད་དོ། །དེ་ལྟར་སྡུག་བསྔལ་ཤིན་ཏུ་མི་བཟད་ལོ། །བྱེ་བ་ཕྲག་བརྒྱར་ཉམས་སུ་མྱོང་ཡང་ནི། །ཇི་སྲིད་མི་དགེ་དེ་ཟད་མ་གྱུར་པ། །དེ་སྲིད་སྲོག་དང་འབལ་བར་མི་
འགྱུར་རོ། །མི་དགེའི་འབྲས་འདི་རྣམས་ཀྱི་ས་བོན་ནི། །ལུས་ངག་ཡིད་ཀྱི་ཉེས་སྤྱད་ཁྱོད་ཀྱིས་ནི། །ཅི་ནས་དེ་རྡུལ་ཙམ་ཡང་མ་མཆིས་པ། །དེ་ལྟར་ཉིད་ཀྱི་རྩལ་གྱིས་འབད་པར་མཛོད། །དུད་འགྲོའི་སྐྱེ་གནས་ན་ཡང་གསོད་པ་དང་། །བཅིངས་དང་བརྡེག་སོགས་སྡུག་བསྔལ་སྣ་ཚོགས་
པ། །ཞི་འགྱུར་དགེ་བ་སྤངས་པ་རྣམས་ལ་ནི། །གཅིག་ལ་གཅིག་ཟ་ཤིན་ཏུ་མི་བཟད་པ། །ཁ་ཅིག་མུ་ཏིག་བལ་དང་རུས་པ་དང་། །ཤ་དང་པགས་པའི་ཆེད་དུ་འཆི་བར་འགྱུར། །དབང་མེད་གཞན་དག་རྡོག་པ་ལག་པ་དང་། །ལྕགས་དང་ལྕགས་ཀྱུ་འདེབས་པས་བཏབ་སྟེ་བཀོལ། །

ཡི་དགས་ན་ཡང་འདོད་པས་ཕོངས་པ་ཡིས། །བསྐྱེད་པའི་སྡུག་བསྔལ་རྒྱུན་ཆགས་མི་འཆོས་པ། །བཀྲེས་སྐོམ་གྲང་དྲོ་ངལ་དང་འཇིགས་པ་ཡིས། །བསྐྱེད་པ་ཤིན་ཏུ་མི་བཟད་བསྟེན་འཚལ་ལོ། །ཁ་ཅིག་ཁ་ནི་ཁབ་ཀྱི་མིག་ཙམ་ལ། །ལྟོ་བ་རི་ཡི་གཏོས་
ཙམ་བཀྲེས་པས་ཉེན། །མི་གཙང་གྱི་ནར་བོར་བ་ཅུང་ཟད་ཀྱང་། །འཚལ་བའི་མཐུ་དང་ལྡན་པ་མ་ལགས་སོ། །ཁ་ཅིག་པགས་རུས་ལུས་ཤིང་གཅེར་བུ་སྟེ། །ཏ་ལའི་ཡང་ཏོག་བསྐམས་པ་ལྟ་བུ་ལགས། །ཁ་ཅིག་མཚན་ཞིང་ཁ་ནས་འབར་བ་སྟེ། །ཟས་སུ་འབར་བའི་ཁར་བབས་
བྱེ་མ་འཚལ། །སྨད་རིགས་འགའ་ནི་རྣག་དང་ཕྱི་ས་དང་། །ཁྲག་སོགས་མི་གཙང་བ་ཡང་མི་རྙེད་དེ། །ཕན་ཚུན་གདོང་དུ་འཚོག་ཅིང་མགྲིན་པ་ནས། །ལྦ་བ་བྱུང་བ་སྨིན་པའི་རྣག་འཚལ་ལོ། །ཡི་དགས་རྣམས་ལ་སོས་ཀའི་དུས་སུ་ནི། །ཟླ་བའང་ཚ་ལ་དགུན་ནི་ཉི་མའང་གྲང་། །
ལྗོན་ཤིང་འབྲས་བུ་མེད་འགྱུར་འདི་དག་གིས། །བལྟས་པ་ཙམ་གྱིས་ཀླུང་ཡང་བསྐམ་པར་འགྱུར། །བར་ཆད་མེད་པར་སྡུག་བསྔལ་རྟེན་གྱུར་པ། །ཉེས་པར་སྤྱད་པའི་ལས་ཀྱི་ཞགས་པ་ནི། །སྲ་བས་བཅིངས་པའི་ལུས་ཅན་ཁ་ཅིག་ལོ། །ལྔ་སྟོང་དག་དང་ཁྲིར་ཡང་འཆི་མི་འགྱུར། །
དེ་ལྟར་ཡི་དགས་རྣམས་ཀྱིས་སྣ་ཚོགས་པའི། །སྡུག་བསྔལ་རོ་གཅིག་ཐོབ་པ་གང་ལགས་པ། །དེ་ཡི་རྒྱུ་ནི་སྐྱེ་བོ་འཇུངས་དགའ་བ། །སེར་སྣ་འཕགས་མིན་ལགས་པར་སངས་རྒྱས་གསུངས། །མཐོ་རིས་ན་ཡང་བདེ་ཆེན་དེ་དག་གི །འཆི་འཕོའི་སྡུག་བསྔལ་ཉིད་ནི་དེ་བས་ཆེ། །དེ་
ལྟར་བསམས་ནས་ཡ་རབས་རྣམས་ཀྱིས་ནི། །ཟད་འགྱུར་མཐོ་རིས་སླད་དུ་སྲེད་མི་བགྱི། །ལུས་ཀྱི་ཁ་དོག་མི་སྡུག་འགྱུར་བ་དང་། །སྟན་ལ་མི་དགའ་མེ་ཏོག་ཕྲེང་རྙིང་དང་། །གོས་ལ་དྲི་མ་ཆགས་དང་ལུས་ལས་ནི། །སྔོན་ཆད་མེད་པའི་རྔུལ་འབྱུང་ཞེས་བགྱི་བ། །མཐོ་རིས་འཆི་
འཕོ་སྦྲོན་བགྱིད་འཆི་ལྟས་ལྔ། །ལྷ་ཡུལ་གནས་པའི་ལྷ་རྣམས་ལ་འབྱུང་སྟེ། །ས་སྟེང་མི་རྣམས་འཆི་བར་འགྱུར་བ་དག །སྦྲོན་པར་བྱེད་པའི་འཆི་ལྟས་རྣམས་དང་འདྲ། །ལྷ་ཡི་འཇིག་རྟེན་དག་ནས་འཕོས་པ་ལ། །གལ་ཏེ་དགེ་བའི་ལྷག་མ་འགའ་མེད་ན། །དེ་ནས་དབང་མེད་

དུད་འགྲོ་ཡི་དགས་དང་། །དམྱལ་བར་གནས་པ་གང་ཡང་རུང་བར་འགྱུར། །ལྷ་མིན་དག་ནའང་རང་བཞིན་གྱིས་ལྷ་ཡི། །དཔལ་ལ་སྡང་ཕྱིར་ཡིད་ཀྱི་སྡུག་བསྔལ་ཆེ། །དེ་དག་བློ་དང་ལྡན་ཡང་འགྲོ་བ་ཡི། །སྒྲིབ་པས་བདེན་པ་མཐོང་བ་མ་མཆིས་སོ། །འཁོར་བ་དེ་འདྲ་ལགས་པས་
ལྷ་མི་དང་། །དམྱལ་བ་ཡི་དགས་དུད་འགྲོ་རྣམས་དག་ཏུ། །སྐྱེ་བ་བཟང་པོ་མ་ལགས་སྐྱེ་བ་ནི། །གནོད་པ་དུ་མའི་སྣོད་གྱུར་ལགས་མཁྱེན་མཛོད། །མགོ་འམ་གོས་ལ་གློ་བུར་མེ་ཤོར་ན། །དེ་དག་བཟློག་ཕྱིར་བགྱི་བ་བཏང་ནས་ཀྱང་། །ཡང་སྲིད་མེད་པར་བགྱི་སླད་འབད་འཚལ་ཏེ། །དེ་
བས་ཆེས་མཆོག་དགོས་པ་གཞན་མ་མཆིས། །ཚུལ་ཁྲིམས་དག་དང་བསམ་གཏན་ཤེས་རབ་ཀྱིས། །མྱ་ངན་འདས་ཞི་དུལ་བ་དྲི་མེད་པའི། །གོ་འཕང་མི་རྒ་མི་འཆི་ཟད་མི་འཚལ། །ས་ཆུ་མེ་རླུང་ཉི་ཟླ་བྲལ་ཐོབ་མཛོད། །དྲན་དང་ཆོས་རབ་འབྱེད་དང་བརྩོན་འགྲུས་དང་། །དགའ་དང་ཤིན་ཏུ་
སྦྱངས་དང་ཏིང་འཛིན་དང་། །བཏང་སྙོམས་འདི་བདུན་བྱང་ཆུབ་ཡན་ལག་སྟེ། །མྱ་ངན་འདས་ཐོབ་བགྱིད་པའི་དགེ་ཚོགས་ལགས། །ཤེས་རབ་མེད་པར་བསམ་གཏན་ཡོད་མིན་ཏེ། །བསམ་གཏན་མེད་པར་ཡང་ནི་ཤེས་རབ་མེད། །གང་ལ་དེ་ཉིད་ཡོད་པས་སྲིད་པ་ཡི། །རྒྱ་མཚོ་གནག་
རྗེས་ལྟ་བུར་འཚལ་བར་བགྱི། །ལུང་མ་བསྟན་པ་བཅུ་བཞི་འཇིག་རྟེན་ན། །ཉི་མའི་གཉེན་གྱིས་རབ་གསུངས་གང་དག་ལགས། །དེ་དག་རྣམས་ལ་བསམ་པར་མི་བགྱི་སྟེ། །དེ་ཡིས་བློ་ནི་ཞི་བར་བགྱིད་མ་ལགས། །མ་རིག་པ་ལས་ལས་ཏེ་དེ་ལས་ནི། །རྣམ་ཤེས་དེ་ལས་མིང་དང་
གཟུགས་རབ་འབྱུང་། །དེ་ལས་སྐྱེ་མཆེད་དྲུག་སྟེ་དེ་ལས་ནི། །རེག་པ་ཀུན་དུ་འབྱུང་བར་ཐུབ་པས་གསུངས། །རེག་པ་ལས་ནི་ཚོར་བ་ཀུན་འབྱུང་སྟེ། །ཚོར་བའི་གཞི་ལས་སྲེད་པ་འབྱུང་བར་འགྱུར། །སྲེད་པས་ལེན་པ་བསྐྱེད་པར་འགྱུར་བ་སྟེ། །དེ་ལས་སྲིད་པ་སྲིད་ལས་སྐྱེ་བ་
ལགས། །སྐྱེ་བ་ཡོད་ན་མྱ་ངན་ན་རྒ་དང་། །འདོད་པས་ཕོངས་དང་འཆི་དང་འཇིགས་སོགས་ཀྱི། །སྡུག་བསྔལ་ཕུང་པོ་ཤིན་ཏུ་ཆེ་འབྱུང་སྟེ། །སྐྱེ་བ་འགགས་པས་འདི་ཀུན་འགག་པར་འགྱུར། །རྟེན་ཅིང་འབྲེལ་པར་འབྱུང་འདི་རྒྱལ་བ་ཡི། །གསུང་གི་མཛོད་ཀྱི་གཅེས་པ་ཟབ་

མོ་སྟེ། །གང་གིས་འདི་ནི་ཡང་དག་མཐོང་བ་དེས། །སངས་རྒྱས་དེ་ཉིད་རིག་པས་རྣམ་མཆོག་མཐོང་། །ཡང་དག་ལྟ་དང་འཚོ་དང་རྩོལ་བ་དང་། །དྲན་དང་ཏིང་འཛིན་དག་དང་ལས་མཐའ་དག །ཡང་དག་རྟོག་ཉིད་ལམ་གྱི་ཡན་ལག་བརྒྱད། །འདི་ནི་ཞི་བར་བགྱི་
སླད་བསྒོམ་པར་བགྱི། །སྐྱེ་འདི་སྡུག་བསྔལ་སྲེད་པ་ཞེས་བགྱི་བ། །དེ་ནི་དེ་ཡི་ཀུན་འབྱུང་རྒྱ་ཆེན་ཏེ། །འདི་འགོག་པ་ནི་ཐར་པ་ལགས་ཏེ་དེ། །འཐོབ་བགྱིད་འཕགས་ལམ་ཡན་ལག་དེ་བརྒྱད་ལགས། །དེ་ལྟར་འཕགས་པའི་བདེན་པ་བཞི་པོ་དག །མཐོང་བར་བགྱི་སླད་རྟག་ཏུ་བརྩོན་
པར་བགྱི། །པང་ན་དཔལ་གནས་ཁྱིམ་པ་རྣམས་ཀྱིས་ཀྱང་། །ཤེས་པས་ཉོན་མོངས་ཆུ་བོ་ལས་བརྒལ་གྱི། །གང་དག་ཆོས་མངོན་བགྱིས་པ་དེ་དག་ཀྱང་། །གནམ་ལས་བབས་པ་མ་ལགས་ལོ་ཏོག་བཞིན། །ས་རུམ་ལས་འཐོན་མ་ལགས་དེ་དག་སྔོན། །ཉོན་མོངས་རག་ལས་སོ་
སོའི་སྐྱེ་བོར་བས། །བསྙེངས་དང་བྲལ་ལ་མང་དུ་གསོལ་ཅི་འཚལ། །ཕན་པའི་གདམས་ངག་དོན་པོ་འདི་ལགས་ཏེ། །ཁྱོད་ཀྱིས་ཐུགས་དུལ་མཛོད་ཅིག་བཅོམ་ལྡན་གྱིས། །སེམས་ནི་ཆོས་ཀྱི་རྩ་བ་ལགས་པར་གསུངས། །ཁྱོད་ལ་དེ་སྐད་གདམས་པ་གང་ལགས་དེ། །བས་པར་
དགེ་སློང་གིས་ཀྱང་བགྱི་བར་དཀའ། །འདི་ལ་གང་ཞིག་སྤྱོད་པའི་ངོ་བོ་དེའི། །ཡོན་ཏན་བསྟན་པས་སྐུ་ཚེ་དོན་ཡོད་མཛོད། །ཀུན་གྱི་དགེ་བ་ཀུན་ལ་ཡི་རང་ཞིང་། །ཉིད་ཀྱི་ལེགས་པར་སྤྱད་པ་རྣམ་གསུམ་ཡང་། །སངས་རྒྱས་ཉིད་ཐོབ་བགྱི་སླད་ཡོངས་བསྔོས་ནས། །དེ་ནས་དགེ་
བའི་ཕུང་པོ་འདི་ཡིས་ཁྱོད། །སྐྱེ་བ་དཔག་ཏུ་མེད་པར་ལྷ་མི་ཡི། །འཇིག་རྟེན་ཀུན་གྱི་རྣལ་འབྱོར་དབང་མཛད་ནས། །འཕགས་པ་སྤྱན་རས་གཟིགས་དབང་སྤྱོད་པ་ཡིས། །འགྲོ་བ་ཉམ་ཐག་མང་པོ་རྗེས་བཟུང་སྟེ། །འཁྲུངས་ནས་ན་རྒ་འདོད་ཆགས་ཞེ་སྡང་རྣམས། །བསལ་ཏེ་
སངས་རྒྱས་ཞིང་དུ་བཅོམ་ལྡན་འདས། །འོད་དཔག་མེད་དང་འདྲ་བར་འཇིག་རྟེན་གྱི། །མགོན་པོ་སྐུ་ཚེ་དཔག་ཏུ་མེད་པར་མཛོད། །ཤེས་རབ་ཚུལ་ཁྲིམས་གཏོང་འབྱུང་གྲགས་ཆེན་དྲི་མ་མེད། །ལྷ་ཡུལ་ནམ་མཁའ་དང་ནི་ས་སྟེང་རྒྱས་མཛད་ནས། །ས་ལ་མི་དང་མཐོ་རིས་ལྷ་ནི་

ན་ཆུང་མཆོག །བདེ་དགས་དགའ་བ་ངེས་པར་རབ་ཏུ་ཞི་མཛད་དེ། །ཉོན་མོངས་ཉམ་ཐག་སེམས་ཅན་ཚོགས་ཀྱི་འཇིགས་སྐྱེ་དང་། །འཆི་བ་ཞི་མཛད་རྒྱལ་བའི་དབང་པོ་ཉིད་བརྙེས་ནས། །འཇིག་རྟེན་ལས་འདས་མིང་ཙམ་ཞི་ལ་མི་བསྙེངས་པ། །མི་བགྲེས་ནོངས་པ་མི་མངའི་གོ་འཕང་
བརྙེས་པར་མཛོད། །བཤེས་པའི་སྤྲིང་ཡིག་སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས། །མཛའ་བོ་རྒྱལ་པོ་བདེ་སྤྱོད་ལ་བསྐུར་བ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་སརྦ་ཛྙ་དེ་བ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་བན་དེ་དཔལ་བརྩེགས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་
པའོ།། ༄༅༅། །རྒྱ་གར་སྐད་དུ། ཤི་ཥྱ་ལེ་ཁ། བོད་སྐད་དུ། སློབ་མ་ལ་སྤྲིངས་པའི་སྤྲིང་ཡིག །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །གང་གིས་མཛད་པ་ཤིན་ཏུ་དཀའ་སྤྱད་སྔོན་བྱུང་བ། །མིའམ་ཅི་དང་ལྷ་མོ་རྣམས་ཀྱིས་རབ་བསྙད་ན། །བདུད་ཀྱི་བུ་མོ་
བཞིན་རས་པདྨའི་ནགས་ཚལ་དག །ད་ལྟར་ཟླ་བའི་ཟེར་གྱིས་ཕོག་པ་བཞིན་དུ་ཟུམ། །བཀྲ་ཤིས་ཡིད་འོང་ཤིན་ཏུ་རྨད་བྱུང་སྐུ་མངའ་བ། །བསོད་ནམས་ཆུང་ངུའི་སྐྱེ་བོས་མཐོང་བ་རྙེད་དཀའ་བ། །འཇིག་རྟེན་མངོན་པར་འདོད་པའི་རེ་བ་བསྒྲུབ་པ་གང་། །ཡིད་བཞིན་ནོར་བུ་ལྟ་བུར་གཞན་དོན་
རོ་གཅིག་སྤྱོད། །གང་ཞིག་རྟག་ཏུ་ཕ་རོལ་བདེ་བས་བདེ་འགྱུར་ཞིང་། །གཞན་དག་སྡུག་བསྔལ་གྱུར་པས་མཆོག་ཏུ་འོ་བརྒྱལ་བ། །ཐུགས་རྗེ་ཆེན་པོས་ཡོན་ཏན་ཤིན་ཏུ་བསྐྲུན་པ་གང་། །དེ་ཉིད་རང་གི་བདེ་སྡུག་སྤངས་ཏེ་བཞུགས་པ་ཡིན། །གང་ཞིག་གཞན་གྱི་དོན་དུ་དབུ་རྣམས་གཅོད་
བྱེད་ཀྱང་། །པདྨ་ལྟ་བུར་དགྱེས་པའི་སྤྱན་འབྱེད་གཟིགས་མཛད་ཅིང་། །ཉིད་ཀྱི་དོན་དུ་གདུགས་དཀར་གཅིག་གིས་ཁེབས་པ་ལྟའི། །ས་ཡང་རལ་གྲི་སོ་བདར་རྣོན་པོ་ལྟ་བུར་དགོངས། །ཟླ་བ་ཡར་གྱི་ངོ་ལྟར་ཡོན་ཏན་གསལ་བ་རྫོགས། །ཉེས་པའི་མུན་པ་སེལ་མཛད་གཅིག་པུ་ཡིད་
དུ་འོང་། །འཇིག་རྟེན་ཕན་ལ་བརྩོན་པ་རབ་ཏུ་གསལ་བ་བྱུང་། །དེ་ཤར་ཟླ་བ་བཞིན་དུ་འགྲོ་བ་བསིལ་བར་མཛད། །བསྟན་པ་རིན་ཆེན་མཆོག་ལྟར་བཟང་ལ་འཕན་མེད་པ། །རྣམ་པར་དག་ཚུལ་གང་ཡིན་ཀླུ་མགོ་གདེངས་ཀ་ཅན། །ཆེན་པོ་རྣམས་ཀྱིས་གཙུག་གི་རྒྱན་བཞིན་གུས་མནོས་

ནས། །ས་ཡི་སྟེང་ན་གནས་པའི་རབ་རིབ་སེལ་བར་མཇད། །ཆོས་ཀྱི་སྤྲིན་དེ་ཕན་པ་མཛད་པའི་དོན་དུ་གཡོས། །ཆོས་ཀྱི་བདུད་རྩི་མྱ་ངན་འདས་པ་མཆོག་གི་རྒྱུ། །རོ་གཅིག་གདུང་བ་སེལ་བ་ཆར་ཆུ་བཞིན་དུ་བབ། །དེ་ནི་སྣོད་ལ་བརྟེན་ནས་རོ་རྣམས་དུ་མར་གྱུར། །
སྣོད་ཡངས་ཟབ་ལ་དྲི་མ་མེད་ཅིང་གསལ་བ་ཡི། །བསམ་པ་དང་ལྡན་ཁུར་ཀུན་བཟོད་པ་གང་དག་ལ། །སྐྱེ་བོ་ཀུན་གྱིས་ཉེ་བར་སྤྱད་བྱ་དེ་གནས་པ། །མཚོ་ཆེན་མི་ཡི་གཟུགས་ཅན་དེ་ལ་ཕྱག་འཚལ་ལོ། །གང་ཞིག་སྐྱེ་ནང་རྒ་ཤི་སེལ་བའི་བདུད་རྩི་དེ། །ཐོབ་པར་མི་བྱེད་མི་སྤྱོད་འཛིན་
པར་མི་བྱེད་པ། །དེ་དག་ཉེས་མང་གཏི་མུག་ཐིབས་པོས་བསླད་པ་སྟེ། །ཡུན་རིང་ནད་ཀྱིས་ཐེབས་པ་སྨན་ཆེན་མི་བསྟེན་བཞིན། །འགྲོ་བ་ཀུན་གྱི་མིག་གཅིག་དྲི་མ་མེད་པ་གང་། །དེ་ནི་ས་རྣམས་གསུམ་པོའི་སྤྱི་མཐུན་སྒྲོན་མ་སྟེ། །བསྟན་པ་ལེགས་པར་རྙེད་ནས་གང་ཞིག་འདོར་བ་
དེ། །གཏི་མུག་ཤིན་ཏུ་རྨད་བྱུང་དག་གིས་གཙེས་པར་ཟད། །བྱང་ཆུབ་ཁང་བཟངས་བགྲོད་ལམ་ཐེམ་སྐས་ལྟ་བུ་ཡི། །བསླབ་གཞི་བཅས་པ་རྣམས་ལ་རྐང་ཚུགས་རྟོན་པ་རྣམས། །རྗེས་སུ་སྒྲུབ་པས་གོ་འཕང་ཆེ་མཐོར་ཕྱིན་འགྱུར་ཏེ། །ལྡོག་པར་བྱེད་པ་རང་གི་ས་ནི་གཉུག་མར་
ལྟུང་། །སྐྱེ་བའི་རྒྱ་མཚོ་ཤིན་ཏུ་རྒལ་དཀའ་རྒལ་འདོད་པ། །སུ་ཞིག་ཚུལ་ཁྲིམས་གཟིངས་གྱུར་ལག་ཏུ་འོང་བ་སྤང་། །འཕགས་པའི་དེད་དཔོན་དང་བྲལ་ལམ་རྒྱུས་མི་ཤེས་པ། །འབྲོག་དགོན་འཁྱམས་ན་ཅི་སྟེ་ཡུན་རིངས་གདུངས་མི་བྱེད། །འཁོར་བའི་རི་སུལ་ཁྲོད་ཀྱི་གཡང་
སར་ལྷུང་གྱུར་པ། །མུན་ནག་ཐིབས་པོའི་ནང་ནས་ལྡང་བར་བརྩོན་པ་གང་། །ཡོན་ཏན་སྨྱུག་མའི་ཕྲེང་བ་བར་མ་དོར་འདོར་བ། །དེ་དག་ཤུགས་དྲག་ཉམ་ངའི་ལྟུང་བར་འོག་ཏུ་ལྟུང་། །གང་དག་གཅིག་པུའང་ཡིད་ཀྱིས་ངེས་པར་རབ་བརྟགས་སྟེ། །ཡང་དག་ལམ་དང་ལྷན་ཅིག་
འགྲོགས་པར་བྱེད་པ་དེ། །ས་སྟེང་དཀྱིལ་ན་གཙོ་བོར་གྱུར་པ་དམ་པ་སྟེ། །སློབ་མ་མཆོག་དེས་བླ་མར་བཀུར་བ་ཉིད་དུ་འགྱུར། །ངོ་ཚ་ཡོན་ཏན་ཚོགས་སྐྱེད་མ་གཅིག་ཡ་རབས་མོ། །མཆོག་ཏུ་གཡོ་མེད་བྱམས་པ་ལྟ་བུའི་རྗེས་འབྲང་བ། །བདེན་དང་གཞུང་ལ་དགའ་བའི་གཟི་

བརྗིད་ལྡན་པ་རྣམས། །སྲོག་ནི་བདེ་བླག་གཏོང་བར་བྱེད་ཀྱི་དམ་བཅས་མིན། །རེ་ཞིག་སྐྱེ་བོ་ཀུན་གྱིས་དཔྱས་དང་སྡིག་པ་ཡིས། །འགྲོ་བ་ཀུན་ལ་དམྱལ་བ་མི་བཟོད་ཕར་ཞོག་གི །རང་བཞིན་རྣལ་མ་བོར་ནས་སྨོད་པ་སྡུག་བསྔལ་བ། །མཁས་ལ་ས་སྟེང་དེ་ལས་སྡུག་བསྔལ་
གཞན་ཅི་ཡོད། །གང་ཞིག་ཐུབ་པ་རྣམས་ཀྱིས་སྲོལ་བཏོད་ཆོས་ཀྱི་ལམ། །རྒྱ་ཆེན་གྲུ་དང་འདྲ་བ་རྙེད་ནས་སླར་འདོར་བ། །འཁོར་བའི་རྒྱ་མཚོའི་ཀློང་འཁྱིལ་གར་མཁན་འདྲ་རྣམས་ལ། །དགའ་བས་ངེས་པར་དེ་ཡི་སེམས་བསླུས་འགྱུར་བ་སྙམ། །གང་ཞིག་འཁོར་བའི་འཁོར་
ལོ་རྟག་ཏུ་འཁོར་གྱུར་པའི། །ནང་དུ་ཞུགས་ནས་བསྟི་བ་ཙམ་ལ་བདེར་སེམས་པ། །དེ་ནི་ངེས་པར་དབང་མེད་རིམ་གྱིས་བརྒྱ་ཕྲག་ཏུ། །འགྲོ་བ་མཉམ་དང་མི་མཉམ་ཀུན་དུ་འཁྱམ་པར་འགྱུར། །ཤིན་ཏུ་མི་བཟད་དྲི་ང་མི་གཙང་གཙེར་བས་བགགས། །རབ་ཏུ་དོག་པ་མུན་
ནག་ཐིབས་པོར་འདུག་པའི་མི། །མངལ་གནས་དམྱལ་བ་ལྟ་བུའི་ནང་དུ་དེ་ཞུགས་ནས། །ལུས་ཡོངས་བསྐུམ་ལ་སྡུག་བསྔལ་ཆེན་པོ་བརྣག་དགོས་སོ། །དེ་ནི་རིམ་གྱིས་ཏིལ་མར་བཙིར་སྤྱད་སྲ་བ་ཡིས། །བཙིར་བ་ལྟར་བྱས་དེ་ནས་ཅི་ཞིག་ལྟར་དེ་བཙའ། །འོན་ཀྱང་མོད་ལ་
དེ་སྲོག་མི་འདོར་གང་ཡིན་པ། །སྡུག་བསྔལ་ཉེ་བར་སྤྱད་པའི་རྣམ་པར་མཐོ་བཙམས་མོད། །མི་གཙང་དེ་ནང་གནས་བཅས་འཕེལ་བའི་ལུས་དེ་ནི། །མངལ་གནས་རླམ་པས་དཀྲིས་ཤིང་དྲི་ང་མི་བཟད་ལྡང་། །གཟིར་བས་གནོད་པ་བདོ་སྟེ་རྨ་རྨེན་ཞིག་པ་ལྟར། །གྱུར་པ་དེ་ཡི་སྐྱོན་
གྱིས་སྔོན་གྱི་དྲན་པ་སྤོང་། །བྱིས་ལུས་ཉེ་བར་སྤྱོད་པ་ཀུན་ལ་མི་འབོངས་པ། །མི་བརྟེན་འཁོར་བ་སྤངས་ཏེ་མཁྲང་པའི་དངོས་གྱུར་ནས། །དར་ལ་བབས་པའི་རི་དབང་བཙན་པོའི་རི་སུལ་དུ། །སྦྲུལ་གདུག་གནས་གྱུར་མུ་ལ་བག་རྐྱང་སྤྱོད་པར་བྱེད། །བསམ་བརླག་དེ་ནི་དེ་ནས་ཀྱང་
ལྷུང་ལ། །ལྷུང་བཞིན་མི་གཙིགས་སྤྱོད་པ་མི་འདོར་བ། །བྱིས་པ་བདག་ལུས་སྡུག་པ་རྒ་བ་དང་། །འཆི་བ་མེད་པ་ཉིད་དུ་སེམས་པ་ལྟ། །རྨོངས་པ་དེ་ནི་ཐུབ་དབང་གིས་བསྟན་པའི། །ལམ་བཟང་རྣམ་པར་སྤངས་ནས་ལམ་མིན་པར། །གླང་པོ་མྱོས་པ་ལྕགས་ཀྱུ་མེད་པས་གཞན། །

བབ་དགུ་ཕྱེ་མར་རློག་པ་བཞིན་དུ་འགྲོ། །དེ་ནས་དེ་ནི་མི་འདོད་བཞིན་དུ་མགོར། །བརྩེ་མེད་རྒ་བས་རྡོག་པ་ནན་མནན་ནས། །སྐྲ་དཀར་ལྕགས་ཀྱུ་བདར་བ་རྣོན་པོ་ཡིས། །གླང་ཆེན་རྫི་བོས་གླང་ཆེན་བཞིན་དུ་འདེབས། །འོན་ཀྱང་དེ་ནི་སྤྱོད་ལ་སྐྱོར་འབྱིན་པས། །དགེ་
བའམ་འཇིགས་པ་བཞིན་དུ་སྤང་བར་འགྱུར། །རྨོངས་པ་བྱ་བ་མིན་བྱེད་བདག་སྐྱེས་པ། །སྨྱུག་མ་འབྲུ་ཆགས་ལྟ་བུར་བརླག་པར་ཟད། །དེ་ནས་དེ་ནི་འཆི་བདག་དགའ་བའི་སྤུན། །གཞིལ་བའི་བཅོས་ཐབས་མེད་པས་བཟུང་ནས་ནི། །རྒས་པའི་ངོ་བོའི་ཆ་བདག་འོངས་ནས་ནི། །
རྒོད་པ་བཞིན་དུ་སྤྱི་ནས་འཛིན་པར་བྱེད། དེ་ནས་དེ་ནི་ལྷུ་ཚིགས་རྣམས་འབྱེ་ཞིང་། །བློ་ཡང་བསླད་འགྱུར་འགྲོ་བ་ཉམས་པར་འགྱུར། །ལུས་ཀྱང་དེངས་ནས་ཤིག་ཤིག་པོར་འགྱུར་ལ། །ངེས་པར་སྡིག་པ་འཕེལ་བ་ཁོ་ནར་འགྱུར། །དབང་པོ་རྣམས་ཀྱང་རིམ་གྱིས་ཞུམ་ནས་
ནི། །ཡུལ་ལ་ཆགས་ཀྱང་ནུས་པ་ཉམས་པར་འགྱུར། །གནས་སྐབས་གང་དུ་འདི་འགྲོ་གྱུར་བ་དེ། །གལ་ཏེ་དམྱལ་ན་ཡོད་ན་དེ་ཉིད་འཇིགས། །བདག་གིས་ཇི་ལྟར་དེ་བཞིན་འདི་མ་བྱས། །ཅི་སྟེ་དེ་ལྟར་དེ་བྱས་འགྲོ་བ་ཉམས། །བདག་གིས་ཅི་སྟེ་འདི་ལྟར་འཆི་བདག་ནི། །མགོ་
བོར་རྡོག་པས་གནོན་པ་འཕྲིགས་མ་གྱུར། །མྱ་ངན་རྡོ་རྗེ་དེ་ལྟ་དེ་ལྟ་བུར། །སེམས་ལ་གནོད་པ་རྣམས་ཀྱིས་དེ་གཙེས་ནས། །ཉེ་དུའི་སྐྱེ་བོ་དུད་མོའི་མཆི་རྒྱུན་ཅན། །སྡུག་བསྔལ་སྙིང་ནི་རྡོ་རྗེ་ལྟ་བུས་བལྟས། །གནད་ཀྱི་གཤིས་སུ་འཇེབས་པར་གཟིར་ནས་ནི། །ཤིན་ཏུ་མི་བཟད་མུན་
རུམ་འཇུག་པར་འགྱུར། །འབད་པ་ལྷུར་བླངས་སྲུང་བ་བྱས་པའི་ལུས། །ཡིད་འོང་འདྲིས་པ་རྣམ་པར་འདོར་བར་འགྱུར། །གཤིན་རྗེའི་ཞགས་པས་དམ་དུ་བཏགས་པ་སྟེ། །ཅོ་དོ་འབལ་ཞིང་ཆོ་ངེས་འདེབས་བྱེད་ཀྱང་། །དེ་ཡིས་གླེངས་པ་ཉེ་དུའི་སྐྱེ་བོ་ཡིས། །རང་གི་ངུས་སྒྲ་ལྡིར་བ་
བཞིན་མི་ཐོས། །བགྲོད་དཀའ་ཆུ་དང་ཕ་བང་ཐག་ཐུག་འདོམ་པའི་བར། །ཚེར་མ་རྣོན་པོས་འཛིངས་པ་ཉམ་ངའི་ལམ་དག་དུ། །དུས་ཀྱི་ཞགས་པས་སྐེ་ནས་བཏགས་ཏེ་གཤིན་རྗེའི་མི། །གཏུམ་པོ་རྣམས་ཀྱིས་དབྱུག་པས་བདའ་ཞིང་ཁྲིད་པར་འགྱུར། །མི་བཟད་སྐམ་པས་རྒྱང་

ནས་ཆུ་ཀླུང་དྲི་མེད་པ། །མཐོང་ནས་བཏུང་བར་འདོད་དེ་སོང་ན་དེ་ཉིད་ཀྱང་། །སྐྲ་ཤད་ཉ་ལྕིབས་ཚོགས་དང་རྣག་སུངས་འདྲེས་པ་དང་། །འདམ་རྫབ་ཁྲག་དང་ཕྱི་སས་གང་བའི་ཆུར་འགྱུར་རོ། །དུས་རླབས་རླུང་ལངས་ཆུ་འཐོར་རི་རྩེ་བསིལ་འགྱུར་ཞིང་། །ཙན་དན་ལྗོན་པ་སྔོན་འཁྲུངས་མ་ལ་ཡར་སོང་
ནས། །དེ་ཡང་འདི་ལ་ནགས་སྲེག་མེ་ལྕེ་རྣོས་འཁྲིགས་ཤིང་། །མགལ་དུམ་འགྱེལ་བ་མང་པོས་རད་རོད་ཅན་དུ་འགྱུར། །ཆུ་གཏེར་རླབས་འཇིགས་འཕང་མཐོ་གྱེས་པ་ལས་བྱུང་བའི། །དབུ་བ་ཚེར་མ་ལྷག་གེ་སྟུག་པར་སོང་ན་ཡང་། །དེ་ཡང་འདི་ལ་བྱེ་ཚན་ཁུ་བ་དམར་རྩུབ་པའི། །
རླུང་དམར་འཇེབས་པ་འཚུབ་པའི་མྱ་ངན་ཉིད་དུ་འགྱུར། །འདི་ནི་དེ་གནས་ཆར་སྤྲིན་ལྡང་བར་འདོད་ན་ཡང་། །སྤྲིན་ལས་ལྕགས་མདའི་ཆར་པ་དུད་འཐུལ་མདག་མར་བཅས། །ཚ་ཚ་རྡོ་རྗེའི་ཕ་བང་དམར་འཕྲོག་སེར་མདོག་ལྟ་བུ་ཡི། །གློག་ཕྲེང་དམར་སེར་འགྱུ་བ་ལུས་ལ་ཆར་དུ་འབབ། །ཚ་བས་
ཉེན་ལ་བུ་ཡུག་ཀྱང་ནི་ཚར་འགྱུར་ལ། །ལྷགས་པས་ཉམ་ཐག་པ་ལ་མེ་ཡང་གྲང་བྱེད་དོ། །ཤིན་ཏུ་མི་བཟད་ལས་ཡོངས་སྨིན་པས་རྣམ་རྨོངས་པ། །འདི་ལ་སྣ་ཚོགས་འདི་ཀུན་ཕྱིན་ཅི་ལོག་ཏུ་སྣང་། །ཁབ་མིག་ཙམ་གྱི་ཁ་ལ་དཔག་ཚད་མང་འཇིགས་པའི། །ལྟོ་ཅན་ཉམ་ཐག་རྒྱ་མཚོ་ཆེན་
པོའི་ཆུ་འཐུང་ཀྱང་། །མགུལ་ཕུགས་ཡངས་པ་ཉིད་དུ་ཕྱིན་པར་མ་གྱུར་པར། །ཁ་ཡི་དུགས་ཀྱིས་ཆུ་ཡི་ཐིགས་པ་སྐམ་པར་འགྱུར། །རལ་པའི་ཚོགས་མང་སྤུངས་པས་བསྒྱིངས་པའི་ཁྱི་དག་གིས། །མཆེ་བ་གཟོང་རིངས་རྡོ་རྗེའི་རྩེ་མོས་ལུས་དབད་ཅིང་། །ཆུ་བོ་རབ་མེད་ཐལ་སྐྱོ་མེ་ལྕེས་གང་
བའི་ངོགས། །རྡོ་བ་ཟུར་རྣོན་མི་བཟད་རྩེ་རྣོན་ཅན་དུ་བདས། །སྤུ་གྲི་རྣོས་གཏམས་ལྕུག་ཚལ་ལོ་མ་རལ་གྲི་ཡི། །ནང་དུ་ཐང་ཆད་རྒྱུགས་ན་ལུས་སྨས་སྐྱབས་མེད་པ། །རྩེ་གསུམ་མདུང་ཐུང་དང་ནི་རལ་གྲི་རྣོས་གང་བའི། །ཁྲོན་པ་གཤིན་རྗེའི་ཁ་བས་ཐུ་བའི་ནང་དུ་ལྷུང་། །ཉི་ཚན་གྱིས་གདུང་
བཟོད་དཀའ་རླག་པར་དགའ་བའི་ལུས། །ལྗོན་ཤིང་ལོ་མ་སྔོ་སྟུག་མཐོང་ནས་སོང་བ་དང་། །དེ་ཡི་ལོ་མ་མཚོན་བརྒྱ་ལྷུང་བས་ལུས་དབད་ཅིང་། དེ་ན་ཡུན་རིང་དུད་མོ་ལས་ཤེས་བརླག་པར་གནས། །བུད་མེད་ཀུན་ནས་མེ་ལྕེ་བརྒྱ་ཕྲག་འཐོན་པའི་མི། །མེ་སྟག་ཕྲེང་བ་འཁྲིགས་པའི་རྒྱན་གྱིས་

གཞག་གྱུར་ཅིང་། །སོག་ལེ་ལྟ་བུའི་རྩུབ་པའི་ལུས་ཀྱི་ཟོན་མེད་པ། ཤིན་ཏུ་སྡུག་པའི་ཚུལ་དུ་བཅུམ་ནས་འཁྱུད་པར་བྱེད། །རི་དང་མཉམ་དུ་ལུག་རུ་འཇིགས་སུ་རུང་བ་གཉིས། །འདུས་པའི་ཕྲག་ཏུ་ལུས་ཀུན་ཕྱེ་མར་རློག་ཅིང་འཇོམས། །ཅུང་ཟད་བསིལ་
བའི་རླུང་ཞིག་ལངས་པས་བརྟས་ནས་དེ། །དེ་བཞིན་ཕྱིར་ཡང་ལན་བརྒྱར་ཀུན་ནས་ཕྱེ་མར་རློག །བསེ་ཁྱི་བོང་བུ་ཅེ་སྤྱང་སྟོང་ཕྲག་གིས་བྲེད་ནས། །ཤལ་མ་རི་མཐོ་མི་བཟད་དེ་ལ་མྱུར་འཛེགས་ན། །ཚེར་མའི་ཚོགས་ཁ་ཐུར་དུ་བལྟས་པས་ཐལ་འབྱིན་ཅིང་། །ཟུག་རྔུ་ཚབས་པོ་ཆེ་དག་
ཁོང་རླག་ནུབ་པར་འགྱུར། །གཤིན་རྗེའི་ལག་ན་ཐོགས་པ་དུས་ཀྱི་ཞགས་པ་ལྟའི། །སྦྲུལ་སྡུག་མགོ་འཕང་བསྟོད་པས་དམ་གཞག་གཞུངས་ནས་ནི། གསོན་པོར་ཁ་དང་བྱ་གར་ཀང་ཀ་བྱ་རྒོད་ཀྱིས། །དེ་ན་གནས་པའི་མིག་དག་ཚམ་ཚོམ་མེད་པར་འདྲུ། །དེ་ལུས་དེ་དག་གི་མཆུ་རྡོ་རྗེ་རྩེ་
མོ་ལྟས། །བརྩམ་པ་མེད་དབང་ཉམ་ཐག་ང་རོ་འབྱིན་བྱེད་ཅིང་། །ཐུར་དུ་བབས་ན་ལྕགས་ཚེར་གྱེན་དུ་ཁ་བལྟས་པ། །སྦོམ་བ་རྣོ་བ་མང་པོས་ལུས་ཕུག་དྲན་པ་ཉམས། །དེ་བས་ཁ་ཅིག་མདུང་རྩེ་གསུམ་པ་འབར་བ་དང་། །ཟུག་རྔུ་རྣོན་པོས་ལུས་དབང་ཐུར་དུ་འབབ་མི་ནུས། །དེ་
ཚེ་མཚོན་ཆ་བདར་བའི་མཆུ་ཅན་ཁྭ་རྣམས་ཀྱིས། །ཀུན་དུ་དྲངས་པས་རྒྱུ་ལྟོ་བྲང་བྲེང་ནར་ཞང་འཐོར། །ཁ་ཅིག་རི་བོའི་གཡང་ས་ཡ་ངར་གཡང་དུ་ལྷུང་། །ཁ་ཅིག་འབྲུ་མར་སྐོལ་བའི་ཟངས་ཆེན་ནང་དུ་ལྟུང་། །གཞན་དག་ཕྱེ་མ་སྲེག་པ་མེ་སྟག་འཕྲོ་བ་ཡི། །ས་གཞི་རྐང་པ་གཞག་པའི་
གནས་མི་ཐོད་པར་ལྷུང་། །ཁ་ཅིག་འབུ་སྦྲང་ཕྲ་མོ་ལྕིག་ལྕིག་འདུག་པ་ཡི། །ཚོགས་ཀྱིས་