Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 164
Văn bản gốc(Tây Tạng)
Trang 5 / 18 (50.000 ký tự/trang)
བཟོད་པས་རྩ་བར་རོ་ཞེས་པ་ཡིན་ཏེ། སྨྲེ་ ཚིག་དང་ཀུན་སྤྱོད་པར་བསྔགས་པ་དང་། ཁྱིམ་མི་མོ་ལ་འཆད་པ་ཐ་མ་གསུམ་ནི་ལེགས་ཉེས་སུ་སྨྲ་བའི་ཟུར་ཅན་གོ་ན་སྤྱད་དུ་མི་བཟོད་ཀྱང་ཉེས་པ་རངས་པར་འགྱུར་བའོ། །ལུས་རེག་པ་ལ་སོགས་པ་གཞན་ནི་འཁྲིག་པ་བསྟེན་དུ་བཟོད་ན་ཉེས་པ་རངས་པར་འགྱུར་བའོ། ། གཞན་ནི་འོག་མའོ་ཞེས་པ་ནི་སྤྱད་དུ་མི་བཟོད་པ་ཞིག་ན་སྦོམ་པོ་དང་ཉེས་བྱས་སུ་འགྱུར་བའོ། །མ་ནིང་དང་མ་ནིང་མ་དང་སྤྲུལ་པ་ཡང་དེ་བཞིན་ཞེས་པ་ནི་རྣམ་པ་འདི་དག་ལྟ་བུའང་སྤྱད་དུ་མི་བཟོད་པ་དང་འདྲ་བར་སྟོན་པའོ། །དེ་ལ་སྐྱེས་པ་དང་བུད་མེད་ཀྱི་མཚན་ནི་རངས་པར་ མེད་ལ། སྨ་ར་ལ་སོགས་པའི་ཤས་ཡོད་པ་ནི་མ་ནིང་ངོ་། །སྐྱེས་པ་དང་བུད་མེད་ཀྱི་མཚན་ནི་རངས་པར་མེད་ལ་ནུ་མ་ལ་སོགས་པའི་ཤས་ཡོད་པ་ནི་མ་ནིང་མའོ། །སྔགས་དང་སྨན་གྱིས་བུད་མེད་ཀྱི་གཟུགས་སུ་བསྒྱུར་བ་ནི་སྤྲུལ་པའོ། །འདི་གསུམ་སྐྱེས་པ་ལ་ཡང་ངོ་ཞེས་ པ་ནི་རེག་པ་དང་སྨྲེ་ཚིག་དང་། བསྔགས་པ་གསུམ་སྐྱེས་པ་ལ་བྱས་ན་སྤྱད་དུ་མི་བཟོད་པ་དང་འདྲ་བར་སྟོན་པའོ། །དེ་དག་ནི་ཇི་ནས་བདེ་བ་མྱོང་བར་འདོད་པ་དང་། ཆགས་པ་དང་ལྡན་ནའོ་ཞེས་པ་ནི་རེག་པ་དང་སྨྲེ་ཚིག་དང་བསྔགས་པ་གསུམ་འདི་དག་གི་བདེ་བ་འདོད་པ་ དང་ཆགས་པར་ལྡན་ཏེ། དེ་དག་ལྟར་བྱས་ན་ཉེས་པ་རངས་པར་འགྱུར་བའོ། །སྨྲེ་ཚིག་དང་ཀུན་སྤྱོད་པ་ལ་སོགས་པ་བུད་མེད་ལས་བྱེད་པའི་ཕྱིར་མཚན་ཉིད་དེ་ལྟར་བསྟན་ནས་རེག་པ་རང་གི་མཚན་ཉིད་ད་སྟོན་པ་ནི། ཡན་ལག་ལ་རེག་པ་བདག་གིར་བྱེད་ནའོ་ཞེས་པ་ལ་སོགས་པ་ ཡིན་ཏེ། ལུས་དང་ཡན་ལག་ལ་རེག་པ་དགའ་བར་ཚོར་ཞིང་དེ་ལ་ཆགས་ན་ལྷག་མར་འགྱུར་བའོ། །ལན་བུ་ནི་འདིར་དེ་བཞིན་ཞེས་པ་ནི་སྐྲའི་ལན་བུ་ལ་རེག་པ་ཡང་ལུས་ལ་རེག་པ་དང་འདྲ་བར་སྟོན་པའོ། །དེ་དང་འབྲེལ་པའི་ཅོད་པན་ཡང་ངོ་ཞེས་པ་ནི་ཅོད་པན་ལྟ་བུ་ཡན་ ལག་མ་གཏོགས་པས། ཉེས་པ་རངས་པ་མ་ཡིན་པར་རེ་བ་བསལ་བའི་ཕྱིར། ཅོད་པན་ལ་རེག་པར་འདོད་ཆགས་ལྷག་པར་སྐྱེ་བའི་ཕྱིར་ཡན་ལག་ལ་རེག་པ་དང་འདྲ་བར་སྟོན་པའོ། །ནོམ་པ་དང་ཀུན་དུ་ནོམ་པ་དང་། སྤྲོད་པ་དང་འཛིན་པ་དང་། འདྲེན་པ་དང་ཀུན་དུ་འདྲེན་ པ་དང་། འཛེག་པ་དང་འབེབས་པ་དང་། བཅུམ་པ་རྣམས་བྱེ་བྲག་མེད་ཅེས་པ་ནི། མིང་གིས་སྨོས་པའི་རྣམ་པ་འདི་གང་ལྟར་བྱས་ཀྱང་ལྷག་མར་འགྱུར་བའོ། །དེ་ལ་ནོམ་པ་ནི་ཡན་ལག་ལ་ནོམ་པའོ། །ཀུན་དུ་ནོམ་པ་ནི་ལུས་ཀུན་ལ་རེག་ཅིང་ནོམ་པའོ། །སྤྲོད་ཅེས་པ་ནི་ལུས་ ཀུན་གྱིས་བཀྱུད་ཅིང་སྤྲོད་པའོ། །འཛིན་ཞེས་པ་ནི་ཡན་ལག་ལ་སོགས་པས་འཛིན་པའོ། །འདྲེན་ཞེས་པ་ནི་རིང་བ་ནས་སོ། །ཀུན་དུ་འདྲེན་ཞེས་པ་ནི་ཉེ་བ་ནས་སོ། །འཛེག་ཅེས་པ་ནི་དམའ་བ་ནས་སོ། །འབེབས་ཞེས་པ་ནི་མཐོ་བ་ནས་སོ། །བཅུམ་ཞེས་པ་ནི་བཀྱུད་ཅིང་ འཛུམ་པ་དངོས་སོ། །བསྟན་པས་བྱས་ན་ཡང་ངོ་ཞེས་པ་ནི་གོང་དུ་སྨོས་པ་རྣམས་བུད་མེད་ཀྱིས་ཚུར་བྱས་པ་ལ་དགའ་ཞིང་ཆགས་ནའང་ཉེས་པ་རངས་པར་འགྱུར་བའོ། གོས་ཀྱིས་བར་བཅད་པ་ནི་འོག་མའོ་ཞེས་པ་ནི་གོས་ཀྱིས་བར་དུ་བཅད་དེ་རེག་ན་སྦོམ་པོར་འགྱུར་བའོ། ། ཉེས་བྱས་འགོང་པ་ལས་གཞན་མ་ཡིན་ཞེས་པ་ནི་སྤྱད་དུ་མི་བཟོད་པ་ལ་གོས་ཀྱིས་བར་བཅད་དེ་རེག་པ་རེག་པའི་ཚེ་ཉེས་བྱས། སྦྱོར་བའི་ཚེ་ནི་ཉེས་པ་གཞན་དུ་དབབ་ཏུ་མེད་པས་ཉེས་བྱས་ཀྱང་སྦོམ་པོར་སྟོན་པའོ། །དགེ་སློང་མ་ལ་མི་རེག་ཅེས་པ་ནི་ཆགས་པ་མེད་ཀྱང་མ་རེག་ ཤིག་པའོ། །བུད་མེད་ལ་མ་ཡིན་ཞེས་པ་ནི་དགེ་སློང་མ་ཡིན་པའི་བུད་མེད་གཞན་ལའང་མ་རེག་ཤིག་པའོ། །དེ་ལྟར་ན་བུད་མེད་གང་ལའང་རེག་ཏུ་ཡེ་མི་རུང་ངམ་ཞེ་ན། རེག་པར་བྱ་བ་ནི་ཆུས་ཁྱེར་བ་བརྒྱལ་ཏེ་ཞེས་པ་ལ་སོགས་པ་ཡིན་ཏེ། ཆུས་ཁྱེར་བ་ལྟ་བུ་ བཟུང་བའི་ཚེ་ནི་རག་ཀྱང་བླའོ། །བརྩེ་བས་སྡུག་བསྔལ་དང་འབྲེལ་བ་ནི་ཉེས་མེད་ཅེས་ཀྱང་འོག་ནས་འབྱུང་ན། འདི་སྐད་དུ་བསྟན་པ་ཅིར་དགོས་ཤེ་ན། མདོ་འོག་ནས་འབྱུང་བའི་ཡུལ་བསྟན་དགོས་པའི་ཕྱིར་རོ། །དཔུང་པའམ་སྐྲ་ནས་སོ་ཞེས་པ་ནི་གོང་མ་ལྟར་དབྱུང་བ་ཡང་སྐྲ་ འམ། དཔུང་པ་ནས་བཟུང་ལ་ཕྱུང་ཤིག་པའོ། །མ་དང་བུ་སྲིང་གི་འདུ་ཤེས་གཞག་སྟེའོ་ཞེས་པ་ནི་ཆུས་ཁྱེར་བ་འདིའང་། འདི་ལྟ་བུའི་འདུ་ཤེས་ཞོག་ལ་ཟུང་ཤིག་པའོ། །དྲན་པ་བརྟ་བའི་ཕྱིར་བྱེ་ཕུང་ལ་ཁས་སྤུབ་སྟེ་གཞག་ཅེས་པ་ནི་ཆུས་ཁྱེར་བ་ཕྱི་ནས་གཟག་ཅིང་བརྟ་ བའི་ཐབས་འདི་ལྟར་གྱིས་ཤིག་པའོ། །བསྲུང་བ་ནི་ཁྲིའུ་བཞིན་ཞེས་པ་ནི་བདག་གིས་ལས་ཀྱང་མི་གཏོང་བར་རྒྱངས་ཀྱིས་བསྲུངས་པ་ཁྲིའུ་བཞིན་དུ་གྱིས་ཤིག་པའོ། །ཟས་ལ་འགྲོ་བ་ནི་བ་ལང་རྫི་དང་ཕྱུགས་རྫི་ལ་བཅོལ་ཞེས་པ་ནི་ཟས་ལ་འགྲོ་ན་ཐབས་འདི་ལྟར་གྱིས་ཤིག་ པའོ། །འཚོ་འམ་མི་འཚོ་བ་ཡང་དང་ཡང་བརྟག་པར་བྱ་ཞེས་པ་ནི་འཚོ་འམ་མི་འཚོ་སྐབས་སྐབས་སུ་རྟོགས་ཤིག་པའོ། །བརྩེ་ཞིང་སེམས་གཙང་ན་བུད་མེད་ཀྱིས་བཀྱུད་པ་ཉེས་མེད་ཅེས་པ་ནི་བདག་གི་སེམས་བརྩེ་བའམ་སྐྱོན་མེད་ན་བུད་མེད་འཁྱུད་ཅིང་འཛིན་དུ་བཅུག་ ཀྱང་བླ་བར་སྟོན་པའོ། །ལུས་རེག་པ་རྣམ་པར་འབྱེད་པའོ།། །།ད་ནི་ཞུས་པ་དང་བྱེ་བྲག་ཏུ་ངེས་པ་ལས་རེག་པའི་བྱེ་བྲག་འདོད་པས་རེག་པ་དང་དྲ་མའི་ཚུལ་དང་། འཕྱར་བ་དང་དྲ་མ་དང་མཐུན་པ་དང་། མི་འདོད་བཞིན་དུ་རེག་པ་ལྔ་འབྱུང་བ་སྟོན་ཏེ། འཇམ་ མཉེན་དྲོ་བའི་བསམས་པས་ན་སྦོམ་པོའོ་ཞེས་པ་ནི་འདོད་ཆགས་ཀྱིས་མ་ཡིན་གྱི་འདི་དག་ལྟ་བུའི་བསམས་པས་རེག་ན་སྦོམ་པོར་འགྱུར་ཏེ། འདི་ནི་རེག་པའི་ཁྱད་པར་འདོད་པའི་རེག་པའོ། །བརྩེ་བས་སྡུག་བསྔལ་དང་འབྲེལ་བ་ནི་ཉེས་མེད་ཅེས་པ་ནི་མེ་དང་ གཡང་དུ་འདོར་བར་རྩོལ་བ་ལ་སོགས་པའི་སྡུག་བསྔལ་ལས་དབྱུང་བའི་ཕྱིར་རེག་པ་ནི་ཉེས་མེད་པའོ། །མ་དང་བུ་སྲིང་ལ་དེའི་འདུ་ཤེས་ཀྱིས་སོ་ཞེས་པ་ནི། འདི་དག་གིས་རེག་པ་ན་འདི་དག་སོ་སོའི་འདུ་ཤེས་གཞག་ན་ཉེས་མེད་པའོ། །སྔོན་སྤྱད་པ་ན་ཀུན་དགའ་བོ་ ཞེས་པ་ནི་སྔོན་གྱི་ཆུང་མ་ལ་སོགས་པས་བཀྱུད་ཅིང་གསོང་བའི་ཆོས་སུ་བྱེད་པ་ལ་ཉེས་པ་མེད་པར་སྟོན་པ་སྟེ། མདོ་འདི་གསུམ་ནི་དྲ་མའི་ཚུལ་གྱིས་རེག་པའོ། །ལུས་རེག་པ་ཞུས་པའོ།། །།བྱེ་བྲག་ཏུ་ངེས་པ་ལས་འབྱུང་བ་སྟོན་པ་ནི། བསླངས་དང་ས་དང་བོང་བ་ལ་ སོགས་པ་བུད་མེད་ཀྱི་དབང་པོར་འཇུག་ན་སྦོམ་པོ་ཞེས་པ་ལ་སོགས་པ་ཡིན་ཏེ། འདི་དག་ལྟར་བྱེད་ན་སྦོམ་པོར་འགྱུར་བའོ། །རྐང་པ་དང་ཕྲག་པས་བུད་མེད་ཕུལ་ན་ཉེས་བྱས་ཞེས་པ་ནི་ཡེངས་པའི་སེམས་ཀྱིས་འདི་དག་ལྟར་བྱེད་ན་ཉེས་བྱས་སུ་འགྱུར་བའོ། ། དེའི་སྟན་ལ་ཡང་ངོ་ཞེས་པ་ནི་བུད་མེད་འདུག་ཀྱང་རུང་མི་འདུག་ཀྱང་རུང་སྟེ་དེའི་སྟན་དུ་རྐང་པ་ལ་སོགས་པས་བསྐྱོད་ཅིང་བསྐུལ་ན་ཡང་ཉེས་བྱས་སུ་འགྱུར་བ་སྟེ། མདོ་འདི་གསུམ་ནི་འཕྱར་བས་རེག་པའོ། །བུད་མེད་བྲེད་དེ་འགྱེལ་བ་བསླང་བའོ་ཞེས་པ་ ནི་འདི་ལྟར་གྱུར་པ་ཉིད་ཀྱིས་འོངས་པ་ཙམ་གྱི་ཚོད་ལ་སློང་ན་ཉེས་བྱས་སོ། །མདོ་འདི་ནི་དྲ་མ་དང་མཐུན་པར་རེག་པའོ། །འདི་གསུམ་བུད་མེད་ཀྱིས་ན་ཉེས་མེད་ཅེས་པ་ནི། མདོ་གོང་མ་གསུམ་བུད་མེད་ཀྱིས་ཚུར་བྱས་པ་ནི་ཉེས་མེད་པའོ། །བཟུང་བ་ཡང་ངོ་ཞེས་པ་ནི་དགེ་སློང་ཉིད་ མི་འདོད་བཞིན་དུ་བུད་མེད་ཀྱིས་བཟུང་བ་ནི་ཉེས་མེད། མས་བཀྱུད་ནའོ་ཞེས་པ་ནི་མས་བཀྱུད་པ་ཉེས་མེད། བུ་མོ་པང་པར་འདུག་པའོ་ཞེས་པ་ནི་འདི་ལྟར་གྱུར་པ་ལའང་ཉེས་མེད། བུད་མེད་འགྱེལ་ཏེ་སྟེང་དུ་ལྟུང་བའོ་ཞེས་པ་ནི། བུད་མེད་བསྡད་ཅིང་བསྡོས་པས་བདག་ གི་སྟེང་དུ་ལྟུང་ངམ། བདག་བསྡད་ཅིང་བསྡོས་པས་བུད་མེད་ཀྱི་སྟེང་དུ་ལྷུང་བ་ལ་ཉེས་མེད་པ་སྟེ། འདི་དག་ནི་མི་འདོད་བཞིན་དུ་རེག་པའོ། །ལུས་རེག་པ་བྱེ་བྲག་ཏུ་ངེས་པའོ། །ལུས་རེག་པའོ།། །།སྨྲ་བ་དགེ་འདུན་གྱི་ལྷག་མ་འཆད་པར་འདོད་པ་ནི། རྒྱོ་ཚིག་ཏུ་སྨྲ་ ནའོ་ཞེས་པ་ཡིན་ཏེ། གོང་དུ་ལེགས་པར་སྨྲས་པའི་ཟུར་ཆ་འགོ་ཞིང་སྤྱད་བཟོད་པ་དང་། དེའི་བདེ་བ་དང་ཆགས་པ་ཞེས་སྨོས་པ་རྣམས་ལྟ་བུས་རྒྱོ་བའི་ཚིག་སྨྲས་ན་དགེ་འདུན་གྱི་ལྷག་མར་འགྱུར་བའོ། །ཇི་ལྟ་བུར་སྨྲས་པས་སྨྲེ་ཚིག་ཏུ་འགྱུར་ ཞེ་ན། རྒྱོ་བ་ལ་སོགས་པའི་དོན་གྱིས་ཞེས་པ་ཡིན་ཏེ། དེ་ལ་གཉུག་མ་དང་ཉེ་བར་གདགས་པ་གཉིས་ཡོད་པ་ལས། མི་ཚངས་པར་སྤྱོད་པ་དང་འཁྲིག་པ་ཞེས་བྱ་བ་ལྟ་བུ་གཉུག་མའི་ཚིག་སྨྲས་ན་ཉེས་པ་རངས་པར་འགྱུར་གྱི། ང་དང་ལྷན་ཅིག་ཏུ་ཉོལ་ཞེས་པ་ལ་ སོགས་པ་ཉེ་བའི་ཚིག་གིས་ན་ཉེས་པ་རངས་པར་མི་འགྱུར་བར་སྟོན་པའོ། །འདི་ཡང་བདག་གི་ཕྱིར་མ་ཡིན་གྱི། གཞན་གྱི་ཕྱིར་ན་ཉེས་པ་སྦོམ་པོར་འགྱུར་བའོ། །སྨྲེ་ཚིག་ཏུ་སྨྲ་བ་དེ་ཡང་ཡི་གེ་དང་ཚིག་དུ་མས་བསྒྲུབས་པ་ཡང་ཡོད། ཉང་ཉུང་གིས་བསྒྲུབས་པའང་ཡོད་ ན། གང་གིས་ཉེས་པར་འགྱུར་བ་སྟོན་པ་ནི། གང་གིས་བརྡ་ཕྲད་པར་གྱུར་ན་དེ་གོ་བའི་མཐའོ་ཞེས་པ་ཡིན་ཏེ། ཡི་གེ་དང་ཚིག་འདི་སྙེད་ཅིག་གིས་ཉེས་པར་འགྱུར་ཞེས་གྲངས་ཆད་པ་མེད་ཀྱི། གང་སྨྲ་བར་འདོད་པ་དེས་ཡི་གེ་འམ་ཚིག་ཏུ་སྨྲས་ཀྱང་རུང་སྟེ། ནམ་བརྡ་ཕྲད་ པར་གྱུར་ན་གོ་བའི་མཐའ་དེས་གཟུང་བར་སྟོན་པའོ། །དོན་དེས་རྟོགས་པར་སྨྲ་ན་ནི་སྦྱོར་ན་མ་ཡིན་ཞེས་པ་ནི་རྒྱོ་ཚིག་ཉིད་སྨྲ་བར་མ་བསྩལ་ཏེ། དེ་དང་ཉེ་བའི་ཚིག་གཞན་སྨྲས་ན། རྩ་བར་སྦྱོར་བ་མ་ཡིན་པས་སྦོམ་པོར་ཡང་མི་འགྱུར་དུ་རེབ་བསྩལ་བའི་ཕྱིར་འདི་སྨོས་པ་ཡིན་ཏེ། དེ་དང་ཉེ་བའི་ཚིག་སྨྲས་ན་ཡང་སྦོམ་པོར་འགྱུར་བར་སྟོན་པའོ། །སྔོགས་པ་དང་མི་སྔོགས་པ་དང་། གསོལ་བ་དང་། འཇེབས་པར་གསོལ་བ་དང་། འདྲི་བ་དང་། ཀུན་འདྲི་བ་དང་། བསྙད་པ་དང་། ཡིད་སྨོན་དང་། གཤེ་བ་དང་། སླར་ཟློས་པའི་ཚིག་ཐ་དད་པ་དེ་དག་ལ་བྱེ་ བྲག་མེད་ཅེས་པ་ནི་མིང་གིས་སྨོས་པའི་ཚིག་འདི་དག །གང་སྐད་དུ་སྨྲས་ཀྱང་རུང་སྟེ་རྒྱོ་ཚིག་དང་བསྲེས་ན་ལྷག་མར་འགྱུར་དུ་འདྲ་བའོ། །དེ་ལ་སྔོགས་པ་ནི་སྲིང་མོ་ཁྱོད་ཀྱི་སྒོ་གསུམ་ནི་ཡོངས་སུ་རྒྱས་པའོ་ཞེས་ཟེར་བའོ། །མི་སྔོགས་པ་ནི་སྒོ་གསུམ་ཡོངས་སུ་མ་རྒྱས་པའོ་ ཞེས་ཟེར་བའོ། །གསོལ་བ་ནི་སྲིང་མོ་ཚུར་འདི་དང་འདི་ལྟ་བུ་དག་བྱའོ་ཞེས་ཟེར་བའོ། །འཇེབས་པར་གསོལ་བ་ནི་བུད་མེད་ཀྱིས་སྐྱེས་པ་ལ་འདི་ལྟ་བུ་དག་བྱས་ན་སྐྱེས་པ་དེའི་ཡིད་དུ་འོང་ཞིང་སྡུག་པ་ཡིན་བས་ན། ཁྱོད་ཀྱིས་འདི་དང་འདི་ལྟ་བུ་དག་བྱས་ན། ངའི་སྡུག་ཅིང་ ཡིད་དུ་འོང་བར་འགྱུར་རོ་ཞེས་ཟེར་བའོ། །འདྲི་བ་ནི་སྐྱེས་པ་གང་གིས་བུད་མེད་ལ་འདི་དང་འདི་ལྟ་བུ་དག་བྱས་ན་བུད་མེད་དེའི་ཡིད་དུ་འོང་བའི་རིགས་པས་ན། ངས་ཀྱང་ཁྱོད་ལ་འདི་དང་འདི་ལྟ་བུ་བྱས་ན། ང་ཁྱོད་ཀྱི་ཡིད་དུ་འོང་ཞིང་སྡུག་པར་འགྱུར་བ་སྙམ་ཞེས་ཟེར་བའོ། ། ཀུན་འདྲི་བ་ནི་སྲིང་མོ་ཁྱོད་ཀྱི་སྒོ་གསུམ་བདེན་པར་ན་ལེགས་པར་དོད་ཅིང་། ལེགས་པར་རྒྱས་སམ་ཞེས་པ་ལ་སོགས་པའོ། །བསྙད་པ་ནི་སྲིང་མོ་ཁྱོད་སྙིང་ནས་ཡིད་དུ་འོང་ཞིང་སྡུག་ན། ཁྱོད་ཀྱི་ཉམས་སུ་ཇི་ལྟ་ཞེས་ཟེར་བའོ། །རེ་བ་ནི་སྲིང་མོ་ཁྱོད་དང་འོ་བུ་འདི་དང་འདི་ ལྟ་བུ་ནམ་སྤྱོད་ཅིག་གུ་ཞེས་ཟེར་བའོ། །གཤེ་ཞེས་པ་ནི་ཁྱོད་བོང་བུ་དང་འདི་ལྟ་བུ་དག་སྤྱོད་ཅིག་ཅེས་པ་ལ་སོགས་པ་གཤེ་ཞིང་རྒྱ་གག་ལྟ་བུ་ཟེར་བའོ། །སླར་ཟློས་པའི་ཚིག་ཅེས་པ་ནི་བུད་མེད་པས་སྔོགས་པ་དང་། མི་སྔོགས་པ་ལ་སོགས་པའི་ཐ་སྙད་གླེང་ཞིང་ཟེར་ན་ དེའི་ཚིག་བཞིན་དུ་ཟློས་ཤིང་ཁས་ལེན་པའོ། །སྐྱེ་བོ་རྣམས་ཀྱི་ཐ་སྙད་ཀྱི་དབང་གིས་དོན་ཐ་དད་དུ་བསམས་པ་ནི་ཉེས་མེད་ཅེས་པ་ནི། ཡུལ་དབུས་ཀྱི་སྐད་དུ་ཀུན་དེ་ཞེས་བྱ་བ་ཀོ་ལ་བའི་སྐད་དུ། མོ་མཚན་ལ་བྱ་བ་ལྟ་བུ་ཆུ་སྣོད་ལ་བསམས་ཏེ། ཡུལ་འདི་ལྟ་བུར་སྨྲས་ པ་ཉེས་མེད་པར་སྟོན་པའོ། །མིང་གི་ཤས་འདྲ་བར་ཡང་ངོ་ཞེས་པ་ནི་རྒྱ་དང་རྒྱོ་ལྟ་བུ། མིང་གི་བབས་འདྲ་བར་ལས་ལྕེ་འཁྲུལ་ཏེ་རྒྱ་ལས་རྒྱོར་ནོར་བ་ལྟ་བུ་ཉེས་མེད་པར་སྟོན་པའོ། །སྨྲེ་ཚིག་ཏུ་སྨྲ་བ་རྣམ་པར་འབྱེད་པའོ།། །།ཞུས་པ་ལས་འབྱུང་བ་སྡུད་ཅིང་སྟོན་པའོ། ། ཁྱོད་སྡུག་གོ་ཞེས་ཟེར་ན་སྦོམ་པོའོ་ཞེས་པ་ལ་སོགས་པ་ཡིན་ཏེ། མཛེས་ཤིང་སྡུག་པ་སྐད་དུ་ཟེར་ཞིང་སྐུགས་ན་སྦོམ་པོར་འགྱུར་བའོ། །ཁྱོད་སྡིག་ཕུན་ནོ་ཞེས་པ་ནི་ཁྱོད་མི་སྡུག་ཅིང་སྡིག་ཏོ་ཅན་ནོ་ཞེས་ཟེར་ཞིང་སྐུགས་ན་སྦོམ་པོར་འགྱུར་བའོ། །བགོ་བཤའ་གྱིས་ ཤེ་ནའོ་ཞེས་པ་ནི་མི་ཚངས་པར་སྤྱོད་པའི་སྐུགས་པའི་སྙད་འདི་སྐད་དུ་ཟེར་ན་ཡང་སྦོམ་པོར་འགྱུར་བའོ། །བགོ་སྐལ་ང་ལའོ་ཞེ་ནའོ་ཞེས་པ་ནི་བགོས་པའི་ཤས་ང་ལ་བྱིན་ཞེས་ཟེར་ནའང་སྦོམ་པོར་འགྱུར་བའོ། །ང་དང་ལྷན་ཅིག་ཏུ་ཉལ་བའམ། འདུམ་བར་གྱིས་ཤེ་ནའོ་ ཞེས་པ་ནི། སྙད་འདི་སྐད་དུ་སྐུགས་ནའང་སྦོམ་པོར་འགྱུར་བའོ། །སྨྲེ་ཚིག་ཏུ་སྨྲས་པ་ཞུས་པའོ།། །།བྱེ་བྲག་ཏུ་ངེས་པ་ལས་འབྱུང་བར་སྡུད་ཅིང་སྟོན་པ་ནི། འཕྲུལ་གྱིས་རྣམ་པར་འཕྲུལ་པའི་ཆོས་ཅན་ལ་སྨྲ་ན། དེ་བཞིན་ཞེས་པ་ལ་སོགས་པ་ཡིན་ཏེ། ནམ་མཁའ་ལས་ འགྲོ་བ་ལ་སོགས་པའི་རྫུ་འཕྲུལ་ཅན་ལ། རྒྱོ་ཚིག་ཏུ་སྨྲས་ཏེ་ཉལ་པོ་སྐུགས་ན་སྦོམ་པོར་འགྱུར་བའོ། །འདི་ནི་མཇུག་གི་བར་དུ་ཐམས་ཅད་སྦོམ་པོར་སྟོན་པ་ཤ་སྟག་ཏུ་རིག་པར་བྱའོ། །རྒྱ་བསླང་ཞེ་ནའོ་ཞེས་པ་ནི། འདི་སྐད་དུ་ཟུར་གྱིས་ཟེར་ན་ཡང་ཉེས་པར་འགྱུར་བའོ། །སྲིང་ མོ་ང་ལ་བྱིན་ཞེས་པ་ནི་སྐུགས་པའི་སྐད་འདི་སྐད་དུ་ཟེར་ན་ཡང་ཉེས་པར་འགྱུར་བའོ། །སྲིང་མོ་གང་ཁྱོད་ལ་སྣང་བ་དེ་བྱིན་ཞེས་པ་དེ་ཡང་གོང་མ་དང་འདྲ་སྲིང་མོ་གང་ཁྱོད་ཀྱི་མདུན་ན་བ་དེ་བྱིན་ཞེས་པ་དང་། སྲིང་མོ་གང་ཁྱོད་ཀྱི་ཡིད་དུ་འཐད་པ་དེ་བྱིན་ཞེས་ཟེར་ན་ཡང་གོང་མ་བཞིན་ བདག་ལ་ཁྱོད་འདོད་པ་བྱིན་ཅིག་ཅེས་ཟེར་ན། ཁྱོད་ཅི་འདོད་སྨྲས་ཞེས་པ་དང་། ང་འདོད་པ་ནི་སྲིང་མོ་ཁྱོད་དོ་ཞེ་ནའོ་ཞེས་པ་ནི། ཚུལ་བླངས་པའི་ལན་དུ་འདི་སྐད་ཟེར་རམ་ཁྱིམ་ཐབ་<གྱིས་‚ཀྱིས་>བསྒོ་བའི་ཕྱིར། འདི་སྐད་དུ་ཟེར་བ་ལས། ང་འདོད་པ་ལྟ་སྲིང་མོ་ཁྱོད་ན་ཉིད་མོད་ ཅེས་ཟེར་ན་ཡང་གོང་མ་བཞིན། སྲིང་མོ་ཆུ་དང་བཅའ་བ་དང་། ཐུག་པ་དང་ཟས་ང་ལ་བྱིན། ཁྱོད་ཉིད་དེའོ་ཞེས་ཟེར་ནའོ་ཞེས་པ་ནི་ཟས་སྐོམ་དང་འདྲ་བར། ཁྱོད་ཉིད་བསླང་ཞིང་འདོད་དོ་ཞེས་ཟེར་ན་ཡང་གོང་མ་བཞིན། ཁྱོད་བོང་བུ་དང་དེ་བྱོས་ཤིག་ཅེ་ནའོ་ཞེས་པ་ནི། གཤེ་བའི་སྙད་འདི་སྐད་དུ་ཟེར་བས་སྐུགས་ན་ཡང་གོང་མ་བཞིན། སྲིང་མོ་ཁྱོད་བསོད་སྙོམས་སྤྱོད་པ་ནི་སྐྱེས་པ་སྐུགས་པ་སྤྱོད་དུ་ཟད་དོ་ཞེས་པ་ནི། དགེ་སློང་མ་བསོད་སྙོམས་པ་ལ་ཁྱོད་བཞག་ཀྱང་ལས་ན། སྐྱེས་པ་དྲོང་ཞིང་སྐུགས་པའི་ཕྱིར། བསོད་སྙོམས་སྤྱོད་དོ་ ཞེས་ཟེར་ན་ཡང་གོང་མ་བཞིན། འདིར་མགལ་པ་ཆུག་ཅེ་ན་ཡང་ངོ་ཞེས་པ་ནི། འདི་སྐད་དུ་ཟེར་ན་ཡང་གོང་མ་བཞིན། རང་བཞིན་གྱི་གནས་ངན་ལེན་དུ་སྨྲས་ནའོ་ཞེས་པ་ནི། ཡོང་གིས་ཁང་ཅན་དུ་སྨྲ་བ་ཞིག་སྟེ། འདོད་ཆགས་ཀྱི་མ་ཡིན་བར། རྒྱོ་ཚིག་རངས་པར་སྨྲ་ན་ ཡང་གོང་མ་བཞིན། སྨྲེ་ཚིག་སྨྲ་བ་བྱེ་བྲག་ཏུ་ངེས་པའོ། །སྨྲེ་ཚིག་སྨྲ་བའོ།། །།ཀུན་སྤྱོད་དགེ་འདུན་གྱི་ལྷག་མ་འཆད་པར་འདོད་པ་ནི། འཁྲིག་པས་བདག་གི་ཀུན་སྤྱོད་པར་བསྔགས་ནའོ་ཞེས་པ་ལ་སོགས་པ་ཡིན་ཏེ། བུད་མེད་ལེགས་ཉེས་ཀྱི་ཟུར་ཆ་ཤེས་པ་ལ་ངའི་བདེ་ བ་འདོད་པ་དང་། ཆགས་པར་ལྡན་ཏེ་ལོག་པར་བསྒྲུབ་པའི་བསྔགས་པས་ཀུན་སྤྱོད་ཀྱི་ནང་ན། འཁྲིག་པས་ཀུན་སྤྱད་པ་ནི། མཆོག་དམ་པའོ་ཞེས་པ་ལ་སོགས་པ་འདི་སྐད་དུ་ཟེར་ན། དགེ་འདུན་གྱི་ལྷག་མར་འགྱུར་བའོ། །དེས་བསྔགས་པའི་རྗེས་སུ་ཡི་རང་བའི་ཕྱིར། སྨྲ་བ་ཡང་དེ་བཞིན་ཞེས་པ་ནི་བུད་མེད་ན་རེ་ཁྱོད་ལྟ་བུར་ཚུལ་ཁྲིམས་དང་ལྡན་པའི་འཕགས་པ་ལ། འཁྲིག་པས་ཀུན་སྤྱད་པ་ནི། ཀུན་སྤྱད་པའི་ཕུལ་ཞེས་པ་ལ་སོགས་པར་སྨྲ་ན། དགེ་སློང་དེའི་རྗེས་སུ་ཡི་རང་ཞིང་སྲིང་མོ་ཁྱོད་ཟེར་བ་བདེན་ཏེ། དེ་བཞིན་ནོ་ཞེས་ཟེར་ན་ ཡང་དགེ་འདུན་གྱི་ལྷག་མར་འགྱུར་བའོ། །དེ་བཞིན་དུ་ཟློས་ནའོ་ཞེས་པ་ནི་བུད་མེད་གོང་མ་སྐད་དུ་ཟེར་བ་ལ་སོགས་པ་དེའི་ཚིག་བཞིན་དུ་དགེ་སློང་གིས་བཟླས་ཏེ། ཁས་བླངས་ན་རྩ་བར་འགྱུར་བའོ། །འཁྲིག་པའམ་དེ་མ་སྨོས་ན་སྦྱོར་བའོ་ཞེས་པ་ནི་སྙད་གཞན་རྒྱས་པར་སྨོས་ལ་ བདག་གམ་འཁྲིག་པ་གཅིག་དེར་མ་སྨོས་ན་སྦོམ་པོར་འགྱུར་བའོ། །གཉི་ག་ན་དེའི་འོ་ཞེས་པ་ནི་བདག་དང་འཁྲིག་པ་གཉིས་ཀ་མ་སྨོས་ན་སྦྱོར་བ་སྟེ་ཉེས་བྱས་སུ་སྟོན་པའོ། །ཀུན་སྤྱོད་པར་བསྔགས་པའོ།། །།སྨྱན་བྱེད་པ་དགེ་འདུན་གྱི་ལྷག་མར་བསྟན་པ་ནི། སྤྲད་པ་ ཞེས་པ་ལ་སོགས་པ་ཡིན་ཏེ། ཐ་ན་བླངས་པ་དང་བསྙད་པ་དང་སླར་བསྐྱལ་བ་ཙམ་གྱི་ཉེས་པ་རངས་པར་མི་འགྱུར་གྱི། གཉིས་ཀྱིས་གཉིས་སྤྲད་པས་ཉེས་པ་རངས་པར་སྟོན་པའོ། །སུས་སྤྲད་ཅེ་ན། གཞན་ཞེས་པ་ཡིན་ཏེ་བདག་གི་མ་ཡིན་གྱི་གཞན་གྱི་གཉེན་བྱས་ ནའོ། །སུ་དང་ཞེ་ན་གཞན་དང་ཞེས་པ་ཡིན་ཏེ། གང་ཟག་གཞན་དང་གཞན་མིར་གཏོགས་པ་མཚན་དང་ལྡན་པ་སྤྲད་ནའོ། །ཚུལ་ཇི་ལྟ་བུས་གཞན་དང་སྤྲད་པའི་ཉེས་པར་འགྱུར་ཞེ་ན། དེའི་ཕྱིར་མ་ཁུགས་པ་ཁུགས་པར་བསྒྲུབ་པ་ནི་སྤྲད་པ་ལ་ཕོ་ཉའི་ ཆ་བླངས་ཅིག་ཤོས་པོ་ལ་བསྙད། དེའི་ཆ་ཁུངས་པོ་ལ་སླར་བསྙད་ནའོ་ཞེས་པ་ཡིན་ཏེ། དེ་གཉིས་སྤྲད་པའི་ཕྱིར་སྔུན་མ་འདུས་པས་སྡུད་དེ་གཅིག་ལས་ཆ་བླངས་ན་ཅིག་ཤོས་པོ་ལ་བསྙད། དེའི་ཆ་སྐད་སྔུན་གྱི་ཁུངས་སུ་སླར་བསྐྱལ་ཏེ་སྤྲད་ན་ཉེས་པ་རངས་པར་འགྱུར་ རོ། །བར་མར་གྱུར་ནས་དེས་ཐོས་ན་བྱས་པའོ་ཞེས་པ་ནི་ཐན་བླངས་ནས་གཅིག་ལ་བསྙད་དེ་བར་མ་ཡིན་ཏེ། བར་དེ་སྨྲས་པ་དང་། ཕས་ཀྱི་ལན་བདག་གིས་མ་བསྐྱལ་བར་དང་པོ་སྤྲིང་བར་བྱེད་པ་ཉིད་ཀྱིས་ཐོས་སམ་གུད་ནས་བརྒྱུད་དེ་ཐོས་ན། དེས་སླར་ལན་ མ་བསྐྱལ་བ་མ་ཡིན་ཏེ། བསྐྱལ་བ་དང་འདྲ་བས་ནི། སྤྲད་ན་ཉེས་པ་རངས་པར་འགྱུར་བའོ། །འདི་དག་གི་བྱ་བ་ནི་ཐ་དད་དོ་ཞེས་པ་ནི་ཐན་བླངས་པ་དང་བསྙད་པ་དང་སླར་བསྐྱལ་བ་གསུམ་སྦྱོར་བ་གཅིག་ཏུ་བསྡུར་མི་རུང་སྟེ། སྦྱོར་བ་སོ་སོ་བར་སྟོན་པའོ། །མི་ན་ཐ་མར་ མ་བྱས་ཀྱང་མ་སྦྱོར་བ་མ་ཡིན་ཞེས་པ་ནི་མིའི་འགྲོ་བ་མངལ་ན་འདུག་པ་ལྟ་བུའམ་ཅིག་ཤོས་ཤིའམ་གུད་དུ་སོང་བ་ལྟ་བུའི་རྐྱེན་གྱིས་བཙལ་ཏེ་སྨྱན་གྱི་མཇུག་མ་གྲུབ་ན་སྔོན་གྱི་སྦྱོར་བ་ལྡེབས་སུ་མི་སྟོར་བར་སྟོན་པའོ། །འབྲས་བུ་གཅིག་གི་བྱ་བ་ཟིན་ན་བྱེད་པ་སོ་སོ་ཆུད་མི་ཟ་ ཞེས་པ་ནི་མི་མང་པོ་ཞིག་གིས་གཉིས་སྤྲད་པའི་སྨྱན་བྱས་ན། སྨྱན་བྱེད་པ་དུ་ཡོད་པ་ཐམས་ཅད་ལྷག་མ་རེ་རེར་འགྱུར་གྱི། མང་པོའི་ལྡེབས་སམ་ཁོངས་རླག་ཏུ་མི་འགྱུར་བར་སྟོན་པའོ། །འདིར་ཕོ་ཉ་ནི་བདག་གོ་ཞེས་པ་ནི་སྨྱན་གྱི་སྐབས་འདིར་ཕོ་ཉ་ལྟ་བུ་ཡང་བདག་དང་འདྲ་སྟེ། དེས་ཐན་བླངས་པ་ལ་སོགས་པ་སྦྱོར་བ་གསུམ་གྱིས་སྤྲད་ན་ཡང་ཉེས་པ་རངས་པར་འགྱུར་བའོ། །ཡང་ན་སྨྱན་གྱིས་ཤིག་པར་ཕོ་ཉ་ལས་ཆ་ལན་བླངས་ཤིང་བསྐྱལ་ན་ཡང་དེ་བཞིན་དུ་ཉེས་པར་འགྱུར་བའོ། །དེའི་བདག་པོ་ནི་སྤྲད་པའོ་ཞེས་པ་ནི་སྤྲད་པར་བྱ་བ་གཉིས་ཀྱི་ ཕ་མའམ་རྗེ་དཔོན་ལྟ་བུ་བདག་པོ་ཡོད་པ་ལ་ཐག་བཅད་དེ་སྤྲད་ན་ཉེས་པ་རངས་པར་འགྱུར་བའོ། །ཉེས་བྱས་སུ་བྱེད་པ་ན་གཞན་ལའོ་ཞེས་པ་ནི་སྤྲད་པ་གཉིས་ཀྱི་བདག་པོ་མ་ཡིན་ཏེ་དབང་མེད་པ་གཞན་ལ་ཐན་བླངས་པ་ལ་སོགས་པའི་སྦྱོར་བ་བྱས་ཀྱང་ཉེས་བྱས་སུ་ཟད་པར་སྟོན་ བའོ། །ཡི་གེ་དང་ཡིག་བརྡ་དང་ཕྱོགས་དང་བརྡ་དང་མཚན་མ་རྣམས་ནི་ཚིག་བཞིན་ཞེས་པ་ནི་འདི་རྣམས་གང་ལྟར་བྱས་ཀྱང་ཚིག་གིས་བསྒྲུབས་པ་དང་འདྲ་སྟེ། ཉེས་པ་རངས་པར་སྟོན་པའོ། །དེ་ལ་ཕྱོགས་ཞེས་པ་ནི་ཀུན་དགའ་ལ་སོགས་པའི་ཕྱོགས་སུ་དུས་བཏབ་ པའོ། །བརྡ་ཞེས་པ་ནི་སྔ་དྲོ་ལ་སོགས་པའི་བརྡ་སྐད་སྦྱོར་བའོ། །མཚན་མ་ཞེས་པ་ནི་སྐྲ་བྲེགས་ཤིང་གོས་ངུར་སྨྲིག་བགོས་ན་ཞེས་པ་ལ་སོགས་པའོ། །སྟུ་འཚོང་མ་ནི་མ་ཁུགས་པའོ་ཞེས་པ་ནི་སྟུ་འཚོང་མ་ལྟ་བུ་ཟོང་སྦྱིན་པ་ལ་རག་ཏུ་ཟད་པས་མ་ཁུགས་པ་གཟོད་འགུགས་པ་ ལ་མ་གཏོགས་པ་རེ་བ་བསྩལ་བའི་ཕྱིར་འདི་སྐད་དུ་སྨོས་པ་ཡིན་ཏེ། མ་ཁུགས་པ་གཟོད་འགུགས་པ་དང་འདྲ་བས་ན་སྤྲད་ན་ཡང་ཉེས་པ་རངས་པར་སྟོན་པའོ། །བཞི་ཚུན་ཆད་བདག་གི་མ་ཡིན་པར་ཞུགས་པའོ་ཞེས་པ་ནི་སྔོན་མཛའ་ན་ལྟ་བུའི་ཚུལ་དུ་ལན་གསུམ་ཚུན་ཆད་སྤྲད་ ཀྱི། བཞིར་མ་སྤྲད་པ་ཞིག་ན་རྣལ་དུ་ཁུགས་པ་མ་ཡིན་པའི་ཕྱིར། མ་ཁུགས་པ་གཟོད་འགུགས་པ་དང་ཉེས་པ་རངས་པར་འགྱུར་བའོ། །འཐབས་ནས་ཞིག་གོ་ཞེས་པ་ནི་ན་ཉུང་ངམ་ཆུང་མ་གང་ཡང་རུང་སྔོན་དབང་དུ་རེད་ཅིང་གོང་རྙིང་དུ་གྱུར་པ་ལས་འཐབས་ན་དབང་དུ་རེད་ པ་གོང་རྙིང་ཞིག་པའོ། །ཆུང་མའོ་ཅོག་འཐབས་པས་འཇིག་གམ་ཞེ་ན། དེའི་དབང་དུ་རེད་པ་ལས་ཆུང་མ་མ་ཡིན་པར་བསྒྲགས་ནའོ་ཞེས་པ་ཡིན་ཏེ། ཆུས་བྱིན་པ་དང་རིན་གྱིས་ཉོས་པ་དང་རྒྱལ་མཚན་གྱིས་སྲོགས་པ་གསུམ་ནི་དབང་དུ་བྱས་པ་ཡིན་པས་ན་འཐབས་ཏེ་ ཆུང་མ་ཡིན་པར་བསྒྲགས་པ་ལས་བསྡུམས་ན་ཉེས་པ་རངས་པར་འགྱུར་བའོ། །སྲོག་ཆགས་བཞིན་པ་ནི་དེའི་མོད་ལ་བ་དང་། འཐབས་མ་ཐག་པ་དང་། རྩྭ་བཅད་པ་དང་། རྡོ་གསུམ་བོར་བ་དང་། སྤྱད་པ་བཏང་བ་དང་། ཆུང་མ་མ་ཡིན་པར་བསྒྲགས་པ་དང་། དྲིལ་བརྡུངས་པ་རྣམས་སོ་ཞེས་པ་ནི་སེམས་ཅན་དུ་མའི་སྨྱན་བྱས་ན་དུས་སྤྲད་པའི་གྲངས་བཞིན་དུ་སྦྱོར་བ་དང་། རྩ་བར་འགྱུར་བ་དང་འདྲ་བར་འཐབས་པ་མིང་གིས་སྨོས་པ་འདི་རྣམས་ལས་སླར་བསྡུམས་ན་འཐབས་པའི་རིམ་པ་བཞན་དུ་ཉེས་པར་འགྱུར་བའོ། ། དེ་ལ་དེའི་མོད་ལ་ཞེས་པ་ནི་འཐབས་པའི་མོད་ལ་དགེ་སློང་གིས་བཅུག་ཅིང་བསྡུམས་པའོ། །དེ་མ་ཐག་པ་ཞེས་པ་ནི་འཐབས་པའི་འོག་ཏུ་རྩྭ་བཅད་ཅེས་པ་ནི་རྩྭ་ཏི་ལིན་ཏི་ལི་ཀ་རྐེད་དུ་བཅད་པ་བཞིན་དུ་བདག་ཅག་སྤ་ཤུག་ཀྱང་གྱེས་ཏེ་མི་འདུམ་མོ་ཞེས་ཟེར་ཞིང་འཐབས་པའོ། །རྡོ་ གསུམ་བོར་ཞེས་པ་ནི་རྡོ་གསུམ་ཕྱོགས་གསུམ་དུ་བོར་བའམ་རྡོ་གསུམ་གྱིས་བསྣུན་ཏེ་འཐབས་ཤིང་གྱེས་པའོ། །སྤྱོད་པ་བཏང་ཞེས་པ་ནི་སོ་ནམ་བཏང་བའམ། ཁྱིམ་ཐབ་ལ་རིམ་གྲོ་བྱེད་དུ་མ་བཅུག་པའོ། །ཆུང་མ་མ་ཡིན་པར་བསྒྲགས་ཞེས་པ་ནི་ངའི་ཆུང་མ་མ་ཡིན་ ནོ་ཞེས་པར་འཇིག་རྟེན་ཀུན་ཤེས་པར་བསྒྲགས་པའོ། །དྲིལ་བརྡུངས་ཞེས་པ་ནི་ཁྱིམ་ཐབ་གཏོང་བའི་ཕྱིར་ལྷ་ཁང་དུ་སོང་ནས་དྲིལ་བརྡུང་བའོ། །འདི་ལ་ཉེས་བྱས་སུ་བྱེད་པ་ནི་ཐོག་མ་གསུམ་མོ་ཞེས་པ་ནི་དེའི་མོད་ལ་བ་དང་། དེ་མ་ཐག་པ་དང་། རྩྭ་བཅད་པའི་འཐབས་པ་གསུམ་ ལས་སླར་བསྡུམས་ན་ཉེས་བྱས་སུ་འགྱུར་བའོ། །དེ་ལ་འདི་ཞེས་པ་ནི་དབང་དུ་བྱས་པ་ལ་གཏོད་པའི་ཚིག་གོ། །དེ་ལ་དབང་དུ་བྱས་པའི་ཆུང་མ་དང་འཐབས་ཏེ་རྡོ་གསུམ་བོར་བ་ལས་བསྡུམས་ན་སྔ་མའི་ཉེས་བྱས་གསུམ་དང་། སྦོམ་པོ་གཅིག་གོ། །སྤྱད་པ་བཏང་བ་ལས་བསྡུམས་ན་ ཉེས་བྱས་གསུམ་དང་སྦོམ་པོ་གཉིས་སོ། །ཆུང་མ་མ་ཡིན་པར་བསྒྲགས་པ་ལས་བསྡུམས་ན་ཉེས་བྱས་གསུམ་སྦོམ་པོ་གསུམ་ལྷག་མ་གཅིག་གོ། །དྲིལ་བརྡུངས་པ་ལས་བསྡུམས་ན། ཉེས་བྱས་གསུམ་སྦོམ་པོ་བཞི། ལྷག་མ་གཉིས་སོ། །རིམ་བཞིན་དུ་མ་འཐབས་ན་འདི་དག་ སོ་སོའི་ཉེས་པ་དམིགས་དང་སྦྱར་བར་ཟད་དོ། །འདི་ཅིའི་ཕྱིར་ཁྱིམ་མི་དབུབ། འདིའང་གྱོས་པོའི་ཁྱིམ་དུ་མི་འགྲོ་མི་འདྲི་ཞེས་སྨྲས་ནའོ་ཞེས་པ་ནི་ཁྱེའུ་འདི་ཅིའི་ཕྱིར་ཁྱིམ་མི་དབུབ། བུ་མོ་འདི་ཅིའི་ཕྱིར་སོ་ནམ་འཛིན་དུ་མི་གཞུག་ཅེའམ། ཁྱེའུ་དེ་འདི་དེར་ཅིའི་ཕྱིར་མི་འགྲོ། བུ་མོ་འདི་གྱོས་པོའི་དེར་ཅིའི་ཕྱིར་མི་འགྲོ་མི་འདྲི་ཞེས་ཟེར་ན་ཉེས་བྱས་སུ་འགྱུར་བའོ། །སྨྱན་བྱེད་པ་རྣམ་པར་འབྱེད་པའོ། །སྨྱན་བྱེད་པ་ཞུས་པ་ལས་འབྱུང་བ་སྟོན་པ་ནི་སྦྲུམ་པ་དང་མེད་པ་དང་། ངེས་པ་དང་བསྟེན་པ་མེད་པ་དང་། ཉོས་པ་དང་ཁུགས་པ་དང་། བདག་གིས་སྨྱན་བྱེད་པ་ ནི་སྦོམ་པོའོ་ཞེས་པ་ནི་འདི་རྣམས་ལྟ་བུའི་སྨྱན་བྱས་ན་སྦོམ་པོར་འགྱུར་བ་སྟེ། དེ་ལ་སྦྲུམ་བ་ནི་མངལ་ན་ཡོད་པའི་སྨྱན་བྱེད་པའོ། །མེད་པ་ནི་མངལ་ན་མེད་པའིའོ། །ངེས་པ་ནི་དཀའ་ཐུབ་ལ་གནས་ཤིང་འདུ་བ་སྡོམ་པས་སྤོང་བའོ། །བསྟེན་པ་མེད་པ་ནི་མ་ནིང་དང་ཟ་མ་ལྟ་བུ་གཞུག་ གནས་མེད་པའོ། །ཉོས་པ་ནི་ཉོས་ཟིན་པའམ་བག་མར་བླངས་ནས་སྙོལ་ཞིང་སྡུམ་པའོ། །ཁུགས་པ་ནི་ཁུགས་ཏེ་དབང་དུ་བྱས་པའོ། །བདག་གིས་སྨྱན་བྱེད་པ་ནི་མི་འདི་ལྟ་བུ་ཞིག་འཕྲད་པར་འདོད་ན། ཇི་ལྟ་ཞེས་ཁུངས་གུད་དུ་འབྱིན་ཅིང་བདག་གི་ཕྱིར་སྐུགས་པའོ། །ཁས་ བླངས་པ་བསྟན་ནའོ་ཞེས་པ་ནི་བུད་མེད་དུས་མལ་དུ་སྡོད་པ་འགྲོ་བའི་ལམ་ཡོགས་སུ་མཐོང་བ་ལས་སྐྱེས་པ་དུས་མལ་དུ་འོངས་བས་འདི་ལྟ་བུའི་བུད་མེད་ཇི་མཐོང་ཞེས་སྨྲས་པ་དང་། རྒྱུས་ཤེས་བཞིན་དུ་ཤིང་ངམ་རྩིག་དྲུང་འདི་ལྟ་བུ་ཞིང་ན་སྡོད་ཅིང་འདུག་གོ་ཞེས་བསྟན་ན་སྦོམ་པོར་ འགྱུར་བའོ། །འཐབ་གཅུགས་ཀྱིས་འཕྲོགས་པའོ་ཞེས་པ་ནི་དགེ་སློང་གིས་ཁྱིམ་ཐབ་འཐབ་མོ་སྐུགས་ཤིང་མིག་བླངས་པའི་བར་དུ་ཆུང་མ་གཞན་དང་ཉལ་པོ་བྱེད་དུ་བཅུག་ན་ཡང་སྦོམ་པོར་འགྱུར་བའོ། །བུད་མེད་དམ་ཆེ་གེ་མོ་ཆུང་མར་ཉོས་ཞེས་ཟེར་ནའོ་ཞེས་པ་ནི་བུད་མེད་ཀྱི་ མིང་ནས་སྨོས་ནས་དེ་ཆུང་མར་བླངས་ན་ཅི་ཉེས་ཤེ་ན་སྦོམ་པོར་འགྱུར་བའོ། །བུད་མེད་ཅེ་ན་ཉེས་བྱས་ཞེས་པ་ནི་མིང་ནས་མ་སྨོས་པར་བུད་མེད་ཉོ་ན་ཅི་ཉེས་ཞེས་ཟེར་བ་ནི་ཉེས་བྱས་སུ་འགྱུར་བའོ། །འགའ་རྙེད་དམ་ཞེ་ན་ཡང་ངོ་ཞེས་པ་ནི་བུད་མེད་དང་ཆུང་མ་ལྟ་རྙེད་དམ་ཞེས་འདི་ན་ཡང་ ཉེས་བྱས་སུ་འགྱུར་བའོ། །སྨྱན་བྱེད་པ་ཞུས་པའོ།། །།སྨྱན་བྱེད་པ་བྱེ་བྲག་ཏུ་ངེས་པ་ལས་འབྱུང་བ་སྟོན་པ་ནི། བྱིན་པ་ལས་བཀྱིགས་པ་སྤྲད་ན་སྦོམ་པོའོ་ཞེས་པ་ནི་སྔོན་གཉེན་དུ་འཐབས་ཟིན་པ་ཞིག་ལས་གཉེན་ཟླ་གཅིག་ཅིག་གིས་བཀྱིགས་སམ་ཕོངས་དོར་བྱས་པ་ལས་དགེ་ སློང་གིས་བསྡུམས་ཤིང་སྤྲད་ནའོ། །ཆོས་ཀྱི་ཆེད་ཀྱིས་བརྗེད་དེ་བོས་ནའོ་ཞེས་པ་ནི་བསོད་ནམས་བྱེད་པའི་སྔན་དགས་ལྟ་བུར་སྐྱེས་པའམ་བུད་མེད་འབོད་ཅིང་སྤྲོད་ན་སྦོམ་པོར་འགྱུར་བའོ། །གཞན་གྱི་དོན་དང་ལྡན་ན་ཡང་ངོ་ཞེས་པ་ནི་ཆོས་ཀྱི་ཆེད་ཀྱིས་གོང་མ་ ལྟར་བྱེད་པ་ནི་མ་ཡིན་གྱི། ཁྱིམ་འདི་དང་སྐྱེ་བོ་འདི་ཀུན་ཁྱོད་ལ་འབུལ་ལོ་ཞེས་པའི་ཐན་སྐྱེལ་བ་ལྟ་བུ་ལ་སོགས་པ་གཞན་གྱི་ཚུལ་གྱིས་འབོད་ཅིང་སྐད་སྦྱོར་ན་སྦོམ་པོར་འགྱུར་བའོ། །མ་ཁྲོས་ན་ཡང་གཞན་དུ་ཞེས་པར་སེམས་ཅན་མ་འདུས་པ་མ་ཡིན་ཞེས་པ་ནི་འཚོག་པའི་ལྟུང་བ་ ལས་མ་ཁྲོས་ན་ཡང་ཀ་བ་ལ་མི་བསྣུན། རྩིག་པ་ལ་མི་བསྣུན། གཞན་དུའང་མ་ཡིན་ཞེས་འབྱུང་བས་ན། གཞན་དུའང་མ་ཡིན་ཞེས་པའི་ཁོངས་སུ་སེམས་ཅན་ཡང་མ་འདུས་པ་མ་ཡིན་པར་སྟོན་པ་སྟེ། སྐབས་འདིར་ཅིར་སྟོན་ཅེ་ན། སྐྱེས་པ་དང་བུད་མེད། སྔོན་བརྡ་སྐད་སྦྱར་བ་ ལྟར་དགེ་སློང་གིས་ལུས་ལ་ཁུ་ཚུར་རམ་ཐལ་མོས་བསྣུན་པ་དང་། སྐད་འབྱོར་ཅིང་སྤྲད་པར་གྱུར་པ་ལྟ་བུའི་གླེང་གཞི་ཡོད་པས་ན་ཉེས་བྱས་སུ་འགྱུར་བར་སྟོན་པའོ། །སྨྱན་བྱེད་པ་བྱེ་བྲག་ཏུ་ངེས་པའོ། །སྨྱན་བྱེད་པའོ།། །།ཁང་པ་དགེ་འདུན་གྱི་ལྷག་མ་སྟོན་པར་འདོད་པ་ནི། སྤྱོད་ ལམ་བཞི་མི་ཤོང་ན་ཉེས་མེད་ཅེས་པ་ལ་སོགས་པ་ཡིན་ཏེ། འགྲེང་བ་དང་། འདྲེས་པ་དང་། འགྲོ་བའི་སྤྱོད་ལམ་སྤྱད་པར་བྱར་མེད་པའི་དོག་པ་ལྟ་ཞིག་བརྩིགས་ན་ཉེས་པར་མི་འགྱུར་བའོ། །བཅོལ་བ་དང་མ་བཅོལ་བ་མི་བཙན་ཞེས་པ་ནི་ཁང་པ་བརྩིགས་པ་མ་བརྟགས་པ་ལ་སོགས་ པའི་སྐྱོན་ཡོད་ན་རྩིག་ཏུ་བཅུག་པའི་མི་ལ་ཡང་ཉིད་ཀྱིས་བརྩིགས་པ་དང་འདྲ་བའི་ཉེས་པ་རངས་པར་འགྱུར་བའོ། །བཅོལ་ཀྱང་བདག་བཞིན་ཞེས་པ་ནི་མ་བརྟགས་པ་ལ་སོགས་པའི་སྐྱོན་ཡོད་ན་ཕ་རོལ་རྩིག་ཏུ་བཅུག་ཀྱང་ཉེས་པ་བདག་ལ་འདྲེ་བར་སྟོན་པའོ། །སྨྲས་པ་བཞིན་དུ་མ་བྱས་ཀྱང་ ལུས་དང་ངག་གིས་ཁས་ལེན་པའོ་ཞེས་པ་ནི་སྔར་རྩིག་ཏུ་བཅོལ་བའི་ཚེ། ཇི་ནས་ཀྱང་བརྟགས་ཤིང་རུང་བར་གྱིས་ཤིག་བསྒོ་བ་ལས་བཅོལ་བའི་མིང་དེས་བསྒོ་བ་བཞིན་དུ་མ་བྱས་ཏེ་མ་བརྟགས་ཤིང་མི་རུང་བར་བརྩིགས་པ་ལས་བཅོལ་བ་དེ་དེར་ཕྱིས་འོངས་པ་དང་། ངག་གིས་མ་ཉེས་ཏེ་ ལེགས་སོ་ཞེས་ཟེར་རམ། ལུས་ཀྱིས་ཤིང་རྩི་ལ་སོགས་པ་སྣོན་ཅིང་སློང་ན་གཉི་ག་ལ་ཉེས་པ་རངས་པར་འགྱུར་རོ། །བྱེད་བ་ནི་མཆོག་གོ་ཞེས་པ་ནི་ཁྱིམ་བརྩིགས་པར་བརྩམས་པ་ལས། གཏན་དུ་ཡེ་མ་བཏང་བར་བྱས་པ་ནི་མ་ཡིན་གྱི་ལོ་འགའ་འམ་ཟླ་བ་དུ་མས་བཅད་དེ་ལབས་ཀྱིས་ཡང་ རྩིག་བྱེད་ན་སྦྱོར་བ་གཅིག་ཏུ་ཟད་པར་སྟོན་པའོ། །བསྒྲུབ་པ་གཅིག་པས་ན་འཐབས་པའི་མོད་ལ་བ་ལ་སོགས་པའི་རིམ་པ་བཞིན་དུ་ཡན་ལག་རེ་རེ་སྦྱོར་བ་རེ་རེའོ་ཞེས་པར་རེ་བ་བསྩལ་བའི་ཕྱིར། ཡན་ལག་རྣམས་ནི་ཐ་དད་དུ་མི་བྱེད་དོ་ཞེས་པ་ཡིན་ཏེ། མ་བརྟགས་པ་ལ་སོགས་ཡན་ལག་རེ་རེ་ ཞིང་སྦྱོར་བ་རེ་རེར་འགྱུར་བ་མ་ཡིན་གྱི། རྩ་བ་གཅིག་གི་སྦྱར་བའང་གཅིག་པར་སྟོན་པའོ། །ཁང་པའི་ལྷག་མར་འགྱུར་བ་ཇི་ལྟས་ཤེ་ན། བསླངས་པ་ཞེས་པ་ལ་སོགས་པ་ཡིན་ཏེ། ས་གཞི་གཞན་ལས་བསླངས་པའོ། །དེས་བསྒོ་བ་ལ་ཞེས་པ་ནི་ཁྱིམ་པའི་རྒྱུ་སྤྱད་ཅིང་ཤིང་རྩི་ལ་ སོགས་པ་བདག་གིས་བསླངས་སམ་སློང་དུ་བཅུག་ན་ཡང་ངོ་། །དངོས་པོ་མི་གཙང་བ་ཞེས་པ་ནི་ས་གཞི་མི་གཙང་བར་བརྩིགས་ན་ཉེས་པར་འགྱུར་བ་སྟེ། འདི་བཙལ་བ་ནི་འོག་ནས་འཆད། མ་གསོལ་བར་གནས་བྱེད་པ་ཞེས་པ་ནི་དགེ་འདུན་ལ་གསོལ་བ་མ་བཏབ་པར་ཐུག་ཐུབ་ཏུ་ བརྩིགས་པའོ། །ཟིན་ནའོ་ཞེས་པ་ནི་ཐམས་ཅད་བརྩིགས་ཟིན་ན་གདོད་ཉེས་པ་རངས་པར་འགྱུར་བའོ། །འོག་མ་ཡང་འདི་དག་བཞིན་ཏེ་བསླངས་པ་མ་གཏོགས་ཞེས་པ་ནི་ཡན་ལག་གོང་དུ་སྨོས་པ་འདི་རྣམས་ལས་བསླངས་པའི་ཡན་ལག་གཞན་ཐམས་ཅད་གཙུག་ལག་ཁང་བརྩིགས་ པའི་ཡན་ལག་ཀྱང་ཡིན་པར་སྟོན་པའོ། །གཅིག་གི་ཕྱིར་ཞེས་པ་ནི་ཁང་པ་བརྩིགས་པ་གཅིག་གི་ཕྱིར་ན་ཉེས་པ་རངས་པར་འགྱུར་བའོ། །གཅིག་ཅེས་པ་དགེ་སློང་ཉི་ཚེ་ལ་བྱ་བ་མ་ཡིན་གྱི། ཁྱིམ་པ་གཅིག་ཅིག་གི་ཕྱིར་ན་ཡང་ཉེས་པ་རངས་པར་འགྱུར་བའོ། །ཁྱིམ་བརྩིགས་སོ་ཅོག་ གིས་ཉེས་པར་འགྱུར་རམ་ཞེ་ན། ཚད་ལས་ལྷག་པ་ཞེས་པ་ཡིན་ཏེ། ཚད་ལས་ལྷག་པར་བརྩིགས་ན་ཉེས་པར་འགྱུར་བའོ། །གོང་དུ་དངོས་པོ་མི་གཙང་བ་ཞེས་སྨོས་པ་དེ་ཇི་ལྟ་བུ་ཞེ་ན། མ་བརྟགས་པ་རྩོད་པ་ཅན་མ་སྤངས་པ་ནི་མི་གཙང་བའོ་ཞེས་པ་ཡིན་ནོ། །དེ་དག་ཀྱང་ཇི་ལྟ་བུ་ ཞེ་ན། སྡིག་སྦྲུལ་ཕྲ་མོ་ཚང་བཅས་པ་དང་། རྒྱལ་པོ་དང་ལྷའི་ཁང་པ། མུ་སྟེགས་པའི་གནས་དང་མདའ་ཆགས་པ་དང་། མི་གཅོད་པའི་ཤིང་དང་། འདོམ་གང་ཚུན་ཆད་ཀྱི་ཉེན་འཁོར་ན་ཆུ་བོ་དང་གྲོག་པོ་དང་། ཁྲོན་པས་ཆོད་པས་འདི་དག་རིམ་བཞིན་ནོ་ཞེས་པ་ ཡིན་ཏེ། དེ་ལ་སྡིག་སྦྲུལ་གྱི་ཚང་བཅས་པ་ཞེས་པ་ནི་མ་བརྟགས་པའོ། །རྒྱལ་པོ་ཞེས་པ་ནས་མི་གཅོད་པའི་ཤིང་ཞེས་པའི་བར་དུ་སྨོས་པ་རྣམས་ནི་རྩོད་པ་ཅན་ནོ། །འདོམ་གང་ཞེས་པ་ནས། ཁྲོན་པས་ཆོད་ཅེས་པའི་བར་དུ་སྨོས་པ་རྣམས་ནི་མ་སྤངས་པའོ། །གོང་དུ་ཚད་ལས་ ལྷག་ཆེས་སྨོས་པའི་ཚད་ཇི་ཙམ་ཞེ་ན། ཚད་མའི་ཁྲུ་ཕྱེད་དང་དོ་ནི་བདེ་བར་གཤེགས་པའི་མཐོ་ཞེས་པ་ཡིན་ཏེ། མི་ཐ་མལ་བའི་ཁྲུ་ཕྱེད་དང་དོ་ལ་བདེ་བར་གཤེགས་པའི་མཐོ་གང་དུ་སྟོན་པའོ། །དེས་ཁང་པའི་ཚད་སྟོན་པ་ནི། ནང་རྒྱའི་ཚད་དེའི་བཅུ་གཉིས་དང་བདུན་ནོ་ ཞེས་པ་ཡིན་ཏེ་ཁང་པའི་ནང་རྒྱ་ཆུར་ནི་བདེ་བར་གཤེགས་པའི་མཐོ་བཅུ་གཉིས་ཞེས་ཕྱེད་དང་དོ་ནི་བདེ་བར་གཤེགས་པའི་མཐོ་ཞེས་པ་ཡིན་ཏེ། གང་དུ་བདེ་བར་གཤེགས་པའི་མཐོ་བདུན་གྱི་ཚད་ལས་ལྷག་པར་བྱས་ན་ཉེས་པར་འགྱུར་བའོ། །གོང་དུ་གསོལ་ཞེས་སྨོས་པ་ གསོལ་བའི་ཚད་ཙམ་ཞེ་ན། གསོལ་བ་དགེ་འདུན་ལས་ཐོབ་པ་ནི་གསོལ་བའོ་ཞེས་པ་ཡིན་ཏེ། གསོལ་ནས་དགེ་འདུན་གྱིས་གནང་བ་བྱིན་ན་གསོལ་བར་ཆུད་པའོ། །མི་གཙང་ན་མི་གསོལ་ཞེས་པ་ནི་མ་བརྟགས་པ་ལ་སོགས་པའི་སྐྱོན་ཡོད་པ་ཙམ་གྱི་ཚོད་ན་དགེ་ འདུན་ལ་བརྟག་པའི་གསོལ་བ་མ་བྱེད་ཅིག་པའོ། །ཉིད་མ་བསྐོས་པའི་དགེ་སློང་དག་གིས་རྟོགས་ཤིང་ཡིད་ཆེས་པར་བྱ་ཞེས་པ་ནི་ཁང་པ་བརྩིགས་པར་དགེ་འདུན་ལ་གསོལ་ན་དགེ་འདུན་ཉིད་ཀྱིས་ཐོག་ཏུ་ཕྱུང་ལ་བརྟག་པའམ། དགེ་སློང་ཁ་ཅིག་བསྐོས་པས་བརྟག་ཅིང་གཏན་ ལ་ཕོབ་ཤིག་པའོ། །གདིང་བའང་དེ་བཞིན་ཞེས་པ་ནི་ལོ་དྲུག་མ་ལོན་པར་གདིང་བ་འགྲུབ་པའི་སྡོམ་པ་གསོལ་ན་ཡང་དགེ་འདུན་གྱིས་ཐབས་འདི་ལྟར་རྟོགས་ཤིག་པའོ། །བྱས་པ་རྙེད་ཅིང་སྤྱད་པ་ལ་ཉེས་མེད་ཅེས་པ་ནི་སྔོན་བརྩིགས་ཟིན་པ་ཞིག་རྙེད་དམ་དེ་སྤྱོད་པ་ནི་ ཉེས་མེད་པའོ། །རྙིང་པ་བཅོས་པ་ཡང་ངོ་ཞེས་པ་ནི་སྔོན་གྱི་རྙིང་པ་བཅོས་ན་ཉེས་མེད་པར་སྟོན་པའོ། །ཁང་པའི་དགེ་འདུན་གྱི་ལྷག་མ་རྣམ་པར་འབྱེད་པའོ།། །།གཙུག་ལག་ཁང་བརྩིགས་པ་དགེ་འདུན་གྱི་ལྷག་མའི་ཡན་ལག་རྣམས་ནི་གོང་དུ་བསྟན་པས་ན། དེའི་བྱེ་བྲག་ཙམ་ཞིག་སྟོན་ པ་ནི་དགེ་འདུན་གྱི་ཕྱིར་རོ་ཞེས་པ་ཡིན་ཏེ་བཞི་ཡན་ཆད་འདུས་པའི་ཕྱིར་བརྩིགས་ན། ཁྱིམ་པའི་ཡང་རུང་སྟེ་དགེ་འདུན་གྱི་ལྷག་མར་འགྱུར་བའོ། །གཞུང་ལས་དེ་བཞིན་གཤེགས་པའི་ཉན་ཐོས་ཀྱི་དགེ་འདུན་གྱི་ཕྱིར་ཞེས་པ་སྨོས་པ་འདི་གླེང་གཞིའི་གཅིག་ཏུ་ཟད་དོ། །གཙུག་ལག་ཁང་ དགེ་འདུན་གྱི་ལྷག་མ་རྣམ་པར་འབྱེད་པའོ།། །།ལྷག་མ་འདི་གཉིས་འདྲ་བའི་ཕྱིར་ཞུས་པ་ལས་འབྱུང་བ་ཅིག་ཅར་དུ་བསྡུས་ཏེ་སྟོན་པ་ནི། བརྩམས་པ་ནི་སྦྱོར་བའོ་ཞེས་པ་ལ་སོགས་པ་ཡིན་ཏེ། བརྩིགས་པར་བརྩམས་ན་སྦྱོར་བར་སྟོན་པའོ། །མ་ཁེབས་ན་ཟིན་ཀྱང་དེ་བཞིན་ཞེས་ པ་ནི་ཐོག་མར་བར་ན་ཁང་བའམ་གཙུག་ལག་ཁང་གཞན་ཟིན་ཀྱང་སྦོམ་པོ་ལས་མེད་པར་སྟོན་པའོ། །དུ་མའི་ཕྱིར་ནའོ་ཞེས་པ་ནི་ཁང་པ་བརྩིགས་པ་མ་བརྟགས་པ་ལ་སོགས་པའི་སྐྱོན་ཡོད་དུ་ཟིན་ཀྱང་གཅིག་གི་ཕྱིར་མ་ཡིན་ཏེ་དུ་མའི་ཕྱིར་བརྩིགས་ན་སྦོམ་པོ་ལ་སོགས་པར་སྟོན་ པའོ། །མ་བཏང་ནའོ་ཞེས་པ་ནི་ཁང་པའི་ས་གཞི་ཕ་རོལ་གྱིས་མ་བྱིན་པར་བརྩིགས་ན་ཡང་སྦོམ་པོར་སྟོན་པའོ། །ཕམ་པར་ཅིའི་ཕྱིར་མི་འགྱུར་ཞེ་ན་ས་གཏན་དུ་བདག་གིར་བྱ་བའི་འདུ་ཤེས་མེད་ཀྱི་དེ་ཉིད་ཀྱི་ཁྱིམ་དུ་འགྱུར་བའི་འདུ་ཤེས་ཡོད་པའི་ཕྱིར་རོ། །གང་ཟག་གི་ནའོ་ཞེས་པ་ནི་ ཁང་པ་བརྩིགས་པའི་ནོར་ཕ་རོལ་ལས་བསླངས་པ་མ་ཡིན་གྱི། གང་ཟག་ཉིད་ཀྱི་ནོར་གྱིས་ན་སྦོམ་པོར་འགྱུར་བའོ། །མ་ཟིན་པ་ཡང་ངོ་ཞེས་པ་ནི་གཞན་གྱིས་བརྩིགས་པའི་འཕྲོ་བསླང་སྟེ་ཟིན་པར་བྱས་ན་ཡང་སྦོམ་པོར་འགྱུར་པའོ། །བསླངས་པའི་འོག་ཏུ་མ་བྱས་ན་ཉེས་བྱས་ ཞེས་པ་ནི་ས་གཞི་བསླང་སྟེ་བཏང་ངམ་རྒྱུ་སྤྱད་བསླངས་ནས་བཏང་ན་ཉེས་བྱས་སུ་འགྱུར་བའོ། །ཁང་པ་དང་གཙུག་ལག་ཁང་དགེ་འདུན་གྱི་ལྷག་མར་གཏོགས་པའོ། །ཁང་པ་དང་གཙུག་ལག་ཁང་དགེ་འདུན་གྱི་ལྷག་མའོ།། །།རྩ་བ་མེད་པ་དགེ་འདུན་གྱི་ལྷག་མ་སྟོན་པར་འདོད་ པ་ནི། དགེ་སློང་ཉམས་པ་ལ་ཡང་ཕས་ཕམ་པས་སྐུར་ནའོ་ཞེས་པ་ལ་སོགས་པ་ཡིན་ཏེ་དགེ་ཚུལ་མ་ཡིན་གྱི་དགེ་སློང་ཡིན་ན་ཉམས་པ་ཡང་རུང་སྟེ། མི་ཚངས་པར་སྤྱད་པ་ལ་སོགས་པས་སྐུར་ན་ལྷག་མར་འགྱུར་བའོ། །པ་རི་བ་ཤ་ལས་དགེ་སློང་དང་དགེ་སློང་མ་ བསྙེན་པར་རྫོགས་པ་དང་མ་ཉམས་པ་བསྐྲད་ན་ཉེས་པ་རངས་པར་འགྱུར་གྱི། ཉམས་པ་བསྐྲད་ན་ཉེས་བྱས་ཞེས་པ་སྐབས་འདིར་དེ་དང་མི་སྦྱོར་གྱི། ཉམས་པ་ལ་སྐུར་ན་ཡང་ཉེས་པ་རངས་པར་འགྱུར་བའོ། །ཉམས་པ་ལ་ཡང་ཞེས་སྨོས་པ་ཉིད་ནི་འོག་ནས་དགེ་སློང་དང་དགེ་སློང་ མའི་བསླབ་པའི་ཡན་ལག་ནི་བསྙེན་པར་རྫོགས་པ་དང་མ་ཉམས་པའོ་ཞེས་འབྱུང་བ་དེ་འགྲེལ་པའོ། འདིར་ཉིད་ཀྱི་ཕྱོགས་ཡན་ལག་མ་ཡིན་ཞེས་པ་ནི་ཆུབ་པར་སྨྲས་པ་ལས་ཉིད་ཀྱི་ཕྱོགས་སུ་འགྱུར་བ་ནི་མཚན་གཅིག་པ་སྟེ། དགེ་སློང་དང་ཁས་བླངས་པ་སྟེ་སངས་རྒྱས་ཀྱི་ལྟ་བ་ ལ་བརྡེགས་ན་ལྟུང་བར་འགྱུར་གྱི་མཚན་མ་གཅིག་པ་དགེ་སློང་མ་དང་། ལྷ་སྦྱིན་གྱི་ཕྱོགས་སུ་ཁས་བླངས་པ་བརྡེགས་ན་ཉེས་བྱས་ཞེས་པ་སྐབས་འདིར་དེ་དང་མི་སྦྱོར་གྱི། མཚན་ཐ་དད་པ་དང་ཁས་ལེན་པ་ཐ་དད་པ་ལ་སྐུར་ནའང་ཉེས་པར་འགྱུར་བའོ། །མཚན་དང་ཁས་བླངས་ པའོ་ཞེས་འབྱུང་བའི་འགྲེལ་པ་སྟེ། སྐུར་པ་འདེབས་པའི་སྐབས་འདིར་ཉིད་ཀྱི་ཕྱོགས་ཉི་ཚེ་ཡན་ལག་ཏུ་འགྱུར་བ་མ་ཡིན་གྱི་མཚན་ཐ་དད་པ་དང་། ཁས་ལེན་ཐ་དད་པ་ལ་སྐུར་ན་ཡང་ཉེས་པ་རངས་པར་འགྱུར་བའོ། །བརྫུན་དུ་སྨྲས་པས་སོ་ཞེས་པ་ནི་མཐོང་བ་ཐོས་པ་དང་དོགས་ པའི་རྩ་བ་མེད་ལ་ཡང་དག་པ་མ་ཡིན་པ་བརྫུན་དུ་སྨྲས་ན་ཉེས་པར་འགྱུར་བའོ། །གང་ལ་སྐུར་བ་དེ་ཉིད་ཀྱི་མདུན་དུ་སྨྲས་པས་ཉེས་པར་འགྱུར་རམ་ཞེ་ན་སུ་ལ་བསྒོ་ཡང་རུང་ཞེས་པ་ཡིན་ཏེ། གང་སྐུར་པར་བྱ་བ་དེ་ཉིད་ལ་སྨྲ་བར་མ་ཟད་ཀྱི་སུའི་མདུན་དུ་སྨྲས་ཀྱང་རུང་སྟེ་ཉེས་པར་ འགྱུར་བའོ། །ཇི་ལྟར་བསམས་ཀྱང་རུང་ངམ་ཞེ་ན། འབྲལ་བར་འདོད་པས་སོ་ཞེས་པ་ཡིན་ཏེ་བབ་བབ་ཏུ་བསམས་པས་མ་ཡིན་གྱི་ཚངས་པར་སྤྱོད་པ་དང་འབྲལ་བར་འདོད་པས་སྐུར་ན་ཉེས་པར་འགྱུར་བའོ། །རྩ་བ་གཞན་པ་དེ་མ་ཡིན་ཞེས་པ་ནི་མཐོང་བའི་རྩ་བ་ཡོད་པ་ ལས་ཐོས་པ་ལ་སོགས་པས་གླེངས་ན་རྩ་བ་དེ་ཉིད་ལས་མ་གླེངས་ཏེ་བསྣོར་བའི་ཕྱིར་སྐུར་པར་འགྱུར་བའོ། །བརྗེད་ན་ཡོད་པ་མ་ཡིན་ཞེས་པ་ནི་སྔོན་མཐོང་བ་ལ་སོགས་པའི་རྩ་བ་ཡོད་པ་ལས་དེ་ནི་བརྗེད་ཀྱི་མཐོང་བ་ལ་སོགས་པའི་རྩ་བས་གདོད་སྐུར་ན་སྔོན་གྱི་ཉེས་པ་དེ་མེད་པ་དང་ འདྲ་སྟེ། སྐུར་པར་འགྱུར་བའོ། རྩ་བ་ཡོད་དུ་འགྲོ་བ་ལས་རྩ་བ་བསྣོར་ཏེ་གླེངས་པ་དང་རྩ་བ་མེད་པ་ནི་མ་ཡིན་གྱི་ཡོད་པ་ལས་བརྗེད་པ་ལྟ་བ་ཡན་ལག་ཏུ་ཇི་ཕྱིར་མི་བརྩི་ཞེས་པ་བསྩལ་བའི་ཕྱིར། དོན་དེ་ཉིད་ནའང་བརྫུན་དུ་མི་བྱེད་པ་མ་ཡིན་ཞེས་པ་ནི་མཐོང་བའི་རྩ་བ་ཡོད་དུ་ ཟིན་ཀྱང་ཐོས་པ་དང་དོགས་པས་གླེངས་ན་འདུ་ཤེས་བརྩན་པའི་ཕྱིར་བརྫུན་དུ་མི་འགྱུར་བ་མ་ཡིན་པ་དང་། རྩ་བ་ཡོད་ཀྱང་བརྗེད་ན་སྐུར་པའི་འདུ་ཤེས་དེ་ཉིད་བརྩན་པའི་ཕྱིར་བརྩན་དུ་མི་འགྱུར་བ་མ་ཡིན་ཏེ། དཔེར་ན་དངོས་སུ་མིག་ལམ་ག་ན་འདུག་ལ། བདག་གི་སྙིང་ལམ་ན་མེད་པ་ སྙམ་ཞིག་ནས། གཞན་གྱིས་དྲིས་པའི་ཚེ་མེད་དོ་ཞེས་སྨྲས་པ་ལས་ཕྱིས་ཡོད་པར་འགྱུར་བ་ལྟ་བུ་འདུ་ཤེས་བརྩན་པའི་ཕྱིར་བརྫུན་དུ་མི་འགྱུར་བ་དང་འདྲའོ། །རྩ་བ་མེད་པ་དགེ་འདུན་གྱི་ལྷག་མ་རྣམ་པར་འབྱེད་པའོ།། །།གཞན་གྱི་ཆས་སྐུར་པའམ་གཞན་དུ་ཆ་མ་ཡིན་པས་སྐུར་ པའི་ལྷག་མ་སྟོན་པར་འདོད་པ་ནི། སྙད་གཞན་ལ་བསྟན་པའི་ཚིག་གིས་བརྫུན་པའོ་ཞེས་པ་ཡིན་ཏེ་འདི་དང་འདི་མི་ཚངས་པར་སྤྱོད་དོ་ཞེས་གསལ་པོར་ནི་མི་སྨྲའི་མི་གསལ་བ་ལ་བརྟེན་ཏེ། བརྫུན་དུ་སྐུར་ན་རྩ་བར་འགྱུར་བ་སྟེ། དཔེར་ན་གྱད་བུ་ནོར་དང་ཨུཏྤ་ལའི་མདོག་ཀྱང་མཐོང་མི་ ཚངས་པར་སྤྱོད་པ་ཡང་མཐོང་ངོ་ཞེས་ཟེར་བ་ལྟ་བུའོ། །དགེ་སློང་ཉམས་པ་ལས་ཡང་ཕས་ཕམ་པས་སྐུར་ན་ཞེས་བྱ་བ་ལ་སོགས་པའི་ཡན་ལག་གཞན་ནི་གོང་དུ་བསྟན་པ་དང་འདྲའོ། །གཞན་གྱི་ཆས་སྐུར་པའམ། གཞན་དུ་ཆ་མ་ཡིན་པས་སྐུར་པའི་དགེ་འདུན་གྱི་ལྷག་མའོ།། །།རྩ་བ་མེད་ པ་དང་ཆས་སྐུར་བ་གཉིས་ཞུས་བ་ལས་འབྱུང་བ་ཅིག་ཅར་དུ་བསྡུས་ཏེ་སྟོན་བ་ནི། བསྟན་དུ་མེད་པས་སྐུར་པ་ནི་སྦོམ་པོའོ་ཞེས་པ་ལ་སོགས་པ་ཡིན་ཏེ། དགེ་སློང་མ་མཚན་མ་མེད་པའི་མ་ནིང་དང་། མི་ཚངས་པར་སྤྱོད་དོ་ཞེའམ། དགེ་སློང་མོ་མཚན་མེད་པའི་མ་ནིང་མ་དང་མི་ཚངས་པར་སྤྱོད་དོ་ཞེས་སྐུར་ ན་གནས་མེད་ཅིང་མི་སྲིད་པའི་ཕྱིར་སྦོམ་པོར་འགྱུར་བ་སྟེ། འདིའང་ཁ་རྐུབ་ཀྱི་སྒོ་ལས་མ་གླེངས་ན་དེ་ལྟར་འགྱུར་བའོ། །མིང་ནས་མ་སྨོས་ན་ཡང་ངོ་ཞེས་པ་ནི་མང་པོའི་མདུན་དུ་འདི་དག་གི་ནང་ན་མི་ཚངས་པར་སྤྱོད་པ་དང་། མ་ཤ་ཀ་ལྔ་ལས་ལྷག་པར་བརྐུས་པ་དང་། མིའི་སྲོག་བཅད་པ་དང་མི་ལས་བླ་མའི་ཆོས་བརྫུན་དུ་སྨྲ་བ་དག་ཡོད་དོ་ཞེས་ཟེར་ཞིང་གང་གིས་ཉེས་པའི་མིང་ནས་མི་འབྱིན་ན་སྦོམ་པོར་འགྱུར་བའོ། །དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་འབྱིན་པ་དང་། དགེ་འདུན་གྱི་དབྱེན་གྱིས་ན་ཡང་ངོ་ཞེས་པ་ནི་འདི་འང་དེ་བཞིན་ གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་འབྱིན་པའོ་ཞེས་སྐུར་ན་མི་གསོད་པའི་སྦོམ་པོས་སྐུར་དུ་ཟད་པས་ཉེས་བྱས་སུ་འགྱུར་བ་དང་། དགེ་འདུན་གྱི་དབྱེན་བྱེད་པ་ལ་ཞུགས་སོ་ཞེས་སྐུར་ན་ཡང་སྦོམ་པོས་སྐུར་དུ་ཟད་པས་ཉེས་བྱས་སུ་འགྱུར་བར་སྟོན་པའོ། །དེ་ལ་ཡང་ཁ་ཅིག་འཆད་ པ་ནི་དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་འབྱིན་པ་ཡིན་ནོ་ཞེས་སྐུར་ན། མཚམས་མེད་པས་སྐུར་པ་ཡིན། དེ་ལྟར་མཚམས་མེད་པས་སྐུར་ན་ནི་དགེ་སློང་གི་ངོ་བོ་མེད་པར་སྐུར་པས་ཕས་ཕམ་པས་སྐུར་བ་བཞིན་དུ་དགེ་འདུན་གྱི་ལྷག་མར་འགྱུར་བ་བཞིན་དུ་དགེ་འདུན་ དབྱེན་བྱས་སོ་བར་སྐུར་པའང་དེ་བཞིན་ཏེ། ལྷག་མར་འགྱུར་རོ་ཞེས་འཆད། བསམས་ནས་སྨྲས་སོ་ཞེས་པ་ལ་སོགས་པས་ཟུར་ཟེར་ན་ཉེས་བྱས་ཞེས་པ་ནི་མང་པོའི་མདུན་དུ་ངས་བསམས་ཏེ། སྨྲ་བའི་གླེང་བ་འདི་དག་གི་ནང་ན་ཡོད་དོ་ཞེས་ཡིད་སྲིད་སྐུར་ཞིང་ཟུར་ཟེར་ན་ཉེས་ བྱས་སུ་འགྱུར་བར་སྟོན་པའོ། །ཆས་སྐུར་པ་ལ་ཡང་འདི་བཞིན་དུ་ཟུར་ཟེར་བ་སྲིད་དོ། །རྩ་བ་མེད་པ་ཆ་ཞུས་པའོ།། །།དགེ་འདུན་གྱི་དབྱེན་དགེ་འདུན་གྱི་ལྷག་མར་འགྱུར་བ་ད་སྟོན་པ་ནི། ཕ་རོལ་གྱི་འཁོར་ཁ་དྲངས་ན་སྦོམ་པའོ་ཞེས་པ་ལ་སོགས་པ་ཡིན་ཏེ། མདོ་འདི་ ཉིད་ནི་ཞར་ལས་སྟོན་པའོ། །འདི་མན་ཆད་ནི་དགེ་འདུན་གྱི་དབྱེན་ལ་སོགས་ལྷག་མ་བཞི་ཁོང་འཐུལ་བའི་མཚན་ཉིད་སྟོན་པའོ། །མི་གཏོང་བར་སྲན་འཛུགས་པའི་ཚུལ་ཟློག་པ་བཞིན་དུ་བསྡེབ་ཅེས་པ་ནི་དགེ་འདུན་གྱི་དབྱེན་བྱེད་པ་ལ་སོགས་པ་དགེ་འདུན་གྱིས་བཟློག་ པ་ནི་མི་གཏོང་བའི་ཚུལ་དུ་ལུས་སམ་ངག་གམ་མི་སྨྲ་བས་སྲན་འཛུགས་ན་ཟློག་པ་ལན་གསུམ་གྱི་བར་དུ་ཟློག་པའི་གྲངས་བཞིན་དུ་སྦྱོར་བར་འགྱུར་བའོ། །ཟློག་པ་བཞིན་དུ་གསོལ་བའོ་ཞེས་པ་ནི་དགེ་འདུན་མཁྱེན་པར་ཞུ་ཞིང་གསོལ་བ་ཟློག་པ་ཉིད་མ་ཡིན་པས་སྦྱོར་བར་མི་འགྱུར་དུ་ རེ་བ་སེལ་བར་སྟོན་པ་ཡིན་ཏེ་གསོལ་པ་ཡང་ཟློག་པ་བཞིན་དུ་སྦྱོར་བར་འགྱུར་རོ། །ངག་ནི་སྐད་མ་གཅིག་གོ་ཞེས་པ་ནི་ཟློག་པ་ལ་སོགས་པའི་ཚིག་དུ་མ་ཡོད་དུ་ཟིན་ཀྱང་བསྙད་པའི་མཇུག་མ་རྫོགས་ཀྱི་བར་དུ་རྒྱུན་གཅིག་ཏུ་བརྩི་བར་སྟོན་པའོ། །སློབ་པ་རྣམས་གཅིག་ཏུ་རེ་བ་ བསྩལ་བའི་ཕྱིར། ཟློས་པ་ནི་སོ་སོར་རོ་ཞེས་པ་ཡིན་ཏེ། ཟློས་པ་ལན་རེར་སྦྱོར་བ་རེ་རེར་སྟོན་པའོ། །བསྙད་པ་ནི་མ་ཡིན་ཞེས་པ་ནི་མཇུག་གཅོད་པར་བསྙོན་པ་ནི་གུད་དུདབྱུང་དུ་མེད་དེ། བཟླས་པ་ཐ་མའི་ཁོངས་སུ་འདུས་པར་སྟོན་པའོ། །ཞུགས་པ་ནི་སྦྱོར་བའོ་ཞེས་པ་ནི་དགེ་འདུན་གྱི་དབྱེན་ ལ་ཞུགས་པ་ལ་སོགས་པ་དེ་དག་ལ་ཞུགས་པའི་སྦྱོར་བར་སྟོན་པ་སྟེ། དེ་ལ་གཞན་པ་ལ་སོགས་པའི་ཚེ་ནི་ཉེས་བྱས་སོ། །གསོལ་བ་ཙམ་ཕྱིན་ཆད་ནི་སྦོམ་པོའོ། །བསྐྲད་པའི་ལས་མ་བྱས་པར་སྔན་ཚོགས་སུ་འདོད་པ་ལ་སོགས་པས། འགྲོའོ་ཞེས་ཁ་ཚས་ཟེར་བ་དང་གླེང་བ་དང་ བསྐུལ་བ་མ་བྱས་པར་སྔན་ཚོགས་སུ་བཀའ་བློ་མ་བདེ་བར་ཟེར་བ་སྦྱོར་བའི་ཡང་སྦྱོར་བར་སྟོན་པ་ནི། བསྐྲད་པ་དང་གླེང་བ་དང་བསྐུལ་བ་མ་བྱས་པ་ནི་དེའིའོ་ཞེས་པ་ཡིན་ཏེ་ཁྱིམ་སུན་འབྱིན་པ་བསྐྲད་པ་ལ་སོགས་པའམ་བརྩམས་པར་ཚད་མི་བཟོད་དེ། དགེ་འདུན་ལ་ཁ་ཚས་ཟེར་ བ་དང་། བསླབ་པའི་ཕྱིར་གླེང་ཞིང་བསྐུལ་པ་མ་བརྩམས་པར་སྔ་ནས་བཀའ་བློ་མི་བདེ་བར་ཟེར་བ་ལྟ་བུ་ནི་སྦྱོར་བ་དེ་ཡང་སྦྱོར་བ་སྟེ་ཉེས་བྱས་སུ་འགྱུར་བར་སྟོན་པའོ། །འདི་སྐད་དུ་ཟེར་བའི་གང་ཟག་ལ་བསྒོ་བ་ལ་སོགས་པའི་ལས་བྱའམ་མི་བྱ་ཞེ་ན། འདི་ལ་མི་བསྒོ་ ཞེས་པ་ཡིན་ཏེ་འདི་ལྟ་བུ་ལ་བསྒོ་བས་བཞམས་པའི་བསྒོ་བ་ཡང་མ་བྱེད་ཅིག་པའོ། །གོང་མ་ལྟ་བུ་ནི་མ་ཡིན་གྱི་དབྱེན་ལ་སོགས་པ་ལ་ཞུགས་པ་གོར་མ་ཆག་པར་བསྒོ་འམ་མི་བསྒོ་ཞེ་ན། འདི་དག་ལ་བཞམས་པ་དང་ལས་ཀྱིས་མི་བསྒོ་བ་མ་ཡིན་ཞེས་པ་ཡིན་ཏེ། དེ་ལ་བཞམས་པ་ནི་ཚངས་པ་མཚུངས་ པར་སྤྱོད་པ་མཛའ་བས་ཚིག་འཇམ་པོ་ལ་སོགས་པས་གྲོས་གདབ་ཅིང་བཟློག་པའོ། །བཟློག་པ་ལས་འབྱུང་བ་རྣམས་ཀྱི་ལྷག་མ་བཞིན་མ་བྱུང་ཞེ་ན། དེའི་མཇུག་ཏུ་མ་བཏང་ནའོ་ཞེས་པ་ཡིན་ཏེ། ཟློག་པའི་ལས་ཟིན་གྱི་བར་དུ་མ་བཏང་ན་ལྷག་མར་འགྱུར་བའོ། ། དེ་ཡན་ཆད་དུ་ཁོང་དུ་འཐུལ་བའི་མཚན་ཉིད་བསྟན་ནས། ད་ནི་རིམ་པ་བཞིན་དུ་སོ་སོའི་མཚན་ཉིད་སྟོན་པ་སྟེ། དོན་གང་མ་བསྟན་པས་དབྱེན་གྱི་ལྷག་མར་འགྱུར་ཞེ་ན། ཞུགས་པས་སོ་ཞེས་པ་ཡིན་ཏེ་དགེ་འདུན་གྱི་དབེན་ལ་ཞུགས་པ་མ་བཏང་ན་རྩ་བར་འགྱུར་རོ། །ཇི་མ་བཏང་ཞེ་ ན་དབེན་ནོ་ཞེས་པ་ཡིན་ནོ། །དེའང་སུའི་ཞེ་ན་དགེ་འདུན་གྱིའོ་ཞེས་པ་ཡིན་ནོ། །དགེ་འདུན་འབྱེད་པ་དགེ་འདུན་གྱི་ལྷག་མའོ།། །།རྗེས་སུ་ཕྱོགས་པའི་ལྷག་མ་སྟོན་ཏེ། ཇི་མ་བཏང་བས་རྗེས་སུ་ཕྱོགས་པའི་ལྷག་མར་འགྱུར་ཞེ་ན། དེའི་གྲོགས་སུ་འབད་ནའོ་ཞེས་པ་ཡིན་ ཏེ་དགེ་འདུན་གྱི་དབྱེན་བྱེད་པ་ལ་ཞུགས་པ་དེའི་གྲོགས་སུ་བཏང་ན་ལྷག་མར་འགྱུར་བའོ། །རྗེས་སུ་ཕྱོགས་པ་དགེ་འདུན་གྱི་ལྷག་མའོ།། །།སུན་འབྱིན་པ་དགེ་འདུན་གྱི་ལྷག་མ་སྟོན་ཏེ། །ཁོང་འཐུལ་བའི་མཚན་ཉིད་ལས་གཞི་བླངས་ནས་ཇི་མ་བཏང་བས་ཁྱིམ་སུན་འབྱིན་པ་ དགེ་འདུན་གྱི་ལྷག་མར་འགྱུར་ཞེ་ན། བདག་སྐྱོད་པར་བྱེད་པའི་དགེ་འདུན་ལ་འདི་དག་གིས་འདིར་བསམ་པ་ལོག་པ་འདི་ལྟ་བུ་དག་ལ་ཞུགས་སོ་ཞེས་བརྫུན་ཟེར་ནའོ་ཞེས་པ་ཡིན་ཏེ་བདག་སྐྲོད་པའི་དགེ་འདུན་ལ་འབོད་པ་ལ་སོགས་པས་འགྲོ་བའོ་ཞེས་བརྫུན་སྦྱོར་ཞིང་ཁ་ཚས་ཟེར་ ན་ལྷག་མར་འགྱུར་བའོ། །ཁྱིམ་སུན་འབྱིན་པ་དགེ་འདུན་གྱི་ལྷག་མའོ།། །།བཀའ་བློ་མི་བདེ་བའི་ལྷག་མ་སྟོན་ཏེ་ཅི་མ་བཏང་བས་བཀའ་བློ་མི་བདེ་བའི་དགེ་འདུན་གྱི་ལྷག་མར་འགྱུར་ཞེ་ན། དགེ་སློང་གི་ལྷག་པའི་ཚུལ་ཁྲིམས་ཀྱི་ཕྱིར་གླེངས་ན་དགེ་སློང་དག་གིས་བདག་ལ་འདིས་ མི་བརྫི་བར་བྱེད་པའོ་ཞེས་པ་ཡིན་ཏེ། ཚུལ་ཁྲིམས་ཀྱི་ཕྱིར་དགེ་སློང་འགས་གླེངས་ན་ལེགས་ཀྱང་རུང་ཉེས་ཀྱང་རུང་། ང་ལ་ཚུལ་ཁྲིམས་སོ་ཅོག་གི་ཕྱིར་དགེ་སློང་ངོ་ཅོག་གིས་མ་གླེང་ཤིག །ང་ཡང་མི་ཉན་ཏོ་ཞེས་ཚིག་གི་ལམ་གཅོད་ཅིང་བཀའ་བློ་བདེ་བས་མི་བརྫི་བར་བྱེད་ན་ དགེ་འདུན་གྱི་ལྷག་མར་འགྱུར་བའོ། །བཀའ་བློ་མི་བདེ་བ་དགེ་འདུན་གྱི་ལྷག་མའོ། །དགེ་འདུན་གྱི་ལྷག་མ་རྫོགས་སོ།། །།སྤང་བའི་ལྟུང་བ་བཤད་པར་འདོད་དེ། འཆང་བ་ལ་སོགས་པ་བསླབ་པ་རྣམས་ཀྱི་སྤྱིའི་མཚན་ཉིད་ཇེ་སྟོན་པ་ནི། སྔ་མ་མེད་པ་ཉིན་ཞག་གཅིག་གི་ མཇུག་མ་ཟད་པ་ནི་མེད་པ་མ་ཡིན་ཞེས་པ་ལ་སོགས་པ་ཡིན་ཏེ། ཞག་གཅིག་གམ་དྲུག་གམ་བདུན་ནམ། བཅུའམ་ཟླ་བ་ཚིགས་ཀྱིས་གཟུང་བ་རྣམས་དེ་དག་གི་སྔ་ལོགས་ཀྱི་ཞག་གྲངས་སམ། ཐུན་གྲངས་དང་མི་སྦྱོར་གྱི་ཉིན་ཞག་གི་མཇུག་མ་ཟད་པའི་ཚིགས་ ཀྱིས་བཟུང་བར་སྟོན་པའོ། །ཐམས་ཅད་དེ་ལྟར་མཐའ་མཇུག་མ་ཟད་པའི་སོ་ཉི་ཚེས་བརྩིའོ། །ཉིན་མཚན་ལ་སོགས་པ་དེའི་ཁོངས་སུ་མི་བརྩི་འམ་ཞེ་ན། གནས་པ་ནི་སྦྱོར་བའི་སྣོད་དོ་ཞེས་པ་ཡིན་ཏེ་བསྙེན་པར་རྫོགས་པ་དང་། བསྙེན་པར་རྫོགས་ཀྱང་ལྟ་བ་མི་ གཏོང་བ་དང་། དགེ་ཚུལ་མི་སྣང་བར་བཀར་བ་དང་། བུད་མེད་དང་ཁྱིམ་གཅིག་གི་ནང་ན་ཉལ་བ་དང་། འོད་ལ་ཉལ་བ་དང་གཡུལ་གྱི་ནང་ན་འདུག་པ་རྣམས་ཉིན་ཞག་གི་མཇུག་མ་ཟད་ཀྱི་བར་དུ་གནས་ཤིང་འདུག་པའི་ཉིན་ཞག་སྦྱོར་བའི་སྣོད་དུ་འགྱུར་བར་སྟོན་པའོ། །དེ་ཡང་གཡུལ་ གྱི་ནང་ན་གནས་པ་མ་གཏོགས་པ་གཞན་ནི་མཚན་མོ་སྦྱོར་བའི་སྣོད་དུ་བྱེད་དོ། །ཉིན་ཞག་གི་ཐ་མ་སྟོན་པ་ནི་སྐྱ་རེངས་དང་པོའི་ཐོག་མ་དེའི་འོ་ཞེས་པ་ཡིན་ཏེ། །སྐྱ་རེངས་སྔོན་པོ་དང་སེར་པོ་དང་དམར་པོ་དེ་གསུམ་འཆར་བ་ལས་དང་པོའི་སྔོན་པོ་ཤར་ན། ཉིན་ཞག་གི་ཐོག་མ་ཡིན་ པར་སྟོན་པའོ། །དེའི་འགྲེལ་པ་སྟོན་པ་ནི། ཐལ་ན་ལས་ནི་འཆར་དུ་ཆ་བའོ་ཞེས་པ་ཡིན་ཏེ་གསོ་སྦྱིན་དང་ཚུལ་ནས་འབྱུང་བ་ལྟ་བུ་ཚེས་གྲངས་དང་སྦྱར་བའི་བསླབ་པ་རྣམས་སྐྱ་རེངས་ཤར་བ་མ་ཚོར་ཏེ། ཐལ་ན་ཉི་མ་ཤར་ཚུན་ཆད་ཉིན་ཞག་གི་མཐར་བརྩིས་ལ་ལས་གྱིས་ཤིག་ པའོ། །སྤང་བ་ནི་བདག་གིར་འདུ་ཤེས་པ་གཙོ་བོ་ཞེས་པ་ནི་གུད་ནས་བདག་གི་རྫས་སུ་བསྐུར་བ་ལྟ་བུ་ལ་སོགས་པ་བདག་གི་ཡིན་པར་མ་ཤེས་ཀྱི་བར་དུ་སྤང་བའི་ལྟུང་བར་མི་འགྱུར་བར་སྟོན་པའོ། །དེ་ལ་མ་བྱིན་པར་ལེན་པ་དང་ཤི་བའི་ཡོ་བྱད་ལྟ་བུ་ནི་འདི་དང་སྦྱར་དུ་མི་རུང་ངོ་། ། དངོས་སུ་ནི་གཞན་གྱི་ནོར་ཡིན་ལ་བདག་གི་ཡིན་སྙམ་དུ་འདུ་ཤེས་པ་ལས་ཞག་བཅུ་ཐལ་བར་བཞག་པ་ནི་ཉེས་བྱས་སུ་འགྱུར་རོ། །བསྔོས་ན་འདི་ཡལ་བའོ་ཞེས་པ་ནི་གཞན་གྱི་ནོར་རམ་རྫས་སུ་བསྔོས་ན་བདག་གི་མ་ཡིན་པར་སྟོན་པའོ། །རབ་ཏུ་འབྱུང་བའི་ཕྱིར་ངེས་པར་ བྱས་པའམ་དེ་བཞིན་ཞེས་པ་ནི་རབ་ཏུ་འབྱུང་བ་རྣམས་ཀྱི་གོས་སུ་བསྔོས་ཏེ་བཞག་པ་ལྟ་བུ་ཡང་ཉེས་པར་མི་འགྱུར་ཏེ་འདི་ནི་རབ་ཏུ་འབྱུང་བའི་ཕྱིར་ལྷུང་བཟེད་ལྷག་པ་བཅངས་ཀྱང་བླ་བ་ལས་དྲངས་པའོ། །གོས་རུང་བར་བྱས་པ་ཡང་ངོ་ཞེས་པ་ནི་མིང་འདི་ཞེས་བྱ་བའི་གོས་ཞེས་སྔགས་ ཀྱིས་རུང་བར་བྱས་པ་ཡང་བདག་གི་མི་འགྱུར་བའོ། །འདིར་རྒྱུན་ཆགས་པ་ནི་འཇིག་གོ་ཞེས་པ་ནི་བཅངས་པའི་གོས་བསྔོ་བ་ལ་སོགས་པ་བདག་གིར་བྱ་བ་མ་བྱས་ན། བདག་གི་སྲེལ་བའི་རྒྱུན་ཆད་ཅིང་འཇིག་པར་སྟོན་པ་སྟེ། དངོས་སུ་གོས་སྔ་མ་རྙེད་ནས་ཞག་བཞིའམ་ལྔ་ལོན་ཏེ་ མེད་པར་བྱས་པའི་འོག་ཏུ་རྙེད་པ་སྔ་མའི་ཞག་གྲངས་དང་མི་སྦྱོར་བར་སྟོན་པའོ། །རྒྱུན་ཆད་པ་དེ་ཉི་ཚེར་ཟད་དམ་ཞེ་ན། རང་བཞིན་ཉམས་པ་ཡང་ངོ་ཞེས་པ་ཡིན་ཏེ་བཅང་བའི་གོས་བཅངས་ནས་ཞག་གཉིས་སམ་གསུམ་མམ་བཅུར་མ་ལོན་པ་རྣམས་ཚུན་ཆད་དུ་ལོན་ཡང་རུང་བའི་ སྐབས་སུ་སྨོས་པ་ལ་སོགས་པ་རང་བཞིན་ཉམས་པར་རེད་ན། ནམ་སངས་པ་ཚུན་ཆད་ཞག་གྲངས་ཀྱི་མགོ་གདོད་བཙུགས་ཏེ་བརྩིའོ། །སྔོན་གྱི་ཞག་གྲངས་དང་མི་སྦྱར་བར་སྟོན་པའོ། །འདི་ཡོད་ན་གཞན་ཡང་དེའི་དངོས་པོར་སྐྱེའོ་ཞེས་པ་ནི་སྔོན་བདག་གིར་བྱས་པ་ཡོད་ན་ཕྱིས་རྙེད་ པ་ཡང་བདག་གིར་བྱས་པ་དེའི་ཁོངས་སུ་འགྲོ་སྟེ། དེ་ཡང་གང་ཞེ་ན་བདུན་པ་དང་། བཅུ་པ་དང་། ཟླ་བ་གཅིག་པ་རྣམས་དེ་དག་སོ་སོ་རིགས་རིགས་སུ་འགྱུར་བའོ། །དེ་ལ་ཞག་བདུན་པའི་བྱེ་བྲག་སྟོན་པ་ནི། བདུན་པ་ནི་རིགས་གཅིག་གོ་ཞེས་པ་ཡིན་ཏེ། བདུན་པའི་སྨན་བདག་ གིར་བྱས་པ་ནི་དེ་དང་འདྲ་བའི་རིགས་ཕྱིས་རྙེད་ན་དེའི་ཁོངས་སུ་འགྲེ་བར་འགྱུར་གྱི། རིགས་མི་གཅིག་པ་ནི་དེ་ལྟར་མི་འགྱུར་གྱི། ཞག་བདུན་པའི་བར་སྔར་བྱིན་གྱིས་བརླབས་པ་དང་། ཕྱིས་ཀྱང་མར་ཞིག་རྙེད་པ་ལས་སྔ་མ་བདུན་ལས་ཐལ་ཏེ་བརྒྱད་དུ་བཅངས་ན། སྔ་མ་ བདུན་ལས་འདས་པའི་ཁྲིན་དུ་ཕྱི་མ་འང་སྤང་དགོས་པ་ལྟ་བུ་ཡིན་ནོ། །དེའི་ལྟུང་བ་ཡོད་ན་བདག་གིར་བྱས་པའི་ཡོ་བྱད་དོ་ཅོག་སྤངས་པའོ་ཞེས་པ་ནི་སྔར་སྤང་བའི་ལྟུང་བ་གཅིག་བྱུང་ན་དེ་ནམ་མ་སྤངས་མ་བཤགས་ཀྱི་བར་དུ་ཕྱིས་རྙེད་པའི་ཡོ་བྱད་དོ་ཅོག་སྤང་དགོས་པར་སྟོན་ པའོ། །ཆུང་བའི་དུམ་བུ་ནི་དེ་མ་ཡིན་ཞེས་པ་ནི་གོས་མེས་ཚིག་པའམ་བྱི་བས་ཟོས་པའི་དུམ་བུ་ཁྲུ་གང་ཁོར་ཡུག་ཏུ་མེད་པ་ནི་སྤང་མི་དགོས་པར་སྟོན་ཏེ་ལྟུང་བ་ཉི་ཚེ་ནི་བཤགས་དགོས་སོ། །དགེ་འདུན་གྱི་ཡང་ངོ་ཞེས་པ་ནི་དགེ་འདུན་གྱི་གོས་བདག་གིར་བྱིན་གྱིས་བརླབས་པ་ལས་བྲལ་བར་ གྱུར་ན། བདག་ཉིད་ཀྱི་མ་ཡིན་པའི་ཕྱིར་སྤང་ནི་མི་དགོས་ཀྱི་ལྟུང་བ་བཤགས་དགོས་པའོ། །འདིར་མེད་པ་ཉིད་བརྩན་ནོ་ཞེས་པ་ནི་སྤང་བའི་ལྟུང་བ་འབྱུང་བ་ལས་སྤང་བའི་རྫས་མེས་ཚིག་པ་ལ་སོགས་པའི་རྐྱེན་གྱིས་མེད་པར་གྱུར་ན། མེད་པ་ཉིད་སྤངས་པ་ཡིན་པས་ན་ལྟུང་བ་ཉི་ ཚེ་ཤོགས་ཤིག་པའོ། །འདི་གསུམ་གཏན་པ་བྲུབས་ན་མེད་ཅེས་པ་ནི་གཏན་པ་བྲུབས་པའི་ཚེ་བཅང་བ་དང་། འབྲལ་པ་དང་། ཁ་སོགས་སུ་འཇོག་པ་གསུམ་གྱི་ཉེས་པ་མེད་པར་སྟོན་པའོ།། །།སྤྱིའི་མཚན་ཉིད་དེ་ལྟར་བསྟན་ནས། འཆང་བ་ཉིད་ཀྱི་མཚན་ཉིད་སྟོན་པ་ཡོད་པས་ སོ་ཞེས་པ་ཡིན་ནོ། །ཅི་ཡོད་ཅེ་ན་བདག་གིར་རོ་ཞེས་པ་ཡིན་ཏེ་བདག་གིར་བྱས་པ་ཡོད་ནའོ། །བདག་གིར་བྱས་པའོ་ཅོག་གི་ཡན་ལག་ཏུ་འགྱུར་རམ་ཞེ་ན། ཞག་བཅུར་རྒྱུན་ཆགས་ནའོ་ཞེས་པ་ཡིན་ཏེ། ཞག་བཅུའི་བར་དུ་བདག་གིར་བྱས་ནའོ། །དེ་ཡང་གང་གི་ཚེ་ཉེས་པར་ འགྱུར་ཞེ་ན། ཞག་གཞན་གྱི་དང་པོས་སོ་ཞེས་པ་ཡིན་ཏེ་ཞག་བཅུ་གཅིག་གི་ཐོག་མ་ལ་ཐུག་ན་ཉེས་པར་འགྱུར་བའོ། །ཅི་ཞག་བཅུར་བཅངས་པས་ཉེས་པར་འགྱུར་ཞེ་ན། གོས་ལས་སོ་ཞེས་པ་ཡིན་ཏེ་ལྷུང་བཟེད་དང་སྨན་ལ་སོགས་པ་གཞན་བཅངས་པས་མ་ཡིན་གྱི་གོས་བཅངས་པས་ ཉེས་པར་འགྱུར་བའོ།། །།གོས་སོ་ཅོག་ལས་ཉེས་པར་འགྱུར་རམ་ཞེ་ན། ཚད་ཀྱི་མཐའ་ནི་འཁོར་གསུམ་ཡོག་པའོ་ཞེས་པ་ཡིན་ཏེ། ལྟེ་བ་མན་ཆད་པུས་མོ་གཉིས་ཡན་ཆད་ཀྱི་བར་ཡོག་པ་ཡན་ཆད་ལས་ཉེས་པར་འགྱུར་རོ། །ཚད་དེ་ཙམ་མོ་ཅོག་ལ་ཉེས་པར་འགྱུར་རམ་ཞེ་ན། བྱིན་གྱིས་ མ་བརླབས་ནའོ་ཞེས་པ་ཡིན་ཏེ། རུང་བར་བྱས་བ་ལ་སོགས་པས་བྱིན་གྱིས་མ་བརླབས་ན་ཉེས་པར་འགྱུར་བའོ། །དེ་ཉི་ཚེར་ཡང་མ་ཟད་ཀྱི། བརླབས་ཀྱང་རྒྱུན་ཆགས་པ་དང་ལྡན་ནའོ་ཞེས་པ་ཡིན་ཏེ། སྔར་རྙེད་པ་ནི་བྱིན་གྱིས་མ་བརླབས་པར་ལུས། ཕྱིས་རྙེད་པ་ནི་བྱིན་ གྱིས་བརླབས་པ་ལས་སྔ་མ་ཞག་བཅུ་ལས་འདས་ན་ཕྱི་མ་བྱིན་གྱིས་བརླབས་ཀྱང་མི་ཕན་ཏེ་ཡང་དགོས་པར་སྟོན་པའོ། །དེ་ཅིའི་ཕྱིར་དེ་ལྟ་ཞེ་ན། སྔར་བྱིན་གྱིས་མ་བརླབས་པ་ཡོད་པ་དེ་ཚུན་ཆད་ཀྱི་ཁྲིན་གྱིས་གཞན་ནོ་ཞེས་པ་ཡིན་ཏེ། སྔ་མ་བྱིན་གྱིས་མ་བརླབས་པའི་ཞར་གྱིས་ཕྱི་མ་འང་ སྤང་དགོས་པར་སྟོན་པ་སྟེ་སྔ་མ་ཞག་བཅུ་འདས་པ་བརྩན་གྱི་ཕྱི་མ་བྱིན་གྱིས་བརླབས་ཀྱང་རུང་སྟེ་ཞག་བཅུར་བརྩིའོ། །འཆང་བའི་སྦང་པའོ།། །།ད་ནི་འབྲལ་བའི་སྤང་བ་བསྟན་ཏེ་དེའི་ཞར་ལ་བསྙད་པ་ཇེ་སྟོན་པ་ནི། གདིང་བ་དང་བྲལ་བ་ཉེས་མེད་ཅེས་པ་ཡིན་ཏེ། གདིང་བ་ལ་འབྲལ་བ་མེད་ པར་སྟོན་པའོ། །འབྲལ་བ་མེད་པའི་ཕྱིར་གར་ཡང་བླའམ་ཞེ་ན། གདིང་བ་བཞག་སྟེ་མི་འགྲོ་ཞེས་པ་ཡིན་ཏེ། གར་འགྲོ་དགུར་གདིང་བ་ཁྱེར་ཅིག་པའོ། །གར་འགྲོ་དགུར་གཞག་དུ་ཡེ་མི་རུང་བར་ཁྱེར་རམ་ཞེ་ན་གལ་ཏེ་དེ་ཉིད་དུ་སླར་འཁོར་བ་ཙམ་གྱི་ཚོད་ན་མ་ཡིན་ཞེས་པ་ཡིན་ཏེ། ནུབ་ མོ་སླར་འཁོར་བ་ཙམ་གྱི་ཚོད་ན་མ་ཁྱེར་ཡང་སླ་བའོ། །དེ་ལྟར་བསམས་ཏེ་སོང་བ་ལས་དུས་མ་ཡིན་པར་གྱུར་ན་དེར་གནས་ཞེས་པ་ནི་གོང་མ་ལྟར་བྱས་ཏེ་སོང་བ་ལས་ཕྱིས་པ་ལ་སོགས་པའི་རྐྱེན་གྱིས་སླར་མི་འཁོར་བ་ཙམ་གྱི་ཚོད་ན། དེར་གཞི་ནོན་ཅིག་པའོ། །དེ་བརྙས་ཏེའོ་ཞེས་པ་ནི་དེ་ ལྟར་གཞི་མནན་པའི་ཚེ་གདིང་བ་གཞན་ལས་རྙོས་པ་གཞི་ནོན་ཅིག་པའོ། །བརྙར་མ་རྙེད་ན་ཇི་ལྟར་བྱ་ཞེ་ན། མ་རྙེད་ན་བླ་གོས་བཞི་བལྟབས་སུ་བྱོས་ལ་ཕལ་ཆེར་མེལ་ཚེ་བྱ་ཞེས་པ་ཡིན་ཏེ། བརྙར་མ་རྙེད་ན་ཐབས་འདི་ལྟར་གྱིས་ཤིག་པ་སྟེ་འདི་ཡན་ནི་ཕྲན་ཚེགས་ལས་འབྱུང་བའོ། ། སྦྱར་མ་གཞག་པར་མི་འོས་པའི་གནས་སུ་དབྱར་གྱི་རས་ཆེན་མི་གཞག་ཅེས་པ་ནི་སྦྱར་མ་གཞག་པའི་གནས་འོག་ནས་འབྱུང་བ་མ་ཡིན་བར་དབྱར་གྱི་རས་ཆེན་མ་འཇོག་ཤིག་པའོ། །ཆར་འབབ་ན་མ་ཡིན་ཞེས་པ་ནི་ཆར་པ་བབ་ན་ཡང་རས་ཆེན་མ་འཇིག་ཤིག་པའོ། །ཆུ་བོས་ཆོད་པར་ འགྲོ་ན་མ་ཡིན་ཞེས་པ་ནི་རབ་བརྒལ་བའི་ཚེ་འདིས་བགྲོད་དགོས་པས་ན། ཆུ་བརྐལ་བའི་ཚེའང་མ་འཇོག་པར་ཁྱེར་ཅིག་པའོ། །འདི་དག་གིས་དོགས་ན་མ་ཡིན་གོང་དུ་སྨོས་པ་ལྟ་བུ་དག་གིས་དོགས་ན་ཡང་རས་ཆེན་མ་འཇོག་པར་ཁྱེར་ཅིག་པའོ། །དགེ་སློང་དང་བཅས་སྒོ་འཕར་དང་ བཅས་པར་ལྡན་པའི་གནས་དང་ཆར་འབབ་བཞིན་པ་དང་། འབབ་ཏུ་དོགས་པ་དང་འགྲོ་བར་བྱ་བ་ཆུས་བཙལ་བ་འདི་དག་མ་ཡིན་ལ་སྡོམ་པ་མ་ཐོབ་ཅིང་གཏན་པ་མ་བྲུབས་ན་སྦྱར་མ་མེད་པར་གར་ཡང་མི་འགྲོ་ཞེས་པ་ནི་མིང་གིས་སྨོས་པ་རྣམ་པ་ལྟ་བུ་མ་ཡིན་ཞིང་སྡོམ་པ་ཐོབ་པ་དང་ གཏན་པ་བྲུབས་པའི་གདེང་མེད་ན་ཆོས་གོས་སྦྱར་མ་གཞག་ཏུ་མི་རུང་གིས་གར་འགྲོ་ཡང་ཁྱེར་ཅིག་པའོ། །ཆོས་གོས་ཀྱི་གནས་སུ་མ་ཕྱིན་པ་ལྟ་ན་ཕྱུང་སྟེ་གཞན་ལ་བྱིན་གྱིས་བརླབ་པ་གཉེན་པོའོ་ཞེས་པ་ནི་གལ་ཏེ་ཆར་ལ་སོགས་པས་འཛེམ་སྟེ་བསྐུར་དུ་མི་རུང་ན་སླར་འཁོར་བར་ བསམས་ཏེ། ཆས་པ་ལས་མ་འཁོར་ན། སྔ་མའི་སྔགས་ཡིད་ཀྱིས་ཕྱུང་ལ། ཁྱིམ་པའི་གོས་སྐྱ་བོ་ཡན་ཆད་ཇི་སྙེད་པ་ལ་བྱིན་གྱིས་རློབས་ཤིག་པའོ། །རྒས་ཤིང་ན་བས་སྦྱར་མ་མི་ཐེག་ན་མི་འབྲལ་བའི་སྡོམ་པ་སྦྱིན་ཞེས་པ་ནི་ཆོས་གོས་ཉམས་ཀྱིས་མི་ཐེག་པ་ཙམ་དུ་རྒས་ ཤིང་ན། ཆོས་གོས་དང་འབྲལ་བར་གནང་བའི་སྡོམ་པ་གསོལ་ན་དགེ་འདུན་གྱིས་དེ་ལྟ་བུ་ལ་མི་འབྲལ་བའི་སྡོམ་པ་བྱིན་ཅིག་པའོ། །གོས་གང་ལས་འབྲལ་བར་འགྱུར་ཞེ་ན། སྨྲས་པ། བྱིན་གྱིས་བརླབས་པ་དང་། སྡོམ་པ་མ་ཐོབ་པ་ལས་བྱེད་ཅེས་པ་ཡིན་ཏེ། བྱིན་གྱིས་ བརླབས་པའི་གོས་གསུམ་ལས་གང་ཡང་རུང་བ་དང་། གོང་མ་ལྟ་བུའི་སྡོམ་པ་མ་ཐོབ་པ་ལས་འབྲལ་བར་འགྱུར་རོ། །ནམ་ཡང་རུང་སྟེ་འབྲལ་བར་འགྱུར་རམ་ཞེ་ན། གནས་དེའི་ཉེ་སྤྱོད་དང་བཅས་པ་ལས་གུད་ན་འདུག་སྟེ་སྐྱ་རེངས་ཤར་ནའོ་ཞེས་པ་ཡིན་ཏེ། གནས་གང་དུ་ འདུག་པ་དེའི་ཉེ་སྤྱོད་ལ་ཡང་མ་གཏོགས་པའི་ལོགས་ཤིག་ན་འདུག་འདུག་པ་ལས་སྐྱ་རེངས་ཀྱིས་ཆོད་ན་འབྲལ་བར་སྟོན་པའོ། །དེ་ལ་གནས་ཤེས་པ་དེར་འདུག་པ་ཙམ་གྱིས་གནས་སུ་མི་འགྱུར་བས་ན་དེ་མཚན་ཉིད་སྟོན་པ་ནི། མཚམས་ཡོད་པ་ནི་གནས་ཀྱི་མཐའ་མཚམས་ སོ་ཞེས་པ་ཡིན་ཏེ། །མཚམས་གར་བཅད་པའི་གནས་དེ་ཚུན་ཆད་མཚམས་ཀྱི་མཐའ་སྟོན་པའོ། །བདག་པོ་ཐ་དད་པ་རྣམས་མཚམས་ཀྱིས་བཙལ་བ་བཞིན་དུ་བདག་པོ་གཅིག་གི་གནས་ན་མཚམས་ཀྱིས་བཙལ་བ་ཡང་ཉེས་པར་འགྱུར་རམ་ཞེ་ན། བདག་པོ་ གཅིག་ན་མཚམས་ཀྱིས་བཙལ་བ་ནི་ཐ་དད་དུ་མི་བྱེད་ཅེས་པ་ཡིན་ཏེ་གནས་སྤྱིར་བདག་པོ་གཅིག་དབང་བ་ཞིག་ན་དེའི་ནང་ན་མཚམས་ཀྱིས་བཙལ་བ་ཙམ་ནི་བདག་པོ་བརྩན་བས་མཚམས་ཐ་དད་དུ་མི་འགྱུར་བར་སྟོན་པའོ། །བདག་པོ་ཐ་དད་ན་ཡང་སྒོ་ལ་སོགས་པར་ཐུན་མོང་བ་ཡིན་ཏེ། རྒྱས་ པར་ནི་རྣམ་པར་འབྱེད་པ་ལས་འབྱུང་བ་དང་སྦྱོར་ཅིག །ནོར་དང་ལྟ་བས་མ་བྱེ་བ་ཡང་ངོ་ཞེས་པ་ནི་སྤུན་ལྟ་བུ་ནོར་མ་བགོས་པ་དང་མུ་སྟེགས་ལྟ་བ་མི་མཐུན་པས་མ་ཕྱེ་བའི་གནས་ཀྱང་ཐ་དད་མི་བྱེད་པར་སྟོན་པའོ། །ཡལ་ག་དང་ཡན་ལག་མ་འདྲེས་པ་ནི་གནས་སོ་སོའོ་ཞེས་པ་ནི་ཡལ་གའི་ ཡན་ལག་འདབ་མ་འདྲེས་པ་བཞིན་དུ་ཆོས་གོས་གཞག་སྟེ་བདག་ཀྱང་ཡལ་ག་གཅིག་ལ་འདུག་ན་གནས་ཐ་དད་པས་འབྲལ་བར་འགྱུར་བའོ། །མདོ་ནི་ཐུན་མོང་ངོ་ཞེས་པ་ནི་ཡལ་གའི་མདོ་བདག་གིས་བསྲུངས་སམ། མདོར་ཆོས་གོས་གཞག་ལ་བདག་དེ་ལས་གྱེས་པའི་ཡལ་གར་འདུག་ཀྱང་ འབྲལ་བར་མི་འགྱུར་བའོ། །རྩ་བའི་རྩ་བ་ལ་སོགས་པ་ཡང་ངོ་ཞེས་པ་ནི་ཡལ་ག་རྣམས་ཀྱི་རྩ་བ་ནི་སྡོང་པོ་སྡོང་པོའི་དྲུངས་ནི་རྩ་བས་ན། རྩ་བ་བདག་གིས་བསྲུངས་སམ་རྩ་བར་ཆོས་གོས་བཞག་ལ་བདག་སྟེང་དུ་འཛེགས་ན་ཡང་འབྲལ་བར་མི་འགྱུར་ཏེ། སྩོགས་པ་ཞེས་པའི་ནང་དུ་ནི་ རྩ་བས་གར་སླེབས་པའི་ས་ཁྱོན་ཡང་བསྡུ་བར་སྟོན་པའོ། །ཤིང་གི་ལོ་མ་དང་འདབ་མས་འདབ་ཆགས་པ་ནི་གནས་གཅིག་གོ་ཞེས་པ་ནི་ཤིང་གི་ལོ་མ་དང་འདབ་མ་འདབ་ཆགས་འབྲེལ་པར་འདུག་ན་གནས་གཅིག་པར་སྟོན་པའོ། །ཁེབས་པ་བཞིན་དུ་འོག་གི་ཕྱོགས་ཀྱང་དེར་ཆུད་དོ་ ཞེས་པ་ནི་ཐོག་བོར་བའི་འོག་ཏུ་ཇི་སྙེད་འདུས་པ་ཀུན་དེའི་འོག་ཏུ་གཏོགས་པས་ན། ཆོས་གོས་སྟེང་དུ་གཞག་ལ་བདག་འོག་ཏུ་འདུག་ཀྱང་རུང་བར་སྟོན་པའོ། །གྲུ་དང་ཤིང་རྟ་ཡང་ངོ་ཞེས་པ་ནི་གྲུ་དང་ཤིང་རྟས་ཇི་སྙེད་ཁེབས་པ་ཡང་དེའི་འོག་ཏུ་གཏོགས་པས་ན་ཆོས་གོས་སྟེང་དུ་བཞག་ལ་ བདག་འོག་ཏུ་འདུག་ཡང་མི་འབྲལ། མཚམས་མེད་ན་ཡན་ལག་གིས་ཁེབས་པ་མཐའོ་ཞེས་པ་ནི་མཚམས་མེད་པའི་ཐང་བུ་ལ་འདུག་ན་བདག་གི་ལུས་ཀྱིས་མི་ཁེབས་པའི་ཚུན་ཆད་གནས་སུ་སྟོན་པའོ། །གནས་དེ་དག་ལྟར་བསྟན་ནས་ད་ནི་ཉེ་སྤྱོད་སྟོན་ཏེ་དེའང་འཇུག་པ་དང་མཁོ་ བའོ། །དེ་ལ་འཇུག་པ་ནི། འདོམ་གང་འཁོར་ཡུག་ནི་ཉེ་སྤྱོད་དོ་ཞེས་པ་ཡིན་ཏེ། གནས་ཀྱི་མཚམས་ལས་འདོམ་གང་ཁོར་ཡུག་ཚུན་ཆད་འཆག་ས་ལ་སོགས་པ་བཤང་བའི་འགྲུལ་ཟགས་འཇུག་ཅིང་ཉེ་བར་སྤྱོད་པའོ། །དེའི་ཁྱད་པར་གྲོང་རྣམ་པ་གསུམ་གྱི་ཉེ་སྤྱོད་སྟོན་པ་ནི། གྲོང་རྩིག་པས་བསྐོར་ན་འོད་མའི་ཤིང་རྟ་ཕྱུགས་དྲུག་དང་ལྡན་པས་ཇི་ཙམ་ཁེབས་པ་དང་། བྱ་གག་འབབས་པའི་ཁྱོན་ནམ་ལམ་མོ་ཞེས་པ་ལ་སོགས་པ་ཡིན་ཏེ། གྲོང་ར་བས་བསྐོར་བ་ཞིག་ན་དེའི་ཉེ་སྤྱོད་ཀྱི་ཚད་མིང་གིས་སྨོས་པ་འདི་ཙམ་གྱིས་ཟུང་ཤིག་པའོ། །ཤིང་ཐབས་ཀྱིས་ བསྐོར་ན་ར་ལུག་གི་རྡུལ་ཏམ་མི་རང་བཞིན་གྱིས་འཛེམ་པ་ཅན་གྱི་བཤང་སའི་ལམ་མོ་ཞེས་པ་ནི་གྲོང་ཤིང་ཐགས་ཀྱིས་བསྐོར་བ་ཞིག་ན་དེའི་ཉེ་སྤྱོད་ཀྱི་ས་ཚིགས་མིང་གིས་སྨོས་པ་འདི་ཙམ་གྱིས་ཟུང་ཤིག་པའོ། །འོབས་ཀྱིས་བསྐོར་ན་སྐས་ཐེམ་པ་བཅུ་གཉིས་པའམ་ཕྱག་དར་གྱི་ བོང་རྡོ་རགས་པའི་ལམ་མོ་ཞེས་པ་ནི་གྲོང་འོབས་ཀྱིས་བསྐོར་བ་ཞིག་ན། དེའི་ཉེ་སྤྱོད་ཀྱི་ས་ཚིགས་མིང་གིས་སྨོས་པ་འདི་ཙམ་གྱིས་ཟུང་ཤིག །འཇུག་པའི་ཉེ་སྤྱོད་དེ་ལྟར་བསྟན་ནས། མཁོ་བའི་ཉེ་སྤྱོད་སྟོན་པ་ནི། དེའི་གནས་ནི་གོ་རེ་ལོང་དང་། འགྲོ་བ་དང་འདུག་པ་དང་ཐུལ་ ཡབས་ཀྱིས་ཇི་ཙམ་སླེབས་པའི་ཁོངས་སོ་ཞེས་པ་ཡིན་ཏེ། མཁོ་བའི་ཉེ་སྤྱོད་ཀྱི་ས་ཚིགས་མིང་གིས་སྨོས་པ་འདི་ཙམ་གྱིས་ཟུང་ཤིག་པའོ། །ལམ་དུ་ཞུགས་པའི་མི་དང་མ་བྲལ་ལ་མཚམས་མེད་ན་འདོམ་བཞི་བཅུ་དགུའོ་ཞེས་པ་ནི་ལམ་ཐོག་ཐག་ཏུ་སོང་ལ་ར་བ་ལ་ སོགས་པའི་མཚམས་ཀྱིས་ཀྱང་མ་བཙལ་ན། ཆོས་གོས་ཁྱེར་བ་དང་བདག་གི་བར་ན་འདོམ་བཞི་བཅུ་དགུས་ཆོད་ཀྱང་བྲལ་བར་མི་འགྱུར་བའོ། མཚམས་གཞན་མ་ཡིན་ཞེས་པ་ནི་མཚམས་གཞན་དང་འདམ་ན་མཚམས་སུ་མི་ཆུད་པར་སྟོན་པའོ། །དཀྱིལ་ནས་རྒྱང་གྲགས་ ཕན་ཆད་ནི་ཐ་དད་དོ་ཞེས་པ་ནི་ས་ཁྱོན་རིང་མོ་ཞིག་ཏུ་ཤིང་ལོ་འདབ་ཆགས་པ་ཞིག་ཏུ་འདུག་ན། དབུས་ནས་རྒྱང་གྲགས་ཁོར་ཡུག་ཚུན་ཆད་མཚམས་སུ་བརྩིའོ། །དེ་ཕན་ཆད་མཚམས་སུ་མ་བརྩི་ཤིག་པའོ། །འབྲལ་བའི་སྤང་བ་རྣམ་པར་འབྱེད་པའོ།། །།འབྲལ་ བ་ཞུས་པ་ལས་འབྱུང་བ་སྟོན་པ་ནི་དམ་དུམ་གྱུར་ཀྱང་བྱིན་གྱིས་བརླབས་པ་མི་ཡལ་ཞེས་པ་ལ་སོགས་པ་ཡིན་ཏེ། བྱིན་གྱིས་བརླབས་པའི་གོས་རྙིང་པ་ལ་སོགས་པས་དམ་དུམ་གྱུར་ཀྱང་བདག་གི་མ་ཡིན་པར་མི་འགྱུར་བས་ན། བྱིན་གྱིས་བརླབས་པ་ཡལ་བར་མི་འགྱུར་བར་སྟོན་ པའོ། །སྤང་བ་ལ་མི་འཆགས་པ་མ་ཡིན་ཞེས་པ་ནི་སྤང་བར་འགྱུར་བའི་གོས་ལ་བྱིན་གྱིས་བརླབས་ནའང་སྔགས་ནི་མི་འཆགས་པ་མེད་པར་སྟོན་པའོ། །དགེ་འདུན་གྱི་ཡང་ངོ་ཞེས་པ་ནི་དགེ་འདུན་གྱི་གོས་ལ་བྱིན་གྱིས་བརླབས་ནའང་མི་འཆགས་པ་མེད་པར་སྟོན་པའོ། །འདི་ལས་འབྲལ་བར་ ཡང་འགྱུར་ཞེས་པ་ནི་དགེ་འདུན་གྱི་གོས་དེ་བདག་གི་མ་ཡིན་དུ་ཟིན་ཀྱང་བྱིན་གྱིས་བརླབས་ན་འབྲལ་བར་འགྱུར་བར་སྟོན་པའོ། །གཞན་གནས་ཀྱང་གཞན་གྱི་གནས་སུ་མི་འགྱུར་ཞེས་པ་ནི་བདག་གི་གནས་སུ་ཁྱིམ་པ་ལ་སོགས་པ་ཕྱི་མི་གཞན་འདུག་ཀྱང་། བདག་གི་གནས་སུ་འགྱུར་བ་ མ་ཡིན་པའོ། །དེ་ཅིར་སྟོན་ཅེ་ན་བདག་གི་གནས་སུ་ཕྱི་མི་འདུག་ཀྱང་འབྲལ་བའི་ཉེན་དུ་མི་འགྱུར་བར་སྟོན་པའོ། །ལྟ་བ་ཞེས་པ་གཞན་དང་འདིའི་ཆོས་སུ་མ་ཆུད་པ་མ་ཡིན་ཞེས་པ་ནི་བདག་ཅག་མུ་སྟེགས་པ་གཞན་གྱི་གནས་ཀྱིས་བསྐལ་ན། གོང་དུ་ལྟ་བས་བསྐལ་ཞེས་སྨོས་པའི་ནང་ དུ་འདུས་པར་སྟོན་པའོ། །སྒོ་གང་ཐུན་མོང་མ་ཡིན་ཞེས་པ་ནི་སྒོ་གང་ཐུན་མོང་བའི་ནང་དུ་འདུས་པར་སྟོན་པའོ། །ནོར་ཞེས་པས་ནི་ཕ་དང་བུར་ཡང་མ་ཡིན་ཞེས་པ་ནི་ཕ་དང་བུར་སྒོ་བྱེ་ན་ཡང་། གོང་དུ་ནོར་ཞེས་སྨོས་པའི་ཁོངས་སུ་འདུས་པར་སྟོན་པའོ། །སྤངས་པ་ཡང་དེ་བཞིན་ཞེས་པ་ནི་ ལྷུང་བཟེད་ཁས་ཕུབ་པ་ཡང་དེའི་ཚུལ་ལས་འགྱུར་ཏེ་ན་རོ་བགོས་སམ་མ་བགོས་པ་དང་སྦྱོར་བའོ། །སྨྱེན་གནས་ཀྱང་ངོ་ཞེས་པ་ནི་དུ་མ་སྨྱེན་ངན་ཅིག་ཅར་དུ་སྤྱོད་ན་དེ་དག་ལ་ནོར་བགོས་སམ་མ་བགོས་པ་ལས་ལྟུང་བ་མང་ཉུང་གི་གྲངས་སུ་འགྱུར་བར་སྟོན་པའོ། །འདི་གྲོང་གིར་འགྱུར་གྱི་ གཙུག་ལག་ཁང་གི་ཉེ་སྤྱོད་མ་ཡིན་ཞེས་པ་ནི་གྲོང་དང་གཙུག་ལག་ཁང་གི་བར་ན་འདོམ་གང་ལས་མེད་པ་ཞིག་ན། དེ་གྲོང་གི་ཉེ་སྤྱོད་དུ་འགྱུར་གྱི་གཙུག་ལག་ཁང་དུ་མ་ཡིན་པར་སྟོན་པ་ནི། ཁྱིམ་པ་ཡོད་ན་དེའི་ཐན་ཁོར་མཚམས་བཅད་པའི་ཁོངས་སུ་མི་རུང་བ་བཞིན་ནོ། །འབྲལ་བའི་ སྤངས་པ་ཞུས་པའོ། །འབྲལ་བའི་སྤངས་པའོ།། །།ཟླ་བའི་སྤང་བ་འཆད་པར་འདོད་པ་ནི། ལངས་སུ་རེ་བ་མེད་ན་ཆུང་སྟེ་ཁྲུ་གང་ཁོར་ཡུག་པའང་རངས་པ་བཞིན་ཞེས་པ་ཡིན་ཏེ་ཕྱི་མ་རྙེད་དུ་རེ་བ་མེད་ན་ནི་ཆུང་བའི་ཚད་ཁྲུ་གང་ཁོར་ཡུག་པ་ཡན་ཆད་ཀྱང་འཁོར་གསུམ་ཡོག་པའི་ རངས་པ་དང་འདྲ་སྟེ། ཞག་བཅུ་འདས་ན་སྤང་བར་འགྱུར་བའོ། །བྱིན་གྱིས་བརླབས་པ་ཡང་ཡོད་ན་ཡང་ངོ་ཞེས་པ་ནི་བྱིན་གྱིས་བརླབས་པའི་ཆོས་གོས་གསུམ་ཡོད་ན་གདོད་གོང་མ་ལྟར་འགྱུར་བའོ། །ཇི་ལྟར་ན་འཇོག་པའི་སྤང་བར་འགྱུར་ཞེ་ན། གཞན་དུ་ན་ཞག་སུམ་ཅུ་འདས་ནའོ་ཞེས་ པ་ཡིན་ཏེ་མདོ་གོང་མ་གཉིས་ལྟར་མ་ཡིན་ན་ཞག་སུམ་ཅུ་འདས་པར་བཞག་པས་སྤངས་པར་འགྱུར་བའོ། །ཁ་དོག་ལ་སོགས་པ་མི་འདྲ་བ་ནི་མ་འདས་པའོ་ཞེས་པ་ནི་སྔ་མ་རྙེད་ཟིན་པ་དང་། ཕྱིས་རྙེད་དུ་རེ་བ་གཉིས་སེར་པོ་འམ་དམར་པོ་ལ་སོགས་པ་ཁ་དོག་སྲེལ་ཞིང་གྱུར་ཏེ། མི་ མཐུན་ན་མ་རངས་པ་དང་འདྲ་བས་གཞག་པར་མ་བྱེད་ཅིག་པའོ། །དེ་ལ་སོགས་ཞེས་པ་ནི་བལ་དང་རས་ལྟ་བུའམ་རས་དང་ཟར་མ་ལྟ་བུའམ། སྟུག་སྲབ་ཀྱི་ཁྱད་ཡོད་པ་ལ་སོགས་པ་རིགས་པ་མི་འདྲ་བ་རྣམས་ལ་བྱའོ། །དཀར་པོ་ནི་ཁ་དོག་ཐམས་ཅད་དོ་ཞེས་པ་ནི་དཀར་པོ་ནི་སྔར་ རྙེད་ཀྱང་རུང་ཕྱིས་རྙེད་ཀྱང་རུང་བར་སྟོན་པའོ། །དེར་གྲུབ་ན་བཅུ་ཚོགས་སྔ་མ་དེར་གཏོགས་ཞེས་པ་ནི་ཟླ་བ་གཅིག་ཏུ་སྩོགས་པར་འཇོག་པ། དང་པོ་ཚེས་གཅིག་ལ་རྙེད་དེ་བཞག་པའི་ཁ་སྩོགས་ཕྱི་མ་ཞག་བཞིའམ་ལྔ་ལོན་ཏེ་རྙེད་ན་ཞག་བཅུ་མ་འདས་པར་བྱིན་གྱིས་རློབས་ཤིག་པའོ། ། དེ་སྟེ་ཞག་བཅུ་ཐལ་ན་སྤང་བར་སྟོན་པའོ། །དེ་བཞིན་ཉི་ཤུ་དང་སུམ་ཅུ་ཐལ་ན་ཉེས་པར་འགྱུར་བའོ། །གོས་ཅི་འདྲ་བ་དང་ཚད་ཇི་ཙམ་པ་ལ་བྱིན་གྱིས་བརླབས་པ་འཆགས་པ་དང་། བཟློག་ན་སྤང་བར་འགྱུར་བ་རྣམས་འདི་མན་ཆད་སྟོན་ཏེ། མ་སྤྱད་ན་སྦྱར་མའི་མཐའ་ནི་ཉི་རིམ་མོ་ ཞེས་པ་ནི་གསར་ལས་སྦྱར་འདྲུབ་ན་ཉི་རིམ་ཚུན་ཆད་དུ་གྱིས་ཤིག་པའོ། །གདིང་བ་ཡང་ངོ་ཞེས་པ་ནི་གདིང་བ་ཡང་གསར་ལས་འདྲུབ་ན་ཉི་རིམ་ཚུན་ཆད་དུ་གྱིས་ཤིག་པའོ། །སྟོད་གཡོགས་སྨད་གཡོགས་ནི་ཆིག་ཐང་ངོ་ཞེས་པ་ནི་འདི་གཉིས་གསར་ལས་བྱེད་ན་ གཅིག་ཐང་དུ་གྱིས་ཤིག་པའོ། །དུས་སུ་དེངས་ན་ཉི་རིམ་མོ་ཞེས་པ་ནི་གོང་དུ་སྨོས་པའི་གོས་འདི་དག་དཔྱིད་དང་དབྱར་དང་དགུན་དང་དུས་གསུམ་གྱི་ཟླ་བ་བཞི་གང་ཡང་རུང་བ་ཅིག་ཐལ་བར་སྤྱད་ན། ཐང་བ་ཉི་རིམ་དུ་བྱ་བ་ནས་སྦྱར་མ་བཞི་རིམ་དུ་བྱ་བའི་བར་དུ་ལྟ་བས་རེས་ཀློག་ཤིག་པའོ། ། ཕྱག་དར་ཁྲོད་ཀྱི་ནི་ངེས་པ་མེད་ཅེས་པ་ནི་ཕྱག་དར་ཁྲོད་པ་ལས་འདྲུབ་ན་རིམ་དུ་བྱ་བ་ཆད་པ་མེད་དོ། །དེངས་ཤིང་བསྲབས་ན་ལྷན་པ་ཅི་དྲན་དུ་གདབ་ཅེས་པ་ནི་སྤྱད་སྤྱད་དེ་དེངས་སམ་སྒོས་བཤུད་པ་ལ་སོགས་པའི་རྐྱེན་གྱིས་རྡོལ་དུ་ཆ་ན་ལྷན་པ་གར་འོས་པར་ཅི་དྲན་དུ་ཐོབ་ཤིག་པའོ། །ལྷག་པར་ མི་བྱ་ཞེས་པ་ནི་དུ་རིམ་དུ་བྱས་པའི་ཚད་གོང་དུ་བསྟན་པ་ལས་ལྷག་པར་བྱས་སམ་ལྷན་ཅིག་དྲན་དུ་བབ་པ་ལས་ལྷག་སྟེ། ཀུན་ཡོག་པ་བཏབ་ན་ཉེས་བྱས་སུ་འགྱུར་བར་སྟོན་པའོ། །སྤོང་བར་ཡང་བྱེད་ཅེས་པ་ནི་རིམ་པ་ལྷག་པ་ལ་སོགས་པ་གོང་མ་ལྟར་བྱས་ན་སྤང་བར་འགྱུར་བར་སྟོན་པའོ། ། བཅོས་ནས་འདི་ཉིད་དང་སྦྱར་རོ་ཞེས་པའི་སེམས་མ་བསྐྱེད་པར་རུང་བར་མི་དབྲལ་ཞེས་པ་སྦྱར་མ་དྲི་མས་གོས་སམ་ཁ་དོག་ཡལ་བ་འཆོས་པར་འདོད་ན་འཕྲལ་ལ་སླར་འདི་ཉིད་དང་སྦྱར་རོ་ཞེས་པའི་སེམས་སམ་བསྐྱེད་པར་གཟུ་ལུམས་སུ་སྦྱར་མས་འབྱེད་ཅིག་པའོ། །ཇི་ལྟར་ཡང་རུང་སྟེ་ ཕྲལ་བ་ལས་མ་སྦྱར་གྱི་བར་དུ་སྤོང་བར་བྱེད་ཅེས་པ་ནི་གོང་མ་ལྟར་བྱས་ཏེ་དྲལ་ཏམ་གཟུ་ལུམས་སུ་དྲལ་ཀྱང་རུང་སྟེ་ཕྲལ་བ་ལས་ཞག་བཅུ་ཐལ་གྱི་བར་དུ་མ་སྦྱར་བར་ལུས་ན་སྤང་བར་འགྱུར་བའོ། །སྦྱར་མ་སྟོན་པའི་སྐབས་སུ་དེ་དང་འབྲེལ་བ་སྟོན་པ་ནི། སྦྱར་མའི་ཚལ་བུ་ནི་དགུ་ནས་ཉི་ཤུ་ ལྔའི་བར་དུ་སྟེ་ཟུང་བཏང་ཞེས་པ་ནི་སྦྱར་མ་འདྲུབ་པའི་ཚལ་བུ་དགུ་པ་ནས་ཉི་ཤུ་ལྔའི་བར་དུ་གྲངས་ཟུང་དུ་འགྱུར་བ་བཅུ་དང་བཅུ་གཉིས་ལ་སོགས་པ་ཁོལ་གྱིས་ཤིག་པའོ། །དེ་ལས་ལྷག་པར་མི་བྱ་བ་སྟོན་པ་ནི། འདི་ལས་ལྷག་པ་བེམ་བུའོ་ཞེས་པ་ཡིན་ཏེ། ཚལ་བུ་ཉི་ཤུ་ལྔ་ལས་ལྷག་ པར་བྱས་ན་ཚེམ་བུའམ་བེམ་བུར་འགྱུར་བས་ནམ་བྱེད་ཅིག་པར་སྟོན་པའོ། །ཚལ་བུ་དེའི་དཀྱིལ་འཁོར་རངས་དང་ཕྱེད་ཀྱི་རིམ་པ་ཇི་ལྟར་བྱས་བ་སྟོན་པ་ནི། དེ་ལ་དང་པོ་གསུམ་ནི་དཀྱིལ་འཁོར་ཕྱེད་དང་གསུམ་པའོ་ཞེས་པ་ལ་སོགས་པ་ཡིན་ཏེ་དེ་ལ་དང་པོའི་ཚལ་བུ་དགུ་པ་དང་བཅུ་གཅིག་ པ་དང་བཅུ་གསུམ་པ་གསུམ་དཀྱིལ་འཁོར་ནི་ཕྱེད་དང་གསུམ་གྱིས་ཤིག་པའོ། །གཉིས་པ་ནི་དཀྱིལ་འཁོར་ཕྱེད་དང་བཞིའོ་ཞེས་པ་ནི་ཚལ་བུ་བཅོ་ལྔ་པ་དང་བཅུ་བདུན་པ་དང་བཅུ་དགུ་པ་གསུམ་གྱི་དཀྱིལ་འཁོར་ཕྱེད་དང་བཞིར་གྱིས་ཤིག་པའོ། །གསུམ་པ་ནི་དཀྱིལ་འཁོར་ཕྱེད་དང་ལྔའོ་ ཞེས་པ་ནི་ཚལ་བུ་ཉི་ཤུ་གཅིག་པ་དང་ཉི་ཤུ་གསུམ་པ་དང་ཉི་ཤུ་ལྔ་པ་གསུམ་གྱི་དཀྱིལ་འཁོར་ཕྱེད་དང་ལྔར་གྱིས་ཤིག་པའོ། །དེ་ལ་སྟོད་གཡོགས་ཀྱི་ཚལ་བུ་ནི་བདུན་པ་དཀྱིལ་འཁོར་ནི་ཕྱེད་དང་གསུམ་པའོ། །སྨད་གཡོགས་ཀྱི་ཚལ་བུ་ནི་ལྔ་པ་དཀྱིལ་འཁོར་ནི་ཕྱེད་དང་དོ་བའོ། །འདི་ གཉིས་ཀྱི་དཀྱིལ་འཁོར་དང་ཚལ་བུ་གཞུང་ལས་ཅི་ཕྱིར་མི་འབྱུང་ཞེ་ན། བཅད་ཅིང་གཏུབས་པ་ངེས་པ་མེད་པའི་ཕྱིར་རོ། །འོ་ན་ཚལ་བུ་དང་དཀྱིལ་འཁོར་གྱི་ཚད་འདི་སྐད་དུ་ཅི་ཕྱིར་བསྟན་ཞེ་ན། དེ་ནི་ཚེ་དང་ལྡན་པ་དག་དགོངས་ཤིག །བདག་དགེ་སློང་མིང་འདི་ཞེས་བགྱི་བའི་གོས་ འདི་སྟོད་གཡོགས་སུ་བྱིན་གྱིས་བརླབས་ཏེ་འདོད་ན་དཀྱིལ་འཁོར་ཕྱེད་དང་གསུམ་པའི་བདུན་པར་བྱའོ། །བར་ཆད་མ་བྱུང་ན་བཀྲུ། གདིང་། སྦྱར། བསྡེབ། བཙོ། གླན། དྲུབ་རྣམས་རྐྱེན་ཇི་བཞིན་དུ་བྱའོ་ཞེས་པ་དང་དེ་བཞིན་དུ་བདག་གི་གོས་འདི་བྱིན་གྱིས་བརླབས་ཏེ། འདོད་ན་ དཀྱིལ་འཁོར་ཕྱེད་དང་གསུམ་པའི་ལྔ་པར་བྱའོ་ཞེས་པ་ལ་སོགས་པའི་སྔགས་ལས་འབྱུང་བས་ན་འདི་སྐད་དུ་སྨོས་པ་ཡིན་ནོ། །དེ་ལྟ་བུས་ན་འདི་དག་བསྡམས་པར་ཟད་ཀྱིས་གཅད་དུ་མི་རུང་བ་མེད་ཞུས་པའི་མ་མོ་ལས་ཀྱང་སྦྱར་མ་ནི་མི་བཅད་དུ་མི་རུང་གི་སྟོད་གཡོགས་དང་སྨད་གཡོགས་ དང་ལ་ནི་ཆད་པ་མེད་དོ་ཞེས་འབྱུང་བ་ལ་སོགས་པ་ཡིན་ནོ། །སྦྱར་མ་ལ་སོགས་ཆོས་གོས་འདི་དག་གི་ཚད་ཇི་ཙམ་ཞེས་བྱིན་གྱིས་བརླབས་ཆེན་པོ་ནི་ཉིད་ཀྱི་ཁྲུ་གསུམ་དང་ལྔའོ་ཞེས་པ་ལ་སོགས་པ་ཡིན་ཏེ་ཆེན་པོའི་ཚད་ནི་སྲིད་དུ་ཁྲུ་ལྔ་ཞེང་དུ་ཁྲུ་གསུམ་པར་གྱིས་ཤིག་པའོ། །ཆུང་ངུ་ནི་ཁྲུ་ཚད་ ཀྱིས་གཉི་གར་བསྒྱུར་ཞེས་པ་ནི་ཆེ་ཆུང་གི་ཚད་སྲིད་དུ་ཁྲུ་ཕྱེད་དང་ལྔ། ཞེང་དུ་ནི་ཁྲུ་ཕྱེད་དང་གསུམ་གྱིས་ཤིག་པའོ། །བར་མ་ནི་འབྲིང་གི་ཚད་དོ་ཞེས་པ་ནི། ཆེ་ཆུང་གི་ཚད་གོང་དུ་སྨོས་པའི་བར་མ་ནི། འབྲིང་གི་ཚད་ཡིན་པར་སྟོན་པའོ། །སྨད་གཡོགས་ཀྱི་ཚ