Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 164
Văn bản gốc(Tây Tạng)
Trang 9 / 18 (50.000 ký tự/trang)
ུ་རུང་བ་ཞིག་ན་གདོད་ཉེས་པར་འགྱུར་བའོ། །བྱིན་ནོ་ཅོག་གིས་ཤེ་ན། སྡིག་པའི་ལྟ་བར་སོང་བ་དང་དབྲལ་བའི་ཕྱིར་ནི་མ་གཏོགས་ཞེས་པ་ཡིན་ནོ། །སུས་བྱིན་པས་ ཤེ་ན་ཉིད་ཀྱིས་བྱིན་ནའོ་ཞེས་པ་ཡིན་ནོ། །མི་རུང་བ་ནི་ཉེས་བྱས་ཞེས་པ་ནི་མི་རུང་བའི་ཟས་བྱིན་ན་ཉེས་བྱས་སུ་འགྱུར་བའོ། །བྱིན་དུ་བཅུག་པའོ་ཞེས་པ་ནི་རུང་བའི་ཟས་བདག་གིས་མ་བྱིན་གྱིས་གཞན་བསྐུར་ཏེ་བྱིན་པ་ཡང་ཉེས་བྱས་སོ། །བགོས་ན་ཡང་ངོ་ཞེས་པ་ནི་ཁྱོད་ཀྱི་སྐལ་ཤས་སོ་ཞེས་གུད་དུ་སྤགས་ པ་ཡང་ཉེས་བྱས་སོ། །གཅེར་བུ་ལ་བྱིན་པའོ།། །།ཇི་ལྟར་བྱས་པ་གཡུལ་བལྟ་བའི་ལྟུང་བར་འགྱུར་ཞེ་ན། དམག་ལ་ཆས་པའི་གཡུལ་བལྟ་བའི་ཕྱིར་ནའོ་ཞེས་པ་ལ་སོགས་པ་ཡིན་ཏེ་དྲ་མ་ལ་ཆས་པའི་དམག་ལྟ་ན་ཉེས་པར་འགྱུར་བའོ། །གཡུལ་བལྟས་པ་ཙམ་གྱིས་སམ་ ཞེ་ན། རྒྱལ་པོ་བཙུན་མོ་སྲས། བློན་པོ་ནང་མི་དང་། དཔུང་གི་གཙོ། གྲོང་ཁྱེར་དང་གཞོངས་ཀྱིས་སྨྲས་པ་དང་བར་ཆད་བྱུང་བའི་དབང་གིས་ན་མ་གཏོགས་ཞེས་པ་ཡིན་ཏེ་མིང་གིས་སྨོས་པ་འདི་རྣམས་ཀྱིས་བོས་ཤིང་བཀུག་པའམ་དེར་མ་སོང་ན་དགེ་སློང་དང་འཚོ་བའི་བར་ཆད་དུ་འགྱུར་བ་ལ་སོགས་ པའི་རྐྱེན་གྱིས་ན་ཉེས་མེད་པའོ། །ཇི་ལྟར་བྱས་པས་དགེ་སློང་ལྟུང་བར་འགྱུར་ཞེ་ན། ཞུགས་ནའོ་ཞེས་པ་ཡིན་ཏེ་བལྟར་སོང་ན་གདོད་ཉེས་པར་འགྱུར་བའོ། །ཉེས་སྤྱོད་ཀྱི་མཐའ་ལས་འདས་ཏེ་བལྟས་ནའོ་ཞེས་པ་ནི་ཆོས་གོས་འབྲལ་བའི་ཉེས་སྤྱོད་ཀྱི་ལས་ཀྱང་འདས་ལ་བལྟས་ན་གདོད་ཉེས་པར་འགྱུར་ བའོ། །གཡུལ་ལྟ་བའོ། །ཇི་ལྟར་བྱས་པས་གཡུལ་གྱི་ནང་དུ་གནས་པའི་ལྟུང་བར་འགྱུར་ཞེ་ན། དེ་དག་མེད་པར་དེ་ཞག་གཉིས་ལོན་པ་ལས་ལྷག་པར་གནས་ནའོ་ཞེས་པ་ལ་སོགས་པ་ཡིན་ཏེ་རྒྱལ་པོ་ལ་སོགས་པས་བོས་པའམ་བར་ཆད་ཀྱི་རྐྱེན་མེད་ལ་དེར་ཞག་གཉིས་ལས་ལྷག་པར་འདུག་ན་ཉེས་པར་ འགྱུར་བའོ། །མཚན་མ་མེད་ན་སྔ་མ་ཡང་ངོ་ཞེས་པ་ནི་ཆོས་དང་དགེ་འདུན་གྱི་བྱ་བ་ལ་སོགས་པའི་དོན་ཆེད་མེད་ན་ནི་ཞག་གཉིས་འདུག་པ་ཡང་ཉེས་པར་སྟོན་པའོ། །གཡུལ་དུ་གནས་པའོ།། །།གཡུལ་གྱི་ཡན་ལག་མྱོང་བར་བྱེད་པའི་ལྟུང་བ་སྟོན་པ་ནི། གཡུལ་གྱི་ཡན་ལག་གིས་བྱེད་ཅེས་པ་ལ་ སོགས་པ་ཡིན་ཏེ། གླང་པོ་དང་རྟ་དང་ཤིང་རྟ་དང་རྐང་ཐང་གི་ཡན་ལག་ལས་ཉེས་པར་འགྱུར་བར་སྟོན་པའོ། །དགེ་སློང་ངོ་ཅོག་ལ་ཉེས་པར་འགྱུར་རམ་ཞེ་ན། བར་ཆད་ཀྱི་དབང་དུ་གྱུར་པ་མ་ཡིན་ནའོ་ཞེས་པ་ཡིན་ཏེ་བར་ཆད་བརྒྱད་གང་ཡང་རུང་བས་རྐྱེན་པ་མ་ཡིན་པ་གདོད་ཉེས་པར་འགྱུར་བའོ། ། ཚོགས་སམ་འབྲལ་ན་ཡང་ངོ་ཞེས་པ་ནི་དཔུང་གི་ཡན་ལག་བཞི་ཆར་ཚོགས་སམ་གྱིས་ཀྱང་རུང་སྟེ་ཉེས་པར་འགྱུར་བའོ། །ཇི་ལྟ་བུའི་གཡུལ་ལས་ཤེ་ན། བཤམས་པའོ་ཞེས་པ་ཡིན་ཏེ། གཡུལ་བཤམས་པ་ལས་ཉེས་པར་འགྱུར་བའོ། །ནམ་རྩ་བའི་ཉེས་པར་འགྱུར་ཞེ་ན་རྩ་བ་ན་རྩ་བའོ་ཞེས་ པ་ཡིན་ཏེ་རྩ་བའི་ཉེས་པ་འོག་ནས་འབྱུང་བ་ལྟ་བུར་བྱས་ན་གདོད་རྩ་བའི་ཉེས་པར་འགྱུར་བའོ། །ཤོམ་པ་ནི་ཉེས་བྱས་ཞེས་པ་ནི་སྦྱོར་བའི་ཚེ་ན་ཉེས་བྱས་སུ་སྟོན་པའོ། །མ་བཤམས་ན་གཉི་ག་ཡང་ཉེས་བྱས་སུ་ཟད་ཅེས་པ་ནི་གཡུལ་མ་བཤམས་པ་ཞིག་ན་རྩ་བ་དང་སྦྱོར་བ་གཉི་ག་ཉེས་ བྱས་ལས་མེད་པར་སྟོན་པའོ། །གོང་དུ་རྩ་བ་ཞེས་སྨོས་པ་དེ་གང་ཞེ་ན། བལྟ་བའི་ཕྱིར་ཆས་ནས་ཉེས་སྤྱོད་ཀྱི་མཐའ་ལས་འདས་ཏེ་མཐོང་རེག་གཏོར་ན་རྩ་བའོ་ཞེས་པ་ཡིན་ཏེ་མཐོང་བ་དང་རེག་པ་དང་གཏོར་བ་གསུམ་གང་བྱས་ཀྱང་རྩ་བ་ཡིན་དུ་འདྲ་བར་སྟོན་པའོ། །མ་ཆས་ན་འབྲིད་ཅེས་པ་ནི་ གཡུལ་བལྟ་བ་དང་གཡུལ་ན་གནས་པ་དང་གཡུལ་གྱི་ཡན་ལག་མྱོང་བར་བྱེད་པ་གསུམ་ཆར་ཡང་གཡུལ་བྱ་བར་བཤམས་ཤིང་ཆས་པ་མ་ཡིན་ན་རྩ་བའི་ཉེས་པ་བྱས་སུ་ཟིན་ཀྱང་འབྲི་བར་སྟོན་པའོ། །གླང་པོ་དང་རྟ་དང་བྱ་གག་དང་གོང་མོ་དང་འུར་བ་དང་སྐྱེས་པ་དང་བུད་མེད་ཀྱི་ཐབ་མོ་ལ་སོགས་པ་བྱ་ བའམ་བྱེད་དུ་གཞུག་པའི་ལྟ་བར་མ་ཡིན་ཞེས་པ་ནི་མིང་གིས་སྨོས་པ་འདི་དག་ལ་སོགས་པའི་ཐབ་མོ་བདག་ཅག་གིས་ཀྱང་མི་བྱ་བྱེད་དུའང་མི་གཞུག་བྱེད་པ་ལ་ཡང་མ་ལྟ་ཤིག་པའོ། །གཡུལ་གྱི་ཡན་ལག་མྱོང་བར་བྱེད་པའོ།། །།ཇི་ལྟར་བྱས་པས་རྡེག་པའི་ལྟུང་བར་འགྱུར་ཞེ་ན། འཁྲུག་པའི་ སེམས་ཀྱིས་ནའོ་ཞེས་པ་ལ་སོགས་པ་ཡིན་ཏེ་ལུང་དུ་མི་སྟོན་པའམ་བཞད་གད་ཀྱི་སེམས་ཀྱིས་མ་ཡིན་ཏེ་སྙིང་ནས་ཁྲོས་ནའོ། །ཅིས་རྡེག་ཅེ་ན། ལུས་དེས་འཕངས་པ་དེ་དང་འབྲེལ་པ་གང་ཅེས་ཀྱང་རུང་སྟེ་མཐར་ན་རྐང་པའི་མཐེ་བོ་འམ་ཡུངས་འབྲུ་འམ། འཇག་མས་བསྣུན་ནའོ་ཞེས་པ་ཡིན་ཏེ་ ཁྲོས་ན་འཇག་མ་ཡན་ཆད་མིང་གིས་སྨོས་པ་འདི་དག་གང་གིས་བརྡེགས་ཀྱང་ལྟུང་བར་འགྱུར་བའོ། །དེ་ལ་ལུས་ཞེས་པ་ནི་ཁུ་ཚུར་ལ་སོགས་པའོ། །དེ་འཕངས་ཞེས་པ་ནི་རྡོ་དང་མདའ་ལ་སོགས་པའོ། །དེ་དང་འབྲེལ་ཞེས་པ་ནི་དབྱུག་པ་ལ་སོགས་པའོ། །སུ་རྡེག་ཅེ་ན་དགེ་སློང་ཞེས་པ་ཡིན་ནོ། ། བདག་ལ་ཡང་ངམ་ཞེ་ན། གཞན་ལའོ་ཞེས་པ་ཡིན་ནོ། །འོག་མ་གསུམ་ཡང་ངོ་ཞེས་པ་ནི་གཟས་པ་དང་འཆབ་པ་དང་ཟན་གཅོད་པ་འདིའི་འོག་ནས་འབྱུང་བ་གསུམ་ཡང་དགེ་སློང་དང་གཞན་ཡིན་ན་གདོད་ཉེས་པར་འགྱུར་བའོ། །སྣད་ནས་གདོད་ལྟུང་ངམ་བསྣུན་པའི་ཚེ་ཞེ་ན། བསྣུན་ནའོ་ཞེས་པ་ ཡིན་ཏེ་ནམ་ལུས་ལ་ཕོག་པའི་ཚེ་ལྟུང་བའི་ཉེས་པར་འགྱུར་བའོ། །ཕོག་པ་རེ་རེའོ་ཞེས་པ་ནི་ཕྱགས་མ་ཡན་ཆད་དུས་ཕོག་པ་བཞིན་དུ་ལྟུང་བར་འགྱུར་བའོ། །མ་ཕོག་པ་ཉེས་བྱས་ཞེས་པ་ནི་མ་ཕོག་ན་ཉེས་བྱས་སུ་འགྱུར་བའོ། །གཞན་དུ་བརྡེག་པ་གཞན་ལ་མི་བརྡེག་ཅེས་ པ་ནི་དགེ་སློང་འདོད་ཆགས་ཀྱིས་ནོན་པས་ཕོ་མཚན་བརྡུངས་པ་ལྟ་བུ་འདོད་ཆགས་ལ་མི་རྡེག་པར་ཕོ་མཚན་ལ་རྡེག་པ་ལྟ་བུ་མ་བྱེད་ཅིག་པའོ། །ཀ་བ་ལ་མི་བརྡེག་པ་དང་རྩིག་པ་དང་ས་དང་ཤིང་དང་གཞན་ལ་ཡང་མ་ཡིན་ཞེས་པ་ནི་མིང་གིས་སྨོས་པ་འདི་དག་དང་གཞན་ལ་ཡང་ཁྲོས་པའམ་འདྲ་ན་ ཐོར་དུ་མ་རྡེག་ཤིག་པའོ། །བརྡེག་པའོ། །རྡེག་པར་གཟས་པའི་ལྟུང་བ་སྟོན་པ་ནི་རྡེག་པར་གཟས་ནའོ་ཞེས་པ་ཡིན་ཏེ་ཁྲོས་པ་ལ་སོགས་པའི་གཞི་གོང་མ་ལས་བླང་ངོ་། །གཟས་པའི་རྫས་མང་དུ་ཟིན་ཀྱང་ཉེས་པ་གཅིག་ཏུ་ཟད་དམ་ཞེ་ན། རྫས་རེ་རེའོ་ཞེས་པ་ཡིན་ཏེ་གཟས་པ་དུ་ཡོད་པ་བཞིན་དུ་ཉེས་པར་ འགྱུར་བའོ། །གཟས་པའོ།། །།ཇི་ལྟར་བྱས་པས་བཅབས་པའི་ལྟུང་བར་འགྱུར་ཞེ་ན། ཕས་ཕམ་པ་དང་དགེ་འདུན་གྱི་ལྷག་མ་ནའོ་ཞེས་པ་ལ་སོགས་པ་ཡིན་ཏེ་མིང་གིས་སྨོས་པ་འདི་གཉིས་ཀྱི་ཁ་ན་མ་ཐོ་བ་བཅབས་ནའོ། །ཅི་བཅབས་སོ་ཅོག་གིས་སམ་ཞེ་ན། གནོད་པ་དང་དགེ་སྦྱོང་དང་ ཚངས་པར་སྤྱོད་པའི་བར་དུ་གཅོད་པ་དང་དགེ་འདུན་འཁྲུག་པར་དོགས་པའི་དབང་གིས་ན་མ་གཏོགས་ཞེས་པ་ཡིན་ཏེ་རྐྱེན་འདི་དག་ལྟ་བུས་བཅབས་པ་ནི་ཉེས་བྱས་ལ་མ་གཏོགས་པའོ། །ཇི་ལྟར་བྱས་པས་འདིའི་ཉེས་པར་འགྱུར་ཞེ་ན། བཅབས་ནའོ་ཞེས་པ་ཡིན་ནོ། །ནམ་བཅབས་པའི་ཉེས་པར་ འགྱུར་ཞེ་ན། ཉིན་ཞག་གི་མཐས་སོ་ཞེས་པ་དང་། ཚུན་ཆད་ཉེས་བྱས་ཞེས་པ་ཡིན་ནོ། །ལྟུང་བ་གཞན་ཡང་ངོ་ཞེས་པ་ནི་ཕས་ཕམ་པ་དང་དགེ་འདུན་གྱི་ལྷག་མ་མ་ཡིན་པའི་ལྟུང་བ་གཞན་བཅབས་པ་ནི་ཉེས་བྱས་སོ། །ཁ་ན་མ་ཐོ་བ་བཅབས་པའོ།། །།ཇི་ལྟར་བྱས་པས་ཟས་གཅོད་པའི་ ཉེས་པར་འགྱུར་ཞེ་ན། ནད་ཀྱིས་ཉེན་པ་མ་གཏོགས་པར་ཆེད་དུ་བསམས་ཏེ་སྦྱིན་པ་ཁྱིམ་པའི་ཟས་གཅོད་པར་བྱེད་ནའོ་ཞེས་པ་ཡིན་ཏེ་ནད་ཀྱི་ཆོ་གར་བྱ་བའི་ཕྱིར་ནི་མ་ཡིན་གྱི་ཆེད་དུ་དགེ་སློང་ལ་ཟན་མི་སྦྱིན་པའི་ཕྱིར་སྦྱིན་བདག་ཁྱིམ་པའི་ཟས་དེའི་ཁར་མ་སོན་པར་བྱེད་ན་ལྟུང་བར་འགྱུར་བའོ། ། ཟས་གཅོད་པར་བྱེད་པའོ།། །།མེ་ལ་རེག་པའི་ལྟུང་བ་སྟོན་པར་འདོད་པའི་ཞར་ལ་དེ་དང་འདྲ་བ་ལ་རེག་པ་འགོག་པར་སྟོན་པ་ནི་སེང་གེ་ལ་མི་རེག་ཅེས་པ་ཡིན་མི་བཟད་པར་ཡང་བའི་ཕྱིར་རོ། །དུས་བྱིན་གྱིས་བརླབས་ནས་གདོད་མེ་ལ་རེག་པར་བྱ་བ་ཡིན་པས་ན་བྱིན་གྱིས་བརླབས་པའི་རྣམ་པ་ཇེ་སྟོན་ པ་ནི། སྟོན་པ་ཆོས། དགེ་འདུན། ཚངས་པ་མཚུངས་པར་སྤྱོད་པ་དག་གི་ཆོས་ཀྱི་ཆེད་དང་ལྷུང་བཟེད་དང་ཚོན་གྱི་ལས་རྣམས་སུ་བསམས་ཏེ་དུས་བྱིན་གྱིས་བརླབ་ཅེས་པ་ནི་འདི་དག་གི་ཆེད་དུ་དགོས་ན་དུས་སོ་ཞེས་བྱིན་གྱིས་རློབ་ཤིག་པའོ། །རིང་དུ་བྱིན་གྱིས་བརླབ་ཅེས་པ་ནི་ལས་ནམ་ཟིན་གྱི་བར་དུའོ་ ཞེས་ཡུན་རིང་དུ་བྱིན་གྱིས་རློབ་ཤིག་པའོ། །ཇི་ལྟར་བྱས་པས་མེ་ལ་རེག་པའི་ལྟུང་བ་ཞེ་ན། རྩེད་མོར་ནའོ་ཞེས་པ་ཡིན་ནོ། །རྩེད་མོ་དེའང་ཇི་ལྟ་བུ་ཞེ་ན། ཆང་རྒྱུད་དང་ཉི་ཟླ་དང་མགལ་མེའི་འཁོར་ལོ་ལ་སོགས་པར་བྱེད་པའོ་ཞེས་པ་ཡིན་ནོ། །རྩེ་བ་ཅི་ལ་ཞེ་ན། མེ་ལའོ་ཞེས་པ་ཡིན་ནོ། ། རྩེད་མོ་འབའ་ཞིག་གིས་ཉེས་པར་འགྱུར་རམ་ཞེ་ན། དུས་སུ་བྱིན་གྱིས་མ་བརླབས་ནའོ་ཞེས་པ་དང་ན་བའི་དབང་མ་ཡིན་པས་རེག་ནའོ་ཞེས་པ་ཡིན་ཏེ་བྱིན་གྱིས་མ་བརླབས་ཤིང་ནད་ཀྱི་དབང་གིས་མ་ཡིན་པར་རེག་ན་ཉེས་པར་འགྱུར་བའོ། །ཇི་ལྟར་རེག་པས་ཤེ་ན། ཉིད་དམ་བཅུག་པས་ནའོ་ཞེས་ པ་ཡིན་ཏེ་བདག་གིས་རེག་གམ་གཞན་རེག་ཏུ་བཅུག་ཀྱང་རུང་སྟེ་ཉེས་པར་འགྱུར་དུ་འདྲ་བའོ། །རྩེ་བ་དང་རེག་པ་གཉིས་པས་ཉེས་པར་འགྱུར་རམ་ཞེ་ན། སྦོར་བ་དང་གསོད་པ་དང་རེག་པ་དང་མ་རེག་པ་འཇུག་པ་བཅས་པར་འབྱིན་པ་མདག་མ་སྡུད་ཅིང་འབྱིན་པ་རྣམས་སོ་ཞེས་པ་ཡིན་ཏེ་ནད་ དང་དུས་ལ་བབ་པ་མ་གཏོགས་པར་མེ་ལ་རྣམ་པ་འདི་དག་གང་ལྟར་བྱས་ཀྱང་ལྟུང་བར་སྟོན་པའོ། །དེ་ལ་སྦོར་ཞེས་པ་ནི་འབར་བར་བྱེད་པའོ། །གསོད་ཅེས་པ་ནི་ཤི་བར་བྱེད་པའོ། །རེག་པ་དང་མ་རེག་པ་འཇུག་ཅེས་པ་ནི་འགལ་བ་དང་མ་འགལ་བ་མ་ཡིན་པ་མེར་འཇུག་པའོ། །བཅས་ པར་འབྱིན་ཞེས་པ་ནི་འབར་བ་དང་བཅས་ཏེ་འབྱིན་པའོ། །མདག་མ་སྡུད་ཅིང་འབྱིན་ཞེས་པ་ནི་དངོས་བཞིན། མེ་མུར་ནི་ཕྱེད་ཤི་བའོ་ཞེས་པ་ནི་མེ་མུར་མེའི་ཕྱེད་ཡིན་པས་ན་དེ་ལ་རེག་པ་ནི་ཉེས་བྱས་སུ་སྟོན་པའོ། །མེ་ལྕེ་ཡང་ངོ་ཞེས་པ་ནི་མེ་ལྕེ་ཡང་མེ་ཕྱེད་ཡིན་པར་སྟོན་པའོ། །ཤིང་ དེར་འཇུག་ཅིང་འབྱིན་པ་ལ་ནི་མེ་གཞན་དུ་འབྱུང་བར་རོ་ཞེས་པ་ནི་མེ་མུར་དང་མེ་ལྕེའི་ནང་དུ་ཤིང་འཇུག་པའམ། སྒྲོན་མ་སྦོར་བ་ནི་མེ་རངས་པར་འགྱུར་བས་ན་ཉེས་པའང་རངས་པར་སྟོན་པའོ། །སྐྲ་སྤུ་རུས་པ་སེན་མོ། མཆིལ་སྣབས། སྐྱུགས་པ་འབྱུང་བ། སྲན། བལ་སྲན། ཏིལ། ཏིལ་མར། མར། སྦྲང་རྩི་རྣམས་ཤིང་གི་ཕྱེད་དོ་ཞེས་བྱ་བ་ནི་འདི་དག་མེར་འཇུག་ཅིང་འབྱིན་པ་ཡང་ཤིང་གི་ཕྱེད་ཡིན་བར་སྟོན་པའོ། །འདི་དག་ནི་དཔེ་ཙམ་དུ་ཟད་ཀྱི་ཤིང་བལ་ལ་སོགས་པ་གཞན་ཡང་དེ་བཞིན་ནོ། །གཞན་དུ་དགོས་ལ་གཞན་དུ་བྱིན་གྱིས་རློབ་ པ་ནི་བྱིན་གྱིས་བརླབས་པའི་ཕྱེད་དོ་ཞེས་པ་ནི་བྱིན་གྱིས་བརླབས་པ་ནོར་ན་བྱིན་གྱིས་བརླབས་པ་རངས་པར་མ་ཡིན་པར་སྟོན་པའོ། །མེའི་ཆོ་གའོ།། །།ཇི་ལྟར་བྱས་པས་དད་པ་སླར་ལེན་པའི་ལྟུང་བར་འགྱུར་ཞེ་ན། དགེ་སློང་གི་ཆེད་དུ་བྱ་བར་དད་པ་ཕུལ་ཟིན་པ་ལས་སླར་ལེན་པའི་ཚིག་གོ་ཞེས་ པ་ཡིན་ཏེ་གསོལ་བ་ལ་སོགས་པ་དགེ་སློང་གི་ཕྱིར་ལས་བྱེད་པ་ལ་སྔར་དད་དོ་ཞེས་དད་པ་ཕུལ་ཟིན་པའི་འོག་ཏུ་ང་མ་དད་ཀྱིས་དད་པ་སླར་འོན་ཅིག་ཅེས་ཟེར་ན་ལྟུང་བར་འགྱུར་བའོ། །དད་པ་སླར་ལེན་པའོ།། །།བསྙེན་པར་མ་རྫོགས་པ་དང་ལྷན་ཅིག་ཏུ་ཉལ་བའི་ལྟུང་བ་སྟོན་པར་འདོད་པ་ནི་ཉི་ཟླའི་ མ་ཡིན་པར་སྣང་བ་དང་ལྡན་པའི་གནས་སུ་མི་ཉལ་ཞེས་པ་ནི་ཉི་ཟླའི་འོད་མ་གཏོགས་པ་མེ་མར་གྱི་འོད་ལྟ་བུ་ལ་སོགས་པ་སྣང་བ་ཅན་གྱི་གནས་སུ་མ་ཉལ་ཅིག་པའོ། །བསྡམ་པ་བསྟན་ནས། འགྲེལ་པ་ད་སྟོན་པ་ནི་ནད་པ་དང་ནད་གཡོག་གི་དབང་མ་གཏོགས་ཞེས་པ་ཡིན་ཏེ་མིང་གིས་སྨོས་པ་ འདི་གཉིས་ལྟ་བུ་ནི་འོད་ལ་ཉལ་ཡང་བླར་སྟོན་པའོ། །ལྟུང་བའོ་ཞེས་འདིར་ཁ་ཅིག་གོ་ཞེས་པ་ནི་འོད་ལ་ཉལ་ཡང་ལྟུང་བའོ་ཞེས་འདུལ་བ་འཆད་པ་ཁ་ཅིག་འཆད་པར་སྟོན་པ་སྟེ། རྣམ་པར་འབྱེད་པ་ལས་ཀྱང་སྣང་བ་དང་ལྡན་པའི་གནས་སུ་བསྙེན་པར་མ་རྫོགས་པ་དང་ལྷན་ཅིག་ཏུ་ ཉལ་ན་ལྟུང་ངོ་ཞེས་འབྱུང་བ་དང་བསྙེན་དགའ་བོ་ཆེར་མཚན་དང་མཆོད་པ་བསྙེན་པར་མ་རྫོགས་པ་གཉིས་དང་མུན་པའི་ནང་དུ་ལྷན་ཅིག་ཏུ་ཉལ་བ་ལས་བཅས་པ་ཡིན་པས་ན། སྣང་བ་ཞེས་པ་འདི་ནི་གླེང་གཞི་ཙམ་དུ་ཟད་ཀྱི་ཉེས་བྱས་སུ་འགྱུར་ཏེ་ལྟུང་བར་མི་འགྱུར་རོ། །མ་ཉལ་ན་ཕྱེད་དོ་ ཞེས་པ་ནི་བསྙེན་པར་མ་རྫོགས་པ་དང་བུད་མེད་དང་སྡིག་པའི་ལྟ་བ་མི་གཏོང་བ་དང་བཀར་བའི་དགེ་སྦྱོང་རྣམས་དང་ལྷན་ཅིག་ཏུ་ཉལ་བའི་ཆོས་ཀྱང་ལོགས་ཀྱིས་ཕབ་ཅིང་མ་ཉལ་ན་ཉེས་པའི་ཕྱེད་དུ་འགྱུར་བར་སྟོན་པའོ། །ཉིན་པར་ནི་གཞན་ནོ་ཞེས་པ་ནི་ཉིན་པར་བསྙེན་པར་མ་རྫོགས་པ་དང་ ལྷན་ཅིག་ཏུ་ཉལ་ན་ཉེས་བྱས་སུ་འགྱུར་བར་སྟོན་པའོ། །བསྙེན་པར་མ་རྫོགས་པ་དང་ཁྱིམ་གཅིག་ཏུ་ཉལ་ཞེས་འབྱུང་བའི་ཁྱིམ་ཇི་ལྟ་བུ་ལ་བྱ་ཞེ་ན། ཕལ་ཆེར་གཡོགས་ཤིང་བསྐོར་བ་ནི་ཁྱིམ་དུ་གཏོགས་སོ་ཞེས་པ་ལ་སོགས་པ་ཡིན་ཏེ་རིལ་གྱིས་ནི་མ་འཁོར་གྱི་ཕལ་ཆེར་བསྐོར་ཏ་མ་རིལ་ གྱིས་ནི་མ་གཡོགས་ཀྱི་ཕལ་ཆེར་གཡོགས་པ་ཞིག་ན་ཡང་ཁྱིམ་དུ་གཏོགས་པར་སྟོན་པའོ། །སྒོའི་ངོས་དང་འབྲེལ་ཅིང་ཉེ་སྤྱོད་ལ་ཁྱིམ་ལྟ་བུ་ནི་དེར་གཏོགས་སོ་ཞེས་པ་ནི་ཁྱིམ་གཅིག་གི་སྒོ་ན་ཁྱིམ་གཅིག་ཡོད་ལ་དེ་ཡང་ཉེ་སྤྱོད་དུ་གཏོགས་ཤིང་ཁྱིམ་ལྟ་བུ་ཡིན་ན་དགེ་སྦྱོང་ངམ་བདག་གང་ཡང་ རུང་སྟེ་གཅིག་དེར་ཉལ་ན་ཁྱིམ་གཅིག་གི་ནང་དུ་འདྲེ་བར་སྟོན་པའོ། །ཡང་ཏོག་སྒོ་དེར་གཏོགས་ཤིང་དེ་མ་ཐག་པའོ་ཞེས་པ་ནི་ཡང་ཏོག་གི་སྒོ་འོག་ཁང་གི་ནང་དུ་འབྱུང་ལ་ཡང་ཏོག་དེ་ཡང་རིམ་གཉིས་མན་ཆད་ནི་གོང་མ་དང་འདྲ་བར་ཁང་པ་གཅིག་གི་ཁོངས་སུ་གཏོགས་པར་སྟོན་པའོ། །གནས་ ཀྱི་ཁྱོན་དང་ཉེ་སྤྱོད་ལས་ལོགས་ཤིག་པ་ནི་ཐ་དད་དུ་གནས་པར་གྱུར་པའོ་ཞེས་པ་ནི་ཁང་མོ་ཆེ་གཅིག་གི་ནང་ན་སྤྱོད་ལམ་བཞི་ཤོང་བའི་ཁྱོན་དང་དེའི་ཉེ་སྤྱོད་ཀྱི་ཁྱོན་ལས་ལོགས་ཤིག་ན་བསྙེན་པར་མ་རྫོགས་པ་འདུག་པ་ནི་ཁྱིམ་ཐ་དད་པ་དང་འདྲ་བས་ན་ཉེས་མེད་པར་སྟོན་པའོ་འདིའང་རྟག་ཏུ་དེ་ལྟར་ རུང་བ་ནི་མ་ཡིན་གྱི་གཅན་གཟན་དང་རྐུན་ཆོམ་གྱི་རྐྱེན་གྱིས་ཐེབས་ན་གདོད་རུང་བའོ། །ཤིང་དང་རྩིག་པ་དང་ཕུག་དང་ལྡམ་ལྡུམ་གྱི་དྲུང་ནི་ཕྱེད་དོ་ཞེས་པ་ནི་འདི་དག་གི་དྲུང་དུ་བསྙེན་པར་མ་རྫོགས་པ་དང་ལྷན་ཅིག་ཏུ་ཉལ་ན་ཉེས་བྱས་སུ་འགྱུར་བའོ། །སྟུག་པོར་བུད་མེད་དང་ལྷན་ཅིག་ཉལ་ནའོ་ ཞེས་པ་ནི་ལྡམ་ལྡུམ་འམ་རྩི་ཤིང་སྟུག་པོའི་ནང་དུ་བུད་མེད་དང་ལྷན་ཅིག་ཉལ་ན་ཡང་ཉེས་བྱས་སུ་སྟོན་པའོ། །ཁང་མོ་ཆེ་དང་བུད་མེད་དང་ལྷན་ཅིག་པའི་ས་ཁྱོན་ཇི་ཙམ་པའི་ཚད་སྟོན་པ་ནི། འདིར་བྱ་གག་འཕུར་ཏེ་འབབ་པའི་ཁྱོན་གྱིས་ཚོད་པར་གྱུར་ནའོ་ཞེས་པ་ཡིན་ཏེ་གོང་མ་གཉིས་ཉེས་པར་ མི་འགྱུར་བ་ཡང་བྱ་གག་གི་འཕུར་སྟོབས་ཙམ་གྱིས་ཁྱོན་གྱིས་ཆོད་ན་གདོད་བླ་བའོ། །ནང་རྒྱུད་མོ་ཁྱིམ་མ་ཡིན་པས་མ་བརྩལ། ཐོག་ཐམས་ཅད་འདབ་ཆགས་པ་ནི་གཅིག་གོ་ཞེས་པ་ནི་ཐོག་གཅིག་ལ་ནང་གི་སྒོ་རྒྱུད་མོར་འདུག་ན་ཁྱིམ་དུ་བརྒྱུད་ཀྱང་རུང་སྟེ་ཁྱིམ་གཅིག་ཏུ་ གཏོགས་པར་སྟོན་པའོ། །བདག་གི་ཕྱོགས་སུ་གཏོགས་པའི་སྒོ་བསྡམས་ཤིང་བཅད་ན་ཉེ་སྤྱོད་དང་ལྡན་ཡང་ཐ་དད་དོ་ཞེས་པ་ནི་སྒོ་བཅད་ཅིང་བསྡམས་ན་ཉེ་སྤྱོད་ཀྱི་ནང་དུ་བུད་མེད་ཉལ་དུ་ཟིན་ཀྱང་གནས་ཐ་དད་པར་སྟོན་པའོ། །ལྟུང་བ་དགེ་སློང་གིས་བསྲུངས་ན་ཡང་དེ་བཞིན་ཞེས་པ་ནི་ལྟུང་ བ་འབྱུང་དུ་དོགས་པའི་དགེ་སློང་གཅིག་གིས་བསྲུངས་ན་ཡང་གོང་མ་དང་འདྲ་བར་སྟོན་པའོ། །བུད་མེད་བདག་པོས་བསྲུངས་པ་ཡང་ངོ་ཞེས་པ་ནི་བུད་མེད་ཁྱིམ་ཐབ་ཀྱིས་བསྲུངས་པ་ཡང་གོང་མ་དང་འདྲ་བར་སྟོན་པའོ། །ཡང་ཏོག་གིས་བཙལ་ལ་སྐས་ཕྱུང་བ་ཡང་ངོ་ཞེས་པ་ནི་འདི་ལྟར་བྱས་པ་ ཡང་གོང་མ་དང་འདྲ་བའོ། །གཞན་དུ་གྱུར་པ་ཁྱིམ་མ་ཡིན་ན་འབྲི་ཞེས་པ་ནི་ཁྱིམ་གཅིག་གི་སྒོའམ་ཉེ་སྤྱོད་དུ་གཏོགས་ན་ཁྱིམ་མ་ཡིན་པ་ཡོད་པ་བསྙེན་པར་མ་རྫོགས་པ་ཉལ་བ་ནི་ཉེས་བྱས་སུ་འགྱུར་བའོ། །ཇི་ལྟར་བྱས་པས་བསྙེན་པར་མ་རྫོགས་པ་དང་ལྷན་ཅིག་ཏུ་ཉལ་བར་འགྱུར་ཞེ་ན། ཁྱིམ་ དུ་བསྙེན་པར་མ་རྫོགས་པ་དང་མཚན་གསུམ་ལྷན་ཅིག་ཉལ་ནའོ་ཞེས་པ་ཡིན་ནོ། །གང་གི་ཚེ་ཞེ་ན། མཐས་སོ་ཞེས་པ་ཡིན་ཏེ་མཚན་གསུམ་གྱི་མཐས་ན་གདོད་ཉེས་པར་འགྱུར་བའོ། །ཚུན་ཆད་ཉེས་བྱས་ཞེས་པ་ནི་མཐའ་ལ་མ་ཐུག་པའི་ཚུན་ཆད་ཉེས་བྱས་སུ་སྟོན་པའོ། །ལམ་གྱིས་ཆད་ཅིང་དུབ་ པ་ནི་ཉེས་མེད་ཅེས་པ་ནི་ལམ་གྱིས་ཆད་ཅིང་དུབ་པ་ལྷན་ཅིག་ཏུ་ཉལ་བ་སྦྱོར་བའི་ཚེ་ཉེས་མེད་པར་སྟོན་པའོ། །དེ་ལྟ་བུ་ནི་མཐར་ཡང་ངོ་ཞེས་པ་ནི་འདི་ལྟ་བུ་ནི་ཞག་གསུམ་ལོན་དུ་ཟིན་ཀྱང་བླ་བར་སྟོན་པའོ། །ནད་པ་དང་ནད་གཡོག་ནི་དགེ་སློང་གིས་བྱར་མི་རུང་བ་དེས་བསྒྲུབ་པ་དང་ལྷན་ཅིག་ན་ཡང་ངོ་ཞེས་པ་ ནི་ནད་པ་དང་ནད་གཡོག་ལ་བྱིན་པར་བྱེད་པ་ལ་སོགས་པ་རུང་བར་སྒྲུབ་པ་མེད་ན་བསྙེན་པར་མ་རྫོགས་པ་དང་ལྷན་ཅིག་ཀྱང་བླ་བར་སྟོན་པའོ། །དགེ་ཚུལ་དང་ཡང་ངོ་ཞེས་པ་ནི་དགེ་ཚུལ་དང་ལྷན་ཅིག་ཉལ་ཡང་བླ་བར་སྟོན་པའོ། །དེ་སུ་ཞེ་ན། དེ་དང་ལྡན་བའོ་ཞེས་པ་ཡིན་ཏེ་གང་ལ་དགེ་ཚུལ་ ཡོད་པའོ། །དེ་ལྟར་ཉེས་མེད་པ་ནམ་གྱི་ཚེ་ཞེ་ན། གནས་དེར་སྡིག་པའི་དགེ་སློང་འདུག་ནའོ་ཞེས་པ་ཡིན་ཏེ་གནས་དེར་སྡིག་པའི་དགེ་སློང་འོངས་ན་གདོད་བླ་བའོ། །དེ་འདུག་གོ་ཅོག་ན་ཉེས་པར་འགྱུར་རམ་ཞེ་ན། དེ་སྐྲོད་པར་འབད་པ་བྱས་སམ་བྱེད་ནའོ་ཞེས་པ་ཡིན་ཏེ་སྡིག་པའི་དགེ་སློང་དེ་བསྐྲད་པའི་ ལས་བྱས་སམ་བྱེད་པ་ནི་གོང་མ་ལྟར་ཐ་དད་དུ་ཞག་ཀྱང་བླའོ། །ནམ་ཡང་བླའམ་ཞེ་ན། ཚུལ་ཕྱི་མའི་དུས་ཤིག་ན་ཟླ་བ་སྔ་མ་གཉིས་ལོན་གྱི་བར་དུའོ་ཞེས་པ་ཡིན་ཏེ་ཚུལ་ཕྱི་མར་ཞུགས་ན་ཟླ་བ་གཉིས་ཀྱི་བར་དུ་གོང་མ་ལྟར་བྱར་རུང་བའོ། །འདི་ལས་ལྷག་པར་མི་གནས་ཞེས་པ་ནི་ཟ་བ་གཉིས་ལས་ལྷག་ པར་ནི་དེ་ལྟར་མ་འདུག་པར་གུད་དུ་སོང་ཤིག་པའོ། །སྔ་མར་འཇུག་པ་མི་བྱ་ཞེས་པ་ནི་སྡིག་པའི་དགེ་སློང་ཡོད་ན་ཚུལ་སྔ་མར་མ་འཇུག་ཤིག་པའོ། །སྔ་མར་མི་བསྲུང་ཞེས་པ་ནི་ཚུལ་སྔ་མར་ཞུགས་པ་ལས་སྡིག་པའི་དགེ་སློང་འོངས་ན་ཚུལ་དྲོལ་ལ་གུད་དུ་སོང་ཤིག་པའོ། །དེ་ལྟ་བུས་མ་གནས་པའི་ དགེ་ཚུལ་གནས་པར་མི་བྱ་ཞེས་པ་ནི་སྡིག་པའི་དགེ་སློང་ཡོད་ན་སྔ་ནས་གནས་པའི་དགེ་ཚུལ་མ་ཡིན་པ་འཕྲལ་ལ་བདག་ལ་གནས་སུ་མ་གཞུག་ཤིག་པའོ། །ལམ་དུ་དགེ་ཚུལ་གཉིད་ཀྱིས་ནོན་ཞིང་ནོན་ན་མདུན་དུ་བཅུག་ལ་འགྲོ་ཞེས་པ་ནི་ལམ་དུ་ཞུགས་ཤིང་ཟར་ཕྲག་བྱེད་པའི་ཚེ་དགེ་ཚུལ་ཡུར་ན་འདི་ལྟར་ གྱིས་ཤིག་པའོ། །གལ་ཏེ་འདི་བཀྲེས་ན་ཟས་སྔར་བསྙོད་ཅེས་པ་ནི་དགེ་ཚུལ་བཀྲེས་ན་ཐབས་འདི་ལྟར་གྱིས་ཤིག་པའོ། །འོན་ཀྱང་ན་ན་ཉི་ཚོད་ཀྱི་ཚེ་ཡང་ངོ་ཞེས་པ་ནི་སྔར་བསྙོད་པས་མ་འགྲངས་ན་དྲོད་ཁར་ཡང་སྙོད་ཅིག་པའོ། །བསྙེན་པར་མ་རྫོགས་པ་དང་ལྷན་ཅིག་ཉལ་བའོ།། །།ལྟ་བ་མི་ གཏོང་བའི་ལྟུང་བ་གང་ཞེ་ན། ཇི་ལྟར་བཅོམ་ལྡན་འདས་ཀྱིས་བར་དུ་གཅོད་པའི་ཆོས་སུ་གསུངས་པ་གང་ཡིན་པ་དེ་དག་བདག་གིས་ཤེས་ཏེ་བཅོམ་ལྡན་འདས་ཀྱིས་གསུངས་པ་དེ་བསྟན་དུ་ཟིན་ཀྱང་བར་དུ་གཅོད་པར་མི་འགྱུར་རོ་ཞེས་པ་ལ་སོགས་པ་ཞུགས་པའི་ཚིག་མི་གཏོང་ནའོ་ཞེས་པ་ལ་སོགས་ པ་ཡིན་ཏེ་འདི་སྐད་དུ་ཟེར་བ་མི་གཏོང་ན་ལྟུང་བར་འགྱུར་བ་ནི་དབྱེན་བྱེད་པའི་དགེ་འདུན་གྱི་ལྷག་མ་ལས་མི་གཏོང་བར་སྲན་འཛུགས་པའི་ཚུལ་བཟློག་པ་བཞིན་དུ་སྡེབ་ཅེས་པ་དང་བཟློག་པ་བཞིན་དུ་གསོལ་བའོ། །ངག་ནི་སྐད་ཅིག་མ་གཅིག་གོ། །སློས་པ་ནི་སོ་སོར་རོ། །བསྙད་པ་ནི་མ་ཡིན་ ཞུགས་པ་ནི་སྦྱོར་བའོ། །བསྐྲད་པ་དང་གླེང་བ་དང་བསྐུལ་བ་མ་བྱས་པ་ནི་དེའི་འོ། །འདི་དག་ལ་བཞམས་པ་དང་ལས་ཀྱིས་མི་བསྒོ་བ་མ་ཡིན་དེའི་མཇུག་ཏུ་མ་བཏབ་ནའོ་ཞེས་འབྱུང་བ་བཞིན་རིག་པར་བྱའོ། །དེ་ནས་འདི་ལ་གསོལ་བས་སྨ་དབབ་ཅེས་པ་ནི་དགེ་སློང་དེ་དེ་ ལྟར་ལྟུང་བར་གྱུར་པའི་འོག་ཏུ་ཆད་པ་རྣམ་པ་བདུན་ལས་སྨ་དབབ་པའི་དགར་བ་གྱིས་ཤིག་པའོ། །ལྟ་བ་མི་གཏོང་བའོ།། །།བཀར་བ་དང་མཐུན་པའི་ལྟུང་བ་སྟོན་པར་འདོད་པ་ནི། འབྲིད་ཅེས་པ་ལ་སོགས་པ་ཡིན་ནོ། །འདུ་ཤེས་བརྩན་པ་གང་ཞེ་ན། དེ་སྐད་དུ་ཟེར་བ་བཀར་ལ་གཉེན་པོ་ མ་བྱས་པའི་དགེ་སློང་ནའོ་ཞེས་པ་ཡིན་ཏེ་བར་དུ་གཅོད་པར་མི་འགྱུར་བ་ལ་སོགས་པའི་སྙད་གོང་མ་སྐད་དུ་ཟེར་ཏེ། བཀར་ཞིང་དེའི་གཉེན་པོ་མ་བྱས་པའི་དགེ་སློང་ཡིན་པར་ཤེས་ལ་འོག་ནས་འབྱུང་བ་ལྟར་བྱས་པས་ལྟུང་བར་འགྱུར་བའོ། །ཇི་ལྟར་བྱས་པས་ལྟུང་བར་འགྱུར་ཞེ་ན། སྟོན་ པ་དང་འདྲི་བ་དང་གནས་དང་གདམས་པ་དང་ལུང་བྱིན་པའོ་ཞེས་པ་ཡིན་ཏེ་འདི་དག་ལྟར་བྱས་ན་ལྟུང་བར་འགྱུར་བའོ། །དེ་ལ་སྟོན་ཅེས་པ་ནི་ཁ་ཏོན་ལ་སོགས་པ་སྟོན་པའོ། །འདྲི་ཞེས་པ་སྐབས་སྐབས་སུ་དོན་དང་ཚིག་འདྲེ་བའོ། །གནས་ཞེས་པ་ནི་གནས་འཆར་བཅུག་པའོ། ། གདམས་པ་ཞེས་པ་ནི་ཅི་དང་ཅི་བྱ་བའི་རྣམས་གདམས་པའོ། །ལུང་ཤེས་པ་ནི་བསམ་གཏན་ལ་སོགས་པའི་ལུང་བྱིན་བའོ། །ལྟ་བ་སྙོད་པ་ཞེས་པ་དགེ་སློང་བཀར་བ་དེའི་ཐད་དུ་ངའི་ཡིད་ལ་ནི་འདི་སྙམ་བྱེད་དོ་ཞེས་ལྟ་བ་བསྙད་ཅིང་གླེང་ན་ཆོས་ཀྱི་ལོངས་སྤྱོད་དུ་འགྲོ་བའི་ལྟུང་བའོ། །ཟས་བྱིན་ ཞིང་བསྙེན་བཀུར་བདག་གིར་བྱེད་ནའོ་ཞེས་པ་ནི་བཀར་བ་དེ་ལ་ཟས་བྱིན་ནམ་བདག་ལ་བསྙེན་བཀུར་བྱེད་དུ་བཅུག་ན་ལྟུང་བར་འགྱུར་བའོ། །ཁྱིམ་དུ་ལྷན་ཅིག་ཉལ་ནའོ་ཞེས་པ་ནི་དེ་དང་ལྷན་ཅིག་ཉལ་ན་ལྟུང་བར་འགྱུར་བའོ། །ནམ་ཞེ་ན་མཐས་སོ་ཞེས་པ་ཡིན་ཏེ་མཇུག་གིས་ཉེས་པར་ འགྱུར་བའོ། །ཅིའི་མཐའ་ཞེ་ན། ནུབ་མོའི་འོ་ཞེས་པ་ཡིན་ནོ། །རྣམ་པ་གཞན་གྱིས་བརྟེན་ན་ཡང་ངོ་ཞེས་པ་གོང་དུ་སྨོས་པ་ལ་མ་གཏོགས་པའི་རྣམ་པ་གཞན་ཆོས་འགྲོ་ནས་སུག་པ་ཙམ་བྱིན་པ་ལ་སོགས་པའི་བར་དུ་བསྟེན་ན་ཡང་ཉེས་པར་འགྱུར་བའོ། །ནད་པ་དང་ལྟ་བར་སོང་བ་དབྲལ་ བའི་ཕྱིར་ན་མ་གཏོགས་ཞེས་པ་ནི་ནད་གསོ་བ་དང་ལྟ་བ་དབྲལ་བའི་ཕྱིར་བསྙེན་ཅིང་བཅར་བ་ནི་ཉེས་མེད་པའོ། །བཀར་བ་དང་མཐུན་པའོ།། །།བཀར་བ་བསྡུད་པའི་ལྟུང་བ་སྟོན་པར་འདོད་དེ་དགེ་ཚུལ་ཡང་དགེ་སློང་གི་འཁོར་དུ་གཏོགས་པས་ན་ལྟ་བ་མི་གཏོང་བའི་ཆོ་ག་བསྟན་པ་རྣམས་ལས་གཞི་ བླངས་ཏེ་ལས་ཀྱི་མཇུག་ཏུ་མ་བཏང་ན་ཇི་ལྟར་བྱ་བ་སྟོན་པ་ནི། ཞུགས་པའི་ཚིག་དེ་མི་གཏོང་བའི་དགེ་ཚུལ་བཀར་ཞེས་པ་ལ་སོགས་པ་ཡིན་ཏེ་བར་དུ་གཅོད་པར་མི་འགྱུར་བོ་ཞེས་པ་ཐ་སྙད་གོང་དུ་སྨོས་པ་སྐད་དུ་ཟེར་བ་དེ་གཏོང་དུ་མ་བཏུབ་པའི་དགེ་ཚུལ་སྐོར་ཅིག་པའོ། །དེ་གཉིས་དགང་ཞིང་ བཀང་བ་ནི་གསོལ་བའི་ལས་ཀྱིས་བྱ་དགོས་ན། དེ་ལ་མ་བསྒོའི་བར་དུ་ནི་བཟློག་ཏུའང་མི་རུང་ཐ་དད་དུའང་མི་འགྱུར་བས་ན་ཇི་སྐད་དུ་བསྒོ་བའི་ཐབས་སྟོན་པ་ནི། བརྩམས་ནས་སྔ་མ་ལ་ནི་ཁྱོད་གསོལ་བ་དང་བཞིའི་ལས་ཀྱིས་སོ་ཞེས་པ་དང་ཕྱི་མ་ལ་ནི་ཁྱོད་བཀར་རོ་ཞེས་གསོལ་བ་བྱས་ཀྱིས་སྡིག་ པར་སོང་བའི་ལྟ་བ་འདི་ལྟ་བུ་ཐོང་ཤིག་པར་ལས་ཀྱི་ཚིག་དང་པོ་དང་གཉིས་པ་ལན་རེ་བྱས་པའི་མཇུག་ཏུ་དགེ་སློང་གིས་བསྒོ་ཤིག་ཅེས་པ་ཡིན་ཏེ་ལས་ལན་རེ་བརྩམས་ཤིང་དགེ་སློང་ལ་ནི་ཁྱོད་ཀྱི་ཕྱིར་དགེ་འདུན་གསོལ་བའི་ལས་བྱེད་དོ་ཞེས་པ་དང་དགེ་ཚུལ་ལ་ནི་དགེ་འདུན་ཁྱོད་བཀར་བའི་ལས་ བྱེད་དོ་ཞེས་བསྒོ་ཤིག་པའོ། །བརྩམས་པ་ཕན་ཆད་ཟིན་པར་མི་བྱར་མི་རུང་བར་དོགས་པ་བསྩལ་བའི་ཕྱིར། གཏོང་ན་ཕྱི་མ་མི་བྱ་ཞེས་པ་ཡིན་ཏེ། དགེ་སློང་དང་དགེ་ཚུལ་དེ་དག་ལས་བྱེད་པའི་ཚེ་སྡིག་པའི་ལྟ་བ་གཏོང་ན་ནམ་བཏང་བ་ཕྱིན་ཆད་དེ་ཟློག་པའི་ལས་མ་བྱེད་པར་ཐོང་ཤིག་ པའོ། །ཇི་ལྟར་བྱེད་པའི་གང་ཟག་བཀར་བའི་དགེ་ཚུལ་སྡུད་པ་དང་ལྟུང་བར་འགྱུར་བ་སྟོན་པ་ནི་བཀར་བའི་དགེ་ཚུལ་ཡིན་ནོ་ཞེས་པ་ཡིན་ཏེ། གོང་དུ་ལྟ་བ་མི་གཏོང་བའི་འདུ་ཤེས་བརྩན་པ་ལ་སོགས་པ་ལས་གཞི་བླང་ངོ་། །བཀར་བ་སྡུད་པའོ།། །།ཇི་ལྟར་བྱས་པས་གོས་ཁ་དོག་མ་བསྒྱུར་བ་ སྤྱོད་པའི་ལྟུང་བར་འགྱུར་ཞེ་ན། རམས་དང་བཙག་དང་ཤུན་པ་ཉིད་ཀྱིས་གོས་མ་བཙོས་པར་ཐ་ན་ལྷུང་བཟེད་ཀྱི་ཁ་གབ་དང་སྣོད་དང་ནང་ཕྱིང་དང་སྐ་རགས་དང་བགོ་བ་ལ་སོགས་པ་སྤྱོད་ནའོ་ཞེས་པ་ཡིན་ཏེ་ཚོན་འདི་རྣམས་ཀྱིས་མ་བསྒྱུར་བའི་རྫས་སྤྱོད་ན་མིང་གིས་སྨོས་པ་འདི་དག་ཙམ་ཡན་ཆད་ཀྱང་ ལྟུང་བར་འགྱུར་བའོ། །དེ་ལ་རམས་ཞེས་པས་ནི་རྩི་ལྟུམ་མོ་ཅོག་སྡུད་དོ། །བཙག་ཅེས་པས་ནི་སའོ་ཅོག་སྡུད་པའོ། །ཤུན་པ་ཞེས་པས་ནི་མེ་ཏོག་དང་འབྲས་བུའོ་ཅོག་སྡུད་དོ། །སྡེ་ཐ་དད་པའི་ནི་བཟླས་ཤིང་ལྟུང་བར་འགྱུར་ཞེས་པ་ནི་དགེ་སློང་དང་དགེ་སློང་མ་དང་ དགེ་སློབ་མ་དང་དགེ་ཚུལ་དང་དགེ་ཚུལ་མ་སྡེ་ལྔའི་གོས་ཡིན་ཞིང་འཁྲུལ་ན་ཁ་དོག་བསྒྱུར་མི་དགོས་པར་སྟོན་པའོ། །ཁྱིམ་པས་ཕྲོགས་པའང་མ་ཡིན་ཞེས་པ་ནི་ཁྱིམ་པས་དགེ་སློང་གི་གོས་ཕྲོགས་ཏེ་སླར་བྱིན་པ་ཡང་ཁ་དོག་གདོད་བསྒྱུར་མི་དགོས་པར་སྟོན་པའོ། །ཚོན་ཆེན་པོར་བཙོས་པ་མི་བགོ་ ཞེས་པ་ནི་མཚལ་དང་ལི་ཁྲི་མཐིང་ཤིང་དང་རྒྱ་སྐྱེགས་དང་གུར་ཀུམ་དང་བཙོད་དང་ལེ་བརྒན་དང་རྨ་ཤིང་དུ་བཙོས་པ་རྣམས་མ་གྱོན་ཅིག་པའོ། །ཁྱིམ་པ་མ་ཡིན་ཞེས་པ་ནི་ཁྱིམ་པའི་གོས་ཁ་ཚར་ཅན་ཡང་མ་གྱོན་ཅིག་པའོ། །མི་བགོར་མི་རུང་ན་ཡང་གཙུག་ལག་ཁང་གི་ནང་དུ་ངུར་སྨྲིག་གིས་ གཡོགས་ལ་བགོ་ཞེས་པ་ཡིན་ནོ། །བརྙས་པའི་གོས་ནི་ལམ་དུ་ཐུན་མོང་ངོ་ཞེས་པ་ནི་ལམ་དུ་ཞུགས་པའི་ཚེ་གོས་བརྙན་པོ་རྙེད་ན་གཅིག་གིས་རྙེད་ཀྱང་ཁོང་འཐུལ་དུ་སྤྱོད་པའོ། །སུ་དང་ཞེ་ན། གྲོགས་དང་ངོ་ཞེས་པ་ཡིན་ནོ། །གྲོགས་ཇི་ལྟ་བུ་ཞེ་ན་དགེ་སློང་དང་དགེ་ཚུལ་དག་གོ་ཞེས་པ་ཡིན་ནོ། ། གཅིག་ན་རྒན་རབས་ནས་བརྩམས་ཏེ་ཇི་སྙེད་ཡོག་པར་དགབ་ཅེས་པ་ནི་བརྙས་པའི་གོས་ཅིག་གཅིག་པུ་ཞིག་རྙེད་ན་ཐབས་འདི་ལྟར་གྱིས་ཤིག་པའོ། །ཟླ་ལ་ཆད་པར་མ་བྱས་པར་གྱོན་ཞིང་མི་བཅག་ཅེས་པ་ནི་ཡོན་གྱི་གོས་ལྟ་བུ་ཐུན་མོང་དུ་དབང་ན་བདག་གི་ཉོ་བའི་རིན་ཐང་ཆད་པར་མ་བྱས་པར་ཐུག་ཐུབ་ཏུ་མ་ གྱོན་ཅིག་པའོ། །བསོད་ནམས་འདོད་པས་བརྙར་ན་ཁ་ཙར་མ་བཅད་པའི་བར་དུ་གསར་རབ་ལ་ཡང་མི་རྟག་པ་ཡིད་ལ་བྱེད་པས་སྤ་གོང་ཞིང་རྫི་ཞེས་པ་ནི་ཡོན་བདག་དད་པས་ལམ་དུ་གོས་ཀྱི་གཅལ་བཀྲམ་ན་གསར་རབ་ལ་ཡང་ཐབས་འདི་ལྟར་གྱིས་ལ་རྫིས་ཤིག་པའོ། །གོས་མ་བཅོས་པ་སྤྱོད་པའོ།། །། ཇི་ལྟར་བྱས་པས་འཇོ་བ་གཏོགས་པའི་ལྟུང་བར་འགྱུར་ཞེ་ན། བདག་གིས་རིན་པོ་ཆེ་མ་ཡིན་པ་རེག་པས་རེག་ཏུ་བཅུག་པས་བྱེད་ཅེས་པ་ལ་སོགས་པ་ཡིན་ཏེ་བདག་གི་ལ་རེག་ན་ལྟུང་བར་འགྱུར་བ་ནི་བསྟན་ཟིན་གྱི་གཞན་གྱི་རིན་པོ་ཆེ་ལ་རེག་གམ་རེག་དུ་བཅུག་ན་ཉེས་པར་འགྱུར་རོ། །དེར་གཏོགས་པ་ ཡང་ངོ་ཞེས་པ་ནི་རིན་པོ་ཆེར་གཏོགས་པ་ལ་རེག་གམ་རེག་དུ་བཅུག་ན་ཡང་ལྟུང་བར་འགྱུར་བའོ། །རིན་པོ་ཆེར་གཏོགས་པའི་གང་ཞེ་ན། དེ་ནི་གཡུལ་དུ་སྤྱད་པའི་མཚོན་ཆ་དང་རོལ་མོའི་ཆ་སྤྱད་དོ་ཞེས་པ་ཡིན་ནོ། །དེ་གཉིས་ཀྱང་ཇི་ལྟ་བུ་ལས་ཉེས་པར་འགྱུར་ཞེ་ན། སྤྱད་དུ་རུང་བར་གྱུར་ ན་རྩ་བའོ་ཞེས་པ་ཡིན་ཏེ་མཚོན་ཆའང་སྤྱད་དུ་རུང་ཞིང་རོལ་མོ་ཆ་བྱད་ཀྱང་སྤྱད་དུ་རུང་བ་ལ་རེག་ན་གདོད་རྩ་བའི་ཉེས་པར་འགྱུར་བའོ། །མི་རུང་ན་ཉེས་བྱས་ཞེས་པ་ནི་དེ་དག་སྤྱད་དུ་མི་རུང་བ་ལ་རེག་ན་ཉེས་བྱས་སུ་འགྱུར་བའོ། །རིན་པོ་ཆེ་ལ་རེག་གོ་ཅོག་གིས་ཉེས་པར་འགྱུར་རམ་ཞེ་ན། གཙུག་ ལག་ཁང་དང་དེའི་ཉེ་སྤྱོད་དུ་གྱུར་ལ་བདག་གིར་བྱ་བ་དང་མི་ལྡན་ཞིང་ནོར་ཆུད་མི་གཟན་པའི་སེམས་ཀྱིས་ན་མ་གཏོགས་སོ་ཞེས་པ་ནི་རི་དགས་དགྲའི་མ་ས་གའི་རྒྱན་ལུས་ལ་འཕགས་པ་ཀུན་དགའ་བོས་རྙེད་པ་ལྟ་བུ་ཡིན་ཏེ་བདག་གིར་བྱ་བའི་སེམས་མེད་ཅིང་ཆུད་མི་གཟན་པས་བླངས་པ་ནི་ཉེས་མེད་དོ་ བར་སྟོན་པའོ། །དེ་ལ་གཡེལ་བར་མི་བྱ་ཞེས་པ་ནི་གཙུག་ལག་ཁང་དེ་དང་དེའི་ཉེ་སྤྱོད་དུ་ལུས་པའི་རྗེས་འདི་དག་ལྟ་བུ་ལ་སོགས་པ་མཐོང་ན་མ་དོར་བར་སྡུས་ཤིག་པའོ། །མི་གཡེལ་བའི་ཐབས་ཇི་ལྟར་བྱ་ཞེ་ན། དེ་ཞག་བདུན་ནམ་བརྒྱད་དུ་བསྲུང་ཞེས་པ་ལ་སོགས་པ་ཡིན་ཏེ། དེ་ཞག་བདུན་ ནམ་བརྒྱད་ཀྱི་བར་དུས་དུས་སུ་བལྟ་ཞིང་སྲུང་ཤིག་པའོ། །ས་འམ་ལོ་མས་བཀབ་ལ་འགྲོ་ཞེས་པ་ནི་བསོད་སྙོམས་ལ་འགྲོ་བ་ལ་སོགས་པ་ལྟ་བུའི་ལམ་ཀར་མཐོང་ན་སའམ་ལོ་མས་ཁོབ་ལ་སྦོས་ཏེ་སོང་ཤིག་པའོ། །རྟགས་ལ་མ་བབ་ན་བདག་པོར་ཡིན་ནོ་ཞེས་ཟེར་ཡང་མི་སྦྱིན་ཞེས་པ་ནི་འདོད་པ་འོངས་ ན་ཐབས་འདི་ལྟར་གྱིས་ཤིག་པའོ། །འདས་ཏེ་འང་མ་འོངས་ན་དགེ་འདུན་གྱི་མཛོད་དུ་གཞུག་ཅེས་པ་ནི་ཞག་བདུན་ནམ་བརྒྱད་ཐལ་ཏེ་བདག་པོ་མ་འོངས་ན་ཐབས་འདི་ལྟར་གྱིས་ཤིག་པའོ། །ཡུན་ཇི་སྲིད་ཀྱི་བར་དུ་མཛོད་དུ་གཞུག་ཅེ་ན། ཟླ་བ་དྲུག་གི་བར་དུ་བཅང་ཞེས་པ་ཡིན་ནོ། །འདས་ཏེ་མ་འོངས་ ན་སངས་རྒྱས་སམ་དགེ་འདུན་གང་གིས་ནས་རྙེད་པ་དེའི་ཕྱིར་བྱ་ཞེས་པ་ནི་ཟླ་བ་དྲུག་འདས་ཏེའང་བདག་པོ་མ་འོངས་ན་དཀོན་མཆོག་གསུམ་གང་གིས་ནས་རྙེད་པ་དེའི་ཡོ་བྱད་དུ་གྱིས་ཤིག་པའོ། །མི་རུང་ན་རུང་བ་བཟང་པོར་བཙོང་ཞེས་པ་ནི་དེ་དཀོན་མཆོག་གི་ཡོ་བྱད་དུ་བྱར་སྤུ་ལ་མ་བབ་པ་ཞིག་ཡིན་ན་དེས་སྤུ་ལ་ བབ་པ་གཞན་དུ་སྒྱུར་ཅིག་པའོ། །གལ་ཏེ་བདག་པོ་དེའི་རྗེས་ལ་འོངས་ན་བསླངས་ཏེ་མི་བཏུབ་ན་སྦྱིན་ཞེས་པ་ནི་གོང་མ་ལྟར་བྱས་ཟིན་པའི་འོག་ཏུ་བདག་པོ་འོངས་ན་དཀོན་མཆོག་ལ་དབུལ་དུ་གཞུག །མི་བཏུབ་ན་དངོས་སམ་སྐྱིན་པ་སྦྱིན་བའོ། །གལ་ཏེ་སྐྱེད་སློང་ན་ངེད་ཀྱིས་བསྲུངས་པ་ཉིད་དུ་ མི་གཟོའམ་ཞེས་བྱ་ཞེས་བ་ནི་གལ་ཏེ་དེའི་བེད་སྐྱིན་འདོད་ཅེས་ཟེར་ན་སྙད་འདི་སྐད་དུ་གྱིས་ཤིག་པའོ། །གོང་དུ་རིན་པོ་ཆེ་འམ་རིན་པོ་ཆེར་གཏོགས་པ་རུང་བ་རྙེད་ཅེས་སྨོས་པ་དེའི་རུང་བ་གང་ཡིན་པ་སྟོན་པ་ནི། སྦྱངས་ཤིང་ཕུག་པའི་ནོར་བུ་ལ་སོགས་པ་ནི་རུང་པའོ་ཞེས་པ་ལ་སོགས་པ་ཡིན་ཏེ་འདི་དག་ལྟར་གྱུར་བའོ། ། དོ་དང་གདུ་བུ་དང་དཔུང་གདུབ་དང་དོ་ཤལ་དང་སེ་མོ་དོ་རྣམས་སུ་བྱས་པ་ཡང་ངོ་ཞེས་པ་འདི་དག་ལྟ་བུར་བྱས་པ་ཡང་རུང་བའོ། །པི་ཝང་དང་བྲང་རྒྱུད་དང་འབའ་ལ་རི་དང་མ་ཧ་ཏི་དང་སྒྲ་རབ་རྣམས་རྒྱུད་དང་བཅས་ནའོ་ཞེས་པ་ནི་མིང་གིས་སྨོས་པ་འདི་དག་རྒྱུད་དང་བཅས་ན་ཡང་རུང་བའི་ཁོངས་སུ་གཏོགས་པའོ། །དུང་རྔ་། རྔ་བྲན། རྫ་རྔ་རྣམས་སྒྲ་འབྱུང་ནའོ་ཞེས་པ་ནི་དུང་ལ་སོགས་པ་མིང་གིས་སྨོས་པ་འདི་དག་སྒྲ་འབྱུང་དུ་བཏུབ་ན་རུང་བའོ། །གཞུ་ནི་རྒྱུད་དང་བཅས་ནའོ་ཞེས་པ་ནི་གཞུ་ཡང་རྒྱུད་དང་བཅས་ན་གདོད་རུང་བའོ། །རལ་གྱི། རལ་གྱི་ཀྱོག་པོ། །སོ་གཅིག་པ། མདུང་། འཕང་མདུང་། ལག་མདུང་རྣམས་འདི་ ཉིད་ནའོ་ཞེས་པ་མིང་གིས་སྨོས་པ་འདི་དག་བཅོས་པ་མ་ཡིན་གྱི། དངོས་ཉིད་ཡིན་ན་རུང་བའོ། །མདའ་ལྕགས་མདའ། སྟག་མདའ་རྣམས་མདེའུ་དང་བཅས་པའོ་ཞེས་པ་ནི་མིང་གིས་སྨོས་པ་འདི་དག་ཀྱང་ཁ་བུབ་མ་ཡིན་གྱི་མདེའུ་དང་བཅས་ན་གདོད་རུང་བའོ། །སྐུ་གཟུགས་རིང་བསྲེལ་དང་བཅས་ནའོ་ ཞེས་པ་ནི་རིན་པོ་ཆེ་ལས་བྱས་པའི་སྐུ་གཟུགས་ཀྱང་རིང་བསྲེལ་དང་བཅས་ན་གདོད་རུང་བའོ། །འདི་ལས་སྟོན་པའི་འདུ་ཤེས་ཉེ་བར་གཞག་པ་ནི་ཉེས་མེད་ཅེས་པ་ནི་རིང་བསྲེལ་དང་བཅས་པ་ལ་ཡང་ཐབས་འདི་ལྟར་བྱས་ཏེ་རེག་གམ་རེག་ཏུ་བཅུག་པ་ནི་ཉེས་མེད་དོ། །ཟན་དང་སོག་མའི་ཕྲེང་བ་དང་ཆུས་བྲང་ དང་ཏ་ལ་མན་དུ་ཀ་དང་པི་ཛ་ན་ཀ་དང་བལ་གཞུ་དང་མདེའུ་ནི་ཕྱེད་དོ་ཞེས་པ་ནི་འདི་ལྟ་བུ་ལ་རེག་པ་ཉེས་པ་ཕྱེད་དུ་འགྱུར་བའོ། །གསེར་གྱི་གོང་བུ་ནི་རུང་བ་མ་ཡིན་ཞེས་པ་ནི་གསེར་ལ་སོགས་པའི་གོང་བུ་བརྡུངས་སུ་མ་བྱས་པས་ན་རུང་བའི་ནང་དུ་མ་གཏོགས་པར་སྟོན་པའོ། །སྐྲག་པའི་ཚེ་བདག་གི་ལ་མི་གནོད་ན་ དགེ་འདུན་གྱི་དང་མཆོད་རྟེན་གྱི་གསེར་དངུལ་བརྟུལ་ཏེ་སྦས་སམ་ཁྱེར་ཏེ་འགྲོ་ཞེས་པ་ནི་སྐྲག་པའི་རྐྱེན་གྱིས་ཐེབས་ལ་བདག་གི་རྫས་སྦས་པའི་འོག་ཏུ་ལོང་གིས་སླེབས་ན་འདི་དག་ཀྱང་ཐབས་འདི་ལྟར་གྱིས་ཤིག་པའོ། །དད་པའམ་དགེ་ཚུལ་གྱིས་སོ་ཞེས་པ་ནི་ཁྱིམ་པ་དད་པའམ་དགེ་ཚུལ་དེ་དག་སྦེད་དུ་ཆུག་ ཤིག་པའོ། །མེད་ན་བདག་གིས་སོ་ཞེས་པ་ནི་ཁྱིམ་པའམ་དགེ་ཚུལ་མེད་ན་བདག་ཉིད་ཀྱིས་གྱིས་ཤིག་པའོ། །འདིར་རྐོ་བ་ཞེས་པ་ནི་འདི་ལྟ་བུ་བརྟད་པའི་ཚེས་ཡང་བརྐོས་ཤིག་པའོ། །མེད་ན་བསྐལ་ཞེས་པ་ནི་བུར་བཞིན་སླར་གཏོགས་སུ་སྐྱོལ་ཅིག་པའོ། །འབྱུང་བ་ཡང་དེ་བཞིན་ཞེས་པ་ནི་ཉིད་ཀྱིས་སྦ་བ་ལ་ སོགས་པའི་ཆོ་ག་གོང་མ་བཞིན་དུ་དབྱུང་བའི་ཚེའང་དེ་ལྟར་གྱིས་ཤིག་པའོ། །མི་མ་ཡིན་གྱི་གནས་ན་གལ་ཏེ་བསོད་ནམས་ཀྱིས་སྐྱེས་པ་རིན་པོ་ཆེའི་ས་དང་སྟེགས་ལ་སོགས་པ་ནི་ཉེས་མེད་ཅེས་པ་ནི་ཀླུ་ལ་སོགས་པའི་གནས་སུ་ཕྱིན་པའི་ཚེ་ས་གཞི་ལ་སོགས་པ་ཀུན་རིན་པོ་ཆེ་ལས་བྱས་པ་ཞིག་ནི་རེག་ཏུ་ཟིན་ཀྱང་ ཉེས་མེད་པར་སྟོན་ཏོ། །སྣོད་གཞན་མེད་ན་ཟོས་པ་ཡང་ངོ་ཞེས་པ་ནི་དེ་ན་རིན་པོ་ཆེའི་སྣོད་སྤྱད་ལས་གཞན་མེད་ན་དེའི་སྣོད་སྤྱད་དུ་ཟོས་ཀྱང་བླ་བའོ། །སྟན་ཆ་ལ་འདུག་པ་ཡང་ངོ་ཞེས་པ་ནི་དེའི་སྟན་ཆ་རིན་པོ་ཆེ་ལ་འདུག་ཀྱང་བླ་བའོ། །ཐེག་པས་འགྲོ་ཞེས་པ་ནི་རྟ་དང་གླང་པོ་ལ་སོགས་པའི་ཐེག་པ་ལ་ཞོན་ཅིག་ པའོ། །ཆོས་ཀྱི་དོན་གྱི་དབང་གིས་ནའོ་ཞེས་པ་ནི་གོང་མ་ལྟར་ཞོན་དུ་རུང་བ་ཡང་དོན་ཆེད་འདི་ལྟ་བུའི་ཕྱིར་ནའོ། །དེ་ཡང་མི་སྤྱོམས་པར་རོ་ཞེས་པ་ནི་ཆོས་ཀྱི་དོན་ཆེད་ཀྱི་ཕྱིར་ཞོན་པའི་ཚེ་ཡང་ཆ་དར་ལ་སོགས་པ་ངོམ་སྤྱོམས་ཀྱི་བག་ཏུ་སྒེག་པ་མ་བྱེད་ཅིག་པའོ། །རྒན་བ་དང་ནད་པ་ལས་གཞན་པ་མ་ཡིན་ ཞེས་པ་ནི་ཆོས་ཀྱི་དོན་ཆེད་ཀྱི་ཕྱིར་བཞོན་པ་ཡང་རྒས་པ་དང་ནད་པ་ཞིག་ཡིན་ན་གདོད་དེ་ལྟ་བུ་ཞོན་ཡང་བླ་བའོ། །ཆོས་བཤད་པའི་ཕྱིར་སེང་གེའི་ཁྲི་རིན་པོ་ཆེ་ལས་བྱས་པ་ལ་མི་རྟག་པ་ཡིད་ལ་བྱེད་པས་སྤ་གོང་ཞིང་འདུག་པར་བྱ་ཞེས་པ་ནི་ཆོས་འཆད་པའི་ཚེ་འདི་ལྟ་བུ་ལའང་འདུག་ཤིག་པའོ། །གསེར་ ཕོག་དང་དྲིལ་གྱིས་སྤྲས་པས་གོས་དེ་དག་ལྟར་བཤམས་ན་ཁྱིམ་པའི་འོ་ཞེས་བསམ་ཞིང་འདུག་པར་བྱ་ཞེས་པ་ནི་འདི་དག་ལྟ་བུ་བཤམས་ཤིང་སྤྲས་པའི་རྒྱན་ཅན་ཞིག་ཡིན་ན་ཡང་ཁྱིམ་པའི་ཡིན་ནོ་བར་སོམས་ལ་འདུག་ཤིག་པའོ། །འདིར་ནོར་བུའི་ཁོལ་དང་གསེར་དངུལ་གྱིས་སྤྲས་པ་ཡང་ངོ་ཞེས་པ་ནི་ འདི་དག་ལྟ་བུར་སྤྲས་པ་ལ་ཡང་འདུག་ཤིག་པའོ། །སེང་གེའི་ཁྲིའི་སྐབས་སུ་འདི་དག་ཀུན་ཀྱང་འདུས་མོད་ཀྱི་གླེང་གཞིའི་དབང་གིས་གཞུང་ལས་འབྱུང་བ་རྣམས་བསྡུས་པའི་ཚིག་ཏུ་ཟད་དོ། །འདི་དག་ཀྱང་གཞུག་ཅེས་ནི་རིན་པོ་ཆེས་སྤྲས་པའི་ཁྲི་དེ་དག་ལྟ་བུར་བསྙེན་པར་མ་རྫོགས་པ་ མེད་ན་ཉིད་ཀྱི་ལག་དར་ཏེ་སྦ་བརྟུལ་གྱིས་ཤིག་པའོ། །ཁྱིམ་པ་དང་དགེ་ཚུལ་མེད་ལ་ཆོས་ཀྱི་དོན་དང་དབང་གིས་སྟོན་པའི་འདུ་ཤེས་ཉེ་བར་བཞག་སྟེ་སངས་རྒྱས་ཀྱི་སྐུ་གཟུགས་ལ་རེག་པ་ནི་མི་རུང་བ་མེད་ཅེས་པ་ནི་རྐྱེན་འདི་ལྟ་བུའི་ཚེ་འདི་ལྟར་རེག་ཀྱང་བླ་བའོ། །དེའི་དཀོར་ཡང་ངོ་ཞེས་པ་ནི་སངས་རྒྱས་ཀྱི་དཀོར་ རིན་པོ་ཆེ་ལ་ཡང་རྐྱེན་གོང་མ་ལྟ་བུའི་ཚེ་ཟུང་ཤིག་པའོ། །རྒྱན་གདགས་པར་མི་བྱ་ཞེས་པ་ནི་དགེ་སློང་རྒྱན་མ་འདོགས་ཤིག་པའོ། །རྒྱ་བཅང་ཞེས་པ་ནི་རྒྱ་གྱིས་ཤིག་པའོ། །བསྐོན་པར་ནི་མི་བྱ་ཞེས་པ་ནི་སོར་གདུབ་དང་གདུ་བུ་བསྐོན་པའི་རྒྱན་ནི་མ་བྱེད་ཅིག་པའོ། །འོ་ན་ཇི་ལས་བྱ་ཞེ་ན། རོ་ཉེ་ཟངས་ ར་གན་འཁར་བ་རྒྱ་སྐྱེགས་ཤིང་རྡོ་ཁམ་ས་བ་སོ་རྭ་དག་ལས་སོ་ཞེས་པ་ཡིན་ཏེ་འདི་དག་ལས་གྱིས་ཤིག་པའོ། །དགེ་འདུན་གྱི་ན་རྟགས་ནི་གཡས་གཡོན་རི་དགས། དབུས་སུ་འཁོར་ལོ། །འོག་ཏུ་གཙུག་ལག་ཁང་གི་བདག་པོའི་མིང་ཞེས་པ་ནི་དགེ་འདུན་སྤྱིའི་རྒྱའི་རྟགས་ནི་འདི་ལྟར་གྱིས་ ཤིག་པའོ། །གང་ཟག་གི་ཀེང་རུས་དང་མགོ་ཐོད་དོ་ཞེས་པ་ནི་གང་ཟག་གི་རྒྱ་ནི་རྟགས་འདི་ལྟར་གྱིས་ཤིག་པའོ། །སྐྲ་སོ་མངས་ཀྱིས་མི་བཤད་ཅེས་པ་ནི་དེ་ལྟར་མ་བྱེད་ཅིག་པའོ། །འདི་ནི་དཔེར་ཟད་ཅེས་པ་ནི་སོ་མངས་དཔེར་ཟད་ཀྱི་གཞན་ཅིས་ཀྱང་སྐྲ་མ་འཆད་ཅིག་པའོ། །མེ་ལོང་ལ་ བཞིན་མི་ལྟ་ཞེས་པ་དང་ཆུར་ཡང་ངོ་ཞེས་པ་ནི་འདི་དག་ཏུ་བཞིན་མ་ལྟ་ཤིག་པའོ། །ཆུར་རྟོག་པའི་ཚེ་རྨ་དང་སྐྲ་སྐྱ་དང་གཉེར་མ་ལྟ་བུ་ནི་ཉེས་མེད་ཅེས་པ་ནི་ཆུ་རྟོག་པའི་ཞར་ལ་འདི་དག་ཙམ་གྱི་ཚོད་ལྟ་བུ་ནི་བླ་བར་སྟོན་པའོ། །ན་ཚོད་འཛིན་པ་ཡང་ངོ་ཞེས་པ་ནི་ན་ཚོད་བཟུང་བའི་ཕྱིར་ནི་མེ་ལོང་ལ་ བལྟས་ཀྱང་བླ་བའོ། །སོར་རིས་མི་བྱ་ཞེས་པ་ནི་སོར་རིས་གསུམ་འདྲི་བ་ལྟ་བུ་མ་བྱེད་ཅིག་པའོ། །གོ་རོ་ཙ་ནས་མི་བྱུག་ཅེས་པ་དང་སྤོས་ཀྱིས་ཀྱང་མ་ཡིན་ཞེས་པ་ནི་འདི་དག་གིས་ཀྱང་མ་བྱུག་ཤིག་པའོ། །བསོད་ནམས་ཀྱི་ཕྱིར་ན་རྐང་པ་སྤོས་ཀྱིས་ཉུག་དུ་གཞུག་ཅེས་པ་ནི་བསོད་ནམས་འདོད་ པས་བདག་གི་ལུས་ལ་སྤོས་ཉུག་ན་རྐང་པ་ལ་ཉུག་ཏུ་ཆུག་ཤིག་པའོ། །དེའི་མདུན་དུ་མི་དབྱེ་ཞེས་པ་ནི་ཡོན་བདག་དེའི་མདུན་དུ་མ་དཔྱིད་ཅིག་པའོ། །དེས་བྱུག་པའི་ཆོ་ག་སྟོན་པ་ནི། དེས་བྱུགས་ན་དགེ་འདུན་འདུ་བར་མ་ཡིན་ཞེས་པ་དང་ཁྱིམ་པ་ལ་ཡང་ཆོས་མི་བཤད་ཅེས་དང་ཁྱིམ་དུའང་མི་འགྲོ་ ཞེས་པ་རྣམས་ཡིན་ཏེ་ནད་ལ་སོགས་པའི་ཕྱིར་དེ་བྱུགས་ན་མིང་གིས་སྨོས་པ་འདི་དག་མ་བྱེད་ཅིག་པའོ། །མཇུག་ཏུ་བཀྲུ་ཞེས་པ་ནི་མཇུག་ཏུའང་ཁྲུས་ཤིག་པའོ། །དེ་དག་བླང་ཞེས་པ་དང་མེ་ཏོག་གི་ཕྲེང་བ་ཡང་ངོ་ཞེས་པ་ནི་སྤོས་དང་མེ་ཏོག་དབུལ་ན་ལོང་ཤིག་པའོ། །མཆོད་རྟེན་ལ་དབུལ་ཞེས་ པ་དང་ཉན་ཐོས་པ་ལ་ཡང་ངོ་ཞེས་པ་ནི་གོང་མ་དེ་དག་བླངས་ནས་མཆོད་རྟེན་དང་ཉན་ཐོས་ཀྱི་མཆོད་རྟེན་ལ་ཕུལ་ཅིག་པའོ། །སྦྱིན་བདག་མི་དགའ་ན་སྔས་དང་འཕོངས་སུའོ་ཞེས་པ་ནི་མཆོད་རྟེན་ལ་དབུལ་དུ་མི་དགའ་ན། བདག་གི་སྔས་དང་འཕོངས་ཀྱི་ཐད་ཀར་ཡུགས་ཤིག་པའོ། །སྒོ་དང་བྱང་སྟན་ དུ་མ་ཡིན་ཞེས་པ་ནི་སྒོ་དང་བྱང་དུ་འབབ་པའི་རྩིག་ངོས་ལ་མ་ཉུག་ཤིག་པའོ། །ཅི་ལ་རྩིག་ཆེན་པོའོ། །རྩིག་པ་ལའོ་ཞེས་པ་ཡིན་ནའོ། །ཐུར་མའམ་ཁབ་ངོས་ལ་གཟེར་བ་ལ་ཕྲེང་བ་གདགས་ཞེས་པ་ནི་ཕྲེང་བ་བླངས་པ་ནི་ཐབས་འདི་ལྟར་གྱིས་ཤིག་པའོ། །དྲི་ཞིམ་པོ་མིག་ལ་ཕན་ན་དུས་ དུས་སུ་མནམ་ཞེས་པ་ནི་མིག་ལ་ཕན་བའི་ཕྱིར་མེ་ཏོག་ལ་སོགས་པ་དྲི་ཞིམ་པོ་སྣོམས་ཤིག་པའོ། །ཚངས་པའི་སེ་རལ་བགོ་བར་མི་བྱ་ཞེས་པ་ནི་འདི་མ་ཐོགས་ཤིག་པའོ། །སྐུད་པ་ཡང་མ་ཡིན་ཞེས་པ་ནི་སྔགས་ཀྱི་སྐུད་པ་ཡང་མ་ཐོགས་ཤིག་པའོ། །སོས་པར་བྱ་བའི་ཕྱིར་ན་དཔུང་པ་གཡོན་པ་ལ་ གདགས་ཞེས་པ་ནི་གལ་ཏེ་ནད་པའི་ཕྱིར་ནི་འདི་ལྟར་ཐོགས་ཤིག་པའོ། །བབ་བབ་ཏུ་མི་དོར་ཞེས་པ་ནི་སྔས་སྐུད་དུ་མཇུག་ཏུ་རིམ་གྲོ་མ་ཆུང་ཤིག་པའོ། །གལ་ཏེ་མ་བཏགས་ན་གོས་ཀྱི་གྲ་འམ་སྐ་རགས་ལ་གདགས་ཞེས་པ་ནི་ནད་མ་སོས་ཀྱི་བར་དུ་འདི་ལྟར་གྱིས་ཤིག་པའོ། །མ་ཡིན་ན་ཀ་བའམ་རྩིག་ གསེབ་དུ་གཞུག་ཅེས་བྱ་བ་ནི་སོས་ན་འདི་ལྟར་གྱིས་ཤིག་པའོ། །གླུ་དང་གར་ལ་སོགས་པ་མི་བྱ་ཞེས་པ་ནི་འདི་དག་མ་བྱེད་ཅིག་པའོ། །མི་བསླབ་ཅེས་པ་ནི་འདི་དག་གཞན་ལའང་མ་སློབ་ཤིག་པའོ། །མི་བཅོས་ཞེས་པ་ནི་འདིའི་ཐབས་ནོར་ཅིང་འཁྲུལ་པའི་སྐབས་སུ་བཅོས་པའང་མ་བྱེད་ཅིག་པའོ། ། བལྟ་བའི་ཕྱིར་ཡང་མི་འགྲོ་ཞེས་པ་ནི་དེ་བལྟར་ཡང་མ་འགྲོ་ཤིག་པའོ། །དགེ་སློང་མས་གར་རྒྱས་པར་མི་བྱ་ཞེས་པ་ནི་སྡེར་བཅད་པའི་བྲོ་དང་གར་མ་བྱེད་ཅིག་པའོ། །སྟོན་པའི་ཡོན་ཏན་བརྗོད་པ་དང་རྒྱུད་གསུམ་གདོན་པའི་ཕྱིར་དབྱངས་བྱ་ཞེས་པ་ནི་འདི་དག་གི་ཕྱིར་ནི་དབྱངས་གྱིས་ཤིག་ པའོ། །དེ་ནི་བསླབ་པོ་ཞེས་པ་ནི་དེ་ནི་ཆེད་དུ་སློབས་ཤིག་པའོ། །དབེན་པའི་ཕྱོགས་སུའོ་ཞེས་པ་ནི་ཆེད་དུ་བསླབ་པ་དེའོ། །ཁ་དོར་དང་སྒེག་པ་དང་ཅ་ཅོ་དང་ཏྲག་ཏྲོག་དང་སྙོགས་པ་དང་ལུས་ཀྱིས་སྙོགས་པ་རྣམས་མི་བྱ་ཞེས་པ་ནི་འདི་དག་ཀྱང་མ་བྱེད་ཅིག་པའོ། །གཡེང་བའི་སེམས་ཀྱིས་ལུས་དང་ངག་མི་ བསྒྱུར་ཞེས་པ་ནི་དགེ་སློང་ལག་འགྲོས་བྱེད་པ་ལྟ་བུ་ལ་སོགས་པ་ལུས་དང་ངག་གཡེང་བའི་བག་ཏུ་མ་བསྒྱུར་ཅིག་པའོ། །འདྲེས་པའི་ཆ་དབྱེ་ཞེས་པ་ནི་ཉོན་མོངས་པ་སྤྱོད་པའི་ཚེ་ཉོན་མོངས་པ་དང་ཉོན་མོངས་པ་མ་ཡིན་པར་འདྲེས་པའི་སེམས་ཀྱིས་དཔྱད་ན། ཉོན་མོངས་པ་དང་མི་མོངས་པའི་རྣམས་ཐོད་པུར་འདྲེས་ ཀྱང་རུང་སྟེ་ཐ་དད་དུ་ཕྱེ་ལ་ལྟུང་བ་དང་མི་ལྟུང་བའི་རིམ་པར་ཁ་སྐོངས་ཤིག་པའོ། །སྣོད་ད་རེས་ཀྱིས་བཟའ་བར་མི་བྱ་ཞེས་པ་ནི་ཁ་ཕྱིས་གཅིག་ལ་ནོར་མོར་ཟ་བ་ལྟ་བུར་མ་བྱེད་ཅིག་པའོ། །རྣ་རྒྱན་མི་རུང་ཞེས་པ་དང་མི་གདགས་ཞེས་པ་ནི་མེ་ཏོག་གི་རྣ་རྒྱན་བརྒྱུ་བ་དང་ཐོགས་པ་མ་བྱེད་ཅིག་པའོ། །བྱ་དགའ་ སྦྱིན་པ་མི་བྱ་ཞེས་པ་ནི་རོལ་མོས་མགུ་བའི་ཕྱིར་རོལ་མོ་མཁན་པོ་ལ་བྱ་དགའ་སྦྱིན་པ་མ་བྱེད་ཅིག་པའོ། །ཐ་མལ་བའི་ཚེ་མི་བརྒྱུག་ཅེས་པ་ནི་བྲེད་ཅིང་བརྟད་པའི་རྐྱེན་གྱིས་མ་ཐེབས་པར་རོ། །མཆོང་བ་དང་དྲག་ཤུལ་མི་བྱ་ཞེས་པ་ནི་དངོས་སུ་ཟད་བརླ་དང་དཔུང་པ་དང་ཉའི་ལྡོག་ཐབས་སུ་ལྡོག་པར་ མི་བྱ་ཞེས་པ་ནི་རྐ་ལག་གཅུས་ཤིང་བསྒྱུར་བ་དང་ཉའི་ལྡོག་འགྱུར་ལྟ་བུ་ལུས་ཀྱིས་མ་བྱེད་ཅིག་པའོ། །ཆུ་ལ་རྡོ་སྤྱད་མི་བྱ་ཞེས་པ་ཡང་དངོས་སུ་ཟད། ཆུའི་ནང་དུ་རྐ་དང་རྔ་སྐད་དུ་མི་བྱ་ཞེས་པ་ནི་ཆུའི་ནང་དུ་འདི་དག་ལྟ་བུའི་སྐད་མ་བྱེད་ཅིག་པའོ། །ཆུ་ལ་སྤྱིལ་མོ་ཉུག་པ་མི་བྱ་ཞེས་པ་ཡང་དངོས་སུ་ ཟད། གླང་པོའི་སྐད་དང་རྟའི་སྐད་དང་ཁྱུ་མཆོག་དམ་པ་དང་རྨ་བྱ་དང་ཀོ་ཀི་ལའི་སྐད་མི་བྱ་ཞེས་པ་ནི་འདི་དག་གི་སྐད་མ་བྱེད་ཅིག་པའོ། །ཁའི་དུང་དང་དྷུ་དྷུ་ཀ་དང་རྔ་སྐད་མི་བྱ་ཞེས་པ་ནི་ཁ་ནས་འདི་དག་སྐད་མ་ཟེར་ཅིག་པའོ། །འཇོ་བའི་དངོས་པོར་གཏོགས་པའོ།། །།ཁྲུས་ཀྱི་ལྟུང་བ་སྟོན་པར་འདོད་ པ་ནི། དཔྱིད་ཀྱི་ལྷག་མ་ཕྱེད་དང་གཉིས་དང་དབྱར་དང་པོའི་ཟླ་བའོ་ཞེས་པ་ལ་སོགས་པ་ཡིན་ཏེ། འོག་ནས་གཞན་དུ་ཞེས་འབྱུང་བ་མིང་གིས་སྨོས་པའི་དུས་འདི་མ་ཡིན་བའི་སྐབས་སུ་གཞན་དུ་བཀྲུས་ན་ལྟུང་བར་འགྱུར་བའོ། །དགེ་སློང་ངོ་ཅོག་ལ་དེ་ལྟ་བུའི་ཉེས་པར་འགྱུར་རམ་ཞེ་ན། གོས་མེད་ བ་གཉིས་པོ་རྙེད་པའི་ཆོ་ག་བཞིན་ཞེས་པ་ཡིན་ཏེ་ཡང་ཡང་གི་སྐབས་སུ་ནད་པ་མ་ཡིན་ལས་བྱས་ཞེས་པ་ལ་སོགས་པའི་དུས་ཤིག་ན་ཉེས་མེད་པའོ། །གཞན་ཡང་སྐབས་ཀུན་དུ་ཉེས་པར་འགྱུར་རམ་ཞེ་ན། རླུང་གིས་མ་གཡེངས་ནའོ་ཞེས་པ་ཡིན་ནོ། །ཇི་ཙམ་གྱིས་གཡེངས་པར་ཆུད་ཅེ་ན། དེའི་མཐའ་ནི་གོས་ཀྱི་མཐའ་མ་སླེབས་པའོ་ཞེས་པ་ཡིན་ཏེ། གོས་ཀྱི་གྲྭ་རླུང་གིས་རྡེབ་ཁྱེར་བ་ཙམ་གྱིས་ཀྱང་ངོ་། །དེ་ཉི་ཚེར་ཡང་མ་ཟད་པ་ནི་ཆར་གྱིས་མ་ཕོག་ནའོ་ཞེས་པ་ཡིན་ནོ། །ཇི་ཙམ་གྱིས་ཕོག་པར་ཆུད་ཅེ་ན། འདི་ནི་ཐིགས་པ་གཉིས་ཕོག་པས་སོ་ཞེས་པ་ཡིན་ཏེ་ཆར་ཐིགས་པ་གཉིས་ ཕོག་པ་ཙམ་གྱིས་ཀྱང་ངོ་། །ཅི་ལ་ཞེ་ན། ལུས་ལའོ་ཞེས་པ་ཡིན་ནོ། །གཞན་དུ་བཀྲུས་ནས་བཅོ་ལྔ་ཚུན་ཆད་བཀྲུས་ནའོ་ཞེས་པ་ནི་དང་པོ་ལན་ཅིག་བཀྲུས་ནས་ཞག་བཅོ་ལྔ་མ་ལོན་པ་ཚུན་ཆད་དུ་གོང་དུ་སྨོས་པའི་དུས་མ་ཡིན་པར་བཀྲུས་ན་ལྟུང་བར་འགྱུར་བའོ། །ཁྲུས་ཉིད་ཇི་ལྟ་བུ་ཞེ་ན། བླུགས་ པའམ་འཇུག་པའོ་ཞེས་པ་ཡིན་ཏེ་མགོ་ནས་ལྡུགས་པའམ་ཆུའི་ནང་དུ་འཇུག་པའོ། །ལུས་ཀྱི་ཇི་ཙམ་དུ་ཕྱིན་པས་ཁྲུས་སུ་འགྱུར་ཞེ་ན། ལྟེ་བར་ཕྱིན་ནའོ་ཞེས་པ་ཡིན་ཏེ་བླུགས་ཀྱང་རུང་འབོགས་ཀྱང་རུང་ཆུ་ལྟེ་བར་ཕྱིན་ན་ཁྲུས་སུ་ཆུད་པའོ། །སྔ་རོལ་ཉེས་བྱས་ཞེས་པ་ནི་ལྟེ་བར་མ་ཕྱིན་པ་ཡན་ ཆད་དམ་མན་ཆད་ནི་ཉེས་བྱས་སུ་འགྱུར་བའོ། །ཀུན་དུས་བྱིན་གྱིས་མ་བརླབས་ནའོ་ཞེས་པ་ཡིན་པ་ནི་བཀྲུ་བའི་དུས་ལ་བབ་བོ་ཅོག་གི་ཚེ་ན་ཡང་དུས་བྱིན་གྱིས་མ་བརླབས་པར་བཀྲུས་ན་ཉེས་བྱས་སུ་འགྱུར་བའོ། །དོན་གཞན་གྱི་གཡམ་ལ་ཆུར་ཞུགས་པ་ནི་ཁྲུས་མ་ཡིན་ཞེས་པ་ནི་ཁྲུས་བྱ་ བར་ནི་མ་བྱས་ཀྱི་དོན་ཆེད་གཞན་གྱི་ཕྱིར་ཆུར་ཞུགས་པ་ལྟ་བུ་ཁྲུས་ཀྱི་ཁོངས་སུ་མི་ཆུད་པའོ། །དེ་ལྟ་བས་ན་རྒལ་བ་དང་མ་ཚོར་བར་ལྟུང་བ་དང་བརྒྱལ་བ་གདབ་བ་རྣམས་ཉེས་མེད་ཅེས་པ་ནི་གོང་མ་ལྟར་གྱུར་པས་ན་ཆུ་ཕ་རོལ་དུ་རྒལ་བ་དང་ཆུའི་ནང་དུ་མ་བྱས་པར་ལྟུང་བ་དང་བརྒྱལ་བ་ལ་ཆུས་ བཏབ་པ་ལྟ་བུ་ཉེས་པར་མི་འགྱུར་བའོ། །ཡུལ་ཨསྨ་པ་རན་ཏ་ཀ་ན་འདི་མེད་པར་ཤེས་པར་བྱའོ་ཞེས་པ་ནི་ཡུལ་འདི་ན་རྟག་ཏུ་བཀྲུ་དགོས་པའི་ཕྱིར་བཀྲུ་བའི་དུས་ཚིགས་འདི་མེད་པར་ཤེས་པར་གྱིས་ཤིག་པའོ། །གཙོ་ཡོད་བཞིན་དུ་ཕྲན་ཚེགས་ཀྱི་ཆོ་ག་ལ་མི་ལྟོས་ཞེས་པ་ ནི་བརླབ་པའོ། །ཆོ་ག་ལ་སྙེགས་པའི་ཚིག་སྟེ་ཡུལ་མཐའ་ཁོབ་ཏུ་འདུལ་བ་འཛིན་པ་ལྔས་བསྙེན་པར་རྫོགས་པར་གྱིས་ཤིག་ཅེས་འབྱུང་བ་ལྟ་བུ་ལྔ་ལས་མང་བར་ཡོད་བཞིན་དུ་ལྔ་དང་མ་སྦྱོར་བག་པ་ལྟ་བུ་ལ་སོགས་པའོ། །སྐབས་འདིར་ཡང་ཟླ་བ་ཕྱེད་ཀྱི་དུས་ལ་བབ་ན་རུང་བའི་དུས་ཕྲན་ ཚེགས་གཞན་ལ་མ་ལྟོས་ཤིག་པའོ། །འཁྲུ་བ་ལྟུང་བའོ།། །།ཇི་ལྟར་བྱས་པས་བྱོལ་སོང་གསོད་པའི་ལྟུང་བར་འགྱུར་ཞེ་ན། གསོད་སེམས་ཀྱིས་བྱོལ་སོང་བསད་ནའོ་ཞེས་པ་ཡིན་ཏེ་བྱོལ་སོང་ཆེད་དུ་བསམས་ཏེ་བསད་ན་ལྟུང་བར་འགྱུར་བའོ། །ཅི་བསྣུན་པའི་མོད་ལ་འང་ཞེ་ན། དེས་ ལན་ཏེ་མོད་ལའམ་ཕྱིས་ཤི་ནའོ་ཞེས་པ་ཡིན་ཏེ་ཆེད་དུ་བསམས་ཏེ་བསྣུན་ནམ་ཤི་ཡང་རུང་སྟེ་ལྟུང་བར་སྟོན་པའོ། །སེམས་ཅན་གྱི་གཟུགས་ནི་སེམས་ཅན་མ་ཡིན་པས་ཉེས་བྱས་སུ་བྱེད་ཅེས་པ་ནི་སེམས་ཅན་གྱི་གཟུགས་སུ་བྲིས་བ་འམ་བྱས་པ་ལྟ་བུ་བཤིག་པ་ནི་ཉེས་བྱས་སུ་ཟད་པའོ། ། བྱོལ་སོང་གསོད་པའོ།། །།ཇི་ལྟར་བྱས་པས་ཐེ་ཚོམ་སྐུར་བའི་ལྟུང་བར་འགྱུར་ཞེ་ན། ཁྱེད་བསྙེན་པར་མ་རྫོགས་ཤེའམ། ཕས་ཕམ་པ་བྱུང་ངོ་ཞེས་པ་ལ་སོགས་པས་དགེ་སློང་མ་ཡིན་པར་ཐེ་ཚོམ་སྐུར་ནའོ་ཞེས་པ་ཡིན་ཏེ་ཐེ་ཚོམ་སྐུར་བ་ཉིད་ཀྱི་བསམ་པས་འདི་ལྟར་བྱས་ནའོ། །དེ་ལྟར་ སྐུར་པར་བསམ་པ་དང་སྐྱོན་ནས་བོས་པར་བསམ་པ་ནི་སོ་སོའི་ཉེས་པར་འགྱུར་བའོ། །སུ་ཐེ་ཚོམ་སྐུར་བས་ཤེ་ན། དགེ་སློང་ནའོ་ཞེས་པ་ཡིན་ནོ་ཇི་ལྟར་བསམས་ཀྱང་རུང་ངམ་ཞེ་ན། མི་དགའ་བ་བསྐྱེད་པའི་སེམས་ཀྱིས་ནའོ་ཞེས་པ་ཡིན་ཏེ་ཆེད་དུ་མྱ་ངན་སྐུར་ཞིང་མི་དགའ་བར་བྱ་བར་བསམས་ ནའོ། །བཞད་གད་ཀྱང་ངོ་ཞེས་པ་ནི་བཞད་གད་དུ་བྱས་ན་ཡང་ལྟུང་བར་འགྱུར་བའོ། །འགྱོད་པར་གྱུར་ནའམ་ཞེ་ན། འགྱོད་པ་མ་སྐྱེས་ན་ཡང་ངོ་ཞེས་པ་ཡིན་ཏེ་འགྱོད་པ་མ་སྐྱེས་ན་ཡང་ལྟུང་བར་འགྱུར་བའོ། །གཞན་གྱིས་ནི་ཉེས་བྱས་ཞེས་པ་ནི་ཕས་ཕམ་པ་མ་ཡིན་བའི་ལྟུང་བ་གཞན་ གྱིས་ཐེ་ཚོམ་སྐུར་བ་ན་ཉེས་བྱས་སུ་འགྱུར་བའོ། །ཐེ་ཚོམ་སྐུར་བའོ།། །།ཇི་ལྟར་བྱས་པས་ག་ག་ཚིལ་བྱས་པའི་ལྟུང་བར་འགྱུར་ཞེ་ན། དགེ་སློང་ནའོ་ཞེས་པ་ཡིན་ཏེ་དགེ་སློང་ལ་ག་ག་ཚིལ་བྱས་ནའོ། །སོར་མོ་ཁུ་ཚུར་གྲུ་མོ་ཕྲག་པ་མགོ་རྩིབ་ལོགས་རྒྱབ་སྟ་ཟུར་བརླ་པུས་མོ་བྱིན་པ་རྐང་ པའི་སོར་མོ་ལ་སོགས་པས་ག་ག་ཚིལ་བྱས་ནའོ་ཞེས་པ་ནི་འདི་དག་གང་གིས་བྱས་ཀྱང་རུང་སྟེ་ལྟུང་བར་འགྱུར་བའོ། །ཇི་ལྟ་བུའི་སེམས་ཀྱིས་ཀྱང་བླའམ་ཞེ་ན། ཀུ་རེའི་སེམས་ཀྱིས་ནའོ་ཞེས་པ་ཡིན་ཏེ་ཀུ་རེ་བྱ་བའི་ཕྱིར་ན་ལྟུང་བར་འགྱུར་བའོ། །དེ་བས་ན་བརྩན། སྦྲང་མ། མཛེར་པ་ འམ་སྨྱེ་བ་གཙུག་རྣམས་སྟོན་པ་ན་ཉེས་མེད་ཅེས་པ་ཡིན་ཏེ་འདི་དག་སྟོན་པའི་ཕྱིར་མཛུབ་མོས་བཙུགས་པ་ནི་ཉེས་མེད་པའོ། །དུ་མས་བྱས་ཀྱང་གཅིག་གོ་ཞེས་པ་ནི་ག་ག་ཚིལ་སོར་མོ་ལ་སོགས་པ་དུ་མས་བྱས་ཀྱང་ལྟུང་བ་གཅིག་ཏུ་ཟད་ཀྱི་ཚོགས་པ་ལྟ་བུ་མ་ཡིན་པའོ། །ག་ག་ཚིལ་བྱེད་ པའི་ལྟུང་བའོ།། །།ཇི་ལྟར་བྱས་པས་ཆུ་ལ་རྩེ་བའི་ལྟུང་བར་འགྱུར་ཞེ་ན། ཆུའི་ཡུལ་ལ་བྱེད་པར་བསྒྲུབ་ནའོ་ཞེས་པ་ལ་སོགས་པ་ཡིན་ཏེ་ཆུ་ལ་འོག་ནས་འབྱུང་བ་ལྟ་བུ་བྱེད་ན་ལྟུང་བར་འགྱུར་བའོ། །སྤྱི་དེ་ལྟར་བསྟན་ནས་སོ་སོར་འབྱེད་པ་སྟོན་པ་ནི། ཞུགས་ནས་བྱེའུ་ཟུལ་དང་ འབྱུང་བ་དང་ཚུ་རོལ་ནས་ཕ་རོལ་ཏུ་འགྲེ་བ་དང་ཡན་མན་དུ་འགྲོ་བ་དང་ཆུ་རྔ་དང་མད་དུ་ཀ་རྡུང་བ་དང་རྡོ་སྦྱར་འཕེན་པ་དང་། ཁོར་ཡུག་ཏུ་བྱེད་པ་དང་རྩི་རར་བྱེད་པ་དང་ཆུ་དོང་དང་། སེ་ཀློང་དུ་བྱེད་པ་དང་མཛུབ་རིས་འདྲེན་པ་རྣམས་རྩེ་བའོ་ཞེས་པ་ཡིན་ཏེ་ཆུའི་ནང་དུ་ཞུགས་ནས་མིང་གིས་སྨོས་ པ་འདི་དག་ལྟར་བྱེད་ན་ལྟུང་བར་འགྱུར་བའོ། །བམ་ཀོལ་བྱེད་པ་ནི་ཉེས་བྱས་ཞེས་པ་ནི་ཆུ་ལའོ། །རྫ་མ་དང་ཕྲུ་བ་དང་རིལ་བ་དང་ཕོར་པར་རོ་ཞེས་པ་དང་བུ་རམ་གྱི་ཁུ་བ་དང་ཚོད་མ་དང་སྲན་ཚོད་དང་འབྲས་ཁུ་དང་ཁུ་བ་རྣམས་ཚད་ཟིན་ཀྱང་ངོ་ཞེས་པ་ནི་འདི་དག་གི་ནང་དུ་འཇུག་ཏུ་མེད་ལ་རྩེ་ ཞིང་མཛུབ་རིས་བྱེད་ན་ཉེས་བྱས་སུ་འགྱུར་བའོ། །ཆུ་མ་ཡིན་པ་ལ་རྩེ་ན་ཡང་ངོ་ཞེས་པ་ནི་ཆུ་མ་ཡིན་པ་གཞན་ལ་རྩེ་ན་ཡང་ཉེས་བྱས་སུ་འགྱུར་བའོ། །བདག་ཉིད་ཀྱིས་བྱས་པ་འབའ་ཞིག་གིས་སམ་ཞེ་ན། དེ་ལྟར་བྱེད་དུ་བཅུག་པ་འང་དེ་བཞིན་ཞེས་པ་ཡིན་ཏེ་ཕ་རོལ་གོང་དུ་སྨོས་པའི་རིམ་པ་ བཞིན་དུ་བྱེད་དུ་བཅུག་ན་ཉེས་བྱས་རིམ་པ་དེ་བཞིན་དུ་འགྱུར་བའོ། །ཇི་ལྟར་བྱས་ཀྱང་ངམ་ཞེ་ན། འཕྱར་བ་ལ་དགའ་བར་མྱོང་བར་འདོད་ནའོ་ཞེས་པ་ཡིན་ཏེ་གཡེང་བས་དགའ་བར་བྱེད་ན་གདོད་ཉེས་པར་འགྱུར་བའོ། །དེ་ལྟ་བས་ན་བསིལ་འདོད་པའི་ཕྱིར་ ཞུགས་པ་ལ་སོགས་པ་ཉེས་མེད་ཅེས་པ་ནི་གོང་མ་ལྟ་བུའི་བསམ་པས་མ་ཡིན་ཏེ་བསིལ་བ་འདོད་པའི་ཕྱིར་ཆུར་ཞུགས་པ་ནི་ཉེས་མེད་པའོ། །རྐྱལ་སློབ་པས་གཅོད་པ་དང་ཡན་མན་དུ་འབྱམ་པ་ཡང་ངོ་ཞེས་པ་ནི་རྐྱལ་སློབ་པའི་ཚེ་འདི་དག་ལྟར་བྱེད་ན་ཉེས་མེད། ཚ་བ་བསྒྲང་བའི་ཕྱིར་ དཀྲུགས་པ་ཡང་ངོ་ཞེས་པ་ནི་ཚ་བ་བསྒྲང་བའི་ཕྱིར་དཀྲུགས་པའང་ཉེས་མེད་པའོ། །ཆུར་རྩེ་བའོ།། །།ཇི་ལྟར་བྱས་པས་བུད་མེད་དང་ལྷན་ཅིག་ཏུ་ཉལ་བའི་ལྟུང་བར་འགྱུར་ཞེ་ན། ཁྱིམ་གཅིག་ན་བུད་མེད་དང་ལྷན་ཅིག་ཏུ་གཉིད་ལོག་ནའོ་ཞེས་པ་ལ་སོགས་པ་ཡིན་ནོ། །ནམ་གཉིད་ ལོག་པས་ཤེ་ན། མཚན་མོའི་ཞེས་པ་ཡིན་ནོ། །དེའི་ཡང་གང་གི་ཚེ་ཞེ་ན། མཐས་སོ་ཞེས་པ་ཡིན་ཏེ་མཚན་གཅིག་གི་མཐས་ཉེས་པར་འགྱུར་བའོ། །ཚུན་ཆད་ཉེས་བྱས་ཞེས་པ་ནི་མཚན་གཅིག་གི་མཐའ་ལ་མ་ཐུག་པ་ཚུན་ཆད་ཉེས་བྱས་སུ་འགྱུར་བའོ། །སྤྱད་མི་བཟོད་པ་ཡན་ ཆད་ཇི་ཙམ་གྱིས་ཉེས་པར་འགྱུར་ཞེ་ན། བྱ་གག་མོ་ཡན་ཆད་ཀྱིས་བྱེད་ཅེས་བྱ་བ་ཡིན་ཏེ་བྱ་གག་ཙམ་ཡན་ཆད་ཉེས་བྱས་སུ་འགྱུར་བའོ། །བུད་མེད་དང་ལྷན་ཅིག་ཉལ་བའོ།། །།ཇི་ལྟར་བྱས་པས་བསྡིགས་པའི་ལྟུང་བར་འགྱུར་ཞེ་ན། བསྡིགས་པར་འདོད་པས་བཞད་གད་དུ་ བསམས་ཀྱང་རུང་སྟེ་དགེ་སློང་ལ་འཇིགས་པར་བྱེད་པ་ཆེ་གེ་མོ་ཞིག་གོ་ཞེས་སྔ་ནས་བསྒོ་ལ་འཇིགས་པའི་མཚན་མ་སྟོན་ན་གཞན་གྱིས་སམ་འཇིགས་པ་མ་སྐྱེས་ཀྱང་ངོ་ཞེས་པ་ཡིན་ཏེ་ཆེད་དུ་བསྡིགས་པར་བསམས་ཤིང་སྔ་ནས་རྣ་ངད་བཏང་ལ་མི་སྡུག་པའི་མཚན་མ་སྟོན་ན་བདག་གིས་ བསྟན་པ་ལྟ་ཅི་སྨོས་ཀྱིས་གཞན་སྟོན་དུ་བཅུག་གམ་འཇིགས་པར་མ་གྱུར་དུ་ཟིན་ཀྱང་ལྟུང་བའོ། །མི་སྡུག་པས་ན་རྩ་བའོ་ཞེས་པ་ནི་འོག་ནས་འབྱུང་བ་ལྟ་བུའི་མི་སྡུག་པའི་རྣམ་པ་རྣམས་ཀྱིས་བསྡིགས་ན་ལྟུང་བར་འགྱུར་བའོ། །དེ་ལ་མི་སྡུག་པ་རྒྱས་པར་སྟོན་པ་ནི། དེ་འདི་ལྟ་སྟེ། ཡི་དགས། འདྲེ། གྲུལ་བུམ། ལུས་སྲུལ་པོ་རྣམས་སོ་ཞེས་ཟེར་བ་དང་གཟུགས་ནི་གནག་རབ། སོལ་མདོག །མགལ་དུམ་ལྟ་བུ་དང་། སྒྲ་ནི་སེང་གེ །སྟག །གཟིག །འཕར་བ། སྤྱང་ཀི། ཝ་རྣམས་ཀྱི་དང་དྲི་ནི་བཤང་གཅིར་ཐུག་གི་དབྲེ་དང་། རེག་པ་ནི་ལེབ་མ་དང་ རེ་ལྡེ་དང་ར་ཕྱར་གྱི་རྣམས་སོ་ཞེས་པ་ཡིན་ཏེ། མི་སྡུག་པའི་གཟུགས་སྒྲ་དྲི་རེག་བྱ་འདི་དག་ལྟ་བུས་བསྡིགས་ནའོ། །སྡུག་པ་ནི་ཉེས་བྱས་ཞེས་པ་ནི་སྡུག་པས་བསྡིགས་ན་ཉེས་བྱས་སུ་འགྱུར་བའོ། །དེའང་རྒྱས་པར་སྟོན་པ་ནི། འདི་ལྟ་སྟེ། ལྷ། ཀླུ། དྲི་ཟ། གནོད་སྦྱིན། མིའམ་ ཅི། ལྟོ་འཕྱེ་ཆེན་པོའོ་ཞེས་ཟེར་བ་དང་། གཟུགས་ནི་ནོར་བདག །ཚོང་དཔོན་དེད་དཔོན་ལ་སོགས་པའི་དང་། སྒྲ་ནི་པི་ཝང་ལ་སོགས་པའི་དང་། དྲི་ནི་ཨ་ཀ་རུ། ཙན་དན། གུར་གུམ། ཏ་མ་ལའི་འདབ་མ་རྣམས་ཀྱི་དང་། རེག་པ་ནི་དར། རས། བེའུ་རས། སེང་རས། དུ་གུ་ལ། གོ་ཏམ། འབའ་ཀ་རྣམས་ཀྱིའོ་ཞེས་པ་ཡིན་ཏེ། སྡུག་པའི་གཟུགས་སྒྲ་དྲི་རེག་བྱ་མིང་གིས་སྨོས་པ་འདི་དག་ལྟ་བུས་བསྡིགས་ན་ཉེས་བྱས་སུ་འགྱུར་བའོ། །དམུས་འབྱུང་བའི་ཕྱིར་ནི་མ་གཏོགས་ཞེས་པ་ནི་ཁོར་བས་དམུས་དབྱུང་བའི་ཕྱིར་བསྡིགས་པ་ནི་ཉེས་མེད་པའོ། །དེ་ ལྟ་བས་ན་སྐྱོ་བ་བསྐྱེད་པའི་ཕྱིར། དམྱལ་བ། ཡི་དགས། བྱོལ་སོང་རྣམས་ཀྱི་གཏམ་ནི་ཉེས་མེད་ཅེས་པ་ཡིན་ཏེ་འདི་དག་གི་སྡུག་བསྔལ་ཡང་ཞིང་བཟོད་བརླག་པའི་གཏམ་ནི་ཆེད་དུའང་གྱིས་ཤིག་པའོ། །བསྡིགས་པའོ།། །།ཇི་ལྟར་བྱས་པས་སྦེད་པའི་ལྟུང་བར་འགྱུར་ཞེ་ན། འདིར་ རབ་ཏུ་བྱུང་བ་རྣམས་ཀྱི་ལྷུང་བཟེད། གོས་སྣོད། ཁར་ཕོར། སྐ་རགས་ལ་སོགས་པ་དགེ་སྦྱོང་གི་འཚོ་བའི་ཡོ་བྱད་རྣམས་སྦས་སམ་སྦེད་དུ་བཅུག་ནའོ་ཞེས་པ་ཡིན་ཏེ་མིང་གིས་སྨོས་པའི་ཡོ་བྱད་འདི་དག་རུང་ཞིང་ཚད་ལ་བབ་པ་བདག་གིས་སྦས་ཀྱང་རུང་གཞན་སྦེད་དུ་བཅུག་ཀྱང་རུང་སྟེ་ལྟུང་ བར་འགྱུར་བའོ། །ཕན་པར་འདོད་པ་ནི་མ་གཏོགས་ཞེས་པ་གནོད་པས་མ་ཡིན་གྱི་ཕན་གདགས་པའི་ཕྱིར་སྦས་པ་ནི་ཉེས་མེད་པའོ། །སྦེད་པའོ།། །།ཇི་ལྟར་བྱས་པས་སྦྱིན་པ་སྤྱོད་པའི་ལྟུང་བར་འགྱུར་ཞེ་ན། དགེ་སློང་ལ་གོས་གཏན་དུ་བྱིན་ལ་དེས་སྟེར་བ་མེད་པར་སྤྱོད་ནའོ་ཞེས་པ་ཡིན་ཏེ་ གོས་གཏན་དུ་སྦྱིན་ལ་དེ་སྤྱོད་དུ་མ་བཅུག་པར་བདག་གིས་ཐུག་ཐུབ་ཏུ་བྱས་ཏེ་སྤྱད་ན་ལྟུང་བར་འགྱུར་བའོ། །འདིའི་གཞི་ལས་གལ་ཏེ་དགའ་བའི་གདེང་མེད་ནའོ་ཞེས་པ་ནི། བདག་གིས་སྤྱད་ན་ཕ་རོལ་དགའ་བར་འགྱུར་བའི་གདེང་དྲོད་ཀྱང་མེད་པར་སྤྱོད་ནའོ། །བྱིན་པ་སྤྱོད་ པའོ།། །།ཇི་ལྟར་བྱས་པས་སྐུར་བའི་ལྟུང་བར་འགྱུར་ཞེ་ན། ཉམས་པར་འདོད་ལ་དགེ་སློང་ནའོ་ཞེས་པ་ལ་སོགས་པ་ཡིན་ཏེ་དགེ་སློང་ལ་ཉམས་པར་ཡང་འདོད་ལ་སྐུར་བ་བྱ་བ་དེའང་དགེ་སློང་ཡིན་ནའོ། །འདུ་ཤེས་སྦས་ནའོ་ཞེས་པ་ནི་བདེན་པའི་འདུ་ཤེས་བཅབས་ནའོ། །དགེ་འདུན་གྱི་ལྷག་ མ་བྱུང་ངོ་ཞེས་གླེངས་ནའོ་ཞེས་པ་ནི་དགེ་འདུན་གྱི་ལྷག་མས་སྐུར་ན་ཉེས་པར་འགྱུར་བའོ། །གསལ་པོར་སྐུར་པས་སམ་ཞེ་ན། ཆས་ཀྱང་ངོ་ཞེས་པ་ཡིན་ཏེ་ཆས་སྐུར་ན་ཡང་ལྟུང་བར་འགྱུར་བའོ། །སྐུར་བའི་ལྟུང་བའོ།། །།ཇི་ལྟར་བྱས་པས་བུད་མེད་དང་འགྲོགས་པའི་ལྟུང་བར་འགྱུར་ ཞེ་ན། ཆེད་ཀར་ལམ་དུ་དོང་ནའོ་ཞེས་པ་ལ་སོགས་པ་ཡིན་ཏེ་བུད་མེད་ལས་བྱེད་ཅེས་པ་ལ་སོགས་པ་རེག་པའི་ལྷག་མ་ལས་བྱུང་བ་དང་སྦྱར་ཞིང་ཆེད་ཀར་འགྲོགས་ན་ལྟུང་བར་འགྱུར་བའོ། །ཅི་སྲིད་དུ་འགྲོགས་པས་ཤེ་ན། རྒྱང་གྲགས་རེ་རེའོ་ཞེས་པ་ཡིན་ནོ། །ཕྱེད་ཕྱེད་ཅིང་ཉེས་བྱས་ཞེས་པ་ ནི་རྒྱང་གྲགས་ཕྱེད་ཅིང་ཉེས་བྱས་སུ་འགྱུར་བའོ། །བུད་མེད་དང་དགེ་སློང་འགྲོགས་སོ་ཅོག་ཉེས་པར་འགྱུར་རམ་ཞེ་ན། བསེལ་བྱེད་པ་ནི་མ་གཏོགས་ཞེས་པ་དང་། ལམ་ནོར་བའི་ལམ་སྟོན་ནའོ། །འགྲོ་མ་ནུས་པ་ཁྲིད་པ་ཡང་ངོ་ཞེས་པ་ཡིན་ཏེ་བསེལ་དང་ལམ་མཚོན་པ་དང་། འགྲོ་མ་ནུས་པ་ ཁྲིད་པ་ཙམ་ནི་ཉེས་མེད་པར་སྟོན་པའོ། །བུད་མེད་དང་ལྷན་ཅིག་ཏུ་འགྲོ་བའོ།། །།རྐུན་པོ་དང་འགྲོགས་པའི་ལྟུང་བར་འགྱུར་བ་གང་ཞེ་ན། གྲོང་འཇོམས་པའི་རྐུན་པོ་དང་ཤོ་གམ་འདྲལ་བའི་ཚོང་པའོ་ཞེས་པ་ཡིན་ཏེ་ཆེད་ཀར་འགྲོགས་ཞེས་པ་ལ་སོགས་པའི་ཡན་ལག་གཞན་ནི་གོང་མ་ལས་གཞི་བླངས་ ནས་མིང་གིས་སྨོས་པ་འདི་དག་ལྟ་བུ་དང་འགྲོགས་ན་ལྟུང་བའོ། །གཡུང་མ་རྒོད་དང་རྐུན་པོས་རབ་ཏུ་བྱུང་བ་ནི་ཉེས་བྱས་ཞེས་པ་ནི་གཡུང་མ་རྒོད་བྱེད་པ་དང་འགྲོགས་པའམ་ཐུག་ཐུབ་ཏུ་རབ་ཏུ་བྱུང་བ་དང་འགྲོགས་པ་ནི་ཉེས་བྱས་སུ་སྟོན་པའོ། །རྐུན་པོ་དང་ལྷན་ཅིག་ཏུ་འགྲོ་བའོ།། །།གང་ཟག་ཇི་ལྟ་བུ་ བསྙེན་པར་རྫོགས་པས་ལྟུང་བར་འགྱུར་ཞེ་ན། འབྲིད་ཅེས་པ་ལ་སོགས་པ་ཡིན་ནོ། །འདུ་ཤེས་བརྩན་པ་གང་ཞེ་ན། བསྙེན་པར་རྫོགས་པར་བྱ་བ་ལོ་ཉི་ཤུར་མ་ལོན་ནའོ་ཞེས་པ་ཡིན་ཏེ་བསྙེན་པར་རྫོགས་པར་བྱ་བ་ལོ་མ་ཚང་བར་ཤེས་བཞིན་ནའོ། །ཡན་ལག་གང་གིས་འདིའི་ཉེས་པར་འགྱུར་ཞེ་ན། བསྙེན་པར་རྫོགས་པའི་མཁན་པོ་བྱེད་ནའོ་ཞེས་པ་ཡིན་ཏེ་འདི་ལྟ་བུའི་མཁན་པོ་བྱེད་ན་ལྟུང་བར་འགྱུར་བའོ། །དེས་འདིའི་ལོན་པ་མི་དྲི་བ་མ་ཡིན་ཞེས་པ་ནི་བསྙེན་པར་རྫོགས་པར་འདོད་པ་དེའི་ལོ་གྲངས་མཁན་པོས་མི་དྲིར་མི་རུང་བའོ། །གཞན་དག་གིས་ཀྱང་མ་ཡིན་ཞེས་པ་ནི་དགེ་འདུན་གཞན་གྱིས་ཀྱང་མི་ དྲིར་མི་རུང་བའོ། །འདིའི་མ་རྟོགས་ན་བསྙེན་པར་རྫོགས་པར་མི་བྱ་ཞེས་པ་ནི་དེའི་ལོ་ཚིགས་མ་ངེས་ན་བསྙེན་པར་རྫོགས་པར་མ་བྱས་ཤིག་པའོ། །མདོར་ན་ལོ་ཉི་ཤུར་ལོན་པ་བསྙེན་པར་རྫོགས་པ་འགྲུབ་ཅེས་པ་ནི་ལོ་ཉི་ཤུར་ལོན་པར་བརྩན་པར་སྟོན་པའོ། །གཞན་ཡང་ལོན་པར་འདུ་ཤེས་ནའོ་ཞེས་ པ་ནི་ལོ་ཉི་ཤུར་མ་ལོན་ཡང་ལོན་པའི་འདུ་ཤེས་ཡོད་ན་ཡང་རུང་བའོ། །མ་རྟོགས། མི་དྲན། ཐེ་ཚོམ་པ་ཡང་ངོ་ཞེས་པ་ནི་ཉི་ཤུར་ལོན་ལ་མཁན་པོ་ལ་སོགས་པས་མ་རྟོགས་ཤིང་མི་དྲན་ནམ་སོམ་ཉི་ཡོད་བཞིན་ན་ཡང་རྫོགས་པར་འདོད་པ་དེ་ལ་ལོན་པའི་འདུ་ཤེས་ཡོད་ན་རུང་བར་སྟོན་པའོ། །ཤེས་ན་ནི་དེ་ འཇིག་ཅེས་པ་ནི་ལོ་མ་ཚང་བ་ལ་སོགས་པ་ཉིད་ཀྱིས་འཕྲིགས་ན་སྡོམ་པ་འཇིག་པར་སྟོན་པའོ། །གོར་མ་ཆག་པར་དེ་ལྟའམ་ཞེ་ན་དེ་མ་ཡིན་ཏེ་ལོན་པར་གྱུར་ནའོ་ཞེས་པ་ནི་ལོ་ཚང་ན་ཡིད་འཕྲིགས་སྐྱེས་སུ་ཟིན་ཀྱང་སྡོམ་པ་མི་འཇིག་པར་སྟོན་པའོ། །འཕྲིགས་པའི་ཚེ་ལོ་ཚིགས་ཅིས་བཟུང་ཞེ་ན། མངལ་ དང་ལྷག་པའི་ཟླ་བ་གཏོགས་པར་རོ་ཞེས་པ་ནི་མངལ་གྱི་ཆ་དང་ཤོལ་གྱི་ཆས་རྩིས་ཤིག་པའོ། །དང་པོ་རྫོགས་པའི་ཚེ་ལོ་ཚིགས་འདི་དག་སྦྱར་ན་བསྙེན་པར་རྫོགས་པ་མི་འགྲུབ་པ་ནི་མེད་ཀྱི་རྫོགས་པར་བྱེད་པ་ལ་ཉེས་པར་འགྱུར་བས་ན་དང་པོའི་ཚེ་འདི་དང་མ་སྦྱོར་ཅིག་པའོ། །མ་ཚང་བར་བསྙེན་པར་ རྫོགས་པའོ།། །།ཇི་ལྟར་བྱས་པས་ས་རྐོ་བའི་ལྟུང་བར་འགྱུར་ཞེ་ན། རྐོ་འམ་རྐོར་བཅུག་ནའོ་ཞེས་པ་ལ་སྩོགས་པ་ཡིན་ནོ། །དེ་ལ་རྐོ་བའི་འཇོར་ལ་སོགས་པས་བསྣུན་བའི་གྲངས་བཞིན་དུ་སྦྱོར་བ་དང་རྩ་བར་བརྩིའོ། །བརྐོས་སམ་རྐོར་བཅུག་པ་ཅི་ལ་ཞེ་ན། ས་སྣག་ནའོ་ཞེས་པ་ཡིན་ཏེ་གསེག་ མ་འམ་གྲམ་ས་མ་ཡིན་གྱི་སྣག་གི་ཡིན་ནའོ། །དགེ་སློང་ངོ་ཅོག་ལ་ཉེས་པར་འགྱུར་རམ་ཞེ་ན་ལས་སར་པ་པ་ཚེས་གྲངས་དང་སྦྱོར་ལ་རུང་བར་བྱེད་པ་མེད་ན་ཕུར་བུ་སོར་བཞི་ཙམ་འདེབས་པ་ནི་མ་གཏོགས་ཞེས་པ་ཡིན་ཏེ་ལས་སར་པ་པ་རྐྱེན་འདི་དག་ལྟ་བུས་ཐེབས་པའི་ཚེ་འདི་ཙམ་གྱིས་ཚོད་ བཏབ་ཀྱང་བླ་བར་སྟོན་པའོ། །ས་ཇི་ལྟ་བུ་ལས་ཉེས་པ་ཅི་འདྲ་བར་འགྱུར་ཞེ་ན། རང་བཞིན་ནི་རྩ་བའོ་ཞེས་པ་དང་། མ་ཡིན་ན་ནི་ཉེས་བྱས་ཞེས་པ་ཡིན་ཏེ་སའི་རང་བཞིན་ཡིན་ནམ་མ་ཡིན་པ་ལས་ཉེས་བྱས་དང་ལྟུང་བར་སྟོན་པའོ། །སའི་རང་བཞིན་ཇི་ལྟ་བུ་ཡིན་པ་སྟོན་པ་ནི། ཕུང་པོ་ཟླ་བ་གསུམ་དུ་ བཞག་ན་སྔ་མའོ་ཞེས་པ་ནི་ས་ཕུང་ཟླ་བ་གསུམ་གྱི་བར་དུ་ལུས་ན་སའི་རང་བཞིན་ཡིན་བར་སྟོན་པའོ། །ནམ་ཡང་རུང་གིས་དེ་ལྟའམ་ཞེ་ན། ཆར་རྒྱུན་དུ་བབ་ནའོ་ཞེས་པ་ཡིན་ཏེ་ཆར་རྟག་ཏུ་བབ་ན་གདོད་གོང་མ་ལྟར་འགྱུར་བའོ། །ཆར་མ་བབ་ན་ཇི་ཙམ་གྱིས་རང་བཞིན་དུ་འགྱུར་ཞེ་ན། གཞན་དུ་ན་དྲུག་ ཅེས་པ་ཡིན་ཏེ་ཆར་མ་བབ་ན་ཟླ་བ་དྲུག་གིས་རང་བཞིན་དུ་འགྱུར་བའོ། །རྩིག་པ་ས་མ་ཡིན་པར་མ་རེ་ཤིག་ཅེས་ན་རྩིག་པ་ཡང་སའི་རང་བཞིན་དུ་སྟོན་པའོ། །བསྡུས་པའི་མཚན་ཉིད་ནི་ཕལ་ཆེ་བ་བརྩན་ནོ་ཞེས་པ་ནི་ས་བཅུ་ལ་སོགས་པ་གོ་འདུན་དང་འདྲེས་པ་ཞིག་ན་གང་ཕལ་ཆེ་བ་དེ་བརྩན་བར་གྱིས་ཤིག་ པའོ། །དེ་ལྟ་བས་ན་རྫས་ཉུང་ངུ་དང་འདྲེས་པ་རིལ་གྱིས་སོ་ཞེས་པ་ནི་འདྲེས་ན་གང་ཉུང་བ་དེ་ཕལ་ཆེའི་ཁོངས་སུ་བསྡུས་པར་སྟོན་པའོ། །ཚིག་པ་ནི་ཉམས་པའོ་ཞེས་པ་ནི་ས་ཚིག་པ་ནི་སའི་རང་བཞིན་ལས་ཉམས་པར་སྟོན་པའོ། །ཉམས་པ་ནི་ཕྱེད་དོ་ཞེས་པ་གོང་མ་ལྟ་བུའི་ཉམས་པ་བརྐོས་ན་ཉེས་ བྱས་སུ་སྟོན་པའོ། །ས་ཞག་གད་པ། རྩིག་པ། སྐྱང་ནུལ་རྣམས་གོགས་པ་ཡང་ངོ་ཞེས་པ་ནི་འདི་དག་གོགས་པ་ལྷགས་ན་ཡང་ཉེས་བྱས་སུ་སྟོན་པའོ། །གསེག་མ་དང་བྱེ་མ་ལ་སོགས་པ་ཕལ་ཆེ་བ་ཡང་ངོ་ཞེས་བ་ནི་བྱེ་མ་དང་གསེག་མ་མང་བ་བརྐོས་ན་ཡང་ཉེས་བྱས་པའོ། །བྱེད་པ་ཡང་ ངོ་ཞེས་པ་ནི་འོག་ནས་འབྱུང་བ་ལྟར་བྱེད་པ་ཡང་ཉེས་བྱས་སུ་སྟོན་པའོ། །དེ་གང་ཞེ་ན་ཕུར་པ་འབྱིན་པའི་རི་མོ་འདྲེན་པ་ལྕི་བ་བླངས་པའི་ཞར་ལས་གོགས་པ་དམ་བསྒུལ་བ་བུམ་པ་འཕྱང་བ་ལ་ཆགས་པ་ནི་སྙི་བར་འབྱུང་བའི་དངོས་ཉིད་རྣམས་སོ་ཞེས་པ་རྣམས་རྐོས་ཤིང་བྲུས་པ་ནི་ཉེས་བྱས་སུ་འགྱུར་ བའོ། །རྩ་བ་དང་ཉེས་བྱས་སུ་འགྱུར་བ་དེ་དག་བསམ་པ་ཇི་ལྟ་བུ་ཞེ་ན། འདིར་ཉམས་པ་བསམས་ན་དེའོ་ཞེས་པ་ཡིན་ཏེ་ཆེད་དུ་ཉམས་པར་བསམས་ན་གདོད་དེ་དག་ལྟར་འགྱུར་བའོ། །དེ་ལྟ་བས་བརྩི་བ་དང་འགྲོ་བ་ལ་སོགས་པའི་བསམ་པས་ཉེས་མེད་ཅེས་པ་ཡིན་ཏེ་རྩིས་བྱས་པ་དང་འགྲོ་བའི་བསམ་ པས་བྲུད་ཅིང་རློགས་པར་གྱུར་པ་ནི་ཉེས་མེད་པའོ། །ས་འཇིག་པའོ།། །།བོས་པ་ལ་མ་བོས་པར་སློང་བའི་ལྟུང་བ་སྟོན་པ་ནི། མ་བོས་པར་མི་བསླང་ཞེས་པ་ལ་སོགས་པ་ཡིན་ཏེ། མ་བོས་པ་ལ་སློང་དུ་མི་རུང་བར་ནི་གོང་དུ་ཡང་བསྟན་པས་ན་བོས་སུ་ཟིན་གྱིས་ཀྱང་མ་བོས་པར་སློང་བ་མ་བྱེད་ཅིག་ པའོ། །དུས་མ་བསྙད་ཅིང་དེར་མི་རེ་ན་ཟས་ལ་གཉེར་བའི་ཁྱིམ་དུ་འོང་བ་རིགས་སོ་ཞེས་པ་ནི་ཁྱིམ་པས་མགྲོན་དུ་གཉེར་ལ་གདུགས་ཚོད་ཀྱི་ཁར་སྤྱན་འདྲེན་ཡོད་དུ་མི་རེ་ན་བདག་ཅག་ཉིད་དེའི་ཁྱིམ་དུ་དེང་ཤིག་པའོ། །དུས་ཀྱིས་མི་ཐུབ་ན་འདྲེན་པར་བསྐུལ་བ་ཡང་ངོ་ཞེས་པ་ནི་གདུགས་ཚོད་ཀྱིས་མི་ཐུབ་ན་ མྱུར་དུ་འདྲེན་པར་བདག་ཅག་ཉིད་ཀྱིས་སྐུལ་ཅིག་པའོ། །ཚིག་དེ་ཉི་ཚེ་ལ་འགལ་རྟག་ཏུ་མ་ཡིན་ཞེས་པ་ནི་གསོལ་བ་ལ་སོགས་པའི་ལས་མ་གཏོགས་པར་འཕྲལ་གྱི་བྱ་བ་རྣམས་དོན་དེར་འགྲོ་ཞིང་འགལ་བ་མེད་ན་གཞུང་ལས་འབྱུང་བའི་ཚིག་ཉི་ཚེ་ལ་མ་ལྟོས་ཤིག་པའོ། །སོ་སོར་བོས་པ་བདག་ གིར་བྱ་ཞེས་པ་ནི་ཡོན་བདག་གིས་དགེ་འདུན་སོ་སོར་བཀར་ཏེ་བོས་ན་ཡང་སོང་ཤིག་པའོ། །དགེ་འདུན་སྤྱིས་གཉེར་བའི་ཚེ་གང་ཟག་གུད་དུ་གར་ཞིང་ཟ་བ་མི་རིགས་པར་དོགས་པ་བསྩལ་བའི་ཕྱིར། དགེ་འདུན་དང་ལྷན་ཅིག་ཏུ་བོས་ཀྱང་ངོ་ཞེས་པ་ཡིན་ཏེ་དགེ་འདུན་གླེངས་ཀྱིས་བོས་ཀྱང་གུད་དུ་གར་ཏེ་ ཟོས་པ་ནི་ཉེས་མེད་པར་སྟོན་པའོ། །དུས་ཐམས་ཅད་ཀྱང་ངོ་ཞེས་པ་ནི་གཏན་དུ་བོས་ན་ཡང་མི་རུང་བ་མེད་ཀྱིས་དེར་ཁས་ལོང་ཤིག་པའོ། །ཇི་ལྟར་བྱས་པས་བོས་པ་ལས་ལྷག་པར་སློང་བའི་ཉེས་པར་འགྱུར་ཞེ་ན། ཚད་བཙུགས་པ་མེད་པར་བོས་པ་དང་གཞན་དུ་དང་། ཡང་དང་ཡང་དང་། ཤིན་དུ་བ་ལས་ལྷག་པར་མ་བོས་ན་ཟླ་བ་བཞི་ལོན་པ་ལས་ལྷག་པར་བཤགས་པ་ཟ་ནའོ་ཞེས་པ་ཡིན་ཏེ་ཡུན་འདི་སྲིད་ཀྱི་བར་དུ་བདག་གི་དེར་གཤེགས་སུ་གསོལ་ཞེས་ཚད་ཆད་པར་མ་བྱས་པ་དང་། འདི་སྲིད་ཀྱི་བར་དུ་གཤེགས་པར་གསོལ་ཞེས་དུས་ཀྱི་ཚད་ཆད་པར་བྱས་པ་དང་། ཡང་དང་ཡང་ སྣོན་པ་དང་སྙིང་ནས་བོས་པ་རྣམས་མ་ཡིན་ལ་ཟླ་བ་བཞི་ལས་ལྷག་པར་ཡོན་བདག་དེའི་ཟས་ཟོས་ན་ལྟུང་བར་འགྱུར་བའོ། །སློང་བ་ཉེས་བྱས་ཞེས་པ་ནི་གོང་མ་ལྟ་བུར་མ་ཟོས་པར་སློང་བའི་ཚེ་ཉེས་བྱས་སུ་སྟོན་པའོ། །ནད་པ་ཉེས་མེད་ཅེས་པ་ནི་ནད་པ་ནི་གོང་མ་ལྟ་བུའི་ཚེ་ བསླངས་ཏེ་ཟོས་ཀྱང་བླ་བར་སྟོན་པའོ། །གཉེན་ཡང་ངོ་ཞེས་པ་ནི་གོང་མ་ལྟ་བུའི་ཚེ། གཉེན་ལ་བསླངས་ཀྱང་བླ་བའོ། །འཁྱམས་པ་སྔ་མ་དང་ཐ་དད་ཅེས་པ་ནི། ཟླ་བ་བཞིའི་བར་དུ་ཡོན་བདག་གིས་གཉེར་བའི་ཚེ། དགེ་སློང་ལས་བབས་པ། ཕྱིར་སླར་ཞུགས་ན་སྔོན་གཉེར་བའི་དུས་དེ་ལ་བརྟེན་དུ་ མི་རུང་བར་སྟོན་པའོ། །དེ་ལྟ་བུས་སྔ་མ་ལ་བརྟེན་ཏེ། ཟོས་པའི་ཉེས་པ་ཅིར་འགྱུར་ཞེ་ན། དེ་མ་ཟོས་པའི་ཉེས་པར་བྱེད་ཅེས་པ་ཡིན་ཏེ། བསོད་པ་སློང་བའི་ཉེས་པར་སྟོན་པའོ། །སྔ་རོལ་ན་ཡང་གང་ཡང་མ་བོས་པའོ་ཞེས་བ་ཟླ་བ་བཞིའི་ཚེ་སྦྱིན་པར་མ་བྱས་པའི་ཟས་བསླངས་ཏེ་ཟོས་ན་ཡང་བསོད་པ་སློང་ བའི་ཉེས་པར་སྟོན་པའོ། །བོས་པ་ལ་མ་བོས་པར་སྟོན་པའོ།། །།ཇི་ལྟར་བྱས་པས་བསླབ་པ་སྟོན་པ་ལས་བཟློག་པའི་ལྟུང་བར་འགྱུར་ཞེ་ན། འབྲིད་ཅེས་པ་ལ་སོགས་པ་ཡིན་ནོ། །འདུ་ཤེས་བརྩན་པ་གང་ཞེ་ན། མངོན་པར་ཤེས་པ་ཡིན་ནའོ་ཞེས་པ་ཡིན་ཏེ། སློབ་པ་སྟོན་པའི་དགེ་སློང་དེ་ཤེས་པ་དང་ ལྡན་བར་བདག་གིས་ཤེས་ལ་སླར་བཟློག་ན་ཉེས་པར་འགྱུར་བའོ། །མངོན་པར་ཤེས་པ་སུ་ཞེ་ན། ཟེར་བའོ་ཞེས་པ་ཡིན་ཏེ་གང་སྟོན་ཅིང་སྨྲ་བ་དེ་ལའོ། །ཅི་ལ་མངོན་པར་ཤེས་ཤེ་ན། བསླབ་པའོ་ཞེས་པ་ཡིན་ཏེ། འདུལ་བ་ལས་འབྱུང་བའི་བསླབ་པ་མངོན་པར་ཤེས་པ་ནའོ། །གང་གིས་ལྟུང་བར་ བྱེད་ཅེ་ན། དགེ་སློང་གིས་འདིར་བསླབ་པར་གྱིས་ཤིག་ཅེའམ། ཐོན་ཅིག་ཅེས་ཟེར་ན་མི་སློབ་བོ་ཞེས་ཉན་དུ་མི་ཐུབ་པས་བསྒོ་བ་ལ་མི་ཤེས་པར་ཁ་ཙས་ཟེར་ཞིང་བརྙས་པར་བྱེད་པའོ་ཞེས་པ་ཡིན་ཏེ་དགེ་སློང་ཕ་རོལ་པོས་ཚིག་འདི་སྐད་དུ་བསྟན་ན་ཆ་ཉན་དུ་མི་རུང་བས་ཁ་ཙས་ཟེར་ན་ལྟུང་བར་སྟོན་པའོ། ། མདོའི་ལ་ནི་ཉེས་བྱས་ཞེས་པ་ནི་མདོ་ལས་འབྱུང་བའི་བསླབ་པ་ཤེས་པ་ལ་ཁ་ཙས་ཟེར་ན་ཉེས་བྱས་སུ་སྟོན་པའོ། །བསླབ་པ་སྟོན་པ་ལས་བཟློག་པའོ།། །།ཇི་ལྟར་བྱས་པས་ཉན་པའི་ལྟུང་བར་འགྱུར་ཞེ་ན། དགེ་སློང་གཉིས་རྩོད་པའི་ཕྱིར་དགེ་སློང་དག་གྲོས་བྱེད་པ་ལ་ཞི་བར་འདོད་པ་མ་ཡིན་པར་ཉན་ ནའོ་ཞེས་པ་ལ་སོགས་པ་ཡིན་ཏེ། དགེ་སློང་རྩོད་པ་སྡུམ་པའི་གྲོས་བྱེད་པ་ལ་ཞི་བར་འདོད་པ་མ་ཡིན་པས་ཉན་ན་ལྟུང་བར་སྟོན་པའོ། །ཇི་ལྟར་ཉན་པ་ལས་ཉེས་པའི་རིམ་པར་འགྱུར་ཞེ་ན། ཚིག་གི་ཉི་ཚེ་ཐོས་པ་ནི་ཉེས་མེད་ཤེས་པ་དང་། དོན་ནི་རྩ་བའོ་ཞེས་པ་ཡིན་ཏེ་དོན་མ་ཐོས་ལ་ཚིག་ཐོས་པ་དང་དོན་ ཉིད་ཐོས་ན་ཉེས་བྱས་དང་ལྟུང་བར་སྟོན་པའོ། །མཉན་ཏོ་ཅོག་གིས་ཉེས་པར་འགྱུར་རམ་ཞེ་ན། ཅི་ནས་དཀྲུགས་པར་བརྟུལ་ནའོ་ཞེས་པ་ཡིན་ཏེ། དཀྲུགས་པའི་ཚད་དུ་མཉན་ན་གདོད་ཉེས་པར་འགྱུར་བའོ། །དོན་གཞན་གྱི་ཆེད་དང་དབང་གིས་སྟེང་དུ་འབབ་པ་ལྟ་ན་འཕྲིགས་མ་ཐག་ཏུ་ཏིང་སྒྲའམ། སེ་གོལ་ ལམ། ལུད་པ་བསྩལ་བ་ལ་སོགས་པའི་སྒྲས་མ་སྦྲན་ཏམ། མ་འཕྲིགས་སམ། ཞི་བའི་ཕྱིར་མ་ཡིན་ན་ཡང་ལྟུང་བ་གདོན་མི་ཟ་བར་བྱེད་ཅེས་པ་ནི་ཆེད་དུ་མཉན་པར་མ་བྱས་སམ་གྲོས་བྱེད་པར་མ་འཕྲིགས་སམ། སྡུམ་བར་དགའ་བ་མ་ཡིན་བས། གྲོས་བྱེད་པའི་སྟེང་དུ་བབ་ན་ཡང་ལྟུང་བར་སྟོན་པའོ། །འཐབ་པ་ མི་སྦེད་ཅེས་པ་ནི་འཐབ་གཅུགས་མ་བྱེད་ཅིག་པའོ། །མི་མཉན་ཞེས་པ་ནི་འཐབ་པ་ལ་ཉན་ཀྱང་མཉན་ཅིག་པའོ། །འདི་བསྐོར་ལ་འདུག་པར་མི་བྱ་ཞེས་པ་ནི་འཐབ་པ་དེའི་མཐའ་བསྐོར་ལ་འཁོད་པ་ལྟ་བུ་མ་བྱེད་ཅིག་པའོ། །གཅུགས་པའི་ནན་ཏན་མི་བྱ་བ་མ་ཡིན་ཞེས་པ་ནི་འཐབ་པ་གཅུགས་པའི་ནན་ཏན་མ་ཆུད་ ཤིག་པའོ། །མཉན་བར་གཏོགས་པའོ།། །།ཇི་ལྟར་བྱས་པས་ཚོགས་པ་འཇིག་པའི་ལྟུང་བར་འགྱུར་ཞེ་ན། །གསོལ་བ་ལ་སོགས་པའི་ལས་ལ་འདུས་པ་ལས་དགེ་སློང་ལ་མ་བྱས་པར་སོང་ནའོ་ཞེས་པ་ལ་སོགས་པ་ཡིན་ཏེ་དགེ་འདུན་གསོལ་བ་ལ་སོགས་པའི་ལས་བྱེད་པའི་ནང་དུ་བདག་ཀྱང་འོངས་པ་ལས་དགེ་སློང་ གཞན་ལ་མ་བྱས་པར་དེའི་ནང་ནས་བྱུང་སྟེ། གུད་དུ་སོང་ན་ལྟུང་བར་འགྱུར་བའོ། །ཇི་ཙམ་དུ་སོང་བས་ལྟུང་བར་འགྱུར་ཞེ་ན། ཐོས་པའི་ཉེ་འཁོར་ལས་འདས་ན་རྩ་བའོ་ཞེས་པ་ཡིན་ཏེ་ལས་བྱེད་པའི་ཐ་སྙད་མི་ཐོས་པར་ཐལ་ན་གདོད་ཉེས་པར་འགྱུར་བའོ། །སྔ་རོལ་ཉེས་བྱས་ཞེས་པ་ལ། ཐོས་པ་ལས་མ་འདས་ པ་ཚུན་ཆད་ཉེས་བྱས་སུ་འགྱུར་བའོ། །རིགས་པའི་དོན་མེད་པར་སོང་ནའོ་ཞེས་པ་ནི་རིགས་པའི་དོན་ཆེད་མེད་པར་སོང་ན་དགེ་སློང་གཞན་ལ་མ་བྱས་ཏེ་སོང་ཡང་ཉེས་པར་མི་འགྱུར་བའོ། །གསོལ་བ་བྱས་ཏེ་ནའོ་ཞེས་པ་ནི་གསོལ་བ་བྱས། ལས་ནི་མ་བྱས་པའི་སྐབས་སུ་སོང་ན་ཉེས་བྱས་སུ་འགྱུར་བའོ། །ཆོས་ མ་ཡིན་པའི་ལས་ནའོ་ཞེས་པ་ནི་དགེ་འདུན་ལས་མི་རིགས་པ་བྱེད་པའི་ནང་ནས་གུད་དུ་སོང་ན་ཡང་ཉེས་བྱས་སུ་འགྱུར་བའོ། །ཐོས་པའི་ཕྱོགས་འདའ་བར་མི་འདོད་ན་ཉེས་མེད་ཅེས་པ་ནི་དགེ་འདུན་ལས་བྱེད་པའི་ཐ་སྙད་ཀྱང་ཟླ་ལ་ཉན་བཞིན་དུ་གྲལ་ནས་འཕགས་པ་ཙམ་ནི་ཉེས་མེད་པར་སྟོན་པའོ། ། ཚོགས་པ་འཇིག་པའོ།། །།ཇི་ལྟར་བྱས་པས་མ་གུས་པའི་ལྟུང་བར་འགྱུར་ཞེ་ན། འདུག་སོང་། མལ་ཆ་དང་། གནས་ཁང་ནོས་སྨྲོས་ཞེས་པ་དང་། དེ་ལས་བཟློག་པ་ལ་སོགས་པའི་དོན་སྟོན་ན་ཆོས་ཀྱི་སྙད་མེད་ཅིང་མ་གུས་པར་འགལ་བ་བྱེད་ནའོ་ཞེས་པ་ལ་སོགས་པ་ཡིན་ཏེ། འདུག་སོང་ཞེའམ་མ་ འདུག་མ་འགྲོ་ཞེས་པ་ལ་སོགས་པ་ཚུས་སྙད་པའི་དོན་བཞིན་དུ་མ་བྱེད་ཅིག །རྣེགས་པའམ་མ་གུས་པར་བྱེད་ན་ལྟུང་བར་འགྱུར་བའོ། །དགེ་སློང་གི་དགེ་འདུན་གྱིས་ན་རྩ་བའོ་ཞེས་པ་ནི་དགེ་འདུན་གྱིས་བསྒོ་བའི་བཀའ་བཅག་ན་ལྟུང་བར་འགྱུར་བའོ། །མཁན་པོ་དང་སློབ་དཔོན་གྱིས་ན་ཉེས་བྱས་ཞེས་པ་ ནི་མཁན་པོ་དང་སློབ་དཔོན་གྱི་ངག་བཅག་ན་ཡང་ཉེས་བྱས་སུ་འགྱུར་བའོ། །ཆོས་མ་ཡིན་པ་བསྒོ་བ་ཡང་ངོ་ཞེས་པ་ནི་མི་རིགས་པ་བསྒོ་བ་མ་མཉན་ན་ཡང་ཉེས་བྱས་སུ་འགྱུར་བའོ། །གཏམ་གྱི་བར་དུ་གཅོད་པ་ཡང་དེ་བཞིན་ཞེས་པ་ནི་མཁན་པོ་དང་དགེ་འདུན་ལྟ་བུ་ལ་སོགས་པ་བཙུན་པ་གཏམ་ཟེར་བའི་བར་དུ་གཅོད་ན་ ཡང་ངག་བཅག་པ་དང་འདྲ་བས། ལྟུང་བ་ལ་སོགས་པའི་རིམ་པ་བཞིན་དུ་ཉེས་པར་འགྱུར་བའོ། །དགེ་འདུན་གྱིས་བསྐོས་པའི་སྣ་བོ་ཡང་ངོ་ཞེས་པ་ནི་དགེ་འདུན་གྱིས་ལས་སུ་བསྐོས་པའི་དགེ་སློང་གི་ངག་བཅག་ན་ཡང་དགེ་འདུན་གྱི་བཀའ་བཅག་པ་དང་འདྲ་བར་སྟོན་པའོ། །སངས་རྒྱས་ནི་དགེ་འདུན་བཞིན་ཞེས་པ་ ནི་ཕྲན་ཚེགས་འདི་དག་ཙམ་གྱི་ཚོད་བཅོམ་ལྡན་འདས་ཀྱིས་གསུངས་པ་མི་རིགས་སོ་ཞེས་སངས་རྒྱས་ཀྱི་བཀའ་བཅག་ན་ཡང་ལྟུང་བར་སྟོན་པའོ། །རྒྱལ་པོ་དང་དགྲ་བཅོམ་པ་དང་དགེ་འདུན་གྱི་གནས་བརྟན་གྱི་ངག་མི་བཅག་ཅེས་པ་ནི་འདི་དག་གི་ངག་མ་གཅོག་ཤིག་པའོ། །མ་གུས་པར་གཏོགས་པའོ།། །།ཇི་ལྟར་ བྱས་པས་ཆང་འཐུང་བའི་ལྟུང་བར་འགྱུར་ཞེ་ན། མྱོས་པར་འཐུང་ནའོ་ཞེས་པ་ལ་སོགས་པ་ཡིན་ཏེ། ར་རོ་བར་འཐུང་བར་འགྱུར་ན་ལྟུང་བར་སྟོན་པའོ། །བསྐོལ་ན་དེ་ལས་ཉམས་སོ་ཞེས་པ་ནི་བསྐོལ་ན་དེའི་རོ་ཉམས་པར་སྟོན་པའོ། །སྦང་མ་དང་ཚིགས་མ་ཟོས་ན་དེར་གཏོགས་སོ་ཞེས་པ་ནི་སྦང་མ་དང་རྒུན་ཆང་གི་ ཚིགས་མ་ཟོས་ན་ཡང་ལྟུང་བར་འགྱུར་བའོ། །ཕབས་ནི་ཕྱེད་དོ་ཞེས་པ་ནི་ཕབས་ཟོས་ན་ཉེས་བྱས་སུ་འགྱུར་བའོ། །མྱོས་པར་འགྱུར་བའི་རྩ་བ། སྡོང་པོ། འདབ་མ་མེ་ཏོག །འབྲས་བུ་རྣམས་ཀྱང་ངོ་ཞེས་པ་ནི། ར་རོ་བར་འགྱུར་བའི་རྩ་བ་ལ་སོགས་པ་ཟོས་ན་ཡང་ཉེས་བྱས་སུ་སྟོན་པའོ། །འཐུང་བ་ཆང་གི་ དྲི་དང་རོ་ནི་ཡོད་ལ་མྱོས་པར་མི་འགྱུར་བ་ཡང་ངོ་ཞེས་པ་ནི་མྱོས་པར་ནི་མི་འགྱུར་ལ་ཆང་གི་དྲི་དང་རོ་ནི་ཡོད་པ་འཐུངས་ན་ཡང་ཉེས་བྱས་སུ་འགྱུར་བའོ། །ཁ་དོག་ཙམ་གྱི་ཚོད་ཆང་དང་འདྲ་བ་ནི་ཉེས་མེད་ཅེས་པ་ནི་རྒུན་ཆུ་ལ་སོགས་པ་འདི་ལྟ་བུ་འཐུངས་ན་ཉེས་མེད་པའོ། །མཁུར་བར་འཇོག་པ་དང་ཡན་ལག་འཁྲུ་བ་ ནི་སྦྱོར་བ་བཞིན་ཞེས་པ་ནི་ཆང་མཁུར་བ་ན་འཇོག་པ་ཆང་གིས་ཡན་ལག་བཀྲུ་བ་ནི་ཉེས་བྱས་སུ་འགྱུར་བའོ། །ནད་པ་ནི་ཉེས་མེད་ཅེས་པ་ནི་ནད་པས་གོང་མ་ལྟར་བྱས་པ་ནི་ཉེས་མེད་པའོ། །ཆང་འཐུང་བའོ།། །།ཇི་ལྟར་བྱས་པས་དུས་མ་ཡིན་པར་འགྲོ་བའི་ལྟུང་བར་འགྱུར་ཞེ་ན། འབྲིད་ཅེས་པ་ལ་སོགས་ པ་ཡིན་ནོ་འད