Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 164
Văn bản gốc(Tây Tạng)
Trang 2 / 18 (50.000 ký tự/trang)
་ཕྲག་མིག་ཤིན་ཏུ་སྒུར། །མཇེ་རྡུམ་དང་ནི་རླིག་ཆེན་རླིག་ གཅིག་རླིག་མེད་པ། །རིང་རབ་ཐུང་རབ་དང་ནི་སྐེམ་པོ་ཞན་རབ་དང་། །ལྤགས་མདོག་རྣམ་བཞི་གྱལ་བ་གྱོལ་བ་དེ་དག་ཀྱང་། །ཞེས་པ་ཡིན་ཏེ། ལུས་ཀྱི་སྐྱོན་མིང་གིས་སྨོས་པ་འདི་རྣམས་དང་ལྡན་ན་རབ་ཏུ་མི་དབྱུང་བར་སྟོན་པའོ། །དེ་ལ་སེང་གེའི་སྐྲ་ཞེས་པ་ནི་ཡིད་ཀྱིས་སྔོ་བ་ལྟ་བུའང་ལྕང་ལོར་འདུག་པའོ། ། སེར་བ་དང་སྔོ་བ་དང་དཀར་བ་ནི་རང་བཞིན་གྱིས་དེ་ལྟར་འདུག་པ་ལ་བྱ། གླང་པོའི་སྐྲ་ཞེས་པ་ནི་ཉག་མ་རེ་རེ་ཕ་ཟད་ཚུ་ཟད་སྲབ་མོར་འདུག་པ་ལ་བྱ། སྦོམ་རབ་ཅེས་པ་ནི་མི་ཚོར་བ་ཤ་ཁུར་གྱིས་ནོན་པ་ལ་བྱ། གླེབས་པ་ཞེས་པ་ནི་ནས་འབྲས་ཀྱི་ཆན་གཏུན་གྱིས་བརྡུངས་བ་ལྟ་བུར་ལུས་སམ་མགོ་ ལེབ་ལེབ་པོར་འདུག་པ་ལ་བྱ། མཆིང་མིག་ཅེས་པ་ནི་མིག་མཐིང་བུ་དང་འདྲ་བར་སྔོ་བ་ལ་བྱ། ཆུ་བུར་མིག་ཅེས་པ་ནི་མིག་གི་འབྲས་བུ་ཆུ་བུར་དང་འདྲ་བར་ཕྱི་རོལ་དུ་རློ་རློ་པོ་འམ་མྱུག་མྱུག་པོ་འབྱུང་བ་ལ་བྱ། སྣ་གཅིག་ཅེས་པ་ནི་སྣའི་བུ་ག་གཅིག་པོར་ཡོད་པའོ། །སྣ་མེད་ཅེས་པ་ནི་བུ་ག་གཉིས་མེད་ པའམ། སྣ་དངོས་པོ་མེད་པའོ། །ཀོསྐོ་གཅིག་ཅེས་པ་ནི་ཀོསྐོ་མདུང་རྩེ་ལྟ་བུར་འདུག་པའོ། །མགྲིན་མེད་ཅེས་པ་ནི་མགྲིན་པ་རོར་ནུབ་པའོ། །ཕྲག་མིག་ཅེས་པ་ནི་མགྲིན་པ་རོར་ནུབ་པའི་མིག་ཕྲག་པ་དང་མཉམ་པར་འདུག་པའམ་ཕྲག་པ་གཡས་གཡོན་ལ་མིག་ཡོད་པའོ། །རླིག་ཆེན་ཞེས་པ་ནི་རླིག་པ་ རླུང་གིས་རྒྱས་ཏེ་འབབ་པའོ། །རླིག་གཅིག་ཅེས་པ་ནི་རླིག་པ་འབྲས་བུ་གཅིག་པའོ། །ལྤགས་མདོག་རྣམ་བཞི་ཞེས་པ་ནི་སྔོན་པོ་དང་སེར་པོ་དང་དམར་པོ་དང་སྐྱ་བོ་བཞི་ལྷའི་མདོག་ལྟར་བཟང་བ་མ་ཡིན་པ་འདི་བཞི་གང་དང་ལྡན་ནའང་མི་རུང་། གྱལ་བ་ཞེས་པ་ནི་གྱལ་བ་དངོས་ཀྱང་ཡིན། རྐང་པ་འཆེལ་ ཞིང་འགྲོ་བ་ལྟ་བུར་ཡང་འཆད། གྱོལ་བ་ཞེས་པ་ནི་གྱོལ་བ་དངོས་ཀྱང་ཡིན་རྐང་པ་གཅིག་གི་སྟེང་དུ་གཅིག་འཇོག་ཅིང་འགྲོ་བ་ལྟ་བུར་ཡང་འཆད། རྣམ་པ་འདི་ལྟ་བུ་དག་ཀྱང་བཀག་པ་བཞིན་དུ་རིག་པར་བྱའོ་ཞེས་པ་ནི། གོང་དུ་རབ་ཏུ་དབྱུང་བའི་དངོས་པོ་བསྟན་པའི་ཚེ་ལག་རྡུམ་ལ་སོགས་པ་མི་རུང་ བར་བཀག་པ་བཞིན་དུ་སེང་གེའི་སྐྲ་ལ་སོགས་པ་གོང་དུ་སྨོས་པ་འདི་རྣམས་ཀྱང་དགག་པ་རིག་པར་གྱིས་ཤིག་པའོ། །སྐྱོན་གོང་དུ་སྨོས་པ་ལྟ་བུ་དང་ལྡན་པ་རྣམས་གལ་ཏེ་རབ་ཏུ་བྱུང་ན་ཇི་ལྟར་བྱ་ཞེ་ན་རིགས་དང་ལུས་ཀྱི་སྐྱོན་ཅན་རབ་ཏུ་བྱུང་ན་ཉེ་བར་མི་གཞག་ཅེས་པ་ཡིན་ཏེ། དེ་ལ་རིགས་ཀྱི་སྐྱོན་ནི་མཉེད་ པ་ལ་སོགས་པའོ། །ལུས་ཀྱི་སྐྱོན་ནི་མདོག་དང་དབྱིབས་ངན་པ་གོང་དུ་སྨོས་པ་རྣམས་སོ། །གཅིག་ཅིག་གིས་ཅིག་ཅར་དུ་མ་བསྙེན་པར་རྫོགས་པར་བྱར་རུང་ངམ་ཞེ་ན། གཅིག་མ་ཡིན་པ་མཁན་པོ་གཅིག་གིས་ཅིག་ཅར་གསུམ་མན་ཆད་བསྙེན་པར་རྫོགས་པར་རུང་ངོ་ཞེས་པ་ཡིན་ཏེ། མཁན་པོ་ཡང་གཅིག་ གསོལ་བ་ལ་སོགས་ཏེ་ལས་ཀྱང་གཅིག་མ་ཡིན་པ་སྟེ། མི་གསུམ་མན་ཆད་བསྙེན་པར་རྫོགས་པར་བྱས་ན་ཡང་མི་རུང་བ་མེད་པར་སྟོན་པའོ། །བཞི་མན་ཆད་ཅི་ཕྱིར་མི་རུང་ཞེ་ན། ཚོགས་ཀྱིས་ཚོགས་ཀྱི་ལས་མི་བྱའོ་ཞེས་འབྱུང་བའི་ཕྱིར་རོ། །ཅིག་ཅར་བསྙེན་པར་རྫོགས་པ་དེ་དག་གིས་ཕྱག་ཇི་ལྟར་བྱ་ ཞེ་ན། དུས་མ་ཉམས་པ་རྣམས་གཅིག་ལ་གཅིག་ཕྱག་བྱ་བ་མེད་དོ་ཞེས་པ་ཡིན་ནོ། །དེ་དག་རྙེད་པ་དང་ལས་སུ་གཞུག་པ་གང་སྔ་ཞེ་ན། ཕྱིན་པ་སྔུན་དུའོ་ཞེས་པ་ཡིན་ཏེ། རྙེད་པའམ་ལས་སུ་བསྐོ་བའི་ཚེ་གང་སྔར་འོངས་པ་དེ་བརྩན་པར་བྱས་ཏེ། རྙེད་པ་ཞིག་ནའང་དེས་ཐོབ་ལས་སུ་གཞུག་ན་ཡང་དེ་ སྔར་བསྐོ་བའོ། །རབ་ཏུ་འབྱུང་བའི་ཚེ་སྐྲ་བྲེགས་ཞེས་ཀྱང་འབྱུང་བས་ན་སྐྲ་བྲེགས་པའི་ཆོ་ག་<པྲན་‚ཕྲན་>ཚེགས་ལས་འབྱུང་བ་རྣམས་ཀྱང་ཅིག་ཅར་དུ་བསྡུས་ཏེ་སྟོན་པ་ནི། དགོན་པ་པས་སྐྲ་སོར་གཉིས་ལས་ལྷག་པར་མི་བཅང་ཞེས་པ་ལ་སོགས་པ་ཡིན་ནོ། །གྲོང་ན་ནི་དེ་ཙམ་དུའང་མ་ཡིན་ཏེ། ཚུན་ཆད་ཅེས་ པ་ནི་གྲོང་ངམ་གཙུག་ལག་ཁང་བཞི་ལ་འདུག་པ་རྣམས་ཀྱིས་སྐྲ་བྲེགས་པ་ནི་སོར་གཉིས་སྲིད་དུའང་མི་གཞག་པར་བྲེགས་པའོ། །སྐྲ་བ་ལང་གི་སྤུ་ལྟར་མི་བཅད་ཅེས་པ་ནི་གྲིའམ་ཆན་པ་གང་གིས་ཀྱང་རུང་སྟེ། བ་ལང་གི་སྤུ་ཙམ་གྱི་ཚོད་དུ་ལྷག་མ་ཅུང་ཟད་ཡོད་པར་བྲེག་ཏུ་མི་རུང་གི །སྤུ་གྲིས་གཏན་ནས་ དབྱི་དགོས་པར་སྟོན་པའོ། །སྤུ་གྲི་མ་ཡིན་པ་ཅན་ལ་སོགས་པ་གཞན་གྱིས་བྲེག་ཏུ་ཡེ་མི་རུང་ངམ་ཞེ་ན། རྨའི་འཁོར་མ་གཏོགས་ཞེས་པ་ཡིན་ཏེ། མགོ་ལ་རྨ་ཡོད་ན་དེའི་ཉེན་འཁོར་ཙམ་རྨ་ལ་མི་གཟན་པར་བྱ་བའི་ཕྱིར་ཆན་པའམ་གཞན་གྱིས་བྲེགས་ཀྱང་བླ། གཞན་བྲེགས་ན་གཙུག་ཕུད་ཙམ་ གཞག་ཀྱང་བླ་བར་སེམས་པ་བསལ་བའི་ཕྱིར་གཙུག་ཕུད་མི་གཞག་ཅེས་པ་ཡིན་ནོ། །སྐྲ་བྲེགས་པའི་ཞར་ལ་སྤུ་གཞན་ཀུན་བྲེགས་ཀྱང་བླ་བར་སེམས་པ་བསལ་བའི་ཕྱིར། སྦ་བ་ཕྱོགས་ཀྱི་སྤུའི་ལས་མ་ཡིན་ཞེས་པ་ཡིན་ཏེ། མཆན་སྤུ་དང་རྨོངས་ལ་སོགས་པ་བྲེག་ཏུ་མི་རུང་ བ་ལ་བྱའོ། །གལ་ཏེ་རྨ་མི་འཚོ་བ་ཞིག་ན་དེའི་རྒན་རབས་ཤེས་པ་ལ་ཞུས་ནས་བྱ་ཞེས་པ་ཡིན་ཏེ། སྦ་བའི་ཕྱོགས་ཀྱི་རྨ་མ་བྲེགས་ཀྱི་བར་དུ་འཚོར་མི་བཏུབ་པ་ཞིག་ན། རྒན་རབས་འམ་ཤེས་པ་ལ་དྲི་ཞིང་ཤེས་པར་བྱའོ། །སྦ་བའི་ཕྱོགས་ཀྱི་སྤུ་དང་འདྲ་བར་བརླ་དང་བྱིན་སྤུའང་བྲེག་ཏུ་མི་རུང་ངམ་ཞེ་ན། དེའི་ཕྱིར་མ་ཡིན་ན་རྐང་རྒྱུད་ཀྱང་མི་རུང་ཞེས་པ་ཡིན་ཏེ། རྨའི་ཚས་བྱ་བའི་ཕྱིར་མ་ཡིན་ན། བརླ་དང་བྱིན་པ་དང་ངར་གདོང་གི་སྤུའང་བྲེག་ཏུ་མི་རུང་། རྐང་རྒྱུད་ཉི་ཚེའི་རྒྱུད་མི་བྲེག་བར་བསྟན་ན། ལུས་ཀྱི་ཕྱོགས་གཞན་བྲེགས་ཀྱང་བླ་བར་གོ་བའི་ཕྱིར། ལུས་གཞན་མ་ཡིན་ཞེས་པ་སྟེ་མགུལ་པ་མན་ ཆད་ཀུན་ལུས་ཡིན་ནོ། །སྣ་སྤུ་འཐོག་ཏུ་དབང་ངམ་མི་དབང་བ་ནི་གསལ་པོར་མི་སྨོས་མོད་ཀྱི། དགེ་སློང་གི་སྣ་སྤུ་ཕྱེད་ཙམ་ལས་མ་བཏོགས་པར་རྒན་རབས་ཀྱི་སྨང་ཙེར་མི་བསྐུར་ཁྱེར་ན་འདས་པ་དང་བཅས་པའོ་ཞེས། བཅོམ་ལྡན་འདས་ཀྱིས་གསུངས་པས་ན། སྣ་སྤུ་འཐོག་དུ་མི་གནང་བར་བཅོམ་ ལྡན་འདས་ཀྱིས་གསུངས་པ། སྣ་དེའི་མདོ་ནུབ་བམ་འཁྱམས་པར་ངེས་སོ་ཞེས་ཀྱང་འཆད་དོ། །ད་ནི་སེན་མོ་གཅོད་པའི་ཆོ་ག་སྟོན་པས་ན། སེན་མོ་སྤུ་གྲིའི་སོ་འམ། སྟེའུའི་སོ་ལྟར་བཅད་ཅེས་པ་ཡིན་ཏེ། སེན་མོ་བཅད་པ་མཁར་ཐབས་ལ་སོགས་པ་འཇོ་བའི་ཚུལ་གཞན་དུ་མི་བྱའི་སྤུ་གྲིའི་སོ་ལྟར་ དབུས་རློ་བར་བཅད་པའམ། སྟེའུའི་སོ་ལྟར་ཁད་ཆད་དུ་ཆོད་ཅིག་པའོ། །དེའི་ཕྱི་བདར་མི་བྱ་ཞེས་པ་ནི་སྒེག་པའི་ཕྱིར་སེན་མོ་བདར་བ་དང་། ཚོན་གྱིས་བྱུགས་པ་ལ་སོགས་པ་མ་བྱེད་ཅིག་པའོ། །སེན་མོའི་ཕྱི་བདར་རོ་ཅོག་བྱར་མི་རུང་ངམ་ཞེ་ན། དྲི་མ་ཕྱི་བའི་ཕྱིར་ཕྱི་བདར་བྱ་ཞེས་པ་ཡིན་ནོ། །ད་སྐྲ་ བྲེགས་པའི་ཆོ་ག་སྟོན་པ་ནི་གོས་ཡོད་བཞིན་དུ་སྐྲ་དང་ཁ་སྤུ་མི་བྲེག་ཅེས་པ་ལ་སོགས་པ་ཡིན་ཏེ། གོས་ཞེས་པ་ནི་སྟེང་དུ་བགོ་བ་ལ་བྱ། དེ་ལྟ་བས་ན་སྐྲ་བཟེད་ཆོངས་ཤིག་ཅེས་པ་ཡིན་ནོ། །གལ་ཏེ་སྐྲ་བཟེད་མེད་ན་ཇི་ལྟར་བྱ་ཞེ་ན། མེད་ན་རྔུལ་གཟན་དང་ངོ་ཞེས་པ་ཡིན་ནོ། །བཏིང་བ་ལ་མ་ཡིན་ཞེས་ པ་ནི་རྩྭའམ་ལོ་མའམ་སྟན་འབྱམ་བག་ཀྱང་རུང་བའི་སྟེང་དུ་སྐྲ་མི་བྲེག །དགེ་འདུན་གྱི་ཕྱག་དར་གང་དུ་བྱ་བར་མ་ཡིན་ཞེས་པ་ནི་དགེ་འདུན་འདུ་བའི་ས་ཕྱོགས་གང་ཕྱག་དར་བྱ་ཞིང་བསྟར་བ་དེར་སྐྲ་བྲེག་ཏུ་མི་རུང་བར་སྟོན་པའོ། །རྒས་པ་དང་ནད་པ་དང་རླུང་དང་ཉི་དུགས་དང་ཆར་འབབ་ན་ཁྱམས་ལ་ སོགས་པར་བྲེག་ཅེས་པ་ནི་རྣམ་པ་འདི་རྣམས་ལྟ་བུའི་རྐྱེན་བྱུང་ན། ཁྱམས་ལ་སོགས་ཏེ་དགེ་འདུན་འདུ་བའི་ས་ཕྱོགས་བསྟན་ཞིང་ཕྱི་བདར་བྱ་བར་སྐྲ་བྲེགས་ཀྱང་བླ། དེ་ལ་ནད་པ་དང་རྒས་པ་ནི་ནམ་ཡང་རུང་གཞན་ནི་རླུང་ལ་སོགས་པའི་རྐྱེན་དང་སྦྱར་རོ། །ཕྱོགས་ནི་ཕྱི་བདར་བྱ་ཞེས་པ་ནི་ ཁྱམས་ལ་སོགས་པའི་ས་ཕྱོགས་དེར་སྐྲ་བྲེགས་ན་ཕྱག་དར་དང་དཀྱིལ་འཁོར་ལ་སོགས་ཕྱི་བདར་བྱ་བའོ། །སྐྲ་བྲེགས་པ་གར་དོར་ཞེ་ན་ཕྱག་དར་ཁྲོད་དུ་དོར་ཞེས་པ་ཡིན་ནོ། །སེན་མོ་བཅད་པ་ཡང་དེ་བཞིན་ཞེས་པ་ནི། སེན་མོ་བཅད་པ་ཡང་སྐྲའི་ཆོ་ག་དང་འདྲ། དགེ་སློང་མས་སྐྲ་བྲེགས་པའི་ ཆོ་ག་ཇི་ལྟར་བྱ་ཞེ་ན། འདོད་ཆགས་དང་མ་བྲལ་བ་འདི་དགེ་སློང་མས་མ་བསྲུངས་པར་སྐྱེས་པས་སྐྲ་མི་བྲེག་ཅེས་པ་ནི་དགེ་སློང་མ་འདོད་ཆགས་དང་བྲལ་བ་མ་ཡིན་པ་དགེ་སློང་མ་ཟླ་བོ་གཅིག་གིས་མ་བསྲུངས་པར་སྐྱེས་པ་སྐྲ་འདྲག་ཏུ་མི་གཞུག །ཆགས་པ་ལྟ་ན་བསྲུང་བས་འདི་སྐད་དུ་བསྒོ་ ཤིག་ཅེས་པ་ནི་སྐྲ་འདྲེག་པའི་དགེ་སློང་མ་དེ་སྐྱེས་པ་འདྲེག་མཁན་དེ་ལ་ཆགས་སུ་བྱེད་ན་བསྲུང་བ་ཟླ་ལ་འདུག་པས་མདོ་འོག་ནས་འབྱུང་བ་སྐད་དུ་བསྒོ་བར་བྱ་བའོ། །ཅི་ཁོག་རུལ་འདི་ལ་སྙིང་པོ་ཡོད་དམ་ཞེས་དྲན་པ་ཉེ་བར་ཞོག་ཅིག་ཅེས་བསྒོ་བར་བྱའོ། །མ་སྲིང་དང་བུ་མོར་སོམས་ཤིག་ཅེས་ འདྲེག་མཁན་ལའོ་ཞེས་པ་ནི། འདྲེག་མཁན་དགེ་སློང་མ་ལ་ཆགས་པ་ལྟ་ན། དགེ་སློང་མ་དེ་ན་ཚོད་ཇི་ཙམ་པ་ལས་མ་ལ་སོགས་པར་སོམས་ཤིག་ཅེས་འདྲེག་མཁན་ལ་བསྲུངས་པས་བསྒོ་བར་བྱའོ། །དགེ་སློང་མས་སྐྲ་བྲེགས་པའི་ཆོ་ག་དེ་ལྟར་བསྟན་ནས། ད་ནི་སྤྱིའི་ཆོ་ག་སྟོན་ཏེ། འདི་ཟིན་ ནས་ཁྲུས་བྱ་ཞེས་པ་ནི། སྐྲ་བྲེགས་ཟིན་ནས་ཁྲུས་བྱོས་ཤིག་པའོ། །ཡང་ན་ཡན་ལག་ལྔ་བཀྲུ་ཞེས་པ་ནི་ལུས་རིལ་གྱིས་འཁྲུ་མི་ནུས་ན་མགོ་དང་རྐང་ལག་བཞི་ཙམ་བཀྲུ་བར་བྱའོ། །གཅེར་བུར་མི་བཀྲུ་ཞེས་པ་ནི་པ་ཆར་རམ་མདོམས་ཡོག་ཙམ་ཡང་མེད་པར་ཁྲུས་མི་བྱ་བའོ། །དགེ་སློང་མ་ སྐྱེས་པའི་འབབ་སྟེགས་སུ་མ་ཡིན་ཞེས་པ་ནི་སྐྱེས་པ་ཁྲུས་བྱེད་པའི་ས་གང་ཡིན་པར་དགེ་སློང་མས་ཁྲུས་མི་བྱ། བུད་མེད་ཀྱི་འབབ་སྟེགས་སུ་ཕྱེ་མས་མིན་ཞེས་ནི་བུད་མེད་ཁྲུས་བྱེད་པའི་སར་དགེ་སློང་མ་འཁྲུ་ན་ཕྱེ་མས་སུ་ཁྲུས་མི་བྱའོ། །སྲན་ཕྱེ་ལ་སོགས་པ་ དྲིས་བསད་པར་རུང་ཞེས་པ་ནི་སྲན་མ་ལ་སོགས་པའི་ཕྱེ་མའམ་མེ་ཏོག་གམ་ག་བུར་ལ་སོགས་པ་དྲི་ཞིམ་པོས་ཁ་བླངས་པ་དགེ་སློང་དང་། དགེ་སློང་མས་སྤྱད་དུ་མི་རུང་བ་མེད་པའོ། །འདི་བླང་ཞེས་པ་ནི་གོང་མའི་ཕྱེ་མ་ལྟ་བུ་གཞན་གྱིས་བྱིན་ན་ལོང་ཤིག་པར་སྟོན་པའོ། །སྨན་གྱིས་ བསླང་པ་ནི་ནད་པས་སོ་ཞེས་པས་ནི་ཕྱེ་མ་སྨན་དང་བསྲེས་པ་ཞིག་ན་ནད་པ་ཉི་ཚེས་བླང་དུ་རུང་། དགེ་སློང་མས་བུད་མེད་ལ་བྱེ་མ་མི་གཏོར་ཞེས་པ་ནི་ཁྲུས་བྱེད་པའི་ཚེ་བུད་མེད་གཞན་ལ་ཀྱལ་ཀ་བྱ་བའི་ཕྱིར་ཕྱེ་མས་མ་འཐོར་ཅིག་པའོ། །གཅེར་བུས་ཁྲུས་མ་བྱེད་ཅིག་ཅེས་བཤད་པའི་ཟླ་ལ་ གདོམས་ལྟ་བུ་ཡལ་བའམ་ཐང་བར་བྱར་མི་རུང་བར་སྟོན་པ་ནི། ཤམ་ཐབས་ཀྱི་སྔ་གཤམ་དང་ཕྱི་གཤམ་གྱི་ཐ་མ་མ་མདུད་པར་སྐས་ལ་མི་གཟེག་ཅེས་པ་ཡིན་ཏེ། ཆོ་ག་འདི་ལྟར་མ་བྱས་པར་སྐས་ཉི་ཚེ་ལ་མི་གཟེག་པར་མ་ཟད་ཀྱི་ཤིང་ལ་སོགས་པ་གང་ལ་ཡང་གཟེག་ཏུ་མི་རུང་། སྐས་པས་ གཞན་དུ་དེ་ལྟར་མ་ཡིན་ཞེས་པ་ནི་སྟེང་དུ་འཛེགས་སམ་འོག་དུ་འབབས་ཟིན་ནས། སྔ་གཤམ་དང་ཕྱི་གཤམ་གྱི་མདུད་པ་དེ་སོ་ན་མི་གཞག་པའོ། །ཁའི་ནང་ཡར་བཟླ་བར་གཏོགས་པས་ན་དེའི་ཆོ་ག་བསྟན་པའི་ཕྱིར། ཁ་མ་བཀག་པར་མི་གླལ་ཞེས་པ་ཡིན་ནོ། །གཅེར་བུས་ཁྲུས་བྱར་མི་རུང་ བའི་ཕྱིར་ཁྲུས་རས་བཅང་ཞེས་པ་ཡིན་ནོ། །ཉི་རིམ་ལ་ནི་སྲོག་ཆགས་འཆགས་སོ་ཞེས་པ་ནི། ཆུ་སྲོག་ཆགས་མང་པོ་ཅན་གྱིས་ཁྲུས་བྱེད་ན་ཁྲུས་རས་ཉི་རིམ་དུ་བྱར་མི་རུང་སྟེ། གླན་པ་ཡང་དེ་བཞིན་ཆོས་གོས་གསུམ་པས་ཀྱང་དེ་བཞིན་དུ་ཁྲུས་རས་བཅང་དགོས་སམ་ཞེ་ན། ཆོས་གོས་གསུམ་ པས་ཀྱང་ངོ་ཞེས་པ་ཡིན་ནོ། །ཁྲུས་རས་མེད་དམ་མི་བདོག་ན་ཇི་ལྟར་བྱ་ཞེ་ན། མེད་ན་མདུན་དང་རྒྱབ་འདམ་པས་གཡོགས་ལ་དབེན་བའི་ཕྱོགས་སུ་ཁྲུས་བྱ་ཞེས་པ་ཡིན་ནོ། །སྲོག་ཆགས་མང་སྟེ་ཁྲུས་རས་གཅིག་ཐང་ལ་ཡང་ཆགས་པ་ཙམ་གྱི་ཚོད་ན་ཇི་ལྟར་བྱ་ཞེ་ན། སྲོག་ཆགས་ཆགས་ པ་བཤལ་ཏེ་བཏང་ཞེས་པ་ནི་ཁྲུས་རས་ལ་སྲོག་ཆགས་ཡོད་ན་ཆུའི་ནང་དུ་བཤལ་ཞིང་གཏང་བར་བྱ་བའོ། །ཁྲུས་གཙུག་ལག་ཁང་དུ་བྱེད་ནས་ཚོད་གར་བྱ་བ་བསྟན་པ་ནི་གཙུག་ལག་ཁང་ན་སྟོར་ཁུང་དེའོ་ཞེས་པ་ཡིན་ཏེ། གཙུག་ལག་ཁང་དུ་ཁྲུས་བྱེད་ན་སྟོར་ཁུང་ག་ལ་འདུག་པར་ཁྲུས་བྱ་བའོ། །ཁུ་བ་ཡང་ དེར་དབོའོ་ཞེས་པ་ནི། གོས་དང་ལྷུང་བཟེད་བཀྲུས་པ་ལ་སོགས་པའི་ཆུ་ཡང་སྟོར་ཁུང་དེར་དོར་རོ། །ཁྲུས་ཀྱི་ས་གུད་དུ་བསྟན་པའི་ཕྱིར་ཁྲུས་ཁང་བྱ་ཞེས་པ་ཡིན་ནོ། །དེར་སོ་ཕག་གི་གཅལ་དགྲམ་ཞེས་པ་ནི་ཁྲུས་ཁང་གི་ནང་དུ་སོ་ཕག་གི་གཅལ་དགྲམ་པར་སྟོན་པའོ། །སྟོར་ཁུང་གདོད་ཅེས་པ་ནི་ དེར་སྟོར་ཁུང་ཡང་གདོད་དགོས་པའོ། །འཇིམ་རྫབ་བཀྲུ་ཞེས་པ་ནི་ཁྲུས་ཁང་དེ་འཇིམ་རྫབ་ཏུ་གྱུར་ན་དུས་དུས་སུ་བཤལ་ཞིང་བཀྲུ་བའོ། ཆུ་ཁུང་དུ་བཀྲུས་ན་མི་ལྡང་ཞེས་པ་ནི་ཆུ་ཁུང་ངམ་སྟོར་ཁུང་གི་ཁར་ཁྲུས་ཁང་གི་ནང་འཇིམ་རྫབ་ཏུ་མི་འགྱུར་བར་སྟོན་པའོ། །འོག་ནས་སྨོས་པ་འདི་ཡང་ ཁྲུས་ཀྱི་ཡན་ལག་ཏུ་གཏོགས་པས་ན་སྐབས་འདིར་སྟོན་ཏོ། །རྐང་པ་གཉིས་མ་གཏོགས་པར་ལུས་སོ་ཕག་གིས་མི་སྦྱང་ཞེས་པ་ཡིན་ནོ། །འདི་ནི་དཔེར་ཟད་ཀྱི་རྩུབ་པོ་དང་སྒེག་པ་ཡང་ངོ་ཞེས་པ་ནི། མཚོན་ལ་སོགས་པ་རྣོན་པོ་དང་། རྒྱ་མཚོའི་དབུ་བ་ལ་སོགས་པས་སྒག་པར་བྱེད་པ་ཡང་མི་ རུང་བར་སྟོན་པའོ། །བཅོམ་ལྡན་འདས་ཀྱིས་རྩུབ་པོ་མེད་པར་བདར་བའི་ཉ་ཕྱིས་ལུས་སྦྱང་བའི་ཕྱིར་ཆོངས་ཤིག་ཅེས་གསུངས་པས་ན། ཉ་ཕྱིས་དེ་ལྟ་བུས་ལུས་སྦྱངས་ནས་དེ་ཉིད་ཐབས་ཇི་ལྟར་བཀྲུ་བ་བསྟན་པའི་ཕྱིར། ཉ་ཕྱིས་མེར་བཀྲུ་ཞེས་པ་ཡིན་ཏེ། ཉ་ཕྱིས་དེ་ཐལ་བ་འམ་མེ་ལ་བསྲོས་ན་ འདག་པར་སྟོན་པའོ། །དགེ་སློང་གི་ལུས་ནི་ཅུང་ཟད་སྦྱོང་དུ་གནང་གི །དགེ་སློང་མའི་ལུས་ནི་སྦྱོང་དུ་ཡེ་མི་གནང་པར་བསྟན་པའི་ཕྱིར། དགེ་སློང་མ་ནི་གང་དུ་ཡང་ཁུ་ཚུར་དང་ར་ད་ཡན་ཆད་གང་གིས་ཀྱང་མི་བྲུད་ཅེས་པ་ཡིན་ཏེ། ཁུ་ཚུར་དང་ར་ད་ཡན་ཆད་བཟན་པ་གང་གིས་ཀྱང་ལུས་ཀྱི་ཡན་ ལག་གང་དུ་ཡང་མི་བྲུད་པའོ། །ཁྲུས་ཀྱི་ཞོར་ལ་གོས་བགོ་བའི་རིམ་གྲོ་ཡང་བསྟན་དགོས་པས་ན། ཆུ་མ་སྐམས་པར་ཡོད་བཞིན་དུ་གོས་མི་བགོ་ཞེས་པ་ཡིན་ཏེ། ཆུ་འབྲུམ་མ་སྐམས་ཀྱི་བར་དུ་གོས་མ་གྱོན་ཅིག་པའོ། །དེ་ལྟ་བས་ན་ལུས་ཕྱི་བ་བཅང་ཞེས་པ་ཡིན་ཏེ། ཆུ་འབྲུམ་མྱུར་དུ་མེད་ པར་འདོད་པས་ལུས་ཕྱི་བ་ཆོངས་ཤིག་པར་སྟོན་པའོ། །ལུས་ཕྱི་བ་མེད་ན་ཇི་ལྟར་བྱ་ཞེ་ན། མེད་ན་སྐད་ཅིག་ཙོག་ཙོག་པོར་འདུག་ལ་ཁྲུས་རས་ཀྱིས་ཕྱི་ཞེས་པ་ཡིན་ནོ། །ཁྲུས་ཀྱི་ཞར་ལ་བསྲོ་གང་ཡང་འབྱུང་བའི་རིགས་བས་ན། བསྲོ་གང་དུ་འཇུག་པར་བྱ་ཞེས་པ་ཡིན་ནོ། ། བསྲོ་གང་དེ་ཇི་ལྟ་བུར་བྱ་ཞེ་ན། བསྲོ་གང་བྱ་བ་ནི་སྐམ་སར་དགེའོ་ཞེས་པ་ཡིན་ཏེ། ཁྲུས་ཁང་གི་དར་རམ་ཚན་ཡོད་པར་བརྩིགས་ན་གྲང་ཞིང་ཚན་ལྡང་བའི་ཕྱིར། སྐམ་སར་བརྩིགས་ན་ལེགས་པར་སྟོན་པའོ། །སྐར་ཁུང་ཕྱི་དོག་ནང་ཡངས་པ་རྒྱ་མཚོ་ལྟ་བུར་དབུས་སུ་གདོད་ཅེས་པ་ནི་བསྲོ་ གང་གི་སྐར་ཁུང་དབྱིབས་འདི་འདྲ་བར་བྱས་པ་རྩིག་པའི་དབུས་སུ་གདོད་པར་བྱ་བའོ། །སྐར་ཁུང་འདིར་དྲ་བ་དང་སྒོ་འཕར་དང་། ཟུང་ང་དང་། གཟེར་གཏན་དང་། ཟུང་ང་བྱ་ཞེས་པ་ཡིན་ཏེ། བསྲོ་གང་དེའི་སྐར་ཁུང་དྲ་བས་གཡོགས་པ་དང་། སྒོ་ལེབ་ཅན་དུ་བྱ་བ་ལ་སོགས་པའང་མིང་གིས་ སྨོས་པ་བཞིན་དུ་བྱ། ར་རྐང་གི་དབྱུག་པ་གཞག་ཅེས་པ་ནི་སྐར་ཁུང་གཅད་ཅིང་དབྱེ་བའི་སྤྱད་དབྱུག་གི་ཐོག་མ་རྨིག་པ་ལྟ་བུར་བྱས་པ་ཡང་བཅས་ཏེ་གཞག་པའོ། །སྒོར་སྒོ་ལེབ་དང་གཏན་བུ་དང་། ཡང་མིག་དང་ལག་ཟུངས་བཅའ་ཞེས་པ་ནི་བསྲོ་གང་དེ་གཏན་བུ་དང་སྒོ་ལེབ་དང་ཕྱི་ནང་ནས་གཅད་ ཅིང་དབྱེ་བའི་ཡང་མིག་དང་ལག་ཟུངས་ཡན་ཆད་ཕྲུགས་ཡན་ཆད་ཚང་བར་ཤོམས་ཤིག་པའོ། །ནང་གི་ངོས་སུ་ཆུ་ཚན་གཞག་པའི་ཕྱིར་སྟེགས་བུ་བྱ་ཞེས་པ་ནི། བསྲོ་གང་གི་ནང་དུ་ཆུ་གཞག་པའི་ས་ཡང་འདི་ལྟར་གྱིས་ཤིག་པའོ། །ཞུགས་ཐབ་ཀྱི་སར་ཕ་གུ་གདིང་ཞེས་པ་ནི་གཞི་ཕ་གུ་ལས་བླངས་ལ་ དེའི་སྟེང་དུ་གདོད་ཞུགས་ཐབ་བྱོས་ཤིག་པའོ། །མི་འཆི་བར་བསྡུ་ཞེས་པ་ནི་མེ་སྦོས་ཤིག་པར་སྟོན་པའོ། །དེའི་ཕྱིར་ལྕགས་ཀྱི་ལད་ཕྱག་བཅང་ཞེས་པ་ནི། མེ་དེ་སྦེད་པའི་ལག་སྤྱད་ཀྱང་ཆོངས་ཤིག་པའོ། །མེ་དུགས་ཀྱིས་མྱོས་པའི་ཕྱིར་འབར་བཞིན་དུ་འཇུག་པ་བཏང་ཞེས་པ་ནི་མེ་དུགས་ལ་བག་ བྱ་བའི་ཕྱིར་འབར་བའི་ཚེ་བསྲོ་གང་གི་ནང་དུ་མ་འདོང་ཤིག་པར་སྟོན་པའོ། །མེ་དབལ་མི་སྐྱེད་པའི་ཕྱིར་ཡུངས་མར་གྱིས་སྤྲུས་པའི་ཟན་མེར་གདབ་ཅེས་པ་ཡིན་ནོ། །དེ་དྲི་ང་བ་བསལ་བའི་ཕྱིར་བདུག་སྤོས་བླུགས་ཞེས་པ་ནི། ཡུངས་མར་དུ་བསྒྲེས་པའི་ཟན་མེར་བཏབ་པ་དེའི་དྲི་བསད་པའི་ཕྱིར། དུ་རུ་སྐ་ ལ་སོགས་པའི་བདུག་པ་བྱ། མིག་འཛག་པར་ངར་ཟན་གྱི་ཆང་བུས་བརྟགས་ཞེས་པ་ནི་མིག་གི་ནང་དུ་སྣུམ་ལ་སོགས་པ་སོང་སྟེ། མཆི་མ་འཛག་ན་ངར་ཟན་གྱི་ཆང་བུས་རྟོགས་ཤིག་པའོ། །སྐྱུ་རུ་རའི་ཆང་བུས་ཀྱང་ངོ་ཞེས་བྱ་བ་ནི། མིག་གོང་མ་ལྟར་གྱུར་ན་འདིས་བརྟགས་ཀྱང་རུང་བར་སྟོན་པའོ། ། འདིར་རྩྭ་བམ་གྱི་སྟན་ནོ་ཞེས་པ་ནི། བསྲོ་གང་དེར་སྟན་དུ་ནི་རྩྭ་སྟན་བཏིང་ན་ལེགས་པར་སྟོན་པའོ། །ས་དེ་ལ་རྩྭ་རང་བཞིན་གྱིས་གཤེར་བའམ་རླན་པ་གདིང་ཞེས་པ། བསྲོ་གང་ནང་མེ་དུགས་ཀྱིས་ཚ་ཆེ་སྟེ་རྐང་པས་མི་བཟོད་ན་རྩྭ་སྔོན་པོ་འམ་སྐམ་པོ་ལས་རླན་པ་ཐིང་ཤིག་པའོ། །གཡའ་ བའི་ཕྱིར་ལྕགས་ཀྱི་གཡའ་ཕྲུག་བྱ་ཞེས་པ་ནི། ཁྲུས་ཁང་དེའི་ཡོ་བྱད་ལྕགས་ཀྱི་གཡའ་ཕྲུག་ཀྱང་གྱིས་ཤིག་པའོ། །མིག་གུར་སྲད་བུས་གདགས་ཤིང་ཁང་སྐྱོང་གིས་དབེན་པར་འདི་སྦོས་ཤིག་ཅེས་པ་ནི། དེ་ཁང་སྐྱོང་གིས་ཐབས་འདི་བཞིན་སྦ་བར་བྱ་བའོ། །འདི་དག་པར་བྱ་བ་ནི་མེས་ རུང་བར་བྱ་ཞེས་པ་ནི། གཡའ་ཕྲུག་དེ་བཀྲུ་བ་ནི་བསྲེགས་ན་འདག་པར་སྟོན་པའོ། །དེར་མི་བཀྲུ་ཞེས་པ་ནི་བསྲོ་གང་དུ་ཁྲུས་མི་བྱ་བའོ། །དེའི་ཕྱིར་ཁྲུས་ཁང་བྱ་ཞེས་པ་ནི་བསྲོ་གང་དུ་ཁྲུས་བྱར་མི་རུང་བའི་ཕྱིར་ཁྲུས་ཁང་གུད་དུ་བྱ་བའོ། །འཁྲུ་བར་བྱེད་པའི་གོས་ལ་མི་གཟན་པའི་ཕྱིར་གཤོང་བུ་ ཕ་གུས་རྩིག་པ་བྱ་ཞེས་པ་ནི་ཆུ་ལྡུགས་པའི་དགེ་སློང་གི་ཆོས་གོས་ལ་ཆལ་པ་མི་གཟན་པར་བྱ་བའི་ཐབས། འཁྲུ་བའི་ས་ཉིད་གཤོངས་ནས་དེའི་ངོས་དང་གཞི་འང་ཕ་གུས་རྩིག་པ་བྱོས་ཤིག་པར་སྟོན་པའོ། །འདིར་སྟོར་ཁུང་གདོད་ཅེས་པ་ནི་གཤོང་བུ་དེ་ལ་ཡང་སྟོར་ཁུང་གདོད་པའོ། །ཆུ་ཚ་ ཆེས་བ་ནི་ཕྱི་མ་རྣམས་ལ་སྦྲན་ཞེས་པ་ནི་བཀྲུ་བའི་ཆུ་ཚ་ཆེས་པའོ། །འདི་གྲང་མོས་བསྲེ་ཞེས་པ་ནི་ཆུ་ཚ་ཆེས་ན་གྲང་མོས་བསྲེ་བའོ། །འདེབས་པ་ལ་སོགས་པའི་ཕྱིར་ཡང་ངོ་ཞེས་པ་ནི། ཆག་ཆག་བཏབ་པ་དང་། བསྐུ་བ་ལ་སོགས་པའི་ཆུ་ཡང་ཚ་ཆེས་ན་གྲང་མོས་བསྲེས་ཤིག་པའོ། །ལྕ་བ་ དང་ལྕི་སྐམ་དང་སོ་ཤིང་གྱོ་མོ་གང་བར་གཞག་ཅེས་པ་ནི་ཁྲུས་ཁང་དུ་རྫ་མའམ་གྱོ་མོ་འདི་རྣམས་ཀྱིས་གང་བ་སྟ་གོན་བྱས་ཏེ་གཞག་པའོ། །གལ་ཏེ་རྨྱ་ན་གཡར་ཚུས་བཟའ་ཞེས་པ་ནི་ལྟོགས་སམ་རྨྱས་ཏེ་ཉམས་ཀྱིས་མི་ནུས་པ་ཙམ་གྱི་ཚོད་ན་གཡར་ཚུས་ཇེ་ཟོས་ལ་ཁྲུས་བྱ་བའོ། །ནང་དུ་གཅན་ སྲིད་ཀྱིས་དེས་འདི་ལྟར་ལྷགས་པ་ངོ་མི་ཤེས་པ་ལ་ཤེས་པར་བྱ་བའི་ཕྱིར་འདྲི་ཞེས་པ་ནི་དགེ་འདུན་གྱི་ཁྲུས་ཁང་དུ་མུ་སྟེགས་ཀྱི་དགེ་སློང་དག་མ་ཞུགས་བྱེད་ཅིང་། ཁྱུ་རླབས་སུ་འཇུག་སྲིད་པས་ན་དགེ་སློང་དེ་ན་འཁོད་པ་རྣམས་ཀྱིས་གང་ངོ་མ་ཤེས་པ་ལ་ཁྱོད་ཀྱི་མཁན་པོ་གང་ མིང་ཅི་ཞེས་བྱ་བ་ལ་སོགས་པས་དྲི་ཞིང་བརྟག་པར་བྱོས་ཤིག་པའོ། །དེ་ལྟ་བུ་ཅི་ནས་ཀྱང་ནང་དུ་མི་བཅུག་པའི་ཐབས་ཇི་ལྟར་བྱ་ཞེ་ན་མི་ཆུད་པར་བྱ་བ་དང་། དེའི་ཕྱིར་དགེ་སློང་སྒོ་བ་གཞག་ཅེས་པ་ཡིན་ཏེ། དེའི་ཕྱིར་ཞེས་པ་ནི་དྲི་ཞིང་བརྟག་པའི་ཕྱིར་རོ། །སྒོ་བས་གཞན་ཡང་ནང་དུ་མི་བཏང་བ་ ན་མ་དད་པ་འདིར་མི་བཏང་ཞེས་པ་ཡིན་ཏེ། དཔྱས་བྱེད་པའི་ཕྱིར་རོ། །ཁྲུས་བྱེད་པའི་དོན་གྲོགས་སུས་བྱ་ཞེ་ན། འདིར་ལས་ཀུན་ལྷན་ཅིག་གནས་པ་དང་ཉེ་གནས་ཀྱིས་བྱ་ཞེས་པ་ཡིན་ནོ། །གསར་བུ་རྣམས་ཀྱིས་སོ་ཞེས་ཁ་ཅིག་ཅེས་པ་ནི་འདུལ་བ་འཛིན་པ་ལ་ལ་ནི་སྐབས་འདིར་ལས་ཀུན་ བྱེད་པ་གསར་བུ་རྣམས་ཀྱིས་བྱ་བ་ཡིན་ནོ་ཞེས་ཀྱང་འཆད་པ་ཡིན་ནོ། །ཉེ་གནས་སམ་ལྷན་ཅིག་གནས་པའམ་གསར་བུ་རྣམས་ཀྱིས་བྱ་བའི་ལས་གང་ཡིན་ཞེ་ན། སྤར་བ་དང་ཟངས་དང་འབྲུ་མར་དང་སོ་ཤིང་དང་ལྕི་བ་དང་ས་དང་ཕྱེ་མ་དང་ཆུ་ལ་སོགས་པ་བཤམས་པ་དང་། ཤིང་བརྟགས་ པ་དང་དྲིལ་བ་དང་བསྐུ་བ་དང་བཀྲུ་བ་དང་ཕྱགས་པ་དང་ཕྱག་དར་དོར་བ་ལ་སོགས་པའོ་ཞེས་པ་ནི་དེ་དག་གིས་འདི་རྣམས་སྟ་གོན་དུ་བཤམས་ཤིང་ལས་སུ་བྱ་བའོ། །དེ་དག་ཉིད་ཀྱི་གཡོག་སུས་བྱ་ཞེ་ན། དེ་དག་ནི་གཅིག་ལ་གཅིག་གོ་ཞེས་པ་ཡིན་ཏེ་ལྷན་ཅིག་གནས་པ་དང་། གསར་བུ་ལ་ སོགས་པ་སྐུད་ཅིང་འཁྲུ་བ་ནི་གཅིག་གིས་གཅིག་སྟོངས་ཤིག་པའོ། །ཁྲིའུ་དང་ཉ་ཕྱིས་ཕྱི་བདར་བྱས་ལ་གནས་གནས་སུ་གཞག་ཅེས་པ་ནི་ཁྲུས་བྱེད་པའི་ཚེ་ཁྲིའུ་དང་ཉ་ཕྱིས་སྤྱད་སྤྱད་པ་བཀྲུ་ཞིང་གནས་གནས་སུ་སྦོས་ཤིག་པའོ། །སྣོད་ཐམས་ཅད་ཀྱང་ཚུལ་དེ་བཞིན་ནོ་ཞེས་པ་ནི་རྫ་མ་ དང་བུམ་པ་ལ་སོགས་པ་སྣོད་དོ་ཅོག་ཀྱང་གོང་མ་བཞིན་དུ་བཀྲུ་ཞིང་སྦོས་ཤིག་པའོ། །ཡོ་བྱད་ཐམས་ཅད་ཕྱི་བདར་བྱ་ཞིང་ལེགས་པར་སྦ་ཞེས་པ་ནི་ཁྲུས་ཁང་གི་ཆོ་ག་བསྟན་པའི་ཟླ་ལ་དགེ་སློང་གི་ཡོ་བྱད་གཞན་ཐམས་ཅད་ཀྱང་སྦ་བརྟུལ་དང་ཕྱི་བདར་བྱོས་ཤིག་པར་སྟོན་པའོ། །དེ་དག་ བསྟན་ནས་བསྲོ་གང་དུ་འཇུག་པ་ལ་སོགས་ཆོ་ག་སྟོན་ཏེ། འདིར་སྒྲ་བསྐྱུངས་ལ་འཇུག་ཅེས་པ་ཡིན་ནོ། །མཛེས་པར་རོ་ཞེས་པ་ནི་ཁྲུས་ཁང་དུ་འཇུག་པའི་ཚེ་སྤྱོད་ལམ་མཛེས་པས་གཞན་ཇི་ནས་ཀྱང་དད་པ་སྐྱེ་བར་གྱིས་ཤིག་པའོ། །ལེགས་པར་བསྡམས་པ་དང་སྤྱོད་ལམ་མོ་ཞེས་པ་དང་། ཤེས་བཞིན་དུ་འོ་ཞེས་པ་ནི་མཛེས་པར་བྱ་བ་ཡིན་ཏེ། དེ་ལ་ལེགས་པར་བསྡམས་པ་ནི་ལུས་དང་ངག་མི་གཡེང་བའོ། །ལེགས་པའི་སྤྱོད་ལམ་ནི་གམ་ཟུལ་མཁས་པའོ། །ཤེས་བཞིན་ཞེས་པ་ནི་སེམས་ཞི་བའོ། །མདུན་དུ་འདུག་ལ་མེ་མི་འདེ་ཞེས་པ་ནི་བསྲོ་གང་དུ་འོངས་པའི་ཚེ་སྔ་ན་ འཁོད་པའི་མདུན་བཅད་ལ་མེ་འདེ་བར་མི་བྱའོ། །ཀླག་ཅོར་གཏམ་ཞེས་པ་ནི་ཁྲུས་ཁང་ན་འཁོད་པའི་ཚེ་གཏམ་དང་ཀླག་ཅོར་མི་བྱ་བའོ། །འཕགས་པའི་མི་སྨྲ་བ་ལ་དམྱིགས་ཞེས་པ་ནི་འདོད་པ་ཡིད་ལ་བྱེད་པ་ལ་སོགས་པས་མ་ཡིན་གྱི་ཚུལ་བཞིན་ཡིད་ལ་བྱ་ཞིང་འཕགས་པ་མི་གསུང་ བའི་ཚུལ་དུ་འཁོད་པར་བྱ་བའོ། །མཇུག་ཏུ་རྒྱུད་གསུམ་ཞེས་པ་ནི་ཁྲུས་བྱས་ཟིན་པའི་མཇུག་ཏུ་དཀོན་མཆོག་གསུམ་བསྟོད་པའི་རྒྱུད་དང་། མདོ་གདོན་པའི་རྒྱུད་དང་། བསྔོ་བའི་རྒྱུད་གསུམ་བཀླག་པར་བྱ་བའོ། །གོས་གཅིག་ལས་ཀུན་མི་བྱ་ཞེས་པ་ནི་དགེ་སློང་ལས་ཅི་བྱེད་ཀྱང་ རུང་སྟེ་ཤམ་ཐབས་ལྟ་བུ་འམ་གོས་གཅིག་པོ་གྱོན་ལ་ལས་མ་བྱེད་ཅིག་པའོ། །མ་དད་པས་ལུས་ལ་འདི་མི་བྱ་ཞེས་པ་ནི། མ་དད་པས་ལུས་མྱུག་ཅིང་སྐུད་པ་ལ་སོགས་པ་ལུས་ཀྱི་ལས་བྱེད་དུ་མ་གཞུག་ཤིག་པའོ། །འདི་དང་སྔ་མ་ནི་དད་པ་བརྟན་པ་ལ་དགོངས་སོ་ཞེས་པ་ནི་འདིར་མ་དད་པ་ མི་གཏང་ཞེས་གོང་དུ་བཤད་པ་དང་། མ་དད་པས་ལུས་ལ་འདི་མི་བྱ་ཞེས་པ་གཉིས་ནི་དད་པ་འོལ་བྱི་ཙམ་དུ་ཡོད་པ་མ་ཡིན་གྱི་དད་པ་གཏིང་ཚུགས་པའམ། དད་པ་བརྟན་པར་ཡོད་ན་དད་པ་ཅན་ཞེའམ། དད་པ་དང་ལྡན་པ་ཞེས་བྱ་སྟེ། འདི་ལྟ་བུ་མ་ཡིན་ན་མ་དད་པའོ། །སེང་གེ་ལྟ་བུས་ ཝ་ལྟ་བུའི་གཡོག་མི་བྱ་ཞེས་པ་ནི། ཚུལ་ཁྲིམས་དང་ལྡན་པས་ཚུལ་ཁྲིམས་དང་མི་ལྡན་པའི་གཡོག་བྱར་མི་རུང་བའི་དཔེའོ། །ཚུལ་ཁྲིམས་མི་ལྡན་ནོ་ཅོག་ལ་དེ་ལྟའམ་ཞེ་ན། མཁན་པོ་དང་སློབ་དཔོན་ནི་ཚུལ་ཁྲིམས་དང་མི་ལྡན་ན་ཡང་གཡོག་བྱའོ་ཞེས་པ་ནི། མཁན་པོ་དང་སློབ་དཔོན་ ལྟ་བུ་ཕས་ཕམ་པ་ཞིག་བྱུང་བའམ། ལྟུང་བ་སྡེ་ལྔ་ཆར་བྱུང་ན་ཡང་བསྟན་པ་ལ་འཇུག་པའི་སྒོ་དང་སྡོམ་པ་སྐྱེད་པ་ལ་སོགས་པ་དགེ་བའོ་ཅོག་གི་གཞི་བྱ་བས་ན་གཡོག་དང་བསྟི་སྟང་བྱོས་ཤིག་པའོ། །ཕ་མ་དང་ནད་པ་ནི་ཁྱིམ་པ་ན་ཡང་ངོ་ཞེས་པ་ནི། ཕན་དགོས་པའི་ཞིང་ཕ་ མ་དང་སྙིང་རྗེའི་ཞིང་ནད་པ་ཡིན་པས་ན་དེ་དག་ནི་ཁྱིམ་པ་ཡིན་དུ་ཟིན་གྱིས་ཀྱང་གཡོག་དང་བསྟི་སྟང་བྱོས་ཤིག་པའོ། །ཁྲུས་ཀྱིར་བཤམས་པས་བཀྲུ་ཞེས་པ་ནི། ནད་པའང་རུང་ནད་པ་མ་ཡིན་པའང་རུང་སྟེ། ཐམས་ཅད་ཀྱིས་བཤམས་པའི་ཁྲུས་འདི་བྱ། བཤམས་པའི་ཁྲུས་འདི་ལྟ་བུ་ཞེ་ན། རླུང་འབྱིན་པའི་རྩ་བ་དང་སྡོང་པོ་དང་འདབ་མ་དང་མེ་ཏོག་དང་འབྲས་བུ་བསྐོལ་བ་ནི་དེ་ཞེས་བྱ་བའོ་ཞེས་པ་ནི་རླུང་ལ་རྩ་བའི་རྣམ་པ་འདི་རྣམས་བསྐོལ་བ་ལ་བཤམས་པའི་ཁྲུས་ཞེས་པའོ། །ཅི་དེ་ཉི་ཚེ་ཁྲུས་བྱའམ་ཞེ་ན། མི་རྩུབ་པའི་ཕྱིར་བསྐུ་ཞེས་པ་ཡིན། སྔར་སྣུམ་གྱིས་བསྐུས་ལ་དེ་ ནས་གཟོད་བཤམས་པའི་ཆུས་ཁྲུས་བྱ་འདག་བུས་དེ་མེད་པར་བྱ་ཞེས་པས་ནི་སྣུམ་དེ་བག་ཟན་ལྟ་བུ་ལ་སོགས་པས་བླངས་པའི་འོག་ཏུ་ཁྲུས་བྱ། སྔ་མའི་ཕྱིར་སྣུམ་ཐིགས་པ་གཉིས་སམ་གསུམ་ཆུ་བུམ་ཐ་མར་བླུགས་ཞེས་པ་ནི་གོང་དུ་མི་རྩུབ་ཅེས་སྨོས་པ་དེའི་དཔྱད་དུ་འཁྲུ་བའི་བུམ་པ་ ཐ་མའི་ནང་དུ་སྣུམ་ཐིགས་པ་གཉིས་གསུམ་ཙམ་བླུགས་ཏེ། བཀྲུས་ན་རྩུབ་པ་འམ་གློག་པ་ཅན་དུ་མི་འགྱུར་བར་སྟོན་པའོ། །མི་རུང་བར་དོགས་པ་བསལ་བའི་ཕྱིར་ལྕགས་གཞོང་དུ་བཀྲུ་ཞེས་པ་ཡིན་ཏེ། ལྕགས་གཞོང་བཅང་ཞིང་དེར་ཁྲུས་བྱོས་ཤིག་པའོ། །འདི་ནི་ནད་པས་བཅང་ ཞེས་པ་ནི་ལྕགས་གཞོང་དེ་ནད་པས་ཆོངས་ཤིག་པའོ། །ཁ་གབ་བྱ་ཞེས་པ་ནི་རླངས་པ་མྱུར་དུ་མི་ཡལ་བར་བྱ་བའི་ཕྱིར་ལྕགས་གཞོང་དེའི་ཁ་གབ་ཀྱང་གྱིས་ཤིག་པའོ། །འདིར་མཇིང་པར་སྔས་གཞུག་ཅེས་བྱ་བ་ནི་ལྕགས་གཞོང་གི་ནང་དུ་ཞུགས་པ་དེའི་མགུལ་པའམ་མགྲིན་པའི་ ཐད་ཀར་སྔས་ཆུག་ཤིག་པའོ། །ཁྲུས་ཀྱི་ཞར་ལ་གཞན་ཡང་བསྟན་པའི་ཕྱིར་གར་བབ་བབ་ཏུ་རྐང་པ་མི་བཀྲུ་ཞེས་པ་ཡིན་ཏེ། གཙུག་ལག་ཁང་དུ་རྐང་པ་འཁྲུ་ན་བབ་བབ་ཏུ་བཀྲུར་མི་རུང་བའོ། །འདིའི་གནས་ནི་ཝ་ཀར་རོ་ཞེས་པ་ནི་རྐང་པ་བཀྲུ་བའི་གནས་སོ། །རྐང་པ་བཀྲུ་བར་བྱ་ ཞེས་པ་ནི། དེ་ལྟ་བས་ན་རྐང་པ་བཀྲུ་བའི་གནས་ཀྱང་བྱ་དགོས་པར་སྟོན་པའོ། །གཙུག་ལག་ཁང་གི་སྟེང་ཤར་ལྷོའི་གྲར་རོ་ཞེས་པ་ནི་གཙུག་ལག་ཁང་གི་སྒོ་ནུབ་ཕྱོགས་སུ་བལྟ་ན། རྐང་པ་བཀྲུ་བའི་ས་ཕྱོགས་མིང་གིས་སྨོས་པ་འདིར་བྱོས་ཤིག་པའོ། །རྩུབ་པོར་རུས་སྦལ་གྱི་གཟུགས་ལྟ་ བུའོ་ཞེས་པ་ནི་རྐང་པ་བཀྲུ་བའི་གཞི་ཉིད་རྡོ་ལས་རུས་སྦལ་གྱི་གཟུགས་ལྟ་བུ་རྒྱབ་རྩུབ་པོར་འདུག་པར་བྱོས་ཤིག་པའོ། །ཚེགས་བསྐྱུང་བའི་ཕྱིར་ཁམ་པའི་ཆོལ་ཟངས་གླང་པོའི་རྨིག་མཆིལ་སྙིང་པོ་ཅན་བཅང་ཞེས་པ་ཅན་ཡིན་ཏེ། ཡང་ན་རྐང་པ་བཀྲུ་བའི་ཆོལ་ཟངས་དབྱིབས་འདི་ལྟ་བུར་ བྱས་པ་ཆོངས་ཤིག་པའོ། །ཀ་དམ་པའི་མེ་ཏོག་ལྟ་བུས་རྩུབ་པ་དབུས་སུ་བྱ་ཞེས་པ་ནི། ཆོལ་ཟངས་ཀྱི་སྙིང་པོ་ཀ་དམ་པའི་མེ་ཏོག་ལྟ་བུ་སྟེང་རྩུབ་པ་ཆོལ་ཟངས་དེའི་དབུས་སུ་བྱོས་ཤིག་པའོ། །བཀྲུས་ལ་ཁ་ཕུབས་ཏེ་གཞག་ཅེས་པ་ནི་ཆོལ་ཟངས་དེའི་རྐང་པ་བཀྲུས་ཟིན་ནས་འདི་ ལྟར་གྱིས་ཤིག་པའོ། །དགེ་འདུན་གྱི་ནི་ཁང་ཐོག་ཏུའོ་ཞེས་པ་ནི། དགེ་འདུན་གྱི་ཆོལ་ཟངས་ཡིན་ན། རྐང་པ་བཀྲུས་ཟིན་ན་ཆོ་ག་གོང་མ་ལྟར་བྱས་ལ་ཁང་ཐོག་ཏུ་ཞོག་ཤིག་པའོ། །གང་ཟག་གི་ནི་གནས་ཁང་གི་སྒོ་མཚམས་སུའོ་ཞེས་པ་ནི། གང་ཟག་གི་ཆོལ་ཟངས་ཡིན་ན་བདག་ གི་གནས་ཁང་གི་སྒོ་རྒྱབ་ཏུ་ཞོག་ཤིག་པའོ། །གཙུག་ལག་ཁང་གི་གནས་གང་དུ་ལྷུང་བཟེད་བཀྲུ་བ་ལ་སོགས་པ་བྱས་པ་དེར་ཆུས་བསྐུ་འམ་བྱུག་ཅེས་པ་ནི་གཙུག་ལག་ཁང་གི་ནང་དུ་ལྷུང་བཟེད་བཀྲུ་བ་ལ་སོགས་པ་ལས་གང་བྱས་ཀྱང་རུང་སྟེ་ཟིན་ནས་ཆུས་བྱུག་པ་འམ་བསྐུ་བ་ལ་ སོགས་པ་ཕྱི་བདར་བྱོས་ཤིག་པའོ། །མདུང་རྩེའམ་རྔ་འདྲ་བར་རོ་ཞེས་པ་ནི། བྱུག་པའི་དབྱིབས་འདི་ལྟར་གྱིས་ཤིག་པའོ། །བྱུག་པའི་རྒྱུ་ཅིས་བྱ་ཞེ་ན། ལྕི་བའམ་འཇིམ་པས་སོ་ཞེས་པ་ཡིན་ནོ། །དཀོན་མཆོག་གི་ཕྱིར་བྱུག་པ་ཡང་དབྱིབས་འདི་ལྟར་བྱའམ་ཞེ་ན། དཀོན་མཆོག་ གི་ཕྱིར་བྱུག་པའི་དབྱིངས་ནི་ངེས་པ་མེད་དོ་ཞེས་པ་ཡིན་ཏེ། སངས་རྒྱས་དང་ཆོས་དང་དགེ་འདུན་གྱི་ཕྱིར་བྱུག་པ་བྱེད་པ་ལ་དབྱིབས་གཅིག་ཏུ་ཆད་པ་མེད་ཀྱིས་གར་དགར་ཟད་དོ། །རབ་ཏུ་འབྱུང་བའི་དངོས་པོ་བསྟན་པའི་ཞར་ལ་གཞན་ཡང་སྟོན་པ་ནི་ལྷུང་བཟེད་མེད་པར་རབ་ཏུ་ དབྱུང་བ་དང་བསྙེན་པར་རྫོགས་པར་མི་བྱ་ཞེས་པ་ཡིན་ནོ། །ལྷུང་བཟེད་ཡོད་པ་ཙམ་གྱིས་ཆོག་གམ་ཞེ་ན། ཆེ་ཆུང་ངམ་སྐྱ་ན་མི་རུང་ཞེས་པ་ཡིན་ཏེ། ཚད་ལས་ལྷག་གམ་ཚད་པས་ཆུང་ངམ་སྐྱ་ན་མེད་པ་དང་འདྲ་སྟེ་མི་རུང་། ལྷུང་བཟེད་ཆེ་ཆུང་ཚད་སྟོན་པ་ནི། ཁའི་ མཐའ་མ་མཐེབ་སོར་གྱིས་བསྐྱུད་པའི་ལྷག་མ་འབྲས་སྐམ་ཡུལ་དབུས་ཀྱི་ཕུལ་གང་དོ་མན་ཆད་བཙོས་པ་སྲན་ཚོད་དང་། བྱ་ནར་བཅས་པ་ཤོང་བ་ནི་རན་པའོ་ཞེས་པ་ཡིན་ཏེ། འབྲས་སྐམ་ཡུལ་དབུས་ཀྱི་ཕུལ་གང་བཙོས་པ་དང་། ཚོད་མར་བཅས་པ་བླུགས་ན་ཁ་མཐེབ་སོར་གྱིས་ཁྱུད་ པ་ཙོམ་གླགས་ཡོད་པ་ནི་ལྷུང་བཟེད་ཆུང་ངུ་ཡུལ་དབུས་ཀྱི་ཕུལ་དོ་བཙོས་པ་དང་། ཚོད་མར་བཅས་པ་བླུགས་ན་མཐེབ་སོར་གྱིས་ཁྱུད་པ་ཙམ་གྱི་གླགས་ཡོད་པ་ནི་ཆེན་པོ་འདི་གཉིས་ཀྱི་བར་ནི་འབྲིང་པོའོ་ཞེས་ལྷུང་བཟེད་ཆེ་ཆུང་གི་ཚད་སྟོན་པའོ། །དགེ་སློང་ཕའི་ལྷུང་བཟེད་ཀྱི་ཚད་བསྟན་ནས། ད་ནི་དགེ་སློང་མའི་ལྷུང་བཟེད་ཀྱི་ཚད་སྟོན་ཏོ། །དགེ་སློང་མས་དགེ་སློང་ཕའི་ཆུང་ངུ་ལས་ལྷག་པར་མི་བཅང་ཞེས་པ་ནི་དགེ་སློང་མའི་ལྷུང་བཟེད་ཆེན་པོའི་ཚད། དགེ་སློང་ཕའི་ལྷུང་བཟེད་ཆུང་ངུའི་ཚད་དོ། །ཆུང་ངུ་དང་བར་མ་ནི་དེ་མན་ཆད་ཅི་འོས་པའོ། །དེས་འདིར་རོ་ཉེའི་དཀྱིལ་འཁོར་ གཞག་པར་གདིང་ཞེས་པ་ནི་ལྷུང་བཟེད་ཀྱི་གཞི་རོ་ཉེ་ལས་བྱས་པའི་སྟེང་དུ་ལྷུང་བཟེད་ཞོག་ཤིག་པའོ། དེའི་དབྱིབས་ཇི་ལྟ་བུར་བྱ་ཞེ་ན། བྱང་ཆུབ་ཀྱི་ཤིང་དང་འབའ་ཏའི་ལོ་མའམ་ལག་མཐིལ་འདྲ་བའོ་ཞེས་པ་ཡིན་ནོ། །ཚད་ཀྱང་ངོ་ཞེས་པ་ནི་ཆེ་ཆུང་གི་ཚད་ཀྱང་གོང་དུ་སྨོས་པ་ཙམ་དུ་ གྱིས་ཤིག་པའོ། །བརྙས་ན་དེ་ཡོད་པའོ་ཞེས་པ་ནི། ལྷུང་བཟེད་མེད་ན་རབ་ཏུ་མི་དབྱུང་ཞེས་བཤད་པ། ལྷུང་བཟེད་བརྙས་ཏེ་རྙེད་ན་ཡོད་པ་དང་འདྲ་བར་སྟོན་པའོ། །ལྔ་པོ་ཡང་དེ་བཞིན་ཞེས་པ་ནི་ཆོས་གོས་གསུམ་དང་། གདིང་བ་དང་། ཆུ་ཚགས་ལྔ་ཡང་བརྙས་ན་ཡོད་པ་དང་ འདྲ་བར་སྟོན་པའོ། །དབྱར་ལྷུང་བཟེད་མེད་པར་མི་བྱ་ཞེས་པ་ནི་དབྱར་ལྷུང་བཟེད་མེད་དུ་མི་རུང་བའོ། །ཡུལ་རྒྱུ་བ་མི་བཅང་ཅེས་པ་ནི་ལྷུང་བཟེད་མེད་པར་མགྲོན་དུ་མ་འགྲོ་ཤིག་པའོ། །འཇིགས་པ་དང་བཅས་ན་ལྷུང་བཟེད་ཆུང་ངུས་སྤྱད་ཅེས་པ་ནི་ལྷུང་བཟེད་ཚད་མ་བཀུར་དུ་ ཕྲོགས་ཀྱིས་དོགས་ན། ལྷུང་བཟེད་ཆུང་ངུ་ཁྱེར་ལ་ཡུལ་རྒྱུ་བ་སྤྱོད་ཅིག་པར་སྟོན་པའོ། །དེ་ལ་ལྷུང་བཟེད་ཆུང་ངུ་ཞེས་པ་ནི་ཆུང་ཚད་པས་ཀྱང་ཆུང་བའོ། །མེད་ཀྱང་རབ་ཏུ་འབྱུང་ཞེས་པ་ནི་བསྙེན་བར་རྫོགས་པ་མ་ཡིན་གྱི་བར་དུ་དབྱུང་བ་ལྷུང་བཟེད་མེད་པ་ཡང་ངོ་། འགྲེང་སྟེ་ལྷུང་བཟེད་ དབྱུང་བ་དང་གཞུག་པ་དང་སྐམ་པ་མི་བྱ་ཞེས་པ་མི་ལྟུང་བར་རིམ་གྲོ་བྱའོ། །རན་པར་སྤྱོད་ཅེས་པ་ནི་ཁུ་ཚན་ལ་སོགས་པ་ལྷུང་བཟེད་ལ་གཟན་པ་རྣམས་མི་བླུགས་མི་གཞུག་པར་སྨྲ་ཞིང་སྤྱོད་ཅིག་པའོ། །ལྷག་མ་གཞན་གྱིས་འདིར་མི་བྱའོ་ཞེས་པ་ནི་ཁ་ཟས་ཀྱི་སྐྱོ་མའམ། ལྷག་མ་སྣོད་གཞན་ གྱིས་འདིར་བྱོ་ཞིང་མ་སྤྱོད་ཅིག་པའོ། །འདིས་ཕྱག་དར་མི་དོར་ཞེས་པ་ནི་ཕྱག་དར་ལྷུང་བཟེད་དུ་བླུགས་ལ་མ་འདོར་ཅིག་པའོ། །ཉལ་ཉིལ་མ་ཡིན་ཞེས་པ་ནི་ཤིང་ཐོག་གི་ཤུན་པའམ། ཚི་གུ་ལ་སོགས་པ་ཉལ་ཉིལ་ལྷུང་བཟེད་དུ་མ་སོགས་ཤིག་པའོ། །གདོང་དང་ལག་ཆུ་མི་བླུགས་ཞེས་པ་ནི་ ཁ་ལག་བཀྲུ་བའི་ཆུ་ལྷུང་བཟེད་ནས་མ་ལྡུགས་པའོ། །དགེ་ཚུལ་བག་མེད་པའི་ཆོས་ཅན་འཁྲུར་མི་གཞུག་ཅེས་པ་ནི་ལྷུང་བཟེད་ལ་བག་བྱ་བའོ། །ལྕི་བ་བྱེ་མ་ཅན་གྱིས་མ་ཡིན་ཞེས་པ་ནི་ལྕི་བ་བྱེ་མ་དང་འདྲེས་པས་བཀྲུས་ན་རི་མོ་ཤར་ཤར་པོར་འགྱུར་བའི་ཕྱིར་རོ། །གཤེར་བག་ཏུ་མི་གཞུག་ཅེས་པ་ ནི་ལྷུང་བཟེད་གཤེར་བཞིན་དུ་སྣོད་དུ་བཅུག་ན་བཙའ་འཇུག་པའི་ཕྱིར་རོ། །སྐམ་ཆེས་པར་མི་དོར་ཞེས་པ་ནི་སྐེམས་པའི་ཚེ་ཡལ་བར་བོར་ཏེ་ཉི་དུགས་ཀྱིས་བསྲེགས་དྲགས་ན་ཚོན་ལ་གཟན་པའི་ཕྱིར་རོ། །རྡོ་ལ་མི་གཞག་ཅེས་པ་ནི། སྐད་ཅིག་ཙམ་གྱི་བར་དུ་ཡང་ངོ་། །སྨེ་བའི་ཕྱོགས་སུ་མ་ཡིན་ ཞེས་པ་ནི་གཙང་སྦྲ་བྱ་བའི་ཕྱིར་རོ། །གར་བབ་བབ་ཏུ་མ་ཡིན་ཞེས་པ་ནི་ལྷུང་བཟེད་ཁྱམས་ལ་སོགས་པར་བབ་བབ་ཏུ་མི་གཞག་པའོ། །འདིར་མི་དོར་ཞེས་པ་ནི་བབ་བབ་ཏུ་ཡེ་མི་དོར་བ་ལ་བྱ། དེའི་ཕྱིར་གློ་ཕུག་བྱ་ཞེས་པ་ནི་ལྷུང་བཟེད་གཞག་པའི་ཕྱིར་རྩིག་ངོས་ལ་ཕུག་གདོད་པའོ། །རྩིག་པ་ མི་བརྐོ་བའི་གཙུག་ལག་ཁང་དང་གནས་ཁང་རྩིག་པ་ནས་སོ་ཞེས་པ་ནི། གློ་ཕུག་འཕྲལ་ལ་བརྐོས་ན་རྩིག་པ་ཁོང་འདྲུམ་པའི་ཕྱིར་གཙུག་ལག་ཁང་དང་། གནས་ཁང་དང་པོ་རྩིག་པ་ནས་གློ་ཕུག་ཐོད་ཅིག་པའོ། །གྲོང་ན་གནས་པ་རྣམས་ཀྱིས་ལྷུང་བཟེད་ཀྱི་རིམ་གྲོ་ཇི་ལྟར་བྱ་བ་བསྟན་ནས། དགོན་པ་བས་ལྷུང་བཟེད་ཀྱི་རིམ་གྲོ་བྱ་བ་སྟོན་པ་ནི། དགོན་པ་བས་གཟེ་བུ་ཞེས་པ་ལ་སོགས་པ་ཡིན་ཏེ། དགོན་པ་བས་ལྷུང་བཟེད་གཞག་པའི་ས་གཟེ་བུ་གྱིས་ཤིག་པའོ། །དེ་ཡང་རྒྱུ་ཇི་ལས་ཤེ་ན། སྲད་བུའམ་ལྕུག་མ་ཞེས་པ་ཡིན་ཏེ། ལྕུག་མ་འམ་སྲད་བུ་ ལས་གཟེ་བུ་བྱ་བའོ། །ལྕི་འཇིམ་གྱིས་བསྐུ་ཞེས་པ་ནི་གཟེ་བུ་དེ་འཇི་བ་དང་། ལྕི་བར་བསྲེས་པས་སྐུས་ཤིག་པའོ། །དེའི་ཚུལ་བཞིན་དུ་ཁ་གབ་ཅེས་པ་ནི་གཟེ་བུའི་རྒྱུ་ལྕུག་མའམ་སྲད་བུ་ག་ལས་བྱས་པ་བཞིན་དུ་ཁ་གབ་ཀྱང་དེའི་རྐྱེན་དུ་བྱོས་ཤིག་པའོ། །འདིའི་ཐག་པས་ཤིང་ལ་ དཔྱངས་ན་དགེ་ཞེས་པ་ནི་དེ་ཐག་པས་བཏགས་ལ་ཤིང་ལ་དཔྱངས་ན་མི་རླན་ཏེ་བཟང་བར་སྟོན་པའོ། །ས་ལ་མི་གཞག་ཅེས་པ་ནི་སྡིག་སྦུར་ལ་སོགས་པས་མི་འབགས་པའི་ཕྱིར་རོ། །འདི་གཞན་དུ་མི་བསྐུར་ཞེས་པ་ནི་གཟེ་བུ་དེ་དང་བཅས་ཏེ་ཁྱེར་ལ་གཞན་དུ་མ་འགྲོ་ཤིག་པའོ། །སྣོད་དུ་ བཅུག་ལ་བསྐུར་ཞེས་པ་ནི་མགྲོན་དུ་འགྲོ་བའི་ཚེ། གཟེ་བུ་དང་བཅས་ཏེ་བསྐུར་དུ་མི་རུང་བས་ན་ལྷུང་བཟེད་ཀྱི་སྣོད་དུ་བཅུག་ལ་ཁྱེར་ཅིག་པའོ། །ལག་གིས་མ་ཡིན་ཞེས་པ་ནི་འོག་ནས་འབྱུང་བ་ལྟར་བྱས་ཏེ་བསྐུར་གྱི་ལག་ན་ཐོགས་ཏེ་མ་འགྲོ་ཤིག་པའོ། །འདི་ཐག་པ་བྱས་ལ་མཚན་ འོག་ཏུ་བསྐུར་ཞེས་པ་ནི་ལྷུང་བཟེད་ཀྱི་སྣོད་དེ་ཐག་པས་བཏགས་ལ་སེ་རལ་ཁར་ཐོགས་ཏེ་ཁྱེར་ཅིག་པའོ། །ལྷུང་བཟེད་དང་སྨན་དང་བར་བུར་སྣོད་སོ་སོར་གཞག་ཅེས་པ་ནི་འདི་རྣམས་ཀྱི་སྣོད་གཅིག་ཏུ་བྱར་མི་རུང་གིས་སོ་སོར་གྱིས་ལ་ཐ་དད་དུ་གོས་ཤིག་པའོ། །དེ་ལ་བར་བུར་ཞེས་པ་ ནི་སྐུད་པ་དང་ཁབ་རལ་དང་ལྷུང་བཟེད་ཀྱི་ལྷན་པ་ལ་སོགས་པའོ། །འདི་རྣམས་བཅང་ཞེས་པ་ནི་ལྷུང་བཟེད་ལ་སོགས་པ་གོང་དུ་སྨོས་པ་རྣམས་ཀྱི་སྣོད་ཆོངས་ཤིག་པའོ། །འདི་རྣམས་ཀྱི་ཐག་པ་སྙོམས་ཏེ་བརྫམས་པར་མི་བྱ་ཞེས་པ་ནི་དེ་གསུམ་གྱི་ཐག་པ་མཉམ་པར་བྱས་ན་གཅིག་གི་ སྟེང་དུ་གཅིག་བརྫམས་པས་སྦོམ་སྟེ་མི་མཛེས་པའི་ཕྱིར་ཐག་པར་སོར་རྙིལ་དུ་གྱིས་ཤིག་པའོ། །ན་བ་མི་འདོད་ན་ཞེང་མི་བསྐྱུང་ཞེས་པ་ནི་ལྷུང་བཟེད་ལ་སོགས་པའི་ཐག་པ་ཕྲ་སྟེ་ཕྲག་པ་ཚར་དོགས་ན་གླེབས་ཆེར་གྱིས་ཤིག་པའོ། མི་འཛུམས་པའི་ཕྱིར་དབུས་སུ་ཕྱིང་བུ་གཞུག་ཅེས་ པ་ནི་ལྷུང་བཟེད་ལ་སོགས་པའི་ཐག་པ་འཛུམ་གྱིས་དོགས་ན་དབུས་སུ་ཕྱིང་བུ་ཆུག་ཤིག་པའོ། །མི་འཁྲུལ་པའི་ཕྱིར་སྐབས་སྐབས་སུ་བྱ་རྗེས་བྱ་ཞེས་པ་ནི་སྐབས་སྐབས་སུ་བྱ་རྗེས་ལྟ་བུའི་སྲུབས་ཀྱིས་མནན་ན་ཕྱིང་བུ་མི་འཆུགས་པར་སྟོན་པའོ། །ལྷུང་བཟེད་ཀྱི་རིམ་གྲོ་ཇི་ལྟར་བྱ་ བའི་རིམ་པ་དེ་ལྟར་བསྟན་ནས་ད་ནི་ལྷུང་བཟེད་ཀྱི་རིམ་གྲོ་སྤྱིར་སྟོན་ཏེ། ལྷུང་བཟེད་མིག་བཞིན་དུ་བསྲུང་ཞེས་པ་ནི། མིག་རྣམ་པ་གང་གིས་ཀྱང་རིམ་གྲོ་བྱ་བ་བཞིན་དུ་ཇི་ནས་ཀྱང་རིམ་གྲོ་བསྐྱེད་པའི་དཔེར་བསྟན་པའོ། །སྦྱར་མ་པགས་པ་བཞིན་ཞེས་པ་ནི་པགས་པ་རླུང་དང་ཆར་དང་ཉི་ དུགས་ལ་རིམ་གྲོ་བྱ་བ་བཞིན་དུ་ཆོས་གོས་སྦྱར་མ་རིམ་གྲོ་ཆེར་གྱིས་ཤིག་པའོ། །ཆོས་གོས་ལྷག་མ་རྣམས་ཀྱང་ཞེས་པ་ནི་སྦྱར་མ་ཉི་ཚེར་མ་ཟད་ཀྱི་ཆོས་གོས་ལྷག་མ་རྣམས་ཀྱང་རིམ་གྲོ་གོང་མ་དང་འདྲ་བར་གྱིས་ཤིག་པའོ། །གོང་དུ་རན་པར་སྤྱད་ཅེས་སྨོས་པའི་ཞོར་ལ་ཆོས་གོས་ ལ་སོགས་པའི་རིམ་གྲོར་བྱ་བའང་བསྟན་པར་བྱ་བ་ཡིན་ཏེ། རིམ་གྲོ་དེ་ལྟར་བྱས་ནས་དེངས་ཤིག་ཟད་པ་ཐབས་ཇི་ལྟར་བྱ་ཞེ་ན། བཅོས་པ་ལ་མི་གཡེལ་བར་བྱ་ཞེས་པ་ཡིན་ཏེ་ཆོས་གོས་བཀྲུ་ཞིང་བཙེམ་པ་ལ་སོགས་པ་དང་ལྷུང་བཟེད་གླན་ཅིང་བཅོས་པ་ལ་སོགས་པ་ལ་མ་གཡེལ་ཅིག་ པའོ། །མི་གཡེལ་བའི་ཐབས་ཇི་ལྟར་བྱ་བ་ནི། དབེན་པའི་ཕྱོགས་སུ་ལྷུང་བཟེད་ཀྱི་ལྷན་པ་གདབ་ཅེས་པ་ལ་སོགས་པ་ཡིན་ཏེ་དཔྱས་སུ་འགྱུར་བའི་ཕྱིར་རོ། །དགེ་འདུན་གྱི་མགར་སྤྱད་བསགས་ཞེས་པ་ནི་དེ་ལྟ་བས་ན་དགེ་འདུན་སྤྱིས་མགར་སྤྱད་ཚང་བར་ཤོམས་ཤིག་པའོ། །བུ་རམ་དང་། རྒྱ་སྐེགས་དང་། སྤྲ་ཚིལ་དང་། ཚོན་མོ་སྟེང་དེ་དག་རྡོལ་བ་ལ་མི་དགེ་ཞེས་པ་ནི་ལྷུང་བཟེད་ཀྱི་ལྷན་བར་མི་རུང་བ་རྣམས་མིང་གིས་སྨོས་ཏེ་སྟོན་པའོ། །ཤུར་ཤུར་པོ་དང་གཟེར་དང་ལྷན་པ་དང་ཆུ་སྲིན་གྱི་སོ་རྣམས་དགེ་ཞེས་པ་ནི་ལྷུང་བཟེད་ཀྱི་ལྷན་པ་བཟང་བ་རྣམས་མིང་གིས་ཕྱེད་དེ་ སྟོན་པའོ། །ཕྱེ་མ་ཡང་ངོ་ཞེས་པ་ནི་ཕྱེ་མ་ཡང་ལྷན་པར་བཟང་ངོ་བར་སྟོན་པའོ། །ལྕགས་སམ་རྡོའི་འོ་ཞེས་པ་ནི་གོང་དུ་ཕྱེ་མ་ཞེས་པ་འདི་གཉིས་ཀྱི་ཕྱེ་མ་ལ་བྱའོ། །སྤྲ་ཚིལ་བཞིན་དུ་འབྲུ་མར་དང་བདར་ཞེས་པ་ནི་ལྕགས་སམ་རྡོའི་ཕྱེ་འབྲུ་མར་དང་བསྲེ་ཞིང་བདར་བ་ཞིབ་ཀྱང་ཚང་སྤྲ་ ཚིལ་ལྟ་བུར་གྱིས་ཤིག་པའོ། །ཀུ་རུ་བིན་ད་འམ་ལྕགས་ཀྱིས་སོ་ཞེས་པ་ནི། རྡོ་ཀུ་རུ་བིན་ད་ཞེས་བྱ་བ་དང་ལྕགས་ཀྱིས་ཕྱེ་མར་དོར་ཅིག་པའོ། །ཚ་བ་གླན་ཅེས་པ་ནི་ཕྱེ་མ་དེ་ལྷུང་བཟེད་ཚ་བར་བྱོས་ལ་གློན་ཅིག་པའོ། །གྲོ་བས་གཡོགས་ཤིང་འཇིམ་པས་བསྐུས་ ལ་རན་པར་བསྲེགས་ཞེས་པ་ནི་ཕྱེ་མ་དེས་གར་རྡོལ་བར་གླན་པའི་ཕྱི་རིམ་འདི་གཉིས་ཀྱིས་གཡོགས་ཤིང་བསྐུས་ལ་ཇི་རན་ཙམ་དུ་བགས་ཀྱིས་སྲེགས་ཤིག་པའོ། །འབྲུ་མར་དང་བདར་ཞེས་པ་ནི་གོང་མ་ལྟར་བྱས་བྱིན་ནས་ཡུངས་མར་གྱིས་བསྐུ་ཞིང་རྡོ་འཇམ་པོས་བྱི་བདར་གྱིས་ཤིག་ པའོ། །ལྕགས་ཀྱི་ལྷུང་བཟེད་ཀྱི་ཆོ་ག་བསྟན་ནས། ཁམ་པའི་ལྷུང་བཟེད་ཀྱི་ཆོ་ག་སྟོན་པ་ནི། ཁམ་པ་ནི་བུ་རམ་དང་འཇི་བས་སོ་ཞེས་པ་ཡིན་ཏེ། ཁམ་པའི་ལྷུང་བཟེད་རྡོལ་བ་ནི་འདི་གཉིས་ཀྱིས་གློན་ཅིག་པའོ། །སྤྱད་སྤྱད་ན་བསྲེགས་ཞེས་པ་ནི་ལྷུང་བཟེད་སྤྱད་སྤྱད་དེ་བྱང་དུ་བྱེད་ ན་སྲེགས་ཤིག་པའོ། །ཇི་ཙམ་གྱི་བར་དུ་སྤྱོད་ནས་བསྲེག་ཅེ་ན་ཟླ་བ་དྲུག་ལོན་ནས་སུ་ཞེས་པ་དང་། ཁམ་པའི་ནི་ཟླ་བ་ཕྱེད་ཅིང་ངོ་ཞེས་པ་ཡིན་ནོ། །ལྷུང་བཟེད་བསྲེག་པ་དབྱར་གྱིས་དུས་འབྱུང་བར་འདོམ་པ་ཇི་ལྟར་བྱ་ཞེ་ན། དབྱར་དུ་བྱེད་ན་བསྐུ་ཞིང་བསྒོ་བའི་སྐབས་སུ་བཀྲུ་ཞེས་ པ་ཡིན་ཏེ། ཟོས་པའི་འོག་ཏུ་ཚོན་མི་ཡལ་བར་བྱ་བའི་ཕྱིར་བསྐུ་ཞིང་ནམ་དགོས་པའི་ཚེ་ཁྲུས་ལ་སྤྱོད་ཅིག་པའོ། འདི་བསྲེག་ཅེས་པ་ནི་ལྷུང་བཟེད་སྲེགས་ཤིག་པའོ། །དེའི་ཕྱིར་རྫ་མ་བཤམ་ཞེས་པ་ནི་བསྲེག་པའི་ཕྱིར་རྫ་མ་གྱིས་ཤིག་པའོ། །ཆེད་དུ་ཞེས་པ་ནི་བསྲེག་པའི་རྫ་ མ་རྫ་མཁན་ལ་དང་པོ་ནས་ཆེད་ཀར་བྱེད་དུ་གཞུག །གྱོ་མོ་ཡང་ཞེས་པ་ནི་ཡང་ན་རྫ་མ་ལས་བཅོས་པའི་གྱོ་མོ་ཡང་རུང་བར་སྟོན་པའོ། །རྫ་མ་ལས་བཅོས་པའི་ཐབས་ཇི་ལྟར་བྱ་ཞེ་ན། ཐལ་བས་བཀང་ལ་རྫ་གཟོང་གིས་བཅག་ན་དགེ་ཞེས་པ་ཡིན་ནོ། །འདི་བཅང་ཞེས་པ་ནི་ གོང་མ་ལྟ་བུར་དགོས་པས་ན་རྫ་མ་བཅག་པའི་གཟོང་བུ་ཆོངས་ཤིག་པའོ། །རྫ་མ་དེ་ཅིར་དགོས་ཤེ་ན། དུ་བ་མི་འབྱེར་བར་དེས་དགབ་ཅེས་པ་ཡིན་ཏེ། དུ་བ་མི་འཆོར་བ་རྫ་མ་དེས་བྱའོ། །ཕྱི་རོལ་འཇིམ་ཕུབ་ཀྱིས་བསྐུ་ཞེས་པ་ནི། རྫ་མ་དེའི་ཕྱི་རོལ་ཕུབ་མ་དང་འཇི་བར་བསྲེས་ པས་སྐུས་ཤིག་པའོ། །ནང་འབྲུ་མར་གྱི་ཚིགས་མའམ་ལྕི་བས་བསྐུས་ཞེས་པ་ནི་རྫ་མ་དེའི་ནང་འདིས་སྐུས་ཤིག་པའོ། །རྫ་མ་དེ་ཕྱི་ནང་བསྐུས་མ་ཐག་དུ་དགབ་པའམ་ཞེ་ན་སྐམ་ཐག་ཆད་ནའོ་ཞེས་པ་ཡིན་ནོ། །ས་ཇི་ལྟ་བུ་དང་གཞི་ཇི་ལྟར་བཀྲུམ་པར་ལྷུང་བཟེད་གཞག་ཅིང་རྫ་མས་དགབ་ཅེ་ན། གཞི་བྱི་བདར་བྱས་ལ་ཕུབ་མ་བཏིང་ནས་འབྲུ་མར་གྱི་ཚིགས་མ་ལ་སོགས་པ་དུ་བ་བཟང་པོའི་རྫས་དགོད་ཅིང་ཁས་བུབ་ཏུ་གཞག་ཅེས་པ་ཡིན་ཏེ། ལྕི་བ་དང་སོག་མས་བསྐོར་ཏེ་སྦར་ཞེས་པ་ནི་རྫ་མ་དེའི་ཕྱི་རོལ་འདི་རྣམས་ཀྱིས་བསྐོར་ལ་མེ་བཏང་བའོ། །ཏེ་བོར་གྲངས་ནས་གཞིག་ཅེས་པ་ནི་ བསྲེགས་པ་དེ་དག་གྲངས་ནས་གཟོད་གཞིག་པར་བྱའོ། །ཚོན་ལེགས་པར་མ་ཞེན་ན་ཇི་ལྟར་བྱ་ཞེ་ན། ཚོན་མ་ཞེན་པ་གྲུབ་ཀྱི་བར་དུ་བཟླས་ཞེས་པ་ཡིན་ནོ། །བཟླས་པའི་ཐབས་ཇི་ལྟར་བྱ་ཞེ་ན། བཀྲུ་ཞིང་བཀྲུ་ཞིང་གཞག་ཅེས་པ་ཡིན་ཏེ། ཚོན་མ་ཞེན་ན་ལེགས་པར་བཀྲུས་ལ་ཡང་སྔོན་གྱི་ སོར་གཞག་པའོ། །སྲོག་ཆགས་ལ་བརྩེ་བའི་ཕྱིར་ཐན་ཀོར་ཕྱགས་ཤིང་ཆག་ཆག་གདབ་ཅེས་པ་ནི་མ་བསྲེགས་པའི་ཐན་ཀོར་དུ་སྲོག་ཆགས་མང་པོ་བསལ་བའི་ཕྱིར་ཕྱག་དར་དང་ཆག་ཆག་གྱིས་ཤིག་པའོ། །གོང་དུ་ལྷུང་བཟེད་མེད་ན་རབ་ཏུ་མི་དབྱུང་ཞེས་སྨོས་པའི་ཞར་ལ་ལྷུང་བཟེད་ཀྱི་ཆོ་ ག་རྒྱས་པར་བསྟན་ནས། །ཕྲན་ཚེགས་ལ་སོགས་པ་ལས་འབྱུང་བའི་རབ་ཏུ་འབྱུང་བའི་དངོས་པོར་གཏོགས་པ་གཞན་ཡང་སྟོན་པ་ནི། བསྙེན་པར་རྫོགས་པའི་ལོ་ཚིགས་མི་ཤེས་ན་མཚན་གྱི་འཁོར་སྤུ་སྐྱེས་པ་རུང་བར་བྱ་ཞེས་པ་ལ་སོགས་པ་ཡིན་ཏེ་མཚན་གྱི་འཁོར་སྤུས་འཁོར་ན་རུང་བར་ བྱ་བའོ། །དེ་བརྟག་པའི་ཐབས་ཇི་ལྟར་བྱ་ཞེ་ན། འདི་སྒྱུས་བརྟག་ཅེས་པ་ཡིན་ཏེ། དེས་མ་འཕྲིགས་པར་ཐབས་ཀྱིས་བརྟག་པའོ། །སྒྱུས་བརྟག་པའི་ཐབས་ཇི་ལྟ་བུ་ཞེ་ན། གླང་པོ་སོ་དང་གོས་དག་དང་མཐོན་པོ་ན་ཡོད་པའི་རྫས་ལེན་དུ་གཞུག་པ་ལ་སོགས་པའོ་ཞེས་པ་ཡིན་ནོ། །བསྙེན་ པར་རྫོགས་པར་འདོད་པ་ཤིང་ལ་འཛེག་ཏུ་མི་གཞུག་ཅེས་པ་ནི་སྨན་འགྲུམས་སུ་འགྱུར་བའི་ཉེན་སྤང་བའོ། །མཚམས་ཀྱི་ཕྱི་རོལ་ཏུ་མི་གཏང་ཞེས་པ་ནི། བར་ཆད་ཀྱི་ཆོས་རྣམས་ཀྱིས་མི་ཚུགས་པར་བྱའོ། །བསྙེན་པར་རྫོགས་པར་འདོད་པ་མཚམས་ཀྱི་ཕྱི་རོལ་དུ་མི་གཏང་ན་དགེ་འདུན་ དབྱེ་བ་བསྙེན་པར་རྫོགས་པའི་ལས་བྱེད་ཅིང་གསང་སྟེ་སྟོན་པས་ཞུ་བའི་ཚེ་གར་གཞག་ཅེ་ན། འདི་མཐོང་བའི་སྤྱོད་ལམ་དུ་སྤངས་ནས་ཚོགས་ལ་ཐལ་མོ་སྦྱར་ཏེ་མདུན་གྱིས་ལྟ་བར་གཞག་ཅེས་པ་ཡིན་ནོ། །ཁྱིམ་པ་ལ་གནས་མི་བསྒོ་ཞེས་པ་ནི་རབ་ཏུ་འབྱུང་བའི་ བར་ཆད་དུ་མི་འགྱུར་བར་བྱའོ། །བསྙེན་པར་རྫོགས་མ་ཐག་ཏུ་མི་བསྒོ་བ་མ་ཡིན་ཞེས་པ་ནི། བསྙེན་པར་རྫོགས་པའི་ཚེ་བཀའ་བློ་བདེ་བས་ན་དེ་ལ་སྤྱིད་དུ་འང་མི་རུང་སྟེ། བྲམ་ཟེའི་ཁྱེའུ་ལ་གནས་ཕྱིས་བསྒོ་བ་དང་ཆོས་གོས་བོར་ཏེ་བབས་པའི་གླེང་གཞི་ཡོད་པས་ནའོ། །གང་ན་ གནས་མེད་པ་དེར་གསོ་སྦྱིན་མི་བསྡང་ཚུལ་དུ་མི་འཇུག་ཅེས་པ་ནི་གནས་མེད་ན་གསོ་སྦྱིན་མ་ཟིན་གྱི་བར་དུ་བསྡད་པ་དང་། ཚུལ་དུ་འཇུག་པ་མ་བྱེད་ཅིག་པའོ། །ཚུལ་དུ་ཞུགས་པའི་འོག་ཏུ་གནས་མེད་པར་གྱུར་ན་ཇི་ལྟར་བྱ་ཞེ་ན། ཚུལ་སྔ་མར་ཞུགས་པ་མི་བསྲུངས་ཞེས་པ་ཡིན་ཏེ། ཚུལ་སྔ་མ་གྲལ་ལ་གནས་པ་ག་ལ་ཡོད་པར་ཚུལ་ཕྱི་མར་བསྙག །ཚུལ་ཕྱི་མར་ཞུགས་པ་ལས་གནས་མེད་པར་གྱུར་པ་ཇི་ལྟར་བྱ་ཞེ་ན། ཕྱི་མར་ཟླ་བ་གཉིས་ལས་ལྷག་པར་ཡང་ཞེས་པ་ཡིན་ཏེ། ཚུལ་ཕྱི་མར་ཞུགས་པ་ལས་གནས་མེད་པར་གྱུར་ན་ཟླ་བ་གཉིས་ལས་ལྷག་པར་མ་ འདུག་ཤིག་པའོ། །གཙུག་ལག་ཁང་གཞན་དུ་གནས་བཙལ་བའི་ཐབས་ཇི་ལྟར་བྱ་ཞེ་ན། འདི་གནས་དང་ལས་དང་གཡོག་སྤངས་པས་གཉེར་ཞེས་པ་ཡིན་ཏེ། གཙུག་ལག་ཁང་གུད་ནས་གནས་སུ་བོད་པ་དེ་ལ་གནས་བཟང་པོ་དང་ལས་སུ་མི་གཞུག་པ་དང་། དགེ་ཚུལ་ལ་སོགས་ པ་དེའི་གཡོག་ཏུ་བསྐོས་པ་རྣམས་གུད་དུ་མི་བསྐོ་བས་ཁས་བླངས་ཏེ་གཉེར་ཅིག་པའོ། །ཟླ་བ་གཉིས་ཀྱི་བར་དུ་གནས་མེད་པར་འཁོད་པའི་ཚེ་སུ་ལ་དྲི་ཞེ་ན། མེད་ན་གཞོན་ནུའི་རྒན་རབས་ལ་ཡང་དྲི་ཞེས་པ་ཡིན་ཏེ། གནས་བཅའ་བའི་འོས་མེད་ན། གཞོན་ནུའི་ནང་ནས་གང་རྒན་ རབས་ལ་དྲིས་ཤིག་པའོ། །རྒན་པ་དེས་ནི་མ་དྲིས་པར་བྱས་ཀྱང་ཉེས་མེད་པར་ཞར་ལ་མངོན་ནོ། ཡོད་ཀྱང་ཉེ་གནས་སུའོ་ཞེས་པ་ནི་མཁན་པོ་དང་གནས་ཡོད་དུ་ཟིན་ཀྱང་སློབ་པ་གཞོན་ནུའི་རྒན་རབས་གཞན་ལ་ཉེ་གནས་སུ་འདྲི་བ་ཉེས་པ་མེད་པར་སྟོན་པའོ། །དྲི་བའི་ཞར་ལ་ བསྟན་པ་ནི་དེའི་རིགས་མ་ཞུས་པར་ངེས་སམ་བདག་གིས་མི་བཀོལ་ཞེས་པ་ཡིན་ཏེ། མཁན་པོ་ལ་སོགས་པ་ལ་མ་ཞུས་པར་ཚུལ་ཁྲིམས་དང་མི་ལྡན་བའི་རིགས་བདག་གིས་ཀྱང་མི་བཀོལ་དེས་ཀྱང་མི་བཀོལ་བའང་མི་བྱའོ། །གོང་དུ་གནས་མེད་པར་མ་འདུག་ཅིག་ཅེས་པ་དེའི་བྱེ་ བྲག་བསྟན་པའི་ཕྱིར། མེད་པ་ཚོལ་བའི་ཚེ་གནས་པར་འོས་པ་མི་གནས་པར་འདུག་ཀྱང་ཉེས་མེད་ཅེས་པ་ཡིན་ཏེ། གནས་སྙིང་ནས་ཚོལ་ན་དེ་མ་རྙེད་ཀྱི་བར་དུ་གནས་བཅའ་དགོས་པ། གནས་མེད་པར་འདུག་ཀྱང་ཉེས་པ་མེད་པར་སྟོན་པའོ། །དེ་ལྟར་རུང་བ་ཇི་སྲིད་ཀྱི་བར་དུ་ཞེ་ན། ཞག་ལྔའི་བར་དུ་ཞེས་པ་ཡིན་ཏེ། ཞག་ལྔ་ལོན་གྱི་བར་དུ་གནས་མེད་པར་འདུག་ཀྱང་སླ་བའོ། །ཞག་ལྔའི་བར་དུ་གནས་མེད་པར་འདུག་པའི་ཚེ་རྙེད་པ་བླང་དུ་རུང་ངམ་མི་རུང་ཞེ་ན། རྙེད་པ་ནི་འོས་སོ་ཞེས་པ་ཡིན་ཏེ། དེའི་ཚེ་རྙེད་པ་ཡང་བླང་དུ་རུང་བར་སྟོན་པའོ། །གཞི་ལ་འཁོད་པ་ རྣམས་ཀྱི་གནས་ཇི་ལྟར་བྱ་བ་བསྟན་ནས། འདྲོན་པོ་རྣམས་ཀྱི་གནས་བསྟན་པའི་ཕྱིར་ལྷགས་པ་ནི་ཞག་གཉིས་སམ་གསུམ་བརྟས་ཏེ་གནས་བླང་ཞེས་པ་ཡིན་ཏེ། གུད་ནས་འདྲོན་དུ་ལྷགས་པ་ནི་ལྷགས་མ་ཐག་ཏུ་གནས་བཅའ་མི་དགོས་ཀྱི་ཞག་གཉིས་སམ་གསུམ་བརྟས་ནས་ གདོད་གནས་ནོས་ཤིག་པའོ། །ཞག་གཅིག་གི་ཕྱིར་མ་ཡིན་ཞེས་པ་ནི་ཞག་འགའ་ལས་མི་འདུག་པ་གནས་བཅའ་མི་དགོས་པའོ། །གནས་ལ་ཞུར་མ་ཆུད་པའི་ཚེ་ཇི་ལྟར་བྱ་ཞེ་ན། གནས་མི་ཁོམ་ན་གཞན་ལ་དྲི་ཞེས་པ་ཡིན་ཏེ། མཚམས་ཀྱི་ནང་ན་བྲེལ་ཡང་རུང་གུད་དུ་ སོང་ཡང་རུང་དྲིར་མེད་ན་འཕྲལ་དུ་མི་བྱ་བ་ཙམ་གྱི་ཚོད་གཞན་ལ་དྲིས་ཀྱང་ཉེས་མེད། གནས་ལ་མ་དྲིས་པར་གནས་པས་བྱ་བ་མི་བྱ་ཞེས་གོང་དུ་བསྟན་པ་དེའི་བྱེ་བྲག་བསྟན་པའི་ཕྱིར་ལས་ཀྱི་ཕྱིར་སོང་བ་ལས་གཞན་གྱིས་བསྣན་པ་མ་དྲིས་ཀྱང་ཉེས་མེད་ཅེས་པ་ཡིན་ཏེ། སྔར་དགེ་འདུན་གྱིས་མངགས་པ་གནས་ལ་ཞུས་ཏེ་སོང་བ་ལས་འདི་ལྟ་བུ་ཞིག་ཀྱང་གྱིས་ཤིག་ཅེས་བསྣན་པ་ལྟ་བུ་གནས་ལ་མ་དྲིས་པར་བྱས་ཀྱང་ཉེས་མེད་པར་སྟོན་པའོ། །གནས་ནོས་ཤིག་པ་སུ་ལའང་ནོད་དུ་རུང་ངམ་ཞེ་ན། བབ་བབ་ཀྱི་གན་དུ་མ་ཡིན་ཞེས་པ་ཡིན་ནོ། །འོ་ན་ སུ་ལ་ཞེ་ན། ཁྲིམས་དང་ཤེས་པ་དང་འཁོར་དང་ཕན་འདོགས་པ་དྲི་བ་ལ་སོགས་པས་ཤེས་པར་བྱ་ཞིང་སྡོམ་པ་བཞིན་དུ་འདི་ནོད་ཅེས་པ་ཡིན་ཏེ། དགེ་སློང་གང་གནས་སུ་བྱ་བ་དེ་ཚུལ་ཁྲིམས་དང་ལྡན་ནམ་མི་ལྡན་མང་དུ་ཐོས་སམ་མ་ཐོས། འཁོར་བགྲུངས་ སམ་མི་བགྲུངས། ཕན་ཐོགས་སམ་མི་ཐོགས་དྲི་བ་ལ་སོགས་པས་བརྟག་ཅིང་མྱོང་ལ་འདི་རྣམས་དང་ལྡན་ན་སྡོམ་པ་མནོད་པ་དང་འདྲ་བར་སྔགས་ཀྱི་ཚིག་ལན་གསུམ་གྱི་བར་དུ་བཟླས་ཤིང་ནོས་ཤིག་པའོ། །འདི་འང་ཐལ་མོ་སྦྱར་ནས་སྡོམ་པ་མནོད་པ་བཞིན་དུ་བྱའམ་ཞེ་ན། ལག་པ་གཉིས་ཀྱིས་རྐང་པ་གཉིས་ཀྱི་མཐིལ་ནས་འཁྱུད་ཅེས་པ་ཡིན་ནོ། །གནས་ཀྱི་སློབ་དཔོན་གྱི་གནས་ནོད་དོ་ཅོག་ལ་སྦྱིན་དུ་རུང་ངམ་ཞེ་ན། བརྟག་ཅིང་སྦྱིན་ཞེས་པ་ཡིན་ཏེ། གནས་འདོད་པ་དེ་མྱ་ངན་ལས་འདའ་བའི་བསམ་པ་ཡང་དག་པར་ཡོད་དམ་མེད་པ་ལ་སོགས་ པ་བརྟགས་ནས་གདོད་བྱིན་ཅིག་པའོ། །གནས་དང་གནས་པ་གཅིག་ལ་གཅིག་ཇི་ལྟར་བྱ་ཞེ་ན། ཕ་དང་བུའི་འདུ་ཤེས་གཞག་ཅེས་པ་ཡིན་ནོ། །མཁན་པོ་ལ་སློབ་མས་གནས་བཅའ་དགོས་སམ་མི་དགོས་ཤེ་ན། མཁན་པོ་དེ་ཉིད་ཀྱི་གནས་སོ་ཞེས་པ་ཡིན་ཏེ། མཁན་ པོར་གྱུར་པ་ཉིད་ཀྱི་གནས་སུ་གྱུར་པ་ཡིན་ནོ། །དེ་ལྟ་བས་ན་དེ་ལས་འདི་མི་གནོད་ཅེས་པ་ནི། གོང་མ་ལྟར་གྱུར་པས་ན་མཁན་པོ་དེ་ལ་གནས་མནོད་མི་དགོས་པར་སྟོན་པའོ། །གནས་པའི་འཇིག་པ་ཇི་ལྟར་ཞེ་ན། གནས་མནོས་པ་གཉི་གས་ཡལ་བར་བཏང་ན་འཇིག་པའི་ རྒྱུའོ་ཞེས་པ་ཡིན་ཏེ། གནས་ཀྱིས་ཀྱང་གནས་པ་མེད་ཀྱང་བླ་བར་བཏང་། གནས་པར་ཀྱང་དེ་བཞིན་དུ་བཏང་ན་སྔ་ཕྱིར་བཏང་ཡང་རུང་སྟེ། དེས་འཇིག་པར་སྟོན་པའོ། །གནས་དུ་མ་ལྷན་ཅིག་ཏུ་ཚོགས་ན་གནས་པས་གནས་གང་ལ་ཞུ་བར་བྱ་ཞེ་ན། མཁན་པོ་མ་ཡིན་ པ་ཚོགས་ན་གང་འདོད་པ་འདམ་ཞེས་པ་ཡིན་ཏེ། མཁན་པོ་མ་ཡིན་པའི་གནས་དུ་མ་ཅིག་ཅར་དུ་ཚོགས་ན་བདག་གར་དགའ་བར་དྲིས་ཤིག་པའོ། །དེ་ཉིད་ན་དེ་ལའོ་ཞེས་པ་ནི། ཚོགས་པའི་ནང་ན་མཁན་པོ་ཡོད་ན་མཁན་པོ་ཉིད་ལ་དྲིས་ཤིག་པའོ། །གནས་པས་གནས་ ལ་བསྟི་སྟང་ཇི་ལྟར་བྱ་ཞེ་ན། མཁན་པོ་མཐོང་དགུ་ན་སྟན་ལས་འཕགས་ཞེས་པ་ཡིན་ཏེ། མཁན་པོ་ཉི་ཚེར་མ་ཟད་ཀྱི་སློབ་དཔོན་རྣམས་མཐོང་དགུ་ན་ཡང་སྟན་ལས་ལོངས་ཤིག་པའོ། །གནས་གཙུག་ལག་ཁང་དེ་ན་ཉིན་གཅིག་ལ་ལན་གསུམ་སྲུལ་ཅིག་ཅེས་པ་ནི། གནས་དང་གནས་པ་གཉི་ག་གཙུག་ལག་ཁང་གཅིག་ན་འཁོད་ན་ཉིན་གཅིག་ལ་ལན་གསུམ་དུ་ཞུ་ཞིང་དེའི་གན་དུ་སོང་ཤིག་པའོ། །རྒྱང་གྲགས་སྲིད་ཀྱི་དགོན་པ་ན་འདུག་ན་ཉིན་རེའོ་ཞེས་པ་ནི། གནས་རྒྱང་གྲགས་སྲིད་ཀྱི་དགོན་པ་ན་འདུག་ན་ཉིན་རེ་ལ་ལན་རེ་ཞུས་ཤིག་ པའོ། །རྒྱང་གྲགས་ལྔ་ན་ཞག་ལྔ་དྲུག་ཅིང་ངོ་ཞེས་པ་ནི་གནས་རྒྱང་གྲགས་ལྔ་ཙམ་གྱི་དགོན་པའམ་གུད་ན་འདུག་ན་ཞག་ལྔ་དྲུག་ཙམ་ཞིང་ལན་རེ་ཞུས་ཤིག་པའོ། །དཔག་ཚད་ཕྱེད་དང་གསུམ་ན་གསོ་སྦྱིན་གྱི་ཚེའོ་ཞེས་པ་ནི། གནས་དཔག་ཚད་ཕྱེད་དང་གསུམ་སྲིད་ཀྱི་ དགོན་པའམ་གུད་ན་འདུག་ན་ཟླ་བ་ཕྱེད་ཕྱེད་ཅིང་ཞུས་ཤིག་པའོ། །ད་ནི་གནས་ཀྱིས་གནས་པ་ཇི་ལྟར་བསྲི་བ་སྟོན་ཏོ། །གནས་པ་སྨད་པར་འོས་ན་མི་སྨད་པར་མ་ཡིན་ཞེས་པ་ནི། གནས་པ་ཆད་པས་གཅད་ཅིང་སྨ་དབབ་པར་འོས་ན་སྨ་ཕོབ་ཤིག་པའོ། །སྨ་དབབ་པའི་ རྣམ་པ་དུ་ཞེ་ན། སྨ་དབབ་པ་ལྔ་སྟེ་ཞེས་པ་ཡིན་ཏེ། དེ་ཡང་གང་ཞེ་ན། མི་སྨྲ་བ་དང་། ལུང་མི་དབོག་པ་དང་། གཡོག་དང་ཟང་ཟིང་གི་ལོངས་མི་སྤྱད་པ་དང་། དགེ་བའི་ཕྱོགས་བརྩམས་པ་བཅད་པ་དང་གནས་དགག་པ་རྣམས་སོ་ཞེས་པ་ཡིན་ཏེ། དེ་ལ་གཏམ་མི་ བྱ་བ་དང་མི་རྟག་པ་བསྒོམས་པ་ལ་སོགས་པའི་ལུང་བཀྱིག་པ་དང་། གཡོག་དང་ཆོས་དང་ཟང་ཟིང་གི་སྤྱོད་པ་བཏང་བ་དང་། བཤད་པ་ལྟ་བུ་ལ་སོགས་པ་དགེ་བའི་ཕྱོགས་བརྩམས་པ་རེ་ཞིག་གཞི་ལ་དོར་བ་དང་། ཞུར་མི་གཞུག་པ་རྣམས་ཀྱིས་སྨ་ཕོབ་ཤིག་པའོ། ། སྨ་དབབ་པར་བྱ་བ་ཇི་ལྟ་བུ་ཞེ་ན། མ་དད་པ་དང་ལེ་ལོ་ཅན་དང་བཀའ་བློ་མི་བདེ་བ་དང་མ་གུས་པ་དང་། སྡིག་པའི་གྲོགས་པོ་ཅན་དང་འདི་རྣམས་ལ་འོས་སོ་ཞེས་པ་ཡིན་ཏེ། རྣམ་པ་འདི་རྣམས་སྨ་ཕོབ་ཤིག་པའོ། །སྨ་ཕབ་པ་དེ་གཞན་གྱིས་ཁ་གྲངས་པ་ཉེས་པ་ཇི་ལྟར་ འགྱུར་ཞེ་ན། སྨད་པ་གཞན་གྱིས་བསྡུས་ན་ཉེས་པ་སྦོམ་པོའོ་ཞེས་པ་ཡིན་ཏེ། སྨད་པ་དེ་བབས་ཀྱིས་དོགས་པ་ལ་སོགས་པའི་ཕྱིར་མ་ཡིན་པར། དེའི་མཁན་པོ་དང་དབྱེ་བའི་ཕྱིར་ཁ་གྲངས་ན་དབྱེན་གྱི་སྦོམ་པོར་འགྱུར་བའོ། །སྨད་པ་དེ་སླར་འཇར་དུ་མི་བཏུབ་ པ་ཇི་ལྟར་བྱ་ཞེ་ན། གནོད་པར་མི་བྱེད་ན་དགེ་སློང་ཤེས་པ་ཅན་ལ་ཡིད་འཇོ་བར་བཅོལ་ཞེས་པ་ཡིན་ཏེ། དེ་བཟོད་པར་གསོལ་ཞིང་སླར་འཇལ་དུ་མི་བཏུབ་ན་དགེ་སློང་སྨྲ་མཁས་ཤིང་ཤེས་ཉེན་ཆེ་བ་གཅིག་ལ་ཡིད་འཇོ་ཞིང་བློ་འདེབས་སུ་བཅོལ། མཚན་མ་བཏང་སྟེ་བཟོད་ པར་གསོལ་ན་བཟོད་པར་བྱ་ཞེས་པ་ནི། དེས་མ་དད་པ་ལ་སོགས་པའི་སྐྱོན་བཏང་ནས་བཟོད་པར་གསོལ་ན་བཟོད་པར་གྱིས་ཤིག་པའོ། །སྨད་པར་མི་འོས་པ་ལ་མ་ཡིན་ཞེས་པ་ནི། དད་པ་ལ་སོགས་པའི་ཡོན་ཏན་ཡོད་དེ་སྨད་པར་འོས་པ་མ་ཡིན་པ་ལ་སྨད་པར་མ་བྱེད་ཅིག་ པའོ། །འོས་པ་ལ་མི་བཟོད་པར་མི་བྱ་ཞེས་པ་དང་། མི་འོས་པ་ལ་བཟོད་པར་མི་བྱ་ཞེས་པ་གཉིས་ནི་ཉེས་པའི་མཚན་མ་གཏོང་ཡང་མི་བཟོད་པ་དང་། ཉེས་པའི་མཚན་མ་མ་བཏང་ཡང་བཟོད་པ་ལྟ་བུ་མ་བྱེད་ཅིག་པའོ། །ཡིད་བཞོས་ཀྱང་འཇར་དུ་མི་བཏུབ་པ་ཇི་ལྟར་ བྱ་ཞེ་ན། མ་བཏུབ་ན་གནས་ཁང་ནས་བསྐྲད་ཅེས་པ་ཡིན་ནོ། །དེ་ཅི་ཡང་མེད་པར་བསྐྲད་དམ་ཞེ་ན། དགེ་ཚུལ་ཡིན་ན་སྟོད་གཡོགས་སྨད་གཡོགས་དང་ཆུ་ཚགས་དང་རིལ་བ་སྦྱིན་ཞེས་པ་ཡིན་ནོ། །བསྙེན་པར་རྫོགས་པར་འདོད་པ་ཞིག་ནའང་ཡོ་བྱད་དེ་ལས་མི་སྨིན་ནམ་ ཞེ་ན། བསྙེན་པར་རྫོགས་པར་འདོད་པ་ཞིག་ན་ཡོ་བྱད་ལྔའོ་ཞེས་པ་ཡིན་ཏེ། ཆོས་གོས་གསུམ་དང་གདིང་བ་དང་ལྷུང་བཟེད་ལྔ་བྱིན་ལ་སྐྲོད་ཅིག་པའོ། །ཆུ་ཚགས་ཀྱང་སྦྱིན་དགོས་པ་ནི་དགེ་ཚུལ་ལ་སྦྱིན་པར་བསྟན་པའི་ཞར་ལ་མངོན་ནོ། །བསྙེན་པར་རྫོགས་པ་ཡང་ངོ་ ཞེས་པ་ནི་བསྙེན་པར་རྫོགས་པ་ཞིག་ན་ཡང་ཡོ་བྱད་གོང་མ་ལྔ་བྱིན་ལ་སྐྲོད་ཅིག་པའོ། །དེ་ལྟར་བསྐྲད་པས་སླར་འཇལ་ཡང་ཡེ་མི་བསྡུ་འམ་ཞེ་ན། སེང་གེ་བཞིན་དུ་སེམས་ཐག་མི་གཅད་ཅེས་པ་ཡིན་ཏེ། སེང་གེ་གོད་ལ་མི་རེ་བ་བཞིན་དུ་མ་བྱེད་ཅིག་པའོ། །གནོད་པར་ འགྱུར་བའི་བྱ་བར་བྱ་བ་མི་བྱ་ཞེས་པ་ནི་ནང་ཁྲིམས་མ་བཅས་ཀྱང་ཉེས་ཆེན་པོ་མེད་ལ། བཅས་ན་ནི་གནོད་ཚབས་ཆེ་བའི་ནང་ཁྲིམས་མ་བྱེད་ཅིག་པའོ། །ཁ་སུ་བ་ནི་ཞག་ལོན་པའི་འོ་ཞེས་པ་ནི། ཞག་གཅིག་ལོན་པའི་ནི་ཁ་སུ་བ་སྟེ་བཙོག་པར་སྟོན་པས་ན་མ་བཀྲུས་ཀྱི་བར་ དུ་ཕྱག་བྱ་བ་དང་ཁ་ཟས་བཟའ་བ་ལ་སོགས་པ་མ་བྱེད་ཅིག་པའོ། །དེ་ལྟ་བས་ན་སོ་ཤིང་བཅའ་ཞེས་པ་ཡིན་ནོ། །ཐམས་ཅད་ཀྱི་མིག་སྔར་རམ་ཞེ་ན། །དབེན་པར་རོ་ཞེས་པ་ཡིན་ནོ། །དེ་ཉི་ཚེ་དབེན་པར་རམ་ཞེ་ན། བཤང་གཅི་བྱ་བ་ཡང་ངོ་ཞེས་པ་ཡིན་ནོ། །ཤིང་དང་ རྩིག་པ་ཞེས་པའི་ཐན་ཀོར་དུ་མ་ཡིན་ཞེས་པ་ནི། བསིལ་གྲིབ་བམ་རྩིག་དྲུང་ལྟ་བུ་མི་མང་པོ་འདུ་བའི་སར་བཤང་གཅི་ལ་སོགས་པ་མ་བྱེད་ཅིག་པའོ། །སོ་ཤིང་གི་ཚད་སྟོན་པ་ནི་འདིའི་ཚད་སོར་བཅུ་གཉིས་མན་ཆད་བརྒྱད་ཡན་ཆད་དོ་ཞེས་པ་ཡིན་ནོ། །མེད་ན་བད་ཀན་ཆེ་ བས་སོར་བཞི་ཡན་ཆད་དོ་ཞེས་པ་ནི། གོང་མའི་ཚད་སྲིད་དུ་བྱ། ཤིང་མེད་ན་བད་ཀན་ཆེ་བས་སོར་བཞི་ཡན་ཆད་འཆོས་ཤིག་པའོ། །གནས་ཁང་དུ་སོ་ཤིང་བཟའ་བའི་མི་རིགས་པར་དོགས་པ་སེལ་བ་ནི། གནས་ཁང་ན་ཆོལ་ཟངས་ཀྱི་སྟེང་དུ་འཆའ་བ་ནི་མི་རིགས་ པ་མེད་དོ་ཞེས་པ་ཡིན་ནོ། །དབེན་པར་སོ་ཤིང་འཆོས་ཤིག་ཅེས་གོང་དུ་བསྟན་པའི་དབེན་པར་བྱ་བ་གང་ཞེ་ན། འདི་ཝ་ཀ་ན་དབེན་པར་མི་འགྱུར་བ་མ་ཡིན་ནོ་ཞེས་པ་ཡིན་ཏེ། ཆུ་ཁུང་དང་ཝ་ཀར་སོ་ཤིང་འཆོས་པ་མི་དབེན་པ་མ་ཡིན་པར་སྟོན་པའོ། །ཝ་ཀའི་ཐན་ཀོར་ ཡང་དེའི་ཁོངས་སུ་གཏོགས་པར་བསྟན་པའི་ཕྱིར། རྣམ་པ་དེ་དག་ཁྲུ་གང་གི་ཐན་ཀོར་འདིར་གཏོགས་སོ་ཞེས་པ་ཡིན་ཏེ། སོ་ཤིང་བཅའ་བ་དང་། རྐང་པ་བཀྲུ་བ་ལ་སོགས་པའི་རྣམ་པ་ཝ་ཀའམ། སྟོར་ཁུང་གི་ཁྲུ་གང་གི་ཐན་ཀོར་ཡང་དེའི་ཁོངས་སུ་གཏོགས་ པས་དེ་ཚུན་ཆད་དུ་གྱིས་ཤིག་པའོ། །སོ་ཤིང་བཅའ་བའི་ཞར་ལ་སྟོན་པ་ནི་དེའི་འོག་དུ་ལྕེ་བཞར་ཞེས་པ་ཡིན་ནོ། །ལྕེ་བཞར་བཅང་ཞེས་པ་ནི། དེ་ལྟ་བས་ན་ལྕེ་བཞར་བ་ཆོངས་ཤིག་པའོ། །ཅི་ལས་བྱས་པ་བཅང་ཞེ་ན། ཁབ་ཀྱི་རྒྱུ་ལས་སོ་ཞེས་པ་ཡིན་ཏེ། ཟངས་ དང་ར་གན་དང་ལྕགས་སོ། །དེའི་ཕྱིར་སོ་ཤིང་ཚལ་པའང་རུང་ཞེས་པ་ནི། ཟངས་ལ་སོགས་པའི་ལྕེ་བཞར་མེད་ན། སོ་ཤིང་གི་ཚལ་པས་བཞར་ཡང་མི་རུང་བ་མེད་པར་སྟོན་པའོ། །འདི་མི་རྣོ་བའི་ཕྱིར་གཅིག་ལ་གཅིག་དྲུད་ཅེས་པ་ནི། སོ་ཤིང་གི་ཚལ་ པ་རྣོ་ཆེས་ན་ཆོད་པའི་ཕྱིར་གཅིག་ལ་གཅིག་དྲུད་ཅིག །སོ་ལ་སོགས་པ་སྣད་ཀྱིས་དོགས་པའི་ཕྱིར་རྣོ་བས་སོ་དང་ལྕེ་དང་རྣ་བ་མི་ཟུད་ཅེས་པ་ཡིན་ནོ། །མི་རྣོར་ཟིན་ཀྱང་དྲག་ཏུ་མ་ཡིན་ཞེས་པ་ཡིན་ཏེ། རྣོན་པོ་མ་ཡིན་ཀྱང་དྲག་ཤུལ་མ་བྱེད་པར་དལ་གྱིས་དྲུད་ཅིག་པའོ། །ཇི་ ཙམ་དུ་དལ་བར་བྱ་ཞེ་ན། དེ་དག་གིས་ཤ་མི་སྣད་པར་རོ་ཞེས་པ་ཡིན་ནོ། །སོ་ཤིང་བཅའ་བའི་ཞར་ལ་དོར་བ་ཡང་སྟོན་པ་ནི། སོ་དང་ལྕེ་སྦྱོང་བ་ཁའི་དྲི་མས་ཕོག་པའི་ཕྱོགས་མ་བཀྲུས་སེམས་ལ་མ་བསྒྲེས་པར་མི་དོར་ཞེས་པ་ཡིན་ཏེ། སོ་བྲུད་ཤིང་ལྕེ་བཞར་བའི་དྲི་མ་མ་ བཀྲུས་མ་བསྒྲེས་པར་མ་དོར་ཅིག་པའོ། །སྒྲ་མེད་པར་མ་ཡིན་ཞེས་པ་ཡིན་ཏེ། སེ་གོལ་ལ་སོགས་པའི་སྒྲ་མ་ཕྱུང་གི་བར་དུ་སོ་ཤིང་མ་དོར་ཅིག་པའོ། །དེའི་དཔར་ཟད་ཀྱི་ཞེས་པ་ནི་སོ་ཤིང་སྒྲ་མ་ཕྱུང་གི་བར་དུ་མི་འདོར་བ་དཔེ་ཙམ་དུ་ཟད་པར་སྟོན་པའོ། །བཤང་གཅི་ དང་མཆིལ་སྣབས་དང་། སྐྱུགས་པ་ལ་སོགས་པ་གཞན་ཡང་ངོ་ཞེས་པ་ནི་འདི་རྣམས་འདོར་བའི་ཚེའང་སྒྲ་ཕྱུང་ལ་འོར་ཅིག་པའོ། །འདིས་བཀྲུས་པ་བཞིན་དུ་གོ་འདུན་དང་ལྕི་བས་ཀྱང་འགྲུབ་པོ་ཞེས་པ་ནི་སོ་ཤིང་ཉི་ཚེས་ཁ་འདག་པར་མ་ཟད་ཀྱི་གོ་འདུན་དང་ལྕི་བས་ཀྱང་ཁ་ འདག་པར་སྟོན། ལུས་ཀྱི་བྱ་བ་ཟིན་མ་ཐག་དུ་མཆོད་རྟེན་ལ་ཕྱག་བྱ་ཞེས་པ་ནི་ཁ་ལག་བཀྲུ་བ་ལ་སོགས་པ་བྱས་མ་ཐག་དུ་མཆོད་རྟེན་ལ་ཕྱག་གྱིས་ཤིག་པའོ། །གནས་པའི་སྒྲུབ་པར་གཏོགས་པའོ་ཞེས་པ་ནི། མདོ་འོག་ནས་འབྱུང་བ་རྣམས་གནས་པའི་ཆོ་ག་ཤ་སྟག་ ཡིན་པར་སྟོན་པའོ། །གནས་པས་བསྒྲུབ་པར་བྱ་བ་ཉིད་ནི་དེའི་འོག་ཏུ་ནང་པར་སོང་ལ་ཕྱག་བྱ་ཞེས་པ་ལ་སོགས་པ་ཡིན་ཏེ། མཆོད་རྟེན་ལ་ཕྱག་བྱས་པའི་འོག་ཏུ་གནས་ག་ལ་འདུག་པར་སོང་ལ་ཕྱག་གྱིས་ཤིག་པའོ། །ནད་དྲི་ཞེས་པ་ནི་ཕྱག་བྱས་ནས་སྙུན་ཡང་ གསོལ་ཅིག་པའོ། །གོ་འདུན་དང་ཆུ་དང་སོ་ཤིང་བསྡོགས་ཞེས་པ་ནི་གནས་དེའི་ཁ་ལག་བཀྲུ་བའི་ཡོ་བྱད་འདི་དག་ཀྱང་སྟ་གོན་གྱིས་ཤིག་པའོ། །གཡོས་མལ་བལྟས་ལ་བསྙད་ཅེས་པ་ནི། ཚང་བང་ན་གཡོས་ཅི་བྱེད་པ་གནས་ལ་སྦྲོན་ཅིག་པའོ། །སྲིད་པ་དབུལ་བར་ ཡིད་ལ་བྱ་ཞེས་པ་ནི། གོང་མ་ལྟར་བསྙད་ནས་གནས་དེ་ཟས་གང་ལ་དགའ་བ་བདག་གིས་བཤུགས་པར་སོམས་ཤིག་པའོ། །ལྷུང་བཟེད་བཀྲུ་ཞེས་པ་ནི་གདུགས་ཚོད་ལ་བབ་ཏུ་ཆནའོ། །བསོད་སྙོམས་པ་ཞིག་ན་ཁར་གསིལ་ཡང་ངོ་ཞེས་པ་ནི། གནས་དེ་བསོད་ སྙོམས་སྤྱོད་པ་ཞིག་ན། ཁ་རག་སིལ་ཡང་ཁྲུས་ཤིག་པའོ། །གལ་ཏེ་དགོས་པ་ལྟ་ན་ཆུ་ཚགས་ཀྱང་ངོ་ཞེས་པ་ནི། གནས་དེ་ཀུན་དགའ་ལ་སོགས་པར་བཟའ་བ་ཞིག་ན། ཆུ་ཚགས་ཀྱང་བཀྲུ་ཞིང་སྟ་གོན་གྱིས་ཤིག་པའོ། །དེ་ཡང་ན་དྲི་ཞེས་པ་ནི། གནས་ པ་དེ་ཡང་བསོད་སྙོམས་པ་ཞིག་ཡིན་ན་བདག་ཀྱང་ཞ་འབྲིང་དུ་མཆི་འམ་ཞེས་ཞུས་ཤིག་པའོ། །འགྲོགས་པར་འདོད་ན་དེ་ཉིད་དང་ལྷན་ཅིག་ཏུ་འདོང་ཞེས་པ་ནི་གོང་མ་ལྟར་ཞུས་ཏེ། འགྲོགས་པར་དགའ་ནའོ། །འགྲོགས་པར་འདོད་ན་ཇི་ལྟར་བྱ་ཞེ་ན། ཉམ་ང་ལ་ སོགས་པར་སྔོན་དུ་འགྲོ་ཞེས་པ་ཡང་སྟེ། ས་ནར་མི་བདེ་འམ་ཉམ་ང་པ་ཞིག་དང་འདོམ་ན་བདག་གིས་སྔུན་དུ་དྲངས་ཤིག་པའོ། །བསོད་པ་དེ་ལ་བདར་ཞེས་པ་ནི་གཉི་ག་བསོད་སྙོམས་བྱེད་པའི་ཚེ་བདག་ལ་ཟས་བསོད་པའམ་བཟང་པོ་ཅིག་སྦྱིན་དུ་ཆ་ན་དེ་འདི་ཕུལ་ ཞེས་གནས་ལ་བདར་བར་བྱ་བའོ། །མ་འགྲོགས་ན་འཁོར་ནས་བསྟན་ཞེས་པ་ནི་བསོད་སྙོམས་ལ་ལྷན་ཅིག་དུ་མ་དོང་སྟེ། སོ་སོར་དོང་ན་སླར་འཁོར་ཏེ་བདག་གིས་ཟས་ཇི་སྙེད་པ་གནས་ལ་སྟོན་ཅིག་པའོ། །བཟང་བཀྲབས་ལ་བདར་ཞེས་པ་ནི་བཟའ་བའམ་བཟང་ བདམས་ཏེ་གནས་ལ་སྟོབས་ཤིག་པའོ། །ཆུ་སྣོད་དགང་ཞེས་པ་ནི་ཕྱི་རོལ་ཆེ་ཆུང་དུ་འགྲོ་བ་ལ་སོགས་པའི་ཆུ་སྣོད་ཀྱང་དགང་ཞིང་སྟ་གོན་གྱིས་ཤིག་པའོ། །དུས་སྙེད་ཅེས་པ་ནི་གནས་དེ་བསམ་གཏན་ནམ་དགེ་བ་རྒྱུན་དུ་བྱེད་པ་ཞིག་ན་གནས་པས་ཟས་ཀྱི་དུས་ སུ་བསྐུལ་ཅིག་པའོ། །ཟོས་ནས་ལྷུང་བཟེད་ལ་སོགས་པ་བཀྲུ་ཞེས་པ་ནི་ལྷུང་བཟེད་ལ་སོགས་པ་ཁ་ཕྱིས་སོ་ཅོག་ཟས་ཟོས་ཟིན་ནས་ཁྲུས་གྱིས་ཤིག་པའོ། །འདི་དག་གཞག་པར་བྱ་ཞེས་པ་ནི་སྣོད་སྤྱད་དེ་བཀྲུས་ཟིན་ནས་གནས་གནས་སུ་ཞོག་ཤིག་ པའོ། །མཆོད་རྟེན་ལ་ཕྱག་འཚལ་བའི་གོ་འདུན་དང་ཆུ་ལ་སོགས་པ་བསྔོགས་ཞེས་པ་ནི། གནས་དེ་མཆོད་རྟེན་ལ་ཕྱག་འཚལ་ཞིང་དཀྱིལ་འཁོར་བྱེད་པའི་ཡོ་བྱད་རྣམས་གནས་པས་སྟ་གོན་དུ་ཤོམས་ཤིག་པའོ། །རྐང་པ་བཀྲུ་པར་གཏོགས་པ་བཤམ་ཞེས་ པ་ནི་སྣུམ་པ་དང་བག་ཟན་ལ་སོགས་པ་གནས་དེའི་རྐང་ལག་བཀྲུ་བའི་སྟ་གོན་དུ་ཤོམས་ཤིག་པའོ། །མལ་བཅའ་ཞེས་པ་ནི་གནས་དེའི་མལ་ཡང་ལེགས་པར་གྱིས་<ཤག་‚ཤིག་>པའོ། །སྨད་ཁྲས་དབུལ་ཞེས་པ་ནི་ཉལ་ཀར་འདིའང་ཕུལ་ཅིག་པའོ། །ཤམ་ཐབས་བླང་ཞེས་པ་ སྨད་ཁྲིས་ཕུལ་ལ་ཤམ་ཐབས་ལོང་ཤིག་<པའ‚པའོ>། །རྐང་པའི་ཆུ་དང་རྟེན་དང་ཆོལ་ཟངས་བསྟབས་ཞེས་པ་ནི་ཉལ་ཀར་རྐང་རྟེན་དང་ཆོལ་ཟངས་དང་ཆུ་རྣམས་བསྙན་ཅིང་རྐང་པ་ཁྲུས་ཤིག་པའོ། །ལྷམ་ཕྱི་ཞེས་པ་ནི་དེའི་ལྷམ་ཡང་ཕྱིས་ལ་ཞོག་ཤིག་པའོ། །དམིགས་ ཀྱིས་བྱེད་པར་བསྐོས་པ་མ་ཡིན་པར་ཕྱག་མ་ཐོགས་པར་མཐོང་ན་བསྙེན་མདོང་བྱ་ཞེས་པ་ནི་བདག་གི་གནས་ཏེ་མཆོད་རྟེན་ལ་སོགས་པའི་ཕྱི་བདར་གྱིས་ཤིག་པར་དགེ་འདུན་གྱིས་བསྐོས་པ་མ་ཡིན་པར་ཕྱག་དར་བྱེད་པ་མཐོང་ན། ཕྱག་མ་བདག་གིས་ལོང་ལ་ བསྙེན་མདོང་གྱིས་ཤིག་པའོ། །ཆོས་གོས་སྒྲུབ་པར་བསྐོས་པ་མ་ཡིན་ན་ཁབ་ཐོགས་པ་ཡང་ངོ་ཞེས་པ་ནི་བདག་གི་གནས་དེ་དགེ་འདུན་གྱིས་ཆོས་གོས་ལ་སོགས་པ་དྲུབ་པར་བསྐོས་པ་མ་ཡིན་པར་ཁབ་ཐོགས་ཤིང་ལས་བྱེད་པ་མཐོང་ན་བདག་གིས་ལོང་ལ་བསྙེན་མདོང་གྱིས་ ཤིག་པའོ། །རུང་བར་བྱ་བ་དང་ལྡམ་ལྡུམ་བཏོག་པ་དང་མེ་ཏོག་དང་འབྲས་བུ་བཏོག་པ་དང་སོ་ཤིང་འབུལ་བ་ལ་སོགས་པ་ཡང་དགེ་ཚུལ་གྱིས་སོ་ཞེས་པ་ནི། གནས་ཀྱི་རྣམ་པ་འདི་རྣམས་བྱ་བ་བསྙེན་པར་རྫོགས་པས་བྱར་མི་རུང་གི །དགེ་ཚུལ་གྱིས་འདི་དག་ལྷག་ པར་གྱིས་ཤིག་པའོ། །གནས་ཀྱི་འདི་དག་བྱ་བ་ཉི་ཚེར་མ་ཟད་ཀྱི་དགེ་འདུན་གྱི་ཡང་དགེ་ཚུལ་གྱིས་གྱིས་ཤིག་པའོ། །སྒོ་བརྡུང་ཞིང་ནང་ན་འདུག་པ་ཤེས་པར་བྱ་ཞེས་པ་ནི་དགེ་སློང་གཞན་གྱི་གནས་ཁང་དུ་འགྲོ་ན་གནས་པ་ཉི་ཚེ་མ་ཡིན་གྱི་སུས་ཀྱང་རུང་སྟེ། འདི་ལྟར་ གྱིས་ཤིག་པའོ། །དལ་གྱིས་ཞེས་པ་ནི་གོང་མ་ལྟར་བརྡུང་བ་ཡང་མ་དྲག་ཤིག་པའོ། །ཡུན་མི་རིང་ཞེས་པ་ནི་བརྡུང་བ་ཡུན་མ་རིང་ཤིག་པའོ། །འདི་དྲག་ཏུ་མི་ཕུལ་ཞེས་པ་ནི་སྒོ་འབྱེད་ཅིང་གཅོད་པ་མ་དྲག་ཤིག་པའོ། །སྒོ་སྐྱེས་ལ་མི་དྲུད་པར་དལ་གྱིས་ཤེས་བཞིན་དུ་འཇུག་ ཅིང་འབྱུང་ཞེས་པ་ནི། སྒོའི་ཕྱིའི་ནང་དུ་འགྲོ་བ་ལ་ཟོན་ཡོད་པ་འདི་ལྟར་གྱིས་ཤིག་པའོ། །འདི་ལ་བསྟི་སྟང་བྱ་ཞེས་པ་ནི་གནས་ལ་བསྟི་སྟང་སྐྱེད་ཅིག་པའོ། །གཞར་པར་བྱ་ཞེས་པ་ནི་གནས་པས་གནས་ལས་མ་ཕང་བར་ཆོར་ཅིག་པའོ། །དེ་དང་མི་མཐུན་པ་ལ་མ་ཡིན་ཞེས་པ་ ནི་གནས་དེ་དང་མི་མཛའ་བ་དང་མ་བསྟེན་ཅིག་པའོ། །འདི་ལ་འཛེམ་པར་བྱ་ཞེས་པ་ནི་གནས་པས་གནས་ལའོ། །དེའི་བྱ་བ་ལ་དངོམ་པར་བྱ་ཞེས་པ་ནི་གནས་དེའི་ལས་སུ་བྱ་བ་རྣམས་ལ་གསོང་ཞིང་དངོམ་པར་བྱ་དགོས་པའོ། །གཟབ་ཅིང་བྱ་ཞེས་པ་ནི་ཆོས་གོས་དྲུབ་པ་ལ་ སོགས་པ་དེའི་ལས་སུ་བྱ་བ་རྣམས་ལ་གཟབ་ཅིང་གྱིས་ཤིག་པའོ། །མཛེས་པའི་གམ་ཟུལ་ཞེས་པ་ནི་གནས་དེའི་ལས་བྱེད་པ་ནག་མ་ཟུལ་ཡོད་ཅིང་མཛེས་པར་གྱིས་ཤིག་པའོ། །ཁྲེལ་དང་ལྡན་པ་ཞེས་པ་ནི་གནས་དེའི་ལས་སུ་བྱ་བ་རྣམས་བླུན་ཅིང་ཁྲེལ་གྱིས་དོགས་ པར་གྱིས་ཤིག་པའོ། །རྗེས་དང་བཅས་པ་ཞེས་པ་ནི་གནས་ཀྱི་བྱ་བ་རྣམས་ལ་རྗེས་དང་ལྡན་པར་གྱིས་ཤིག་པའོ། །རྗེ་བོ་ཡོད་པ་ཞེས་པ་ནི་གནས་དེ་ལ་རྗེ་བོ་ལྟ་བུར་གྱིས་ཤིག་པའོ། །དམའ་བའི་སེམས་ཞེས་པ་ནི་བསྙེམས་ཤིང་དྲེགས་བའི་སེམས་མེད་པར་དེའི་བྱ་བ་ བྱོས་ཤིག་པའོ། །རང་གི་བྱ་བ་ལ་མི་གཅོད་པར་ཤེས་བཞིན་ཞེས་པ་ནི་བདག་གི་ཀློག་པ་དང་བསམ་པ་ལ་མི་གནོད་པར་དེའི་ལས་གྱིས་ཤིག་པའོ། །ཇི་དགེར་ཚོལ་བ་ཞེས་པ་དེའི་ལས་སུ་བྱ་བ་རྣམས་ཕྱི་གཞག་ཙམ་དུ་བྱ་བ་མ་ཡིན་གྱི། ཅི་ནས་ཀྱང་དགེ་བའམ་བསོད་ ནམས་ལ་སོགས་པའོ་སྙམ་དུ་དགེ་བ་ཚོལ་བའི་འདུ་ཤེས་ཀྱིས་གྱིས་ཤིག་པའོ། །མདོ་དམའ་བར་བྱེད་ན་བཟློག་ཅེས་པ་ནི་གནས་དེ་ཚུལ་ཁྲིམས་དང་ལྟ་བའི་མདོ་ཞེ་ན་ཅིང་དམར་བྱེད་ན་དེ་ལས་སླར་ཟློག་ཤིག་པའོ། །དགེ་བ་མི་འཕེལ་ན་གཞན་དེ་བྱེད་པ་ལ་ གདམས་པར་གསོལ་ཞེས་པ་ནི་གནས་དེའི་ཐད་ན་འདུག་ན་གོ་རེ་ལོང་བྱ་བར་དེངས་ཏེ་དགེ་བ་མི་འཕེལ་ཙམ་གྱི་ཚོད་ན་དགེ་སློང་གཞན་དགེ་བ་འཕེལ་བར་བྱེད་པ་ལ་གདམས་པར་གསོལ་ཞེས་གསོལ་བ་ཐོབ་ཤིག་པའོ། །གནས་སུ་འོས་པར་ཤེས་ན་གདམས་ཞེས་པ་ནི་ གནས་པ་དགེ་སློང་གཞན་གྱི་ཐད་དུ་གདམས་པར་གསོལ་བའི་དགེ་སློང་དེ་ཚུལ་ཁྲིམས་དང་ལྡན་ཞིང་གནས་སུ་འོས་པ་ཞིག་ཡིན་ན་དེ་ལ་ཆོལ་ཅིག་པའོ། །གཞན་ཡང་གནས་ཀྱིས་གནས་པ་བཅོས་པ་ནི། སྡིག་པའི་གྲོགས་ལས་བཟློག་ཅེས་པ་ལ་སོགས་པ་ ཡིན་ནོ། །དགེ་བ་ལ་གཞུག་ཅེས་པ་ནི་དགེ་བ་སྤྱོད་དུ་གཞུག་པའོ། །དེ་བསྟབས་ཞེས་པ་ནི་བདག་གིས་ཆོས་བསྟན་པ་ལ་སོགས་པ་གནས་པ་ལ་དགེ་བ་སྟོབས་ཤིག་པའོ། ལྟུང་བ་ལས་དབྱུང་ཞིང་འཚོ་བའི་ཡོ་བྱད་མཐུན་པ་དང་ལྡན་བར་བཤམས་ཞེས་པ་ནི་གནས་ པ་དེ་ལ་གནས་ཀྱིས་འདི་དག་བཤམས་ཤིང་བྱིན་ཅིག་པའོ། །དེ་ལ་ཡོ་བྱད་དང་མཐུན་ཞེས་པ་ནི་རྒྱན་པོ་དང་མཚོན་ཆ་བཤམས་པ་ལྟ་བུ་མ་ཡིན་གྱི་ཆོས་གོས་དང་ལྷུང་བཟེད་ལ་སོགས་པ་དེའི་རྐྱེན་དང་མཐུན་པ་ཤོམས་ཤིག་པའོ། །ལྷན་ཅིག་གནས་པ་དང་ཉེ་གནས་ དང་མཁན་པོ་དང་སློབ་དཔོན་དང་མཁན་པོ་གཅིག་པ་དང་སློབ་དཔོན་གཅིག་པ་དང་ཀུན་སྨྲ་བ་དང་འདྲིས་པ་དང་འཐད་པ་རྣམས་ཀྱིས་ནད་གཡོག་བྱ་ཞེས་པ་ནི་འདི་རྣམས་ཀྱིས་བྱོས་ཤིག་པའོ། །དེ་ལ་ཀུན་སྨྲ་ཞེས་པ་ནི་ཚིག་འཇམ་པོ་ལ་སོགས་པས་བཤེས་ པའོ། །ཡང་དག་པར་སྨྲ་ཞེས་པ་ནི་ཡིད་བརྟན་པའི་ཚིག་སྨྲས་པའོ། །འདྲིས་ཞེས་པ་ནི་གནས་གཅིག་གམ་ལྷན་ཅིག་ཏུ་འགྲོགས་པ་ལ་སོགས་པས་འདྲིས་པའོ། །འཐད་པ་ཞེས་པ་ནི་མཐོང་བའམ་ཐོས་པ་ཙམ་གྱིས་ཡིན་དུ་འོང་བའོ། །བྱེད་པ་སྔ་མ་མེད་ན་རིམ་ གྱིས་སོ་ཞེས་པ་ནི་གོང་དུ་སྨོས་པའི་སྔ་མ་རྣམས་མེད་ན་ཕྱི་མས་ནད་གཡོག་གྱིས་ཤིག་པའོ། །ཀློག་པའི་སློབ་དཔོན་ཡང་འདིར་འདུས་སོ་ཞེས་པ་ནི་གོང་དུ་སྨོས་པའི་ནང་དུ་ཀློག་པའི་སློབ་དཔོན་ཡང་འདུས་པས་ན་དེས་ཀྱང་ནད་གཡོག་གྱིས་ཤིག་པའོ། །དེ་ཅིག་ཅར་མི་ ནུས་ན་གནས་གང་ལ་བཅས་སོ་ཞེས་པ་ནི་བདག་གི་གནས་ལ་སོགས་པ་མང་པོ་ཞིག་ཅིག་ཅར་དུ་ན་ལ་དེ་ཀུན་གྱི་ནད་གཡོག་ལག་གིས་མི་ཁྱབ་ན་བདག་གང་ལ་ཞུ་བ་དེའི་ནད་གཡོག་གྱིས་ཤིག་པའོ། །ཡང་ན་ནད་ཚབས་གང་ཆེ་བའི་ནད་གཡོག་གྱིས་ཤིག་པའོ། །འདིར་ མཚན་མ་བརྩམས་ན་རབ་ཏུ་འབྱུང་བ་བཞིན་ཞེས་པ་ནི། འགའ་ཞིག་ཏུ་འབྱུང་བའི་མཚན་མ་བརྩམས་པ་དང་ནད་བླ་བརྙན་གྱིས་ཐེབས་ན། ཁྱིམ་པ་ཡིན་དུ་ཟིན་གྱིས་ཀྱང་རབ་ཏུ་བྱུང་བ་དང་འདྲ་བས་མཁན་པོ་ལ་སོགས་པ་གོང་དུ་སྨོས་པ་རྣམས་ཀྱིས་ནད་གཡོག་ གྱིས་ཤིག་པའོ། །ཚངས་པ་མཚུངས་པར་སྤྱོད་པ་ནད་པ་ལ་མ་གཡེལ་ཅིག་ཅེས་པ་ནི་ནད་པ་ལ་ཚངས་པ་མཚུངས་པར་སྤྱོད་པ་སྤྱིས་ཀྱང་མ་གཡེལ་ཅིག་པའོ། །མི་གཡེལ་བའི་ཐབས་ཇི་ལྟར་བྱ་ཞེ་ན། དེ་ལ་མེད་ན་ནད་གཡོག་ཆུབ་པར་བསྒོ་ཞེས་པ་དེའི་ནད་གཡོག་ དམིགས་ཀྱིས་བྱེད་པ་མེད་ན་གཅིག་གཉིས་དང་བཅའ་བཅུ་ནས་ཆུབ་ཀྱི་བར་དུ་རིལ་གྱིས་གྱིས་ཤིག་པའོ། །དགེ་འདུན་གྱི་སྨན་ནད་པ་ཉི་ཚེས་སྤྱད་དུ་རུང་ཞེས་པ་ནི་ནད་པ་འབའ་ཞིག་གིས་དགེ་འདུན་གྱི་སྨན་སྤྱད་དུ་དབང་བར་སྟོན་པའོ། །དེ་མེད་ན་གཡོག་གིས་བཙལ་ཞེས་པ་ནི་ ནད་པ་ཉིད་དམ་དགེ་འདུན་ལ་སྨན་མེད་ན་ནད་གཡོག་གིས་ཡོན་བདག་དད་པ་རྣམས་འབུལ་དུ་ཆུག་ཅིག་པའོ། །མ་གྲུབ་ན་དགེ་འདུན་གྱིས་སྦྱིན་ཞེས་པ་ནི་གོང་མ་ལྟར་མ་གྲུབ་ན་སྨན་ཟོང་དགེ་འདུན་གྱིས་ཤུགས་ཤིག་པའོ། །མེད་ན་སངས་རྒྱས་ཀྱི་སྐུ་ལ་གཏོགས་པ་ཡན་ཆད་ དོ་ཞེས་པ་ནི་སྨན་ནམ་ཟོང་མ་རྙེད་ན། སངས་རྒྱས་ཀྱི་དཀོར་རམ་སྐུའི་རྒྱན་ཡན་ཆད་ཀྱང་ཐོགས་ལ་སྨན་ཟོང་གྱིས་ཤིག་པའོ། །འདི་ཕྱིར་དགེ་འདུན་གྱི་ལས་གདུགས་ཚོད་གཟུགས་པ་དང་སྐོམ་ལ་སོགས་པ་མཆོད་པ་བྱ་ཞེས་པ་ནི་ནད་པའི་བསོད་ནམས་སུ་དགེ་འདུན་གྱི་ དཀོར་ལས་དགེ་འདུན་གྱི་སྐྱེམས་དང་། གདུགས་ཚོད་གཟུགས་པ་ལ་སོགས་པ་མཆོད་པ་གྱིས་ཤིག་པའོ། །མེད་ན་སངས་རྒྱས་ཀྱི་ལས་སོ་ཞེས་པ་ནི་གོང་མ་ལྟར་བྱ། དགེ་འདུན་ལ་ཟོང་མེད་ན་སངས་རྒྱས་ཀྱི་དཀོར་ལས་གྱིས་ཤིག་པའོ། །མ་ཤི་སྟེ་ཡོད་ ན་གཉི་ག་ལས་ཁྱེར་བ་དེ་བསབ་ཅེས་པ་ནི་དགེ་འདུན་ནས་སངས་རྒྱས་ཀྱི་དཀོར་སྔ་ཤུགས་སུ་བྱས་པ་ནད་པ་དེས་སོས་ཤིང་བདོག་ན་སླར་སོབས་ཤིག་པའོ། །མི་བདོག་གམ་ཤི་ན་སྤྱད་དུ་ཟད་དོ། །ནད་གཡོག་གི་ལས་སུ་བྱ་བ་སྟོན་པ་ནི། གཡོག་གིས་འདི་གཡོག་མི་བྱ་བ་མ་ ཡིན་ཞེས་པ་ལ་སོགས་པ་ཡིན་ཏེ། དགེ་འདུན་གྱིས་བསྐོས་ཀྱང་རུང་ཉིད་ཀྱིས་བསྙེན་མདོང་དུ་བྱེད་ཀྱང་རུང་སྟེ། ནད་གཡོག་གིས་གཡོག་གི་བྱ་བ་ཀུན་གྱིས་ཤིག་པའོ། །འདིའི་དོན་དང་ཆོས་ཀྱི་ངག་མི་བཅག་ཅེས་པ་ནི་ནད་པ་དེས་འཚོ་བའི་དོན་བྱ་བ་དང་ཆོས་ཀྱི་ཡན་ལག་ཏུ་ བྱོས་ཤིག་པ་རྣམས་དེའི་ཚིག་བཞིན་དུ་སྒྲུབས་ཤིག་པའོ། །ཆགས་པའི་དངོས་པོ་སློང་ན་མི་བཀྱིག་ཅེས་པ་ནི་ཆོས་གོས་དང་ལྷུང་བཟེད་ལ་སོགས་པ་ནད་པ་གང་ལ་ཆགས་པ་དེ་སློང་ན་མ་བཀྱིག་པར་བྱིན་ཅིག་པའོ། །མི་བསྟན་པར་མ་ཡིན་ཞེས་པ་ནི་ནད་གཡོག་གིས་ ནད་པ་ལ་སྨན་དང་བསོད་ནམས་ཀྱི་ཡོ་བྱད་དུ་བསྟན་ཅིང་ཐོམས་ཤིག་པའོ། །ནད་པས་འདི་མི་མཉན་པ་མ་ཡིན་ཞེས་པ་ནི་ནད་པས་ནད་གཡོག་གི་གདམས་ངག་ཉོན་ཅིག་པའོ། །འདི་འཆི་བར་དོགས་ན་དགེ་འདུན་གྱི་མལ་ཆ་ལས་སྤོས་ཏེ་གང་ཟག་གི་ལ་དེས་གཞག་ ཅེས་པ་ནི་འཆིར་ཆ་ན་འདི་ལྟར་གྱིས་ཤིག་པའོ། །དེ་ཡང་ཐབས་ཇི་ལྟ་བུར་བྱ་ཞེ་ན། བསྐུ་བ་དང་བཀྲུ་བས་བཀུགས་ཤིང་བསྐྱུད་ཅེས་པ་ཡིན་ཏེ། སྔ་ནས་བསྐུ་བའམ་བཀྲུ་བ་སྐད་དུ་བྱ་ཞིང་དེས་མ་འཕྲིགས་པར་བསྐྱུད་ཅིག་པའོ། །འཆི་བར་མངོན་པའི་གདེང་ཇི་ལྟར་བཅད་ཅེ་ན། ནན་ཏན་དུ་དེའི་རོད་མཉམ་ཞེས་པ་ཡིན་ཏེ། དེ་འཆི་འམ་མི་འཆི་བའི་རོད་མཚན་ལྟས་ལ་སོགས་པས་ལེགས་པར་རྟོགས་ཤིག་པའོ། །ཤི་བ་དེས་པགས་པའི་གོས་དེ་དེས་བཀྲུ་བར་བྱ་ཞེས་པ་ནི་ནད་པ་དེའི་དྲི་མ་ལ་སོགས་པས་གོས་མ་རུངས་པར་བྱས་ན་ནད་གཡོག་གིས་ ཁྲུས་ཤིག་པའོ། །སྤྱིའི་གནས་བརྟན་ནི་གནས་ལྟ་བུ་དགེ་འདུན་ཐམས་ཅད་ནི་གནས་ལྟ་བུ་ཡིན་པས་ན་གནས་བརྟན་གྱིས་བྱ་བ་སྟོན་པ་ནི་དགེ་འདུན་འདུ་བའི་དང་པོར་དེའི་གནས་བརྟན་འགྲོ་པར་བྱ་ཞེས་པ་ཡིན་ཏེ། དགེ་འདུན་འདུ་བའི་ཚེ་གནས་བརྟན་དང་པོར་འོང་ཞིང་དེས་ཟུང་ ཤིག་པའོ། །འདོང་བ་ན་འཕྱི་བ་བསྡད་ཅེས་པ་ནི་དགེ་འདུན་གུད་དུ་འདོང་ན་དགེ་སློང་གང་འཕྱི་བ་འོངས་ཀྱི་བར་དུ་གནས་བརྟན་སྡོད་ཅིག་པའོ། །དེ་དག་གིས་ཀྱང་འདིའི་ཞེས་པ་ནི་གནས་བརྟན་འཕྱི་ན་དེ་དག་གིས་ཀྱང་སྡོད་ཅིག་པའོ། །མ་བྱུང་ན་མི་རིང་བར་དོང་སྟེའོ་ཞེས་པ་ནི་ བསྡད་ཀྱང་གནས་བརྟན་གནས་ནས་མ་བྱུང་ན་ཅུང་ཟད་སྤོགས་ཏེ་སྡོད་ཅིག་པའོ། །གྲོང་དྲུང་དུ་ཡང་ངོ་ཞེས་པ་ནི། གནས་བརྟན་མ་འོངས་ན་གྲོང་དྲུང་དུ་ཡང་སྡོད་ཅིག་པའོ། །ཕྱི་བཞིན་འོང་ན་དེར་འཇུག་ཁར་ཡང་ངོ་ཞེས་པ་ནི། གྲོང་གི་ནང་དུ་འདོང་ཀར་གནས་བརྟན་འོང་བ་མཐོང་ ན་ཡང་སྡོད་ཅིག་པའོ། །སྤྱན་འདྲེན་པ་ལྟ་ན་དེ་ལ་གནས་བརྟན་མ་ཕྱིན་གྱི་བར་དུ་ཅུང་ཟད་སྡོད་ཅིག་ཅེས་བྱ་ཞེས་པ་ནི་ཡོན་བདག་ན་རེ་ད་ཇི་གཞེས་ནང་དུ་གཤེགས་པར་གསོལ་ཞེས་ཟེར་ན་འདི་སྐད་གྱིས་ཤིག་པའོ། །ཟས་ཀྱི་ཕྱིར་དོང་ལ་དུས་ཡོད་ན་ལག་ཆུ་གཏོང་བ་ན་ཡང་ངོ་ ཞེས་པ་ནི། ལག་ཆུ་གཏོང་ཁར་ཡང་བཤོལ་ཏེ་བསྡད་པའོ། །མེད་ན་དེར་དེའི་སྟན་གཞག་ཅིང་བཀད་ཅེས་པ་ནི་གདུགས་ཚོད་