Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 164

Văn bản gốc(Tây Tạng)

Trang 8 / 18 (50.000 ký tự/trang)
་ཞེ་ན། ནན་ཏན་ཕུན་སུམ་
ལྡན་པས་སོ་ཞེས་པ་ཡིན་ཏེ་ཚུལ་ཁྲིམས་ལ་སོགས་པའི་ནན་ཏན་གྱིས་དགྲ་བཅོམ་པ་ལ་སོགས་པའི་ཕུན་སུམ་ལྡན་པ་གྲུབ་པ་སྐད་དུ་ཟེར་བའོ། །དེའི་ཐོས་པས་ན་ཡང་ངོ་ཞེས་པ་ནི་ནན་ཏན་དེའི་རྒྱུ་མང་དུ་ཐོས་པ་དང་ལྡན་པར་བསྔགས་ན་ཡང་ཉེས་པར་འགྱུར་བའོ། །ཇི་ལྟར་བྱས་པས་ཁ་ཟས་ཀྱི་
ཉེས་པར་འགྱུར་ཞེ་ན། ཟོས་ནའོ་ཞེས་པ་ཡིན་ཏེ་ཟོས་ན་གདོད་ཉེས་པར་འགྱུར་བའོ། །ཟ་བའི་མཚན་ཉིད་སྟོན་པ་ནི་དེ་མིད་ནའོ་ཞེས་པ་ཡིན་ཏེ་སྣ་དང་རྣ་བར་བླུགས་པ་མ་ཡིན་གྱི་གྲེ་བར་མིད་ན་གདོད་ཉེས་པར་འགྱུར་བའོ། །གཞན་གྱི་ཕྱིར་བ་ནི་འབྲི་བར་བྱེད་ཅེས་པ་ནི་དགེ་སློང་མས་གཞན་སྦྱིན་
བར་བཤམས་ཏེ་སྦྱོར་དུ་བཅུག་པར་བདག་གིས་ཤེས་བཞིན་དུ་ཟོས་ན་ཉེས་བྱས་སུ་འགྱུར་བར་སྟོན་པའོ། །བསོད་སྙོམས་ལ་ཞུགས་པ་བྱིན་ཞེས་ཟེར་བ་ཡང་ངོ་ཞེས་པ་ནི་དགེ་སློང་ཁྱིམ་པའི་གོར་བསོད་སྙོམས་ལ་འོངས་པ་དང་། དགེ་སློང་མ་དེ་ན་འདུག་པ་ན་རེ་འདི་ལ་ཕུལ་བྱིན་ཞེས་ཟེར་བ་
བསླངས་ཏེ་ཁྱེར་ན་ཉེས་བྱས་སུ་འགྱུར་བའོ། །སྦྱོར་དུ་བཅུག་པ་ཟོས་པའོ།། །།ཡང་ཡང་ཟ་བའི་ལྟུང་བ་སྟོན་པར་འདོད་པ་ནི། ཟས་ཀྱི་ཕྱིར་འབོད་ན་ཁྱིམ་པའི་དེར་ཡང་ཁས་བླང་ཞེས་པ་ནི་གོས་ལ་སོགས་པ་གཞན་གྱི་ཕྱིར་མ་ཡིན་ཏེ་ཟས་ཀྱི་ཕྱིར་འབོད་ན་གཙུག་ལག་ཁང་དུ་འགྲོ་

བ་ལྟ་ཅི་སྨོས་ཀྱི་ཁྱིམ་པའི་དེར་ཡང་སོང་ཤིག་པའོ། །མི་སྔ་བར་འདུ་ཤེས་པར་བྱ་སྟེ་འཇུག་ཅེས་པ་ནི་ཁྱིམ་པའི་དེར་མགྲོན་དུ་འགྲོ་བ་ཡང་མ་སྔ་བར་གདུགས་ཚོད་ཀྱི་ཚེ་ཁོ་ནས་སོང་ཤིག་པའོ། །དགེ་འདུན་ཕལ་ཆེར་འདོང་ན་ཇི་ལྟར་བྱ་ཞེ་ན། གཎྜཱི་བརྡུངས་ནས་སོ་ཞེས་པ་
ཡིན་ཏེ་གཎྜཱིས་བསྡུས་ལ་སྔ་ཕྱི་མ་ཁྱེར་བར་དེང་ཤིག་པའོ། །དེ་ཉིད་ཀྱི་འཁོར་ལ་བརྟག་ཅེས་པ་ནི་བདག་གི་སློབ་མ་དང་ཉེ་གནས་ཚང་ངམ་མ་ཚང་བ་རྟོགས་ཤིག་པའོ། །གནས་བརྟན་གྱི་ནི་འོངས་པའོ་ཞེས་པ་ནི་གནས་བརྟན་གྱི་ནི་གུད་ནས་འོངས་པའི་དགེ་སློང་གི་ཞལ་ཏ་དང་མདོངས་སོལ་གྱིས་
ཤིག་པའོ། གྱི་ན་ཟན་གཅད་པར་མི་བྱ་ཞེས་པ་ནི་ནད་པ་ལ་སོགས་པའི་རྐྱེན་མེད་པར་ཁྲོས་པ་ལ་སོགས་པའི་དབང་གིས་ཟན་མ་བཅད་ཅིག་པའོ། །སྐོམ་གྱི་ཕྱིར་གསོལ་ན་བསྡད་ཅེས་པ་ནི་ཡོན་བདག་ན་རེ་གུད་སྐྱེམས་གསོལ་ཏེ་གཤེགས་ཞེས་ཟེར་ན་དེའི་ཡིད་དང་སྦྱོར་ལ་སྡོད་ཤིག་པའོ། །ཇི་ལྟ་
བུའི་ཡང་ཡང་ཟོས་པའི་ལྟུང་བར་འགྱུར་ཞེ་ན། མཉམ་པའམ་སྔ་ཕྱིར་གོས་ཀྱི་རྙེད་པ་མེད་ལ་གཉིས་པའི་བོས་པར་སོན་ནའོ་ཞེས་པ་ཡིན་ཏེ་གོས་མེད་པའི་ཕེའུ་པ་ཅིག་ཅར་དུ་འོངས་སམ་སྔ་ཕྱིར་འོངས་པ་ལས་གཉིས་ཀ་དགའ་བར་ཁས་བླངས་ལ་ལན་གཉིས་པའི་དེར་སོན་ན་ལྟུང་བར་སྟོན་པའོ། །
ཇི་ལ་བོས་པས་ཤེ་ན། བཟའ་བ་ལའོ་ཞེས་པ་ཡིན་ཏེ་བཅའ་བ་མ་ཡིན་ཏེ་བཟའ་བ་ལ་བོས་ནའོ། །དེའང་ཇི་ལྟ་བུ་ཞེ་ན། ལྔར་གཏོགས་པའོ་ཞེས་པ་ཡིན་ཏེ་བཟའ་བ་ལྔར་གཏོགས་པ་ཡིན་ན་ཉེས་པར་འགྱུར་བའོ། །ལན་གཉིས་པའི་དེར་འོངས་པའོ་ཅོག་ཉེས་པར་འགྱུར་རམ་ཞེ་ན་གཞན་དུའང་འདི་
དག་ཉིད་ནའོ་ཞེས་པ་ཡིན་ཏེ་ལན་གཉིས་པའི་དེར་བོས་པ་ཡང་བཟའ་བའི་ཕྱིར་བོས་ན་གདོད་ཉེས་པར་འགྱུར་བའོ། །ཇི་ལྟ་བུ་ལས་ཉེས་པར་འགྱུར་ཞེ་ན། ནད་པ་མ་ཡིན། ལས་མ་བྱས། ལམ་མ་བགྲོད་ནའོ་ཞེས་པ་ཡིན་ཏེ་རྣམ་པ་འདི་དག་ལྟར་མ་ཡིན་པ་ལས་ཉེས་པར་འགྱུར་བའོ། །ཁས་
བླངས་པ་ནི་ཉེས་བྱས་ཞེས་པ་དང་། ཟོས་ན་ནི་རྩ་བའོ་ཞེས་པ་ནི་ཡང་ཡང་ཁས་བླངས་པ་དང་ཟོས་ན་ཉེས་བྱས་དང་ལྟུང་བར་སྟོན་པའོ། །གོས་ཀྱི་རྙེད་པ་མེད་ན་ཞེས་འབྱུང་བའི་གོས་ཇི་ཙམ་ལ་བྱ་ཞེ་ན། འདིར་ཁྲུ་གང་ཁོར་ཡུག་གི་གོས་མཐར་གྱུར་ཏོ་ཞེས་པ་ཡིན་ཏེ་ཁྲུ་གང་ཁོར་ཡུག་ཡན་ཆད་

གོས་ཀྱི་རྙེད་པར་སྟོན་པའོ། །དཔག་ཚད་ཕྱེད་ཀྱི་ལམ་མོ་ཞེས་པ་ནི་གོང་དུ་ལམ་མ་བགྲོད་ཅེས་པའི་ཚད་ཇི་ཙམ་ཞེ་ན་དཔག་ཚད་ཕྱེད་ཡིན་པར་སྟོན་པའོ། །གཞན་ཡང་ངོ་ཞེས་པ་ནི་ཡང་ཡང་གཞན་པ་སྟེ་འདུས་ཤིང་ཟ་བ་ལ་སོགས་པ་ཡང་དཔག་ཚད་ཀྱི་ཚད་དུ་སྟོན་པའོ། །འདི་འམ་གྲུར་འགྲོ་བའོ་
ཞེས་པ་ནི་ལམ་དུ་འགྲོ་ཡང་རུང་གྲུར་འགྲོ་ཡང་རུང་སྟེ་རྒྱང་གྲགས་ཕྱེད་ཀྱི་ཚད་ཀྱིས་ཟུང་ཤིག་པའོ། །ལས་ཀྱི་མཚན་ཉིད་སྟོན་པ་ནི་རེ་ལྡེ་འམ་བཀོ་ཙམ་གྱི་ཕྱག་དར་དང་བྱུག་པ་ནི་ལས་སོ་ཞེས་པ་ཡིན་ཏེ་འདི་དག་ཙམ་གྱི་ཚོད་བྱས་ན་ལས་བྱས་པར་སྟོན་པའོ། །དེའང་གང་གི་ཕྱིར་ཞེ་ན། འདི་
ནི་དགེ་འདུན་གྱིའམ་མཆོད་རྟེན་གྱི་ནའོ་ཞེས་པ་ཡིན་ཏེ་དགེ་འདུན་གྱི་མཆོད་རྟེན་གྱི་ཕྱིར་གོང་མ་ལྟར་བྱས་ན་གདོད་ལས་སུ་ཆུད་པར་སྟོན་པའོ། །ནད་པ་ཞེས་སྨྲས་པ་ཇི་ཙམ་ལ་བྱ་ཞེ་ན། ནད་པའི་ཚད་ནི་མི་ནུས་པའོ་ཞེས་པ་ཡིན་ཏེ་ཟན་ལན་ཅིག་གིས་མི་ཆོག་པ་ཙམ་གྱི་ནད་པ་ཞིག་ཡིན་ན་ནད་
པར་ཆུད་དོ་བར་སྟོན་པའོ། །ནར་མ་ནི་བོས་པ་མ་ཡིན་ཞེས་པ་ནི་ཟས་ནར་མ་བོས་པར་མ་གཏོགས་པས་ན། ཡང་ཡང་གི་གྲངས་སུ་ནར་མར་ཟོས་པ་མི་གཞུག་པར་སྟོན་པའོ། །ལམ་ཡོངས་ཀྱི་ཡང་ངོ་ཞེས་པ་ནི་མགྲོན་དུ་བོས་པའི་ལམ་ཡོངས་སུ་སྤྱན་གཟིགས་ལ་སོགས་པ་ཅུང་ཟད་ཙམ་
ཞིག་འདིར་གསོལ་ལ་གདུགས་ཚོད་ཉིད་གར་སྤྱན་དྲངས་པར་གསོལ་ཞེས་ཟེར་བ་ལྟ་བུ་ནི་ཡོ་ལང་ལྟོག་མོ་ཞིག་ཏུ་བཤམས་པ་ཟོས་ཀྱང་ཉེས་མེད་པར་སྟོན་པའོ། །ཀུ་རེ་བྱེད་པ་ནི་ཡོད་པ་མ་ཡིན་ཞེས་པ་ནི་སྔར་ཀུ་རེ་བྱས་ཏེ་བོས་པའི་འོག་ཏུ་གུད་དུ་ཟོས་པ་ནི་སྔ་མ་དངོས་སུ་ཡོད་པ་ཡིན་པས་ན་ཉེས་
པ་མེད་པར་སྟོན་པའོ། །དགེ་འདུན་དེའི་ཕྱིར་མ་ཡིན་ནའོ་ཞེས་པ་ནི་དགེ་སློང་བདག་གི་ཕྱིར་དགེ་འདུན་སྤྱན་དྲངས་པ་མ་ཡིན་ཏེ་བདག་ཀྱང་དགེ་འདུན་སྤྱིས་སྤྱན་དྲངས་པའི་ཁྱུ་རླབས་ཙམ་དུ་ཟད་ན་ནི་ཡང་ཡང་ཟོས་ཀྱང་ཉེས་མེད་པར་སྟོན་པའོ། །ལྔ་པོ་གཞན་ལ་བྱིན་ན་ཡང་ངོ་ཞེས་པ་ནི་ཡང་ཡང་དུ་
བོས་པ་དགེ་སློང་ཕ་དང་། དགེ་སློང་མ་དང་དགེ་སློབ་མ་དང་། དགེ་ཚུལ་ཕ་དང་དགེ་ཚུལ་མ་ལྔ་ལ་བྱིན་ཞིང་བཤུགས་པའང་རུང་བར་སྟོན་པའོ། །དེ་ནི་ཆོས་སོ་ཞེས་པ་ནི་དེ་ལྟར་བཤུགས་ཤིང་བྱིན་པ་རིགས་སོ་བར་སྟོན་པའོ། །གཞན་བླངས་ཏེའོ་ཞེས་པ་ནི་ཡང་ཡང་གི་ཟས་བླངས་ནས་གཞན་

ན་ཡང་ཉེས་མེད་པར་སྟོན་པའོ། །མུ་གེའི་ཚེ་བོས་སོ་ཅོག་བདག་གིར་བྱ་ཞེས་པ་ནི་མུ་གེ་བྱུང་བའི་ཚེ་བོས་སོ་ཅོག་བདག་གིར་བྱས་ཀྱང་ཡང་ཡང་གི་ཉེས་མེད་པར་སྟོན་པའོ། །ཟོས་ཀྱང་ངོ་ཞེས་པ་ནི་མུ་གེའི་ཚེ་རྙེད་དོ་ཅོག་ཟོས་ཀྱང་ཉེས་མེད་པར་སྟོན་པའོ། །བྱིན་པ་ཡང་ངོ་
ཞེས་པ་ནི་མུ་གེའི་ཚེ་རྙེད་དོ་ཅོག་གུད་དུ་བཤུགས་ཀྱང་བླ་བར་སྟོན་པའོ། །དེ་ལྟར་གཞན་ལ་བྱིན་ཞིང་བཤུགས་སུ་ཡོན་བདག་མི་དགའ་ན་ཐབས་ཇི་ལྟར་བྱ་ཞེ་ན། སྦྱིན་བདག་མི་དགར་དོགས་ན་ཁམ་གཉིས་གསུམ་ཟོས་པའི་འོག་ཏུ་དགེ་སློང་འདི་ཟས་ཀྱི་ཕོངས་པ་ལ་བདག་གིས་བཤུགས་ཀྱིས་
ཁྱིམ་བདག་རྗེས་སུ་ཡི་རང་བར་གྱིས་ཤིག་ཅེས་འདུན་པར་བྱ་བ་ཞེས་པ་ཡིན་ཏེ་ཐབས་འདི་ལྟར་གྱིས་ལ་གྲོགས་ཟས་ཀྱིས་བྲེལ་བ་ལ་བཤུགས་ཤིག་པའོ། །ཡང་ཡང་ཟ་བའོ།། །།གནས་སྤྱོད་པའི་ལྟུང་བ་སྟོན་པར་འདོད་པ་ནི། ཆོས་འདི་པས་མ་ཡིན་ཁྱིམ་པའི་བདག་པོ་དང་བཅས་རབ་ཏུ་འབྱུང་
དགུའི་མ་ཡིན་པ་གནས་སོ་ཞེས་པ་ལ་སོགས་པ་ཡིན་ཏེ། གནས་དེ་བདག་ཅག་གི་རབ་ཏུ་བྱུང་བ་རྣམས་ཀྱི་ཕྱིར་བརྩིགས་པའང་མ་ཡིན། རབ་ཏུ་བྱུང་དགུའི་ཕྱིར་བརྩིགས་པའང་མ་ཡིན་ཏེ་མུ་སྟེགས་པའི་རབ་ཏུ་བྱུང་བ་རྣམས་ཀྱི་ཕྱིར་བརྩིགས་པ་ལ་ཁྱིམ་པའི་བདག་པོ་དང་ཡང་བཅས་པ་
ཉེས་པར་འགྱུར་བར་སྟོན་པའོ། །གང་ཟག་ལྟ་བུ་ལ་ཉེས་པར་འགྱུར་ཞེ་ན། ནད་པ་མ་ཡིན་པ་དང་སྦྱིན་བདག་གིས་མ་ཉེས་ནའོ་ཞེས་པ་ཡིན་ཏེ་ནད་པའང་མ་ཡིན་སྦྱིན་བདག་གིས་ཀྱང་མ་བོས་ན་གདོད་ཉེས་པར་འགྱུར་བའོ། །བསླབ་པ་འདི་ལ་ཇི་ལྟར་བྱས་པས་ཅི་འདྲ་བའི་ཉེས་པར་འགྱུར་
ཞེ་ན། ཟོས་ནས་དེའི་ཟ་བ་ན་རྩ་བ་ཞེས་པ་དང་། ལོན་ནས་འདུག་ན་ཉེས་བྱས་ཞེས་པ་ཡིན་ཏེ་ལན་གཉིས་སུ་ཟོས་ན་ལྟུང་བ་དང་། ཞག་གཉིས་སུ་འདུག་ན་ཉེས་བྱས་སུ་སྟོན་པའོ། །བདག་པོ་མེད་ན་ཡང་ངོ་ཞེས་པ་ནི་བདག་པོ་མེད་པའི་འོག་ཏུ་ལན་གཉིས་ཟོས་ན་ཉེས་བྱས་སུ་སྟོན་པའོ། །
འདིར་འདིའི་རབ་ཏུ་བྱུང་བ་མུ་སྟེགས་པ་བཞིན་ཞེས་པ་ནི་མུ་སྟེགས་པའི་རབ་ཏུ་བྱུང་བས་བརྩིགས་པར་ལན་གཉིས་སུ་ཟོས་ནའང་ཉེས་བྱས་ལས་མེད་པ་བཞིན་དུ་བདག་གིས་རབ་ཏུ་བྱུང་བས་བརྩིགས་པར་ལན་གཉིས་ཟོས་ནའང་ཉེས་བྱས་སུ་འགྱུར་བར་སྟོན་པའོ། །གཉེན་ཡང་ངོ་

ཞེས་པ་ནི་གཉེན་གྱིས་བརྩིག་པར་ལན་གཉིས་ཟོས་ནའང་ཉེས་བྱས་སུ་འགྱུར་བར་སྟོན་པའོ། །དེ་བཞིན་དུ་བཟའ་བ་མ་ཡིན་གྱི་བཅའ་བ་ཟོས་ན་ཉེས་བྱས་སུ་འགྱུར་བར་སྟོན་པའོ། །གནས་སྤྱོད་པའོ།། །།ལྷུང་བཟེད་གཉིས་གསུམ་ལས་ལྷག་པར་བླངས་པའི་ལྟུང་བ་སྟོན་པར་
འདོད་པ་ནི། བསྟབས་པ་ཞེས་པ་ཡིན་ཏེ་བོས་ཤིང་བདར་བའང་ཡིན་ནོ། །ཇི་ལྟར་བསྟབས་ཤེ་ན། མ་བཅད་པ་ཞེས་པ་ཡིན་ཏེ་འདི་ཙམ་ཁྱེར་ཅིག་ཅེས་སྤགས་པོར་མ་བཅད་ན་ཉེས་པར་འགྱུར་བའོ། །ཁྱིམ་པས་བསྟབས་སོ་ཅོག་ལས་ཉེས་པར་འགྱུར་རམ་ཞེ་ན། ཇི་བདེར་
མ་བྱས་ནའོ་ཞེས་པ་ཡིན་ཏེ་བསྟབས་སུ་ཟིན་ཀྱང་ཅི་འདོད་པ་ཁྱེར་ཅིག་ཅེས་མི་ཟེར་ན་ཉེས་པར་འགྱུར་བའོ། །རབ་ཏུ་བྱུང་བས་བསོད་སྙོམས་བསྟབས་པ་ལས་ཀྱང་ཉེས་པར་འགྱུར་རམ་ཞེ་ན། ཁྱིམ་པ་ཡིན་ནའོ་ཞེས་པ་ཡིན་ཏེ་སྟོབས་པ་ཁྱིམ་པ་ཡིན་ན་གདོད་ཉེས་པ་རངས་
པར་འགྱུར་བའོ། །ཟས་ཇི་ཙམ་གྱིས་ཉེས་པར་འགྱུར་ཞེ་ན། ཚོད་མ་མ་གཏོག་པར་འབྲས་ཡུལ་མ་ག་དྷཱའི་ཕུལ་ཕྱེད་དང་ལྔ་བཙོས་པ་རྙེད་ཀྱི་ཕུལ་ཚད་ལས་ལྷག་པར་གྲོགས་ཀྱི་སྐལ་ཤས་དང་བཅས་པའི་བསོད་སྙོམས་ནའོ་ཞེས་པ་ཡིན་ཏེ་ཚོད་མ་མ་གཏོགས་པར་འབྲས་སྐམ་ཡུལ་
མ་ག་དྷཱའི་ཕུལ་ཕྱེད་དང་ལྔ་བཙོས་པ་ལས་ལྷག་པར་བདག་ཉི་ཚེའི་ཕྱིར་རམ་གྲོགས་ཀྱི་སྐལ་ཤས་དང་བཅས་པར་བླངས་ན་ཉེས་པར་འགྱུར་བའོ། །དེའང་ཇི་ལྟར་བྱས་པས་ཉེས་པར་འགྱུར་ཞེ་ན། ཟོས་ནའོ་ཞེས་པ་ཡིན་ཏེ་མགྲིན་པར་མིད་དེ་ཟོས་ན་གདོད་ཉེས་པར་འགྱུར་བའོ། །ཟོས་སོ་
ཅོག་ལས་ཉེས་པར་འགྱུར་རམ་ཞེ་ན། མནོས་ནའོ་ཞེས་པ་ཡིན་ཏེ་དེ་ཉིད་དུ་ཟོས་པ་མ་ཡིན་གྱི་མནོས་ནས་ཟོས་ན་གདོད་ཉེས་པར་འགྱུར་བའོ། །འདིར་ཉེས་བྱས་ཞེས་པ་ནི་མནོས་ན་ཉེས་བྱས་སུ་འགྱུར་བར་སྟོན་པའོ། །གཞན་གྱིས་བྱས་པ་ཡང་ངོ་ཞེས་པ་ནི་གཞན་མནོད་དུ་བཅུག་སྟེ།
ཟོས་ན་ཡང་ཉེས་བྱས་སུ་འགྱུར་བར་སྟོན་པའོ། །གཞན་དུ་ན་ཉེས་མེད་ཅེས་པ་ནི་མ་མནོས་ཏེ་དེ་ཉིད་དུ་ཟོས་ན་ཡང་ཉེས་མེད་པར་སྟོན་པའོ། །སྐམ་ཡང་ངོ་ཞེས་པ་འབྲས་སྐམ་དུ་མནོས་ན་ཚད་གོང་དུ་སྨོས་པ་ལས་ལྷག་པར་ཁྱེར་ཡང་འདིའི་སྐབས་སུ་ཉེས་མེད་པར་སྟོན་པའོ། །གལ་ཏེ་

མནོས་པ་ལས་ལྷག་ན་དགེ་སློང་ལ་བགོ་ཞེས་པ་ནི་ཚད་གོང་དུ་བསྟན་པ་ལས་མ་ལྷག་པ་ནི་མནོས་ལ་བདག་གིས་མི་ཡོག་ན་མ་དོར་བར་དགེ་སློང་གཞན་ལ་བགོ་ཤིག་པའོ། །ལྷུང་བཟེད་གཉིས་གསུམ་གང་བ་ལས་ལྷག་པར་མནོས་པའོ།། །།ཟས་བཏང་བ་ལས་སླར་
ཟ་བའི་ལྟུང་བ་སྟོན་པ་ནི། འགྲངས་ཀྱི་བར་དུ་བཟའ་ཞེས་པ་ལ་སོགས་པ་ཡིན་ཏེ་ནམ་བཀྲེས་པ་ཡིན་གྱི་བར་དུ་ཟོས་ཤིག་པའོ། །ཟས་བརྩམས་ནས་མི་ལྡང་། ཞེས་པ་ནི་གྲལ་དེ་ཁོ་ནར་བཟའ་བར་བརྩམས་ནམ་ལྡང་ཤིག་པར་སྟོན་པའོ། །བརྩམས་པ་དེའི་མཚན་ཉིད་སྟོན་པ་ནི། ཚྭ་ཡན་
ཆད་གང་ཅིའང་རུང་སྟེ་བཟའ་བར་བླངས་པ་ཇི་ཙམ་ཇི་རྙེད་པ་དེའི་རྣམ་པའོ་ཞེས་པ་ནན་ཏེ་ཚྭ་ཙམ་ཡན་ཆད་བླངས་ན་དེས་བརྩམས་པར་གྱུར་ཏོ་བར་སྟོན་པའོ། །འོག་ནས་འབྲིང་བཏང་བ་དང་ལྷག་མ་བྱས་ནའོ་ཞེས་འབྱུང་བས་ན། བཏང་བ་དང་ལྷག་མ་ཇི་ལྟར་བྱ་བའི་མཚན་ཉིད་སྟོན་པ་ནི།
གནས་ལས་འཕགས་ན་བཏང་བའི་ཞེས་པ་ལ་སོགས་པ་ཡིན་ཏེ་གནས་གང་ཡིན་པ་ལས་ལངས་ན་བཏང་བའོ། །དེའང་གང་ཞེ་ན། འདུག་ནས་སོ་ཞེས་པ་ཡིན་ཏེ་འདུག་པའི་གནས་ནས་ལངས་ནས་གདོད་ཉེས་པར་འགྱུར་བའོ། །འདུག་གོ་ཅོག་ལས་སམ་ཞེ་ན། རྩ་བའི་བཅའ་བ་
ལ་སོགས་པའི་ཟས་བརྩམས་པའོ་ཞེས་པ་ཡིན་ཏེ་བཅའ་བ་ལ་སོགས་པའི་ཟས་བརྩམས་པ་ལས་ལངས་ན་གདོད་བཏང་བར་འགྱུར་བའོ། །ལངས་པ་ཉི་ཚེས་བཏང་བར་གྱུར་པ་མ་ཟད་པས་ན། རྩ་བ་དང་སྡོང་བུ་དང་འདབ་མ་དང་མེ་ཏོག་དང་འབྲས་བུའི་བཅའ་བ་དང་ལྟུང་བ་ལས་གཞན་
བ་རུང་བའི་ཟས་མི་རུང་བ་དང་མ་འདྲེས་པ་འབྲིམ་པ་རུང་བའི་ཕྱོགས་ན་འདུག་པ་ལ་བཟློག་པ་བྱས་ནའོ་ཞེས་པ་ཡིན་ཏེ། འདི་དག་ལྟ་བུའི་ཟས་འབྲིམ་པས་ཀྱང་མཉེས་པར་བྱིན་པ་ལས་མི་འདོད་ཅེས་པ་ལ་སོགས་པའི་ཚིག་གིས་བཟློག་ནའང་བཏང་བར་སྟོན་པའོ། །དེ་ལ་
བཟའ་བ་མི་འདོད་ཅེས་བྱས་ན་ནི་བཅའ་བ་ཡང་བཏང་བར་འགྱུར་རོ། །བཅའ་བ་མི་འདོད་ཅེས་བྱས་པ་ནི་བཟའ་བ་བཏང་བར་མི་འགྱུར་བའོ། །མི་འདོད་ཅེས་གསལ་པོར་མ་སྨྲས་ཏེ་དེ་སྒྲུབ་པའི་ཚིག་གཞན་སྨྲ་ནའང་བཏང་བར་འགྱུར་བ་ནི། བྱིན་ཞེ་ན་ཡང་དེའོ་ཞེས་པ་དང་།

སོང་ཞེས་པ་དང་། ཟོས་ཟིན་ཏོ་ཞེས་པ་ཡང་ངོ་ཞེས་པ་རྣམས་ཡིན་ཏེ་སེམས་ཀྱིས་ཀྱང་མི་འདོད་པར་བསམས་ལ་ཕས་བྱིན་པར་བསྟབས་པ་དང་། འོ་ནིར་བྱིན་ཞེས་ཟེར་བ་དང་ཡར་སོང་ཞེས་ཟེར་བ་དང་ཟོས་ཟིན་ཏོ་ཞེས་ཟེར་ན་ཡང་བཏང་བ་ཡིན་ནོ་བར་སྟོན་པའོ། །རེ་ཞིག་ཅེས་པའི་ཚིག་
མ་སྤེལ་ནའོ་ཞེས་པ་ནི་གོང་དུ་སྨོས་པའི་ཚིག་དེ་དག་ལ་རེ་ཞིག་གམ་ཇེ་ཞེས་བྱ་བ་དང་། མ་སྤེལ་བར་སྨྲས་ན་གདོད་གོང་མ་ལྟར་འགྱུར་བའོ། །ཆོག་གོ་ཞེས་པས་ཀྱང་ངོ་ཞེས་པ་འདི་སྐད་དུ་སྨྲས་པས་ཀྱང་བཏང་བར་སྟོན་པའོ། བཏུང་བའི་མཚན་ཉིད་སྟོན་པ་ནི་སྟེང་དུ་ཁ་ཟས་མི་འཆག་
པའི་ཐུག་པ་ཡང་བཏུང་བའོ་ཞེས་པ་དང་སོར་མོ་ལྔ་མི་མངོན་པའི་སྐྱོ་མ་ཡང་ངོ་ཞེས་པ་ཡིན་ཏེ་ཐུག་པ་འདི་ཙམ་གྱི་ཚོད་དང་སྐྱོ་མ་འདི་ཙམ་གྱི་ཚོད་ཀྱང་བཏུང་བའི་ཁོངས་སུ་འགྲེ་བར་སྟོན་པའོ། །གོང་དུ་བྱིན་པ་བཟློག་ན་བཏང་བའོ་ཞེས་སྨོས་པ་དེའི་བྱེ་བྲག་སྟོན་པ་ནི། ཀུ་རེས་ན་བྱིན་ལེན་
མ་ཡིན་ཞེས་པ་ཡིན་ཏེ་ཕས་ཀུ་རེ་བྱེད་པར་དོགས་ནས་མི་འདོད་ཅེས་བཟློག་པ་ལྟ་བུ་ནི་བཏང་བ་མ་ཡིན་བར་སྟོན་པའོ། །བཏང་བའི་མཚན་ཉིད་དེ་ལྟར་བསྟན་ནས་ལྷག་པའི་མཚན་ཉིད་ད་སྟོན་པ་ནི། མཚམས་ཀྱི་ཕྱི་རོལ་དང་མི་འགྲུབ་པའི་ཕྱོགས་དང་མདུན་དུ་མ་བབ་པ་ནི་ལྷག་མ་
བྱས་པར་མི་འགྱུར་རོ་ཞེས་པ་ལ་སོགས་པ་ཡིན་ཏེ་ལྷག་མ་བྱེད་པར་གསོལ་བ་དང་ལྷག་མར་བྱེད་པའི་བར་དུ་ཆུ་ལ་སོགས་པའི་མཚམས་ཀྱིས་ཆོད་དམ་མཐོན་དམན་ཁྱེར་རམ་གཡས་གཡོན་དུ་གྱུར་ན་ལྷག་མ་བྱས་པར་མི་ཆུད་པར་སྟོན་པའོ། །ལག་ཏུ་མ་བླངས་པར་བྱས་ནས་མ་
ཡིན་ཞེས་པ་ནི་ལྷག་མ་བྱ་བའི་ཟས་དེ་ལག་ཏུ་མ་བླངས་པར་ལྷག་མ་བྱས་ན་བྱས་པར་མི་ཆུད་པའོ། །མི་རུང་བ་ལ་མི་བྱ་ཞེས་པ་ནི་ཐུག་ཐུབ་ཏུ་བླངས་པ་ལ་སོགས་པ་མི་རུང་བའི་ཟས་ལ་ལྷག་མ་བྱེད་ཅིག་པར་མི་སྟོན་པའོ། །དེ་དང་འདྲེས་པ་ཡང་ངོ་ཞེས་པ་ནི་ཐུག་ཐུབ་དུ་བླངས་
པ་ལ་སོགས་པའི་མི་རུང་བ་དང་འདྲེས་པ་ཞིག་ན་ཡང་ལྷག་མ་མ་བྱེད་ཅིག་པར་སྟོན་པའོ། །གནས་བཏང་བས་བྱ་ཞེས་པ་ནི་གནས་མ་བཏང་བའི་མིས་ལྷག་མ་གྱིས་ཤིག་པར་སྟོན་པའོ། །གནས་མ་བཏང་བ་ཉིད་ཅེས་བྱ་འམ་ཞེ་ན། མི་བཟའ་བར་བསམས་པས་ཀྱང་ངོ་ཞེས་པ་ཡིན་

ཏེ་གྲལ་ནས་མ་ལངས་ན་ནི་བཟའ་བར་བསམས་པས་ཀྱང་ལྷག་མ་གྱིས་ཤིག་པའོ། །མ་གསོལ་ཀྱང་ངམ་ཞེ་ན་གསོལ་ནས་སོ། །ཅེས་པ་ཡིན་ཏེ་ལྷག་མ་བགྱིས་གསོལ་ཞེས་ཟེར་ན་གདོད་གྱིས་ཤིག་པའོ། །ལྷག་མ་ཇི་ལྟར་ཞེ་ན། ཁྱོད་ཀྱིས་ཡིན་གྱིས་སོང་ཤིག་ཅེས་
པའི་ཚིག་བྱ་ཞེས་པ་ལ་སོགས་པ་ཡིན་ཏེ། ད་ཁྱོད་ཀྱིར་གྱུར་གྱིས་ཁྱེར་ཞེས་གྱིས་ཤིག་པའོ། །ཅི་བདེར་ཟོས་ཤིག་ཅེས་ཀྱང་ཁ་ཅིག་གོ་ཞེས་པ་ནི་སྙད་འདི་སྐད་དུ་བྱས་ཀྱང་རུང་ངོ་ཞེས་ཁ་ཅིག་འཆད་དོ་བར་སྟོན་པའོ། །ཁམ་གཉིས་གསུམ་ཟོས་ནས་སོ་ཞེས་པ་ནི་ལྷག་མ་
བྱེད་པས་ཁམ་གཉིས་སམ་གསུམ་ཟོས་ནས་གོང་མ་སྐད་དུ་གྱིས་ཤིག་པའོ། །ཅི་མི་བཟའ་བར་བསམ་པས་ཀྱང་དེ་ལྟ་འམ་ཞེ་ན་བཟློག་པར་བྱས་པས་མི་བཟའ་བ་ཞེས་པ་ཡིན་ཏེ་མི་བཟའ་བར་བསམས་པས་ནི་གོང་མ་ལྟར་མ་བྱེད་པར་སྦགས་པའི་ལག་པས་ལྷུང་བཟེད་ལ་
མནན་ཏེ་གོང་དུ་སྨོས་པ་སྐད་དུ་གྱིས་ཤིག་པའོ། །གཞན་གྱིས་ལྷག་མ་བྱས་པ་བཟའ་ཞེས་པ་ནི་གཅིག་གིས་ལྷག་མ་བྱས་ན་གཞན་གྱིས་ཀྱང་བཟར་རུང་བར་སྟོན་པའོ། །འབྲིད། །འདུ་ཤེས་ཇི་ལ་བརྩན་ཞེ་ན། བཏང་བ་དང་ལྷག་མ་མ་བྱས་ནའོ་ཞེས་པ་ཡིན་ཏེ་བཏང་བར་ཡང་
ཤེས། ལྷག་མ་མ་བྱས་པར་ཡང་ཤེས་ལ་ཟོས་ན་གདོད་ཉེས་པར་འགྱུར་བའོ། །དེའང་ཇི་ལྟར་བྱས་པས་ཉེས་པར་འགྱུར་ཞེ་ན་ཟོས་ནའོ་ཞེས་པ་ཡིན་ཏེ་དེའང་ཟོས་ན་གདོད་ཉེས་པར་འགྱུར་བའོ། །དེའང་ཅི་ཞེ་ན་ཟས་ཙམ་གྱིས་སོ་ཞེས་པ་ཡིན་ཏེ་བཅའ་བ་ལ་སོགས་པའི་ཟས་ཙམ་ཟོས་
ན་ཡང་ཉེས་པར་འགྱུར་བའོ། །འདི་དང་སྦྱངས་པའི་ཡོན་ཏན་གྱི་སྟན་གཅིག་པ་གཉིས་ལ་ཁྱད་ཅི་ཡོད་ཅེ་ན། དེས་ནི་མ་བཏང་བར་སྟན་ལས་ལྡང་བ་དང་ལྷག་མ་བྱས་པ་གཉིས་ཀ་བཟར་མི་རུང་བའི་ཁྱད་ཡོད་དོ། །སྟན་གཅིག་གི་ཟས་སོ།། །།བཏང་བ་སླར་ཟར་བཅུག་པའི་ལྟུང་བ་སྟོན་པ་ནི་
བཅུག་པ་ནའོ་ཞེས་པ་ནི་ལྷག་མ་བྱས་པ་སླར་ཟར་བཅུག་ན་གདོད་ཉེས་པར་འགྱུར་བ་སྟེ་ཡན་ལག་གཞན་ནི་འབྲིད་ཅེས་པ་ལ་སོགས་ཏེ། གོང་དུ་སྨོས་པ་དང་སྦྱོར་ཅིག་པའོ། །དགེ་སློང་ལའོ་ཞེས་པ་ནི་དེ་ལྟར་སླར་ཟར་བཅུག་པ་ཡང་དགེ་སློང་ཡིན་ན་གདོད་ཉེས་པར་འགྱུར་བའོ། །བཏང་

བ་ལས་བཅུག་པའོ།། །།འདུས་ཤིང་ཟ་བའི་ལྟུང་བ་སྟོན་པར་འདོད་པ་ནི་འབྲིད་ཅེས་པ་ལ་སོགས་པ་ཡིན་ནོ། །འདུ་ཤེས་ཅི་ལ་བརྩན་ཞེ་ན། མཚམས་ཀྱི་ནང་ན་ཡང་འཁོད་ལ་དགེ་འདུན་དུ་གྱུར་པའི་དགེ་སློང་དང་བཀད་སར་གཉུག་མར་ལྷན་ཅིག་ཏུ་ཟ་བ་ལས་ལོགས་ཤིག་ཏུ་ཟ་ནའོ་ཞེས་པ་ཡིན་ཏེ་
མཚམས་གཅིག་གི་ནང་ན་འཁོད་པའང་ཡིན་ལ་བཀད་ས་གཉུག་མར་སྤྱིས་འདུས་ཏེ། བཟའ་བར་རིགས་པ་ལས་ལོགས་ཤིག་ཏུ་ཆད་ཅིང་གར་ཏེ་ཟ་ན་ཉེས་པར་འགྱུར་བའོ། །དགེ་སློང་གཅིག་པུ་ལོགས་ཤིག་ཏུ་ཟོས་པས་ཉེས་པར་འགྱུར་རམ་ཞེ་ན། བསྡོངས་ནས་སོ་ཞེས་པ་ཡིན་ཏེ་གཅིག་པུ་
མ་ཡིན་གྱི་བསྡོངས་ཤིང་ཟ་ན་གདོད་ཉེས་པར་འགྱུར་བའོ། །དེའང་རྣམ་པ་ཇི་ལྟར་བྱེད་པས་ཤེ་ན། ལྷན་ཅིག་ཏུ་ཟ་ནའོ་ཞེས་པ་ཡིན་ཏེ་དེའང་སོ་སོའམ་སྔ་ཕྱིར་མི་ཟ་བའི་ཅིག་ཅར་སྟན་གཅིག་ཏུ་ཟ་ན་གདོད་ཉེས་པར་འགྱུར་བའོ། །དུ་བསྡོངས་པས་ཤེ་ན་གཅིག་གི་སྟེང་དུ་གསུམ་ལ་སོགས་
པས་བསྣན་ཏེ། མདོར་ན་བཞི་ཡན་ཆད་དོ། །གསུམ་ལ་སོགས་པའོ་ཞེས་པ་ཡིན་ཏེ་གསུམ་ལ་སོགས་པ་སྟེ། བཞི་ཡན་ཆད་བསྡོངས་ན་གདོད་ཉེས་པར་འགྱུར་བའོ། །དེ་ལ་ཡང་གསུམ་ནི་བཀད་ཀྱི་གཅིག་འབྲིམ་ན་ཉེས་པར་མི་འགྱུར་བའོ། །གསུམ་ལ་སོགས་པའི་ཁོངས་སུ་
བསྙེན་པར་མ་རྫོགས་པ་ཡང་གཏོགས་སམ་ཞེ་ན། དེ་དགེ་སློང་ངོ་ཞེས་པ་ཡིན་ཏེ་དེ་དག་ཀྱང་དགེ་སློང་ཤེ་དག་ན་གདོད་ཉེས་པར་འགྱུར་བའོ། །དུས་ལ་བབ་དུ་ཟིན་ཀྱང་གསུམ་དང་ལྷན་ཅིག་ཟོས་པས་ཉེས་པར་འགྱུར་རམ་ཞེ་ན། གང་གོས་མེད་པའི་ཟས་གཉིས་པ་རྙེད་པ་གྲུར་
ཞུགས་པ་བཞིན་ཞེས་པ་ཡིན་ཏེ་བསླབ་པ་འདི་ཡང་གྲུར་ཞུགས་ཤིང་ལམ་བགྲོད། ནད་པ་ཡིན་ཞིང་ལས་བྱས་ན་གོས་མེད་པའི་ཟས་ལན་གཉིས་པ་ཡང་བཟར་རུང་བ་དང་འདྲ་བར་སྟོན་པའོ། །འདུ་ཤིང་ཟའོ་ཅོག་ཉེས་པར་འགྱུར་རམ་ཞེ་ན། ཕལ་ཆེར་འདུས་པ་ལས་གཞན་
དུ་ནའོ་ཞེས་པ་ཡིན་ཏེ་དུས་སྟོན་གྱི་ཡོ་ལང་ཆེན་པོ་གཡོས་པའི་ཚེ་ཡོན་བདག་ཁ་མང་པོས་དགེ་སློང་བཞི་ལྔ་ཚོམས་སུ་མེར་བོས་ཏེ་སོ་སོར་ཟོས་ཀྱང་ཉེས་མེད་པར་སྟོན་པའོ། །གྲོང་དུ་ཟོས་ནའོ་ཞེས་འབྱུང་བ་ཟས་ཟོས་སོ་ཅོག་གིས་ཉེས་པར་འགྱུར་རམ་ཞེ་ན། འདིའི་ཚུལ་

གྱིས་རབ་ཏུ་བྱུང་བ་མ་ཡིན་པའི་ཟས་ལས་གཞན་པའོ་ཞེས་པ་ནི་རྒྱལ་པོ་གཟུགས་ཅན་སྙིང་པོའི་ཚོ་བ་པའི་རབ་ཏུ་བྱུང་བས་དགེ་འདུན་ཁ་ཅིག་སྤྱན་དྲངས་པ་ལྟ་བུ་སྟེ། བདག་ཅག་གི་རབ་ཏུ་བྱུང་བ་མ་ཡིན་པའི་རབ་ཏུ་བྱུང་བས་བཤམས་པའི་ཟས་ཟོས་པ་ནི་ཉེས་པ་མི་འགྱུར་
བར་སྟོན་པའོ། །ཟོས་ནའོ་ཞེས་པ་ནི་གུད་དུ་ཟོས་ན་གདོད་ཉེས་པར་འགྱུར་བའོ། །མཚམས་ཀྱི་ནང་ན་འཁོད་དེ་དེར་འོང་བའི་རིགས་པ་ལས་འོང་བ་མ་དྲིས་པར་ཟོས་ན་ཕྱེད་འདས་པའོ་ཞེས་པ་ནི་བཀད་ས་གཉུག་མར་འདུས་པའི་ཚེ་ཁ་ཅིག་མ་འོངས་པ་ག་རེ་ཞེས་དེར་འདུས་པ་རྣམས་
ཀྱིས་མ་འདྲེས་པར་ཟོས་ན་ཉེས་པར་སྟོན་པར་རོ། །གང་ཅིའང་རུང་སྟེ་ཅུང་ཟད་བསྲུལ་ན་ཟས་གཅིག་ཏུ་བྱས་པའོ་ཞེས་པ་ནི་བཀད་ས་གཉུག་མ་ན་འཁོད་པ་དང་ལོགས་ཤིག་ཏུ་ཟ་བ་རྣམས་ཆ་ཡན་ཆད་ཅི་ཡང་རུང་ཕན་ཚུན་བསྲུལ་ཅིང་སྐུར་ན་ལྷན་ཅིག་ཏུ་ཟོས་པ་དང་འདྲ་བས་ཉེས་མེད་པར་སྟོན་པའོ། །
འགྲོ་བ་དང་འོངས་པ་དང་ནད་པ་དང་དེའི་རིམ་གྲོ་བ་དང་གཙུག་ལག་ཁང་སྐྱོང་ལས་གཞན་པས་ཚང་མང་དང་བསྐོས་མལ་ནས་ཐམས་ཅད་ཀྱིས་མ་ཟོས་པར་མནོས་ཤིང་མི་བཟའ་ཞེས་པ་ནི་མིང་གིས་སྨོས་པ་འདི་དག་ལ་མ་གཏོགས་པས་དགེ་འདུན་གྱིས་མ་གསོལ་བའི་སྔུན་ཚོགས་སུ་ཚང་མང་དང་
བསྐོས་མལ་ནས་མ་མནོད་ཅིག་པའོ། །འདུས་ཤིང་ཟ་བའོ།། །།དུས་མ་ཡིན་པའི་ཟས་ཀྱི་ལྟུང་བ་སྟོན་པ་ནི། ཉིད་ཀྱི་གུང་གི་མཐའ་ནས་སྐྱ་རེངས་ཤར་གྱི་བར་དུ་དུས་མ་ཡིན་ཞེས་པ་ལ་སོགས་པ་ཡིན་ཏེ་བདག་ཅག་ཉིད་ཀྱི་གླིང་གི་ཉི་མའི་གུད་ནས་ཕྱི་དེ་ཉིན་བར་སྐྱ་རེངས་ཤར་གྱི་བར་དུས་མ་ཡིན་པར་
སྟོན་པའོ། །དེ་ཉིད་འབྲིད་ཅེས་པ་ནི་དེ་ལྟ་བུའི་དུས་མ་ཡིན་པར་ཤེས་ན་ཉེས་པར་སྟོན་པའོ། །དེ་ཡང་ཇི་ལྟར་བྱས་ན་ཉེས་པར་འགྱུར་ཞེ་ན། བཟའ་བ་དང་བཅའ་བ་ཟོས་ནའོ་ཞེས་པ་ཡིན་ཏེ་བཟའ་བ་དང་བཅའ་བ་གང་ཟོས་ཀྱང་རུང་ལྟུང་བར་སྟོན་པའོ། །དུས་མ་ཡིན་པའི་ཟས་སོ། །བཞག་པའི་ལྟུང་བ་
སྟོན་པར་འདོད་པའི་ཐོག་མར་བཞག་པའི་མཚན་ཉིད་ཇེ་སྟོན་པ་ནི་སྔ་དྲོའི་ཟས་བྱིན་ལེན་བྱས་པ་དང་ཕྱི་དྲོའི་ཟས་དེའི་ཐུན་ཡོལ་ན་བཞག་པའོ་ཞེས་པ་ལ་སོགས་པ་ཡིན་ཏེ། སྔ་དྲོའི་ཟས་སུ་བྱིན་ལེན་བྱས་པ་ལས་ཕྱི་དྲོར་ཡོལ་བ་དང་ཕྱི་དྲོའི་བྱིན་ལེན་བྱས་པ་སྲོད་ཀྱི་ཐུན་འདས་ན་བཞག་པ་ཡིན་ནོ་བར་

སྟོན་པའོ། །དེ་དག་ལྟར་འདས་པ་ཡང་བླངས་པའི་བྱིན་ལེན་མ་ཞིག་ནའོ། །དེ་ཉིད་དོ་ཞེས་པ་ནི་བཞག་པ་དེ་ཉིད་དུ་གྱུར་ན་གདོད་ཉེས་པར་སྟོན་པའོ། །ཐུག་ཐུབ་ཏུ་བླངས་པ་མི་བཟའ་ཞེས་པ་ནི་བྱིན་ལེན་མ་བྱས་པར་བདག་གིས་ཐུག་ཐུབ་ཏུ་བླངས་པ་མ་ཟ་ཤིག་པའོ། །མཚམས་ཀྱི་ནང་དུ་བཙོས་པ་
དང་ལུས་པ་ཡང་མ་ཡིན་ཞེས་པ་ནི་མཚམས་ཀྱི་ནང་དུ་བཙོས་པ་དང་ལུས་པ་འདི་གཉིས་ཀྱང་མ་ཟ་ཤིག་པའོ། །དེ་ལ་ནང་དུ་ལུས་པ་ནི་དགེ་སློང་ཉིད་གང་ན་འཁོད་པའི་གནས་ཀྱི་ནང་དུ་ལུས་ན་གདོད་ཉེས་པར་འགྱུར་གྱི་ཕྱི་རོལ་ལ་སོགས་པའི་མཚམས་ཀྱིས་ནི་མི་བཟུང་ངོ་། །ཡོན་བདག་གིས་ནས་
འབྲས་ལ་སོགས་པ་དགེ་སློང་གི་གནས་སུ་བཞག་ཅིང་བཙོས་ཀྱང་ཡོན་བདག་གི་ཡིན་པའི་ཕྱིར་ནང་དུ་བཙོས་པ་དང་ལུས་པའི་ཉེས་པར་མི་འགྱུར་བའོ། །དགེ་སློང་གིས་བཙོས་པ་ཡང་ངོ་ཞེས་པ་ནི་འདི་ཡང་མ་ཟ་ཤིག་པར་སྟོན་པའོ། །གོང་དུ་བཙོས་ཞེས་སྨོས་པའི་བཙོས་པ་དང་མ་བཙོས་པར་སྟོན་པ་
ནི། འདིར་གང་རྗེན་པ་དེ་བཙོས་པའོ་ཞེས་པ་ཡིན་ཏེ་གང་རྗེན་པ་ལས་བཙོས་པ་ན་གདོད་བཙོས་པ་ཡིན་པར་སྟོན་པའོ། །དེ་ལ་སྲ་སྙིའི་བྱེ་བྲག་ལས་རྗེན་ཚོས་ཀྱི་ཉེས་པ་སྟོན་པ་ནི་མི་སྙི་ན་སུམ་ཆ་གཅིག་ཚོས་པ་ཕན་ཆད་དེའོ་ཞེས་པ་ཡིན་ཏེ་འབྲས་ལ་སོགས་པ་སྲ་བ་ཞིག་ན། སུམ་ཆ་གཅིག་མ་ཚོས་པ་
ཕན་ཆད་རྗེན་པ་ཡིན་པར་སྟོན་པའོ། །སྙི་བ་ནི་མདོག་གྱུར་ནའོ་ཞེས་པ་ནི་ལོ་མ་ལ་སོགས་པ་སྙི་བ་ཞིག་ན་མདོག་མ་གྱུར་པ་ཕན་ཆད་རྗེན་པ་ཡིན་པར་སྟོན་པའོ། །ཁུ་བ་ནི་ལྷག་གཉིས་ན་དེའོ་ཞེས་པ་ནི་འོ་མ་ལ་སོགས་པ་ནི་ལྷག་གཉིས་སུ་མ་གྱུར་པ་ཕན་ཆད་རྗེན་པ་ཡིན་པར་སྟོན་པའོ། །མེས་རུང་བར་བྱས་
པ་མ་བཙོས་པ་མ་ཡིན་ཞེས་པ་ནི་མེས་བརྟགས་པའང་བཙོས་པའི་ཁོངས་སུ་འགྲེ་བས་ན་མེས་མཚམས་ཀྱི་ནང་དུ་རུང་བར་མ་བྱེད་ཅིག་པའོ། །གནས་སུ་གནའ་ནས་གྱེས་པ་ནི་མ་ལུས་པ་མ་ཡིན་ཞེས་པ་ནི་ཤིང་ལྟ་བུ་གནའ་ནས་གནས་ཀྱི་ནང་དུ་སྐྱེས་ཤིང་འདུག་པ་ཞིག་ན་ཡང་མཚམས་ཀྱི་ནང་དུ་ལུས་
པ་ཡིན་ནོ་བར་སྟོན་པའོ། །རྩ་བ་མཚམས་ཀྱི་ཕྱི་རོལ་ན་འདུག་ལ་ལོ་མ་ནང་དུ་བོ་བ་དང་རྩ་བ་ནང་དུ་ཟུག་ལ་ལོ་མ་ཕྱི་རོལ་དུ་བོ་བ་དང་། ལོ་མ་ནང་དུ་ལུས་ལ་ཞོ་ཕྱི་རོལ་དུ་བསྲུབས་པ་ལ་སོགས་པ་ནི་ནང་དུ་ལུས་པར་གཏོགས་སོ། །ས་བོན་ནང་ན་བཞག་པ་ལས་ཞིང་ལ་བཏབ་པ་ནི་ལྗང་བུ་ལ་

སོགས་པ་དངོས་པོ་གཞན་དུ་གྱུར་པའི་ཕྱིར་ནང་དུ་ལུས་པ་མ་ཡིན་པར་འགྱུར་རོ། །སྣོད་ཀྱི་ཕྱོགས་གཞག་པ་ཡང་དེར་བཙོས་པའོ་ཞེས་པ་ནི་མཚམས་ཀྱི་སོ་ཁོ་ནར་ཐབ་བཙུགས་ཏེ་སྣོད་ཕྱེད་ནི་མཚམས་ཀྱི་ནང་དུ་གཏོགས། སྣོད་ཕྱེད་ནི་མཚམས་ཀྱི་ཕྱི་རོལ་དུ་གཏོགས་
ན་ཡང་ནང་དུ་བཙོས་པའི་ཁོངས་སུ་འགྲེ་བར་སྟོན་པའོ། །འཚེད་པ་དེར་གཏོགས་ཀྱང་མ་ཡིན་ཞེས་པ་ནི་བཙོ་བ་ཉིད་མཚམས་ཀྱི་ཕྱི་རོལ་ན་འཚེད་པའི་བྱན་པོ་ནང་དུ་འདུག་པ་ལྟ་བུ་ནི་འཚེད་པ་མཚམས་ཀྱི་ནང་དུ་གཏོགས་ཀྱང་ཕྱི་རོལ་དུ་བཙོས་པར་སྟོན་པའོ། །མེ་སྣོད་མ་ཡིན་པ་མ་ཡིན་ཞེས་པ་ནི་མདག་
མེའི་སྟེང་དུ་བསྲེག་པ་ལྟ་བུ་ཡང་སྣོད་ཀྱི་ནང་དུ་བཙོས་པ་དང་འདྲ་བར་སྟོན་པའོ། །དེ་ནས་ཕྱུང་བ་དང་བྱུང་བ་ནི་དེ་མ་ཡིན་ཞེས་པ་ཐབ་ཀྱི་ནང་ནས་ཕྱུང་ངམ་མེ་དང་མདག་མ་ལ་སོགས་པ་ནང་ནས་དྲང་སྟེ་བཙོས་པ་ལྟ་བུ་ནི་ནང་དུ་བཙོས་པ་མ་ཡིན་པར་སྟོན་པའོ། །ཉེ་སྤྱོད་ཀྱང་གནས་བཞིན་ཉེས་པ་ནི་ཉེ་སྤྱོད་ཀྱང་གནས་
དང་འདྲ་བར་སྟོན་པའོ། །དེ་ཡང་ཇི་ཙམ་ཚུན་ཆད་ཞེ་ན། འདོམ་མོ་ཞེས་པ་ཡིན་ཏེ། འདོམ་གང་ཚུན་ཆད་ཉེ་སྤྱོད་ཡིན་པར་སྟོན་པའོ། །སྟེང་གི་ནམ་མཁའ་འདུས་པ་ཡང་ངོ་ཞེས་པ་ནི་སྟེང་མ་བཀབ་ན་ལུས་ཀྱིས་སླེབས་ཤིང་སྤྱོད་པ་མན་ཀྱང་ཉེ་སྤྱོད་དུ་གཏོགས་པར་སྟོན་པའོ། །ནང་གི་ཡང་ངོ་ཞེས་པ་ནི་སྟེང་
བཀབ་པ་ཞིག་ན་བཀབ་པའི་འཕང་ཇི་ཙམ་པ་མན་ཆད་ཀྱི་ནམ་མཁའ་ཡང་ཉེ་སྤྱོད་དུ་གཏོགས་པར་སྟོན་པའོ། །ཡང་ཐོག་རྩེག་མའང་དེའོ་ཞེས་པ་ནི་ཁང་པ་བརྩེགས་པ་དུ་མར་འདུག་པ་ཞིག་ན་ཉེ་སྤྱོད་ཀྱི་ཁོངས་སུ་གཏོགས་པར་སྟོན་པའོ། །གཅིག་གིས་གཞི་མནན་པ་གཅིག་གི་མ་ཡིན་ཞེས་པ་ནི་
དགེ་སློང་གི་གནས་སུ་ཁྱིམ་པས་ཕྲོགས་སམ་དབང་ཡང་རུང་སྟེ་གཞི་བཏབ་ན་དགེ་སློང་གི་གནས་མ་ཡིན་པར་སྟོན་པ་སྟེ་དེར་བཙོས་ཤིང་ལུས་ཀྱང་བཙོས་པ་དང་ལུས་པའི་ཉེས་མེད་པར་སྟོན་པའོ། །ནམ་འཚོ་བ་ནི་ཐུག་ཐུབ་ཏུ་བླངས་པ་དང་བཙོས་པ་དང་དགེ་སློང་གིས་བཙོས་པ་བཀག་པ་དེ་དག་གི་དུས་
ལ་མི་བརྟེན་ཅེས་པ་ནི་ནམ་འཚོ་བའི་སྨན་དུ་བྱིན་གྱིས་བརླབས་ན་མིང་གིས་སྨོས་པ་འདི་དག་དང་མ་སྦྱར་ཅིག་པའོ། །དེ་ལ་ཐུག་ཐུབ་ཏུ་བླངས་པའི་དུས་ནི་སྔ་དྲོ་བཟའ་བར་ཐུག་ཐུབ་ཏུ་བླངས་པ་སྔ་དྲོ་ཉིད་ཀྱི་དུས་དང་སྦྱར་བ་དང་ཕྱི་དྲོ་བཟའ་བ་ཐུག་ཐུབ་ཏུ་བླངས་པ་ཕྱི་དྲོ་ཉིད་དུ་དུས་དང་སྦྱོར་བ་ལ་སོགས་པའོ། །

འབགས་པ་ནི་ཟས་ཀྱི་ཕྱེད་དོ་ཞེས་པ་ནི་ལྷུང་བཟེད་ལ་སོགས་ཁ་གཟར་ཡན་ཆད་ལ་ཟས་ཀྱི་ལྷག་མས་འབགས་པ་ཟོས་ན་ཟས་ཀྱི་ཕྱེད་ཡིན་པས་ཉེས་བྱས་སུ་གྱུར་པར་སྟོན་པའོ། །ཁའི་དྲི་མ་ཡིས་བཟའ་བ་དང་བཏུང་བའི་འོ་ཞེས་པ་ནི་ཁའི་དྲི་མ་དང་བཅས་པས་ཟོས་སམ་འཐུངས་
ན་ཡང་ཟས་ཀྱི་ཕྱེད་དུ་སྟོན་པའོ། །ཁ་བཀྲུ་བའི་ཐབས་ཇི་ལྟར་བྱ་ཞེ་ན། འདིའི་ཕྱི་རོལ་ནི་ལྕི་བའམ་འཇིམ་པས་སྦྱང་ཞིང་ཆུས་བཤལ་ཏེ་བཀྲུ་ཞེས་པ་དང་། ནང་གི་ཆུ་མཁུར་གཉིས་གསུམ་གྱིས་བཤལ་ཏེ་བོར་ནའོ་ཞེས་པ་ཡིན་ཏེ་ཁའི་ཕྱི་ནང་བཀྲུ་བ་ཐབས་འདི་ལྟར་གྱིས་ཤིག་པའོ། །
ལྷུང་བཟེད་བཀྲུ་བ་ཇི་ཙམ་གྱིས་བཀྲུས་པར་ཆུད་ཅེ་ན། ལན་གཉིས་གསུམ་དུ་དྲིལ་ཏེ་སྙིང་ནས་བྱས་ན་ལྷུང་བཟེད་མི་འཁྲིག་ཀྱང་དག་པའོ་ཞེས་པ་ཡིན་ཏེ་སུག་པ་ལ་སོགས་པས་ལན་གསུམ་བཀྲུས་ཤིང་སྙིང་ནས་ལེགས་པར་བཀྲུས་ན་མི་འཁྲིག་ཏུ་ཟིན་ཀྱང་དག་པར་སྣང་བའོ། །
ལངས་པ་ནི་ཉེས་མེད་ཅེས་པ་ནི་ལྷུང་བཟེད་ཉིད་ཀྱི་ཚོན་ལ་སོགས་པ་ལངས་ཏེ་བླུགས་པའི་སྟེང་ན་སྣང་དུ་ཟིན་ཀྱང་ཉེས་པ་མེད་དོ་བར་སྟོན་པའོ། །མི་འབྱར་བ་ནི་འབགས་པ་མ་ཡིན་ཞེས་པ་ནི་མར་དང་ཐུག་པ་ལྟ་བུ་ལ་སོགས་པ་འབྱར་བ་མ་ཡིན་གྱི་ལ་དུ་སོགས་པ་མི་འབྱར་བ་ཞིག་
ན་འབགས་པར་མི་འགྱུར་བར་སྟོན་པའོ། །སྣུམ་ན་གོ་འདུན་དང་ལྕི་བ་དང་ས་གང་ཡང་རུང་བས་བཀྲུ་ཞེས་པ་ནི་ལྷུང་བཟེད་ལ་སྣུམ་གྱིས་ཕོག་ན་མིང་གིས་སྨོས་པ་འདི་དག་གང་ཡང་རུང་བས་ཁྲུས་ཤིག་པར་སྟོན་པའོ། །ལངས་པ་བཞམ་ཞེས་པ་ནི་འོ་ཚན་ལ་སོགས་པ་
བླུགས་པ་དང་སྣུམ་མ་དག་པ་ལ་སོགས་པ་ལངས་ན་ལངས་པ་དེ་ཉིད་ཞོམས་ལ་འོར་ཅིག་པའོ། །ཕྱོགས་འགར་འབགས་ན་དེ་ཉིད་བཀྲུ་ཞེས་པ་ནི་ལྷུང་བཟེད་ཕྱོགས་འགའ་ཞིག་ཏུ་འབགས་ན་དེ་ཉི་ཚེ་ཁྲུས་ཤིག་པའོ། །བུམ་པ་ལ་སོགས་པ་སྣུམ་མེད་པར་བྱ་བའི་ཕྱིར་འཇིངས་
ཟབ་མོར་དོར་ཞེས་པ་ནི་སྣུམ་དབྱུང་བའི་ཕྱིར་ཐབས་འདི་ལྟར་གྱིས་ཤིག་པའོ། །ཉ་དང་རུས་སྦལ་དང་སྦལ་པ་དཀར་པོ་དང་སྲིན་བུ་ལུ་ཀ་རྣམས་ཀྱིས་བལྡགས་ཀྱི་བར་དུ་གཞག་ཅེས་པ་ནི་འཇིངས་སུ་བོར་བ་དེ་འདི་རྣམས་ཀྱིས་བལྡགས་ཀྱི་བར་དུ་ཞོག་ཤིག་པའོ། །བསྲེགས་

པས་ཀྱང་སྣུམ་ཡལ་ལོ་ཞེས་པ་ནི་ཡང་ན་བསྲེགས་པས་ཀྱང་སྣུམ་མེད་པར་སྟོན་པའོ། །དེ་ལྟར་བལྡགས་ཤིང་བསྲེགས་ཏེ་སྣུམ་ཡལ་བའི་འོག་ཏུ་ཇི་ལྟར་བྱ་ཞེ་ན། སྣུམ་ཡལ་ནས་གོ་འདུན་ནས་ལྕི་བས་བཀྲུས་ན་གཙང་ངོ་ཞེས་པ་ཡིན་ཏེ་འདི་དག་གིས་བཀྲུས་
ན་གཙང་ངོ་བར་སྟོན་པའོ། །ཚྭ་དང་བ་ཚྭ་དང་རྙོག་པའི་ཆུར་གྱུར་པ་ནི་ཚྭ་ལ་སོགས་པའི་ཕྱིར་རོ་ཞེས་པ་ནི་འདི་གསུམ་གྱི་ཆུ་ཡང་ཚྭ་ལ་སོགས་ཕྱེད་ཡིན་པས་ན་ཐུག་ཐུབ་ཏུ་བླངས་སམ་བཞག་པ་འཐུངས་ན་ཉེས་བྱས་སུ་འགྱུར་བར་སྟོན་པའོ། །དུས་མ་ཡིན་ཡང་ཐམས་ཅད་ཀྱིར་རུང་
ཞེས་པ་ནི་གོང་དུ་སྨོས་པ་འདི་དག་བྱིན་ལེན་བྱས་ན་ནད་པ་མ་ཡིན་པ་ལ་སོགས་པ་གང་གིས་ཀྱང་དུས་མ་ཡིན་པའི་ཚེ་བཏུང་དུ་རུང་བར་སྟོན་པའོ། །ཚྭ་དང་བ་ཚྭ་ཉིད་ཀྱི་ལས་མི་བྱེད་ན་ཡོད་པ་མ་ཡིན་ཞེས་པ་ནི་འདི་དག་གི་ཆུ་ཉིད་ཀྱི་རོ་མི་བྲོ་ན་གོང་མ་ལྟ་བུའི་ཉེས་པའང་མེད་པར་
སྟོན་པའོ། །ཕྱི་མ་ནི་གཟུགས་བརྙན་བྱུང་ནའོ་ཞེས་པ་ནི་གཉིས་ཀྱི་ཕྱི་མ་སྟེ་རྙོག་པར་འགྱུར་པ་དེ་ནི་གཟུགས་བརྙན་སྣང་ན་གོང་མ་ལྟ་བུའི་ཉེས་མེད་པར་སྟོན་པའོ། །ཀ་ཏ་ཀའི་འབྲས་བུས་ཆུ་དངས་པར་འགྱུར་རོ་ཞེས་པ་ནི་ཆུ་རྙོག་མ་ཅན་གྱི་ནང་དུ་འབྲས་བུ་འདི་བཅུག་ན་རྙོག་མ་
དངས་པར་སྟོན་པའོ། །ཐལ་བ་དང་ཟན་ཆང་གིས་ཀྱང་ངོ་ཞེས་པ་ནི་འདི་དག་གིས་ཀྱང་ཆུ་དངས་པར་སྟོན་པའོ། །འདི་མི་གྱེས་པར་སྣུམ་གྱིས་སོ་ཞེས་པ་ཟན་ཅང་དེ་མི་གྱེས་པའི་སྤྱད་དུ་སྣུམ་གྱིས་བསྐུས་ལ་ཆུར་འོར་ཅིག་པའོ། །ཆུ་མིག་ཏུ་ཞུགས་པ་ནི་མངོན་ན་ཡོད་པ་
མ་ཡིན་ནོ་ཞེས་པ་ནི་དུས་སྟོན་ཆེན་པོ་ལ་སོགས་པའི་ཚེ་ཆུ་མིག་བཀྲུ་བཤལ་ལ་སོགས་པ་མང་བས་སྣུམ་ལ་སོགས་པའི་ཞག་ཡོད་ན་ཞག་གི་སྙིགས་མ་དེ་དག་ཕན་ཚུན་བསལ་ཏེ་མི་མངོན་བར་གྱིས་ལ་ཆུས་ཤིག་དང་སྤགས་པ་ལ་སོགས་པའི་ཉེས་པ་མེད་དོ། །འདྲེས་ན་དེའི་ཕྱོགས་
ཉི་ཚེ་བས་ལ་ཞེས་པ་ནི་བྱིན་ལེན་བྱའམ་རུང་བའི་ཟས་དང་བྱིན་ལེན་མ་བྱས་པའམ་མི་རུང་བ་ལ་སོགས་པ་དང་འདྲེས་ན་དེ་ཉི་ཚེ་བསལ་ཅིང་ཕྱིར་འོར་ཅིག་པའོ། །བྱ་རོག་གི་མཆུས་རེག་ན་ཐན་ཀོར་ཞེས་པ་ནི་ཟས་ལ་བྱ་རོག་གི་མཆུས་ཕོག་ན་དེའི་ཐན་ཀོར་ཉི་ཚེ་ཁོལ་ལ་འོར་ཅིག་པ་སྟེ་འདི་ནི་མི་

གཙང་བ་མེད་པར་སྟོན་པའོ། །དེ་དང་འབྲེལ་པའི་རྒྱུན་ལ་རེག་ཀྱང་དེ་ལ་རེག་པ་མ་ཡིན་ཞེས་པ་ནི་རིལ་བ་ལྟ་བུ་ནས་ཆུ་ལྡུགས་པ་བླུགས་པའི་བྲེང་ངམ་རྒྱུན་དང་འབྲེལ་དུ་ཟིན་ཀྱང་ལྡུགས་པའི་སྣོད་མེད་པ་དང་། །འཕགས་པ་མ་ཡིན་པར་སྟོན་པའོ། །འཁྲུལ་པའམ་དྲན་པ་ཉམས་པས་ཀྱང་མ་ཡིན་ཞེས་
པ་ནི་ཐུག་ཐུབ་ཏུ་ལེན་པ་ལྟ་བུ་ནི་ནོར་ཏམ་དྲན་པ་ཉམས་པས་བྱས་ན་ཉེས་མེད་པར་སྟོན་པའོ། །འདི་གཉིས་ཀྱིས་སྤོགས་ཤིང་གཞག་པའང་མ་ཡིན་ཞེས་པ་ནི་འཁྲུལ་པ་དང་དྲན་པ་ཉམས་པ་གཉིས་<གྱིས་‚ཀྱིས་>བླངས་ཤིང་བཞག་ཏུ་ཟིན་ཀྱང་ཉེས་པ་མེད་པར་སྟོན་པའོ། །རིང་པོར་མི་བསྐུར་བར་གཞག་ཅེས་པ་ནི་དེ་
ལྟར་འཁྲུལ་ཏམ་བརྗེད་དེ་བླངས་པ་ལས་དེ་ལྟ་བུར་ཤེས་ན་དེའི་མོད་ལ་ཞོག་ཤིག་པའོ། །མོད་ལ་མ་བཞག་པར་རིང་དུ་ཁྱེར་ན་ནི་རེག་པ་ལ་སོགས་པའི་ཉེས་པར་ཡང་འགྱུར་བའོ། །ཕྱ་བདལ་བས་བླངས་པ་དང་བྱིན་ལེན་བྱས་པ་མ་ཡིན་ཞེས་པ་ནི་ཕས་ཕམ་པ་མ་བྱུང་དུ་ཟིན་ཀྱང་བསླབ་པ་ལ་མི་བསྣན་ཅིང་ལྷོད་
པས་ཐུག་ཐུབ་ཏུ་བླངས་ཀྱང་དགེ་སློང་གཞན་གཞན་གྱིས་བཟར་རུང་བ་དང་དེས་བྱིན་ལེན་བྱས་ཀྱང་གཞན་གྱིས་བྱིན་ལེན་དུ་མི་རུང་བར་སྟོན་པའོ། །བྱིན་ལེན་དུ་འོས་པ་ལས་འབྲེལ་པ་མ་འབྲེལ་ན་བླངས་པ་མ་ཡིན་ཞེས་པ་ནི་བྱིན་ལེན་བྱས་པའི་ལག་ནས་མ་འཕགས་ན་ཐུག་ཐུབ་ཏུ་བླངས་པ་དང་བྱིན་ལེན་
བྱས་པ་གཉིས་ཀར་མི་འགྱུར་བར་སྟོན་པའོ། །སྲད་བུ་ལ་སོགས་པ་ངེས་བཟུང་བ་དང་འབྲེལ་ན་ཡང་འབྲེལ་པའོ་ཞེས་པ་ནི་ཟས་ལ་སོགས་པ་ཉིད་དེའི་ལག་ནས་འཕགས་སུ་ཟིན་ཀྱང་སྲད་བུ་ལ་སོགས་པའི་བྲང་དེས་བཟུང་ན་ཡང་འབྲལ་པ་ཡིན་ཏེ་གོང་མ་ལྟར་འགྱུར་བའོ། །བཞག་པ་དང་བྱིན་ལེན་
བྱས་པ་དང་ཐུག་ཐུབ་བླངས་པ་རྣམས་སྡོམ་པ་དང་ལྟ་བ་མཚུངས་ཤིང་ཐ་མི་དད་ན་གཅིག་གོ་ཞེས་པ་ནི་དགེ་སློང་མ་དང་དགེ་སློང་མ་ལྟ་བུ་སྡོམ་པ་ཐ་མི་དད་པ་དང་ལྷས་བྱིན་གྱིས་ཕྱོགས་སུ་ཁས་བླངས་པ་དང་བླངས་བར་ཐ་མི་དད་ན་གོང་དུ་སྨོས་པ་རྣམས་གཅིག་ཏུ་སྟོན་པའོ། །གོང་མའི་ནི་འོག་མའི་ཡང་ངོ་ཞེས་པ་ནི་
དགེ་སློང་མས་ཐུག་ཐུབ་ཏུ་བླངས་པ་ལ་སོགས་པ་ནི་དགེ་སློབ་མའི་ཉེས་པར་འགྱུར་གྱི་དགེ་སློབ་མས་ཐུག་ཐུབ་ཏུ་བླངས་པ་ལ་སོགས་པ་ནི་དགེ་སློང་མའི་ཉེས་པར་མི་འགྱུར་བར་སྟོན་པའོ། །སྐྱེས་པ་དང་བུད་མེད་ཕན་ཚུན་དུ་ཁྱིམ་པ་བཞིན་ཞེས་པ་ནི་དགེ་སློང་ཕ་དང་དགེ་སློང་མ་གཅིག་གིས་གཅིག་

ལ་བྱིན་པ་ནི་ཁྱིམ་པས་བྱིན་པ་དང་འདྲ་སྟེ་བྱིན་ལེན་དུ་རུང་བར་སྟོན་པའོ། །ཐུག་ཐུབ་ཏུ་བླངས་པ་དང་བཞག་པའང་དེ་བཞིན། དགེ་ཚུལ་གྱིས་རེག་པ་ནས་སྦེད་པའི་བར་དུ་ཉེས་བྱེད་པ་ཡང་དེ་བཞིན་ཞེས་པ་ནི་དགེ་ཚུལ་གྱི་ཟས་ལ་དགེ་སློང་གིས་རེག་ཅིང་སྦེད་པ་ཡང་གོང་མ་
བཞིན་དུ་ཉེས་མེད་པར་སྟོན་པ་སྟེ་དེ་ཕྱིས་སྤྱོད་ཀྱང་ཉེས་མེད་པར་སྟོན་པའོ། །རེ་བ་དང་བཅས་པར་བྱིན་ན་བཏང་བ་ཡིན་ཞེས་པ་ནི་ཐུག་ཐུབ་ཏུ་བླངས་པ་ལ་སོགས་པ་སླར་བྱིན་དུ་རེ་བ་དང་བཙངས་ཏེ་བསྙེན་པར་རྫོགས་པ་ལ་བྱིན་ན་ལྟུང་བ་ཉིད་མ་ཡིན་པར་སྟོན་པའོ། །རེ་བ་མེད་པར་བཏང་བ་ལས་རེ་
བ་དང་བཅས་པ་ནི་བྱེད་དོ་ཞེས་པ་ནི་སྔར་རེ་བ་མེད་པར་བྱིན་པ་ལས་ཕྱིས་རེ་བ་ཡོད་དེ་བྱིན་ལེན་བྱས་ནས་ཟོས་པ་ནི་ཉེས་བྱས་སུ་འགྱུར་བར་སྟོན་པའོ། །དེ་ལྟ་བས་ན་མི་བླང་ཞེས་པ་ནི་གོང་མ་ལྟ་བུའི་ཉེས་པར་འགྱུར་བས་ན་བྱིན་པའི་འོག་ཏུ་མ་སློང་ཤིག་པའོ། །ཤེས་ན་མི་བླང་ཞེས་པ་ནི་བདག་
གིས་བྱིན་པ་ཡིན་པར་ཤེས་ན་སླར་མ་ལེན་ཅིག་པའོ། །སྐལ་བ་མནོས་པར་རེག་པ་ནི་མི་རུང་བ་མེད་ཅེས་པ་ནི་དཔྱ་རྒྱུའི་ཐོག་ཤས་ལ་སོགས་པ་བདག་གི་སྐལ་བར་དབང་བ་མནོས་ཤིང་རེག་པ་ནི་ཉེས་མེད་པར་སྟོན་པའོ། །བླངས་ནས་ཀྱང་སྦ་ཞེས་པ་ནི་དེ་མནོས་ནས་ཀྱང་སྦོས་ཤིག་པར་སྟོན་པའོ། །
དེ་ལྟ་བུའི་རྐྱེན་གྱིས་ནའོ་ཞེས་པ་ནི་གོང་མ་ལྟར་རུང་བར་ཡང་དགེ་ཚུལ་ལ་སོགས་པ་མེད་དམ་རྐུན་ཆོམ་ལ་སོགས་པའི་རྐྱེན་གྱིས་བརྟད་ན་གདོད་ཉེས་མེད་པར་སྟོན་པའོ། །ཤིང་རྟ་བསྒྱུར་བའི་ས་བཞག་ཅེས་པ་ནི་ཤིང་རྟའི་ནང་ན་དགེ་འདུན་གྱི་རྩང་ཡོད་ལ་བདག་ཀྱང་རྐྱེན་གྱིས་ཐེབས་ཏེ་དེར་མི་འཇུག་
ཏུ་མི་རུང་ན་ཤིང་རྟ་བསྒྱུར་བའི་ས་ཞོག་ལ་འདུག་ཤིག་པར་སྟོན་པའོ། །འགེངས་པ་ཡང་ངོ་ཞེས་པ་ནི་ཤིང་རྟར་ལྷུགས་ཤིང་འགེངས་པའི་ཚེ་ན་ཡང་ཤིང་རྟ་བསྒྱུར་བའི་ས་ཞོག་ཤིག་པའོ། །ནད་པས་ཞོན་པ་ན་ཡང་ངོ་ཞེས་པ་ནི་ནད་པ་ཤིང་རྟ་ལ་ཞོན་པའི་ཚེ་ན་ཡང་ཤིང་རྟ་བསྒྱུར་བའི་ས་ཞོག་ལ་ཞོན་
ཅིག་པའོ། །གྲུའི་ངོར་ཡང་ངོ་ཞེས་པ་ནི་གྲུར་འཇུག་པའི་ཚེ་ན་ཡང་གྲུའི་ངོར་མ་འདུག་ཤིག་པའོ། །དེ་འཛིན་པའི་གོ་ཡང་ངོ་ཞེས་པ་ནི་རུལ་མཉན་གྱིས་ཡང་ཞོག་ཤིག་པའོ། །དགེ་འདུན་གྱི་དང་སྨན་ལྡུད་ན་བསྐྱམས་པ་དང་དབྱུང་བ་དང་གཟར་བུས་ཕྱར་བ་དང་དབབ་པ་དང་ངོ་ཞེས་པ་ནི་དགེ་འདུན་

གྱི་ཟས་ལ་སོགས་པ་འཚེད་པའི་ཚེ་ལྡུད་དམ་བདག་གི་སྨན་ལ་སོགས་པ་ལྡུད་ན་ཐབས་འདི་དག་ལྟར་གྱིས་ཤིག་པའོ། །ཤིང་དབྱུང་བ་དང་མེ་བསད་པ་དང་གོས་ཀྱི་མཐའ་མ་ལ་སོགས་པས་རླུང་བརླབ་པའི་ནན་ཏན་སྔ་ནས་བྱ་ཞེས་པ་ནི་མདོ་གོང་མ་ལྟར་བྱ་བའང་འདི་ལྟ་བུའི་རིམ་གྲོ་སྔ་ནས་བྱས་
ཏེ། ཡང་མ་སློན་ནས་ལྡུད་ན་གདོད་གྱིས་ཤིག་པའོ། །གཞན་མེད་ཅིང་ཆོ་ག་མི་འགྲུབ་ན་ཆུ་བརྒལ་བའི་ཕྱིར་ཁྱེར་བ་བཏང་སྟེ་རྒྱགས་ཐུག་ཐུབ་ཏུ་བླངས་པ་ནི་རུང་ཞེས་པ་ནི་ཆུ་བརྒལ་བའི་ཚེ་རྒྱགས་མི་ཐོན་པ་ཐག་སྲད་ཀྱིས་གདགས་ཤིང་བསྙེན་པར་མ་རྫོགས་པ་འཛིན་དུ་གཞུག་པ་ལ་སོགས་
པའི་ཆོ་ག་ཡང་མི་འགྲུབ་ལ་རྒྱགས་གུད་ནས་ཀྱང་མི་རྙེད་པ་ཙམ་ཚོད་ན། བདག་ཉིད་ཀྱིས་ཐུག་ཐུབ་དུ་བླངས་ཀྱང་བླ་བར་སྟོན་པའོ། །ཁྱེར་བ་མེད་ན་སྦྱིན་བདག་ཚུགས་སུ་གཞུག་ཅེས་པ་ནི་རྒྱགས་ཁྱེར་བའི་མི་མེད་ན་ཡོན་བདག་ལས་རྙོས་ཤིག་པའོ། །ཁྱེར་བ་མ་གྲུབ་ན་བདག་གིས་སོ་ཞེས་
པ་ནི་དེ་ལྟར་བརྙས་ཏེ་མ་རྙེད་ནའང་བདག་གིས་ཁྱེར་ཅིག་པའོ། །དེ་ཉིད་བརྗེས་པས་བསྒྲུབ་ཅེས་པ་ནི་དྲོ་མལ་དུ་ཕྱིན་ན་བདག་གིས་བསྐུར་བསྐུར་བ་དང་བསྙེན་པར་མ་རྫོགས་པ་གཞན་གྱི་རྒྱགས་དང་བརྗེས་ཤིག་པའོ། །འདི་ལྟར་ཡང་མ་གྲུབ་ན་བཟའ་ཞེས་པ་ནི་དེ་ལྟར་བརྗེར་ཡང་མ་གྲུབ་ན་ཉིད་
ཀྱིས་བསྐུར་བསྐུར་བ་ཟོ་ཤིག་པར་སྟོན་པའོ། །འདིའམ་གཞན་བྱིན་ལེན་བྱེད་པ་མེད་ན་བྱིན་ལེན་མ་བྱས་ཀྱང་ངོ་ཞེས་པ་ནི་ཉིད་ཀྱིས་བསྐུར་བསྐུར་བའམ་གཞན་གྱིས་བསྐུར་བསྐུར་བ་བྱིན་ལེན་བྱེད་པ་མེད་ན་བྱིན་ལེན་མ་བྱས་པར་ཟོས་ཀྱང་བླ་བར་སྟོན་པའོ། །ཉིད་ཀྱིས་ཁྱེར་བ་དང་བྱིན་ལེན་
མ་བྱས་པར་བཟའ་བ་དེ་ལ་ནམ་གྱི་ཚེ་ཞེ་ན། ཟན་བཅད་ནས་སོ་ཞེས་པ་ཡིན་ཏེ་ཞག་གཅིག་སྨྱུང་ནས་གདོད་དེ་ལྟར་གྱིས་ཤིག་པའོ། །ཉི་མ་གང་ལ་ཟས་ཇི་ཙམ་དུ་བཟའ་ཞེ་ན་དང་པོའི་ཉིན་པར་ནི་སྟག་སྡེར་གྱིས་སོ་ཞེས་པ་དང་གཉིས་ནས་གཉིས་སོ་ཞེས་པ་དང་གསུམ་ནས་འགྲངས་དྲོད་
ཅེས་པ་ཡིན་ཏེ་དང་པོའི་ཉིན་པར་ཚད་གཉིས་བཟའ་བ་དང་ཞག་གསུམ་ཕྱིན་ཆད་འགྲངས་དྲོད་ཀྱིས་ཟུང་ཤིག་པར་སྟོན་པའོ། །འབྲས་བུ་དུས་མ་ཡིན་རུང་བར་མ་བྱས། བྱིན་ལེན་མ་བྱས་ཐུག་ཐུབ་བླངས་ཀྱང་བཟའ་ཞེས་པ་ནི་འབྲས་བུ་བག་མིང་གིས་སྨོས་པ་འདི་ལྟ་བུའི་ཚིག་དང་

མི་སྦྱར་བར་ཟོ་ཤིག་པའོ། །ཟས་མེད་ནའོ་ཞེས་པ་ནི་གོང་མ་ལྟར་རུང་བ་ཡང་ཟས་མེད་ན་གདོད་དེ་ལྟར་གྱིས་ཤིག་པའོ། །ཟས་མེད་དོ་ཆོག་ན་དེའམ་ཞེ་ན། བཀྲེས་ཆེས་ནའོ་ཞེས་པ་ཡིན་ཏེ་ལྟོགས་ཤིང་བཀྲེས་ཆེས་ན་གདོད་འདི་ལྟར་གྱིས་ཤིག་པའོ། །རྩ་བ་ཡང་ངོ་
ཞེས་པ་ནི་ཟས་མེད་ཅིང་ལྟོགས་ན་རྩ་བའི་བག་ཀྱང་དུས་མ་ཡིན་པ་ལ་སོགས་པ་གོང་མ་བཞིན་དུ་ཟོ་ཤིག་པའོ། །ཉིད་ཀྱིས་ལྷགས་དབྱུང་བཙོས་ཀྱང་ངོ་ཞེས་པ་ནི་ཟས་མེད་ཅིང་ལྟོགས་ན་འབྲས་བུ་ལྷགས་ཤིང་རྩ་བ་དབྱུང་བ་དང་བཙོ་བ་ལ་སོགས་པའང་གྱིས་ཤིག་པའོ། །བྱིན་ལེན་མ་བྱས་
པ་ལ་སོགས་པ་སྤྱོད་ཅིང་རྩོམ་མོ་ཅོག་ན་བྱང་གི་སྒྲ་མི་སྙན་གྱི་ཆོས་མངོན་པར་བསམ་ཞེས་པ་ནི་གོང་དུ་བྱིན་ལེན་མ་བྱས་ཀྱང་བླ་བར་སྟོན་པ་ལ་སོགས་པ་སྤྱོད་དོ་ཙོག་ན་བྱང་གི་སྒྲ་མི་སྙན་པ་སེམས་དགེ་ཞིང་དྲང་བས་བདག་གིར་མི་བྱེད་པ་བཞིན་དུ་སོམས་ཤིག་པའོ། །ལོ་མའམ་ལག་བཀྲུར་
ཡོད་ན་ཁ་གླུགས་སུ་མི་བཏུང་ཞེས་པ་ནི་ལག་བཀྲུས་ལ་སྙིམ་བས་བཏུང་བའམ་ལོ་མས་བཏུང་དུ་ཡོད་ན་ཁ་གླུགས་སུ་བཏུང་བར་མ་བྱེད་ཅིག་པའོ། །མེད་ན་མི་དབེན་པ་མ་ཡིན་ཞེས་པ་ནི་ཆུ་ཉུངས་སམ་ལོ་མ་མེད་ན་དབེན་པར་ཁ་གླུགས་སུ་འཐུངས་ཤིག་པའོ། །དེ་ན་ཆུ་ཡོད་ན་
ཁ་དགབ་པར་མི་བྱ་ཞེས་པ་ནི་བུམ་པ་ལ་སོགས་པའི་ནང་ན་ཆུ་ཡོད་ན་ཁ་དགབ་ཀྱིས་ཁོ་ན་ཤིག་པར་སྟོན་པའོ། །འདིའི་ཁ་དགབ་ནི་རྣམ་པ་གསུམ་མོ་ཞེས་པ་ནི་ཤིང་དང་རྡོ་ཁམ་པའི་འོ་ཞེས་པ་ཁ་གབ་རྣམ་པ་འདི་གསུམ་གྱི་རྒྱུ་ལས་གྱིས་ཤིག་པར་སྟོན་པའོ། །ཆུ་སྣོད་ཀྱི་གཞི་རྡོའམ་
ཤིང་གི་བཅང་ཞེས་པ་ནི་དེའི་གཞི་ཡང་རྡོའམ་ཤིང་ལས་གྱིས་ཤིག་པའོ། །འདབ་མ་སྣོད་ཀྱི་རྒྱུ་བྱིན་ལེན་མ་བྱས་ཀྱིས་ཉེས་མེད་ཅེས་པ་ནི་བཟའ་བའི་འདབ་མ་མ་ཡིན་གྱི་སྣོད་དུ་བྱ་བའི་འདབ་མ་ཡིན་ན་བྱིན་ལེན་བྱ་མི་དགོས་པར་སྟོན་པའོ། །འདིར་ལྷགས་པ་དང་མ་ལྷགས་པ་བྱེ་བྲག་
མེད་ཅེས་པ་ནི་ཤིང་གི་འདབ་མ་ལྷགས་ཀྱང་རུང་མ་ལྷགས་ཀྱང་རུང་བྱིན་ལེན་བྱ་མི་དགོས་པར་མཚུངས་སོ། །ལྷགས་པ་གཞན་མེད་ན་མ་ལྷགས་པ་སྤྱོད་ཅེས་པ་ནི་ཤིང་གི་འདབ་མ་རང་ལྷགས་པ་མེད་ན་གདོད་མ་ལྷགས་པ་སྤྱོད་ཅིག་པའོ། །གཞག་པ་བཏང་བའོ།། །།བྱིན་ལེན་

མ་བྱས་པར་ཟ་བའི་ལྟུང་བ་སྟོན་པར་འདོད་པ་ནི། ཡོན་བདག་གིས་སྙིང་ནས་བཏང་ལ་སྦྱིན་པར་བྱེད་པ་གཞན་མེད་ན་ཉིད་ཀྱིས་བླངས་ལ་བཟའ་ཞེས་པ་ནི་དགེ་སློང་དགོན་པའི་སྣོད་དུ་ཡོན་བདག་གིས་ཟས་གཞག་པ་དང་བཅོམ་ལྡན་འདས་འཁོར་དང་བཅས་པ་ཡོན་བདག་ཅིག་གིས་སྤྱན་
དྲངས་པའི་ཚེ་ཚོང་ཁང་མེས་ཚིག་པར་ཀུན་དོང་ནས་བྱིན་བར་བྱེད་པ་མེད་པའི་ཚེ་ཉིད་ཀྱིས་ལོངས་ལ་ཟོ་ཤིག་ཅེས་གསུངས་པ་ལྟ་བུ་ཡིན་ཏེ་ཡོན་བདག་གིས་སྙིང་ནས་བྱིན་ལ་སྦྱིན་པར་བྱེད་པ་མེད་ན་ཉིད་ཀྱིས་བླངས་ཏེ་ཟོས་ཀྱང་བླ་བར་སྟོན་པའོ།། །།བྱིན་ལེན་གྱི་མཚན་ཉིད་སྟོན་པ་ནི། མངོན་
སུམ་མཚམས་ཀྱི་ནང་རྣལ་མའི་ཕྱོགས་ན་འདུག །ལག་པ་བཀན། ལུས་སམ་དེ་དང་འབྲེལ་བས་ལེན་ནུས་ན་བསྙེན་པར་མ་རྫོགས་པ་མི་མ་ཡིན་ཡང་བླ་སྦྱིན་པར་སེམས། ཡན་ལག་དེ་དང་འབྲེལ་བས་སྦྱིན་ལ་བཟེད་དེ་བླངས་ནའོ་ཞེས་པ་ཡིན་ཏེ་འདི་དག་ལྟར་བྱས་ན་གདོད་ཕྱིན་
ལེན་དུ་རུང་བར་སྟོན་པ་སྟེ་དེ་ལ་མངོན་སུམ་ཞེས་པ་ནི་གློ་གཡས་གཡོན་དང་རྒྱབ་ནས་མ་ཡིན་གྱི་མདུན་ནས་དྲང་པོར་བྱིན་པའོ། །མཚམས་ཀྱི་ནང་ཞེས་པ་ནི་ཆུ་དང་ས་སྒལ་ལ་སོགས་པས་མ་ཆོད་པའོ། །རྣལ་མའི་ཕྱོགས་ན་འདུག་ཅེས་པ་ནི་སྟེང་དང་ཤོད་ལྟ་བུའམ་སྟེགས་བུ་ལ་
སོགས་པ་ཁྲི་འཕང་མཐོན་དམན་མ་ཁྱེར་བར་ས་མཉམ་པའོ། །ལུས་སམ་དེ་དང་འབྲེལ་ཞེས་པ་ནི་ལག་པ་ཉིད་དམ་ལྷུང་བཟེད་ལ་སོགས་པ་ལག་ཏུ་ཐོགས་པས་བཟེད་པའོ། །ལེན་ནུས་ན་བསྙེན་པར་མ་རྫོགས་པ་དང་མི་མ་ཡིན་ཡང་བླ་ཞེས་པ་ནི་ཟས་སམ་རྫས་ལེན་ཅིང་སྦྱིན་
ནུས་ན་བྱིན་པ་ཡན་ཆད་ཀྱང་བླང་བ་དང་། རྟ་དང་གླང་པོ་ཅང་ཤེས་ཀྱིས་བྱིན་ཡང་བླང་བའོ་སྦྱིན་པར་སེམས་ཞེས་པ་ནི་གྱི་ནར་འདོར་བ་མ་ཡིན་གྱི་སྦྱིན་བ་ཁོ་ནར་བསམས་པའོ། །ཡན་ལག་དང་དེ་དང་འབྲེལ་ཞེས་པ་ནི་ལག་པ་ཉིད་དམ་གཟར་བུ་ལ་སོགས་པ་ཐོགས་པས་བྱིན་པའོ། །
བཟེད་ཅེས་པ་ནི་<སྟེད་‚སྟེང་>ནས་བླང་བ་མ་ཡིན་གྱི་འོག་ནས་བཟེད་པའོ། །སྨོད་པའི་སྐྱེ་བོ་ལ་བསྟན་ནས་དཀྱིལ་འཁོར་དུ་གཞག་པ་ཡང་ངོ་ཞེས་པ་ནི་ཡུལ་ཁ་ཅིག་ན་བྱིན་ལེན་བྱེད་པ་ལ་སྨོད་ཅིང་མི་དགའ་ན་དཀྱིལ་འཁོར་གྱི་སྟེང་དུ་ཞོག་ཤིག་པར་བརྡ་བྱས་ཏེ་གཞག་པ་ཡང་བྱིན་ལེན་དུ་

རུང་བར་སྟོན་པའོ། །ལྷུང་བཟེད་དང་དེའི་གཞི་ནི་གཅིག་གོ་ཞེས་པ་ནི་ལྷུང་བཟེད་ཀྱི་གཞོང་པ་ལ་སོགས་པ་ཡིན་ན་ལྷུང་བཟེད་དུ་འོངས་པའམ་གཞོང་པའི་སྟེང་དུ་འོངས་པ་འདྲ་བར་སྟོན་པའོ། །ཡལ་ག་ནི་སྤྲའི་སྤྱོད་ཡུལ་བས་ན་དེ་རྣལ་མའི་ས་མ་ཡིན་པར་མི་འགྱུར་
ཞེས་པ་ནི་སྤྲས་ཤིང་ཐོག་ཤིག་གི་སྟེང་ནས་བྱིན་པ་ལ་སྤྲའི་སྤྱོད་ཡུལ་ཉིད་དེ་ཡིན་པས་ན་རྣལ་མའི་ས་ཕྱོགས་མ་ཡིན་པར་ཐེ་ཚོམ་མ་བྱེད་ཅིག་པའོ། །ཁྲི་དང་ཁྲིའུ་དང་ཐུ་བ་དང་གཞོང་པས་འབྲས་བུ་བཟེད་དེ་བླངས་པ་མི་རུང་བ་མེད་ཅེས་པ་ནི་མིང་གིས་སྨོས་པ་འདི་དག་གིས་ཤིང་ཐོག་བཟེད་དེ་
བླངས་ན་ཡང་བྱིན་ལེན་དུ་མི་རུང་བ་མེད་པར་སྟོན་པའོ། །དེ་དག་གནས་པས་མི་སྨྲ་བར་བརྟག་ཅེས་པ་ནི་ཤིང་ཐོག་བརྟག་པའི་ཚེ་གནས་ཀྱིས་མ་ཡིན་གྱི་ཤིང་ཐོག་གནས་པས་མི་སྨྲ་རྟོགས་ཤིག་པའོ། །སྙོམས་པར་འདྲིམ་པ་ལ་དགའ་བར་བྱས་ཞེས་བྱ་བ་ནི་ཕམ་རྒྱལ་མ་བྱེད་པར་འདྲིམ་པ་ལ་དགའ་བར་
གྱིས་ཤིག་པའོ། །བྱིན་ལེན་བྱས་ནས་དགེ་སློང་གིས་བྲིམ་དུ་རུང་ཞེས་པ་ནི་བྱིན་ལེན་བྱས་པའི་འོག་ཏུ་དགེ་སློང་ཉིད་ཀྱིས་ཁྱེར་ཏེ་བྲིམས་ཀྱང་བླ་བའོ། །རྩྭ་དང་འདབ་མ་ལ་སོགས་པས་གོས་ཀྱི་གཟན་བྱས་ལ་མར་དང་སྦྲང་རྩི་དང་བུ་རམ་གྱི་བུམ་པ་བྲིམ་ཞེས་པ་ནི་མིང་གིས་སྨོས་པ་འདི་དག་ལྟ་
བུ་བྲིམ་པའི་ཚེ་རྩྭ་དང་ལོ་མ་ལ་སོགས་པས་གོས་ཀྱི་གཟན་གྱིས་ཤིག་པའོ། །བྲིམ་པ་རབ་དང་འབྲིང་དང་ཐ་མར་དབྱེ་ཞེས་པ་ནི་ཤིང་ཐོག་ལྟ་བུ་བྲིམ་པའི་རྫས་བཟང་པོའང་བཟང་པོ་ཤ་སྟག་ཏུ་དབྱེ། ངན་པའང་ངན་པ་ཤ་སྟག་ཏུ་ཕྱེ་སྟེ་རབ་འབྲིང་གི་རིམ་པར་ཕྱེ་ལ་གདོད་དེ་ལྟར་བྲིམས་ཤིག་
པའོ། །ཤིང་ཏོག་ཨ་མྲ་ཞིམ་པོ་ལོགས་ཤིག་ཏུ་བྲིམ་ཞེས་པ་ནི་ཨ་མྲ་འང་ཞིམ་ང་བའི་རིམ་པ་ཐ་དད་དུ་ཕྱེ་ལ་བྲིམས་ཤིག་པའོ། །མཁན་པོ་དང་སློབ་དཔོན་གྱིས་འདྲིམ་པའི་མནོད་ཅེས་པ་ནི་འདྲིམ་པ་ཤོས་སྐལ་ཤས་འདི་དག་གིས་ནོས་ཤིག་པའོ། །མི་འཐོབ་པ་ཐོབ་པ་ནི་དྲུང་ན་འདུག་པས་སོ་
ཞེས་པ་ནི་གོང་མ་ལྟ་བུར་མཁན་པོ་དང་སློབ་དཔོན་གྱིས་ཁ་བཟུང་བས་འདྲིམ་པ་རྒྱལ་ན་འདྲིམ་པ་ཉིད་ཀྱི་གྲལ་གར་དབབ་པའི་དྲུང་ན་འདུག་པས་ནོས་ཤིག་པའོ། །དུ་མ་ན་སྟན་མ་ཤོར་བར་བླང་ནུས་པ་ཚུན་ཆད་དོ་ཞེས་པ་ནི་འདྲིམ་པ་དུ་མ་ཤིག་གི་སྐལ་ཤས་མནོས་དགོས་ན་བདག་གི་སྟན་ལས་མ་

འཕགས་པར་སླེབས་པ་ཚུན་ཆད་ཀྱི་ནོས་ཤིག་པའོ། །འབྲིམ་པ་ཉིད་ཀྱིས་སྟན་ལས་མ་འཕགས་པར་འཛིན་ནུས་ན་བྱིན་ལེན་མི་འཇིག་ཅེས་པ་ནི་ཤིང་ཐོག་ལྟ་བུ་བདག་གི་སྟན་ལས་མ་འཕགས་པར་བསྙབས་ཏེ་སླེབས་པ་ཚུན་ཆད་བྱིན་ལེན་དུ་རུང་བར་སྟོན་པའོ། །སྦྲང་བུ་དང་གྲོག་སྦུར་ལ་སོགས་པས་མ་
རེག་པ་ཡང་ངོ་ཞེས་པ་ནི་སྡེར་ལ་འདི་དག་ཙམ་གྱི་རེག་པ་ནི་བྱིན་ལེན་མི་འཇིག་པར་སྟོན་པའོ། །དགེ་སློང་གིས་མ་ཤོར་ན་གཞན་གྱིས་ཀྱང་ངོ་ཞེས་པ་ནི་དགེ་སློང་ཉིད་ཀྱིས་སྡེར་བཟུང་བཞིན་དུ་མི་ལ་སོགས་པ་གཞན་གྱིས་རེག་ཀྱང་བྱིན་ལེན་མི་འཇིག་པར་སྟོན་པའོ། །བྱི་བས་ནི་འཇིག་པར་བྱེད་ཅེས་པ་ནི་འདིས་ནི་
འཇིག་པར་སྟོན་པའོ། །བྱིན་ལེན་སློས་པས་ནི་མི་རུང་བ་མེད་ཅེས་པ་ནི་ཐེ་ཚོམ་ལ་སོགས་པས་བྱིན་ལེན་སླར་སློས་ན་མི་རུང་བ་མེད་པར་སྟོན་པའོ། །འབྲིང་འདུ་ཤེས་བརྩན་པའི་ཡུལ་གང་ཞེ་ན། བྱིན་ལེན་མ་བྱས་པར་ནའོ་ཞེས་པ་ཡིན་ཏེ་བྱིན་ལེན་མ་བྱས་པར་ཤེས་ན་གདོད་ཉེས་པར་འགྱུར་བའོ། །ཇི་མ་
བླངས་ཤེ་ན། ཆུ་དང་སོ་ཤིང་མ་གཏོགས་པའི་ཟས་ལས་སོ་ཞེས་པ་ཡིན་ན། དེ་ཡང་ཇི་ལྟར་བྱས་པས་ཤེ་ན། ཁ་ནས་ཟོས་ནའོ་ཞེས་པ་ཡིན་ཏེ་རྣ་བ་ལ་སོགས་པ་གཞན་ནས་མ་ཡིན་ན་གདོད་ཉེས་པར་འགྱུར་བའོ། །ཡུལ་ཐམས་ཅད་དུའང་དེ་ལྟའམ་ཞེ་ན། བྱང་གི་སྒྲ་མི་སྙན་མ་ཡིན་ཞེས་
པ་ནི་བྱང་གི་སྒྲ་མི་སྙན་དུ་དེ་ལྟར་བྱ་མི་དགོས་པའོ། །བསྙེན་པར་རྫོགས་པ་མེད་ན་བསྙེན་པར་མ་རྫོགས་པས་ནད་པར་བསྟབས་ཞེས་པ་ནི་ནད་པ་ཉིད་ཀྱི་ཟ་མ་མི་ནུས་པའི་ཚེ་སྟོབས་པ་དགེ་སློང་མེད་ན་བསྙེན་པར་མ་རྫོགས་པས་བསྟབས་ཀྱང་བླ་བའོ། །བསྙེན་པར་མ་རྫོགས་པ་ཡང་བསྟབས་
ཞེས་པ་ནི་བསྙེན་པར་མ་རྫོགས་པའི་ནད་པ་དགེ་སློང་གིས་བསྟབས་ཏེ་བསྙོན་ཀྱང་འགལ་བ་མེད་བར་སྟོན་པའོ། །བྱིན་ལེན་མ་བྱས་པར་ཟ་བའོ།། །།ཟས་བསོད་པ་སློང་བའི་ལྟུང་བ་སྟོན་པར་འདོད་པ་ནི། འོ་མ་དང་ཞོ་དང་མར་སར་དང་ཉ་དང་ཤ་སྐམ་རྣམས་ཟས་བསོད་པའོ་ཞེས་པ་ལ་སོགས་པ་
ཡིན་ཏེ་མིང་གིས་སྨོས་པ་འདི་དག་ལ་སོགས་པ་བསོད་པའི་ཟས་ཡིན་པར་སྟོན་པའོ། །དེ་དག་ལས་བྱེད་ཅེས་པ་ནི་གོང་དུ་མིང་གིས་སྨོས་པའི་ཟས་དེ་དག་ལས་ཉེས་པར་འགྱུར་བར་སྟོན་པའོ། །སྦྱིན་བདག་གཉེན་མ་ཡིན་པ་དང་ཁྱིམ་པ་ནའོ་ཞེས་པ་ནི་བསོད་པའི་ཟས་དེ་དག་ཀྱང་ཁྱིམ་པ་དང་

གཉེན་མ་ཡིན་པ་ལས་བསླངས་ན་གདོད་ཉེས་པར་འགྱུར་བར་སྟོན་པའོ། །ཉིད་ཀྱིས་བསླངས་ཏེ་ཟོས་ནའོ་ཞེས་པ་ནི་<ད་‚དེ་>དག་ཀྱང་ཉིད་ཀྱིས་བསླངས་ཏེ་ཟོས་ན་གདོད་ཉེས་པར་འགྱུར་བའོ། །སློང་བའི་ཚེ་ཉེས་པ་ཅིར་འགྱུར་ཞེ་ན། སློང་བ་དང་བཅུག་པ་ནི་ཉེས་བྱས་ཞེས་པ་ཡིན་ཏེ་ཉིད་
ཀྱིས་སློང་བ་དང་གཞན་སློང་དུ་བཅུག་ཏེ་ཟོས་པ་ཉེས་བྱས་སུ་འགྱུར་བར་སྟོན་པའོ། །ཐམས་ཅད་ལ་ཉེས་པར་འགྱུར་རམ་ཞེ་ན། ནད་པ་མ་ཡིན་པ་དང་ཅི་བདེར་བསྟབས་པ་མ་བྱས་པ་ལས་སོ་ཞེས་པ་ཡིན་ཏེ་ནད་པ་དང་ཅི་བདེ་བར་བསྟབས་པ་མ་ཡིན་ན་གདོད་ཉེས་པར་སྟོན་པའོ། །དེ་ལྟ་བས་ན་གལ་
ཏེ་རྙེད་དུ་ཟིན་ཀྱང་ངན་པའམ་བསོད་པ་འདྲ་བའམ་བཟང་པོ་གཞན་བསླངས་ནའོ་ཞེས་པ་ནི་ཡོན་བདག་གིས་གཉེར་ཅིང་བོས་སུ་ཟིན་གྱིས་ཀྱང་བཟང་པོ་ལས་ངན་པར་སློང་ངམ། མི་བསོད་པ་ལས་བསོད་པ་སློང་མཚུངས་པ་སློང་ངམ། བཟང་པོར་བསྡམས་ཤིང་སློང་ན་རྙེད་པའི་ཚེ་རྩ་བའི་ཉེས་
པར་སྟོན་པའོ། །ངན་པ་བསླངས་པ་ཡང་དེ་ལྟའམ་ཞེ་ན། འདིར་ངན་པ་ནི་བྱེད་དོ་ཞེས་པ་ནི་ངན་པར་བསླངས་ཏེ་ཟོས་ན་ནི་ཉེས་བྱས་སུ་སྟོན་པའོ། །ཅི་བདེར་བསྟབས་པ་ཇི་ལྟ་བུ་ཡིན་པའི་མཚན་ཉིད་སྟོན་པ་ནི། བསོད་སྙོམས་ཁྱེར་ཏེ་འོངས་པ་ལས་ཁ་རོག་པར་འདུག་གམ་བཀྱིགས་པ་དང་འོ་
ན་ཅི་སློང་ཞེས་པ་འདྲི་བ་ནི་ཅི་བདེར་བསྟབས་པའོ་ཞེས་པ་ཡིན་ཏེ། འདི་དག་ལྟར་བྱ་བའི་ཚེ་འོ་ན་ཅི་འདོད་ཅེས་ཟེར་བ་ཡན་ཆད་ཅི་བདེར་བསྟབས་པའི་ཁོངས་སུ་གཏོགས་པར་སྟོན་པའོ། །བསོད་པ་སློང་བའོ།། །།སྲོག་ཆགས་དང་བཅས་པ་སྤྱོད་པའི་ལྟུང་བ་སྟོན་པར་འདོད་པ་ནི། ཉིད་ཀྱིར་སྤྱོད་
པའི་ཕྱིར་བྱེད་དམ་བྱེད་དུ་བཅུག་ནའོ་ཞེས་པ་ལ་སོགས་པ་ཡིན་ཏེ་བདག་ཉིད་ཀྱི་ཆེད་དུ་སྤྱད་པའི་ཕྱིར་སྲོག་ཆགས་དང་བཅས་པ་སྤྱད་དམ་སྤྱོད་དུ་བཅུག་ན་ལྟུང་བར་སྟོན་པའོ། །འབྲིད། འདུ་ཤེས་བརྩན་པ་གང་ཞེ་ན། སྲོག་ཆགས་དང་བཅས་ནའོ་ཞེས་པ་ཡིན་ཏེ་སྲོག་ཆགས་དང་བཅས་པར་ཤེས་
བཞིན་དུ་སྤྱོད་ན་གདོད་ཉེས་པར་འགྱུར་བའོ། །སྲོག་ཆགས་དང་བཅས་པའི་དངོས་པོ་ཉིད་གང་ཞེ་ན། ཆུ་མར། འབྲུ་མར། སྦྲང་རྩི་བུ་རམ་འོ་མ། ཞོ་མར་སར། རྐུན་ཚེ། ཚ་ཞོ་ཁུ། རྩབ་མོ། འབྲས་བུ་བཅས་པ་ལ་སོགས་པ་རྣམས་སྤྱོད་པའོ་ཞེས་པ་ཡིན་ཏེ་མིང་གིས་སྨོས་པ་འདི་དག་

སྲོག་ཆགས་དང་བཅས་པར་ཤེས་ན་ཉེས་པར་འགྱུར་བའོ། །ཇི་ལྟ་བུའི་སྲོག་ཆགས་དང་བཅས་པས་ཉེས་པར་འགྱུར་ཞེ་ན། མཐོང་བའོ་ཞེས་པ་ཡིན་ཏེ་མིག་གིས་གསོད་པའི་སྲོག་ཆགས་ཡོད་ན་གདོད་ཉེས་པར་འགྱུར་བའོ། །དེའང་གང་གི་ཚེ་ཉེས་པར་འགྱུར་ཞེ་ན། ཤི་ནའོ་ཞེས་པ་ཡིན་ཏེ་
དེ་དག་ཤི་ན་གདོད་ཉེས་པར་འགྱུར་བའོ། །སྲོག་ཆགས་དུ་མ་ཤི་ཡང་ལྟུང་བ་གཅིག་ཏུ་ཟད་དམ་ཞེ་ན། སྲོག་ཆགས་རེ་རེའོ་ཞེས་པ་ཡིན་ཏེ་སྦྱོར་བ་གཅིག་གིས་དུ་མ་ཤི་ཡང་སྦྱོར་བ་གཅིག་ལ་ལྟུང་བ་དུ་མར་འགྱུར་བ་དང་སྦྱོར་བ་དུ་མས་སྲོག་ཆགས་དུ་མ་ཤི་ན་ཡང་སྦྱོར་བ་དང་ལྟུང་བ་སོ་སོའི་གྲངས་བཞིན་
དུ་སྦྱོར་བའོ། །ལུས་ཀྱི་ཡོ་བྱད་དུ་སྤྱོད་པ་ནི་སྤྱད་པའོ་ཞེས་པ་ནི་ལུས་ཀྱི་དགོས་པར་སྤྱོད་དོ་ཅོག་སྤྱོད་པར་སྟོན་པའོ། །དེའི་དངོས་ཉིད་སྟོན་པ་ནི། འདི་ལྟ་སྟེ་བཀྲུ་བ་བཏུང་བ། སོ་ཤིང་བཟའ་བ། རྐ་ལག་བཀྲུ་བ་རྣམས་སོ་ཞེས་པ་ཡིན་ཏེ་མིང་གིས་སྨོས་པ་འདི་དག་ལ་སོགས་པ་ལུས་ཉིད་ཀྱི་ཡོ་
བྱད་དུ་སྟོན་པའོ། །ལུས་ཀྱི་ཡོ་བྱད་དུ་དགོས་པ་ཡང་ལུས་ཀྱི་སྤྱོད་པ་ཡིན་པར་སྟོན་པའོ། །གང་ཡོ་བྱད་ཀྱིར་དགོས་པ་ནི་སྤྱོད་པའོ་ཞེས་པ་ནི་ཡིན་ཏེ་ལུས་ཀྱི་ཡོ་བྱད་ཀྱི་ཆེད་དུ་འགྲོ་བ་དེ་དག་ཀྱང་ལུས་ཀྱི་སྤྱོད་པའི་ཁོངས་སུ་གཏོགས་པའོ། །ལུས་ཀྱི་ཡོ་བྱད་དེ་དག་གང་ཞེ་ན། བཟའ་བ་དང་ལྷུང་བཟེད་
དང་གོས་དང་གནས་དང་སོ་ཤིང་དང་མེ་ལ་སོགས་པ་ནི་ལུས་ཀྱི་ཡོ་བྱད་དོ་ཞེས་པ་རྣམས་ཡིན་ནོ། །ལུས་ཀྱི་ཡོ་བྱད་དེ་དག་ཡོ་བྱད་དུ་བྱ་བ་གང་ཞེ་ན། ས་དང་ལྕི་བ་དང་ཚོན་དང་རྩི་ཤིང་ལ་སོགས་པ་ནི་དེ་དག་གིའོ་ཞེས་པ་ཡིན་ཏེ་ས་དང་རྩི་ཤིང་མིང་གིས་སྨོས་པ་འདི་དག་ལ་སོགས་པ་ནི་ལུས་ཀྱི་ཡོ་བྱད་དེའི་
ཡང་ཡོ་བྱད་དུ་སྟོན་པའོ། །ལུས་ཀྱི་ཡོ་བྱད་དེ་དག་གི་དགོས་པ་ཉིད་གང་ཞེ་ན། དེ་དག་གི་དགོས་པ་ནི་འདི་ལྟ་སྟེ། བཤལ་བ་དང་བཀྲུ་བ་དང་འཚེད་པ་དང་འདེབས་པ་དང་ཕྱག་པ་དང་ཐུག་པ་ཞུ་བ་དང་ཐུག་པ་རྣམས་སུ་བྱེད་པའོ་ཞེས་པ་ཡིན་ཏེ་ཆུ་ལ་སོགས་པ་འདི་དག་ཡོ་བྱད་དེའི་དགོས་པ་ཡིན་ནོ་བར་
སྟོན་པའོ། །ཡུར་བ་གཅོད་ཅིང་གཏོང་བ་ཡང་ངོ་ཞེས་པ་ཡུར་ཆུ་བཅད་རྐ་བསྒྱུར་བས་སྲོག་ཆགས་ཁ་དག་ན་ཡང་ཇི་སྙེད་པ་ཁ་དག་པ་རྙེད་ཀྱི་ལྟུང་བར་སྟོན་པའོ། །ཤིང་དང་གཟིངས་འཇུག་ཅིང་འདྲེན་པ་དང་འདོན་པ་ཡང་ངོ་ཞེས་པ་ནི་ཤིང་གཟིངས་ཆུར་འཇུག་གམ་འདྲེན་ཏམ་འདོན་པས་སྲོག་

ཆགས་ཤི་ན་ཡང་ལྟུང་བར་སྟོན་པའོ། །ཅིག་ཐང་ལས་གཞན་སྤུ་ཅན་ལ་སོགས་པས་ཁྲུས་བྱེད་ནའོ་ཞེས་པ་ནི་ཁྲུས་རས་ཅིག་ཐང་མ་ཡིན་པའི་ཉི་རིམ་དང་སྤུ་ཅན་ལ་སོགས་པས་ཁྲུས་བྱེད་ན་ཡང་ཉེས་པར་སྟོན་པའོ། །སྲོག་ཆགས་ལྷག་པར་ཕལ་ཆེ་བའི་ཆུ་དེས་ཀྱང་སྦྱོར་རོ་ཞེས་པ་ནི་སྲོག་
ཆགས་ཕལ་ཆེ་ན་ཁྲུས་རས་ཅིག་ཐང་ལས་ཀྱང་ཉེས་པར་སྟོན་པའོ། །སྲོག་ཆགས་དང་བཅས་པར་སྤྱོད་པའོ།། །།ད་ནི་ཕྲན་ཚེགས་ལ་སོགས་པ་ལས་སྲོག་ཆགས་དང་བཅས་པ་མེད་པར་བྱེད་པའི་ཆོ་ག་སྟོན་པ་ནི་ཤིང་ཚགས་བཅང་ཞེས་པ་ལ་སོགས་པ་ཡིན་ཏེ་འདི་ལྟ་བུའི་ཚགས་གྱིས་ཤིག་པར་སྟོན་པའོ། །
འདིའི་དངོས་ཉིད་སྟོན་པ་ནི། སྣོད་བཟེད་པའི་སྟེང་དུ་གདགས་པའི་ཕྱིར་ཤིང་གསུམ་ལྕགས་གཟེར་གྱིས་བཏབ་པ་ལ་བླུགས་པའི་ཆུ་འཛག་པའི་ཆུ་ཚགས་འདོགས་པ་ནི་དེའི་ཞེས་པ་ཡིན་ཏེ་ཤིང་གསུམ་སྤྱི་བསྡུས་པ་ལ་ཚགས་བཏགས་ནས་དེར་བླུགས་ཤིང་འཚགས་པ་ནི་ཤིང་ཚགས་ཞེས་བྱ་བ་ཡིན་
པར་སྟོན་པའོ། །ཆུ་ཚགས་ལ་ཆུ་གནས་པའི་ཚངས་གཞུག་ཅེས་པ་ནི་སྲོག་ཆགས་ལ་མི་གནོད་ཅིང་ཆུ་ལྟེང་བར་བྱ་བའི་ཕྱིར་ཚགས་ཀྱི་ནང་དུ་ཚངས་ཆུག་ཤིག་པའོ། །ཚངས་དེ་རྒྱུ་ཅི་ལས་བྱ་ཞེ་ན། བྱེ་མའམ་ལྕི་བས་སོ་ཞེས་པ་ཡིན་ཏེ་བྱེ་མ་སོལ་བུའམ་ལྕི་བུར་གྱིས་ཤིག་པའོ། །བཟེད་པའི་
སྣོད་ཀྱང་ཞེས་པ་ནི་ཡང་ན་ཚགས་ཀྱི་ཞབས་ནས་སྣོད་གྱིས་ཤིག་པའོ། །དེའང་རྒྱུ་ཅི་ལས་ཤེ་ན། ཁམ་པའམ་ཟངས་གང་ཡང་རུང་ཞེས་པ་ཡིན་ཏེ་རྒྱུ་འདི་གཉིས་གང་ལས་བྱས་ཀྱང་བླ་བར་སྟོན་པའོ། །འདི་ཤིང་གསུམ་ལ་གདགས་ཞེས་པ་ནི་བཟེད་པའི་སྣོད་དེ་ཤིང་གསུམ་ལ་ཐོགས་ཤིག་
པའོ། །ཐབས་ཇི་ལྟར་གདགས་ཤེ་ན། ལུང་ནས་བརྟོད་ཅེས་པ་ཡིན་ཏེ་བཟེད་པའི་སྣོད་དེ་ལ་གདགས་པའི་ལུང་དེ་ལས་ཐོགས་པའོ། །ཅི་གདགས་ཤེ་ན། སྔ་མ་སྲད་བུས་སོ་ཞེས་པ་དང་ཕྱི་མ་ལྕགས་ཐག་འཇམ་པོས་སོ་ཞེས་པ་ཡིན་ཏེ་ཁམ་པའི་སྣོད་ཡིན་ན་ནི་སྲད་བུས་གདགས་ཟངས་
ཀྱི་ཡིན་ན་ནི་ལྕགས་ཐག་འོ་བཟེབས་ཐོགས་ཤིག་པའོ། །འདི་བཅང་ཞེས་པ་ནི་སྣོད་དེ་ལྟ་བུ་ཆེད་དུ་ཆོངས་ཤིག་པའོ། །ཆུ་མི་འཛག་ན་ཆུ་ཚགས་ལ་སྤང་ལེབ་ཀྱིས་ཡང་གདབ་ཡང་གདབ་བྱ་ཞེས་པ་ནི་ཆུ་འཛག་ཏུ་མི་བཏུབ་ན་ཐབས་འདི་ལྟར་གྱིས་ཤིག་པའོ། །སྦུབས་ཚགས་ནི་བླའོ་ཞེས་པ་ནི་ཡང་

ན་སྦུབས་ཚགས་གྱིས་ཤིག་དང་གྲོན་ཆུང་ཞིང་བླའོ་བར་སྟོན་པའོ། །འདི་བཅང་ཞེས་པ་ནི་སྦུབས་ཚགས་དེ་གང་ཟག་གིས་ཀྱང་ཆོངས་ཤིག་པའོ། །དེ་རྒྱུ་ཅི་ལས་བྱ་ཞེ་ན། ཁམ་པའམ་ཟངས་ལས་སོ་ཞེས་པ་ཡིན་ནོ། །འདི་དབྱིབས་ཇི་ལྟ་བུ་ཞེ་ན། བུམ་པ་ལྟ་བུ་ཁ་ཞབས་སུ་གདོད་ཅིང་པདྨོ་ལྟ་བུ་
ལ་བུ་ག་གདོད་ཅེས་པ་ཡིན་ཏེ་དབྱིབས་བུམ་པ་ལྟ་བུ་ལ་ཞབས་ནས་པདྨོའི་སྙིང་པོ་ལྟ་བུ་ནང་དུ་རློ་བར་བྱས་པ་ལ་བུ་ག་མང་དུ་ཐོད་ཅིག་པའོ། །རས་མར་བཙག་གོ་ཞེས་པ་ནི་བུ་ག་བཏོད་པ་དེའི་སྟེང་རས་གཡོགས་ལ་ཚོགས་ཤིག་པའོ། །ཚགས་བཤམ་ཞེས་པ་ནི་ཚགས་ཐ་མལ་པའང་གྱིས་
ཤིག་པའོ། །དེའང་ཇི་ལྟ་བུར་བྱ་ཞེ་ན། ཚགས་དང་ཆོས་བྱེད་དང་རས་མ་རྐྱང་པའོ་ཞེས་པ་ཡིན་ཏེ་ཚགས་ཐ་མལ་པ་ལྟ་བུ་དང་བུམ་པའམ་ཤིང་ལ་བསྐོན་པའི་ཚགས་སམ་རས་མ་རྐྱང་པ་རྣམས་གང་ཡང་རུང་སྟེ་འདི་དག་ལྟ་བུ་ཆོངས་ཤིག་པའོ། །བུམ་བུའམ་ཀུ་འདེར་བརྟགས་པའི་ཁྱེར་བ་དང་།
ཡོད་པ་ཡང་དེ་བཞིན་ཞེས་པ་ནི་གུད་དུ་འགྲོ་བའི་ཚེ་བཙགས་པའི་ཆུ་ཁྱེར་རམ་དེ་བཞིན་སྲོག་ཆགས་མེད་པའི་ཆུ་ཡོད་ན་ཆུ་ཚགས་ཁྱེར་བ་དང་འདྲ་བར་སྟོན་པའོ། །འདི་མེད་པར་ཡུལ་རྒྱུ་བ་མི་སྤྱོད་ཅེས་པ་ནི་ཆུ་ཚགས་མེད་པར་མགྲོན་དུ་མ་འགྲོ་ཤིག་པའོ། །འགྲོ་བའི་བླ་བ་བསླབ་པ་གཞན་ཡང་སྟོན་པ་ནི།
འཁོན་པ་དང་མི་འགྲོགས་ཞེས་པ་ལ་སོགས་པ་ཡིན་ཏེ་འཁོན་ཡོད་པ་དང་འགྲོགས་ཏེ་མ་འདོང་ཤིག་པའོ། །གལ་ཏེ་རྐྱེན་དེ་འདྲ་བ་ཞིག་ན་བཟོད་པ་བྱ་སྟེའོ་ཞེས་པ་ནི་འགྲོགས་ཏེ་མ་སོང་ན་འཚོ་བ་དང་དགེ་སྦྱོང་གི་བར་ཆད་དུ་འགྱུར་བ་ལ་སོགས་པའི་རྐྱེན་གྱིས་ཐེབས་ན། འཁོན་བཤགས་ཤིང་བཟོད་པ་
གསོལ་ལ་གདོད་འགྲོགས་ཏེ་དེང་ཤིག་པའོ། །དགོས་པ་བྱར་ཡོད་ན་ཡོད་པའོ་ཞེས་པ་ནི་ཚགས་ཁྱིམ་དུ་ལུས་པའམ་སྤྱད་ཀར་མེད་པ་མ་ཡིན་གྱི་སྤྱད་ཀར་ཡོད་ན་བརྙས་ཏེ་ཡོད་ཀྱང་ཡོད་པའི་ཁོངས་སུ་གཏོགས་པའོ། །དེ་ལྟ་བས་ན་འདིར་གཞན་གྱིས་བཤུགས་པར་དམ་བཅས་ན་དེ་བཞིན་ཞེས་པ་གོང་མ་
ལྟར་སྤྱད་ཀར་ཡོད་ན་གདོད་ཡོད་པ་ཡིན་པས་ན་གུད་དུ་འགྲོ་བའི་ཚེ་གྲོགས་གཞན་གྱིས་ཚགས་བརྙ་བར་ཁས་བླངས་གདོད་སོང་ཤིག་པའོ། །ཡུལ་རྒྱུ་བར་སྤྱོད་པ་འབྲལ་ལ་བྱིན་པར་དམ་མི་འཆའ་ན་དེ་ལ་མི་ལྟོས་ཤིང་པ་ནི་ལམ་ནས་གུད་དུ་འབྲལ་ལ་བྲལ་དུ་ཟིན་ཀྱང་བཤུགས་པར་ཁས་མི་ལེན་ན་དེ་ལ་

ལྟོས་སུ་མི་རུང་བར་སྟོན་པའོ། །ཉེན་ཀོར་དུ་འགྲོ་བ་ཕོངས་པར་མི་བྱེད་པས་སྤྱོད་པ་མ་ཡིན་ཞེས་པ་ནི་ཉེན་ཀོར་དུ་འགྲོ་བ་ཙམ་ནི་ཆུས་མི་ཕོངས་པས་ནི་ཡུལ་རྒྱུ་བ་སྤྱད་ཅེས་པ་ལ་མ་གཏོགས་པར་སྟོན་པའོ། །ཉེན་ཀོར་གྱི་ཚད་ཇི་ཙམ་ཞེ་ན་དེ་ནི་རྒྱང་གྲགས་ལྔའོ་ཞེས་པ་ཡིན་ཏེ་ཉེན་ཀོར་གྱི་
ཚད་ནི་འདི་ཙམ་པར་སྟོན་པའོ། །གནས་སུ་ལས་ཏེ་སོང་ལ་དེ་དང་མི་ལྡན་པ་ནི་ཐུག་ཐུབ་མ་བྱས་པ་མ་ཡིན་ཞེས་པ་ནི་ལུས་ཏེ་སོང་བ་ཡང་ཆེད་དུ་བཞག་པ་དང་འདྲ་བར་སྟོན་པའོ། །གཅིག་གིས་དགེ་འདུན་མན་ཆད་དུ་མེ་ཡོད་པར་མི་འགྲུབ་པ་མ་ཡིན་ཞེས་པ་ནི་དགེ་འདུན་མན་ཆད་མ་འཁོད་ཀྱང་ཚགས་
གཅིག་གིས་མི་ཁྱེད་པ་མེད་པར་སྟོན་པའོ། །རྒྱུན་དྲག་ཀྱང་གནོད་པར་མི་བྱེད་པ་མ་ཡིན་ཞེས་པ་ནི་ཆུ་འབབ་པའི་རྒྱུན་དྲག་པོ་ཡིན་ན་ཡང་ཆུ་ཚགས་མེད་དུ་མི་རུང་བར་སྟོན་པའོ། །རྒྱུན་བཞིན་དུ་རྒྱུན་དང་འགྲོགས་ན་རྒྱང་གྲགས་ཤིང་བརྟགས་པར་བགྲོད་ཅེས་པ་ནི་ཆུའི་རྒྱུན་དང་འགྲོགས་པ་ཞིག་ན་
དང་པོ་ལན་ཅིག་བརྟགས་ནས་རྒྱང་གྲགས་གཅིག་གི་བར་དུ་བརྟགས་མི་དགོས་པར་སྟོན་པའོ། །གལ་ཏེ་ཆུ་གཞན་གྱིས་བཙལ་ན་ཚུན་ཆད་དོ་ཞེས་པ་ནི་དེར་འབབ་ཆུ་གཞན་གྱིས་བཙལ་ན་རྒྱང་གྲགས་ཀྱི་ཚད་དང་སྦྱར་དུའང་མི་རུང་སྟེ། ཆུ་གཞན་གྱིས་བཙལ་བ་དེ་ཚུན་ཆད་བརྟགས་པའི་ཁོངས་སུ་གཏོགས་
པའོ། །འདོམ་གང་གི་འཁོར་བརྟགས་པར་གཏོགས་པའོ་ཞེས་པ་ནི་གཙང་འགྲམ་དུ་བརྟགས་ན། གར་བརྟགས་པའི་འདོམ་གང་ཁོར་ཡུག་བརྟགས་ཁོངས་སུ་གཏོགས་པར་སྟོན་པའོ། །མིག་གིས་དག་ན་ཆུ་ཡང་དག་གོ་ཞེས་པ་ནི་མིག་གིས་ལེགས་པར་བརྟགས་ན་ཆུའི་སྲོག་ཆགས་མེད་པའི་ཚད་ཀྱང་
དེས་གཟུང་བར་སྟོན་པའོ། །དེ་ཡང་གང་གི་མིག་གིས་ཞེ་ན་ཐ་མལ་པས་སོ་ཞེས་པ་ཡིན་ཏེ། འཕྲུལ་གྱི་མིག་གིས་མ་ཡིན་གྱི་མིག་ཐ་མལ་པས་སོ། །རྡུལ་མེད་ཅིང་མི་གཡོ་བར་བརྟག་ཅེས་པ་ནི་རྡུལ་མེད་ལ་མི་གཡོ་ན་གདོད་རྟོགས་ཤིག་པའོ། །སྣོད་བཀང་ལའོ་ཞེས་པ་ནི་སྣོད་ཁ་ད་ཆད་དུ་བཀང་ལ་གདོད་
རྟོགས་ཤིག་པའོ། །འདིར་མ་འོངས་པའི་ཡུན་རིང་པོར་མི་བྱ་ཞེས་པ་ཆུ་རྟོག་པའི་ཚེ་ཡུན་རིང་ན་མིག་འཁྲིག་ཅིང་མི་རྟོག་པའི་ཕྱིར་ཅི་རན་དུ་གྱིས་ཤིག་པའོ། །འཇག་མ་འཇམ་པོས་སྲོག་ན་ལྟ་བ་སླའོ་ཞེས་པ་ནི་སྲོག་ཆགས་སམ་རྡུལ་ཡིན་པར་མ་ངེས་པ་ལྟ་བུ་ལ་སོགས་པ་འཇག་མའི་རྩེ་མོས་བརྟགས་དང་

བླ་བར་སྟོན་པའོ། །འདི་རྒྱང་མ་ནས་སྣང་བར་མི་དོར་ཞེས་པ་ནི་ཆུའི་སྲོག་ཆགས་སླར་ཆུར་བཏང་བའི་ཚེ་རྒྱང་མ་ནས་མ་དོར་ཅིག་པའོ། །གཞན་ཡང་མ་ཡིན་ཞེས་པ་ནི་ཤིག་ལ་སོགས་པའི་སྲོག་ཆགས་གཞན་ཡང་སྣད་དུ་འོང་གིས་རྒྱང་རིང་དུ་མ་དོར་ཅིག་པའོ། །མ་མར་ལ་གལ་ཏེ་སྲོག་ཆགས་འདུན་དེའི་སྣོད་
གཡོགས་ཞེས་པ་ནི་སྲོག་ཆགས་འདུ་ན་དེའི་སྣོད་གཡོགས་ཤིག་པའོ། །དེའི་སྣོད་ཇི་ལྟ་བུ་ཞེ་ན། སྨྱུག་ཚལ་གྱི་གཟེབ་རས་དཀར་པོའམ། ལྷང་ཚེར་གྱིས་གཡོགས་པ་ནི་དེའི་ཞེས་པ་ཡིན་ཏེ་འདི་ལྟར་བྱས་པ་དེའི་སྣོད་ཡིན་པར་སྟོན་པའོ། །མིག་བརྒྱ་པའི་ཡང་ངོ་ཞེས་པ་ནི་ཡང་ན་མིག་བརྒྱ་པའི་སྣོད་
གྱིས་ཤིག་པའོ། །དེའང་ཇི་ལྟ་བུ་ཞེ་ན། དང་པོ་ནས་བྱས་པའམ་བུམ་པའི་གྱོ་མོ་ལ་སོགས་པ་བུ་ག་གཏོད་པའོ་ཞེས་པ་ཡིན་ཏེ་དང་པོ་ནས་ཆེད་དུ་བུ་ག་མང་པོར་བྱས་པའམ་བུམ་པ་ལ་སོགས་པའི་གྱོ་མོ་ལ་བུ་ག་མང་དུ་ཐོད་ཅིག་པའོ། །སྦྲུལ་སྐྲ་སྙིས་མི་གདགས་ཤེས་ན་དེ་མགུལ་པ་ཆད་དུ་འོང་བ་ནའོ། །འོ་ན་
སྦྲུལ་བསྐྲད་པའི་ཐབས་ཇི་ལྟར་བྱ་ཞེ་ན། སེ་གོལ་གཏོགས་ལ་བཞིན་བཟངས་མི་སྣང་བའི་ལམ་དུ་འདུག་ཤིག་ཅེས་བྱ་ཞེས་པ་ཡིན་ཏེ་སྙད་འདི་སྐད་དུ་གྱིས་ལ་སྐྲོད་ཅིག་པའོ། །དེ་སྐད་དུ་བྱས་ཀྱང་མི་བཏུབ་པ་ཇི་ལྟར་བྱ་ཞེ་ན། མི་བཏུབ་ན་ར་རྐང་གི་དབྱུག་པས་བུམ་པའམ་བུམ་བུར་དལ་གྱིས་གཞུག་ཅིང་བསྲི་
བཏོད་ལ་ཁ་བཅད་དེ་བསྐྱལ་ཞེས་པ་ཡིན་ཏེ་ཐབས་འདི་ལྟར་གྱིས་ལ་སྐྱོལ་ཅིག་པའོ། །ཐབས་དེས་ཀྱང་མ་ནུས་ན་ཐབས་ཇི་ལྟར་བྱ་ཞེ་ན། མ་གྲུབ་ན་རྒྱ་ཅང་ངམ་ལྕག་པོད་དམ་ཤུར་བུའམ་སྲད་བུའི་སྙི་ར་དས་དཀྲིས་པས་མགུལ་ནས་གདགས་ཞེས་པ་ཡིན་ཏེ་ཡང་ན་ཐབས་འདི་ལྟར་གྱིས་ལ་སྐྲོད་ཅིག་པའོ། །དེ་
བཞིན་དུ་བཅུག་ཀྱང་བླ་ཞེས་པ་ནི་སྣོད་དུ་གཞུག་པའི་ཚེ་མགུལ་ནས་བཏགས་པ་དང་བཅས་ཏེ་བཅུག་ཀྱང་བླ་བར་སྟོན་པའོ། །མེ་ཤོར་བར་མི་དོར་ཞེས་པ་ནི་ཚིག་དུ་འོང་བས་ནའོ། །ནང་དུ་གཞུག་གི་བར་དུ་བསྡད་ཅེས་པ་ནི་བྱ་ལ་སོགས་པས་མི་ཁྱེར་བའི་རིམ་གྲོ་བྱ་བའོ། །ཤིག་ནི་ར་ད་ལ་གཞག་ཅེས་པ་དང་
དེ་གསེབ་དུའོ་ཞེས་པ་ནི་ཤིག་ཟིན་ན་འདི་ལྟར་གྱིས་ལ་སྦོས་ཤིག་པའོ། །མད་ཀུ་ན་ནི་སྤང་ལའོ་ཞེས་པ་ནི་སྲིན་བུ་མད་ཀུ་ན་སྤང་ལ་འོར་ཅིག་པའོ། །བསིལ་བར་རོ་ཞེས་པ་ནི་ཡང་ན་སྲིན་བུ་དེས་བསིལ་བར་ཐོང་ཤིག་པའོ། །སྔ་མ་བཏང་བའི་ཕྱིར་དབོ་བའི་སྣོད་བཅང་ཞེས་པ་ནི་སྔ་མ་སྟེ་སྲོག་ཆགས་དང་

བཅས་པའི་ཆུ་དེ་སླར་དབོ་ཞིང་བཏང་བའི་སྣོད་བུམ་པའི་ཞབས་ནས་སྲད་ཀྱིས་གདགས་སུ་རུང་བར་གྱིས་ཤིག་པའོ། །ཚགས་དེ་ཉིད་ཀྱིས་བཏང་ཡང་ངོ་ཡང་ན་གང་གིས་བཙགས་པའི་ཚགས་དེ་ཉིད་ཀྱིས་སླར་ཕོ་ཞིང་བསྐྱལ་ཀྱང་བླ་བའོ། །སྲོག་ཆགས་ཆགས་པ་བྲལ་བའི་ཐབས་ནི། ཆུ་ཚགས་
བཤལ་ཞེས་པ་ནི་སྲོག་ཆགས་ཆུ་ཚགས་ལ་ཆགས་ན་ཚགས་ཉིད་ཆུར་ཤོལ་ཅིག་པའོ། །དྲི་མ་བཀྲུ་ཞེས་པ་དང་མི་འདུལ་བར་བསྐམ་ཞེས་པ་ནི་ཆུ་ཚགས་དེ་བཀྲུ་བ་དང་བསྐམ་པའི་རིམ་གྲོ་ཆེར་གྱིས་ཤིག་པའོ། །བཙིར་བ་ནི་འདི་གཉི་གའི་སྤྱད་དུ་བྱེད་ཅེས་པ་ནི། བཙིར་ན་དྲི་མ་འགག་པ་དང་འདུལ་བར་མི་
འགྱུར་བ་གཉི་གའི་སྤྱད་དུ་རུང་བར་སྟོན་པའོ། །དགེ་འདུན་དང་གང་ཟག་དང་ཚགས་དང་ཆུ་མིག་ཡིད་ཆེས་པ་ལ་ལྟོས་པ་ཉེས་མེད་ཅེས་པ་ནི་མིང་གིས་སྨོས་པ་འདི་དག་ལ་ཡིད་ཆེས་ན་མ་བརྟགས་ཤིང་མ་བཅགས་ཀྱང་བླ་བར་སྟོན་པའོ། །བཅུས་པ་དང་ཁྲོན་པ་བརྟགས་པ་ནི་ཉི་མ་ཤར་གྱི་བར་དུ་ཐུབ་ཅེས་པ་ནི།
ཆུ་ནང་པར་བརྟགས་པ་དང་ཁྲོན་པ་ནང་པར་བརྟགས་པ་ནི་སང་ཉི་མ་ཤར་གྱི་བར་དུ་བརྟགས་མི་དགོས་པའོ། །ཆུ་སྣོད་བལྟ་སྟེ་སྟོང་པ་བཀང་ཞེས་པ་ནི་ཕྱི་རོལ་གྱི་ས་ན་དགེ་འདུན་སྤྱིའི་ཆུ་སྣོད་ན་ཡོད་པ་ཆུ་མེད་ཁོང་ཤིག་པའོ། །ཆུ་དང་གཞན་གྱི་སྣོད་བཤམ། འདི་ནི་དགེ་འདུན་སྤྱིའི་འོ་ཞེས་པ་ནི་ཆུའི་སྣོད་
དང་མར་ལ་སོགས་པའི་སྣོད་ཤོམས་ཤིག་པའོ། །དགེ་འདུན་གྱི་བྱ་བ་ནི་སྤྱད་སྦེད་པ་དེའི་གཏོགས་ཞེས་པ་ནི་དགེ་འདུན་གྱི་སྣོད་སྤྱད་བཤམ་པ་ལ་སོགས་པ་སྣོད་སྤྱད་སྦེད་པའི་ལས་སུ་གཏོགས་པར་སྟོན་པའོ། །འདིར་སྦྱིན་ཞིང་ལེན་པ་ཡང་མ་གཏོགས་པ་མ་ཡིན་ཞེས་པ་ནི་དགེ་འདུན་གྱི་སྣོད་སྤྱད་
བརྙན་པོ་གཏོང་ཞིང་སྡུད་པ་ཡང་སྤྱད་སྦེད་པ་དེའི་ལས་སུ་མ་གཏོགས་པར་སྟོན་པའོ། །ཁྱིམ་པ་ལ་བརྙན་པོར་སྦྱིན་ཞེས་པ་ནི་སྣོད་སྤྱད་ཁྱིམ་པ་བརྙན་ན་ཡང་སྦྱིན་ཅིག་པའོ། །རྙིང་པ་ཡོད་ན་དེའོ་ཞེས་པ་ནི་རྙིང་པ་ཡོད་ན་དེ་དག་བརྙན་པོར་བྱིན་ཅིག་པའོ། །གཙུག་ལག་ཁང་དུ་སྦྱིན་བདག་ལ་བརྙ་བར་འདིས་
མ་སྨྲས་པ་མ་ཡིན་ཞེས་པ་ནི་གཙུག་ལག་ཁང་དུ་སྦྱིན་བདག་ལ་བརྙ་བ་ཡང་གོང་དུ་བསྟན་པའི་ཁོངས་སུ་འདུས་པར་སྟོན་པའོ། །དགེ་སློང་ལ་སར་པ་སྦྱིན་པ་ཡང་ངོ་ཞེས་པ་ནི་དགེ་སློང་དག་ལ་ནི་སར་པ་ཡང་གཏན་དུ་བྱིན་ཅིག་པའོ། །སྣོད་སྤྱད་ཀྱི་ཁང་པ་དབོག་ཅེས་པ་ནི་དེའི་ཁང་པ་འང་ཕོག་ཤིག་

པའོ། །ཟངས་དང་ཁམ་པའི་སྣོད་ནི་སོ་སོར་གཞག་ཅེས་པ་ནི་སྦ་བའི་ཚེ་ཐབས་འདི་ལྟར་གྱིས་ཤིག་པའོ། །ཆུའི་སྟ་གོན་བྱ་ཞེས་པ་ནི་དགེ་འདུན་གྱི་ཕྱིར་ཆུའི་སྟ་གོན་ཆེར་གྱིས་ཤིག་པའོ། །གར་བབ་བབ་ཏུ་མི་གཞག་ཅེས་པ་ནི་སྟ་གོན་དུ་བཤམས་པའི་ཆུ་དེ་གར་བབ་བབ་ཏུ་མ་གཞག་ཤིག་པའོ། །འོ་ན་གར་
གཞག་ཅེ་ན། །དེའི་ཕྱིར་གྲུང་ཙང་བྱ་ཞེས་བྱ་བ་ཡིན་ནོ། །དེའང་གར་བྱ་ཞེ་ན་གཙུག་ལག་ཁང་གི་ལྷོ་ནུབ་ཀྱི་མཚམས་སུའོ་ཞེས་པ་ཡིན་ནོ། །དེ་བརྩིགས་པའི་ཐབས་ནི་སྐར་ཁུང་གདོད་སོ་ཕག་གི་གཅལ་དགྲམ་སྟོར་ཁུང་གདོད་སྒོ་དང་སྒོ་འཕར་བྱ། ལག་ཟུངས་གཞུག་ཅེས་པ་ཡིན་ཏེ་མིང་གིས་སྨོས་པ་འདི་ཀུན་ཚད་
བར་གྱིས་ཤིག་པའོ། །དེའི་ནང་དུ་བཤམ་པ་ནི་ཚགས་གཞག་པའི་ཕྱིར་གདང་ཡང་ངོ་ཞེས་པ་དང་ཤིང་ཁྲི་བཤམ་ཞེས་པ་དང་སོ་ཕག་གི་སྟེགས་བུའམ་ཞེས་པ་དང་གཞི་ཡང་ངོ་ཞེས་པ་རྣམས་ཡིན་ཏེ་ཚགས་གཟར་བའི་གདང་བུ་དང་རྫ་མ་གཞག་པའི་གཞི་དང་མལ་ཡན་ཆད་དེའི་ནང་དུ་ཤོམས་ཤིག་པའོ། །སྤྱད་པར་དགོས་
པའི་བར་དུ་ཆུ་སྣོད་དག་པར་བྱ་ཞེས་པ་ནི་སྤྱད་དགོས་པའི་ཆུ་སྣོད་ཡན་ཆད་ཀྱང་དག་པར་གྱིས་ཤིག་པ་སྟེ་བརྟག་པ་དང་ཟས་ཀྱི་ཆུ་ལྟ་སྨོས་ཀྱང་མི་དགོས་པར་སྟོན་པའོ། །གཙང་སྦྲར་རོ་ཞེས་པ་ནི་གཙང་སྦྲ་འང་ཆེར་གྱིས་ཤིག་པའོ། །བཟའ་བཏུང་གི་ཆུ་ཡང་ངོ་ཞེས་པ་ནི་བཏུང་ཆུའང་གཙང་སྦྲ་ཆེར་གྱིས་ཤིག་པའོ། །
དེ་གོས་དང་ལག་མི་གཙང་བས་མི་བྲིམ་ཞེས་པ་ནི་ཆུ་འདྲིམ་པའི་ཚེ་གོས་དང་ལག་མི་གཙང་བས་མ་འདྲིམ་ཤིག་པའོ། །ཆུ་སྣོད་ཀྱི་ནང་དུས་དུས་སུ་བཀྲུ་ཞེས་པ་ནི་ཆུ་སྣོད་དེ་དག་ཀྱང་དུས་དུས་སུ་ཁྲུས་ཤིག་པའོ། །ཟབ་ན་ཨུ་ཤི་རའི་ཁྲུ་ད་ཤིང་ངམ་འདབ་མ་ལྷགས་པའམ་ར་ད་ཤིང་གི་ཐོག་མ་ལ་བསྐོན་པས་སོ་ཞེས་
པ་ནི་རྫ་མ་བཟའ་བས་རིང་སྟེ་མི་སླེབས་ན་མིང་གིས་སྨོས་པ་འདི་དག་ལྟ་བུའི་ཁྲུ་ད་ཤིང་གིས་ཁྲུས་ཤིག་པའོ། །འདི་ཟས་ཀྱིས་མི་འབགས་པར་མི་བསྲུང་བ་མ་ཡིན་ཞེས་པ་ནི་ཁྲུ་ད་ཤིང་དེ་ཟས་ཀྱིས་མི་འབགས་པའི་རིམ་གྲོའང་གྱིས་ཤིག་པའོ། །བསྐམ་པ་ཡང་ངོ་ཞེས་པ་ནི་ཆུ་སྣོད་དེ་དག་བཀྲུས་ནས་བསྐམ་སྲད་
ཀྱང་གྱིས་ཤིག་པའོ། །དེའི་ཚེ་མི་འབྲེལ་བའི་ཕྱིར་ཅིག་ཅར་དུ་མ་ཡིན་ཞེས་པ་ནི་ཁྲུ་ཤིང་སྐེམས་པའི་ཚེ་ཐམས་ཅད་ཅིག་ཅར་མ་བྱེད་པར་ཆུས་མི་འབྲེལ་བར་བྱ་བའི་ཕྱིར་སྔ་ཕྱིར་རིམས་སུ་ལྷོགས་ཤིག་པའོ། །ཆུའི་ལས་སུ་གཏོགས་པ་ནི་གནས་པས་བྱ་ཞེས་པ་ནི་ཆུའི་ལས་སུ་བྱའོ་ཅོག་གནས་པའི་ལས་སུ་

གྱིས་ཤིག་པའོ། །སྲོག་ཆགས་དང་བཅས་པར་འབྲེལ་བ་ཕྲན་ཚེགས་ལ་སོགས་པར་གཏོགས་པའོ།། །།སྨྱེན་གནས་ན་འདུག་པའི་ལྟུང་བ་སྟོན་པར་འདོད་པ་ནི། འབྲིད་ཅེས་པ་ལ་སོགས་པ་ཡིན་ནོ། །འདུ་ཤེས་བརྩན་པ་གང་ཞེ་ན་ཞུགས་པའམ་ཆ་བའོ་ཞེས་པ་ཡིན་ཏེ་སྨྱེན་
གནས་བྱེད་དུ་ཆ་བར་ཤེས་ན་ཉེས་པར་འགྱུར་བའོ། །ཅི་ལ་ཞུགས་ཤིང་ཆས་ཤེ་ན། འདུ་བའོ་ཞེས་པ་ཡིན་ཏེ་གཉིས་ཀྱིས་གཉིས་འདུས་ཤིང་ཕྲད་ནའོ། །གང་འདུས་ཤེ་ན་སྐྱེས་པ་དང་བུད་མེད་དོ་ཞེས་པ་ཡིན་ནོ། །དེའང་ཇི་ལྟ་བུ་ཞེ་ན་ཁྱིམ་པ་ནའོ་ཞེས་པ་ཡིན་ཏེ་གཉི་ག་ཁྱིམ་པ་ཡིན་ན་གདོད་ཉེས་
པར་འགྱུར་བའོ། །གནས་གང་དུའང་རུང་ངམ་ཞེ་ན་གཞན་གྱི་གནས་ནའོ་ཞེས་པ་ཡིན་ཏེ་དགེ་སློང་གི་གནས་མ་ཡིན་གྱི་ཁྱིམ་པ་གཞན་གྱི་གནས་ཡིན་ནའོ། །གཞན་གྱི་གནས་ཡིན་པ་ཙམ་གྱིས་ཉེས་པར་འགྱུར་རམ་ཞེ་ན་ཕྲད་པའི་ས་རུང་བ་དང་གཞན་མེད་ནའོ་ཞེས་པ་ཡིན་ཏེ་དེ་གཉིས་ཕྲད་པའི་ས་སྣང་
ཡེལ་ཅན་ནམ་འདྲུལ་ཟགས་ཀྱིས་མ་ཡིན་ཏེ་སྨྱེན་ངན་སྤྱོད་པའི་ས་རུང་བ་དང་བདག་ལས་གཞན་མེད་ན་གདོད་ཉེས་པར་འགྱུར་བའོ། །ཇི་ལྟར་འདུག་པས་ཤེ་ན་མངོན་སུམ་གྱི་ཚུལ་གྱིས་འདུག་ནའོ་ཞེས་པ་ཡིན་ཏེ་གབ་ཅིང་བཞབས་པས་ནི་མ་ཡིན་གྱི་མངོན་སུམ་དུ་འདུག་ཅིང་སྨྱེན་ངན་གྱི་བར་དུ་གཅོད་ན་གདོད་
ཉེས་པར་འགྱུར་བའོ། །སྨྱེན་ངན་གྱི་གནས་ན་འདུག་པའོ། །སྨྱེན་ངན་སྤྱོད་པ་ནི་འགྲེང་པའི་ལྟུང་བ་སྟོན་པ་ནི་གབ་ཅིང་འགྲེང་ནའོ་ཞེས་པ་ལ་སོགས་པ་ཡིན་ཏེ་འདུ་ཤེས་བརྩན་པ་ལ་སོགས་པའི་གཞི་སྔ་མ་ལས་བླངས་ནས་དེའི་ཁྱད་པར་ཙམ་ཞིག་འདིར་སྨོས་པ་ཡིན་ཏེ། དེའི་སར་གབ་ཅིང་འགྲེང་ན་
གདོད་ཉེས་པར་འགྱུར་བའོ། །དེ་ལ་འགྲེང་བ་ཉི་ཚེ་མ་ཡིན་ཏེ་འདུག་པ་ལ་སོགས་པའི་སྤྱོད་ལམ་གཞན་གྱིས་ན་ཡང་ཉེས་པར་འགྱུར་རོ། །སྐྱབས་ཡོད་ནའོ་ཞེས་པ་ནི་གབ་ཅིང་འགྲེང་བའི་ས་ཡང་ར་བ་འམ་སབ་མ་ལ་སོགས་པའི་སྐྱབས་ཀྱིས་ཆོད་ན་གདོད་ཉེས་པར་འགྱུར་བའོ། །སྐྱབས་ཡོད་པ་ན་
འདུག་གོ་ཅོག་གིས་སམ་ཞེ་ན་གལ་ཏེ་འཇིགས་པའི་དབང་གིས་མ་ཡིན་ནའོ་ཞེས་པ་ཡིན་ཏེ་འཇིགས་པའི་རྐྱེན་གྱིས་འདུག་པ་ནི་ཉེས་མེད། ཐམས་ཅད་དུའང་རྩ་བའི་ཉེས་པར་འགྱུར་རམ་ཞེ་ན། ལྟ་བ་དང་ལྟ་བས་མ་ཡིན་ན་ཉེས་བྱས་ཞེས་པ་ནི་ལྟ་བའི་དགེ་སློང་དང་ལྟ་བའི་སྨྱེན་ངན་སྤྱོད་པ་རྣམས་

གཅིག་གིས་གཅིག་མ་མཐོང་ན་སྒྲ་ཙམ་ཐོས་སུ་ཟིན་ཀྱང་ཉེས་བྱས་སུ་སྟོན་པའོ། །གནས་གཞན་དུ་གཏོགས་ནའོ་ཞེས་པ་ནི་གུད་དུ་ཡེངས་པས་སྨྱེན་ངན་སྤྱོད་པའི་སྟེང་དུ་བབ་པ་ཡང་ཉེས་བྱས་སུ་སྟོན་པའོ། །བསླབ་པ་འདི་གཉིས་ཀྱི་ས་ཚིགས་སྟོན་པ་ནི་འདིར་མིག་ལམ་དུ་བབ་པའི་མཐའ་ནི་གནས་ཀྱི་
མཐའོ་ཞེས་པ་ཡིན་ཏེ་མིག་ལམ་དུ་བབ་ན་སྨྱེན་ངན་སྤྱོད་པའི་གནས་སུ་ཕྱིན་པར་སྟོན་པའོ། །མཛོད་ཀྱང་དེར་གཏོགས་སོ་ཞེས་པ་ནི་མཛོད་ཀྱི་སྒོ་ནས་ཁྱམས་སམ་ཁྱིམ་ཡོད་པར་དགེ་སློང་འདུག་ཅིང་མཛོད་ན་སྨྱེན་ངན་སྤྱོད་ན་ཡང་གནས་གཅིག་པར་སྟོན་པའོ། །ཁྱིམ་ལོགས་ཤིག་པ་ནི་ཐ་དད་ཅེས་པ་ནི་ཁྱིམ་པ་
ཐ་དད་པ་ནི་གནས་ཀྱང་སོ་སོ་བར་སྟོན་པའོ། །དེའང་ནོར་བགོས་པ་དང་མ་བགོས་པས་དབྱེའོ། །སྨྱེན་གནས་ན་འགྲེང་བའོ།། །།གཅེར་བུ་ལ་བྱིན་པའི་ལྟུང་བ་སྟོན་པ་ནི་བུད་མེད་དམ་སྐྱེས་པ་ནའོ་ཞེས་པ་ཡིན་ཏེ་འོག་ནས་གཅེར་བུ་ཞེས་འབྱུང་བའི་སྐྱེས་པའམ་བུད་མེད་གང་ཡང་རུང་བའོ། །དེའི་
འབྲེལ་པ་སྟོན་པ་ནི་གཉེན་དང་རབ་ཏུ་འབྱུང་བར་འདོད་པ་དང་ནད་པ་མ་གཏོགས་ཞེས་པ་ཡིན་ཏེ་འདི་དག་ལྟ་བུའི་གཅེར་བུ་ལ་བྱིན་པ་ནི་ཉེས་མེད། འདིའི་མཚན་མས་རབ་ཏུ་བྱུང་བ་གོས་མེད་པ་ནི་མ་ཡིན་ཞེས་པ་ནི་ཤཱཀྱའི་ཚུལ་གྱིས་རབ་ཏུ་བྱུང་ཞིང་གོས་མེད་པར་གྱུར་པ་ལ་བྱིན་པ་ཡང་དེ་ལ་མ་གཏོགས་པར་
སྟོན་པའོ། །ལུས་སམ་ལུས་དང་འབྲེལ་པར་ནའོ་ཞེས་པ་ནི་གཅེར་བུ་དེའི་ལག་ཏུ་བྱིན་ནམ་དེའི་ལག་ན་ཐོགས་པར་བྱིན་པ་འདྲ་བར་སྟོན་པའོ། །བྱིན་པའི་དངོས་པོ་ཅི་ཞེ་ན། བཟའ་བའམ་བཅའ་བའོ་ཞེས་པ་ཡིན་ནོ། །ཟས་བྱིན་ནོ་ཅོག་གིས་སམ་ཞེ་ན། རུང་བ་ནའོ་ཞེས་པ་ཡིན་ཏེ་བཞག་པ་ལ་
སོགས་མི་རུང་བའི་ཟས་མ་ཡིན་ནའོ། །སུའི་རུང་བ་ཞེ་ན་ཉིད་དང་དེའི་ནའོ་ཞེས་པ་ཡིན་ཏེ་བདག་དང་ཕ་རོལ་གཉི་གའི་ཟས་ས