Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 164
Văn bản gốc(Tây Tạng)
Trang 16 / 18 (50.000 ký tự/trang)
སུ་མི་འགྱུར་བའོ། །རིགས་པ་ཉིད་དགེ་འདུན་གྱིས་ཀྱང་མྱོང་བར་མ་གྲུབ་པ་མ་ཡིན་ཞེས་པ་ནི་བསྐང་བར་འོས་པ་རྣམས་ཉིད་ཀྱི་འཁོར་དུ་ལས་བྱེད་པའི་ཚེ་ན་ཡང་གཉིད་ལོག་པ་ལ་སོགས་པའི་རྐྱེན་གྱིས་ལས་མྱོང་བར་མ་གྱུར་ན་ལས་སུ་མི་ རུང་བའོ། །འདིའང་གསོལ་བ་ཐོས་ན་གྲུབ་པའོ་ཞེས་པ་ནི་དེས་ཀྱང་གསོལ་བ་ནི་ཐོས་ལ་གཞན་མ་ཐོས་ན་ནི་ལས་སུ་རུང་བའོ། །སྐལ་བ་ཅན་འདྲ་བའི་ཕོ་ཉས་རབ་ཏུ་འབྱིན་པ་ནི་ཆོ་ག་མ་ཡིན་པ་མ་ཡིན་ཞེས་པ་ནི་བདེན་པ་མཐོང་བར་འགྱུར་བ་ལ་སོགས་པའི་སྐལ་བ་ཡོད་པ་ནི་བདག་དང་འདྲ་བའི་ཕོ་ཉས་ གསོལ་ཞིང་སྐྱབས་སུ་འགྱུར་བ་ལ་སོགས་པ་བྱས་ཏེ་རབ་ཏུ་འབྱིན་ན་ཡང་མི་རུང་བ་མེད་པའོ། །གཞན་ཡང་བསྙེན་པར་རྫོགས་པ་མན་ཆད་དོ་ཞེས་པ་ནི་སྐལ་བ་ཅན་དེ་ལྟ་བུ་རབ་ཏུ་བྱུང་བའི་ཚེ་ཕོ་ཉས་བསྒྲུབ་པར་མ་ཟད་ཀྱི་བསྙེན་པར་མ་རྫོགས་པ་ཡན་ཆད་གོང་མ་བཞིན་དུ་ཕོ་ཉས་བསྒྲུབ་བོ། །མི་ མཐུན་ན་ཕོག་པ་མ་ཡིན་ཞེས་པ་དང་། འདིར་གསོལ་བའང་འཇིག་ཅེས་པ་ནི་རབ་ཏུ་འབྱུང་བར་འདོད་པ་ལ་བསླབ་པ་དབོག་པ་ལ་སོགས་པ་ཁྱོད་དེ་ཉིད་ལེན་དུ་མ་བཏུབ་ན་ལས་སུ་མི་རུང་ཞིང་དང་པོ་ཁོ་ན་ཉིད་ཀྱིས་གསོལ་བ་ཡང་མི་བརྩན་ཏེ་འཇིག་པར་སྟོན་པའོ། །བཞམས་པས་བསྒོ་བ་ནི་ཆོ་ གའོ་ཞེས་པ་ནི་དབྱེན་ལ་ཞུགས་པ་ལ་སོགས་པ་ཐོག་མ་ཉིད་དུ་བཞམས་ཤིང་བསྒོ་བ་བའི་ཆོ་ག་ཇེ་བྱ་དགོས་པས་ན་བཞམ་པའི་ཆོ་ག་སྔར་མ་བྱས་པར་གསོལ་བ་ལ་སོགས་པའི་ལས་བྱས་ཀྱང་ལས་སུ་མི་རུང་བའོ། །བཀར་བའང་དེ་བཞིན་ཞེས་པ་ནི་དགེ་སློང་བཀར་བའི་ལས་བྱ་བ་ཡང་ སྔར་བཞམས་པའི་ཆོ་ག་མ་བྱས་པར་བཀར་བའི་ལས་ཇེ་བྱས་ན་ལས་སུ་མི་རུང་བའོ། །ཕ་རོལ་གྱི་མཉན་པ་ནི་དགོངས་ཤིག་ཅེས་པ་ལ་སོགས་པ་གཙོ་བོ་ཞེས་པ་ནི་དགེ་འདུན་ནམ་གང་ཟག་ཕ་རོལ་པོ་ཉན་ན་ནི་དགོངས་ཤིག་ཅེས་པ་ལ་སོགས་པ་མ་བྱས་སུ་ཟིན་ན་མི་རུང་བ་མེད་པའོ། །དོན་གྱིས་ཚིག་ རིམས་ལས་འགལ་ཡང་མི་སྐྱེ་བ་མ་ཡིན་ཞེས་པ་ནི་ལས་སུ་བྱ་བའི་ཚིག་རྣ་གོ་རིམས་བཞིན་དུ་མ་བྱས་ཏེ། བཙུན་པ་གསོན་ཅིག་བཙུན་པའི་དགེ་འདུན་མིང་འདི་ཞེས་བགྱི་བ་དགེ་འདུན་ལས་བསྙེན་པར་རྫོགས་པར་གསོལ་ལོ་ཞེས་པ་ལས་དགེ་འདུན་བཙུན་པ་གསོན་ཅིག །དགེ་འདུན་ལས་མིང་ འདི་ཞེས་བགྱི་བ་བསྙེན་པར་རྫོགས་པར་གསོལ་ལོ་ཞེས་གོ་རིམས་བསྣོར་ཏེ་བྱས་སུ་ཟིན་ཀྱང་ལས་སུ་མི་རུང་བ་མེད་པའོ། །འགལ་བར་མི་བྱ་ཞེས་པ་ནི་གོང་མ་ལྟར་ལས་སུ་མི་རུང་བ་མེད་དུ་ཟིན་ཀྱང་བསྣོར་བར་ནི་མ་བྱེད་ཅིག་པའོ། །མཚན་ཐ་དད་པ་བརྟེན་པ་ཡང་མ་ཡིན་ཞེས་པ་ནི་ཕོ་མོའི་མཚན་ སོ་སོར་བརྗོད་པ་བསྣོར་ན་ཡང་ལས་སུ་མི་རུང་བ་མེད་པའོ། །དགེ་སློང་དང་དགེ་སློང་མའི་ལས་ལས་གཞན་པ་བྱས་ན་ཡང་ཡིན་ཞེས་པ་ནི་དགེ་སློང་ཕ་བསྙེན་པར་རྫོགས་པའི་ལས་དགེ་སློང་མ་བསྙེན་པར་རྫོགས་པའི་ཆོ་གས་བྱས་པ་ལྟ་བུས་ཆོ་ག་གོ་བསྣོར་ཏེ་བྱས་ན་ཡང་ལས་སུ་མི་རུང་བ་ མེད་པའོ། །ལས་ཀྱི་དངོས་པོར་ཞུས་པར་གཏོགས་པའོ། །ལས་ཀྱི་དངོས་པོ་རྫོགས་སོ།། །།སླར་བཅོས་པའི་དངོས་པོ་སྟོན་པ་ནི། མ་ཞི་བའི་དངོས་པོ་ཤེས་གླེང་བ་བས་བརྒལ། མངོན་སུམ་དུ་གཏུགས་ནས་ཆད་པའི་ལས་བྱ་ཞེས་པ་ལ་སོགས་པ་ཡིན་ཏེ་འཐབ་ ཀྲོལ་བྱེད་པ་ལ་སོགས་པ་ཞེས་པའི་དམིགས་ཡོད་པར་མངོན་གླེང་བ་བས་ཀྱང་བརྒལ། དགེ་འདུན་གྱི་ནང་དུ་བཀུག་ཅིང་མངོན་སུམ་དུ་ཐུག་ནས་ཆད་པ་བཅད་པའི་ལས་གྱིས་ཤིག་པའོ། །འདུར་མི་ཐུབ་ན་གྲགས་པ་ཙམ་གྱིས་སོ་ཞེས་པ་ནི་དགེ་འདུན་གྱི་ནང་དུ་དགུག་ཅིང་མངོན་སུམ་ དུ་བྱར་མ་ཐུབ་ན་ཉེས་པའི་གཡོང་མཚང་ཡོད་པར་གྲགས་པ་དང་སྦྱར་ཏེ་ཆད་པས་ཆོད་ཅིག་པའོ། །མ་མཐོང་བར་བསྙོན་པ་ནི་ཡོད་པ་བཙུགས་པས་ན་ཁས་བླངས་པ་ཡན་ལག་མ་ཡིན་ཞེས་པ་ནི་ཉེས་པ་ཁས་ལེན་དུ་མ་བཏུབ་སྟེ། བསྙོན་པའི་སྲན་ཚུགས་ན་མཚང་བཅད་པའི་ཕྱིར་ ཆད་པས་བཅད་པ་ཉིད་ཡིན་ཏེ། ཆད་པས་མི་བཅད་པའི་ཡན་ལག་མ་ཡིན་པའོ། །སྐབས་མ་ཕྱེ་ན་ཡང་མི་རུང་ཞེས་པ་ནི་གླེང་བའི་སྐབས་འབྱེད་དུ་མི་བཏུབ་པའི་སྲན་བཙུགས་པས་ཀྱང་མི་གློན་ཏེ། དེ་ཡང་ཡན་ལག་མ་ཡིན་པར་སྟོན་པའོ། །གླེང་བ་ཉིད་ཀྱིས་མ་ རྒལ་ན་རྒོལ་བ་མ་བསྐོས་ཞེས་པ་ནི་རྒོལ་བའི་ངོས་ངན་བྱེད་པ་ཉིད་མ་བྱུང་ན་རྒོལ་བ་གཅིག་ཆེད་དུ་སྐོས་ཤིག་པའོ། །གཤེ་ཁྲོ་བསྡིགས་པ་དང་དགེ་འདུན་ལ་རྙེད་པ་དང་གནས་ཀྱི་གཞི་བརྗེས་བྱེད་པ་དང་། རྒྱལ་པོ་ཞལ་ཆེ་བ་གཉེན། གང་ཟག་རྒྱབ་རྟེན་འཆར་བ་དང་། དགེ་འདུན་ལ་མི་འཆར་ བ་རྣམས་ཀྱི་ནང་ན་འདུས་མི་བྱེད་པ་དང་། ཁྱིམ་པ་དང་མུ་སྟེགས་པའི་རྒྱལ་མཚན་འཆང་བ་མུ་སྟེགས་ལ། བརྟེན་པ་མི་རིགས་པ་སྤྱོད་པ་དགེ་སློང་གི་བསླབ་པ་མི་སློབ་པ་རྣམས་མི་བརྗེད་ལ་སྲོ་ཤིང་། དགེ་འདུན་ལ་སྤུ་སྙོལ་གནོང་བཀུར་གིང་གོང་བྱེད། མཚན་མ་གསོལ་བ་འདེབས་ན་ཚངས་ པར་བྱ་ཞེས་པ་ནི་མིང་གིས་སྨོས་པ་འདི་རྣམ་པ་འདི་རྣམས་ལྟར་གྱུར་ན་གདོད་དགེ་འདུན་གྱི་ཉེས་པ་བར་གནང་ཞིང་ཚངས་པར་གྱིས་ཤིག་པའོ། །དེ་ལ་གཤེ་ཁྲོ་བསྡིགས་ཞེས་པ་ནི་ཁྱིམ་པ་དང་རབ་ཏུ་བྱུང་བ་ལ་འདི་དག་ལྟར་བྱེད་པའོ། །དགེ་འདུན་ལ་རྙེད་པ་དང་གནས་ཀྱི་ཞེ་བརྡེགས་བྱེད་ཅེས་པ་ ནི་དགེ་འདུན་ཉི་ཚེར་ཡང་མ་ཟད་དེ་གང་ཟག་ཡན་ཆད་ལ་རྙེད་པ་དང་། གནས་ཀྱི་ཞེ་བརྡེགས་མི་བྱེད་ན་ཚངས་པར་བྱའོ། །རྒྱལ་པོ་ཞེས་པ་ནས་རྒྱབ་རྟེན་འཆའ་ཞེས་པའི་བར་དུ་སྨོས་པ་ནི་མིང་གིས་སྨོས་པ་འདི་རྣམས་ལ་རྒྱབ་རྟེན་མི་འཆའ་ན་ཚངས་པར་བྱའོ། །དེ་ལ་གང་ཟག་ཅེས་པ་ནི་ཁྱིམ་ པའམ་རབ་ཏུ་བྱུང་བ་གང་ཡང་རུང་ཁྱིམ་པའི་མཚན་མ་ནི་རབ་ཏུ་མ་བྱུང་བའི་ཆ་ལུགས་སུ་བྱེད་པའོ། །མུ་སྟེགས་པའི་མཚན་མ་ཤེས་པ་ནི་འཕྲལ་བ་ལ་སོ་རིས་བྱེད་པ་དང་། །རིགས་ཀྱི་གཡང་གཞི་ལ་སོགས་པ་ཐོགས་པའོ། །མུ་སྟེགས་པ་བརྟེན་ཅེས་པ་ནི་མུ་སྟེགས་ལ་འཇར་ཞིང་གཞོལ་བའོ། ། མི་རིགས་པ་སྤྱོད་ཅེས་པ་ནི་སྤྱད་པ་དང་སྤྱོད་ལམ་བགགས་པ་རྣམས་སྤྱོད་པའོ། །དགེ་སློང་གི་བསླབ་པ་མི་སློབ་ཅེས་པ་ནི་སྲོག་གཅོད་ལས་ལོག་པ་ལ་སོགས་པའི་དངོས་པོ་རྣམས་མི་སློབ་པའོ། །སྲོ་ཤིང་ཞེས་པ་ནི་སྐྲ་ཡེགས་པ་ལ་སོགས་པ་དམུས་བྱུང་བའོ། །དགེ་འདུན་ལ་སྤུ་སྙོལ་ཞེས་པ་ནི་སྙེམས་ ཤིང་བསྡོ་བ་དང་བྲལ་ཏེ་འཇར་བའོ། །གནོང་བཀུར་ཞེས་པ་ཉེས་པར་ཚོར་བའོ། །གིང་གོང་བྱེད་ཅེས་པ་ནི་ཕོ་ཐེག་བཏང་ཞིང་གསགས་བྱེད་པའོ། །མཚན་ལས་ལྡོག་ཅེས་པ་ནི་གང་གི་ཕྱིར་ཆོད་པའི་དམིགས་དེར་འདོར་ཞིང་གཏོང་བའོ། །གསོལ་བ་འདེབས་ཞེས་པ་ནི་དགེ་འདུན་ལ་གསོལ་ བ་འདེབས་ན་གདོད་ཚངས་པར་བྱ་བའི་གསོལ་བ་མི་འདེབས་ན་གོང་མ་རྣམས་ལྟར་བྱེད་དུ་ཟིན་ཀྱང་ཚངས་པར་མ་བྱེད་ཅིག་པའོ། །གསོལ་བ་འདེབས་ན་ལས་སུ་བྱ་བ་གཞན་ཡང་སྟོན་པ་ནི་ལས་དབོག་པ། དབྱུང་བ་བསྙེན་པར་རྫོགས་པ་ཞིག་པ་བཀན་པ་རྣམས་ཀྱང་ངོ་ཞེས་པ་ཡིན་ཏེ་མིང་ གིས་སྨོས་པ་འདི་རྣམས་གསོལ་བ་འདེབས་ན་གདོད་ལས་སུ་གྱིས་ཤིག་པ་སྟེ། དེ་ལ་དབོག་ཅེས་པ་ནི་ཁང་པ་དང་གཙུག་ལག་ཁང་བརྩིག་ཏུ་གཞུག་པ་ལ་སོགས་པའོ། །འབྱུང་ཞེས་པ་ནི་ལྷག་མ་ལས་དབྱུང་བའོ། །བསྙེན་པར་རྫོགས་ཞེས་པ་ནི་དགེ་སློང་གི་སྡོམ་པ་དབོག་པའོ། ། གཞི་ཞེས་པ་ནི་ཁྱིམ་དུ་མི་འདོང་བར་བསླབ་པ་བཅས་པར་དེ་གཏོང་བའོ། །བཀན་ཅེས་པ་ནི་ལྷུང་བཟེད་ཁས་ཕུབ་སྟེ་བཏང་བའོ། ཆད་པ་བཅད་པའི་སྤྱིའི་ཚུལ་དེ་ལྟར་བསྟན་ནས། ཉེས་པའི་དམིགས་ལས་ཆད་པའི་རིམ་པ་སོ་སོར་དབྱེ་བ་དང་སྟོན་པ་ནི་འཐབ་ཀྲོལ་བྱེད་པ་ལས་ཀྱིས་ སྤྱོ་ཞེས་བྱ་བ་ཡིན་ཏེ་འཐབ་ཀྲོལ་བྱེད་པ་ལ་ནི་རྒྱ་གག་གྱིས་ཤིག་པའོ། །དགེ་འདུན་གྱི་ལྷག་མ་གོར་མོར་བྱེད་ཅིང་མི་འཆོས་ན་སྨེད་ཅེས་པ་ནི་འདི་ལྟར་བྱེད་ན་སྨ་དབབ་པའི་ཆད་པས་ཆོད་ཅིག་པའོ། །ཁྱིམ་སུན་འབྱིན་པ་ནི་བསྐྲད་ཅེས་པ་ནི་འདི་ལྟར་བྱེད་ན་མཛེས་པ་སྤང་བའི་ཕྱིར་གང་ན་ བྱེད་པའི་གནས་དེ་ནས་ཕྱུང་ལ་སྐྲོད་ཅིག་པའོ། །དེའི་ཆེད་ལ་འདུར་མི་བཏུབ་ཅིང་སྐབས་མི་འབྱེད་ན་ཡང་ངོ་ཞེས་པ་དང་དེ་མ་མཐོང་བར་སྒྲོགས་པ་ཡང་ཞེས་པ་ནི་སྐྲོད་པའི་གཅོམ་ཚོར་ནས་འདུར་མི་བཏུབ་པ་དང་། གླེང་བ་ལ་སྐབས་མི་སྟེར་བ་དང་། སྙོན་ངས་པ་རྣམས་ཀྱང་བསྐྲད་ པའི་ཆད་པས་ཆོད་ཅིག་པའོ། །ཁྱིམ་པ་ལ་འཕྱ་ན་འགོང་ཐོད་དུ་དབྱུང་ཞེས་པ་ནི་ཁྱིམ་པ་ལ་ཁ་མ་ཀླས་པར་ཟེར་ན་དགེ་འདུན་གྱིས་འགོང་ཐོད་དུ་དབྱུང་བའམ་ཉེས་པ་དེ་གཏོང་དུ་ཆུག་ཤིག་པའོ། །འདིར་ནི་ཚངས་པར་བྱ་བའི་ལས་ཀྱི་གོར་དེ་བཟོད་པར་བྱའོ་ཞེས་པ་ནི་སྐབས་གཞན་དུ་ཚངས་ པར་བྱ་བའི་ལས་འདིའི་སྐབས་སུ་ཁྱིམ་པ་དེ་ལ་བཟོད་པར་གསོལ་དུ་ཆུག་ཤིག་པའོ། །བསྡམ་པའི་གཉེན་པོར་བྱ་བ་མ་ཡིན་པའི་ཉེས་པར་གྲགས་པ་མི་འཆོས་ཤིང་བསྙོན་ངས་པ་དང་། གཉེན་པོ་བསྒྲུབ་ཏུ་མི་བཏུབ་པ་དང་། སྡིག་པའི་ལྟ་བ་མི་གཏོང་བ་རྣམས་བཀར་ཞེས་ པ་ནི་ཉེས་པར་གྲགས་པ་བསྡམ་པར་བྱ་བ་མ་ཡིན་པའི་ཉེས་པ་གཉེན་པོས་མི་འཆོས་པར་བསྙོན་ངས་པ་དང་། གཉེན་པོས་བཅོས་སུ་མི་རུང་བ་དང་། སྡིག་པའི་ལྟ་བ་མི་གཏོང་ན་བཀར་བའི་ཆད་པས་ཆོད་ཅིག་པའོ། །ཉེས་པ་འདིའང་འདི་ཉིད་དུ་གཉེན་པོ་བྱས་ན་ནི་དགེ་འདུན་འདི་དག་ཉིད་ཀྱིས་ཁྱོད་ ལ་འདྲ་བར་མཛད་དོ་ཞེས་དེ་ལ་བསྒོ་ཞེས་པ་ནི་བཀར་བ་དེ་ལ་སྙད་འདི་སྐད་དུ་བསྒོ་ཤིག་པའོ། །ཉེས་པ་མི་བཅབ་ཅེས་པ་ནི་ཉིད་ཀྱི་ཉེས་པ་སུས་ཀྱང་ཡོང་ཡེ་མ་བཅབས་ཤིག་པའོ། །ཐ་ན་མིང་ཡང་བསྒྲགས་ཞེས་པ་ནི་ཉེས་པའི་རིགས་ཡིན་པར་མ་ཞུས་ན་ཉེས་པའི་མིང་ཙམ་ལ་ཡང་གཞན་ལ་ སྒྲོགས་ཤིག་པའོ། །ཉེས་བྱས་ནི་ཇི་ལྟར་ཡང་རུང་ཞེས་པ་ནི་ཉེས་ཤེའམ་ཁ་ན་མ་ཐོ་བ་བྱས་ཞེས་བསྒྲགས་པ་ཙམ་གྱིས་ཀྱང་ཉེས་བྱས་བསྒྲགས་པར་འགྱུར་བའོ། །སུ་ལ་བསྒྲགས་ཤེ་ན། རང་བཞིན་དུ་གནས་པ་ལ་ཞེས་པ་ཡིན་ཏེ་སྨོས་པ་ལས་མ་ཡིན་གྱི་དགེ་སློང་ཐ་མལ་པ་ལ་སྨྲོས་ཤིག་པའོ། ། ལྟ་བ་ཐ་དད་པའི་རང་བཞིན་དུ་གནས་པ་ལ་ཡང་བསྒྲགས་སམ་ཞེ་ན། གཞན་དུ་མི་ལྟ་བ་ལ་ཞེས་པ་ཡིན་ཏེ། གཞན་དུ་མི་ལྟ་བའི་རང་བཞིན་དུ་གནས་པ་ལ་སྒྲོགས་ཤིག་པའོ། །གཞན་དུ་མི་ལྟ་བའི་དགེ་ཚུལ་ཡན་ཆད་ལ་ཡང་བསྒྲགས་སམ་ཞེ་ན། བསྙེན་པར་རྫོགས་པ་ལ་ཞེས་པ་ཡིན་ཏེ། བསྙེན་པར་རྫོགས་པ་ལ་སྒྲོགས་ཤིག་པའོ། །བསྙེན་པར་རྫོགས་པ་མཚན་མི་མཐུན་པ་ལ་བསྒྲགས་སམ་ཞེ་ན། མཚན་མཐུན་པར་ཞེས་པ་ཡིན་ཏེ་དགེ་སློང་ཕས་དགེ་སློང་ཕ་ལ་སྒྲོགས་ཤིག་པའོ། །མཐུན་མཐུན་དུ་བསྒྲགས་ན་དགེ་ཚུལ་གྱིས་ཀྱང་དགེ་ཚུལ་ལ་བསྒྲགས་ཤིང་བཤགས་པར་ བྱ་བ་ཡིན་ནམ་ཞེ་ན་དེ་ཉིད་ལ་སྟེ། འདིའང་ཕྱི་མ་དང་བཅས་པར་རོ་ཞེས་པ་ཡིན་ཏེ། དགེ་ཚུལ་གྱིས་ཀྱང་བསྙེན་པར་རྫོགས་པ་ལ་བསྒྲགས་ཤིང་དེའི་རྗེས་ལ་བཤགས་པ་ཡང་གྱིས་ཤིག་པའོ། །ཆོས་འདི་པ་རྣམས་ལ་ནའང་འདི་བྱས་པའོ་ཞེས་པ་ཡིན་ཏེ། དགེ་བསྙེན་ཡན་ཆད་འདིའི་ ཆོས་སུ་བལྟ་བའོ། །ཆོ་ག་བསྒྲགས་ན་ཉེས་བྱས་ཡོད་དུ་ཟིན་གྱི་བསྒྲགས་པར་ནི་མི་འགྱུར་བ་ནི་མ་ཡིན་པའོ། །མཚམས་གུད་ན་འདུག་ཀྱང་ཞེས་པ་ནི་ནམ་མཁའ་ལྟ་བུ་མཚམས་ལོགས་ཤིག་ན་འདུག་པ་ལ་བསྒྲགས་ན་ཡང་བསྒྲགས་པར་འགྱུར་བའོ། །བསྒོ་བ་ལ་དབྱུང་བའོ། །ཆོ་ག་ནི་དགེ་ འདུན་ལའོ་ཞེས་པ་ནི་དབྱེན་དང་རྗེས་སུ་ཕྱོགས་པ་ལ་སོགས་པ་བསྒོ་བ་ལས་བྱུང་བའི་ཉེས་པའོ། །ཆོ་ག་ནི་དགེ་འདུན་ལ་བསྒོ་ཤིག་པའོ། །སོ་སོར་བཤགས་པ་ནི་དགེ་སྦྱོང་གི་གནས་དེར་འདུག་ལའོ་ཞེས་པ་དགེ་སྦྱོང་གི་གནས་སུ་འདུས་སོ་ཅོག་ལ་སོ་སོར་བཤགས་པའི་ཉེས་པ་བསྒོས་ཤིག་པའོ། ། ཇི་སྐད་དུ་བསྒྲགས་ཤེ་ན། ཚེ་དང་ལྡན་པ་དག་བདག་གི་ནི་སྨད་པའི་གནས་སུ་གྱུར་པ་འགལ་བ་ཅན་བཤགས་པར་འགྱུར་བ་སྟེ་ཆོས་དེས་སོ་སོར་བཤགས་པར་བགྱིའོ་ཞེས་སོ་ཞེས་པ་ཡིན་ཏེ་བསྒྲགས་པའི་སྙད་འདི་སྐད་གྱིས་ཤིག་པའོ། །དེ་ལ་བསྒྲགས་པ་ནི་ཐབས་འདི་ལྟར་བྱའི་བཤགས་ པ་ནི་གང་ཟག་གཅིག་ལ་གུད་དུ་གྱིས་ཤིག་པའོ། །འདི་དག་སྔགས་བཞིན་དུ་མ་ཡིན་ཞེས་པ་ནི་བསྒྲགས་པ་དེ་ཡང་སྔགས་བཞིན་དུ་ལན་གསུམ་དུ་བཟླས་མི་དགོས་པའོ། །བསྡམ་པར་བྱ་བ་ནི་ཡིད་ཀྱིས་སློན་ཞེས་བྱ་བ་ནི་འདོད་པའི་རྗེས་སུ་རྟོགས་པ་ལ་སོགས་པ་བསྡམ་པར་བྱ་བའི་ཉེས་པ་ རྣམས་ནི་ཡིད་ཀྱིས་མི་བྱ་བར་དམ་བཅས་འདག་ཅིང་སློན་པར་སྟོན་པའོ། །དེ་ལས་གཞན་པ་ནི་དེ་དང་བཤགས་པ་ན་བཅས་པས་སོ་ཞེས་པ་ནི་གོང་མ་ལས་གཞན་པ་སྟེ། ལུས་སམ་ངག་གི་ཉེས་པ་རྣམས་ཡིད་ཀྱིས་བསྡམས་པ་དང་། བཤགས་པ་གཉིས་ཀ་བྱས་པས་གདོད་འདག་པར་སྟོན་པའོ། ། སུ་ལ་བཤགས་ཤེ་ན། གཅིག་ལའོ་ཞེས་པ་དང་། གཞན་དུ་མི་ལྟ་བ་དེ་ལའོ་ཞེས་པ་དང་། ཉེས་པ་མི་འདྲ་ལ་ཞེས་པ་དང་། སྡེ་ཡང་ཞེས་པ་ཡིན་ཏེ། གང་ཟག་གཅིག་ལ་བཤགས་པ་དང་། དེའང་གཞན་དུ་མི་ལྟ་བ་དང་། ཉེས་པ་མི་འདྲ་བ་དང་། ལྟུང་བའི་སྡེ་མི་མཐུན་པ་ལ་བཤགས་ ཤིག་པའོ། །མེད་ན་ཡང་ཞེས་པ་ནི་སྡེ་མི་མཐུན་པ་མེད་ན་ཉེས་པའི་དམིགས་མི་འདྲ་བ་ཙམ་ལ་བཤགས་ཤིག་པའོ། །སྤང་བ་ནི་རྗེ་སྤངས་ཤིང་ཕྲལ་ནས་ཞེས་པ་ནི་སྤང་བ་བཤགས་པའི་ཐབས་ནི་དངོས་པོ་ཇེ་སྤངས་ཏེ་དེ་དང་གཅིག་བྲལ་ནས་གདོད་བཤགས་ཤིག་པའོ། །ལྷག་མ་དང་བཅས་པར་ གཏོགས་པའི་ལྕི་བ་སྦོམ་པོའོ་ཅོག་ནི་དགེ་འདུན་ལྔ་ལ་སོགས་པ་ལའོ་ཞེས་པ་ནི་ཁུ་བ་ཆེད་དུ་འབྱིན་པར་སྤྱོད་པ་ལ་སོགས་པ་ལྷག་མའི་ལྕི་བ་སྦོམ་པོ་ཅོག་དགེ་འདུན་ལྔ་ཡན་ཆད་ལ་བཤགས་ཤིག་པའོ། །ལྷག་མ་མེད་པར་གཏོགས་པའི་ཕལ་ཆེ་སྟེ་ཆད་པ་མེད་ཅེས་པ་ནི་ཕས་ཕམ་ པའི་ལྕི་བ་སྦོམ་པོ་སྤྱད་དུ་མི་བཟོད་པ་ལ་མི་ཚངས་པར་སྤྱོད་པ་ལྟ་བུ་དང་། ཡན་ལག་གཅིག་གིས་ཚངས་པའི་རྐུན་པོ་བྱེད་པ་ལྟ་བུ་ལ་སོགས་པ་ནི་དུ་ལ་བཤགས་པ་ཆད་པ་མེད་དེ་དྲུག་ཡན་ཆད་ཕལ་པོ་ཆེ་ལ་བཤགས་ཤིག །འདི་ཡང་བ་ནི་བཞི་ལ་སོགས་པའོ་ཞེས་པ་ནི་རྩི་བུར་ཙམ་གྱི་ཚོད་རྐུ་ བར་སྤྱོད་པའི་སྦོམ་པོ་ཡང་བ་དགེ་འདུན་བཞི་ལ་སོགས་པ་ལ་བཤགས་ཤིག་པའོ། །ལྕི་ཡང་ནི་དངོས་པོ་དང་བསམ་པ་བསྡམས་ཆེ་ཆུང་ལས་ཕྱེ་ཤིག་པའོ། །འདི་ལ་འབད་བཞིན་དུ་རྐྱེན་དང་ལྡན་པར་ཤི་བ་ལས་ཟིན་པ་དང་འདྲ་བ་ཞེས་པ་ནི་ལྷག་མ་འབྱིན་པའི་ཆོ་ག་བྱ་བར་བརྩམས་པ་ལ་ ཤི་བ་ལྟ་བུའི་རྐྱེན་དང་ལྡན་དུ་ཟིན་ཀྱང་ཉེས་པ་བཤགས་པའི་སེམས་ཡོད་པས་ན་ལས་བྱས་ཟིན་པ་དང་འདྲ་བར་སྟོན་པ་སྟེ། དགེ་སློང་ལྷག་མ་འབྱིན་པར་ཆས་པ་ལམ་དུ་གཅན་གཟན་གྱིས་བསད་པ་ལྟ་བུའོ། །སྨོས་པས་བྱས་པ་ནི་སངས་ཏེ་དེས་ཤེ་ན། ཉེས་བྱས་དང་འདྲ་ཞེས་པ་ནི་སྨོས་ པའི་ཚེ་ཉེས་བྱས་པ་ཅོག་སངས་ཏེ་དྲན་ན་ཉེས་བྱས་དང་འདྲ་བས་ན་གང་ཟག་གཅིག་གི་མདུན་དུ་བསམ་པ་ལོག་པ་སྤྱད་པ་བཤགས་ཤིག་པའོ། །མིང་དང་རིགས་སུ་བཅས་ཏེ་ཉེས་པ་བསྒྲགས་ཏེ་ཞེས་པ་ནི་བཤགས་པའི་ཚེ་ཉེས་པའི་མིང་གང་ཡིན་པ་དང་ཉེས་པའི་རིགས་གར་གཏོགས་པ་རྣམས་ སྨོས་ལ་སྒྲོགས་ཤིག་པའོ། །དགེ་འདུན་གྱི་ལྷག་མ་ནི་འདི་སྲིད་ཀྱི་བར་བཅབས་སོ་ཞེའམ་མ་བཅབས་སོ་ཞེའམ་ཞེས་པ་ཡིན་ཏེ་དགེ་འདུན་གྱི་ལྷག་མ་བཤགས་པ་ནི་བཅབས་སམ་མ་བཅབས་ན་ཡང་ཡུན་ཇི་སྲིད་ཀྱི་བར་དུ་བཅབས་པ་རྣམས་སྨོས་པ་ལ་བཤགས་ཤིག་པའོ། །འདི་བྱུང་ བས་འདག་པར་བྱེད་ཅེས་པ་ནི་དགེ་འདུན་གྱི་ལྷག་མའི་ཉེས་པ་ནི་དེ་ལས་ཕྱུང་བས་འདག་པར་སྟོན་པའོ། །དགེ་འདུན་ལས་ཞག་དྲུག་ནོད་དེ་མགུ་བར་སྤྱད་ནའོ་ཞེས་པ་ནི་དགེ་འདུན་ལས་ཞག་དྲུག་གི་མགུ་བར་མནོས་ཏེ་སྤྱད་ན་གདོད་གོང་མ་ལྟར་དབྱུང་དུ་རུང་བའོ། །དགེ་སློང་མ་ནི་ཟླ་བ་ཕྱེད་དོ་ཞེས་ པ་དང་འདི་ལྕི་བའི་ཆོས་ལས་འགལ་ན་ཡང་སྤྱད་པར་བྱའོ་ཞེས་པ་ནི་དགེ་སློང་མས་ནི་མགུ་བ་ཟླ་བ་ཕྱེད་ཀྱི་བར་དུ་བྱ་དགོས་པ་དང་། ལྕི་བའི་ཆོས་ལ་འགལ་ན་ཡང་མགུ་བར་སྤྱད་དགོས་པར་སྟོན་པའོ། །བཅབས་པའི་ཉེས་པ་མེད་ན་གདོད་སྐྱེ་ཞེས་པ་ནི་བཅབས་པའི་ཉེས་པ་མེད་ན་གདོད་མགུ་བ་དེ་དབོག་ པར་བྱའོ། །བཅབས་པ་ནི་ཇི་ལྟར་བྱ་ཞེ་ན། ཆད་པས་ན་མེད་པར་འགྱུར་རོ་ཞེས་པ་ཡིན་ཏེ། ཆད་པའི་ལས་བྱས་ན་བཅབས་པའི་ཉེས་པ་མེད་པར་འགྱུར་བའོ། །ཆད་པ་དེ་ལ་ཡུན་ཇི་སྲིད་ཀྱི་བར་དུ་ཞེ་ན། དགེ་འདུན་ལས་དེ་སྲིད་མནོད་ཅེས་པ་ཡིན་ཏེ་བཅབས་པའི་ཡུན་ཇི་སྲིད་བར་ཆད་པ་ ཡང་དེ་སྲིད་དུ་མནོས་ཤིག་པའོ། །འདི་གཉིས་བྱེད་བཞིན་དུ་དེའི་དགེ་འདུན་ལྷག་མ་བྱུང་ན་བྱས་ཤིང་མནོས་པ་འཇིག་གོ་དེ་དེ་ལྟ་བས་ན་གཞི་ནས་བསླངས་ཏེ་དབོག་ཅེས་པ་ནི་ཆད་པ་དང་མགུ་བ་གཉིས་མེད་པའི་ཚེ་དེ་དང་འདྲ་བའི་ལྷག་མ་ཕྱི་མ་བྱུང་བར་གྱུར་ན་སྔར་ནོས་ཤིང་བྱས་པ་རྣམས་ ཞིག་པའི་ཕྱིར་ཡང་གཞི་ནས་བླངས་ཏེ་འཕྲོ་གྱིས་ཤིག་པའོ། །བརྩམས་པ་ཡང་བྱེད་པ་བཞིན་པས་སོ་ཞེས་པ་ནི་སྔར་ཆད་པ་དང་རྩ་བའི་ཆད་པ་དང་། བསྐྱར་བ་རྣམས་རྩོམ་ཞིང་བྱེད་བཞིན་པའི་འཕྲོ་ལ་དེ་དང་འདྲ་བའི་ཉེས་པ་ཕྱི་མ་བྱུང་ན་ཡང་སྔ་མ་དེ་ཉིད་ཡིན་དུ་ཟད་པར་སྟོན་པའོ། །དེ་ལ་དེ་ལྟ་ བས་ན་མ་སྐྱེས་པ་འདི་ནི་དེའི་ཚེ་གུད་དུ་བསླངས་ཏེ་དང་པོར་ཡང་ངོ་ཞེས་པ་ནི་ཆོ་ག་མ་ཚང་བས་ཆད་པ་མ་སྐྱེས་པར་དེ་དང་འདྲ་བའི་ཉེས་པ་ཕྱི་མ་བྱུང་ན་རྩ་བ་ནས་བསྐྱར་བ་ལ་མ་གཏོགས་པར་དེ་ཉིད་དང་ཉེས་པ་ཕྱིས་འབྱུང་བ་གཉིས་པོ་བྱ་བ་ལ་མ་གཏོགས་པའི་སྔ་རོལ་དུ་དེ་གྱིས་ཤིག་པའོ། །དེའི་བར་ ཡང་བཅོས་ཞེས་པ་ནི་ཉེས་པ་སྔ་མ་བྱེད་པའི་འཕྲོ་ལ་ཕྱིས་ཉེས་པར་གྱུར་པ་དེ་ཡང་གཞི་ལ་མ་དོར་བར་གཉེན་པོས་ཆོས་ཤིག་པའོ། །དེ་བས་ན་དེའི་ཕྱིར་དེ་ལ་ཡང་བརྟེན་ཅེས་པ་ནི་རྩ་བའི་ཆད་པ་ནོད་པའི་ཚེ་ཕྱིས་བྱུང་བའི་ཉེས་པ་དང་གཉི་གའི་མིང་སྨོས་པ་ནོས་ཤིག་པའོ། །བཅས་པའི་དུས་ ལས་ལྷག་པ་ལ་བརྟེན་ཞེས་པ་ནི་སྔ་མ་ཕྱིར་བཅབས་པ་ལ་བཅབས་པའི་ཡུན་རིང་ན་སྔ་མའི་ཞག་གྲངས་ཀྱིས་ཕྱི་མའི་ཁར་མ་བསྣན་པར་མིང་ནི་གཉི་ག་སྨོས་ལ་ཕྱི་མ་ཡུན་རིང་པོའི་ཞག་གྲངས་ཀྱི་ཐད་དུ་ཕོབ་ཤིག་པའོ། །འདི་གཉིས་ལས་ཀྱིས་དབོག་ཅེས་པ་ནི་ཆད་པ་དང་མགུ་བ་གཉིས་ ག་ལས་ཀྱིས་ཕོག་ཤིག་པའོ། །དབྱུང་བ་ཡང་ཞེས་པ་ནི་ལྷག་མ་ལས་བྱུང་བ་ཡང་ལས་ཀྱིས་ཕྱུང་ཤིག་པའོ། །འདིར་སྤྱོ་ཞེས་པ་དང་། གསོལ་བ་དང་ཞུ་བ་དང་པོའི་བར་དུའོ་ཞེས་པ་ནི་དབྱུང་བ་དེ་གསོལ་བ་ཟིན་ནས་ལས་དང་པོ་རྩོམ་པའི་བར་དུ་སྤྱོ་ཞིང་ཚར་བཅད་པ་གྱིས་ ཤིག་པའོ། །རྩྭ་གཅལ་ལ་བསྙལ་ནས་ཞེས་པ་ནི་དེ་རྩྭ་གཅལ་གྱི་སྟེང་དུ་སྙོལ་ལ་གོང་མ་ལྟར་གྱིས་ཤིག་པའོ། །གཟེངས་བསྟོད་པ་ཡང་ངོ་ཞེས་པ་དང་། ཟིན་བ་བསྙད་པའི་འོག་ཏུའོ་ཞེས་པ་ནི་ལས་ཟིན་པར་དགེ་འདུན་ལ་བསྙད་པའི་འོག་ཏུ་དེ་ལ་གཟེངས་བསྟོད་པ་གྱིས་ཤིག་པའོ། །བཅོས་པའི་ དངོས་པོའོ།། །།བཅོས་པའི་དངོས་པོ་ཞུས་པ་ལ་སོགས་པ་བསྡུས་ཏེ་སྟོན་པ་ནི་ཚུལ་ཁྲིམས་ཞིག་པ་བསྐྲད་ཅེས་པ་ལ་སོགས་པ་ཡིན་ཏེ། ཕས་ཕམ་པ་བྱུང་བ་དགེ་འདུན་གྱི་ནང་དུ་མ་བཞག་པར་སྐྲོད་ཅིག་པའོ། །འདིར་དགེ་འདུན་དབང་ཞེས་པ་ནི་འདི་ལྟ་བུ་བསྐྲད་པའི་དབང་དགེ་འདུན་གྱི་གྱིས་ ཤིག་པའོ། །འདི་ལ་འདི་དག་གཡེལ་བར་མི་བྱ་ཞེས་པ་ནི་འདི་ལྟ་བུ་ཚུལ་ཁྲིམས་ཞིག་པ་དགེ་འདུན་འཇོད་ཉོལ་དུ་མ་དོར་བར་བསྐྲད་པ་ལ་སོགས་པའི་ལས་གྱིས་ཤིག་པའོ། །མི་སྣང་བར་བྱས་པ་ཚངས་པར་བྱ་ཞེས་པ་ནི་དགེ་ཚུལ་སྣང་བར་བཀར་བ་ནི་གཏན་དུ་མ་སྤངས་པར་གྱིས་ཤིག་པའོ། ། ཆད་པས་གཅོད་པ་རྣམས་ལ་མ་བགྲོས་ན་ཆད་པས་བཅད་པ་ཚངས་པར་མི་འགྱུར་ཞེས་པ་ནི་དང་པོ་ཆད་པས་གཅོད་པའི་དགེ་འདུན་རྣམས་མ་གཏོགས་པར་དགེ་འདུན་གཞན་གྱིས་ཆད་པས་བཅད་པ་དེ་འབྲལ་ཞིང་ཚངས་པར་མི་འགྱུར་རོ། །བསྐྲད་པ་ནི་སུན་པའི་གནས་སུ་མི་བཞག་ཅེས་པ་ནི་རིགས་སུན་ པར་བྱེད་བྱེད་པ་གང་བྱས་པའི་གནས་དེ་ན་མ་བཞག་པར་གུད་དུ་སྐྲོད་ཅིག་པའོ། །བཀར་བ་ཅོག་ལྷན་ཅིག་ཏུ་གནས་ཤིང་སྤྱོད་པ་མེད་ཅེས་པ་བཀར་བའི་ཆད་པས་བཅད་པ་དང་། དགེ་འདུན་ཐ་མལ་པ་རྣམས་ལྷན་ཅིག་གནས་པ་དང་། ཆོས་དང་ཟང་ཟིང་གི་སྤྱོད་པ་གཅིག་ཏུ་མ་བྱེད་ཅིག་པའོ། །འདིར་ ཇི་ལྟར་འདུ་ཤེས་པ་བརྩན་ཞེས་པ་ནི་བཀར་བར་མ་ཤེས་ཏེ་དེ་དང་ལྷན་ཅིག་ཏུ་གནས་ཤིང་སྤྱོད་པ་ནི་ཉེས་མེད་ཀྱི་བཀར་བ་ཤེས་ན་གདོད་ཉེས་པར་འགྱུར་བས་ན་ཇི་ལྟར་འདུས་པ་བརྩན་པའོ། །བྱེ་ན་ཆོས་མ་ཡིན་པའི་ཕྱོགས་ལ་གཞན་གྱིས་འདི་གཉིས་ཞེས་པ་ནི་དགེ་འདུན་ཆོས་ཡིན་པ་དང་མ་ཡིན་པའི་ཕྱོགས་ སོ་སོར་བྱེ་ན་གང་ཆོས་ཡིན་པའི་ཕྱོགས་ཀྱིས་མ་ཡིན་པའི་རྣམས་ལ་ལྷན་ཅིག་ཏུ་གནས་ཤིང་ལྷན་ཅིག་སྤྱོད་པ་གཉིས་མ་བྱེད་ཅིག་པའོ། །གཅིག་གིས་ནི་མ་ཡིན་ཞེས་པ་ནི་ཆོས་མ་ཡིན་པའི་ཕྱོགས་རྣམས་ཀྱི་ནི་ཡིན་པའི་ཕྱོགས་ལ་འདི་གཉིས་ལྟར་བྱོས་ཤིག་པའོ། །ཆད་པ་པ་གཞན་ལ་འདི་དག་མ་ཡིན་ཞེས་པ་ནི་ བཀར་བ་མ་གཏོགས་པའི་སྤྱོ་བ་དང་སྨད་པ་ལ་སོགས་པ་ཆད་པ་གཞན་གྱིས་བཅད་པ་ལ་ལྷན་ཅིག་ཏུ་མི་གནས་ཤིང་མི་སྤྱོད་པ་ལ་འདི་གཉིས་མ་བྱེད་ཅིག་པའོ། །འདིས་མཛའ་བོ་ལ་བརྟེན་ཅིང་གནས་བཅའ་ཞེས་པ་ནི་ཆད་པ་གཞན་གྱིས་ཆོད་པ་འདི་དག་གི་གནས་བསྟེན་ནི་སུ་མཛའ་བ་ལ་ཆོས་ཤིག་པའོ། །ཆད་ པས་བཅད་པ་བཤམས་པ་དང་ཞིག་པ་ཚེ་སྤོགས་པ་ལྟ་ན་སྣོད་སྤྱད་བཏོན་ཏེ་དོར་ཞེས་པ་ནི་ཆད་པས་གཅད་པར་བཤམས་པ་དང་དབྱུང་བར་བཤམས་པ་ལས་དེར་མི་བཏུབ་ཅིང་སླར་སྤོགས་པ་ལྟ་ན་དེའི་རྫས་དང་སྣོད་སྤྱད་ཕྱི་རོལ་དུ་བཏོན་ལ་འོར་ཅིག་པའོ། །མཐུས་དབྱུང་ཞེས་པ་དང་འཇུས་པ་བཅད་ ཅེས་པ་དང་བཅད་དུ་མི་རུང་བ་དེ་གནས་དབྱུང་ཞེས་པ་ནི་འགྲོར་མི་བཏུབ་ན་ནན་གྱིས་དབྱུང་ཞིང་ཅི་ལ་འཇུས་པ་བཅད་པ་དང་བཅད་དུ་མི་རུང་ནའང་དེ་དང་བཅས་ཏེ་ཕྱུང་ཤིག་པའོ། །དགེ་འདུན་གྱིས་དེ་སླར་བཅོས་ཞེས་པ་དང་། བསྐུལ་ནས་ཞེས་པ་དང་། མ་གྲུབ་ན་གཙུག་ལག་ཁང་ནས་ཞེས་པ་ནི་སྒོ་ སྐྱེས་ལ་སོགས་པ་གོང་མ་ལྟར་བཅད་དམ་ཕྱུང་བ་ཞིག་དུ་གྱུར་ན་ཡོན་བདག་ལ་བསྐུལ་ཞིང་བཅོས་སུ་གཞུག་པའམ། གཙུག་ལག་ཁང་གི་སར་ཆོས་ཤིག་པའོ། །འཐབ་ཀྲོལ་ཅན་བཀར་བ་མི་གཅུགས་ཞེས་པ་ནི་འཐབ་ཀྲོལ་ཅན་དཀྲོལ་བའི་ཚེ་དགེ་སློང་གཞན་གྱིས་དེའི་ནོན་དང་གཅུགས་པ་ མ་བྱེད་ཅིག་པའོ། །འཐབ་པ་ཞི་བར་འབད་ཀྱང་མ་བཏུབ་ན་བཀར་ཞེས་པ་ནི་དགེ་སློང་འཐབ་པ་སྤྱོད་པ་ལ་སོགས་པ་ཅི་ནས་ཀྱང་ཞི་བར་བྱས་ཏེ་མ་བཏུབ་ན་སྐོར་ཅིག་པའོ། །ངེས་པར་གཏོགས་པ་མ་ཞི་ན་ཡང་ཞེས་པ་ནི་ཆོས་ངེས་པར་འགྲོ་བ་ལ་ཁ་དུ་མ་ནས་རྩོད་པར་གྱུར་པ་གོང་མ་བཞིན་དུ་འབད་ ཀྱང་མ་སློན་ན་དེ་འང་སྐོར་ཅིག་པའོ། །གནས་པ་ནི་གནས་ཀྱིས་ཞི་ཞེས་པ་ནི་གནས་གོང་མ་ལྟར་རྩོད་པ་ཞིག་ཏུ་གྱུར་ན་གནས་ཀྱིས་ཇི་ནས་ཀྱང་མ་རྩོད་པར་གྱིས་ཤིག་པའོ། །འཐབ་གཅུགས་བྱེད་པ་ཡང་བཀར་ཞེས་པ་ནི་དགེ་སློང་ཅི་བཀར་རྩོད་པའི་དགེ་སློང་དེ་ཡང་བཀར་བའི་ཆད་པས་ཆོད་ཅིག་ པའོ། །དགེ་སློང་མ་དང་འདྲུལ་བར་སྤྱོད་པ་ཡང་བཀར་ཞེས་པ་དང་། འདི་བཀར་ནས་དགེ་སློང་མས་ཀྱང་ཕྱག་མི་བྱ་བའི་སྡོམ་པ་བཅའ་ཞེས་པ་ནི་དགེ་སློང་མ་དང་། རྟག་ཏུ་འདྲུལ་བ་བཀར་བ་དང་། བཀར་ནས་དགེ་སློང་མས་ཀྱང་ཕྱག་མི་བྱ་བའི་སྡོམ་པ་ཆོས་ཤིག་པའོ། །ཆད་ པའི་དམིགས་གཞན་ལ་དེའི་ཕྱིར་སྙམ་ཞིག་པ་ནས་གཞན་བྱས་ཀྱང་རུང་ཞེས་པ་ནི་ཆད་པས་བཅད་པའི་དམིགས་དང་། ཆད་པས་བཅད་པའི་ལས་བྱ་བར་ནོར་བའི་ལས་སུ་མི་རུང་བ་མེད་དེ་བླ་བའོ། །གཞན་དུ་མི་སྐྱེ་ཞེས་པ་ནི་ནོར་བར་ཡང་ཤེས་བཞིན་དུ་བྱས་པ་ནི་ལས་སུ་མི་རུང་བའོ། །སྔ་མ་འཇིག་ཞེས་ པ་ནི་གོང་མ་ལྟར་ནོར་ཏེ་སླར་བསྐྱར་ནས་ལས་སྔ་མ་འཇིག་པར་སྟོན་པའོ། །བཀར་བ་ལ་མི་སྐྱེ་ཞེས་པ་ནི་བཀར་བའི་ཆད་པས་བཅད་པ་ལ་སྤྱོ་བ་ལ་སོགས་པའི་ཆད་པ་གཞན་གྱིས་བཅད་དུ་ཟིན་ཀྱང་ལྷན་ཅིག་ཏུ་གནས་ཤིང་སྤྱོད་པ་མ་ཡིན་པའི་ཕྱིར་ཆད་པ་དེ་དག་མི་སྐྱེའོ། །གྲགས་པ་དང་བསོད་ནམས་ཆེན་ པོ་དང་མདོ་དང་འདུལ་བ་མ་མོ་འཛིན་ཅིང་ཕྱོགས་དང་འཁོར་དང་ཐོས་པ་ཡང་མང་པོ་ཅན་ནི་སྦོམ་པོའོ་ཞེས་པ་ནི་མིང་གིས་སྨོས་པ་འདི་རྣམས་ལྟ་བུ་ལ་བཀར་བའི་ཆད་པས་བཅད་ན་དགེ་འདུན་གྱི་གཅུགས་སུ་གྱུར་པའི་ཕྱིར་སྦོམ་པོར་འགལ་བའོ། །དེ་ལ་གྲགས་པ་ཞེས་པ་ནི་རྒྱལ་པོ་མན་ཆད་འཇིག་རྟེན་ ཀུན་གྱིས་ཤེས་པའོ། །བསོད་ནམས་ཆེན་པོ་ཞེས་པ་ནི་རྩ་འཇིང་དང་གཞི་སློད་དུ་ལྡན་ནའོ། །ཁྱིམ་པ་ནི་དཔེར་ཟད་ཀྱི་དགེ་སློང་ལ་སོགས་པ་ལྔ་ལ་འཕྱ་ནའང་འགོང་ཐོད་དུ་དབྱུང་ཞེས་པ་ནི་དགེ་སློང་དང་དགེ་ཚུལ་དང་དགེ་ཚུལ་མ་དང་དགེ་སློབ་མ་ལྔ་ལ་འཕྱ་ཞིང་ཁ་ཚས་ཟེར་ན་ཡང་འགོང་ཐོད་དུ་དབྱུང་བའམ་ དེ་གཏོང་དུ་ཆུག་ཤིག་པའོ། །གཤེ་བ་ནི་འཕྱ་བ་མ་ཡིན་ཞེས་པ་ནི་ཁྱིམ་པ་དགེ་སློང་ལ་གང་ཡང་རུང་རྟག་ཏུ་གཤེ་ཤིང་ཁ་ཚས་ཟེར་ན་ཡང་འཕྱ་བ་དང་ཁྲིན་ཅིག་པའོ། །ཆད་པའི་ལས་ཐུན་མི་མོང་བར་མ་དོགས་ཤིག་ཅེས་པ་ནི་ཆད་པས་གཅོད་དོ་ཅོག་དགེ་སློང་ཉི་ཚེ་ལ་བྱ་བ་མ་ཡིན་དགེ་སློང་མ་ཡང་ཆད་ པས་གཅད་པའི་ནང་དུ་གཏོགས་པར་སྟོན་པའོ། །འདི་དག་བསྙེན་པར་རྫོགས་པའི་རབ་ཏུ་དབྱུང་བ་ལའང་བྱ་ཞེས་པ་དང་། ཁྱིམ་པ་ལ་ནི་མ་ཡིན་ཞེས་པ་ནི་ཆད་པ་རྣམ་བདུན་གྱིས་དགེ་ཚུལ་ལ་སོགས་པ་ལའང་གཅད་པ་དང་ཁྱིམ་པ་ལ་ནི་མ་ཡིན་པར་སྟོན་པའོ། །དགེ་སློང་ཕས་ཕམ་པ་མ་བྱུང་བ་ལ་ ཕྱར་ཀ་གཏོང་ཞིང་གཤེ་མ་རྒྱ་ན་ལྷུང་བཟེད་ཁས་ཕུབ་པར་བྱ་ཉེས་པ་ནི་ཁྱིམ་པ་འདི་དག་ལྟར་བྱེད་པ་ལ་ལྷུང་བཟེད་ཁས་ཕུབ་བ་ཙམ་གྱིས་ཤིག་པའོ། །དམ་བཅའ་བས་སོ་ཞེས་པ་དང་། གསོལ་བས་ཞེས་པ་ནི་གོང་མ་ལྟར་ཁས་ཕུབ་པ་ལྷུང་བཟེད་ངོ་བོ་ཁས་ཕུབ་པའང་མ་ཡིན་གྱི་རྩིས་མགོ་བཅའ་བས་ ཁས་ཕུབ་པར་བྱ་བ་དང་གསོལ་བའི་ལས་ཀྱིས་གྱིས་ཤིག་པའོ། །ལྷུང་བཟེད་ཁས་ཕུབ་པའི་ཁྱིམ་དུ་མི་འདོང་ཞེས་པ་དང་། སྟན་ཆ་མི་སྤྱད་ཅེས་པ་དང་ཕུལ་བའི་ཆོས་བཤམས་པ་ལ་མ་ཡིན་ཞེས་པ་དང་། བསོད་སྙོམས་མི་བླང་ཞེས་པ་དང་། ཆོས་མི་བཤད་ཅེས་པ་ནི་གོང་མ་ལྟར་དམ་བཅས་བའི་ནང་དུ་ མིང་གིས་སྨོས་པ་འདི་རྣམས་ལྟར་གྱིས་ཤིག་པའོ། །དེ་ལ་ཕུལ་བའི་ཆོས་བཤམས་པ་ཞེས་པ་ནི་གཙུག་ལག་ཁང་བརྩིགས་པ་ལ་སོགས་པ་དང་། དཀོན་མཆོག་གི་ཡོ་བྱད་དུ་ཕུལ་ཞིང་བཤམས་པའོ། །ལས་གར་བྱས་པ་དེས་ཆུང་བ་རྣམས་ཁས་ཕུབ་པའོ། །ཁྱིམ་དུ་མར་ལྷུང་བཟེད་ཁས་ཕུབ་པའི་ ལས་མཚམས་དུ་མར་ཅིག་ཅར་གཅོད་པ་དང་འདྲ་བར་བྱས་ན་ཅིག་ཅར་ཁས་ཕུབ་པའི་ལས་སུ་གྱུར་པར་སྟོན་པའོ། །ཉིད་ཀྱི་ཕྱོགས་མ་ཡིན་བའི་ཁྱིམ་དང་བཀར་བ་ཡན་ཆད་ཀྱི་ཆ་མི་སྐྱེ་ཞེས་པ་ནི་ཆོས་མ་ཡིན་པ་རྣམས་ཀྱི་ཁྱིམ་པ་དང་བཀར་བ་ཡན་ཆད་ཀྱི་ཁྱིམ་པ་ལ་ཁས་ཕུབ་པའི་ལས་བྱས་ཀྱང་དེའི་ ལས་སུ་མི་རུང་བའོ། །འདི་ལ་འགས་སྦྲན་ཞེས་པ་ནི་དགེ་འདུན་གྱིས་ཁས་ཕུབ་པའི་ལས་བྱས་ན་དེ་ལ་འགས་སྦྲན་ཅིང་ཤེས་པར་གྱིས་ཤིག་པའོ། །བཟོད་པར་གསོལ་ན་གསོལ་བས་དགན་པ་ཞེས་པ་ནི་ལྷུང་བཟེད་ཁས་ཕུབ་པའི་ཁྱིམ་པ་དེ་འཆགས་ཤིང་བཟོད་པར་གསོལ་ན་གསོལ་བའི་ ལས་ཀྱིས་དམ་བཅས་པ་དེ་ཐོང་ཤིག་པའོ། །བཅབས་པའི་སེམས་མ་སྐྱེ་ན་ཐ་མ་ཡང་ཚངས་པར་འགྱུར་ཞེས་པ་ནི་བཅབས་སེམས་ཅུང་ཟད་ཀྱང་མ་གཡོས་ན་ཕས་ཕམ་པ་ཚངས་པར་རུང་བའོ། །བསླབ་པ་སྤྱད་ནའོ་ཞེས་པ་ནི་གོང་མ་ལྟར་ཚངས་པར་རུང་བ་ཡང་བསླབ་པ་སྤྱད་ན་གདོད་འདོན་ དུ་རུང་བའོ། །དེ་ནི་དགེ་འདུན་ལས་འཐོབ་བོ་ཞེས་པ་ནི་བསླབ་པ་དེ་ཡང་དགེ་འདུན་གྱིས་ཕོག་ན་གདོན་དུ་རུང་བའོ། །ལས་ཀྱིས་དབོག་ཅེས་པ་ནི་དེ་ལྟ་བུ་ལ་བསླབ་པ་དབོག་པ་ཡང་ཚུལ་ཁྲིམས་ཀྱི་བསླབ་པ་གདོད་དབོག་པ་ནི་མ་ཡིན་གྱི་དགེ་འདུན་གྱིས་ལས་བྱའོ། །ཆོས་དེས་གྱིས་ ཤིག་པའི་བསླབ་པ་གསོལ་བ་དང་བཞིའི་ལས་ཀྱིས་དབོག་པར་བྱའོ། །ནམ་འཚོ་བའི་བར་རོ་ཞེས་པ་ནི་ནམ་འཚོ་བའི་བར་དུ་བསླབ་པ་དེ་སྲུངས་ཤིག་པའོ། །ངོ་སྨིན་པ་དགེ་འདུན་གྱི་ལྷག་མར་གྱུར་པ་ནི་གཅིག་གི་མདུན་དུ་བཤགས་པས་ཀྱང་འདག་གོ་ཞེས་པ་དང་མདོ་དང་འདུལ་བ་དང་ མ་མོ་འཛིན་པ་དང་། གྲགས་པ་ཡང་ཞེས་པ་ནི་ངོ་སྨིན་པའམ་མདོ་སྡེ་འཛིན་པ་ལ་སོགས་པ་ལྷག་མ་སྤྱད་པ་ནི་ཆད་པ་དང་། མགུ་བ་ལ་སོགས་པ་མ་བྱས་པར་གང་ཟག་གཅིག་གི་མདུན་དུ་སྙིང་ཐག་པ་ནས་བཤགས་ན་འབྱང་ཞིང་འདག་ཏུ་རུང་། ཅིའི་ཕྱིར་དེ་ལྟར་ཞེ་ན། ཉེས་པ་ནི་བསམ་པས་སློན་གྱི་ཆད་པའི་ ལས་ཀྱིས་མ་ཡིན་ཞེས་པ་ཡིན་ཏེ་སྔ་མ་ལ་འགྱོད་ཅིང་ཕྱིན་ཆད་མི་བྱ་བའི་བསམ་པ་དེའི་གཉེན་པོར་འགྱུར་གྱི་ཆད་པའི་ལས་དེའི་གཉེན་པོར་འགྱུར་བ་མ་ཡིན་པའི་ཕྱིར་རོ། །གོང་དུ་ཉེས་པའི་རིགས་སྨོས་ཏེའོ་ཞེས་འབྱུང་བའི་མིང་དང་རིགས་ཇི་ལྟ་བུ་ཡིན་པར་སྟོན་པ་ནི། འདིར་ཉེས་པའི་མིང་ནི་སྡེ་ཞེས་ བྱ། བྱུང་བ་ནི་རིགས་ཞེས་བྱའོ་ཞེས་པ་ཡིན་ཏེ། མིང་ནི་ཕས་ཕམ་པ་དང་ལྷག་མ་ཞེས་བྱ་བ་ལྟ་བུའོ། །རིགས་ནི་མི་ཚངས་པར་སྤྱོད་པ་ལས་འབྱུང་བའི་ཕས་ཕམ་པ་ཞེས་པ་དང་། འབྱིན་པ་ལས་བྱུང་བ་ཞེས་བྱ་བའི་ལྷག་མ་ཞེས་བྱ་བ་ལྟ་བུར་ཉེས་པ་ནི་དམིགས་གང་ལས་བྱུང་བ་ཉིད་དེའི་རིགས་ཡིན་པའོ། ། བཅོས་པའི་དངོས་པོར་གཏོགས་པའོ།། །།འདི་ལ་བཅོས་པའི་དངོས་པོར་གདགས་པ་ཅིའི་ཕྱིར་ཞེ་ན། གཞུང་ལས་ནི་ཀཽ་ཤ་བ་ཀ་ཀི་དངོས་པོ་དང་། ས་མར་གྱི་དངོས་པོ་ཞེས་འབྱུང་མོད་ཀྱི་དེའི་འཐབ་པ་ཉི་ཚེ་བ་ལས་དེ་སྐད་དུ་སྨོས་པར་ཟད་འདིར་ནི་འཐབ་ཉི་ཚེར་ཟད་ཀྱི་ལྷག་མ་ཀོར་མོར་སྤྱོད་པ་ལ་ སོགས་པ་བཅོས་པའི་དངོས་པོ་ཕལ་ཆེར་བསྡུས་པའི་ཕྱིར། བཅོས་པའི་དངོས་པོ་ཞེས་སྨོས་པ་ཡིན་ན་དུས་དང་དུས་མ་ཡིན་པ་དང་། གོ་ཆུ་རུབ་ཀྱི་དངོས་པོ་རྣམས་བསྡུས་ཏེ་སྟོན་པ་ནི་འདིར་དགེ་འདུན་གྱི་ལྷག་མར་མ་ཤེས་པ་དང་། སེམས་ཀྱིས་བཅབས་པར་མ་བཤགས་པ་བརྗེད་པ་དང་བྱས་སམ་མ་ བྱས་ཇི་དང་ཇི་འདྲ་བ་དྲན་པར་མ་ནུས་པ་དང་བསྙེན་པར་མ་རྫོགས་པ་དང་བཀར་བ་རྣམས་བཅབས་པར་མི་འགྱུར་ཞེས་པ་ལ་སོགས་པ་ཡིན་ཏེ། མིང་གིས་སྨོས་པ་འདི་རྣམས་ལྟ་བུ་ནི་བཅབས་པ་མ་ཡིན་པའོ། །དེ་ལ་དགེ་འདུན་གྱི་ལྷག་མར་མི་ཤེས་པ་ནི་དགེ་འདུན་གྱི་ལྷག་མར་འགྱུར་རམ་མི་འགྱུར་ བར་མི་ཤེས་པའོ། །སེམས་ཀྱིས་བཅབས་པར་མ་བཤགས་པར་བརྗེད་ཅེས་པ་ནི་བཅབས་པར་མ་བྱས་པར་ཐལ་བྱུང་དུ་བརྗོད་པའོ། །བྱས་སམ་མ་བྱས་བསྙེན་པར་མ་རྫོགས་པར་ཤེས་པ་ནི་ཤེས་པ་བདག་གིས་དེས་ཉེས་པ་བྱས་སམ་མ་བྱས་སམ་སྙམ་དུ་གསལ་པོར་མི་དྲན་པའོ། །ཇི་དང་ཇི་འདྲ་ཞེས་པ་ནི་ཉེས་ བྱས་ན་ཡང་ལྷག་མ་བྱས་སམ་ལྟུང་བ་བྱས་སམ་གང་བྱས་སུ་མ་ངེས་པ་དང་། བྱས་ན་ཡང་ཆེད་དུ་བྱས་སམ་ཆེད་དུ་མ་བྱས་གོས་ལ་སོགས་པ་གསལ་པོར་མི་དྲན་པའོ། །བསྙེན་པར་མ་རྫོགས་པ་ནི་ཡོང་ཡང་ལྷག་མ་ལ་སོགས་པ་མི་སློབ་པའི་ཕྱིར་རོ། །བཀར་བ་ཞེས་པ་ནི་སུ་དང་ཡང་ལྷན་ཅིག་ཏུ་གནས་ པའམ་ལྷན་ཅིག་ཏུ་སྤྱོད་པ་མེད་པའི་ཕྱིར་བཅབས་པར་མི་འགྱུར་བའོ། །ཐ་མལ་པའི་འདུ་ཤེས་སྟོན་ན་ཕས་ཕམ་པ་མན་ཆད་ཀྱི་ཉེས་པ་ཡང་ཞེས་པ་ནི་སྤྱོད་པའི་ཚེ་ཕས་ཕམ་པ་མན་ཆད་ཀྱི་ཉེས་པ་བྱས་ན་ཡང་བཅབས་པར་མ་ཟད་ཀྱི་ཉེས་པར་ཡང་མི་འགྱུར་རོ། །མ་བཅབས་པ་ཡང་ཞེས་པ་ནི་བསླབ་ པ་མ་བཅབས་པའི་སྔ་རོལ་དུ་སྤྱད་པ་ཡང་ཕས་ཕམ་པ་ལ་སོགས་པའི་ཉེས་པར་མི་འགྱུར་བའོ། །མ་ཤེས་པ་མ་ཡིན་ཞེས་པ་ནི་ཉེས་པར་འགྱུར་བར་མ་ཤེས་པར་ཉེས་པ་སྤྱད་པ་ནི་མ་ཤེས་པ་བརྩན་ཏེ། ཉེས་པར་མི་འགྱུར་ཞེས་བྱ་བ་མེད་དོ། །ཡིད་མ་ཆེས་ཀྱང་ཞེས་པ་ནི་ཉེས་པར་འགྱུར་ བར་འདོད་ཅིང་གླེང་བ་ཡོད་པ་ལ་ཡིད་མ་ཆེས་ན་ཡང་ཡིད་མ་ཆེས་པས་སློན་ཏེ་ཉེས་པར་མི་འགྱུར་བ་མ་ཡིན་པའོ། །མི་ཤེས་པར་བསམས་ཀྱང་ཞེས་པ་ནི་ཕ་རོལ་གླེང་གཞི་བསྐུལ་བ་ལ་ནི་མི་ཤེས་པར་བརྙས་ཏེ་སྤྱད་ན་ཡང་ཉེས་པར་མི་འགྱུར་བ་མ་ཡིན་པའོ། །ས་གཞན་ལ་གནས་པ་ལ་ སྔ་མ་ཡང་ཤེས་པ་ནི་སྤྱོད་པ་ལ་སོགས་པ་ལ་ཆད་པ་རྣམ་བཞིས་ཆོད་པའི་ས་གཞན་ལ་གནས་པ་རྣམས་ལ་ནི་སྔ་མ་སྟེ་བཅས་པ་མན་ཆད་ཉེས་པ་ཀུན་སྐྱེ་བར་སྟོན་པའོ། །དགེ་འདུན་གྱི་ལྷག་མ་བཅབས་པའི་ཐེ་ཚོམ་ནི་ཤེས་བཞིན་ཞེས་པ་ནི་ཐེ་ཚོམ་ཟ་བཞིན་དུ་བཅབས་པ་ནི་ཆེད་དུ་བཅབས་པ་ ནི་ཆེད་དུ་བཅབས་པ་དང་འདྲ་བའོ། །གང་བཅབས་པ་མི་འབྱུང་བའི་ས་དེར་ནི་སྤྱད་པ་ཡང་མ་ཡིན་ཞེས་པ་ནི་བསྙེན་པར་མ་རྫོགས་པ་དང་བཀར་བའི་ས་ལྟ་བུ་བཅབས་པའི་ཉེས་པར་མི་འགྱུར་བ་དེར་ནི་ཆད་པ་སྤྱད་པ་ལ་སོགས་པ་ཡང་བྱ་མི་དགོས་པའོ། །མ་གུས་པས་སྤྱད་པ་བཏང་ན་ཉེས་ བྱས་ཞེས་པ་ནི་ཆད་པ་ལ་སོགས་པ་ཁ་མཆུ་འདི་སྙེད་སུས་ནུས་ཞེས་མ་གུས་པར་བསམས་ཏེ་སྤྱོད་པ་བཏང་ན་ཡང་གཏོང་བའི་ཉེས་བྱས་བླ་ཐབས་སུ་སྐྱེ་བའོ། །དེའི་སྡེ་རྡུལ་སྤྱོད་པ་ཡང་ཞེས་པ་ནི་ལྷག་པའི་ཆད་པ་སྤྱོད་པའི་ཚེ། དེའི་སྦོམ་པོ་དང་དེའི་ཉེས་བྱས་ཡན་ཆད་འབྲམ་ མཛེར་ཡང་མ་ཤོར་བར་བྱས་པ་ལས་ཉེས་བྱས་ལ་སོགས་པ་ཤོར་ན་ཉེས་བྱས་བླ་ཐབས་སྐྱེ་བར་འགྱུར་བའོ། །ཡོད་པ་ལས་བཅོས་པ་ཡང་ཞེས་པ་ནི་བཤགས་པའི་རྟེན་དགེ་སློང་ཡོད་བཞིན་དུ་མ་བཤགས་པར་འཛོང་ཉོལ་དུ་བོར་ན་ཉིན་རེ་ཉེས་བྱས་རེ་རེར་འགྱུར་བའོ། །མི་སྤྱོད་པའི་ས་ནས་སླར་ བསྐོར་བ་ནི་དེའི་སོ་ནས་སོ་ཞེས་པ་ནི་ཆད་པ་བྱེད་པའི་འཕྲོ་ལ་དགེ་ཚུལ་ལམ་ཁྱིམ་པར་བབས་ཏེ་སླར་འཁོར་ན་སྔོན་གྱི་སོ་ནས་བཟུང་བའོ། །དངོས་པོ་སྦྱངས་ལ་ལྷག་མར་བསྒྲུབ་ཅེས་པ་ནི་གོང་མ་ལྟ་བུ་སྔོན་ཆད་པའི་ལས་ཇི་སྙེད་ཅིག་བྱས་པ་ཕྱིན་ཆད་ཇི་སྙེད་ལུས་པ་ལེགས་པར་སྦྱངས་ལ་ཕྱིས་ཇི་སྙེད་ལུས་པ་ དེའི་འཕྲོ་ནས་བཟུང་སྟེ་བྱེད་དུ་ཆུག་ཤིག་པའོ། །བཅབས་པའི་དུས་མི་དྲན་ན་དེ་ལས་ཉུང་གོར་མ་ཆག་པ་ལ་བརྟེན་ཅེས་པ་ནི་བཅབས་པའི་ཆད་པ་ནོད་པ་ན་ཡུན་ཇི་སྲིད་ཀྱི་བར་དུ་བཅབས་པ་གསལ་པོར་མི་དྲན་ན་ཞག་གམ་ཟླ་གྲངས་འདི་ཙམ་ལས་མི་ཉུང་ན་གོར་མ་ཆག་གོ་ཞེས་བྱ་བའི་མཚམས་ཀྱིས་ཟུང་ལ་ཆད་པའི་ ལས་ཕོབ་ཤིག་པའོ། །དེ་ལ་མི་ཉུང་གོར་མ་ཆག་པའི་ཚོད་ཇི་ལྟར་བྱ་ཞེ་ན། སྤྱད་པར་བྱ་བ་ཡང་གཙང་བའི་མཐས་གཟུང་ངོ་ཞེས་པ་ཡིན་ཏེ་ཞག་གྲངས་འདི་ཙམ་ཕན་ཆད་ཉེས་པ་འདི་མེད་དེ་གཙང་ངོ་ཞེས་ཟེར་བ་དེའི་གཙང་བའི་སོ་ཚུན་ཆད་ལས་མི་ཉུང་གོར་མ་ཆག་པ་ལ་བརྟེན་པར་བྱ་བའོ། །གཙང་བའི་ མཐའ་དེ་ཇི་ཙམ་ཞེ་ན། གཙང་བའི་མཐའ་དེ་ཟླ་བ་བཞིའོ་ཞེས་པ་ཡིན་ཏེ་འདི་ནི་དཔེར་ཟད་ཀྱི་ཟླ་བ་སྔ་རོལ་ན་ནི་གཙང་ངོ་ཞེས་པ་ཟླ་བ་དྲུག་གི་སྔ་རོལ་ན་ནི་གཙང་ངོ་ཞེས་བྱ་བ་ལྟ་བུ་གཙང་གོར་མ་ཆག་པ་དེའི་ཟླ་ཚིགས་ཀྱིས་ཟུང་ཤིག་པའོ། །དེ་ལས་མི་ཉུང་གོར་མ་ཆག་པའི་ཟླ་གྲངས་འདི་སྙེད་ཀྱི་བར་དུ་བཅབས་ སོ་ཞེས་དེའི་ཟླ་ཚིགས་ངེས་པ་ཁོ་ནར་སྨོས་སམ་ཞེ་ན། བཅབས་པ་ནི་ཚད་མེད་པ་ལའོ་ཞེས་པ་ཡིན་ཏེ། འདི་ཙམ་ཚུན་ཆད་མེད་པའང་གཏོལ་མེད་པར་བཅབས་པའོ་ཞེས་ཚིགས་སུ་སྨོས་པར་བྱའོ། །ཚད་མེད་པར་སྨོས་པའི་སྙད་ཇི་སྐད་དུ་བྱ་ཞེ་ན། ཆེད་དུ་བསམས་ཏེ་ཁུ་བ་ཕྱུང་བ་ལས་ཕྱུང་བ་ནི་ཚད་ མེད་པའོ་ཞེས་པ་ཡིན་ཏེ་ཆེད་དུ་བསམས་ཏེ་ཁུ་བ་ཕྱུང་བ་ལས་སྐྱེས་པའི་བཅབས་པ་ནི་ཚད་མེད་པའོ་ཞེའམ་རེག་པ་ལས་བྱུང་བའི་བཅབས་པ་ཚད་མེད་པའོ་ཞེས་བྱ་བ་ལྟ་བུར་ཉེས་པའི་དམིགས་ཇི་ལས་བཅབས་པའི་ཚད་འདི་སྐད་དུ་ངེས་པར་སྨྲོས་ཤིག་པའོ། །འདིར་འདོད་པ་ཇི་སྙེད་པ་དེ་སྙེད་དུ་འགྲོ་བར་ བསྒྲུབ་ཅེས་པ་ནི་བདག་ལ་ཉེས་པ་ཇི་སྙེད་ཡོད་པའི་ཆད་པ་ཐམས་ཅད་དུ་མནོས་ཏེ་འབྲལ་བར་རྩོལ་ན་ཡང་དེ་བཞིན་དུ་སྦྱར་རུང་བའོ། །ཚད་མ་ངེས་པ་ལ་ཡང་རྣམ་པ་གཉིས་ཏེ་དུས་ཀྱི་ཚད་མ་ངེས་པ་དང་ཉེས་པའི་ཚད་མ་ངེས་པའོ། །དེ་ལ་དུས་ཀྱི་ཚད་མ་ངེས་པ་ཇི་ལྟར་བྱ་བའི་ཐབས་ནི་གོང་དུ་ བསྟན་པ་ལྟ་བུ་ཡིན། ཉེས་པའི་ཚད་མ་ངེས་པའི་ཐབས་ཇི་ལྟར་བྱ་བ་སྟོན་པ་ནི་འདི་མི་ཤེས་ན་ཚད་མེད་པའོ་ཞེས་པ་རྟེན་ཅེས་པ་ཡིན་ཏེ། ཉེས་པའི་དམིགས་ཇི་སྙེད་ཅིག་བཅབས་པ་ཐམས་ཅད་གསལ་པོར་མི་དྲན་ན་ཚད་མེད་པ་ཞིག་བཅབས་སོ་ཞེས་སྤྱི་བམ་དུ་བསྡུས་ལ་ཆད་པ་ནོས་ ཤིག་པའོ། །ཕལ་ཆེར་མང་པོའི་ཚད་ཅིག་ཅར་དུའོ་ཞེས་པ་ནི་ཉེས་པ་སྣ་མང་ལ་ཉེས་པ་ཇི་སྙེད་བཅབས་པའི་གྲངས་དང་ཚད་ཡོད་ན་དེའི་ཚད་དང་གྲངས་དུ་ཡོད་པ་བཞིན་དུ་སྨོས་ཤིག་པའོ། །དུས་ལྷག་པའི་འོ་ཞེས་པ་ནི་བཅབས་པའི་དུས་ཐ་དད་པ་ནི་གང་ཡུན་རིང་དུ་བཅབས་པའི་དུས་དང་སྦྱར་ཏེ་ཆད་ པ་ཕོག་ཤིག་པའོ། །མིང་ནི་སོགས་པ་ཞེས་སོ་ཞེས་པ་ནི་ལྷག་མ་མང་པོ་ཞིག་གི་ཆད་པ་ཅིག་ཅར་དུ་ནོན་ན་བཅབས་པ་ཐམས་ཅད་ཀྱི་མིང་ཀུན་སྨོས་མི་དགོས་ཀྱིས་གཅིག་གི་མིང་སྨོས་ཏེ་འདི་ལ་སོགས་ཏེ་གྱིས་ཤིག་པའོ། །གཅིག་གི་མིང་སྨོས་པ་དེ་གང་གིས་མིང་སྨོས་པར་བྱ་ཞེ་ན། ལྕི་བ་དང་ བསམས་པ་རྔམས་ཆེར་བྱས་པས་གཙོ་གཟུང་ཞེས་པ་ཡིན་ཏེ་ལྷག་མ་མང་དུ་བཅབས་པ་རྣམས་ཀྱི་ནང་ན་གང་ལྕི་བ་དང་། གང་བསམས་པ་རྔམས་ཆེར་བྱས་པ་དེས་གཙོ་གཟུང་ལ་ལྷག་མ་རྣམས་ལ་སོགས་པའི་ནང་དུ་བསྡུས་ཤིག་པའོ། །སྤྱོད་པའི་ཚེ་སྔོན་འབྱུང་བ་ཡང་སླར་གསོ་བར་འདོད་ན་ དབོག་པ་ནི་ཐ་དད་སྤྱད་པ་ནི་གཅིག་གོ་ཞེས་པ་ནི་ལྷག་མ་གཅིག་གི་ཆད་པ་ནོས་ཏེ། སྤྱོད་པའི་ཚེ་སྔོན་བཅབས་པ་གཞན་ཡང་མཐོལ་ཏེ། གོ་ཆུ་རུབ་ཏུ་འབྲ་བར་འདོད་ན་ཆད་པ་དབོག་པ་ནི་སོ་སོར་ཕོག་ལ་སྤྱད་པ་ནི་ཅིག་ཅར་དུ་གྱིས་ཤིག་པའོ། །བཅབས་པ་དང་མགུ་བ་དེ་ལྟར་མ་ཡིན་ཞེས་པ་ ནི་ཆད་པ་སྔ་མ་གཅིག་གིས་མགུ་བ་དང་ཉེས་པ་ཕྱི་མ་གཅིག་གི་ཆད་པ་ཅིག་ཅར་དུ་བྱར་མི་རུང་བའོ། །དུས་དང་དུས་མ་ཡིན་པ་དང་གོ་ཆུ་རུབ་ཀྱི་དངོས་པོའོ།། །།དུས་དང་དུས་མ་ཡིན་པ་དང་གོ་ཆུ་རུབ་ཀྱི་དངོས་པོ་ཞུས་པ་ལས་འབྱུང་བ་བསྡུས་ཏེ་སྟོན་པ་ནི་ཉིན་ཞག་གཅིག་གི་མཐའ་ ཕྱི་དེ་ཉིན་གྱི་སྐྱ་རེངས་ལ་མ་ཐུག་ན་བཅབས་པར་མི་འགྱུར་བའོ་ཞེས་པ་ལ་སོགས་པ་ཡིན་ཏེ། ཉིན་ཞག་གཅིག་གི་མཐའ་ཕྱི་དེ་ཉིན་གྱི་སྐྱ་རེངས་ཤར་བ་ལ་མ་ཐུག་གི་བར་དུ་བཅབས་པར་མི་འགྱུར་བའོ། །བསྙད་པའི་ཡན་ལག་མེད་ན་དེའི་བསམ་པས་བཅབས་པ་མ་ཡིན་ཞེས་པ་ནི་བསྙད་པའི་ཟླ་དགེ་ སློང་མེད་ན་དེ་ལྟར་སྙིང་ནས་མེད་པར་བསམས་པས་མ་བཤགས་པ་ནི་བཅབས་པར་མི་འགྱུར་བའོ། །སྐབས་མེད་པ་དང་འགྲོ་བའི་དབང་གིས་ན་མེད་པ་བཞིན་ཞེས་པ་ནི་མཐོལ་བའི་དགེ་སློང་ཡོད་དུ་ཟིན་ཀྱང་ན་བ་ལ་སོགས་པའི་རྐྱེན་གྱིས་མཐོལ་བའི་སྐབས་མེད་པ་དང་གུད་དུ་འགྲོ་དགོས་པའི་རྐྱེན་གྱིས་ འཆགས་སུ་མ་ཁོམ་པ་ལྟ་བུ་ནི་མཐོལ་བའི་རྟེན་དགེ་སློང་མེད་པ་དང་འདྲ་སྟེ་བཅབས་པར་མི་འགྱུར་བའོ། །ཆེད་དེའི་དབང་དུ་བྱས་ནའང་ཞེས་པ་ནི་མཐོལ་བར་འདོད་པས་དགེ་སློང་མེད་པའི་གནས་སུ་ཆེད་ཀར་བྱོལ་ན་ཡང་བཅབས་པར་མི་འགྱུར་བའོ། །དོན་མེད་ན་ཉེས་བྱས་ཞེས་པ་ནི་གོང་མ་ལྟར་ གུད་དུ་བྱོལ་ཏེ་སོང་བ་ནི་ཉེས་བྱས་སུ་འགྱུར་བའོ། །འཇུག་ཚུན་ཆད་ན་ཡང་ཞེས་པ་ནི་སྐྱ་རེངས་ཤར་བ་ལ་མ་ཐུག་གི་བར་དུ་བཅབས་པ་ནི་ཉེས་བྱས་སུ་འགྱུར་བའོ། །བཅབས་པའི་སེམས་མ་ཡལ་ན་སེམས་དེའོ་ཞེས་པ་ནི་དང་པོ་ལན་གཅིག་བཅབས་པར་བསམས་ནས་ཕྱིན་ཆད་བརྗེད་དེ་ བཅབས་སེམས་མངོན་དུ་མ་བྱུང་ན་ཡང་བཅབས་པར་འགྱུར་བའོ། །ཕས་ཕམ་པ་བྱུང་བ་སླར་མ་བཅོས་པ་ནི་ཉེས་མེད་ཅེས་པ་ནི་བཅོས་པའི་གཉེན་པོ་ཡང་མེད་པས་ན་སླར་བཅོས་མི་དགོས་པའི་ཕྱིར་རོ། །དུས་དང་དུས་མ་ཡིན་པ་དང་གོ་ཆུ་རུབ་ཀྱི་དངོས་པོ་ཞུས་པའོ།། །།དེ་ལ་གཞུང་ལས་ ནི་གང་ཟག་གི་དངོས་པོ་ཞེས་འབྱུང་བ་ལ་འདིར་མིང་འདི་སྐད་དུ་གདགས་པ་ཅིའི་ཕྱིར་ཞེ་ན། བཅབས་པའི་དུས་ནི་འདི་ལྟ་བུའམ་བཅབས་པ་ནི་འདི་ལྟ་བུ་ཞེས་བྱ་བ་དང་། ལྟུང་བ་མང་པོ་རྣམས་གཉེན་པོ་ཅིག་ཅར་དུ་བྱར་རུང་བ་ནི་འདི་ལྟ་བུའོ་ཞེས་བྱ་བར་སྟོན་པས་ན་དོན་དང་མཐུན་པར་བྱ་བའི་ཕྱིར་མིང་ འདི་སྐད་དུ་གཞག་པ་ཡིན་ནོ། །ས་གཞན་ལ་གནས་པས་སྤྱད་པའི་དངོས་པོ་སྟོན་པ་ནི་དགེ་སློང་རང་བཞིན་དུ་གནས་པའི་ཁ་གསག་དང་ཕྱག་དང་ལྡང་བ་དང་ཐལ་མོ་དང་གང་ལ་ཆད་པ་དང་མགུ་བ་སྤྱོད་པས་བདག་གིར་མི་བྱ་ཞེས་པ་ལ་སོགས་པ་ཡིན་ཏེ། དགེ་སློང་ཐ་མལ་པའི་གིང་གོང་ལ་སོགས་པ་མིང་གིས་སྨོས་པ་འདི་ རྣམས་ལྟ་བུ་ཆད་པ་དང་མགུ་བ་སྤྱོད་པས་མ་ལེན་ཅིག་པའོ། །འདི་གཉིས་ཀྱི་གང་གིས་མི་བྱ་བ་ནི་གཞན་གྱིས་ཀྱང་དེ་ལའོ་ཞེས་པ་ནི་དགེ་སློང་ཐ་མལ་པ་དག་གིས་ཀྱང་ཁ་གསག་ལ་སོགས་པ་འདི་ཆད་པ་དང་། མགུ་བ་སྤྱོད་པ་ལ་མ་བྱེད་ཅིག་པའོ། །གོམ་རེས་དབེན་པ་མ་ཡིན་པར་འདི་དང་ལྷན་ཅིག་ཏུ་མི་བཅག་ ཅེས་པ་ནི་གོམ་རེས་དབེན་པ་མ་གཏོགས་པར་དགེ་སློང་ཐ་མལ་པ་དང་ལྷན་ཅིག་ཏུ་ཁ་བསྡམས་ཏེ་མ་འཆག་ཤིག་པའོ། །ངན་སྙིགས་ཀྱི་སྟན་མ་ཡིན་པར་མི་འདུག་ཅེས་པ་ནི་ཆད་པ་པ་དེ་དགེ་སློང་ཐ་མལ་པའི་དྲུང་དུ་འདུག་པའི་ཚེ་ཡང་སྟན་ངན་པ་རབ་ཏུ་བྱ་བ་མ་གཏོགས་པའི་སྟན་འདྲ་བའམ་དེ་བས་མཐོ་བ་ལ་མ་ འདུག་ཤིག་པའོ། །ཕྱི་བཞིན་དུ་འབྲང་བ་མ་ཡིན་པར་ཁྱིམ་དུ་མི་འགྲོ་ཞེས་པ་ནི་དགེ་སློང་གཞན་གྱི་གཡོག་མ་གཏོགས་པར་ཁྱིམ་པའི་ཁྱིམ་དུ་མ་འགྲོ་ཤིག་པའོ། །བླ་གབ་གཅིག་པར་མི་ཉལ་ཞེས་པ་ནི་དགེ་སློང་ཐ་མལ་པ་དང་ཁྱིམ་གཅིག་ཏུ་མ་ཉལ་ཅིག་པའོ། །རབ་ཏུ་འབྱིན་པ་བསྙེན་པར་རྫོགས་པ་ གནས་སྦྱིན་པ་དགེ་ཚུལ་འཇོག་པ་རྣམས་མི་བྱ་ཞེས་པ་ནི་ཆད་པས་ཆོད་པ་དེས་མིང་གིས་སྨོས་པ་འདི་རྣམས་མ་བྱེད་ཅིག་པའོ། །གསོལ་བ་དང་ཞུ་བ་མི་བླང་ཞེས་པ་ནི་དགེ་སློང་ཐ་མལ་པ་རྣམས་གསོལ་བ་དང་ཞུ་བའི་ལས་བྱེད་པའི་དགེ་འདུན་གྱི་གྲངས་སུ་འཇུག་ཅིང་འདི་དག་ལེན་པར་མ་བྱེད་ཅིག་པའོ། །ལས་ བྱེད་པ་དགེ་སློང་མ་ལ་སྟོན་པ་དགེ་འདུན་གྱི་ཡིད་བརྟན་པ་ཉིད་དུ་བསྐོས་ཀྱང་རུང་ཞེས་པ་ནི་མིང་གིས་སྨོས་པ་འདི་རྣམས་ལྟ་བུའི་ལས་སུ་བསྐོས་ན་ཡང་ཁས་མ་ལེན་ཅིག་པའོ། །སྔར་བསྐོས་པ་ཡང་བཏང་ཞེས་པ་དང་། དགེ་སློང་མ་ལ་སྟོན་པ་ཡང་མ་ཡིན་ཞེས་པ་དང་། འདོན་པ་གཞན་ཡོད་ན་གསོ་སྦྱིན་ གྱིས་སོ་སོར་ཐར་པ་མི་འདོན་ཞེས་པ་ནི་སྔར་བསྐོས་ན་ཡང་ལས་དེ་བཏང་བ་དང་། དགེ་སློང་མའི་སྟོན་པ་བྱེད་ན་ཡང་བཏང་བ་དང་། གདོན་པ་གཞན་ཡོད་ན་སོ་སོར་ཐར་པ་མ་འདོན་ཅིག་པའོ། །དགེ་སློང་ཉམས་པ་མི་གླེང་ཞེས་པ་དང་། དགེ་འདུན་ལས་མ་བཀར་ནའོ་ཞེས་པ་ནི་དགེ་འདུན་ལས་མ་བཀར་ བའི་དགེ་སློང་ལ་ཚུལ་ཁྲིམས་ཉམས་པ་ལ་སོགས་པ་མ་གླེང་ཤིག་པའོ། །བསྡིགས་པ་དང་སྐབས་སུ་མི་གཞུག་ཅེས་པ་ནི་ཁྱེད་ལ་གླེང་བའི་སྙད་ཡོད་དོ་ཞེས་བསྡིགས་པ་དང་གནན་འདི་ལྟ་བུའི་སྐབས་སུ་གཞུག་གོ་ཞེས་པ་མ་བྱེད་ཅིག་པའོ། །ལུང་དང་གསོ་སྦྱིན་དང་ཚུལ་ནས་འབྱུང་བ་ དང་། གསོལ་བ་དང་ཞུ་བ་རྣམས་མི་བཀྱིག་ཅེས་པ་ནི་མིང་གིས་སྨོས་པ་འདི་རྣམས་བཀྱིག་ཏུའང་མི་དབང་བའོ། །འདི་དག་དང་མི་འདྲེ་ཞེས་པ་ནི་དགེ་འདུན་ལས་མ་གལ་བ་རྣམས་དང་ཡང་མ་འདྲེ་ཤིག་པའོ། །ཆད་པས་གཅད་པའི་དམིགས་ཏེ་སྤང་ཞེས་པ་དང་། ཉེས་པ་གཞན་ཡང་ཞེས་པ་ནི་བདག་བསླབ་པ་ གང་གི་ཕྱིར་ཆད་པས་ཆོད་པའི་ཉེས་པ་དེ་མི་བྱ་བར་སྤང་བ་དང་། བསླབ་དང་བསླབ་པ་གཞན་གྱིས་ཉེས་པ་ཡང་མ་བྱེད་ཅིག་པའོ། །ཚངས་པ་མཚུངས་པར་སྤྱོད་པ་ལ་མི་བསྡོ་ཞེས་པ་ནི་གཞན་ལ་བསྡོར་ཡང་མི་དབང་བའོ། །བརྟུལ་ཞུགས་ཀྱིས་འབྱུང་བར་ཡིད་ལ་བྱ་ཞེས་པ་ནི་དཀའ་ཐུབ་ཀྱི་བརྟུལ་ཞུགས་འདི་དག་ལྟར་ བྱས་པས་ན་གདོད་བདག་གི་ཉེས་པ་བཅིལ་ཅིང་སྤོངས་སོ་སྙམ་དུ་སོམས་ཤིག་པའོ། །དེའི་བརྟུལ་ཞུགས་ཀྱི་དཀའ་བླས་སུ་བྱ་བ་གང་ཞེ་ན། ནང་པར་ལངས་ནས་སྒོ་དབྱེ་མེ་མར་སྣོད་བླང་གཙུག་ལག་ཁང་གདབ་ཅིང་ཕྱག་ལྕི་གསར་གྱིས་བྱུགས་པ་རྣམས་སོ་ཞེས་པ་དང་། བཤང་གཅིའི་གནས་བཀྲུ་ཞེས་པ་དང་། ཕྱི་ བ་དང་ས་དང་དུས་ཀྱི་རྐྱེན་དུ་ཆུ་གཞག་ཅེས་པ་དང་། ཝ་ཀ་བཀྲུ་ཞེས་པ་དང་། སྟན་གདིང་ཞེས་པ་དང་། དུས་ཤེས་པར་བྱ་སྟེ་འདུག་པ་དང་དེའི་སྣོད་སྟ་གོན་བྱ་ཞེས་པ་དང་། ནུས་ན་སྟོན་པའི་ཡོན་ཏན་བརྗོད་ཞེས་པ་དང་། མི་ནུས་ན་སྨྲ་བ་ལ་བསྐུལ་ཞེས་པ་དང་། ཟས་དྲངས་ནས་གཎྜཱི་བརྡུངས་ཞེས་པ་དང་། ཚ་བའི་ཚེ་དགེ་ སློང་དག་ལ་བསིལ་ཡབ་བྱ་ཞེས་པ་དང་། འདི་བསྙེན་པར་རྫོགས་པ་ཐམས་ཅད་ཀྱི་མཇུག་ཏུའོ་ཞེས་པ་དང་། གདུགས་ཚོད་རྒྱུས་ནས་སྟན་ཆ་དབེན་པར་བརྟུལ་ཞེས་པ་དང་། ལྷུང་བཟེད་ཀྱི་འོག་རེ་དོར་ཞེས་པ་ཡིན་ཏེ་ཆད་པས་ཆོད་པ་དེས་མིང་གིས་སྨོས་པ་དེ་དག་ལྟ་བུའི་དཀའ་སླ་གྱིས་ཤིག་པའོ། །གཞན་ཡང་དེར་ མ་ཟད་པ་ནི་འདུ་ཤེས་པར་བྱས་ཏེ་མཆོད་རྟེན་གྱི་ཕྱག་དར་བྱ་ཞེས་པ་དང་། ལྕི་གསར་གྱིས་བྱུག་ཅེས་པ་དང་། འདུ་བའི་ཚེ་གདིང་བ་ལ་སོགས་པ་ཡོན་ཏན་གྱི་བར་དུ་གཏོགས་པ་རྣམས་སོ་ཞེས་པ་དང་། ནུས་ན་ཚེ་གྲངས་བསྙད་ཅེས་པ་དང་། མི་ནུས་ན་དགེ་སློང་གཞན་ལ་བསྐུལ་ཞེས་པ་ཡིན་ཏེ། ཆད་པས་ཆོད་པ་དེས་ ནུབ་ཀར་ཡང་གཙུག་ལག་ཁང་གི་ཕྱི་བདར་བྱ་བ་དང་། སྟན་གདིང་བ་ནས་སྟོན་པའི་ཡོན་ཏན་བརྗོད་པའི་བར་དུ་བྱ་བ་ལ་སོགས་པ་འདི་དག་ལྟར་གྱིས་ཤིག་པའོ། །དེས་གཞན་ཡང་ལས་སུ་བྱ་བ་ནི་ནུབ་མོ་ཆུ་དུས་ཀྱི་རྐྱེན་དང་སྦྱར་བས་དགེ་སློང་དག་གི་རྐང་པ་བཀྲུ་ཞེས་པ་དང་། བསྐུ་བ་ཡང་ཞེས་པ་དང་། མི་བཏུབ་ན་སྣུམ་དབུལ་ ཞེས་པ་དང་། འདི་ལ་གནས་ཀྱི་སྙིགས་མ་འོས་ཞེས་པ་དང་། རྙེད་པའོ་ཅོག་ནི་འོས་ཞེས་པ་དང་། དགེ་བའི་ཕྱོགས་ཀྱི་དྲིང་ཞེས་པ་ཡིན་ཏེ། མིང་གིས་སྨོས་པ་འདི་དག་ལྟ་བུ་གྱིས་ཤིག་པའོ། །དེའི་གནས་ངན་སྙིགས་མ་བྱིན་ཅིག་པ་དང་། རྙེད་པའོ་ཅོག་གི་ཤས་དབང་བ་རྣམས་སུ་སྟོན་པའོ། །དེའི་རང་བཞིན་ཚོལ་བ་དང་བསླབ་ པ་ཡང་དེ་བཞིན་ཞེས་པ་དང་། འདོན་དུ་མི་གཞུག་ཅེས་པ་ནི་རང་བཞིན་ཚོལ་བ་དང་། བསླབ་པ་བྱིན་པ་གཉིས་ཀྱི་དཀའ་སླས་སུ་བྱ་བའང་གོང་མ་དང་འདྲ་བར་སྟོན་པ་དང་། སོ་སོར་ཐར་པ་ནི་འདོན་དུ་མ་གཞུག་ཤིག་པའོ། །སྔ་མ་ནི་ཚངས་པར་བྱས་པས་རང་བཞིན་དུ་འགྱུར་ཞེས་པ་དང་། ཕྱི་མ་ནི་དགྲ་བཅོམ་པ་ནའོ་ཞེས་ པ་ནི་སྔ་མ་སྟེ། དེའི་རང་བཞིན་ཚོལ་བ་ནི་ཚངས་པར་བྱས་པས་སྔོན་གྱི་རང་བཞིན་དུ་འགྱུར་ཕྱི་མ་སྟེ། བསླབ་པ་བྱིན་པ་ནི་དགྲ་བཅོམ་ན་གདོད་སྔོན་གྱི་རང་བཞིན་དུ་འགྱུར་བའོ། །བྲལ་བ་དང་སྤྱད་ཟིན་ཀྱང་སྒོ་དཕྱེ་ཞིང་གནས་ལ་སོགས་པ་ཡང་ངོ་ཅེས་པ་ནི་ཆད་པ་དང་། །མགུ་བ་སྤྱད་ཟིན་ཀྱང་དགེ་འདུན་གྱི་བྱུང་ བའི་ཆོ་ག་བྱས་ཀྱི་བར་དུ་སྒོ་དབྱེ་བ་ལ་སོགས་པ་དཀའ་བླས་བྱ་དགོས་པ་དང་། ངན་སྙིགས་ཀྱི་གནས་ན་འདུག་ཅིང་དགེ་བའི་ཕྱོགས་ལ་བརྩོན་པར་བྱ་བ་ལ་སོགས་པ་སྔོན་གྱི་སོ་བཞིན་དུ་གྱིས་ཤིག་པའོ། །སྤྱོས་པ་སྨད་པ་བསྐྲད་པ་འགོང་ཐོད་བཀར་བ་རྣམས་ཀྱང་དེ་བཞིན་ཞེས་པ་ནི་མིང་གིས་སྨོས་པ་འདི་ རྣམས་ཀྱིས་ཀྱང་ཆད་པ་དང་མགུ་བ་སྤྱོད་པ་བཞིན་དུ་གཙུག་ལག་ཁང་གི་སྒོ་དབྱེ་བ་ལ་སོགས་པ་ངན་ལས་སུ་བྱ་བ་རྣམས་དང་འདྲ་བར་གྱིས་ཤིག་པའོ། །འདོན་དུ་མི་གཞུག་ཅེས་པ་ནི་གོང་མ་ལྟ་བུའི་རྣམས་སོ་སོར་ཐར་པ་འདོན་དུ་ནི་མ་གཞུག་ཤིག་པའོ། །བཀར་བ་ནི་གཞན་གྱིས་སྤང་ཞེས་པ་དང་། དེའི་ ཚེ་རྙེད་པ་རྣམས་མི་འོས་ཞེས་པ་དང་། དབྱེ་བ་བཞིན་ཞེས་པ་ནི་བཀར་བ་དེ་ཐམས་ཅད་ཀྱིས་ལྷན་ཅིག་ཏུ་མི་གནས་པར་སྤང་བ་དང་། བཀར་བའི་ཚེ་རྙེད་པའོ་ཅོག་དེ་ལ་མི་སྦྱིན་པ་དང་བྱ་བ་བཞིན་གྱིས་ཤིག་པའོ། །བྱེ་ནས་ཆོས་མ་ཡིན་པའི་ཕྱོགས་པའང་དེ་བཞིན་ཞེས་པ་ནི་དགེ་འདུན་སོ་སོར་དབྱེ་བ་ ཆོས་མ་ཡིན་པའི་ཕྱོགས་རྣམས་ལ་བཀར་བ་གཞན་བཞིན་དུ་ལྷན་ཅིག་མི་གནས་པ་ལ་སོགས་པར་གྱིས་ཤིག་པའོ། །རང་བཞིན་དུ་མི་གནས་པ་ལས་ཆད་པ་དང་མགུ་བ་དང་བསླབ་པ་ཅན་ནོས་པ་རྣམས་མི་སྐྱེ་ཞེས་པ་དང་། དགེ་འདུན་མ་ཡིན་པ་ལས་ཀྱང་ཞེས་པ་ནི་རང་བཞིན་དུ་མི་གནས་པ་ དང་། དགེ་འདུན་དུ་མ་ཚང་བ་ལས་ཆད་པ་དང་མགུ་བ་དང་བསླབ་པ་རྣམས་མནོས་ཀྱང་མི་ཕན་པའོ། །དགེ་སློང་གི་གནས་དེ་ན་བཀོད་པ་ལས་བཀོལ་ན་ཡང་ཞེས་པ་དང་། མང་ཡང་མི་སྤང་ཞེས་པ་དང་། སོ་སོར་ཐར་པ་དང་གནས་བརྟན་དུ་ལྡན་པར་སྲིད་ཅེས་པ་ནི་དགེ་སྦྱོང་གི་གནས་ན་ཕལ་གྱི་བཀོད་པ་ལས་ ཁ་ཅིག་བཀར་བ་ལས་ཆད་པ་དང་། མགུ་བ་བྱས་ཀྱང་མི་ཕན་པ་དང་མང་ཡང་སྤང་དུ་མི་རུང་སྟེ། ཐམས་ཅད་ལ་བྱ་དགོས་པ་དང་། སོ་སོར་ཐར་པ་དང་གནས་བརྟན་དུ་ལྡན་པ་གང་ན་ཡོད་པ་དེར་ཆད་པ་ལ་སོགས་པའི་ལས་བྱ་བ་ལ་བརྩོན་པར་གྱིས་ཤིག་པའོ། །གང་ན་ཟླ་བ་གསུམ་ལ་སོགས་པ་སྤྱོད་པ་དེར་ཁྲིན་གཅིག་པ་ རྣམས་འདོམ་པར་མི་སྤྱོད་ཅེས་པ་ནི་གནས་དེ་ན་ཆད་པ་སྤྱོད་པ་གསུམ་ལ་སོགས་པ་ཡོད་ལ་བདག་ཀྱང་ཆད་པ་སྤྱོད་པ་དང་གནས་དེ་ན་རྩ་བའི་མགུ་བ་སྤྱོད་པ་གསུམ་ལ་སོགས་པ་ཡོད་ལ་བདག་ཀྱང་རྩ་བའི་ཆད་པ་སྤྱོད་པ་ཞིག་ན་འདི་དག་ལྟར་ཁྲིན་གཅིག་པའི་རྣམས་ལྷན་ཅིག་ཏུ་སྤྱད་དུ་མི་རུང་གིས་དེར་མ་སྤྱོད་ཅིག་པར་གུད་དུ་གྱིས་ ཤིག་པའོ། །གཞན་དུའང་དང་པོ་གཉིས་སྐྱ་རེངས་ཀྱིས་ཆོད་པར་མི་བྱ་ཞེས་པ་ནི་དང་པོ་སྟེ་ཆད་པ་དང་མགུ་བ་གཉིས་སྤྱོད་པའི་ཚེ་མཚམས་ཀྱི་ཕྱི་རོལ་དུ་སྐྱ་རེངས་ཀྱིས་ཆོད་པར་མ་འདུག་ཤིག་པའོ། །དགེ་འདུན་འདུས་པ་རྣམས་ལ་ཟིན་ཅིང་ལུས་པ་བསྙད་ཅེས་པ་དང་། རིང་པོར་མི་སྤྱོད་ན་ཉིན་རེ་ཞིང་ངོ་ཞེས་པ་དང་། གཞན་ ནི་གསུམ་བཞི་ཞིང་ངོ་ཞེས་པ་ནི་ཆད་པ་དང་མགུ་བ་སྤྱོད་པའི་ཚེ་ཞག་གྲངས་སུ་སྤྱད་ཟིན་པ་དང་། ཕྱི་ན་དུས་རིང་པོར་མི་སྤྱོད་པ་ཞིག་ན་ནི་ཉིན་རེ་དགེ་འདུན་འདུས་པ་བསྙད། ཡུན་རིང་དུ་སྤྱོད་པ་ཞིག་ན་ནི་ཞག་གསུམ་བཞི་ཙམ་གྱིས་སྤྱད། དགེ་འདུན་འདུས་པ་རྣམས་ལ་སྙོད་ཅིག་པའོ། །དེ་དག་ལ་འདིའི་ཕྱིར་མི་ དཔྱ་ཞེས་པ་ནི་ཆད་པ་ནི་ཆད་པ་དང་མགུ་བ་སྤྱོད་པ་ལ་དགེ་སློང་གཞན་གྱིས་འདྲེན་ཀྱང་དུའང་མ་དཔྱ་ཤིག་པའོ། །འཐབ་ཀྲོལ་ཅན་འོང་བར་ཐོས་ལ་དེས་འཇིགས་ན་དགེ་འདུན་ནམ་གང་ཟག་གི་མདུན་དུ་བཏང་བར་བྱ་ཞེས་པ་ནི་དགེ་སློང་འཐབ་ཀྲོལ་ཅན་འོངས་པས་གཙེས་སུ་དོགས་ན་གང་ཟག་ལ་ནི་གོང་གོང་པོར་ འདུག་ནས་ཚེ་དང་ལྡན་པ་གསོན་ཅིག་བདག་མིང་འདི་ཞེས་བགྱི་བ་དང་ཆད་པ་སྤྱོད་པ་དང་། དགེ་སློང་གུད་ནས་མཆི་བར་རིགས་མི་འཕྲོད་པས་ན། བདག་མིང་འདི་ཞེས་བགྱི་བ་ཆད་པའི་ཆོ་ག་རེ་ཞིག་གཞི་ལ་དོར་ཞིང་ཕྱིས་བསྒྲུབ་པར་འཚལ་གྱིས་ཚེ་དང་ལྡན་པ་དག་གིས་བདག་ལ་བྲུན་བར་མ་དགོངས་ཤིག་ཅེས་པ་ ལན་གཉིས་ལན་གསུམ་དུ་སྔགས་ཀྱི་ཚིག་འདི་སྐད་ཟློས་ལ་གཞི་ལ་འོར་ཅིག་པའོ། །དགེ་འདུན་ལ་ཡང་བཙུན་པ་དགེ་འདུན་གསོན་ཅིག་ཅེས་བྱ་བ་ལ་སོགས་པ་འདི་བཞིན་དུ་སྙེད་ཅིག་པའོ། །འཇིགས་པ་མེད་པར་གྱུར་ནས་དེ་ཉིད་དུ་མནོད་ཅེས་པ་ནི་གོང་མ་ལྟར་འཇིགས་པ་མེད་པར་གྱུར་ནས་སྔོན་གྱི་སོ་ནས་ཟུང་ཤིག་ པའོ། །ས་གཞན་ལ་གནས་པས་སྤྱད་པའི་དངོས་པོ་འོ།། །།ས་གཞན་ལ་གནས་པས་སྤྱད་པའི་དངོས་པོ་ཞུས་པ་ལས་འབྱུང་བ་བསྡུས་ཏེ་སྟོན་པ་ནི་ཆད་པ་དང་མགུ་བ་སྤྱོད་པ་རང་བཞིན་དུ་གནས་པར་བཀབ་པ་གཅིག་ཏུ་ལྷན་ཅིག་ཉལ་ན་ཉིན་ཞག་གཅིག་ཡལ་ལོ་ཞེས་པ་ལ་སོགས་པ་ཡིན་ཏེ། འདི་ལྟར་ལྷན་ཅིག་ཉལ་ན་ ཡང་ཆད་པའི་ཞག་གྲངས་ལ་གཅོད་པར་སྟོན་པའོ། །མཚམས་ཀྱི་ཕྱི་རོལ་དུ་ཡང་ཞེས་པ་དང་། མ་བསྟན་ན་ཡང་ཞེས་པ་ནི་མཚམས་ཀྱི་ཕྱི་རོལ་དུ་སྐྱ་རེངས་ཀྱིས་ཆོད་དམ་དགེ་འདུན་ལ་མ་བསྙད་ན་ཡང་ཞག་གྲངས་ལས་གཅོད་པར་སྟོན་པའོ། །མཚམས་དེའི་ཉིན་པར་རྣམས་མེད་ན་འདི་མི་སྐྱེ། དེའི་ཉིན་པར་ བྱས་པ་ནི་དགེ་འདུན་གྱིས་བྱས་པའོ། །སླར་འཁོར་ན་མཚམས་གཞན་དུ་སླར་སོང་ཡང་བླ་ཞེས་པ་ནི་དགེ་འདུན་ལ་བསྙད་པ་ཡང་མཚམས་དེ་ན་འཁོད་པ་མ་ཡིན་པ་ལ་བསྙད་ན་མི་ཕན་པ་དང་། དགོངས་སླར་འཁོར་ན་ནི་གུད་དུ་སོང་བ་ཡང་བླ་བའོ། །བླ་གབ་གཅིག་གི་འོག་ཏུ་ཆད་པ་པ་དང་ཆད་པ་ལྷན་ཅིག་མི་ ཉལ་ཞེས་པ་ནི་ཆད་པ་པ་རྣམས་བླ་གབ་གཅིག་གི་འོག་ཏུ་ལྷན་ཅིག་མ་ཉལ་ཅིག་པའོ། །དེ་དང་གཞན་པའི་མུ་སྟེགས་པ་ལྷན་ཅིག་ནི་འདིར་ཉེས་མེད་ཅེས་པ་ནི་གཞན་པའི་མུ་སྟེགས་དང་ལྷན་ཅིག་ཏུ་ཉལ་ཡང་བླ་བའོ། །ས་གཞན་ལ་གནས་པས་སྤྱད་པའི་དངོས་པོ་ཞུས་པའོ།། །།གཞུང་ལས་ནི་ཆད་པའི་དངོས་ པོ་ཞེས་འབྱུང་ལ་འདིར་མིང་འདི་སྐད་དུ་གདགས་པ་ཅིའི་ཕྱིར་ཞེ་ན། ལྷག་མའི་ཆད་པ་ཉི་ཚེར་མ་ཟད་ཀྱི་བསླབ་པ་སྦྱིན་པ་ལ་སོགས་པ་ལས་གཞན་ལ་གནས་པའོ་ཅོག་གི་ཆོ་ག་སྟོན་པས་ན་དོན་དང་སྦྱར་ཏེ་ས་གཞན་ལ་གནས་པས་སྤྱད་པའི་དངོས་པོར་གཏོགས་པ་ཡིན་ནོ། །བསྟད་པའི་དངོས་པོ་སྟོན་པ་ལ་རྩ་བ་ བཅབས་པས་གླེང་ངོ་ཞེས་འོག་ནས་འབྱུང་བ་དེའི་རྩ་བ་མ་ཡིན་པ་ཇི་ལྟ་བུ་ཞེ་ན། མ་གྲགས་པ་རྩ་བར་མི་འགྱུར་ཞེས་པ་ལ་སོགས་པ་ཡིན་ཏེ། འཕྲུལ་གྱིས་མིག་དང་རྣ་བ་ལ་སོགས་པ་འཇིག་རྟེན་དུ་གྲགས་པའམ་མངོན་པར་ཤེས་པ་ལ་སོགས་པ་འདི་ལྟ་བུས་གླེངས་པ་ནི་གླེང་བའི་རྩ་ བའམ་བཞིར་མི་རུང་བའོ། །ཚུལ་ནས་འབྱུང་བ་བསྙད་ཟིན་ནས་བྱུང་བའི་བཀྱིགས་པ་མི་སྐྱེ་ཞེས་པ་ནི་ཚུལ་ནས་འབྱུང་བའི་ལས་བསྙད་ཟིན་པའི་འོག་ཏུ་ཚུལ་ནས་མི་འབྱུང་བ་བཀྱིགས་ཀྱང་བཀྱིགས་པར་མི་འགྱུར་བའོ། །ནད་པས་བྱེད་པའང་དེ་བཞིན་ཞེས་པ་ནི་ནད་པས་ཚུལ་ནས་འབྱུང་བ་བཀྱིགས་པར་བྱེད་ པའང་གོང་མ་འདྲ་བར་མི་རུང་བའོ། །ཕྲིན་གྱིས་ཀྱང་ཞེས་པ་ནི་ཕྲིན་གྱིས་ཚུལ་ནས་འབྱུང་བ་བཀྱིགས་ནའང་དེ་བཞིན་དུ་མི་རུང་བའོ། །ནད་པ་ལ་ཡང་ངོ་ཞེས་པ་ནི་དགེ་སློང་གཞན་གྱིས་ནི་ནད་པ་དགེ་འདུན་གྱི་ཆད་པ་ནད་པ་འཆོས་ན་ཕྲིན་ལས་མི་མཛད་དུ་གསོལ་ཞེས་བཀྱིགས་ཀྱང་བཀྱིགས་པར་མི་ཆུད་དོ། །འདི་ མི་བླང་ཞེས་པ་ནི་གོང་དུ་སྨོས་པ་བཀྱིགས་པར་མི་འགྱུར་བའི་རྣམས་དགེ་འདུན་གྱིས་ཀྱང་སྡོམ་པར་མ་བྱེད་ཅིག་པའོ། །ནད་པ་ལ་སོགས་པས་ཚུལ་ནས་འབྱུང་བ་བཀྱིགས་པ་ལ་དགེ་འདུན་གྱིས་མི་སྡོམ་པའི་སྙད་ཇི་སྐད་དུ་བྱ་ཞེ་ན། ཚེ་དང་ལྡན་པ་ཁྱོད་ནད་པ་སྟེ་སྦྱོར་མི་ནུས་ཀྱི་སྡོད་ཅིག་ཅེས་པ་དང་། ཚེ་དང་ལྡན་པ་ཕྲིན་ པ་ཞེས་པ་དང་། འདི་ནད་པ་བས་གླེང་བ་མ་ཡིན་ནོ་ཞེས་ལན་གདབ་ཅེས་པ་ཡིན་ཏེ་ནད་པ་དེ་ལྟར་བཀྱིགས་ན་ནི་ཚེ་དང་ལྡན་པ་ཁྱོད་ནད་པ་ཡིན་ཏེ། སྦྱོར་མི་ནུས་ཀྱིས་སྡོད་ཅིག་ཅེས་དེ་བྱ་བ་དེང་ཕྲིན་དུ་སྤྲིང་སྟེ། འཁྱིགས་ན་ཚེ་དང་ལྡན་པ་ཕྲིན་པ་ཁྱོད་མ་སྨྲ་ཤིག་ཅེས་པ་དང་། ནད་པ་ལ་འཁྱིགས་ན་འདི་ནད་པ་སྟེ། གླེང་དུ་མི་རུང་ གིས་མ་གླེང་ཅེས་ལན་གདབ་ཅིང་མི་སྡོམ་པར་བྱ་བའོ། །བྱས་པའམ་བྱེད་པའི་དངོས་ཉིད་མ་གཏོགས་ན་གླེངས་ཀྱང་ཞེས་པ་ནི་ཉེས་པ་བྱས་པའི་དམིགས་གང་ཡིན་པ་དང་། ཉེས་པ་མེད་པའམ་མི་སུ་ཡིན་པ་རྣམས་ཀྱིས་ནན་རྟགས་མེད་པར་གླེངས་ཀྱང་གླེང་བར་མི་ཆུད་པའོ། །ལྷག་མས་ཀྱང་དུས་མ་ཡིན་པར་མི་བྱ་ཞེས་ པ་ནི་མ་ཡིན་པ་ལ་སོགས་པ་གོང་དུ་སྨོས་པ་རྣམས་ལས་བཟློག་པས་གླེང་ན་ཡང་སྐབས་སམ་དུས་མ་ཡིན་པར་ནི་མ་གླེངས་ཤིག་པའོ། །དྲན་པ་དང་ཤེས་བཞིན་ཉེ་བར་མ་བཞག་པས་མ་ཡིན་ཞེས་པ་ནི་སྔ་ནས་དྲན་པ་དང་ཤེས་བཞིན་དུ་བཅབས་པར་གླེངས་པའི་ལས་མ་བྱེད་ཅིག་པའོ། །མི་དབེན་པར་མ་ཡིན་ཞེས་པ་ ནི་མི་མང་བའི་མདུན་ན་མ་རེག་མི་འཕྲོད་པའི་མདུན་དུ་མ་གླེངས་ཤིག་པའོ། །སྐབས་མ་ཕྱེ་བར་མ་ཡིན་ཞེས་པ་ནི་དེ་སྐབས་མ་ཕྱེ་བའི་བར་དུ་གླེང་བར་མ་བྱེད་ཅིག་པའོ། །ཚུལ་ནས་འབྱུང་བ་ན་ནི་དེའོ་ཞེས་པ་ནི་ཚུལ་ནས་འབྱུང་བའི་ཚེ་ནི་སྐབས་ཕྱེ་བ་མ་ཡིན་པར་སྟོན་པའོ། །མི་དྲན་ན་དྲན་པར་བྱ་ཞེས་པ་ནི་གླེངས་པའི་ཚེ་ཉེས་པ་ བྱས་པར་མི་དྲན་ཞེས་ཟེར་ན་དྲན་པར་སེམས་སུ་ཆུག་ཤིག་པའོ། །མ་ཕྱེ་ན་འདི་ལ་བསྡིགས་པར་བྱ་ཞེས་པ་ནི་སྐབས་འབྱེད་དུ་མ་བཏུབ་ན་བསྡིགས་ཤིག་པའོ། །བསྡིགས་པའི་སྙད་ཇི་སྐད་དུ་བྱ་ཞེ་ན། ཚེ་དང་ལྡན་པ་ཁྱོད་ལ་བྱ་བ་ཡོད་དེ་ཚེ་དང་ལྡན་པ་བསྡིགས་པའི་སྙད་ཡོད་ཀྱིས་གནས་འདི་ནས་མ་ཞུམ་པར་མ་འགྲོ་ཤིག་ཅེས་ པའོ་ཞེས་པ་ཡིན་ཏེ་ཚེ་དང་ལྡན་པ་ཁྱོད་ཚར་བཅད་ཅིང་གཏན་ལ་དབབ་པའི་སྙད་མང་དུ་ཡོད་ཀྱིས་སྡོད་ཅིག་ཅེས་ཚིག་གིས་སྙད་འདི་སྐད་དུ་བསྡིགས་ཤིག་པའོ། །དེས་ཀྱང་དུལ་བར་མ་གྱུར་ན་ལུང་དགག་ཅེས་པ་ནི་གོང་མ་ལྟར་བྱས་ཏེའང་མི་སློན་ན་ལུང་མ་སྦྱིན་ཅིག་པའོ། །འདི་ལ་གཏམ་བྱ་བ་ལ་སོགས་པ་ཡང་གཏམ་ ཞེས་པ་ནི་དེ་ལྟ་བུ་ལ་ལུང་དགག་པར་མ་ཟད་ཀྱི་གཏམ་མི་བྱ་བ་ལ་སོགས་པར་གྱིས་ཤིག་པའོ། །དེས་ཀྱང་གསོ་སྦྱིན་བཀྱིགས་ཞེས་པ་དང་། འོན་ཀྱང་ཚུལ་ནས་མི་དབྱུང་བའོ་ཞེས་པ་ནི་གོང་མ་ལྟར་བྱས་ཀྱང་མ་སློན་ན་གསོ་སྦྱིན་བཀྱིགས་པ་དང་། དེས་ཀྱང་མ་སློན་ན་ཚུལ་ནས་འབྱུང་བ་བཀྱིགས་པ་རྣམས་གྱིས་ ཤིག་པའོ། །འདིར་བཀྱིགས་པ་བཀྱིགས་པ་དང་། ལྷན་ཅིག་ཏུ་བྱས་ན་ཚངས་པའོ་ཞེས་པ་ནི་དྲུག་སྡེས་དགེ་སློང་ཅིག་ལ་སྐུ་རེར་བཀྱིགས་པ་ཕྱིས་དྲུག་སྡེ་པོ་ཉིད་དང་ལྷན་ཅིག་ཏུ་གསོ་སྦྱིན་བྱས་པས་ཚངས་པར་གྱུར་པ་བཞིན་དུ་དང་པོ་སུས་བཀྱིགས་པ་དེས་བརྩངས་ནས་གཞན་བྱ་མི་དགོས་པར་ཚངས་པའོ། ། སྐབས་ཕྱེ་ཡང་རང་རེང་བྱེད་ན་སྐོབས་སུ་གཞུག་ཅེས་པ་ནི་སྐབས་ཕྱེར་ཟིན་གྱི་རྣ་ལམ་མམ་ལྷན་པོར་མི་བཏུབ་ན་སྐོབས་སུ་གཞུག་པ་ཐབས་ཀྱིས་གྱིས་ཤིག་པའོ། །སྐོབས་སུ་གཞུག་པའི་ཐབས་སུ་ཇི་ལྟར་བྱ་ཞེ་ན། འདིའམ་ཆེ་གེ་མོ་ཞིག་གི་གནས་སུ་དངོས་པོ་ཆེ་གེ་མོ་ཞིག་ཅེས་བྱ་བ་དང་། གང་ཡང་ རུང་གིས་བརྗོད་པར་བྱའོ་ཞེས་ཉེས་པའི་སྒྲོ་གདགས་པའམ་ཉེས་པ་བསྟན་ཅིང་གཏུར་ཞེས་པ་ཡིན་ཏེ། གནས་ཆེ་གེ་མོ་ཞིག་ཏུ་ཉེས་པ་འདི་ལྟ་བུ་ཞིག་བྱས་ཀྱི་ཞེའམ། གར་ཡང་རུང་སྟེ། ཉེས་པ་ཅི་བྱས་པ་རྣམས་ངས་གླེང་ངོ་ཞེས་ཉེས་པ་རྔམས་ཆེ་བ་སྐད་དུ་བྱ་བ་དང་། ཉེས་པའི་དངོས་ཉིད་བསྟན་ཅིང་གཏུར་ བར་གྱིས་ཤིག་པའོ། །ཚུལ་ཁྲིམས་དང་ལྟ་བ་དང་སྤྱོད་པ་དང་འཚོ་བ་ཉམས་པ་གླེངས་པ་ལ་སོགས་པའོ་ཅོག་རྩ་བ་ཡོད་ན་གདོད་སྐྱེའོ་ཞེས་པ་ནི་ཚུལ་ཁྲིམས་ཉམས་པ་ལ་སོགས་པའི་སྐྱོན་ཡོད་པ་ལ་གླེང་བ་ལ་སོགས་པ་གོང་དུ་སྨོས་པ་རྣམས་ལྟར་བྱ་བ་ཡང་མཐོང་བ་དང་ཐོས་པ་དང་དོགས་པའི་རྩ་བ་ཡོད་ ན་གདོད་རྒལ་བའམ་གླེང་བར་ཆུད་པའོ། །གྱི་ནའི་རྩ་བས་མི་བྱ་ཞེས་པ་ནི་གཏན་ལ་ཕབ་པའི་འོལ་ཚོད་དུ་མཐོང་བའམ་དོགས་པས་ནི་གླེང་བར་མ་བྱེད་ཅིག་པའོ། །འདིར་དངོས་པོ་བདེན་པ་མི་བརྩན་ཞེས་པ་ནི་རྒོལ་བ་དེ་ལ་ཉེས་པའི་སྐྱོན་ནི་ཡོད་མོད་ཀྱི་རྒོལ་བ་དེས་ཡོད་པར་མ་ཤེས་ཏེ། སྐུར་བརླང་བཏབ་པ་དང་ ཉེས་པ་མེད་པ་ལ་ཡོད་པ་སྙམ་ཞིག་སྟེ། བརྒལ་བ་ལྟ་བུ་དངོས་པོ་བདེན་པ་ལྟ་བུ་ནི་མི་བརྩན་གྱི་རྒོལ་བ་ཉིད་ཀྱི་འདུ་ཤེས་བརྩན་པར་སྟོན་པའོ། །བྱེད་པའི་མཚན་མ་དང་། ཕ་རོལ་གྱི་ཁ་ན་ཞོ་བ་དང་། བདག་ལ་ཟེར་བ་ཡོད་པ་གསུམ་གྱིས་ཐོས་ནའོ་ཞེས་པ་ནི་རྣམ་པ་འདི་གསུམ་གྱིས་ཐོས་ན་ཐོས་པའི་རྩ་བ་ཡིན་ པར་སྟོན་པའོ། །དེ་ལ་བྱེད་པའི་མཚན་མ་ཞེས་པ་ནི་ཉལ་པོ་བྱེད་པའི་སྒྲ་ཐོས་པའོ། །ཕ་རོལ་གྱི་ཁ་ན་ཞོ་ཞེས་པ་ནི་མི་ཚངས་པར་སྤྱོད་པའི་གཏམ་ཟེར་བ་ཐོས་པའོ། །བདག་ལ་ཟེར་བ་ཡོད་ཅེས་པ་ནི་ཕ་རོལ་སྐྱེལ་བ་ཡོད་པའོ། །ཡིད་མ་ཆེས་ན་རྩ་བ་མ་ཡིན་ཞེས་པ་ནི་ཕ་རོལ་སློས་ཤིང་ཟེར་བ་ལ་བདག་ཡིད་མ་ཆེས་ པ་ནི་ཐོས་པའི་རྩ་བར་མི་འགྱུར་བའོ། །བསྟན་པའི་དངོས་པོའོ།། །།བསྟན་པའི་དངོས་པོ་ཞུས་པ་ལས་འབྱུང་བ་བསྡུས་ཏེ་སྟོན་པ་ནི་རྒྱུས་ཤེས་པ་དུ་མ་ནི་གླེང་བ་ལ་སོགས་པར་སུ་མོས་པའོ་ཞེས་པ་ཡིན་ཏེ་ཉེས་པ་ཡོད་པར་རྒྱུས་ཤེས་པ་མང་ན་རྒོལ་ཞིང་གླེང་བ་ནི་སུས་བྱས་ཀྱང་སླ་བའོ། །ཚུལ་ནས་འབྱུང་བ་མ་ ཡིན་པར་དེ་མི་བཀྱིག་ཅེས་པ་དང་། གསོ་སྦྱིན་མ་ཡིན་པར་ཡང་དེ་མ་ཡིན་ཞེས་པ་ནི་ཚུལ་ནས་འབྱུང་བ་དང་གསོ་སྦྱིན་གྱི་དུས་མ་ཡིན་པར་ནི་བཀྱིག་པར་མ་བྱེད་ཅིག་པའོ། །འཁྱིག་པ་བུད་མེད་ལ་གཞན་སྐྱེས་པ་ནི་བཀྱིགས་པ་བྱས་སམ་བྱེད་པ་ནི་བཀྱིགས་པ་མ་ཡིན་ནོ་ཞེས་པ་ནི་བུད་མེད་ཀྱི་བཀྱིགས་པ་བྱས་ ཀྱང་རུང་སྟེ་བཀྱིགས་པར་མི་འགྱུར་བའོ། །དེ་ལས་དགེ་སློང་ཕ་ལས་མཚན་གྱུར་ན་དེ་ལ་དེ་བཞིན་རང་བཞིན་ཉམས་པ་ཡིན་ཞེས་པ་ནི་རང་བཞིན་ཉམས་པས་བཀྱིགས་པར་མི་འགྱུར་བའོ། །ཚུལ་ཁྲིམས་གཅིག་པས་མ་ཡིན་ཞེས་པ་ནི་ཚུལ་ཁྲིམས་ཞིག་པ་དང་སྡེ་མི་གཅིག་པས་བཀྱིགས་པར་མི་འགྱུར་ བའོ། །འདི་གཉིས་ལ་མ་ཡིན་ཞེས་པ་ནི་རང་བཞིན་མ་ཉམས་པ་དང་། ཚུལ་ཁྲིམས་མི་གཅིག་པ་ལ་སོགས་པ་ལ་བཀྱིགས་ཀྱང་བཀྱིགས་པར་མི་འགྱུར་བའོ། །བསྟན་པའི་དངོས་པོ་ཞུས་པའོ།། །།གཞུང་འདི་ལས་གསོ་སྦྱིན་བཀྱིགས་པའི་དངོས་པོ་ཞེས་འབྱུང་བ་འདིར་འདི་སྐད་དུ་བརྟགས་པ་ཅིའི་ཕྱིར་ཞེ་ན། གསོ་ སྦྱིན་བཀྱིགས་པ་ཉི་ཚེར་ཟད་ཀྱི་ཚུལ་ནས་འབྱུང་བ་བཀྱིགས་པ་དང་། ལུང་བཀག་ཅིང་སྐོབས་སུ་གཞུག་པ་ལ་སོགས་པ་བསྟན་པ་རྣམས་སུ་ཡོད་པའི་ཕྱིར་འདི་སྐད་དུ་བཏགས་སོ་ལས་ཀྱིས་ཕྱེ་བ་དངོས་པོ་སྟོན་པ་ནི་དགེ་འདུན་འབྱེད་པའི་མཐུ་ཡོད་པ་ལ་མ་དད་བཞིན་དུ་མི་གླེང་གླེང་ནའང་ཁྱད་དུ་མི་གསོད་ཅེས་པ་ལ་སོགས་པ་ཡིན་ ཏེ། དགེ་འདུན་འབྱེད་པར་ནུས་པའི་མི་ལ་མ་དད་བཞིན་དུ་གླེང་བ་དང་དེ་ཉིད་གཞན་ལ་གླེང་ན་ཡང་ཁྱད་དུ་མ་གསོད་ཅིག་པའོ། །གང་དུ་ཡང་ཁོན་ཡོད་པ་དང་ལྷན་ཅིག་མི་བསྡད་ཅེས་པ་ནི་ཁོན་ཡོད་པ་དང་ཕྲད་ན་དེ་དང་ལྷན་ཅིག་ཡུན་རིང་དུ་མ་འདུག་ཤིག་པའོ། །གུད་དུའང་གཉིས་སམ་གསུམ་གྱིས་གོ་བཙལ་ ཏེའོ་ཞེས་པ་ནི་གྲལ་དུ་བཀད་པ་ལ་སོགས་པའི་སྐབས་གཞན་དུའང་ཅིག་ཅར་བསྡམས་ཏེ་མ་འཁོད་པར་གོ་གཉིས་སམ་གསུམ་གྱིས་བར་དུ་ཆོད་ལ་འདུག་ཤིག་པའོ། །གཅིག་གིས་ཀྱང་དེ་བཞིན་དུ་དེ་དང་ཉེས་པ་ནི་ཁོན་ཡོད་པའི་གང་ཟག་གཅིག་གིས་ཀྱང་དེ་དང་ལྷན་ཅིག་འདུག་པ་ལ་སོགས་པ་གོང་མ་བཞིན་དུ་ གྱིས་ཤིག་པའོ། །འདི་གཉིས་ཀྱི་གནས་སོ་སོར་སྦྱིན་ཞིང་མནོད་པ་ཡང་ཞེས་པ་ནི་འདི་གཉིས་ཀྱི་གནས་དབོག་པའི་ཚེ་ཡང་ལྷན་ཅིག་ཏུ་མ་བབ་པར་ཕོག་པ་དང་དེ་དག་གིས་ཀྱང་ལྷན་ཅིག་ཏུ་མ་གབ་པར་ནོས་ཤིག་པའོ། །ཆོས་དང་འདུལ་བས་དེར་གྱུར་ལ་ཆོས་མ་ཡིན་པ་ལ་ཇི་ནས་ཀྱང་ཞེན་པར་ཤེས་ན་དགེ་ འདུན་མཐུན་པ་ལ་ཡལ་ལོ་ཞེས་པ་ནི་དངོས་པོ་རྟག་ཆད་ཀྱི་ཆོས་ལ་ཁ་མ་དུམ་བ་འམ་སྤྱད་པ་ལྕི་ཡང་གི་འདུལ་བ་ཁ་མ་དུམ་སྟེ། རྩོད་ན་ཆོས་མ་ཡིན་པའི་ཕྱོགས་སུ་ལྟ་བ་རྣམས་སྙིང་ནས་གཏོང་དུ་མི་བཏུབ་ཅིང་ཞེན་ཆེས་ཆེ་བར་མངོན་ན་དགེ་འདུན་མཐུན་པ་ཡལ་ཞིང་མེད་པར་སྟོན་པའོ། །དེ་བས་ན་དེ་ལས་ གཞན་པ་དང་འདུས་ཏེ་ལས་བྱས་ཀྱང་མི་སྐྱེ་ཞིང་གཅིག་ལ་གཅིག་བསྐལ་བར་ཡང་མི་འགྱུར་བའོ་ཞེས་པ་ནི་གོང་མ་ལྟར་བས་ན་དེ་དང་འདུས་ཏེ་ལས་ལྷན་ཅིག་ཏུ་བྱས་ཀྱང་ལས་སུ་མི་རུང་བ་དང་། གཅིག་ལ་གཅིག་བསྐལ་པར་ཡང་མི་འགྱུར་བའོ། །དེ་དག་དེའི་གཉེན་པོར་འཐབ་ཅེས་པ་དང་། ཆོས་ འདི་པ་རྣམས་ཀྱི་ཕྱག་མི་བྱ་ཞེས་པ་ནི་གོང་མ་ལྟར་སྡེ་གཉིས་སུ་ཆད་པ་ལྟར་མ་འོས་པར་རྩོད་ན་དགེ་ཚུལ་མ་ཡིན་ཆད་ཆོས་འདི་པ་རྣམས་ཀྱིས་ཕྱག་མ་བྱ་ཤིག་པའོ། །ལྡང་བ་སྟན་ལ་གཉར་ཏམ། བྲེ་མོ་གཏམ་ཀུན་དགའ་བ་རྣམ་པར་ལྟ་བ་རྣམས་ཀྱང་ཕྱག་མི་བྱ་ཞེས་པ་ནི་གོང་མ་ལྟར་སྡེར་ གྱུར་ན་ཆོས་མ་ཡིན་པར་ལྟ་བ་ལ་མིང་གིས་སྨོས་པ་འདི་རྣམས་ལྟ་བུ་བསྟི་སྟང་ཡང་མ་བྱེད་ཅིག་པའོ། །དེ་ལ་གཏམ་ཞེས་པ་ནི་ཚིག་ཐ་མལ་པའོ། །བྲེ་མོ་གཏམ་ཞེས་པ་ནི་ཡིད་གཅུགས་པའི་གཏམ་མོ། །ཀུན་དགའ་བ་ཞེས་པ་ནི་ནད་དྲི་བ་ལ་སོགས་པའོ། །ལྟ་བ་ཞེས་པ་ནི་ཐ་མལ་པར་ལྟ་བའོ། ། རྣམ་པར་ལྟ་ཞེས་པ་ནི་ཁོང་མོར་ལྟ་བའོ། །ལག་བརྡས་མལ་སྟན་སྦྱིན་ཞེས་པ་ནི་ཆོས་མ་ཡིན་པའི་ཕྱོགས་སུ་ལྟ་བ་རྣམས་ལ་མལ་སྟན་ཡང་མ་སྨྲ་བར་ལག་བརྡས་བྱིན་ཅིག་པའོ། །དེས་ཐོས་པར་གཞོགས་སྦད་ཀྱིས་ཞེས་ཁ་ཅིག་ཅེས་པ་ནི་དེ་ལ་མལ་སྟན་བྱིན་པའི་ཚེ་དགེ་སློང་འདིའི་མལ་སྟན་ནི་འདིའོ་ ཞེས་དགེ་སློང་གཞན་ལ་བྱ་བ་སྐད་དུ་བྱའོ། །ཞེས་ཀྱང་སློབ་དཔོན་ཁ་ཅིག་འཆད་པར་སྟོན་པའོ།། །།གནས་ནི་མཐའ་ཁོབ་ཏུའོ་ཞེས་པ་ནི་དེའི་གནས་ཀྱང་གཙུག་ལག་ཁང་ཐ་མ་བྱིན་ཅིག་པའོ། །ང་ཡང་རྒན་རབས་ཤིག་ན་ཞེས་ཟེར་ན་འདི་སྐད་<གྱི་‚ཀྱི་>གཏམ་དྲུང་གྲགས་པ་ཁྱེད་ཀྱང་བདག་ཤཱཀྱའི་སྲས་ཀྱི་དགེ་སྦྱོང་ སྙམ་མམ་ཁྱེད་ཀྱི་སྟོན་པ་ཐུགས་རྗེ་ཅན་གྱིས་གནང་དུ་ཟད་ཀྱི་འདི་དག་ཙམ་གྱི་ཚོད་ཀྱི་མི་འཐོབ་བོ་ཞེས་གཞོགས་གཏམ་གྱིས་ལ་ལན་གླན་ཞེས་པ་ནི་རྒན་རབས་ཤིག་སྟེ། གོང་མ་ལྟར་བྱས་པ་དང་འཁང་ན་དགེ་སློང་གཞན་ལྟར་བྱ་བ་སྐད་<གྱིས་‚ཀྱིས་>ལ་ལན་འདི་སྐད་ཐོབ་ཤིག་པའོ། །དགེ་སློང་མས་ནི་སྟན་ལས་འཕགས་པ་ མི་བཏང་ཞེས་པ་ནི་ཆོས་མ་ཡིན་པའི་ཕྱོགས་སུ་བལྟས་པ་འོངས་ན་དགེ་སློང་མས་སྟན་ལས་མི་ལྡང་བར་ནི་མ་བྱེད་ཅིག་པའོ། །དགེ་བསྙེན་གྱིས་ཀྱང་བསོད་སྙོམས་བྱིན་ཞེས་པ་ནི་དེ་ལ་དགེ་བསྙེན་དག་གིས་ཀྱང་བསོད་སྙོམས་ནི་བྱིན་ཅིག་པའོ། །འདི་དག་ཚངས་སུ་ཟིན་ཀྱང་འདུམ་པ་མ་རྙེད་ཀྱི་བར་དུ་འདུམ་མི་སྐྱེ་ཞེས་པ་ནི་ གོང་མ་ལྟར་དགེ་འདུན་སོ་སོར་བྱ་བ་ལས་སླར་ཚངས་སུ་ཟིན་ཀྱང་དགེ་འདུན་གྱིས་འདུམ་བར་མ་བྱས་ཀྱི་བར་དུ་མཐུན་པ་མི་འགྲུབ་པའོ། །གསོ་སྦྱིན་མ་བྱས་པར་རང་བཞིན་དུ་གནས་པ་མི་འཐོབ་ཅེས་པ་ནི་དེ་ལྟར་བྱེ་བ་ལས་སླར་འདུམ་པའི་དགེ་འདུན་གྱིས་གསོ་སྦྱིན་མ་བྱས་ཀྱི་བར་དུ་སྔོན་གྱི་སོར་མི་ཆུད་པའོ། །འདི་ ནི་སྦྱིན་ཞིང་བྱ་ཞེས་པ་ནི་སྔར་སྦྱིན་པའི་ཆོས་ཇེ་བྱས་པའི་འོག་ཏུ་གསོ་སྦྱིན་གྱིས་ཤིག་པའོ། །སྔར་སྦྱིན་པ་ཇི་ལྟ་བུ་ཞེ་ན་འདི་ལས་ཀྱིས་སོ་ཞེས་པ་ཡིན་ཏེ། གསོལ་བ་དང་བཞིའི་ལས་ཀྱིས་གསོ་སྦྱིན་པའི་ལས་ཇེ་བྱས་ལ་དེའི་འོག་ཏུ་གདོད་གསོ་སྦྱིན་ངོ་བོ་གྱིས་ཤིག་པའོ། །སྔ་མ་ཡང་ཞེས་པ་ནི་སྔ་མ་སྡེ་འདུམ་པ་ཡང་གསོལ་ བ་དང་བཞིའི་ལས་ཇེ་བྱས་ན་གདོད་འདུམ་པར་འགྱུར་བའོ། །འདུམ་པ་དང་བཀྲ་ཤིས་པ་དང་ཡེ་འདྲོག་གི་ཕྱིར་གསོ་སྦྱིན་རུང་ཞེས་པ་ནི་དགེ་འདུན་བྱེ་བ་ལས་འདུམ་པའི་ཕྱིར་གསོ་སྦྱིན་པ་དང་ཆོས་མ་ཡིན་པ་དང་། ལྟས་ངན་བྱུང་བའི་ཕྱིར་གསོ་སྦྱིན་བྱ་བ་དང་། ནད་པ་ལ་སོགས་པ་ཡེ་འདྲོག་གི་ཕྱིར་གསོ་སྦྱིན་བྱ་བ་རྣམས་ མི་རུང་བ་མེད་པའོ། །འདིའི་དུས་ནི་འདི་ཉིད་ཀྱི་གཞི་ལས་སོ་ཞེས་པ་ནི་གོང་མ་ལྟར་གསོ་སྦྱིན་བྱ་བ་ནི་བཅུ་བཞིའམ་བཅོ་ལྔ་ཚེས་གྲངས་དང་སྦྱར་བ་མེད་ཀྱི་དེ་ལྟ་བུ་བྱུང་བའི་ཚེ་གྱིས་ཤིག་པའོ། །ལས་བྱེད་པའི་དངོས་པོའོ།། །།ལས་ཀྱི་བྱེ་བ་དངོས་པོ་ཞུས་པ་ལས་འབྱུང་བ་དང་། མ་ན་བི་ག་ལས་འབྱུང་བ་བསྡུས་ཏེ་སྟོན་ པ་ནི་ཆོས་མ་ཡིན་པར་སྨྲས་པས་མཚམས་ཀྱི་ནང་དུ་དབྱེ་བའི་བསམ་པས་ལས་གུད་དུ་བྱས་ན་བྱེ་བའོ་ཞེས་པ་ལ་སོགས་པ་ཡིན་ཏེ། ཆོས་མ་ཡིན་པར་ལྟ་བས་མཚམས་ཀྱི་ནང་དུ་དགེ་འདུན་གཞན་དང་བྱེ་ཡང་བླ་བར་བསམས་ཏེ་ལས་ལོགས་ཤིག་ཏུ་བྱས་ན་བྱེ་བར་འགྱུར་བའོ། །འདི་དག་སོ་སོའི་ལས་སུ་མི་རུང་བ་ཞེས་ པ་དང་། ཉིད་ཀྱི་ཕྱོགས་མ་ཡིན་ན་མི་རུང་ཞེས་པ་ནི་དེ་ལྟར་སོ་སོར་བྱེད་ན། སོ་སོའི་ཕྱོགས་ཀྱི་ལས་སུ་རུང་གིས་བསྣོལ་མར་ནི་མི་རུང་བའོ། །ཆོས་སྨྲ་བས་བྱས་པ་ནི་དགེ་འདུན་གྱིས་བྱས་པའོ་ཞེས་པ་ནི་ཆོས་ཀྱི་ཕྱོགས་སུ་ལྟ་བ་རྣམས་ཀྱིས་མཚམས་གཅོད་ཅིང་དགྲོལ་བ་ལ་སོགས་པའི་ལས་བྱས་པ་ནི་དགེ་འདུན་གཞན་ གྱིས་ལས་སུ་རུང་བའོ། །སྐམ་ལ་གནས་པ་ཡོད་ན་དེས་དགེ་སློང་མས་ལུང་སྦྱིན་ཞེས་པ་ནི་རྩོད་པའི་འདམ་དུ་མ་སོང་བའི་སྐམ་ལ་འདུག་པས་དགེ་སློང་མའི་ལུང་བྱིན་ཅིག་པའོ། །འདི་དག་ཆོས་ཀྱི་ཕྱོགས་པས་བསྐལ་བར་འགྱུར་ཞེས་པ་ནི་སྐམ་ལ་གནས་པ་འདི་ལྟ་བུ་མཚམས་ཀྱི་ནང་ན་ཡོད་དེ་མ་དྲིས་པར་ལས་བྱས་ན། ལས་གཅོད་པ་ལ་སོགས་པར་འགྱུར་བར་སྟོན་པའོ། །ཡོ་ན་དེ་ཉིད་འཇིག་ཅེས་པ་ནི་སྐམ་ལ་གནས་པ་དེ་ཕྱོགས་གཅིག་གི་རྗེས་སུ་བལྟས་པ་འཇིག་པར་འགྱུར་བའོ། །འདི་མི་བྱ་ཞེས་པ་ནི་འདི་ལྟ་བས་ན་སྐམ་ལ་གནས་པ་དེ་ཕྱོགས་གཅིག་ཏུ་ལྟ་བར་མ་བྱེད་ཅིག་པའོ། །དགེ་སློང་མའི་དགེ་འདུན་དང་ཕྱོགས་དང་ ཕྱོགས་གཞན་དུ་བལྟས་ཀྱང་ལུང་སྦྱིན་ཞེས་པ་ནི་དགེ་སློང་མའི་དགེ་འདུན་སོ་སོར་ཆད་དུ་བྱེད་པའི་ཚེ་ལུང་བྱིན་ཅིག་པའོ། །བྱེ་ན་ནི་འདི་མ་ཡིན་ཞེས་པ་ནི་སོ་སོར་ཤག་པོར་བྱེད་ན་ནི་ལུང་མ་བྱིན་ཅིག་པའོ། །གསོལ་ན་འདུམ་དུ་གཞུག་ཅེས་པ་ནི་དེ་དག་ལུང་དབོག་པར་གསོལ་ན་ཁྱེད་ཅི་འདུམ་ པར་གྱིས་ཤིག་དང་། གདོད་ལུང་སྦྱིན་ནོ་གྱིས་ཤིག་པའོ། །དབྱར་གྱི་ཆོས་སྨྲ་བར་འགྲོ་ཞེས་པ་ནི་དབྱར་གྱི་རྙེད་པ་རྣམས་ཆོས་སྨྲ་བ་དབང་བའོ། །འདུས་པ་གཉིས་ལས་མ་བགོས་པར་སྦོམ་དུ་བྱིན་ཅིག་པའོ་ཞེས་པ་ནི་བྱེ་བའི་དགེ་འདུན་སྡེ་གཉིས་ལ་ཡོན་བདག་གིས་སོ་སོར་མ་བགོས་པར་སྤྱི་རིལ་དུ་ཕུལ་ན་ ཆོས་སྨྲ་བ་རྣམས་དབང་བར་འགྱུར་བའོ། །ཀུན་དུའང་དེའམ་ཞེ་ན། དེ་དག་ཀྱང་དགེ་འདུན་དུ་ཚང་བར་འགྱུར་ནའོ་ཞེས་པ་ཡིན་ཏེ། ཆོས་སྨྲ་བའི་ཕྱོགས་རྣམས་དགེ་འདུན་དུ་ཚང་ན་གདོད་གོང་མ་ལྟར་འགྱུར་བའོ། །གལ་ཏེ་མ་ཚང་ན་ཇི་ལྟར་བྱ་ཞེ་ན། གལ་ཏེ་གཞན་མ་ཚང་ལ་དེ་དག་ན་གང་གི་ཐུ་བར་ འོངས་པའོ་ཞེས་པ་ཡིན་ཏེ། ཆོས་ཀྱི་ཕྱོགས་སུ་ལྟ་བ་ནི་དགེ་འདུན་དུ་མ་ཚང་བ་ཆོས་མ་ཡིན་པའི་ཕྱོགས་སུ་ལྟ་བ་རྣམས་དགེ་འདུན་དུ་ཚང་ན་གང་གི་ཐུ་བར་འོངས་པར་དབང་བའོ། །མདུན་དུ་བཞག་པའང་དེ་བཞིན་གལ་ཏེ་གཉི་གའི་ཐུ་བར་འོངས་ན་ཇི་ལྟར་བྱ་ཞེ་ན། གཉིས་ཀར་ན་གཉི་གའོ་ཞེས་པ་ནི་གཉིས་ ཀའི་ཐུ་བར་འོངས་ན་གཉིས་ཀ་དབང་བའོ། །བགོ་བའི་ཐབས་ཇི་ལྟར་བྱ་ཞེ་ན། དགེ་འདུན་དུ་མ་ཡིན་གྱི་གང་ཟག་གི་སྐལ་བས་སོ་ཞེས་པ་ཡིན་ཏེ། དགེ་འདུན་གྱི་སྡེ་གཉིས་དགའ་བར་ཕྱེད་ཤས་སུ་བགོ་བ་མ་ཡིན་གྱི་གང་ཟག་གི་གྲངས་མང་ཉུང་གི་ཤས་སུ་བགོས་ཤིག་པའོ། །ལས་ཀྱི་ཕྱེ་བའི་དངོས་པོར་ གཏོགས་པ་ཞུས་པ་དང་མན་པའི་ཀའོ། །འཁོར་ལོས་བྱེ་བའི་དངོས་པོར་སྟོན་པ་ནི་གཅུགས་གཞུག་པའི་ཕྱིར་གསོལ་བའམ་ཚུལ་ཤིང་ལེན་དུ་བཙུད་པས་ཆོས་དང་བྲལ་བ་ནི་དགེ་འདུན་ཕྱེ་བའོ་ཞེས་པ་ལ་སོགས་པ་ཡིན་ཏེ། འཕགས་པའི་ལམ་དང་བྲལ་བའི་གསོ་བའམ་ཚུལ་ཤིང་ལེན་དུ་བཙུད་པས་གཅུགས་བཅུག་ ན་དགེ་འདུན་ཕྱེ་བ་ཡིན་པར་སྟོན་པའོ། །འབྱེད་པར་བྱེད་པའང་དགེ་འདུན་མ་ཚང་བ་དང་གཞན་ཡང་མཚམས་ཀྱི་ནང་ན་ལུས་པ་དགེ་འདུན་དུ་མ་ཚང་ན་འདིར་མི་འགྱུར་ཞེས་པ་ནི་བྱེད་པ་དགེ་འདུན་དུ་མ་ཚང་ངམ་ཕྱི་མ་ལུས་པ་དགེ་འདུན་དུ་མ་ཚང་ན་དབྱེན་དུ་མི་ལྡང་བའོ། །འབྱེད་པར་བྱེད་པ་ནི་འབྱེད་པ་མ་ ཡིན་ཞེས་པ་ནི་འབྱེད་པར་བྱེད་པ་ཁོ་ན་ཉིད་ཀྱིས་དགེ་འདུན་གྱི་ཁ་བསྐང་དུ་མི་རུང་བའོ། །ཕྱེའོ་ཅོག་གིས་མཚམས་མེད་པར་འགྱུར་རམ་ཞེ་ན། ཆོས་དང་ཆོས་མ་ཡིན་པ་ཁོ་ན་གདོད་ཡོད་བཞིན་ན་མཚམས་མེད་པའོ་ཞེས་པ་ནི་ཆོས་དང་ཆོས་མ་ཡིན་པར་ཤེས་བཞིན་དུ་གཅུགས་བཅུག་སྟེ་ཕྱེ་ན་གདོད་མཚམས་མེད་པར་ འགྱུར་བའོ། །ཆོས་ཀྱི་འདུ་ཤེས་ཕྱེ་ན་ཡང་ཞེས་པ་ནི་ལྷག་མ་ལུས་པའི་མྱ་ངན་ལས་འདས་པ་ལས་བཟློག་པ་ནི་འདོད་ཁམས་ཀྱི་དབང་པོ་ལ་ཕན་བཏགས་པར་འདུ་ཤེས་པ་ལྟ་བུ་ཕན་གདགས་པའམ་བསོད་ནམས་ཀྱི་འདུ་ཤེས་ཀྱིས་ཕྱེ་ན་ཡང་མཚམས་མེད་པར་འགྱུར་བའོ། །འཁོར་ལོས་ཕྱེ་བའི་དངོས་པོའོ།། །།རྩོད་ པའི་དངོས་པོ་སྟོན་པ་ནི་འཁྲུག་པའི་རྒྱུ་ནི་བཞི་སྟེ་ཞེས་པ་ལ་སོགས་པ་ཡིན་ཏེ། འཁྲུག་པའི་རྒྱུ་རྣམ་པ་བཞི་ཡོད་པར་སྟོན་པའོ། །བཞི་གང་ཞེ་ན། དངོས་པོ་དོན་དེ་ཁོ་ན་ཉིད་ལ་ཁ་མི་འདུམ་པ་དང་། སྤང་བ་དང་ཉེས་པ་ཅན་དང་ལས་འདུམ་པ་མི་སྟེར་བ་རྣམས་སོ་ཞེས་པ་ཡིན་ཏེ་མི་མཐུན་པས་རྩོད་པའི་རྒྱུ་ནི་ དངོས་པོའི་དོན། རྟག་ཆད་ལ་སོགས་པའི་དེ་ཁོ་ན་ཉིད་ལ་ཁ་མི་འདུམ་པ་ལས་འབྱུང་བ་ཉིད་དང་ལུང་མི་སྟེར་བར་རྩོད་པའི་རྒྱུ་གསོ་སྦྱིན་དང་ཚུལ་ནས་འབྱུང་བ་ལས་སྤངས་ཤིང་བཀྱིགས་པ་ལས་འབྱུང་བ་དང་། ལྟུང་བའི་རྩོད་པའི་རྒྱུ་ཉེས་པ་ཡོད་མེད་ལས་འབྱུང་བ་དང་། བྱ་བས་རྩོད་པའི་རྒྱུ་ ལས་འདུར་མི་བཏུབ་པ་ལས་འབྱུང་བ་རྣམས་སུ་སྟོན་པའོ། །མཚན་མ་དང་པོ་ནི་གྲག་པར་བྱ་བས་འཇིལ་ཞེས་པ་ནི་དངོས་པོ་དོན་དེ་ཁོ་ན་ཉིད་ལ་ཁ་མི་འདུམ་པས་ནི་རྩོད་པ་ནི་རྟག་ཆད་ལ་སོགས་པ་གང་གི་ཕྱིར་ཁ་མི་འདུམ་པ་དེ་གཅིག་ཏུ་ངེས་པར་གཡེངས་ཏེ་བཅད་པས་འཇིལ་ཞིང་སློན་པར་ སྟོན་པའོ། །མཚན་མ་གཉིས་པ་ནི་འདི་དང་བརྩངས་པས་སོ་ཞེས་པ་ནི་སྤང་བ་ལ་རྣམ་པ་གཉིས་ཏེ། རྒྱུ་ཡོད་པ་དང་མེད་པའོ། །དེ་ལ་རྒྱུ་ཡོད་པ་ནི་ངེས་པར་བཅད་པས་ཞི་བར་བྱ་བ་དང་། རྒྱུ་མེད་པ་ནི་དྲན་པ་དང་མ་རྨོངས་པ་སྦྱིན་ཞིང་བརྩངས་པས་འཇིལ་བར་སྟོན་པའོ། །མཚན་མ་གསུམ་ པ་ནི་བཅོས་པ་དང་སེམས་སུ་བཅུག