Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 164

Văn bản gốc(Tây Tạng)

Trang 3 / 18 (50.000 ký tự/trang)
ལ་བབ་ཀྱི་བར་དུ་བསྡད་ཀྱང་དེ་མ་འོངས་ཏེ་དུས་མེད་ན་དེའི་སྟན་ཞོག་ལ་བཀོད་ཅིག་པའོ། །ད་ནི་བསྡད་པའི་ཆོ་ག་ཟིན་ནས་གནས་བརྟན་གྱིས་ལས་སུ་
བྱ་བ་སྟོན་པ་ནི། ཕ་རོལ་དང་འཁོད་པ་ན་བརྟག་ཅེས་པ་ལ་སོགས་པ་ཡིན་ཏེ། ཕྱི་རོལ་ན་ཡང་རུང་བཀད་པ་ན་ཡང་རུང་སྟེ། གནས་བརྟན་གྱིས་འཁོར་རྣམས་ལ་ཉེས་སྐྱོན་ཅི་ཡོད་པ་རྟོགས་ཤིག་པའོ། །བགོ་ཉེས་པ་དང་ཤམ་ཐབས་ཉེས་པ་འདི་གཉིས་མཛེས་པའི་ཕྱིར་དེ་ལ་
བརྡ་བྱ་ཞེས་པ་ནི་གོས་ལོང་ཉེས་ན་གོས་ཚགས་བཅོས་པའི་ཕྱིར་དེ་ལ་གནས་བརྟན་བརྡ་གྱིས་ཤིག །མ་གོ་ན་རྒན་པོ་ལ་ཞེས་པ་ནི་བརྡ་བྱས་པ་མཐོང་ངམ་མ་གོ་ན་དེའི་ཐད་ན་འདུག་པས་ཆོས་ཤིག་པར་བརྡ་བྱ། མ་གྲུབ་ན་ཉིད་ཀྱི་ཞེས་པ་ནི་གནས་བརྟན་འདུག་པ་ལ་བརྡ་བྱས་ཀྱང་

མ་གྲུབ་ན་གནས་བརྟན་ཉིད་ཀྱིས་བོད་པ་ལ་སོགས་པས་ཆོས་ཤིག་པའོ། །གསར་བུ་དེ་དག་ལ་གཏམ་མི་བྱ་ཞེས་པ་ནི་དེ་དག་ཤེད་སྐྱེ་བའི་ཕྱིར་གནས་བརྟན་གྱིས་འདི་དག་ལ་བྲེ་མོའི་གཏམ་མ་ཟེར་ཅིག་པའོ། །གཙུག་ལག་ཁང་ངམ་དགོན་པ་དག་ན་
གནས་པ་དེ་དག་ལ་དེའི་ཚུལ་འཛིན་དུ་གཟུད་ཅེས་པ་ནི་གཙུག་ལག་ཁང་ངམ་དགོན་པ་དག་ན་གནས་པ་དེ་དག་སོ་སོའི་ཚུལ་བསླབ་ཅིང་བྱེད་དུ་གཞུག་ཅིག་པའོ། །འོངས་པས་བརྟགས་ཏེ་མལ་སྟན་གྱི་ཕྱིར་གཞི་མ་རྣམས་ལ་བསྐུལ་ཞེས་པ་ནི་གུད་ནས་ལྷགས་
པའི་གནས་བརྟན་གྱིས་བདག་གི་འཁོར་དུ་ཡོད་པ་བརྩིས་ཏེ་གཞི་པ་རྣམས་ལ་མལ་སྟན་བྱིན་ཅིག་པར་བསྟན་པའོ། །འདོད་པས་ཕྱོགས་དང་འདྲོན་པོ་དང་གནས་དང་མལ་ཆ་དང་ནད་པ་མི་འདོར་ཞིང་སྒྲོགས་པ་རྣམས་ཐག་བཅད་ལ་འཇུག་ཅེས་པ་ནི་གུད་དུ་འདོང་བའི་
གནས་བརྟན་གྱིས་འདི་དག་སྔ་ནས་ཐག་བཅད་ཅིང་ཤེས་པར་གྱིས་ལ་དེང་ཤིག་པའོ། །མི་རིང་བར་འཕགས་ནས་སུའི་གང་ཅིའང་མ་བརྗེད་དམ་ཞེས་མཇུག་ཏུ་བསྐུལ་ཞེས་པ་ནི་གུད་དུ་འདོང་བའི་ཚེ་ཕ་ཟད་དུ་འཕགས་པ་དང་། གནས་བརྟན་གྱིས་བརྗེད་ཅིང་ལུས་པ་མེད་གྲང་
ཞེས་བསྐུལ་ཅིག་པའོ། །གསར་བུ་རྣམས་མི་གཡེང་མི་འགྱིང་བར་དགོད་ཅེས་པ་ནི་གུད་དུ་འདོང་བའི་གནས་བརྟན་གྱིས་འདི་ལྟར་སློབས་ཤིག་པའོ། །ཁྱིམ་དུ་ལྷགས་ན་ཐམས་ཅད་ཀྱིས་ཐམས་ཅད་ལའོ་ཞེས་པ་ནི། ཁྱིམ་པའི་ཁྱིམ་དུ་ལྷགས་ན་ཐམས་ཅད་གཅིག་གིས་
གཅིག་གོས་ཚགས་ཆོས་ཤིག་པའོ། །ཀུན་ཤེས་པར་བྱ་ཞེས་པ་ནི་གནས་བརྟན་གྱིས་རང་གི་འཁོར་རྣམས་ཀྱི་མིང་རུས་ཤེས་པར་གྱིས་ཤིག་པའོ། །སྤྱོད་པ་དང་སྤྱོད་པ་གདམས་པ་དང་། བརྟན་པ་ལ་སོགས་པ་དང་། ཟས་ཀྱི་རྙེད་པ་དང་། ནད་གསོས་ལ་སོགས་པ་
བཤམས་ཤིང་བསྒྲུབས་པས་ཕན་གདགས་ཞེས་པ་ནི། གནས་བརྟན་གྱིས་བསོད་སྙོམས་ལ་སོགས་པའི་སྤྱད་པ་དང་། འགྲོ་བ་ལ་སོགས་པའི་སྤྱོད་ལམ་བསླབ་པ་དང་། ལུང་འབོགས་པ་ལ་སོགས་པ་དང་། ཟས་དང་ནད་གསོས་ལ་སོགས་པ་བཙལ་ཞིང་བྱིན་

ཅིག་པའོ། །དབྱར་ཚུལ་དུ་ཞུགས་པས་གཙུག་ལག་ཁང་མ་བཅོས་པ་རྣམས་བསྐུལ་ཞིང་འཆོས་སུ་གཞུག་ཅེས་པ་ནི་ཚུལ་དུ་ཞུགས་པའི་གནས་བརྟན་གྱིས་གསར་བུ་གཙུག་ལག་ཁང་གི་བཅོས་ལེགས་མི་བྱེད་པ་རྣམས་བསྐུལ་ཞིང་འཆོས་སུ་ཆུག་ཤིག་པའོ། །འཆོས་
པ་དག་ལ་སྤྲོ་བར་བྱ་ཞེས་པ་ནི་མ་བསྐུལ་བར་འཆོས་པ་རྣམས་ལ་གཟེངས་སྟོད་ཅིག་པའོ། །ཐམས་ཅད་ཀྱིས་འཁོར་དུ་གཏོགས་པ་གཏམ་འདོད་པ་རྣམས་ལ་མཐུན་པའི་ཆོས་བསྟབས་པས་བསྡུ་ཞེས་པ་ནི་ཚུལ་དུ་ཞུགས་པའི་གནས་བརྟན་ཉི་ཚེ་མ་ཡིན་གྱི་གནས་
བརྟན་ནོ་ཅོག་གིས་ཉིད་ཀྱི་འཁོར་དུ་གཏོགས་པའི་གསར་བུ་རྣམས་ཆོས་དང་འདུལ་བ་ལ་སོགས་པ་གང་གིས་གཏམ་འདོད་པ་དང་མཐུན་པར་གཏམ་གྱིས་ཤིག་པའོ། །ཁ་རོག་པར་དགའ་བ་སོ་ན་གཞག་ཅེས་པ་ནི་ཆོས་ཀྱི་གཏམ་མི་འདོད་ཅིང་འཕགས་པའི་མི་སྨྲ་བས་ཁ་
རོག་པར་དགའ་ན་དེ་ཇི་དགའ་བར་གྱིས་ཤིག་པའོ། །ཁྱིམ་པ་འོངས་པ་དག་ལ་ཟས་སྦྱིན་ཞེས་པ་ནི། ཁྱིམ་པ་ལྷ་ཁང་དུ་འཁོར་ཞིང་འོང་པ་ནི་གནས་བརྟན་གྱིས་དགེ་འདུན་ལ་ཟས་སྦྱིན་པ་བསྐུལ་ཅིག་པའོ། །མི་བྱེད་དམ་མི་འདོད་ན་འདི་དག་ལ་ཆོས་ཀྱི་གཏམ་བྱ་ཞིང་བདག་
ཅག་ལ་བདོག་པ་འདིའོ་ཞེས་བསྙད་ཅེས་པ་ནི་དགེ་འདུན་ཟས་མི་སྟེར་ཏམ། དེ་དག་དགེ་འདུན་གྱི་ཟས་མི་འདོད་ན་ཆོས་ཀྱི་གཏམ་བྱས་ནས་ངེད་ཅག་ལ་ཟང་ཟིང་ནི་མེད་ཀྱི་ཆོས་ཀྱི་སྦྱིན་པ་འདི་བདོག་གོ་ཞེས་གནས་བརྟན་གྱིས་དེ་དག་གི་ཡིད་ཞོས་ཤིག་པའོ། །དེ་དང་
ལྡན་པ་རྣམས་ཀྱིས་འཁོར་བརྟག་ཅེས་པ་ནི་གནས་བརྟན་གཅིག་པོར་མ་ཟད་དེ། སློབ་མ་དང་ཉེ་གནས་གྱི་འཁོར་བདོག་གོ་ཅོག་གིས་རང་རང་གི་འཁོར་དགེ་བ་ཅི་སྤྱོད་པ་ལ་སོགས་པ་རྟོགས་ཤིག་པའོ། །དེ་ལྟར་བརྟགས་ནས་ཁ་ཅིག་མི་བརྩོན་ཞིང་དོན་མེད་པར་སྤྱོད་
ན་ཇི་ལྟར་བྱ་ཞེ་ན། ཕྱ་བདལ་པ་ཚར་བཅད་ཅེས་པ་ཡིན་ནོ། །འདི་ཇི་ལྟ་བ་བཞིན་དུ་དེར་འགྲོ་བ་ལ་སོགས་པའོ་ཞེས་པ་ནི། རང་གི་འཁོར་དེ་དག་ཉུལ་ཞིང་འགྲོ་བ་ཡང་དེ་དག་གི་རྐྱེན་དང་སྦྱར་ཞིང་ཚེགས་མི་འབྱུང་བར་གྱིས་ཤིག་པའོ། །ཐོད་རྒལ་དང་གྱ་ཚོམ་གྱི་

གཏམ་མི་བྱ་ཞེས་པ་ནི། མགོ་མཇུག་ཐད་དགུའི་གཏམ་དང་། ཆོས་དང་འདུལ་བ་འདི་དག་ལས་གཞན་བའི་བསྲུང་གཏམ་དང་བྲེ་མོའི་གཏམ་འཁོར་རྣམས་ལ་མ་ཟེར་ཅིག་པའོ། །གནས་དང་གནས་བརྟན་ལྟ་བུའི་ཚུལ་བཞིན་བས་ན་ཞར་ལ་འདི་དག་
སྟོན་པ་ནི་འབྲང་བའི་དགེ་ཚུལ་མདུན་དུ་མི་འགྲོ་ཞེས་པ་ལ་སོགས་པ་ཡིན་ཏེ། ཕྱི་བཞིན་དུ་འབྲང་བ་མདུན་དུ་མ་འགྲོ་ཤིག་པའོ། །མི་འདུག་ཅེས་པ་ནི་དེའི་མདུན་བཅད་ལ་འགྲེང་བའམ་འདུག་པ་མ་བྱེད་ཅིག་པའོ། །སྨྲས་པའི་ལན་དང་བསྒྲུབ་པའོ་ཞེས་པ་ནི། སྔོན་དུ་
འགྲོ་བས་སྨྲས་པའི་ལན་འབྲང་བས་ཐོབ་ཤིག་པའམ། དེས་བསྒོ་བ་ཉམས་སུ་ལོང་ཤིག་པའོ། །ཡང་ན་དེས་མ་སྨྲས་ཀྱི་བར་དུ་མ་སྨྲ་ཤིག་པའོ། །གཏམ་གྱི་བར་དུ་མི་གཅེན་པར་བྱ་ཞེས་པ་ནི་མདུན་དུ་འགྲོ་བ་གཞན་དང་གཏམ་ཟེར་བའི་བར་དུ་གློ་ཐོར་རམ་གཅེན་པ་མ་བྱེད་
ཅིག་པའོ། །ཆོས་མ་ཡིན་བར་སྨྲར་ཅན་དགག་ཅེས་པ་ནི་མདུན་དུ་འགྲོ་བ་དེ་ཆོས་ཀྱི་གཏམ་ཟེར་བའི་ཚེ་ཆོས་དང་འགལ་བའི་གཏམ་གླེང་བར་གྱུར་ན་དེ་ལྟ་མ་ཡིན་ཞེས་ཁ་བཟུང་ཞིང་དགག་པར་གྱིས་ཤིག་པའོ། །ཆོས་ཤིག་དང་རྗེས་སུ་ཡི་རང་བར་བྱ་ཞེས་པ་ནི་དེ་
ཆོས་བཞིན་སྨྲ་ན་དགེའོ་ཞེས་བསྟོད་ཅིག་པའོ། །ཆོས་ཀྱི་རྙེད་པ་སྐྱེས་ནས་བསྐུར་ཞེས་པ་ནི་ཆོས་བཤད་པ་ལ་སོགས་པས་རྙེད་པ་ཡོད་ན་ཕྱི་བཞིན་དུ་འབྲང་བས་ཁྱེར་ཅིག་པའོ། །ཕྱི་བཞིན་དུ་འབྲང་བས་བྱ་བ་བསྟན་ཟིན་ནས། ཕྲན་ཚེགས་ལ་སོགས་པ་ལས་རབ་
ཏུ་འབྱུང་བའི་དངོས་པོ་སྟོན་པའི་ཞར་ལ་སྨོས་པ་རྣམས་སྟོན་པའི་ཁྱིམ་དུ་མི་གཡེང་བ་དང་། མི་འགྱིང་བ་དང་མི་གནས་པར་རོ་ཞེས་པ་ལ་སོགས་པ་ཡིན་ཏེ། ཁྱིམ་པའི་ཁྱིམ་དུ་འགྲོ་ན་གཡེང་བ་མེད་པ་དང་འགྱིང་པ་མེད་པ་དང་ཡུན་རིང་དུ་མི་གནས་པར་གྱིས་ཤིག་པའོ། །
མིག་མི་གཡེང་ཞེས་པ་ནི་བུད་མེད་ལ་སོགས་པ་ལ་མིག་རྩ་མ་རྒོད་ཅིག་པའོ། །ཁྱིམ་བདག་ལ་ཆོས་ཀྱི་གཏམ་བྱ་ཞེས་པ་ནི་དེ་དག་ལ་འཇིག་རྟེན་གྱི་གཏམ་གྱིས་མ་ཡིན་གྱི་ཆོས་ཀྱི་གཏམ་ཤ་སྟག་གྱིས་ཤིག་པའོ། །ཆོས་ཀྱི་གཏམ་དེ་འང་གང་ཡིན་ཞེ་ན། དེ་དག་སྦྱིན་པ་དང་།

དུལ་བ་དང་། བསྡམ་པ་དང་། ཚངས་པར་སྤྱོད་པའི་གནས་དང་གསོ་སྦྱིན་དང་། སྐྱབས་སུ་འགྲོ་བ་དང་། བསླབ་ཚིགས་ནོད་དུ་གཞུག་ཅེས་པ་ཡིན་ཏེ། དེ་ལ་སྦྱིན་པ་ནི་གཏོང་པའོ། །དུལ་བ་ནི་དབང་པོ་དབང་དུ་བྱ་བའོ། །བསྡམ་པ་ནི་ལུས་དང་ངག་བསྡམ་པའོ། །
ཚངས་པར་སྤྱོད་པའི་གནས་ནི་རབ་ཏུ་འབྱུང་བའི་ཚུལ་དང་། ཁྱིམ་པ་ཞིག་ན་ནམ་འཚོའི་བར་དུ་བསྙེན་གནས་ཀྱི་ཚུལ་གཏོང་དུ་གཞུག་པའོ། །གསོ་སྦྱིན་ཞེས་པ་ནི་ཉིན་ཞག་གཅིག་གི་བར་དུ་བསླབ་ཚིག་བརྒྱད་འབོགས་པའོ། །སྐྱབས་སུ་འགྲོ་བ་ནི་དཀོན་མཆོག་
གསུམ་ལའོ། །བསླབ་ཚིག་མནོད་པ་ནི་བསླབ་ཚིག་ལྔའོ། །སྤྱོད་དགུ་ལ་ལྟུང་བའི་སྒོར་འགྱུར་བ་དྲན་པར་བྱ་ཞེས་པ་ནི་ཁྱིམ་དུ་འགྲོ་བ་དང་། བསོད་སྙོམས་བླང་བ་དང་། འཇུག་པ་དང་། ལྷུང་བཟེད་ལ་སོགས་པ་རྩོམ་ཞིང་སྤྱོད་དགུ་ལ་དྲན་པ་སྔོན་དུ་འགྲོ་བར་གྱིས་
ཤིག་པའོ། །བལྟམས་པ་འཁོར་བས་མི་ཉན་པ་མ་ཡིན་ཞེས་པ་ནི་གང་ཟག་སུ་ལ་འཁོར་བ་དེས་བལྟམས་ཤིང་ཉན་པ་གཏོད་ཅིག་པའོ། །འོངས་པ་ལ་ཚུར་ལེགས་པར་བྱོན་ཏམ་པ་དང་། དགའ་བའི་བརྗོད་པ་སྔོན་ཚོགས་སུ་བྱ་ཞེས་པ་ནི་ཁྱིམ་པའམ་རབ་ཏུ་བྱུང་བ།
གང་ཡང་རུང་གུད་ནས་འོངས་པ་ལ་འདི་སྐད་དུ། དགའ་དགའ་གཤའ་གཤའ་སྐད་དུ་གྱིས་ཤིག་པའོ། །ངོམ་ཟུམ་གསལ་ཞིང་བཞིན་མདོག་གཙང་སྟེ། འཛུམ་པ་སྔོན་དུ་འགྲོ་བའོ་ཞེས་པ་ནི་གུད་ནས་འོངས་པ་ལ་འདི་ལྟར་གྱིས་ཤིག་པའོ། །ཁྱིམ་མ་ཞིག་ན་དེ་ལ་
ཆོས་ཀྱི་གཏམ་བྱ་ཞེས་པ་ནི་ཀུན་ནས་འོངས་པ་ཁྱིམ་པ་ཞིག་ན་དེ་ལ་ཆོས་ཀྱི་གཏམ་གྱིས་ཤིག་པའོ། །འདིར་མི་འོང་ན་གྲོང་ན་བས་མགུ་བ་ཅི་ནུས་ཀྱིས་བྱ་ཞེས་པ་ནི། ཁྱིམ་པ་གཙུག་ལག་ཁང་དུ་མི་འཁོར་ན་གཙུག་ལག་ཁང་དུ་འཁོད་པ་རྣམས་ཀྱིས་བསྲི་ཞིང་མགུ་བར་
བྱ་བ་ཅི་ནུས་སུ་གྱིས་ཤིག་པའོ། །ཆུ་དང་སྟན་བདོག་ཅེས་པ་ནི་གྲོང་ངམ་དགོན་བ་དག་ན་འཁོད་ཀྱང་རུང་སྟེ། ཁྱིམ་པ་ལ་སོགས་པ་འོང་བའི་སྟ་གོན་འདི་དག་གྱིས་ཤིག་པའོ། །ཕྱག་པ་དང་སྟན་གདིང་བ་དང་། ཆུ་གཞག་པ་དང་། འདྲི་མ་པ་དང་ཟས་སྦྱིན་པ་རྣམས་གསར་

བུས་བྱ་ཞེས་པ་ནི་མིང་གིས་སྨོས་པའི་ལས་འདི་དག་གཞོན་རབས་ཀྱིས་གྱིས་ཤིག་པའོ། །འཁོར་འགལ་བར་བྱེད་པ་དང་དུ་བླང་ཞེས་པ་ནི་རྩེ་རྒོད་ལ་སོགས་པ་གཙུག་ལག་ཁང་གི་མི་ལོག་པའི་ལྷ་བརྗེད་པ་ལ་སོགས་འགལ་བར་བྱེད་ན་ཁྱད་དུ་སོད་ཅིག་པའོ། །
གལ་ཏེ་བདག་དང་ཕ་རོལ་ལ་མི་གནོད་ནའོ་ཞེས་པ་ནི་གོང་མ་ལྟར་དང་དུ་བླང་བའང་བདག་དང་ཕ་རོལ་ལ་གནོད་པར་མི་འགྱུར་ན་གདོད་དང་དུ་ལོང་ཤིག་པའོ། །ནུས་ན་དེའི་ཕྱིར་འདི་གཅད་ཅིང་ཆོས་སུ་བསྒྱུར་བ་དང་བགོ་བར་བྱ་ཞེས་པ་ནི་བདག་དང་ཕ་རོལ་གཉི་ག་ལ་གནོད་པ་བྱེད་དུ་མི་གཞུག་
པར་ཡང་ནུས་ན་དེ་ལ་མི་བྱེད་བར་བསལ་ཞིང་བྱང་ཆུབ་སེམས་དཔའ་ལོ་ལྔ་པ་ལ་སོགས་པའི་མཆོད་པ་བྱེད་དུ་གཞུག་པའོ། །དེས་ལན་ཏེ་ན་ཞིང་འབྱེར་ན་འཁོར་དེ་དག་བསྲི་བར་བྱ་ཞེས་པ་ནི་གོང་མ་ལྟར་བྱ་སྟེ། འདི་ལྟར་གྱུར་པ་དེ་དག་གི་ཡིད་བཞོ་ཞིང་བསྲི་ཤིག་པའོ། །མི་ནུས་ན་གུད་དུ་འདོང་
ཞེས་པ་ནི་གོང་མ་ལྟར་བྱེད་དུ་མི་གཞུག་ཀྱང་མི་ནུས་ལ་བདག་དང་ཕ་རོལ་གཉི་གའང་འཕུང་བ་ཙམ་གྱི་ཚོད་ན་བདག་གུད་དུ་སོང་ཤིག་པའོ། །དེའི་རྐྱེན་གྱིས་རྩོད་པ་མི་བརྗོད་ཅེས་པ་ནི་དེ་དག་དང་འཐབ་པར་མི་བྱའི་བདག་གུད་དུ་སོང་ཤིག་པའོ། །དགེ་འདུན་གྱི་གཙུག་ལག་ཁང་དུ་འཁོད་པ་
དེ་དག་རྐུ་བ་ལ་སོགས་པའི་ཉེས་པ་སྤྱོད་པ་ཇི་ལྟར་བྱ་ཞེ་ན། དགེ་སློང་གི་ཀུན་དགར་ཉེས་ན་ཁོ་ན་ཉིད་ཀྱིས་ཁྱེར་བ་ཇི་ནས་ཀྱང་ཟིན་པར་བྱ་ཞེས་པ་ཡིན་ཏེ་རྐུ་བ་དེ་ཉིད་ཀྱི་ལག་ནས་ཟིན་པར་གྱུར་པ་དེ་ལྟ་བུའི་ཐབས་སུ་སྦྱོར་ཅིག་པའོ། །ལག་ནས་མ་ཟིན་པ་ཇི་ལྟར་ཞེ་ན། མ་ནུས་ན་སུ་
ལའང་བྱུང་རྒྱལ་དུ་མི་བསྙད་པར་གཞོན་ནུ་དང་གྲོགས་པོ་དང་བློན་པོ་དང་དྲན་མ་དང་རྒྱལ་བུ་དང་ཞ་འབྲིང་བ་རྣམས་ལ་སྦྲན་ཏེ་འཁོར་དག་པར་སྨ་དབབ་ཅེས་པ་ཡིན་ཏེ། འདི་རྣམས་ལ་སྐད་སྦྱར་ཅིང་གཟུ་རས་སུ་གཅོད་པའི་མདུན་དུ་སྨ་ཕོབ་ཤིག་པའོ། །དགེ་སློང་གི་རབ་ཏུ་འབྱུང་
བར་གཏོགས་པ་བསྟན་ནས་དགེ་སློང་མའི་རབ་ཏུ་འབྱུང་བར་གཏོགས་པ་བསྟན་པ་ནི་དགེ་སློང་གི་གནས་སུ་དགེ་སློང་མའོ་ཞེས་པ་ལ་སོགས་པ་ཡིན་ཏེ། ཕལ་ཆེར་ནི་དགེ་སློང་གི་རབ་ཏུ་འབྱུང་བ་དང་། བསྙེན་པར་རྫོགས་པ་བཞིན་ཏེ་དེ་ལ་མི་འདྲ་བ་ནི་དགེ་སློང་འགའ་ཞིག་ལ་

བརྟེན་ཏེ་ཞེས་པའི་སྐབས་སུ་དགེ་སློང་མ་འགའ་ཞིག་ལ་བརྟེན་ཏེ་ཞེས་བྱ་བ་དང་། ཉིད་ཀྱིས་དགེ་བསྙེན་དུ་བྱས་ལ་དགེ་འདུན་ལ་ཞུ་བའི་དགེ་སློང་ལ་གཏད་ཅེས་པའི་སྐབས་སུ་དགེ་འདུན་ལ་ཞུ་བའི་དགེ་སློང་མ་ལ་གཏད་ཅེས་བྱ་བ་ལྟ་བུ་ལ་སོགས་པ་དགེ་སློང་གི་གནས་སུ་དགེ་སློང་
མར་བསྒྱུར་ཅིག་པའོ། །དགེ་སློང་གི་གནས་སོ་ཅོག་ཏུ་དགེ་སློང་མར་མ་བསྣོར་རམ་ཞེ་ན། རབ་ཏུ་འབྱུང་བ་ཐམས་ཅད་ལའོ་ཞེས་པ་ཡིན་ཏེ། རབ་ཏུ་འབྱུང་བའི་ཚེ་དགེ་སློང་ཞེས་འབྱུང་ངོ་ཅོག་གི་སྐབས་སུ་དགེ་སློང་མར་བསྣོར་ཅིག་པའོ། །བསྙེན་པར་རྫོགས་པའི་ཚེའང་དེ་འམ་
ཞེ་ན། བསྙེན་པར་རྫོགས་པ་ན་དེ་གསོལ་བ་ལ་སོགས་པ་ལས་བྱེད་པ་ལས་གཞན་པའོ་ཞེས་པ་ཡིན་ཏེ། བསྙེན་པར་རྫོགས་པ་ལ་སོགས་པ་ལས་བྱེད་པ་མ་གཏོགས་པ་གཞན་ཐམས་ཅད་དགེ་སློང་ཕའི་གནས་སུ་དགེ་སློང་མར་བསྣོར་ཅིག་པའོ། །འདིར་དགེ་འདུན་ཀླག་གོ་ཞེས་པ་
ནི་དགེ་སློང་མ་བསྙེན་པར་རྫོགས་པའི་ཚེ་དགེ་སློང་གི་དགེ་འདུན་གྱིས་བསྣན་ཅིང་ཀླག་པའོ། །བར་ཆད་བསྙད་པ་དགེ་སློང་མའི་སྐད་ལོང་གིས་སོ་ཞེས་པ་ནི། བར་ཆད་དྲི་བའི་ཚེ་དགེ་སློང་མ་སྐད་ལེན་པ་གཅིག་བར་དུ་ཞོག་ལ་དྲིས་ཤིག་པའོ། །བུད་མེད་ཀྱི་ཚིག་གཞན་ནི་དགེ་སློབ་
མ་ཞེས་བྱ་ཞེས་པ་ནི་སྐྱེས་པ་དང་མི་འདྲ་བར་བུད་མེད་ཀྱི་ཚིག་གཅིག་ཡོད་པ་ནི་དགེ་སློབ་མ་ཡིན་པར་སྟོན་པའོ། །འདི་ཡང་རྟེན་ཏེའོ་ཞེས་པ་ནི་རབ་ཏུ་འབྱུང་བ་དང་བསྙེན་པར་རྫོགས་པ་དགེ་སློང་མ་འགའ་ལ་མཁན་པོར་བརྟེན་དགོས་པ་བཞིན་དུ་དགེ་སློབ་མ་འདི་ཡང་དགེ་སློང་
མ་འགའ་ལ་མཁན་པོར་བརྟེན་དགོས་པའོ། །དགེ་སློབ་མར་བྱ་བ་གང་གི་སྐབས་སུ་བྱ་བ་དང་ཡུན་ཇི་སྲིད་ཀྱི་བར་དུ་སྤྱད་པ་སྟོན་པ་ནི་དགེ་ཚུལ་དང་དགེ་སློང་མའི་བར་དུ་སྤྱད་པའི་དུས་ནི་ལོ་གཉིས་སོ་ཞེས་སོ་ཞེས་པ་ཡིན་ཏེ། དགེ་ཚུལ་དང་དགེ་སློང་མའི་བར་དུ་དགེ་སློབ་མར་བྱ་
པ་དང་། དགེ་སློབ་མའི་བསླབ་པ་ལོ་གཉིས་ཀྱི་བར་དུ་སྲུངས་ཤིག་པའོ། །དེ་ལ་ལོ་གཉིས་ཞེས་པ་ནི་ལོ་གཉིས་ཀྱི་བར་དུ་མི་རུང་བའི་ཚིགས་ཡིན་གྱི་ལོ་གཉིས་ལས་ལྷག་པར་མི་སྤྱད་པ་ནི་མ་ཡིན་ནོ། །དགེ་སློང་མར་བྱས་པའི་དུས་གསལ་བར་སྟོན་བ་ནི་བསྙེན་པར་རྫོགས་པའི་

དུས་ཀྱིས་ནི་དང་པོ་དེས་ནི་ཉུང་བ་སྐྱེ་བའི་དང་པོའོ་ཞེས་པ་ཡིན་ཏེ། བག་མ་བྱས་པ་བསྙེན་པར་རྫོགས་པའི་དང་པོ་ནི་ལོ་བཅུ་གཉིས་ལོན་པ་ཡིན་གཙང་མ་བསྙེན་པར་རྫོགས་པའི་དང་པོ་ནི་ལོ་ཉི་ཤུ་ལོན་པ་ཡིན་དེས་ཉུང་བ་ནི་བག་མ་མྱོང་བ་ལོ་གཉིས་ཀྱིས་ཉུང་བ་སྟེ།
ལོ་བཅུ་དང་གཙང་མ་ལོ་གཉིས་ཀྱིས་ཉུང་བ་ལོ་བཅོ་བརྒྱད་པ་ཡིན་ཏེ། དེ་ལྟར་ལོ་བཅུ་དང་ལོ་བཅོ་བརྒྱད་ནས་དགེ་སློབ་མའི་སྡོམ་པ་ཕོག་ནས་སྡོམ་པ་སྐྱེ་བའི་དང་པོ་ཡིན་པར་སྟོན་པའོ། །དེ་ལ་བག་མ་བྱས་པའི་ལོ་ཚིགས་སྟེན་པ་ནི། བག་མ་བྱས་ལ་ལོ་བཅུ་གཉིས་ལོན་པ་ནི་བསྙེན་
པར་རྫོགས་པའི་དང་པོའོ་ཞེས་པ་ཡིན་ནོ། །དགེ་སློབ་མའི་སྡོམ་པ་དེ་ཅིས་འགྲུབ་ཅེ་ན། བྱིན་ནས་སྐྱེ་བོ་ཞེས་པ་ཡིན་ཏེ། དགེ་སློང་མའི་དགེ་འདུན་གྱིས་ཆོས་དྲུག་དང་རྗེས་སུ་མཐུན་པའི་ཆོས་དྲུག་གསལ་བ་དང་གཉིས་ཀྱིས་སྦྱིན་ན་གདོད་སྐྱེ་བར་སྟོན་པའོ། །དགེ་སློང་མའི་དགེ་
འདུན་གྱིས་སོ་ཞེས་པ་ནི་སྡོམ་པ་དེའང་དགེ་སློང་མའི་དགེ་འདུན་གྱིས་སྦྱིན་གྱི་གཞན་གྱིས་མ་ཡིན་པའོ། །དེ་ཡང་ཇི་ལྟར་སྦྱིན་ཞེ་ན། བསླབ་པའི་སྡོམ་པ་ཞེས་སྦྱིན་ཞེས་པ་ཡིན་ཏེ། དགེ་སློབ་མའི་སྡོམ་པ་ཞེས་པ་འམ། དགེ་སློང་མའི་སྡོམ་པ་ཞེས་མི་བྱའི། དགེ་སློང་མར་སློབ་པ་སྡོམ་པ་ཡིན་
པས་ན་བསླབ་པའི་སྡོམ་པ་ཞེས་སྙད་བཏགས་ལ་བྱིན་ཅིག་པའོ། །དེའི་འོག་ཏུ་བསླབ་པ་བརྗོད་ཅེས་པ་ནི་སྡོམ་པ་ཕོག་ཟིན་པའི་འོག་ཏུ་ལས་བྱེད་པའི་དགེ་སློང་མས་དེའི་བསླབ་པ། གཅིག་པུ་ལམ་དུ་མི་འགྲོ་དང་། །ཆུ་ཀླུང་ཕ་རོལ་བརྒལ་མི་བྱ། །སྐྱེས་པ་མི་རེག་གནས་པ་དང་། །ལྟུང་བ་
མི་བཅབ་སྨྱན་མི་བྱ། །ཞེས་པའི་ཆོས་དྲུག་དང་། །ས་ལེ་སྦྲམ་ལ་མི་གཟུང་ཞིང་། །བསླབ་པའི་སྤུ་རྣམས་བྲེག་མི་བྱ། །ས་ཡང་བརྐོ་བར་མི་བྱ་སྟེ། །རྩྭ་སྔོན་དག་ཀྱང་གཅད་མི་བྱ། །བྱིན་ལེན་མེད་པར་མི་བཟའ་སྟེ། །དེ་བཞིན་གཞག་པ་དག་ཀྱང་མིན། །ཞེས་པའི་རྗེས་སུ་མཐུན་པའི་ཆོས་
དྲུག་དང་འདི་རྣམས་བསྒོ་ཤིག་པའོ། །དགེ་སློབ་མའི་བསླབ་པ་བསྲུངས་ན་ལྟང་ཀམ་དུ་བསྙེན་པར་རྫོགས་པར་བྱ་འམ་ཞེ་ན། ཚངས་པར་སྤྱོད་པ་བསྐྱེད་པའི་སྡོམ་པ་མ་ཐོབ་པར་བསྙེན་པར་རྫོགས་པར་མི་བྱ་ཞེས་པ་ཡིན་ཏེ། བསམ་པ་སྣོད་དུ་བྱ་བའི་ཕྱིར་ཚངས་པར་སྤྱོད་པ་བསྐྱེད་པའི་

སྡོམ་པ་གསོལ་བ་དང་གཉིས་ཀྱིས་མ་བསྒྲུབས་པར་བསྙེན་པར་རྫོགས་པར་མ་བྱེད་ཅིག་པའོ། །དེ་ཡང་གང་གི་སྐབས་སུ་སྦྱིན་ཞེ་ན། གསང་སྟེ་སྟོན་པའི་འོག་ཏུ་དེ་སྦྱིན་ཞེས་པ་ཡིན་ནོ། །དེའང་སུས་སྦྱིན་ཞེ་ན། དགེ་འདུན་གྱིས་སོ་ཞེས་པ་ཡིན་ཏེ། ཚངས་པར་སྤྱོད་པ་བསྐྱེད་པའི་སྡོམ་པ་དགེ་
སློང་མའི་དགེ་འདུན་གྱིས་བྱིན་ཅིག་པའོ། །དེའང་ཐབས་ཇི་ལྟར་བྱས་ཏེ་སྦྱིན་ཞེ་ན། བར་ཆད་དྲིས་ནས་སོ་ཞེས་པ་ཡིན་ཏེ། བར་ཆད་ཀྱི་ཆོས་རྣམས་དྲིས་ནས་གདོད་བྱིན་ཅིག་པའོ། །དེ་ལྟ་བས་ན་བུད་མེད་ལ་བར་དུ་གཅོད་པའི་ཆོས་ལན་གསུམ་གྱི་བར་དུ་དྲི་དགོས་སོ། །གསོལ་ནས་སུ་ཞེས་
པ་ནི་ཚངས་པར་སྤྱོད་པ་སྐྱེ་བའི་སྡོམ་པ་ཡང་དེས་མ་གསོལ་གྱི་པར་དུ་དབོག་ཏུ་མི་རུང་པའོ། །གོས་ནི་ལྔའོ་ཞེས་པ་ནི་དེའི་གོས་ཆོས་གོས་གསུམ་དང་། རྔུལ་གཟན་དང་། ཀུ་སུ་ལུ་ལ་ཀ་ལྔ་དགོས་པར་སྟོན་པའོ། །གནས་ལ་ཤིང་དྲུང་མ་གཏོགས་སོ། །ཞེས་པ་ནི་ཤིང་དྲུང་མ་གཏོགས་པའི་
གནས་གསུམ་བསྒོ་ཤིག །ལྟུང་བའི་ཆོས་བརྒྱད་དོ་ཞེས་པ་ནི་དགེ་སློང་ཕ་དང་མཐུན་པའི་ལྟུང་པ་བཞི་དང་རེག་པ་ལ་སོགས་པའི་ལྟུང་བ་བཞི་སྟེ། བརྒྱད་ཀྱང་སྟོན་པའོ། །ལྕི་བའི་ཆོས་བསྒོ་ཞེས་པ་ནི། བསྙེན་པར་རྫོགས་པ་དགེ་སློང་ལས། །ཟླ་བ་ཕྱེད་ཅིང་ལུང་ནོད་པ། །དགེ་སློང་
མེད་པའི་གནས་དག་ཏུ། །ཚུལ་དུ་འཇུག་པ་དག་ཀྱང་སྟེ། །དགེ་སློང་ཉམས་པ་མི་གླེང་ཞིང་། །ཁྲོ་མིན་གསར་ལ་ཕྱག་ཀྱང་བྱ། །ཚོགས་གཉིས་དག་ལ་མཉེས་བྱ་ཞིང་། །འབྱུང་བ་དག་སྟེ་ལྕི་བའོ། །ཞེས་པའི་ཆོས་འདི་བརྒྱད་ཀྱང་བསྒོས་ཤིག་པའོ། །དེ་དག་སྐབས་གང་དུ་བསྒོ་
ཞེ་ན། ལྟུང་བ་དང་དགེ་སྦྱོང་དུ་བྱེད་པའི་བར་དུའོ་ཞེས་པ་ཡིན་ཏེ། ལྟུང་བའི་ཆོས་བརྒྱད་དང་། དགེ་སྦྱོང་དུ་བྱེད་པའི་ཆོས་བཞིའི་བར་དུ་འདི་བསྒོ་ཤིག་པའོ། །དྲུག་ཀྲིད་ཅེས་པ་ནི་སཱུ་ཏྲ་འོག་ནས་འབྱུང་བ་དྲུག་ཀྲིད་ཀྱིས་བསྒོ་ཤིག་པའོ། །འདི་དག་ལ་སྐྱེ་བའི་ཆོས་མེད་དོ་ཞེས་པ་ཡང་
ངོ་ཞེས་པ་ནི། འོག་ནས་འབྱུང་པའི་སཱུ་ཏྲ་འདི་དྲུག་ལ་སྐྱེ་བའི་ཆོས་མེད་པ་སྟོན་པའོ། །འདི་ལྟ་བུའི་ཆོས་ཅན་བསྐྲད་དགོས་པའང་ཞར་ལ་རིག་པར་གྱིས་ཤིག །ཀྲིད་དང་སྦྱོར་ཞིང་སྐྱེ་བའི་ཆོས་མེད་པ་དེ་དག་གང་ཞེ་ན། མཚན་གཉིས་ཞེས་པ་ལ་སོགས་པ་ཡིན་ཏེ། ཕོ་མོས་གཉི་

གའི་མཚན་ཡོད་པའོ། །མཚན་འདམས་པ་ཞེས་པ་ནི་ལྷེད་ལྟ་བུ་གླེ་འདམས་པའོ། །ཁོར་མོར་ཟག་པ་ཞེས་པ་ནི་ཁྲག་ལ་སོགས་པ་རྟག་ཏུ་ཟག་པའོ། །ཁྲག་མེད་པ་ཞེས་པ་ནི་མངལ་གྱི་ཁྲག་མེད་པའོ། །མཚན་མ་ཙམ་ཞེས་པ་ནི། མཚན་མཚན་མ་ཙམ་དུ་གྱུར་པ་དེ་
ལ་བྱའོ་ཞེས་པ་ནི། མཚན་མ་ཙམ་ཞེས་གོང་དུ་སྨོས་པ་མདོ་འོག་ནས་འཆད་པ་ཡིན་ཏེ། ཆུ་འབྱུང་བའི་མཚན་མ་ཙམ་ཡོད་པ་ལ་བྱའོ། །སྔོན་རབ་ཏུ་བྱུང་བ་ཞེས་པ་ནི་སྔོན་རབ་ཏུ་བྱུང་བ་ལས་ཕྱིས་བསླབ་པ་ཕུལ་བའོ། །ཕྲན་ཚེགས་ལ་སོགས་པ་ལས་རབ་ཏུ་འབྱུང་བའི་དངོས་པོར་གཏོགས་
པའོ། །ད་ནི་སྡོམ་པ་འཆགས་སམ་མི་འཆགས་པ་ལ་སོགས་པ་ཞུ་བ་ལས་འབྱུང་བ་སྟོན་ཏེ། མི་མ་ཡིན་པའི་འགྲོ་བ་དང་། བྱང་གི་སྒྲ་མི་སྙན་པ་སྡོམ་པའི་ཞིང་མ་ཡིན་ཞེས་པ་ནི་ལྷ་དང་གནོད་སྦྱིན་ལ་སོགས་པ་དང་། བྱང་གི་སྒྲ་མི་སྙན་གྱི་རང་བཞིན་གྱིས་དམན་པ་ལ་སྡོམ་པ་མི་འཆགས་པར་
སྟོན་པའོ། །མཚན་ལན་གསུམ་དུ་གྱུར་པ་མ་ཡིན་ཞེ་ན། མཚན་ལན་གསུམ་གྱི་བར་དུ་གྱུར་ན་མ་ནིང་དུ་ཟད་པས་སྡོམ་པ་མི་འཆགས་པའོ། །སྔ་མ་གཉིས་ཀྱིས་ཉམས་པ་ཡིན། །ཞེས་པ་ནི་མཚན་ལན་གཉིས་ཀྱི་བར་དུ་གྱུར་པས་སྡོམ་པ་མེད་པར་མི་འགྱུར་བའོ། །ལེན་པའི་ཚེ་
ནའང་སྐྱེའོ་ཞེས་པ་ནི་སྡོམ་པ་ནོད་པའི་ཚེ་མཚན་གྱུར་ན་ཕོ་མོ་གང་དུ་གྱུར་པ་དེའི་སྡོམ་པ་འཆགས་པར་སྟོན་པའོ། །མཁན་པོ་མེད་པའང་དེ་དང་ལྡན་པའོ་ཞེས་པ་ནི་མཁན་པོ་མེད་ནའང་མཁན་པོ་ཡོད་པ་དང་འདྲ་བར་སྡོམ་པ་སྐྱེ་བའོ། །འདི་བསྙེན་པར་མ་རྫོགས་པས་ཀྱང་ངོ་
ཞེས་པ་ནི། མཁན་པོ་བསྙེན་པར་མ་རྫོགས་པ་ཤིག་ཡིན་ན་ཡང་སྡོམ་པ་སྐྱེ་བར་སྟོན་པའོ། །འདི་དགེ་སློང་མ་ཡིན་པར་ཤེས་ནའོ་ཞེས་པ་ནི་གོང་མ་ལྟར་རུང་བ་ཡང་བསྙེན་པར་རྫོགས་པར་འདོད་པས་དགེ་སློང་མ་ཡིན་པར་མ་ཤེས་ན། གདོད་གོང་མ་ལྟར་གྱུར་པའོ། །འདི་བཏང་ན་
མ་ཡིན་ཞེས་པ་ནི་མཁན་པོ་དེ་མི་འདོད་ཅེའམ་མི་དགོས་ཞེས་མཁན་པོ་བཏང་ན་སྡོམ་པ་མི་འཆགས་པའོ། །འདི་གཉིས་ཀྱི་མིང་མ་སྨོས་ན་མ་ཡིན་ཞེས་པ་ནི་བསྙེན་པར་རྫོགས་པ་དང་མཁན་པོ་གཉིས་ཀྱི་མིང་མ་སྨོས་པར་སྡོམ་པ་ཕོག་ན་མི་འཆགས་པར་སྟོན་པའོ། །དེའི་གཞི་དགེ་

འདུན་མ་སྨོས་ན་ཞེས་པ་ནི་སྡོམ་པ་འཐོབ་པའི་གཞི་ཆེན་པོ་དགེ་འདུན་མ་སྨོས་པར་ཁྲིམས་ཕོག་ན་སྡོམ་པ་མི་འཆགས་པའོ། །ཁྱིམ་པ་དང་མུ་སྟེགས་ཀྱི་མཚན་མས་མ་ཡིན་ཞེས་པ་ནི་ཁྱིམ་པའི་ཆ་ལུགས་ཡོད་བཞིན་པ་དང་། མུ་སྟེགས་ཀྱི་མཚན་མ་ཡོད་བཞིན་དུ་ཁྲིམས་ཕོག་ན་སྡོམ་པ་
མི་འཆགས་པའོ། །གཅེར་བུ་དང་རྔམ་པ་དང་གོང་འཆའ་བས་མ་ཡིན་ཞེས་པ་ནི། འདི་རྣམས་ལ་ཁྲིམས་ཕོག་ན་སྡོམ་པ་མི་འཆགས་ཏེ་དེ་ལ་གཅེར་པུ་ཞེས་པ་ནི་ཁྲེལ་ཞིང་ངོ་ཚ་མི་ཤེས་པའི་ཕྱིར་རོ། །རྔམ་པ་ནི་སྡོམ་པ་ནོད་པའི་ཚེ་རྔམ་བཞིན་དུ་མནོས་ན་མི་བརྟན་པའི་ཕྱིར་རོ། །གོང་
འཆའ་བ་ནི་སྐྱེས་པ་ཕྲད་དོ་ཅོག་ཁ་འདོགས་པས་ན་སྡིག་ཆེ་བའི་ཕྱིར་སྡོམ་པའི་ཞིང་མ་ཡིན་ནོ། །བཀར་བ་མཚན་མ་གཏོང་བར་ཁས་མི་ལེན་པ་མ་ཡིན་ཞེས་པ་ནི་ཉེས་ཡོད་པ་མ་མཐོང་ངོ་ཞེས་དངན་སྙོན་བྱེད་པ་ལ་སོགས་པའི་ཕྱིར་བཀར་བ་ལས་བབས་པ་ལྟ་བུ་རབ་ཏུ་འབྱུང་བར་རྩོལ་
ན་ཉེས་པ་དེའི་ཕྱིར་བཀར་ལ་ཉེས་པ་དེ་ཉིད་མི་གཏོང་ན་སྡོམ་པ་མི་འཆགས་པར་སྟོན་པའོ། །ཚིག་སྔ་མ་མ་མྱོང་ན་ཉེས་བྱས་ཞེས་པ་ནི། དགེ་བསྙེན་དང་དགེ་ཚུལ་གྱི་སྡོམ་པ་རིམ་བཞིན་དུ་མ་ཕོག་པ་ལྟང་ཀམ་དུ་བསྙེན་པར་རྫོགས་ན་ད་བསྙེན་པར་རྫོགས་པར་བྱེད་པ་དེ་དག་ལ་ཉེས་
བྱས་སུ་འགྱུར། དགེ་བསྙེན་གྱི་སྡོམ་པ་མ་ཕོག་པར་དགེ་ཚུལ་དུ་སྤར་བའང་དེ་བཞིན་ནོ། །མཁན་པོར་མ་གསོལ་ནའོ་ཞེས་པ་ནི་མཁན་པོར་གསོལ་བ་མ་བྱས་མཁན་པོར་མ་བཙལ་བར་བསྙེན་པར་རྫོགས་ནའང་བསྙེན་པར་རྫོགས་པར་མི་འགྱུར་བ་མེད་པར་སྟོན་པའོ། །བར་ཆད་མ་
དྲིས་ནའོ་ཞེས་པ་ནི་བསྙེན་པར་རྫོགས་པར་འདོད་པ་དེ་བར་ཆད་ཀྱི་ཆོས་ནི་མེད་ལ་དགེ་འདུན་གྱིས་མ་དྲིས་ན་དེ་ནི་བསྙེན་པར་རྫོགས་པར་འགྱུར་དགེ་འདུན་ལ་ནི་ཉེས་བྱས་ཡོད་པར་སྟོན་པའོ། །འདི་མེད་བཞིན་དུ་ཁས་འཆེས་པ་སྦྱིན་ཞེས་པ་ནི་བར་ཆད་ཀྱི་ཆོས་ནི་མེད་ལ། ཁོ་ནས་
ཡོད་ཅེས་ཟེར་བ་ལྟ་བུ་སྡོམ་པ་ཕོག་ཀྱང་བླ། བུད་མེད་སྐྱེས་པའི་བྱང་ལག་ཅན་དང་སྐྱེས་པ་བུད་མེད་ཀྱི་བྱད་ལག་ཅན་ནི་མཚན་ཐ་དད་པ་མ་ཡིན་ནོ་ཞེས་པ་ནི། འདི་ལྟ་བུར་བྱད་ལག་སྲེལ་ཞིང་འདུག་ཀྱང་སོ་སོའི་མཚན་ཡོད་པས་ན་མ་ནིང་ལ་སོགས་པ་མ་ཡིན་ཏེ་སྡོམ་པ་འཆགས་སོ། །

དེ་ལྟ་བུ་རབ་ཏུ་དབྱུང་ངམ་ཞེ་ན། འདི་ལག་རྡུམ་ལ་སོགས་པར་བསྡུའོ་ཞེས་པ་ཡིན་ཏེ། འདི་ལྟ་བུ་ལག་རྡུམ་ལ་སོགས་པ་དང་འདྲ་བར་སྟོན་བའོ། །གཞན་ཡང་དེ་དང་འདྲ་བར་བསྡུ་བ་ནི་སྡིག་པའི་མཚན་མ་ཅན་དང་དབྱིབས་ཐ་དད་པ་དང་གླིང་ཐ་དད་དུ་སྐྱེ་བའོ་ཞེས་
པ་ཡིན་ཏེ། སྨེ་བ་ལ་སོགས་པའི་མཚན་དང་ནད་པའམ་གདོང་ལ་སྤྱང་རྗེས་བཏབ་པ་ལ་སོགས་པ་དང་། ཤར་གྱི་ལུས་འཕགས་དང་། འཛམ་བུའི་གླིང་པ་ལྟ་བུ་དབྱིབས་ཐ་དད་པ་དང་། འཛམ་བུའི་གླིང་ཉིད་ན་འང་ཁྱི་ཐོད་ཅན་དང་རྣ་བ་གྱོན་པ་ལ་སོགས་པ་དབྱིབས་ཐ་དད་པ་ལྟ་བུ་དང་།
ཤར་གྱི་གླིང་དང་འཛམ་བུའི་གླིང་ལྟ་བུ་གླིང་ཐ་དད་པ་དང་དེ་ལྟ་བུ་ལ་སོགས་པ་ཡང་ལག་རྡུམ་དང་འདྲ་བར་སྟོན་པའོ། །གཞན་ཡང་དེར་གཏོགས་ལ་སྨོས་པ་རྣམས་ད་སྟོན་པ་ནི། སེན་མོ་གཅིག་པ་དང་། ལྟེབས་པ་དང་། གཞོགས་ཕྱེད་ཉམས་པ་དང་། དཀྲེ་སྤྱི་དང་། སྐྲ་ཚོམས་ཅན་
དང་། མདུན་རྒྱབ་དང་གཉི་ག་སྒུར་བ་དང་། དྲུག་དང་སྦྱར་བ་དང་། མེད་པའི་སོར་མོ་དང་རྫི་མ་བདུང་བ་དང་། ན་ཀུ་ལ་འུག་པ་ལོག་པ་ཕྲད་པ་འཕྱང་བ་དམར་བ་དཀྱིལ་མིག་གི་མིག་ལྟ་བུ་དང་། དགྲ་དང་། ཁྱེ་མ་དང་། འབྲུམ་ཕྲན་དང་། ཡངས་པའི་མིག་དང་། སེར་པོ་དཀར་པོ་
དམར་པོ་གཅེའུ་རྣ་དང་། གཡའ་བ་ཤུ་བ་ཁོང་པའི་མཛེ་དང་མཇེ་རླིག་པའི་ནང་དུ་ནུབ་པ་དང་། གླེན་པ་དང་ལྕེ་མེད་དང་། གཅིག་དང་མེད་པའི་རྐང་ལག་དང་། སྐྲ་སྔོན་པོ་དང་། གླང་པོ་རྟ་ཁྱི་བ་ལང་ལུག་རི་དགས་ཉ་སྦྲུལ་རིང་པོ་མང་པོ་རྣམས་ཀྱི་མགོ་དང་། ཏ་ལའི་མགུལ་བ་དང་།
ནད་དང་སྤྱོད་ལམ་གྱིས་དུབ་པ་རྣམས་ལས་མི་ན་བ་དང་། ན་བར་བསྡེབ་བོ་ཞེས་པ་ཡིན་ཏེ། སེན་མོ་གཅིག་པ་ལ་སོགས་ཏེ་མིང་གིས་སྨོས་པ་འདི་དག་ལས་གང་ན་བ་མ་ཡིན་པ་དེ་ནི་ལག་རྡུམ་ཞེས་པ་ལ་སོགས་པ་དང་སྦྱར། གཞོགས་ཕྱེད་ཉམས་པ་ལ་སོགས་པ་གང་ན་བ་ནི་ནད་
པ་མ་ཡིན་ནམ་ཞེས་པ་དང་སྦྱར་རོ། །དེ་ལ་སེན་མོ་གཅིག་ཅེས་པ་ནི་སོར་མོ་ཀུན་གྱི་སེན་མོ་གཅིག་པའོ། །ལྟེབས་ཞེས་པ་ནི་ལག་པ་ཤོག་དེབ་ལྟར་ལྟེབས་པའོ། །གཞོགས་ཕྱེད་ཉམས་ཞེས་པ་ནི་གཞོགས་ཕྱེད་རླུང་གིས་སྐམས་པའོ། །དཀྲེ་སྤྱི་ཞེས་པ་ནི་སྤྱི་བོ་དཀྲེ་ལྟར་མྱུག་

མྱུག་པོར་འདུག་པའོ། །སྐྲ་ཚོམས་ཅན་ཞེས་པ་ནི་ཟུར་ཕུད་འདྲ་བར་ཕ་ཟད་ཚུ་ཟད་ན་ཚོམས་སུ་འདུག་པའོ། །མདུན་རྒྱབ་དང་གཉི་ག་སྒུར་ཞེས་པ་ནི་མདུན་དུའང་སྒུར་བ་དང་། རྒྱབ་ཏུའང་སྒུར་བ་དང་། མདུན་རྒྱབ་གཉི་ག་སྒུར་བའོ། །དྲུག་དང་འབྱར་བ་དང་། མེད་པའི་སོར་མོ་
ཞེས་པ་ནི་སོར་མོ་དྲུག་དང་། སོར་མོ་འབྱར་བ་དང་སོར་མོ་མེད་པའོ། །རྫི་མ་བདུང་བ་དང་ན་ཀུ་ལ་འུག་པ་ལོག་པ་ཕྲད་པ་འཕྱང་བ་དམར་བ་དཀྱིལ་མིག་གི་མིག་ཅེས་པ་ནི་རྫི་མ་ནང་དུ་བལྟས་པའི་མིག་དང་། ན་ཀུ་ལའི་མིག་ལྟ་བུ་དང་འུག་པའི་མིག་ལྟ་བུ་དང་། མིག་གི་ཐ་མ་ལོག་པར་
འདུག་པ་དང་། །མིག་གཉིས་འདབ་ཕྲད་པ་དང་། མིག་གཟེའུ་ལྟར་འདུག་པ་དང་། མིག་ཐན་ཀོར་ཡན་ཆད་དམར་བ་དང་། མིག་གི་འབྲས་བུའི་ནང་ན་སྤྲིན་ཡོད་པ་ཨུ་ཤུད་ཀྱི་མིག་ལྟ་བུར་འདུག་པ་རྣམས་སོ། །དགྲ་དང་ཁྱེ་མ་དང་འབྲུམ་ཕྲན་དང་ཡངས་པའི་མིག་ཅེས་པ་ནི་མིག་གི་
ནང་དུ་མཛེར་པ་བྱུང་བ་དང་། ཁྱེ་མ་བྱུང་བ་དང་། འབྲུམ་ཕྲན་བྱུང་བ་དང་། མིག་ཡངས་ཞེས་པའོ། །སེར་པོ་དཀར་པོ་དམར་པོ་གཅེའུ་རྣ་ཞེས་པ་ནི་རྣ་བ་འདི་རྣམས་ལྟར་འདུག་པའོ། །གཡའ་བ་ཤུ་བ་ཁོང་པའི་མཛེ་ཞེས་པ་ནི་རྣམ་པ་འདི་ལྟ་བུའི་མཛེ་ཡོད་པའོ། །མཇེ་རླིག་བའི་ནང་དུ་
ནུབ་ཅེས་བ་ནི་རླིག་པ་ཆེ་ཆེས་པའོ། །ལྕེ་མེད་ཅེས་པ་ནི་ལྕེ་ཡོང་གི་མེད་པའོ། །གཅིག་དང་མེད་པའི་རྐང་ལག་ཅེས་པ་ནི་ཡོང་གི་རྐ་ལག་ཡ་རེ་ལས་མེད་པ་དང་རྐ་ལག་ཡེ་མེད་པའོ། །སྐྲ་སྔོན་པོ་ཞེས་པ་ནི་སྐྲ་རམས་ཁར་འདུག་པའོ། །གླང་པོ་ཞེས་པ་ནས་མགོ་ཞེས་པའི་བར་དུ་ནི་མིང་
གིས་སྨོས་པ་འདི་རྣམས་ཀྱི་མགོའམ་ཐོད་པར་འདུག་པ་སྟེ། དེ་ལ་རིང་པོ་ཞེས་པ་ནི་སྤྱི་རིངས་སུ་འདུག་པའོ། །མང་པོ་ཞེས་པ་ནི་དུ་མའི་ཐོད་པ་ཡོང་པའོ། །ཏ་ལའི་མགུལ་པ་ཞེས་པ་ནི་མགུལ་པ་ཉེར་ཉེར་པོར་འདུག་པའོ། །ནད་དང་སྤྱོད་ལམ་གྱིས་དུབ་ཅེས་པ་ནི་ནད་དང་སྤྱོད་ལམ་
གྱིས་གཅད་ཅིང་དུབ་པའོ། །མི་རུངས་པ་ནི་རྐུན་པོས་སོ་ཞེས་པ་ནི་གསོད་རྐྱེན་མ་འོངས་པར་བྱེད་པའི་མ་རུངས་པར་ཡང་རྐུན་པོ་ཞེས་གོང་དུ་སྨོས་པའི་ཁོངས་སུ་བསྡུའོ། །ཕར་བསམས་པའི་རྒྱལ་པོས་གནང་བ་ནི་ཕ་བཞིན་ནོ་ཞེས་པ་ནི། རྒྱལ་བོས་ཕ་ལྟ་བུར་བྱས་པ་རྒྱལ་པོ་དེས་

རབ་ཏུ་འབྱུང་བར་གནང་བ་ནི་ཕས་རབ་ཏུ་འབྱུང་བར་གནང་བ་དང་འདྲའོ། །བུ་བཙན་དུ་བླངས་པ་གནང་བ་དང་བཅང་བ་དང་ཞུ་བ་ནི་ཕ་མ་བཞིན་ཞེས་པ་ནི་བུ་བཙན་དུ་བླངས་པའི་ཕ་མ་ཡང་ཕ་མ་ངོ་བོས་གནང་ན་རབ་ཏུ་འབྱུང་བ་དང་ཕ་མ་ཡུལ་མི་རིང་ན་རབ་ཏུ་དབྱུང་བར་འདོད་པ་
ཞག་བདུན་གྱི་བར་དུ་བཅང་བ་དང་། ཡུལ་རིང་ཡང་དགེ་འདུན་ལ་མི་ཞུར་མི་རུང་བ་བཞིན་དུ་གྱིས་ཤིག་པའོ། །མི་མ་ཡིན་པའི་འགྲོ་བ་མ་ཡིན་ཞེས་པ་ནི། ཕ་མ་མི་མ་ཡིན་པ་ཞིག་ན་གནང་བ་ལ་སོགས་པ་མདོ་གོང་མ་ལྟར་བྱ་མི་དགོས་པའོ། འདི་དག་ལ་མཚམས་མེད་པར་མི་འགྱུར་ཞེས་
པ་ནི་ཕ་མ་མི་མ་ཡིན་པས་བསད་པ་མཚམས་མེད་པར་མི་འགྱུར་བའོ། །འདི་ནི་སྐྱེས་པ་དག་ལས་སོ་ཞེས་པ་ནི། གང་ལས་སྐྱེས་པའི་ཕ་མ་ཉིད་བསད་ན་མཚམས་མེད་པར་འགྱུར་གྱི། བུ་བཙན་དུ་གསོས་པའི་ཕ་མ་དང་མི་མ་ཡིན་པའི་ཕ་མ་བསད་པས་ནི་མི་འགྱུར་བར་སྟོན་པའོ། །མཚན་
གྱུར་པ་དག་ཀྱང་ངོ་ཞེས་པ་ནི་ཕ་མ་ནི་ཕོ་མོས་སུ་མཚན་གྱུར་པ་བས་བསད་ཀྱང་མཚམས་མེད་པར་གྱུར་པའོ། །དེས་བྱས་པ་ནི་མ་བསད་པ་ལ་སོགས་པའི་དམིགས་སོ་ཞེས་པ་ནི། གོང་མ་ལྟར་གྱུར་པས་ན་ཕ་མ་ངོ་བོ་བསད་པ་རབ་ཏུ་མི་དབྱུང་ཞིང་བསྙེན་པར་རྫོགས་པར་མི་བྱའི་མཚམས་མེད་
པར་མི་འགྱུར་བའི་ཕ་མ་བསད་པ་ནི་རབ་ཏུ་མི་དབྱུང་ཞིང་བསྙེན་པར་རྫོགས་པར་མི་བྱ་བ་མ་ཡིན་ན། སྐྱེས་པས་བྱི་བྱས་ན་དགེ་སློང་མ་བསླུས་པ་དང་། བུད་མེད་ཀྱིས་བྱི་བྱས་ན་དགེ་སློང་ཕ་བསླུས་པ་སྟོན་པ་ནི་སླུ་བ་ནི་མི་ཚངས་པར་སྤྱོད་པ་སྟེ། མ་ཕབ་བ་དག་གིས་མྱོང་བའོ་ཞེས་པ་ཡིན་
ཏེ། དགེ་སློང་མ་དང་དགེ་སློང་ཕ་སྔོན་ཕམ་བ་བྱུང་བ་ཡང་མ་ཡིན་ལ་མི་ཚངས་པར་སྤྱོད་ཅིང་དེའི་དགའ་བ་ཉམས་སུ་བླངས་ན། དགེ་སློང་མ་དང་དགེ་སློང་ཕ་བསླུས་པ་ཡིན་པར་སྟོན་པའོ། །དེ་ལ་གཅིག་མ་དད་པར་གཅིག་གིས་གོང་པོ་ནན་བྱས་ན་གོང་གོང་པོ་ནན་བྱེད་ཅིང་དགའ་བ་ཉམས་
སུ་ལེན་པ་ཉིད་སླུ་བར་འགྱུར་རོ། །ཕན་ཚུན་ནས་གཉི་ག་འདུན་ན་གཉི་ག་དགེ་སློང་མ་དང་དགེ་སློང་ཕ་སླུ་བའོ། །གོང་དུ་དགེ་སློང་མ་བབས་པ་ལ་སྐྱེས་པའི་ཆོས་མེད་པར་བསྟན་པ་དེ་སྐབས་ཀྱིས་སྐྱེས་པའི་ཆོས་ཡོད་པར་ཡང་སྟོན་པ་ནི། བུད་མེད་ལས་སྐྱེས་པར་གྱུར་ན་རབ་ཏུ་དབྱུང་ཞིང་

བསྙེན་པར་རྫོགས་པ་འོས་པའོ་ཞེས་པ་ཡིན་ཏེ། དགེ་སློང་མ་བྱེད་བྱེད་པ་ལས་བསླབ་པ་ཕུལ་ཏེ། བབས་པའི་འོག་ཏུ་མཚན་བརྗེས་ཏེ་སྐྱེས་པར་གྱུར་ལ་རབ་ཏུ་དབྱུང་བར་གསོལ་ན་རུང་བར་སྟོན་པའོ། །གོང་དུ་ཕས་ཕམ་བྱུང་བ་ལས་སྐྱེས་པའི་ཆོས་མེད་པར་སྟོན་པ་དེ་ཡང་སྐབས་ཀྱི་བྱེ་བྲག་
གིས་འགྱུར་བ་སྟོན་པ་ནི། མི་མཚུངས་པའི་ཕས་ཕམ་བྱུང་བའོ་ཞེས་པ་ཡིན་ཏེ། རེག་པ་ལ་སོགས་པ་དགེ་སློང་ཕ་དང་མི་འདྲ་བའི་ཕས་ཕམ་བ་བྱུང་བ་ལས་བབས་པ་གོང་མ་ལྟར་མཚན་གྱུར་ན་རབ་ཏུ་དབྱུང་ཞིང་བསྙེན་པར་རྫོགས་སུ་རུང་བར་སྟོན་པའོ། །གཞི་པ་རྣམས་ནི་བུད་མེད་བསྙེན་
པར་རྫོགས་པའི་ཡན་ལག་གོ་ཞེས་པ་ནི་བུད་མེད་བསྙེན་པར་རྫོགས་པའི་ཚེ་དགེ་སློང་ཕའི་དགེ་འདུན་གྱིས་ཀླག་ཅེས་འབྱུང་བས། གུད་ནས་འགྲོན་ཐབས་སུ་ལྷགས་པའི་དགེ་འདུན་གྱིས་ཀླག་ཅིང་བསྣན་པ་མ་ཡིན་གྱི་དགེ་འདུན་གཞི་བས་སྣོན་ཅིང་ཀློག་ཤིག་པའོ། །འགྲུབ་བའི་མོད་ལ་
བཏང་ན་འཇིག་པ་ནི་དགེ་བསྙེན་ཡན་ཆད་གང་གི་སྡོམ་པ་ནོད་ཀྱང་རུང་སྟེ། སྡོམ་པ་འགྲུབ་ཅིང་འཆགས་སུ་བྱེད་པའི་ཚེ་གཏོང་བ་ལ་སོགས་པ་རྐྱེན་གྱིས་བཙལ་ན་དེའི་མོད་ཁོ་ན་ལ་སྡོམ་པ་འཇིག་པར་སྟོན་པའོ། །རབ་ཏུ་འབྱུང་བའི་དངོས་པོར་གཏོགས་པ་ཕལ་ཆེར་ཞུགས་པའོ།། །།
རབ་ཏུ་དབྱུང་ཞིང་བསྙེན་པར་རྫོགས་པའི་ཆོ་ག་དེ་ལྟར་བསྟན་ནས། ཁྱིམ་པར་བབས་ཤིང་བསླབ་པ་གཏོང་བའི་ཆོ་ག་ཇི་ལྟ་བུ་ཡིན་པར་སྟོན་པ་ནི། རང་བཞིན་ཉམས་པས་བྱས་པ་ནི་ཕུལ་བ་མ་ཡིན་ནོ་ཞེས་པ་ལ་སོགས་པ་ཡིན་ཏེ། སྨྱོས་པ་དང་བརླམས་པ་དང་། ཚོར་བས་ཉེན་བ་ལྟ་བུ་ལ་
སོགས་པ་རང་བཞིན་གྱུར་བས་བསླབ་པ་བཏང་བ་ནི་བཏང་བར་མི་ཆུད་དོ། །དེ་ལ་ཡང་མ་ཡིན་ཞེས་པ་ནི་བསླབ་པ་དབུལ་བའི་གཞི་བོ་དེ་སྨྱོས་པ་དང་བརླམས་པ་དང་ཚོར་བས་ཉེན་པ་ཞིག་ན་དེ་ལ་ཕུལ་བའང་ཕུལ་ཞིང་བཏང་བར་མི་ཆུད་པའོ། །ལྐུགས་པ་ལ་མ་ཡིན་ཞེས་པ་ནི་ཕ་རོལ་ལ་བསྙད་མི་
ནུས་པའི་ལྐུགས་པ་ལ་ཕུལ་ན་བཤས་ཏེ་ཕུལ་བར་མི་ཆུད་པའོ། །མི་མ་ཡིན་པའི་འགྲོ་བ་ལ་མ་ཡིན་ཞེས་པ་ནི་མི་མ་ཡིན་པའི་ལྷ་དང་ཀླུ་ལ་སོགས་པ་མི་མ་ཡིན་པའི་འགྲོ་བ་ལ་ཕུལ་ནའང་ཕུལ་བར་ཆུད་པའོ། །མ་གོ་ན་མ་ཡིན་ཞེས་པ་ནི་སྐད་མི་མཐུན་པ་ལ་ཕུལ་བ་དང་ཅ་ཅོའི་ནང་དུ་ཕུལ་བ་ལྟ་བུ་ཕ་

རོལ་གྱི་མཐུས་མ་གོ་བར་ཕུལ་བ་ཕུལ་བར་མི་ཆུད་དོ། །དབེན་པར་མ་ཡིན་ཞེས་པ་ནི་སུ་འང་མེད་པའི་ལྐོག་བུར་ཕུལ་བ་འང་མི་རུང་བར་སྟོན་པའོ། །དབེན་པར་འདུ་ཤེས་པ་མ་ཡིན་ཞེས་པ་ནི་དབེན་པ་མ་ཡིན་ཏེ་མི་ཡོད་ལ་དབེན་ཞིང་མི་མེད་པའོ་སྙམ་དུ་བསམས་ཏེ་ཕུལ་བ་ལྟ་བུ་
འང་འདུ་ཤེས་བརྩན་བས་ན་ཕུལ་བར་མི་ཆུད་པའོ། །གཏོང་བར་མི་ཆུད་པ་དེ་ལྟར་བསྟན་ནས་ཇི་ལྟ་བུས་གཏོང་བར་འགྱུར་བའི་ཚིག་ད་སྟོན་པ་ནི། བསླབ་པ་སངས་རྒྱས་ཆོས་དགེ་འདུན་མདོ་འདུལ་བ་མ་ལྟ་བུ་སློབ་དཔོན་མཁན་པོ་རྣམས་གཏོང་བ་དང་། བདག་ཁྱིམ་པ་དགེ་ཚུལ་ཟ་མ་མ་ནིང་།
དགེ་སློང་མ་སླུ་བརྐུན་གནས་ཐ་དད་དུ་གནས་པ་མི་གནས་པ་མུ་སྟེགས་པ་མུ་སྟེགས་སུ་ཞུགས་པ། མ་གསོད་པ་ཕ་གསོད་པ་དགྲ་བཅོམ་པ་གསོད་པ་དགེ་འདུན་འབྱེད་པ་དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་འབྱིན་པ་རྣམས་སུ་ཟུང་ཤིག་པ་དང་། ཚེ་དང་ལྡན་པ་དག་བདག་ནི་
ཁྱེད་ཅག་ལྟ་བུའི་ཚངས་པ་མཚུངས་པར་སྤྱོད་པ་དང་ལྷན་ཅིག་ཏུ་གནས་ཤིང་སྤྱོད་པས་ཆོག་གོ་ཞེས་པའི་ཚིག་རྣམས་ཀྱིས་བཏང་ནའོ་ཞེས་པ་ནི། ཚིག་འདི་རྣམས་ལས་རེ་རེ་སྨྲས་ཏེ་བཏང་ངམ་ལག་བརྡ་ལ་སོགས་པས་བཏང་ཞིང་ཕུལ་ལམ། ཐམས་ཅད་རྫོགས་པར་སྨྲས་ཏེ་བཏང་ཞིང་
ཕུལ་ཡང་རུང་བའོ། །གཏོང་བའི་ཆོ་གའོ།། །།བསླབ་པ་གཏོང་བའི་ཆོ་ག་དེ་ལྟར་བསྟན་ནས་ལྟུང་བ་རྣམས་ཀྱི་རིམ་པ་རྣམ་པར་འབྱེད་པ་ལས་འབྱུང་བ་བཞིན་དུ་ད་སྟོན་པ་ནི། བཅུག་ལ་རེག་པ་ཉམས་སུ་བླངས་ནའོ་ཞེས་པ་ལ་སོགས་པ་ཡིན་ཏེ། ཕོ་མཚན་བཅུག་གམ་མོ་
མཚན་དུ་བཅུག་ནས་དེར་རེག་ཅིང་དེ་དག་གི་དགའ་བ་སོ་སོའི་ཉམས་སུ་མྱོང་ན་ལྟུང་བའོ། དེ་ཡང་ཅིས་ཤེ་ན་ཟག་བྱེད་ཀྱིས་སོ་ཞེས་པ་ཡིན་ཏེ། ལག་པ་ལ་སོགས་པ་གཞན་གྱི་མ་ཡིན་གྱི་ཕོ་མཚན་གྱིས་ན་ལྟུང་བར་འགྱུར་བའོ། །དེ་ཡང་གང་དུ་ཞེ་ན་དེར་ཞེས་པ་ཡིན་ཏེ།
རྣ་བ་ལ་སོགས་པར་མ་ཡིན་གྱི་མོ་མཚན་དུ་ན་ལྟུང་བར་འགྱུར་བའོ། །དེ་ཡང་ཇི་ལྟ་བུར་སྤྱད་ན་ཞེ་ན་མ་ཉམས་པར་རོ་ཞེས་པ་ཡིན་ཏེ། གནས་དེ་རུལ་བ་ལ་སོགས་པར་མ་ཡིན་ནོ། །དེ་ཉི་ཚེར་མ་ཟད་དེ་གནས་ཀྱི་བྱེ་བྲག་གཞན་ཡང་ཡོད་པར་སྟོན་པ་ནི། ཁ་འམ་བཤང་

བའི་ལམ་དུའོ་ཞེས་པ་ཡིན་ཏེ། རྣམ་པ་འདི་གཉིས་ཀྱི་ལམ་དུ་སྤྱོད་ན་ཡང་ངོ་། །མ་ཉམས་པར་སྤྱད་པ་ནི་ཕམ་ན་ཉམས་པར་སྤྱད་པ་ཇི་ལྟར་འགྱུར་ཞེ་ན། ཉམས་པར་ན་སྦོམ་པོའོ་ཞེས་པ་ཡིན་ཏེ། སྒོ་གསུམ་ཉམས་པར་སྤྱད་པ་ལྟ་བུ་འཁྲིག་པའི་ཉམས་རངས་པར་མྱོང་དུ་མི་
བཏུབ་པས་ན་ཕས་ཕམ་པའི་སྦོམ་པོར་འགྱུར་རོ། །ཕོ་མཚན་ཉམས་ནའང་དེ་བཞིན། འབྲི་བ་ནི་མི་བཟོད་པ་ལའོ་ཞེས་པ་ནི་བུད་མེད་དང་མ་ནིང་ལ་སོགས་པ་སྤྱད་དུ་མི་བཟོད་པ་ལ་འཚོམ་ཞིང་སྤྱོད་པ་ནས་རྩོམ་པའི་བར་དུ་ཉེས་པ་ན་རེ་རེ་འབྲི་བའོ། །མི་འབྲི་བ་ནི་མི་མ་ཡིན་པའི་འགྲོ་བ་
པ་དང་། སྐྱེས་པ་དང་། མ་ནིང་དང་། བསྟེན་པ་དང་། བསྟེན་པའི་གཡོགས་པ་དང་། ཤི་བ་རྣམས་སོ་ཞེས་པ་ཡིན་ཏེ། རྣམ་པ་འདི་རྣམས་གང་དུ་ཇི་ལྟར་བྱས་ཀྱང་རུང་སྟེ་ཉེས་པ་རངས་པར་འགྱུར་བའོ། །མ་ཚོར་བ་དང་རང་བཞིན་ཉམས་པའི་སྐབས་དང་། མི་འདོད་པར་བཅུག་
པའོ་ཞེས་པ་ནི་བུད་མེད་ལ་སོགས་པར་རོ་ཞིང་གཉིད་ཀྱིས་ནོན་པའམ་སྨྱོས་པ་ལ་སོགས་པར་གྱུར་པའམ། མི་འདོད་བཞིན་དུ་ནན་པོ་ཆེས་སྤྱད་པ་ལྟ་བུ་གཞི་ཉིད་ཉམས་ཤིང་མ་དད་པ་མི་བརྩན་གྱི་མ་ལོངས་པ་ལ་ཉེས་པ་རངས་པར་འགྱུར་བའོ། །ཉིད་ཀྱི་བསྟེན་པར་ན་ཡང་ངོ་ཞེས་
པ་ནི་ཉིད་ཀྱི་ཁ་དང་བཤང་གནས་སུ་སྤྱོད་ན་ཡང་ངོ་། །སྔར་ཕྱི་རོལ་དུ་བདར་ནས་ནང་དུ་བཏང་བར་བསམས་ན་ཡང་ངོ་ཞེས་པ་ནི། བདར་བ་ཕྱི་རོལ་དུ་བྱས་ལ་ནང་དུ་ལྡུགས་པ་དང་བདར་བ་ནང་དུ་བྱས་ལ་ཕྱི་རོལ་དུ་འབོ་བ་ལྟ་བུའང་རངས་པར་འགྱུར་བའོ། །མི་ཚངས་པར་སྤྱོད་པའི་གླགས་
སུ་འགྱུར་བ་སྤང་བའི་ཕྱིར་ཉིན་པར་མི་དབེན་པར་ལོགས་ཀྱིས་ཕབ་སྟེ་གཉིད་ལོག་པར་མི་བྱ་ཞེས་པ་ཡིན་ནོ། །མི་དབེན་པར་མ་ཉལ་ཤིག་པ་དེའི་དབེན་པ་ཇི་ལྟ་བུ་ཞེ་ན། དབེན་པ་ནི་གསུམ་སྟེ་ཞེས་པ་ནི་བསྐོར་བའི་སྒོ་བཅད་དེ་འདུག་པ་དང་། དགེ་སློང་སྲུང་དུ་བཅུག་པ་དང་། ཤམ་
ཐབས་ཀྱི་མཐའ་མ་མདུད་པ་བོར་བའོ་ཞེས་པ་གསུམ་ཡིན་ནོ། །མི་ཚངས་པར་སྤྱོད་པའི་ཕས་ཕམ་བ་རྣམ་པར་འབྱེད་པའོ། །རྣམ་པར་འབྱེད་པ་ལ་སོགས་པའི་འབྱེད་པ་རྒྱས་པ་ཕྲན་ཚེགས་ལ་སོགས་པ་ལས་འབྱུང་བ་ད་སྟོན་པ་ནི། གང་ན་བུད་མེད་ལྐུགས་པ་<དར་‚དེར་>མི་འགྲོའོ་ཞེས་པ་

ལ་སོགས་པ་ཡིན་ཏེ། ཁྱིམ་གང་ན་བུད་མེད་མི་ཅ་བས་ལྐུགས་པ་དེར་ཅི་ནས་ཀྱང་མ་འགྲོ་ཤིག་པའོ། །གང་ན་མི་མ་ཡིན་འཚེ་བར་བྱེད་པ་དེར་མི་གནས་ཞེས་པ་ནི་དགོན་པ་ལ་སོགས་པ་གང་ན་གནོད་སྦྱིན་ལ་སོགས་པ་འཚེ་བ་ཡོད་པ་དེར་གནས་མ་འཆའ་ཤིག་པའོ། །
འདོད་ཆགས་ཆེ་བས་སྒྲེའུ་བཅང་ཞེས་པ་ནི། འདོད་ཆགས་ཆེ་བ་སྟ་གོན་འདི་ལྟར་གྱིས་ཤིག་པའོ། །སྒྲེའུ་དེའི་རྒྱུ་ཅི་ལས་བྱ་ཞེ་ན། རའམ་རི་དྭགས་སམ་བྱི་བའི་པགས་པའོ་ཞེས་པ་ཡིན་ཏེ། འདི་དག་ཏུ་མ་ཟད་ཀྱི་གཞན་ཡང་གང་མཉེན་ཞིང་སྤུ་འཇམ་པ་ལས་གྱིས་ཤིག་པའོ། །དྲི་མི་
ང་བའི་ཕྱིར་བསྔ་བས་སོ་ཞེས་པ་ནི། སྒྲེའུ་དེ་དྲི་མི་ང་བར་མི་འགྱུར་བའི་སྤྱད་ད་དུར་ཨ་རུ་ར་ལ་སོགས་པ་བསྔ་བའི་ཕྱེ་མས་ཐོབ་ཤིག་པའོ། །བཀྲུ་བ་དང་སྐམ་པའོ་ཞེས་པ་ནི་སྒྲེའུ་དེ་དྲི་ང་ན་དུས་དུས་སུ་འདི་ལྟར་ཡང་གྱིས་ཤིག་པའོ། །བཀྲུ་ཞིང་སྐེམས་པའི་ཚེ་ཇི་ལྟར་བྱ་ཞེ་ན། དེའི་ཚེ་
གཞན་ཡང་ངོ་ཞེས་པ་ཡིན་ཏེ། གཅིག་འཁྲུ་ཞིང་སྐེམས་པའི་ཚེ་འཐེབ་གཅིག་ཀྱང་གུད་ན་ཡོད་པར་གྱིས་ཤིག་པའོ། །ཡང་དེ་ལྟར་ན་གཟན་བྱ་ཞེས་པ་ནི་ཁུ་བ་མངས་པས་སྒྲེའུ་གཤེར་ཏེ་ལྡར་ན་ནང་དུ་གཟན་ཐིང་ཤིག་པའོ། །གཟན་དེ་ཅིས་བྱ་ཞེ་ན། བྱེ་མའམ་ཐལ་བས་སོ་ཞེས་པ་
ཡིན་ནོ། །བཀྲུས་ལ་གཞག་སྟེ་ཟས་དང་མཆོད་རྟེན་ལ་ཕྱག་བྱ་ཞེས་པ་ནི་སྒྲེའུ་དེ་ཕོག་ལ་མཚན་བཀྲུ་བཤལ་བྱས་ནས། གདོད་མཆོད་རྟེན་ལ་ཕྱག་བྱ་བ་དང་ཟས་བཟའ་བ་གྱིས་ཤིག་པའོ། །མི་ཚངས་པར་སྤྱོད་པའི་ཕས་ཕམ་པ་ཕྲན་ཚེགས་སུ་གཏོགས་པའོ། །སྒོ་གསུམ་དུ་
སྤྱད་པ་ཕས་ཕམ་པའི་རྒྱུའོ་ཞེས་པ་ནི་བསྟན་ན་དེ་དག་གི་མཚམས་ཇི་ཙམ་འདས་ཤིང་ཐལ་བས་ཕས་ཕམ་པར་འགྱུར་བའི་བྱེ་བྲག་གསལ་པོར་མ་བསྟན་པ་ད་སྟོན་པ་ནི། ཁའི་རྩོམ་པ་ནི་སོ་འདས་པའོ་ཞེས་པ་ལ་སོགས་པ་ཡིན་ཏེ། ཁར་སྤྱོད་པ་ནི་སོ་འདས་ན་ཕམ་པའོ། །བཤང་ལམ་
གྱི་ནི་གཞང་སོ་ཕན་ཆད་དོ་ཞེས་པ་ནི། བཤང་ལམ་དུ་སྤྱོད་ན་གཞང་སོ་ཐལ་བས་ཕམ་པའོ། །འཛག་བྱེད་ཀྱི་ནི་ཁ་ཤུན་ནོ་ཞེས་པ་ནི་འཛག་བྱེད་དུ་སྤྱོད་ན་ཁ་ཤུན་ཐལ་བས་ཕམ་པའོ། །འདི་ནོར་བུ་འདས་པ་དེའི་མཐའོ་ཞེས་པ་ནི་དཀྲེ་འདས་ན་མཐའི་སྟེ་ཕམ་པར་སྟོན་པའོ། །གོང་དུ་

མ་ཉམས་པ་ཞེས་སྨོས་པ་དེའི་ཉམས་པ་ཇི་ལྟ་བུ་ཞེ་ན། ཕྱོགས་ཅུང་ཟད་བརྩེགས་པ་དང་། སྐྲངས་པ་དང་། རུལ་པ་དང་། ཞིག་པ་དང་། སྲོག་ཆགས་ཀྱིས་ཟོས་པ་རྣམས་ནི་ཉམས་པའོ་ཞེས་པ་ཡིན་ཏེ། སྦྲུལ་དང་སྡིག་སྦྲུལ་ལ་སོགས་པས་མཚན་ཅུང་ཟད་བརྩེགས་པ་དང་། རིལ་གྱིས་
བརྩེགས་པ་དང་། སྐྲངས་པའམ། རུལ་པ་འམ། ཞིག་པའམ། ཁྱི་ལ་སོགས་པ་སྲོག་ཆགས་གཞན་གྱིས་ཟོས་པ་རྣམས་ནི་ཉམས་པར་སྟོན་པའོ། །རྐེད་པར་བཅད་པའི་གཞུག་གནས་ལ་འབྲི་བ་མེད་ཅེས་པ་ནི་རྐེད་པར་གཅད་པ་ལྟ་བུ་ལས་ཉམས་པ་ལ་སྤྱད་ན་འབྲིར་རེ་བ་བསལ་བའི་ཕྱིར་
རྐེད་པར་བཅད་ཀྱང་གཞུག་གནས་མ་ཉམས་པའི་ཕྱིར་འབྲི་བ་མེད་དེ་ཕས་ཕམ་པར་སྟོན་པའོ། །བསྟེན་པ་ཕྱེད་ཚལ་སྦྱར་བའི་མཚམས་མི་མངོན་ན་ཡང་ངོ་ཞེས་པ་ནི་བསྟེན་པའི་ཕྱེད་ཚལ་དུ་གྱུར་པ་སླར་སྦྱར་བའི་མཚམས་ལེགས་པར་འབྱོར་ཅིང་གྱེས་པར་མི་མངོན་པར་སྤྱད་ན་ཡང་ཕས་ཕམ་པའོ། །
མངོན་ན་ཚིགས་འོག་མ་ཞེས་པ་ནི་གོང་མ་ལྟར་གྱུར་པའི་མཚམས་གྱེས་པར་མངོན་པར་སྤྱད་ན། རྩོམ་པ་ནས་རྩ་བའི་བར་དུ་ཉེས་པ་ན་རེ་འབྲི་བར་སྟོན་པའོ། །ཕག་ལ་སོགས་པའི་སྤུ་བྱི་བར་བཙོས་པ་ནི་སྦོམ་པོར་བྱེད་དོ་ཞེས་པ་ནི། ཕག་རོ་སྤུ་བྱི་བྱིར་བཙོས་པའི་གཞུག་གནས་ལ་སོགས་
པར་སྤྱོད་པ་ནི་བཙོས་པས་ཉམས་པའི་ཕྱིར་སྦོམ་པོར་འགྱུར་བའོ། །མདོ་འདི་ནས་མཐར་བཤད་པའི་གཡོགས་པ་བསམས་པ་ཞེས་པའི་མདོ་ལ་ཐུག་པའི་བར་དུ་ནི་སྦོམ་པོར་སྟོན་པ་ཤ་སྟག་གོ། ཤི་བའི་སྒོ་གསུམ་དུ་སྤྱད་པ་ཕམ་པར་འདྲའོ་ཞེས་གོང་དུ་བསྟན་པ་དེའི་བྱེ་བྲག་གསལ་བར་
སྟོན་པ་ནི། མགོ་བཅད་པའི་ཁར་ཡང་ཞེས་པ་ཡིན་ཏེ། མགོ་བཅད་པའི་ཁར་སྤྱད་པ་ལྟ་བུ་ནི་སྦོམ་པོ་ཡིན་པར་སྟོན་པའོ། །མགོ་བཅད་པའི་བཤང་ལམ་དང་གཞུག་གནས་སུ་སྤྱོད་པ་ནི་རྩ་བར་འགྱུར་རོ། །བསྟེན་པ་དང་བསྟེན་པ་ལུས་དང་བྲལ་བ་ཡང་ངོ་ཞེས་པ་ནི། མོ་མཚན་ཉི་
ཚེ་བཅད་པ་ལ་སོགས་པ་ཕོ་མཚན་ལ་བསྐོན་པའམ། ཕོ་མཚན་ཉི་ཚེ་བཅད་པ་མོ་མཚན་ལ་སོགས་པར་འཇུག་པ་ལྟ་བུ་ནི་སྦོམ་པོར་འགྱུར་བའོ། །གཞན་ཡང་ཕ་རོལ་པོའི་ཕ་རོལ་གྱིར་འཛུད་པའོ་ཞེས་པ་ནི། མདོ་གོང་མ་ལས་གཞན་པ་སྟེ་ཕོ་མཚན་དང་མོ་མཚན་ལུས་དང་མ་བྲལ་བ་

བདག་གིར་མ་ཡིན་གྱི། ཕ་རོལ་པོ་གཅིག་གི་གནས་སུ་གཅིག་འཇུག་པར་བྱས་ན་བདག་ལ་སྦོམ་པོར་འགྱུར་བའོ། །ལུས་བཅད་པའི་བུ་ག་གཞན་དུ་ཡང་ངོ་ཞེས་པ་ནི། ལུས་བཅད་པའི་སྒོ་གསུམ་མ་ཡིན་པའི་བུ་ག་རང་བཞིན་གྱིས་ཡོད་པའམ་རྨ་ལྟ་བུ་འཕྲལ་ལ་གནོད་
པར་སྤྱོད་པ་ཡང་སྦོམ་པོའོ། །མ་ནིང་མི་བསྟེན་པ་དགོས་ཐག་པ་ཡང་ངོ་ཞེས་པ་ནི་མ་ནིང་མའི་མོ་མཚན་དགོས་ཐག་པར་སྤྱོད་པ་ཡང་སྦོམ་པོའོ། །མཆུ་ཡང་ངོ་ཞེས་པ་ནི་མཆུར་སྤྱོད་ན་ཡང་སྦོམ་པོར་འགྱུར་བའོ། །མཚམས་ཀྱི་ཕྱི་ཕན་ཆད་དོ་ཞེས་པ་ནི་སོའི་ནི་ཕྱི་རོལ་མཆུའི་ནི་
ཕན་ཆད་ཀྱི་བར་དུ་སྤྱོད་ནའང་སྦོམ་པོར་འགྱུར་བའོ། །སྒྱེའུར་ཡང་ཞེས་པ་ནི་སྒྱེའུ་ལྟ་བུར་ཤུབས་བྱས་པར་འདོད་ཆགས་ཀྱིས་ཆེད་དུ་སྤྱོད་ན་སྦོམ་པོར་འགྱུར་བའོ། །བལྟབ་པ་དང་ཡལ་བར་བཅུག་པའོ་ཞེས་པ་ནི་ཕོ་མཚན་བལྟབ་སྤྱོད་པ་དང་། མོ་མཚན་ཆེས་པས་བཅུག་ཀྱང་ཡལ་
ཏེ་མི་རེག་པ་ལྟ་བུ་ནི་སྦོམ་པོར་འགྱུར་རོ། །མ་རེག་པར་བཅུག་པ་སྦོམ་པོར་འགྱུར་ན་བསྟེན་པ་དང་བསྟེན་པར་གཡོགས་ཏེ་སྤྱོད་པ་ཅི་ཕྱིར་ཕམ་ཞེས་པའི་དོགས་པ་བསྩལ་བའི་ཕྱིར། མཐར་བཤད་པའི་གཡོགས་པར་བསམས་པ་དེ་ནི་གང་གིས་གཡོགས་པ་དེ་རེག་ཡོང་ཡེ་མི་སྲིད་པ་མ་
ཡིན་པས་སོ་ཞེས་པ་ཡིན་ཏེ། དེ་གཉིས་དར་ལྟ་བུ་ལ་སོགས་པ་སྲབ་མོས་གཡོགས་སུ་ཟིན་གྱིས་ཀྱང་དགའ་བའི་ཉམས་མི་མྱོང་དུ་མི་བཏུབ་པའི་ས་ན་ཕམ་པར་བསྟན་ཏོ། །གཞན་གྱིས་གཡོགས་པ་ནི་མ་རེག་པར་བཅུག་པར་བཤད་པའོ་ཞེས་པ་ནི། ཕྱིང་པ་ལ་སོགས་པ་སྟུག་པོ་
གཞན་གྱིས་གཡོགས་བ་ནི་མ་རེག་པར་བཅུག་པ་དང་འདྲ་སྟེ་སྦོམ་པོར་སྟོན་པ་ཡིན་ནོ། །ཕས་ཕམ་པ་དང་པོ་ཞུས་པར་གཏོགས་པའོ།། །།ད་ནི་བྱེ་བྲག་ཏུ་ངེས་པ་ལས་མི་ཚངས་པར་སྤྱོད་པར་གཏོགས་པ་སྟོན་པ་སྟེ། དགེ་སློང་གི་ངོ་བོར་མི་ཚོར་བར་སྤྱོད་པ་ནི་རང་བཞིན་
ཉམས་པའོ་ཞེས་པ་ནི། གོང་དུ་ཉམས་པ་བསྟན་པའི་<ཆད་‚ཚད་>སྟོན་པ་ཡིན་ཏེ། སྨྱོས་སམ་བརླམས་སམ་ཚོར་བས་ཉེན་ནས་བདག་དགེ་སློང་ཡིན་ནོ་བར་མི་དྲན་ཞིང་མི་ཚོར་ན་རང་བཞིན་ཉམས་པ་ཡིན་བར་སྟོན་པའོ། །གོང་དུ་ཉམས་པ་ཞེས་བསྟན་པ་དེའི་བྱེ་བྲག་འབྱེད་པ་ནི། ཉམས་

པ་གཉིས་ནི་ཕྱི་ནང་ངོ་ཞེས་པ་ཡིན་ཏེ། ཕོ་མཚན་ནས་མོ་མཚན་གྱི་ནང་བརྩེགས་པ་ལ་སོགས་པས་ཉམས་སམ་ཕྱི་བརྩེགས་པ་ལ་སོགས་པས་ཉམས་པར་སྟོན་པའོ། །དེ་ལ་བུད་མེད་ཀྱི་ནི་ནང་ཉམས་པ་བཙན་ནོ། །གཞན་ལ་བརྟེན་པར་ཁས་བླངས་ན་བསླབ་པ་ཞིག་གོ་ཞེས་པ་
ནི་དགེ་སློང་མ་ཕ་རོལ་གྱིས་བསྐུགས་པ་དང་རུང་བར་ཁས་བླངས་ན་དེས་བསླབ་པ་འཁྲུགས་ཤིང་ཉམས་པར་སྟོན་ཏེ། རེག་པ་ལ་སོགས་པའི་ཚིགས་དང་སྦྱར་དུ་མི་རུང་ངོ་། །འདིར་ཡང་འདི་སྦྱིན་ཞེས་པ་ནི་དགེ་སློབ་མ་དེ་གོང་མ་ལྟར་གྱུར་ན་བསླབ་པ་ཡང་ཕོག་ཤིག་པའོ། །དགེ་སློང་
ཕ་འདི་སྦོམ་པོའོ་ཞེས་པ་ནི་དགེ་སློང་ཕས་ཁ་ལ་སོགས་པར་སྤྱོད་པར་ཁས་བླངས་ན་སྦོམ་པོར་འགྱུར་བའོ། །སྡུད་པར་མ་ཆུད་ན་ཡང་ངོ་ཞེས་པ་ནི། །བསྟེན་པ་དང་བསྟེན་པ་རྐྱེན་དུ་མ་འབྱོར་ཏེ་མ་ཆུད་ན་སྦོམ་པོར་འགྱུར་བའོ། །གཞུག་མའི་དམར་ཕུལ་བ་ཡང་ངོ་ཞེས་པ་ནི་མི་ཆུད་
པ་ལ་ནན་པོ་ཆེས་འཚང་ཞིང་ཕུལ་བའང་སྦོམ་པོར་འགྱུར་བའོ། །སྐྲག་ཅིང་སྐྱེངས་པས་འདོད་ཆགས་མ་གྲུབ་ཡང་ངོ་ཞེས་པ་ནི་འཇིགས་པའམ་སྐྱེངས་པས་འདོད་ཆགས་ཀྱི་ཉམས་མ་གྲུབ་པ་ལྟ་བུ་ནི་བཅུག་ཀྱང་སྦོམ་པོར་འགྱུར་བའོ། །ཡན་ལག་སྐྱེས་གས་པས་རོ་མ་གྲུབ་པའོ་
ཞེས་པ་ནི་ཕོ་མཚན་གས་པའི་རྐྱེན་གྱིས་འཁྲིག་པའི་རོ་མ་མྱོང་བ་འམ་སྦོམ་པོར་འགྱུར་བའོ། །ལས་སུ་མ་རུང་བར་བཅུག་ནའོ་ཞེས་པ་ནི། མ་སྒྲེན་བཞིན་དུ་བཅུག་ན་ཡང་སྦོམ་པོར་འགྱུར་བའོ། །སྤྱད་མི་བཟོད་ན་འབྲི་འོ་ཞེས་གོང་དུ་བསྟན་པ་དེའི་སྤྱད་མི་བཟོད་པ་ཇི་ལྟ་བུ་
ཡིན་སྟོན་པ་ནི། ལག་པ་དང་ལག་པར་རྐང་པ་དང་རྐང་པར་ཚིགས་དང་ཚིགས་སུ་མཚན་དང་མཚན་དུ་མ་འབྱོར་ནའོ་ཞེས་པ་ཡིན་ཏེ། འདི་དག་ལྟར་ལུས་ཀྱི་རྐྱེན་དུ་མ་བབ་པ་ལས་སྤྱོད་པ་ནི་འཁྲིག་པའི་ཉམས་རངས་པར་མི་ལྡང་བས་ན་སྦོམ་པོར་འགྱུར་བའོ། །འབྲེལ་ནས་
གཡོས་པ་ཙམ་གྱི་ཚོད་ནའོ་ཞེས་པ་ནི། མི་འདོད་བཞིན་དུ་ནན་པོ་ཆེས་སྤྱད་དེ། ཕོ་མཚན་དང་མོ་མཚན་དུ་འབྲེལ་པ་ལས་འཁྲིག་པའི་ཉམས་ཅུང་ཟད་ཙམ་གཡོབ་པ་ནི་སྦོམ་པོར་འགྱུར་བའོ། །ཤིང་དང་ས་དང་རྡོ་དང་གོས་ལས་གཟུགས་བྱས་བ་དེ་ལ་བྱེད་པ་ན་གལ་ཏེ་མཚན་

ཙམ་སྟོབས་ནའོ་ཞེས་པ་ནི་མིང་གིས་སྨོས་པ་འདི་རྣམས་ལས་བུད་མེད་ལྟ་བུའི་གཟུགས་སུ་བྱས་ཏེ་གུད་པ་དང་། མི་མ་ཡིན་བ་ལྟ་བུས་མོ་མཚན་གྱི་ཐན་ཀོར་ཙམ་དུ་དེའི་མོ་མཚན་བཟེད་པར་སྤྱད་པ་ནི་སྦོམ་པོར་འགྱུར་བའོ། །ཡན་ལག་ཐམས་ཅད་ཀྱིས་སྦྱོར་བར་
བྱེད་ན་རྩ་བའོ་ཞེས་པ་ནི་གལ་ཏེ་མི་མ་ཡིན་པ་ལྟ་བུས་ཡན་ལག་ཐམས་ཅད་ཀྱིས་བཀྱུད་ཅིང་སྦྱར་ན་རྩ་བར་འགྱུར་བའོ། །བསྟེན་པར་བརྩམས་ནས་ཡན་ལག་སྐྱེས་སུ་རྐང་པ་བཅུག་ནའོ་ཞེས་པ་ནི། སྔར་ཉལ་པོ་བྱ་བར་བཤམས་ལ་ཕྱིས་མོ་མཚན་དུ་རྐང་པ་བཅུག་པ་ལྟ་བུ་ནི་སྦོམ་པོར་འགྱུར་
བའོ། །བསྟེན་པའི་ཕྱིར་ཕྱི་རོལ་དུ་ཡན་ལག་སྐྱེས་དེས་རེག་པ་ཙམ་གྱིས་ཆོག་པར་བྱེད་པའོ་ཞེས་པ་ནི། མོ་མཚན་གྱི་ཕྱི་རོལ་ཏམ། གཡས་གཡོན་ཕོ་མཚན་གྱིས་རེག་པ་ཙམ་དུ་བྱེད་པ་ཡང་སྦོམ་པོར་འགྱུར་བའོ། །ཕ་རོལ་བསྟེན་པར་བསྒོ་ན་ཡང་ངོ་ཞེས་པ་ནི་ཚུར་ཤོག་ཉལ་པོ་བྱའོ་
ཞེ་འམ། སོང་ལ་ཉལ་པོ་གྱིས་ཤིག་ཅེས་བསྒོ་བ་ལྟ་བུ་ཡང་སྦོམ་པོར་འགྱུར་བའོ། །རང་བཞིན་གྱིས་ལས་སུ་རུང་བ་ནི་འབྲི་བར་མི་བྱེད་དོ་ཞེས་པ་ནི་རང་བཞིན་གྱིས་སྒྲེན་པས་སྤྱོད་ན་འབྲིར་རེ་བ་ནི་འབྲི་བ་མེད་དེ་རྩ་བར་འགྱུར་བའོ། །མདུན་རྒྱབ་གར་བརྩམས་ཀྱང་རུང་སྟེ། དེ་ལས་གཞན་
པར་གྲུབ་ནའོ་ཞེས་པ་ནི། སྔར་སྟུ་རྐུབ་གཅིག་ཏུ་བཀུད་ལ་ཕྱིས་ཁུ་བ་འབྱིན་པ་སྟུ་རྐུབ་གཅིག་ཏུ་སྤེལ་ཅིང་འབྱིན་པ་ལྟ་བུ་ཡང་རྩ་བར་འགྱུར་བའོ། །ལམ་ལྷག་མར་བྱའོ་ཞེ་ན་ཡང་མ་ཡིན་ཞེས་པ་ནི། མོ་མཚན་ལྟ་བུར་སྤྱོད་པ་ལ་ཁ་རྐུབ་ལ་སོགས་གཞན་དུ་ཡང་སྤྱད་དོ་སྙམ་དུ་སེམས་བཞིན་དུ་
སྤྱོད་པ་ལྟ་བུ་ངའི་བསམ་པ་ཀུན་དུ་མ་གྲུབ་པས་ན་ཕམ་པར་མི་འགྱུར་རོ་སྙམ་དུ་སེམས་པ་བསལ་བའི་ཕྱིར་བསྟན་པ་ཡིན་ཏེ། དེ་ལྟར་སྤྱོད་པ་ཡང་འབྲི་བར་མི་འགྱུར་ཏེ་ཕམ་པའོ། །བདག་ཉམས་པའོ་བར་བསམས་ནའང་མ་ཡིན་ཞེས་པ་ནི་དངོས་སུ་ཉམས་པ་མ་ཡིན་ལ། འཁྲུལ་པ་ལ་
སོགས་པས་བདག་ཉམས་པ་མ་ཡིན་ནོ་སྙམ་ནས་མི་ཚངས་པར་སྤྱོད་ན་ཡང་རྩ་བར་འགྱུར་བའོ། །ནད་དང་འབྲལ་བའི་ཕྱི་ན་ཡང་མ་ཡིན་ཞེས་པ་ནི་ན་བ་ལ་ཕན་པའི་མི་ཚངས་པར་སྤྱོད་པ་བྱེད་ན་ཡང་ཕམ་པའོ། །ལམ་ལ་གཞན་དུ་འདུ་ཤེས་པའམ་ཐེ་ཚོམ་ནའང་མ་ཡིན་ཞེས་པ་ནི་མོ་

མཚན་ལ་སོགས་པ་ལ་མོ་མཚན་མ་ཡིན་པར་འདུ་ཤེས་པ་དང་། ཡིན་ནམ་མ་ཡིན་དུ་གཏོལ་མེད་དེ་ཐེ་ཚོམ་ཟ་བཞིན་དུ་སྤྱོད་པ་ལྟ་བུ་དེས་འབྲི་བར་མི་འགྱུར་ཏེ་ཕམ་པའོ། །འདི་དག་ལ་ལམ་མ་ཡིན་པར་ན་སྦོམ་པོར་བྱེད་དོ་ཞེས་པ་ནི། མོ་མཚན་ལ་སོགས་པ་མ་ཡིན་བར་ཡིན་ནོ་སྙམ་དུ་ཤེས་
པ་དང་། ཡིན་ནམ་མ་ཡིན་གཏོལ་མེད་པར་ཐེ་ཚོམ་ཡོད་བཞིན་དུ་སྤྱད་པ་ནི་སྦོམ་པོར་འགྱུར་བའོ། །བརྡོས་ཏེ་བུད་མེད་ཀྱི་སྟེང་དུ་ལྟུང་བ་ནི་ཉེས་མེད་ཅེས་པ་ནི་ཆེད་དུ་མ་བྱས་ཀྱི་གཞན་གྱིས་བརྡོས་ཤིང་ཕུལ་ཏེ་འདི་ལྟར་གྱུར་པ་ལ་ཉེས་མེད། མི་འདོད་བཞིན་དུ་ཕོངས་པས་མགུལ་ནས་
འཁྱུད་ནས་ཡང་ངོ་ཞེས་པ་ནི་བདག་མ་དད་བཞིན་དུ་བུད་མེད་སྐྲག་ཅིང་ཕོངས་པས་འདི་ལྟར་བྱས་པ་ལ་ཉེས་མེད། མཆུ་དང་མཆུར་ཐུག་པ་ཡང་ངོ་ཞེས་པ་ནི་བདག་མ་དད་བཞིན་དུ་ཕས་འོ་བྱས་པའམ། སྔངས་ཤིང་བརྟད་པས་འདི་ལྟར་གྱུར་པ་ལ་ཉེས་པ་མེད། ཁྱི་མོའི་མདུན་དུ་བཤད་པར་
མི་བྱའོ་ཞེས་པ་ནི། སྔོན་གྱི་གླེང་གཞི་ཡོད་པས་ནི་འདི་ལྟར་མ་བྱེད་ཅིག་པའོ། །དགོན་པ་གང་ན་སྲོག་ལ་དམན་པ་དེར་མི་གནས་ཞེས་པ་ནི་མི་མ་ཡིན་པ་ལ་སོགས་པ་འཚོ་ཞིང་སྲོག་ལ་དམན་པའི་གནས་སུ་མ་འདུག་ཤིག་པའོ། །ཆུ་ཀླུང་གང་དུ་ཡིན་ལག་སྐྱེས་ཁྱེར་གྱིས་དོགས་པ་དེར་
གཅེས་པར་མི་རྐྱལ་ཞེས་པ་ནི་ཡང་བའི་ཆུ་བོ་འདི་ལྟ་བུར་སྨད་དཀྲིས་མེད་པར་འདི་ལྟར་གཅེར་པར་མ་རྐྱལ་ཅིག་པའོ། །འདི་གྲུ་ལ་ཤེས་བཞིན་དུ་བརྒལ་ཞེས་པ་ནི་གོང་མ་ལྟ་བུར་དོགས་ཏེ། གྲུ་ལ་བརྒལ་ན་བུད་མེད་ལ་སོགས་པ་དང་མི་རེག་པར་ཤེས་བཞིན་དུ་གྱིས་ཤིག་པའོ། །བའི་
ནང་དུ་ཡང་ཤེས་བཞིན་བར་འགྲོ་ཞེས་པ་ནི་བའི་ཁྱུ་འམ་བའི་ནང་དུ་འགྲོ་བ་ན་ཡང་མི་རེག་པ་ལ་སོགས་པ་ཤེས་བཞིན་དུ་གྱིས་ཤིག་པའོ། །ཁྲོན་པར་ན་ཡང་བརྟག་ཅེས་པ་ནི་ཁྲོན་པར་ཆུ་ཆུ་བའི་ཚེ་བུད་མེད་ཆུ་ཆུ་བ་ལ་སོགས་དང་མི་རེག་པར་སྟ་གོན་གྱིས་ཤིག་པའོ། །བསོད་
སྙོམས་གྱི་ཕྱིར་གྲོང་དུ་སྤྱོད་པ་ཡང་ངོ་ཞེས་པ་ནི། བསོད་སྙོམས་ལ་གྲོང་དུ་འགྲོ་བའི་ཚེ་ན་ཡང་བུད་མེད་ལ་བག་གྱིས་ཤིག་པའོ། །ཤིན་ཏུ་བརྟགས་ལ་རབ་ཏུ་དེ་དབྱུང་ཞེས་པ་ནི་རབ་ཏུ་དབྱུང་བའི་ཚེ་བུད་མེད་ཡིན་ཡང་སྲིད་པས་ན་ཤིན་ཏུ་ལེགས་པར་རྟོགས་ཤིག་པའོ། །གཅིག་བུ་

བླ་གབ་མེད་པར་ལོགས་ཀྱིས་མི་དབབ་ཅེས་པ་ནི་གཅིག་པུ་འདི་ལྟར་མ་བྱེད་ཅིག་པའོ། །སྒོ་མ་བཅད་པ་དེའི་ཁྱིམ་དུ་དགེ་སློང་མས་བསམ་གཏན་ཡང་མི་བྱ་ཞེས་པ་ནི། བསམ་གཏན་ཉི་ཚེར་མ་ཟད་ཀྱི་གཉིད་ལོག་པར་ཡང་མ་བྱེད་ཅིག་པའོ། །ཕས་ཕམ་པ་དང་
པོ་བྱེ་བྲག་ཏུ་ངེས་པའོ། །མི་ཚངས་པར་སྤྱོད་པའི་ཕས་ཕམ་པ་རྫོགས་སོ།། །།ཇི་ལྟར་བྱས་པས་མ་བྱིན་པར་ལེན་པར་འགྱུར་ཞེ་ན། འཕྲོག་པ་དང་འཕྲོག་ཏུ་བཅུག་པའོ་ཞེས་པ་ལ་སོགས་པ་ཡིན་ཏེ། བདག་གིས་བརྐུས་ཀྱང་རུང་། ཕ་རོལ་རྐུར་བཅུག་ཀྱང་རུང་སྟེ་ཕམ་
པའོ། །ཕོ་ཉས་ཀྱང་ངོ་ཞེས་པ་ནི་རྐུར་བཏང་བའམ་རྐུར་བཏང་བས་རྐུར་བཅུག་ན་འང་ཕམ་པའོ། །ཕོ་ཉ་ལ་སོགས་པས་འཕྲོག་གམ་འཕྲོག་དུ་བཅུག་པ་དེ་ཇི་ལྟ་བུ་ལ་བྱ་ཞེ་ན། མ་བྱིན་པའོ་ཞེས་པ་ཡིན་ཏེ། སྐྱེས་པ་འམ་བུད་མེད་དམ་མ་ནིང་གིས་ཀྱང་མ་བྱིན་པའོ། དེའང་ཚད་ཇི་ཙམ་
གྱིས་ཤེ་ན། མ་ཤ་ཀ་ལ་སོགས་པའོ་ཞེས་པ་ཡིན་ནོ། །དེ་ཡང་ཇི་ལྟ་བུའི་སེམས་ཀྱིས་<ཤ་ཤེ་>ན། རྐུ་སེམས་སོ་ཞེས་པ་ཡིན་ཏེ། ཡིད་བརྟན་པ་ལ་སོགས་པའི་བསམ་པ་ལ་ཉེས་མེད་པར་འོག་ནས་འབྱུང་བས་ན་རྐུ་བའི་སེམས་སོ་ཞེས་སྨོས་པ་ཡིན་ནོ། །མི་མ་ཡིན་པའི་འགྲོ་བའི་ཡང་ཕམ་པར་
འགྱུར་རམ་ཞེ་ན། མིའི་འགྲོ་བས་ཡོངས་སུ་བཟུང་བའོ་ཞེས་པ་ཡིན་ཏེ། མིའི་ནོར་ལས་ཁྱེར་ནའོ། །མིས་ཡོངས་སུ་བཟུང་བ་ཡིན་ལ། བཟུང་བ་མི་མ་ཡིན་ལ་སོགས་ཀྱི་བར་བསམས་པའང་ཉེས་པ་རངས་པར་འགྱུར་རམ་ཞེ་ན་དེར་འདུ་ཤེས་ནའོ་ཞེས་པ་ཡིན་ཏེ། མིའི་ཡིན་པར་
འདུ་ཤེས་ན་གདོད་ཕམ་པར་འགྱུར་བའོ། །དེ་ལྟ་བས་ན་མ་བྱིན་པར་ལེན་པའི་ཕས་ཕམ་པར་འགྱུར་བ་ནི་མ་བྱིན་ཞེས་པ་ནས། དེར་འདུ་ཤེས་པའི་བར་དུ་ཡན་ལག་ལྔ་དང་ལྡན་པས་འགྱུར་བར་སྟོན་ཏོ། །འདི་ལྔ་ལས་གང་ཡང་རུང་སྟེ། གཅིག་མ་ཚང་ན་འབྲི་བར་འགྱུར་རོ། །གོང་
དུ་མིས་ཡོངས་སུ་བཟུང་བ་ཞེས་བསྟན་ན་རླུང་ལ་སོགས་པས་ཁྱེར་བ་ལྟ་བུ་མིས་བཟུང་བ་གཏོགས་སམ་མ་གཏོགས་ཤེ་ན། ཁྱེར་བ་སེམས་ཀྱིས་མ་བཏང་ན་བདག་པོ་དང་བྲལ་བ་མ་ཡིན་ནོ་ཞེས་པ་ཡིན་ཏེ། རླུང་དང་རྐུན་པོ་ལ་སོགས་པས་རྫས་ཁྱེར་བ་དེས་རེ་ཐག་མ་བཅད་ན་བདག་པོ་

མེད་པར་མི་འགྱུར་བའོ། །བྱོལ་སོང་བདག་པོ་ཡོད་པའི་ནོར་བརྐུས་ན་ཅིར་འགྱུར་ཞེ་ན། གསོན་མའི་ནི་བསྲུང་བ་བདག་པོར་འགྱུར་རོ་ཞེས་པ་ཡིན་ཏེ། གསོན་མའི་རྒྱན་ལྟ་བུ་ནི་གསོན་མ་ཉིད་ཀྱང་དབང་གསོན་མའི་བདག་པོ་ཡང་དབང་བས་ན་གསོན་མའམ་བདག་པོ་གང་གིར་བསམས་
ཏེ། བརྐུས་པ་དེ་འདུ་ཤེས་ཀྱིས་བྱའོ། །བྱོལ་སོང་གསོན་མའི་ཟས་སྐོམ་བརྐུས་པའང་དེ་དང་འདྲ་བའམ་ཞེ་ན། བཟའ་བའི་ཕྱིར་བྱིན་པ་ནི་བདག་གིས་བསམས་པ་མེད་དོ་ཞེས་པ་ཡིན་ཏེ། ཟས་སུ་ཕོག་པ་ནི་གཏན་གོང་དུ་གྱུར་པས་ན། དེ་བརྐུས་པས་ནི་ཕམ་པར་མི་འགྱུར། མི་ལོང་
གིས་བསྐོར་བ་ལ་སོགས་པའི་རི་དགས་ཀྱི་བདག་པོ་སུ་ཡིན་ཞེ་ན། བྱ་རི་དགས་གཅན་གཟན་དག་བཟུང་བའི་ཕྱིར་མེ་གཏོང་བ་ལ་སོགས་པས་བཤོར་བ་ལ་ནི་མི་བཤོར་བ་ལ་མི་དབང་ཞེས་པ་ཡིན་ཏེ། གང་གིས་བཤོར་ཞིང་བརྩམས་པ་དེ་དབང་བས་ནི་རྙིས་ཟིན་པ་ལ་སོགས་པ་རྐུ་
སེམས་ཀྱིས་བཏང་ངམ་ཁྱེར་ན་ཕམ་པར་འགྱུར་བའོ། །བདག་པོ་མ་ངེས་པའི་ནོར་བརྐུས་པ་ཅིར་འགྱུར་ཞེ་ན། མ་ངེས་པ་ནི་དངོས་པོས་བཅད་ཅེས་པ་ཡིན་ཏེ། བདག་པོ་ཡོད་དམ་མེད་གཏོལ་མེད་པའི་རྫས་ལྟ་བུ་ཡོད་ཀྱང་རུང་མེད་ཀྱང་རུང་བར་བསམས་ཏེ་བརྐུས་ན་བདག་པོ་ཡོད་དམ་
མེད་པ་ལས་ཕམ་པ་དང་། མི་ཕམ་པར་དབྱེའོ། །རིན་ཐང་རྩིས་ཤིག་ཅེས་གསུངས་པའི་རིན་ཐང་བརྩིར་ཡུལ་དང་དུས་ཀྱི་རིན་ཐང་མི་མཉམ་པ་ཇི་ལྟར་བྱ་ཞེ་ན། རྐུ་བའི་གནས་དང་། དུས་ཀྱི་རིན་གྱིས་སོ་ཞེས་པ་ཡིན་ཏེ། ཡུལ་གང་དུ་བརྐུས་པ་དང་། ནམ་བརྐུས་པ་དེའི་
རིན་ཐང་གིས་བརྩིས་ཤིག་པའོ། །རྐུ་བར་མ་བསམས་པའི་རྫས་ལག་ཏུ་འོངས་པ་ཅིར་འགྱུར་ཞེ་ན་མ་བསམས་པ་ལ་ཉེས་མེད་ཅེས་པ་ཡིན་ཏེ། གང་རྐུ་བའི་ཞོར་ལ་ཆོས་གོས་འོངས་པ་ལྟ་བུ་རྐུ་བར་མ་བསམས་ན་ཉེས་མེད། བདག་གི་དང་བརྙན་པོ་དང་། ཡིད་བརྟན་པའི་སེམས་
ཀྱིས་གཞན་ཤེས་པར་བྱས་པའོ་ཞེས་པ་ནི་བདག་གི་རྫས་ཡིན་པར་བསམས་ཏེ་ཁྱེར་བ་དང་བསྙན་པོ་དང་ཡིད་བརྟན་པར་བསམས་ཏེ་ཁྱེར་བ་ལྟ་བུ་ལ་ཡང་ཉེས་མེད། དེ་ཡང་ཕ་རོལ་ཤེས་པར་ནི་གྱིས་ཤིག་པའོ། །གཞན་དུ་ན་རྐུ་སེམས་མེད་པའོ་ཞེས་པ་ནི། གོང་མ་གསུམ་ལྟར་

ཡང་མ་ཡིན་ཞིང་རྐུ་སེམས་མེད་པས་ཕ་རོལ་གྱི་ནོར་ཁྱེར་བའང་ཉེས་པར་མི་འགྱུར། སྙིང་རྗེའི་འཕྲུལ་གྱིས་བཏབ་པ་ཡང་ངོ་ཞེས་པ་ནི། གཞི་སྙིང་རྗེ་ལས་བླངས་པའི་རྫུ་འཕྲུལ་གྱིས་རྐུན་པོའི་ལག་ནས་མི་བཏང་བ་ལ་སོགས་པ་ཉེས་མེད། སྦྱོར་བ་ནི་ཐམས་ཅད་
དུ་ཉེས་བྱས་ཞེས་པ་ནི། དང་པོ་ཤོམས་ཤིང་རྩོམ་པའི་ཚེ་ནི་ཉེས་བྱས་སོ། །སྡེ་འདི་ལ་ནི་ཇི་སྟེ་རྩ་བའི་ན་སྦོམ་པོའོ་ཞེས་པ་ནི། ཕས་ཕམ་པའི་རྩ་བའི་སྦྱོར་བ་ཡིན་ན་སྦོམ་པོར་འགྱུར་བའོ། །མོད་བཞིན་པའི་ཡང་དེ་བཞིན་ཞེས་པ་ནི་ཕས་ཕམ་པའི་འོག་ཏུ་ལྷག་མ་འབྱུང་བས་ན་
ལྷག་མ་དེའི་རྩ་བར་སྦྱོར་བ་ཡང་ལྷག་མའི་སྦོམ་པོའོ། །མ་ཤ་ཀ་ལྔར་ཚང་བ་ལ་སོགས་པས་ནི་ཕམ་ན་མ་ཚང་བ་ཅིར་འགྱུར་ཞེ་ན། མ་ཚང་བ་བརྐུས་པའོ་ཞེས་པ་ཡིན་ཏེ། རིན་མ་ཚང་བར་བརྐུས་ན་སྦོམ་པོར་འགྱུར་བའོ། །འདི་ནས་སྙིང་རྗེའི་སེམས་ཀྱིས་ན་ཉེས་བྱས་ཞེས་པ་ལ་
ཐུག་པའི་བར་དུ་ནི་སྦོམ་པོ་ཤ་སྟག་འཆད་དོ། །བདག་པོ་མ་ཡིན་པའི་བརྐུས་པ་ནི་ཕམ་པར་འགྱུར་ན། བདག་པོ་མེད་པའི་བརྐུས་པ་ཅིར་འགྱུར་ཞེ་ན། བདག་པོ་མེད་པའི་གཏེར་ཡང་ཞེས་པ་ཡིན་ཏེ། བདག་པོ་མེད་པའི་གཏེར་བརྐུས་ན་སྦོམ་པོར་འགྱུར་བའོ། །བདག་གི་ཡང་
ངོ་ཞེས་པ་ནི། བདག་གི་ནོར་བརྐུས་ན་སྦོམ་པོར་འགྱུར། རྒྱུད་གཞན་གྱི་ཡོད་ཅེས་པ་ནི་མིའི་རྒྱུད་མ་ཡིན་པ་རྒྱུད་གཞན་གྱི་བརྐུས་ན་སྦོམ་པོར་འགྱུར་བའོ། །བདག་གིར་བྱ་བའི་ཕྱིར་བརྐུས་པ་ནི་ཕམ་བར་འགྱུར་ན། བདག་པོ་དང་བྲལ་བ་ཉི་ཚེར་བྱས་པ་ཅིར་འགྱུར་ཞེ་ན། བདག་
གིར་ནི་མ་བྱས་ཀྱི་སྦེད་པ་དང་ཆུད་གཟན་པ་བཏགས་པ་གཏོང་བ་ལ་སོགས་པས་ཕྲལ་བ་ཡང་ངོ་ཞེས་པ་ཡིན་ཏེ། རྣམ་པ་འདི་རྣམས་ལྟར་བྱེད་པ་ཡང་སྦོམ་པོར་འགྱུར་བའོ། །གནོད་སེམས་ཀྱིས་ཕྲལ་བ་ནི་སྦོམ་པོར་འགྱུར་ན་སྙིང་རྗེ་ཕྲལ་བ་ཅིར་འགྱུར་ཞེ་ན། སྙིང་རྗེའི་སེམས་ཀྱིས་ཉེས་
བྱས་ཞེས་པ་ཡིན་ནོ། །ཕམ་པར་བརྩམས་པ་ལས་ཤོལ་ཞིང་བཏང་བ་སྦོམ་པོ་མི་འགྱུར་དུ་རེ་བ་སྟོན་པ་ནི། བཅོས་ཀྱང་དང་པོའི་མ་བྱས་པ་མ་ཡིན་ཞེས་པ་ཡིན་ཏེ། ཁྱིམ་པ་བྱིན་གླགས་ཡོད་ཀྱིས་བརྐུས་ཤིག་ཅེས་བྱས་པ་ལས་ཕྱིས་འགྱོད་དོ། རྐུན་པོ་བཟློག་གམ་ཁྱིམ་དེར་སྦྲན་

ཀྱང་དང་པོའི་ཉེས་པ་རྟུལ་བས་ན་སྦོམ་པོར་འགྱུར་བའོ། །གོང་དུ་སྦྱོར་བ་ནི་སྦོམ་པོའོ། །སྦྱོར་བའི་སྦྱོར་བ་ནི་ཉེས་བྱས་ཞེས་བསྟན་པ་དེའི་བྱེ་བྲག་སྟོན་པ་ནི། མ་རེག་པ་ཚུན་ཆད་སྦྱོར་བའི་སྦྱོར་བའོ་ཞེས་པ་ཡིན་ཏེ་རྐུ་བར་བཤམས་པའི་རྫས་ལ་མ་རེག་པ་ཚུན་ཆད་ནི་སྦྱོར་བའི་སྦྱོར་བ་སྟེ་
ཉེས་བྱས། རེག་ཅིང་ནོམ་པ་ནི་རྩ་བའི་སྦྱོར་བ་སྟེ་སྦོམ་པོའོ། །དེ་ལྟ་བས་ན་བསམ་པའི་རིམ་པས་སྦྱོར་བའི་རིམ་པ། སྦྱོར་བའི་རིམ་པས་ལྟུང་བའི་རིམ་པའོ། །སྟན་ལས་འཕགས་པ་ཚུན་ཆད་སྦྱོར་བ་གཅིག་ཏུ་བསྟན་པ་ཁ་ཅིག་ལ་དེ་ལྟར་མི་འགྱུར་ཏེ། སྦྱོར་བ་རེ་ཉེས་བྱས་རེར་སྟོན་
པ་ནི་དབེན་ན་གོམ་པ་རེ་རེ་ཞིང་ངོ་ཞེས་པ་ལ་སོགས་པ་ཡིན་ཏེ་དབེན་ནས་རྐུ་བར་བསམས་ན་ཕྱི་ནུར་གྱི་གོམ་པ་རེ་རེ་ཞིང་ཉེས་བྱས་རེ་རེར་འགྱུར་བའོ། །ནམ་མི་སྣང་དུ་ཆ་བའི་གོམ་པ་ཐ་མ་དེ་ནི་རྩ་བའི་སྦྱོར་བའོ། །རྩོམ་པ་གཅིག་ན་ལྟུང་བའང་གཅིག་ཏུ་རེ་བ་བསྟན་པའི་ཕྱིར་སེམས་ཅན་
དེ་དག་རེ་རེ་ཞིང་ངོ་ཞེས་པ་ཡིན་ཏེ་རྐུ་བ་དང་། འཚོག་པ་དང་། གཟས་པ་དང་། ཕྱར་ཀ་གཏོང་བ་ལ་སོགས་པ་སྦྱོར་བ་གཅིག་ཏུ་ཟིན་གྱིས་ཀྱང་སེམས་ཅན་དུ་ཉེས་པར་འགྱུར་བའོ། །རེག་ཅིང་ནོམ་པའོ་ཅོག་སྦོམ་པོར་འགྱུར་ན་གྲུའི་ཐག་པ་ལ་རེག་ཅིང་ནོམ་པ་ལས་སྦོམ་པོར་དོགས་
པ་བསལ་བའི་ཕྱིར། ཕུར་པ་ལས་བཀྲོལ་བ་ནི་གྲུ་ལ་རེག་པ་མ་ཡིན་ནོ་ཞེས་པ་ཡིན་ཏེ། གྲུ་ལ་མ་རེག་ན་ཐག་པ་བཀྲོལ་བ་ནི་ཉེས་བྱས་སུ་ཟད། གནས་ནས་བསྐྱོད་དོ་ཅོག་ཕམ་བར་འགྱུར་རམ་ཞེ་ན། ཁུར་གྱིས་རྐུ་བར་ན་དེ་དྲགས་པས་བརྐུས་པའོ་ཞེས་པ་ཡིན་ཏེ། ཁུར་གྱིས་རྐུ་
བར་བསམས་ན་ཁུར་བསླང་ངམ་ཁུར་དུ་དྲགས་པས་གདོད་ཕམ་གྱི་ཕན་ཚུན་ནས་ལེན་ཅིང་སྡུད་པ་ནི་སྦྱོར་བར་ཟད་དོ། །གཏོགས་པ་ནི་སྤུངས་ནའོ་ཞེས་པ་ནི་མེ་ཏོག་ལྟ་བུ་སྤུངས་པ་ལ་རྐུ་བར་བསམས་ན་འཐོབ་པ་ནི་སྦྱོར་བའོ། །ཆུའི་ནང་ན་ཡོད་པའི་ཤིང་ལྟ་བུ་སྤྱིངས་པ་ལ་
རྐུ་བར་བསམས་པ་ཇི་ལྟར་གྱུར་པས་ཕམ་ཞེ་ན། སྤྱིངས་པ་ནི་གནས་ཀྱི་སྟེང་ནས་རྫས་ཀྱི་སྤྱི་བོ་ནུབ་ནའོ་ཞེས་པ་ཡིན་ཏེ། ཆུའི་སྟེང་ན་རྫས་ཡོད་པ་ནུབ་པར་སྤྱིངས་ན་དེས་ཕམ་པར་འགྱུར་བའོ། །དེ་ལྟ་བུའི་ཕྱིས་བླང་བར་བསམས་པས་ན་སྔར་རྫས་སྤྱིངས་པས་ཕམ་པ་བཤད་པ་ནི་མི་

རིགས་སོ་ཞེས་པའི་དོགས་པ་བསལ་བའི་ཕྱིར། གང་འདིས་བརྐུས་ལ་ཕྱིས་བསྐུར་རོ་བར་བསམས་ནའོ་ཞེས་པ་ཡིན་ཏེ། བླང་ནི་ཕྱིས་བླང་གི་བརྐུས་པ་ནི་སྔར་བརྐུས་པས་ན་སྤྱིངས་པའི་ཚེ་ཕམ་པར་གྱུར་ཏོ། །དར་དང་ཤིང་ལ་སོགས་པ་རིང་པོར་བཤལ་ཏེ་
རྐུ་བ་ཇི་ཙམ་གྱིས་ཕམ་པར་འགྱུར་ཞེ་ན། བཤལ་བ་ནི་གཞིའི་སོ་ནས་འཇུག་འཕགས་ཏེ་མཚམས་ཐལ་བའོ་ཞེས་པ་ཡིན་ཏེ། གང་བརྐུ་བ་དེ་བཤལ་ནས་ཇིའི་སྟེང་དུ་འདུག་པའི་གཞི་དེ་ལས་ཐལ་ན་ཕམ་པར་འགྱུར་བའོ། །རྐུ་བའི་རྫས་གཅིག་གི་འོག་ན་མཚམས་དུ་མ་
ཞིག་ཡོད་ན་མཚམས་དེ་གང་ཐལ་བས་ཕམ་པར་བརྩི་ཞེ་ན། དེ་དག་ཁྱབ་པའི་ཁོངས་ན་བ་ནི་མ་ཡིན་ཞེས་པ་ཡིན་ཏེ། གཞི་གང་ཡིན་པའི་སོ་ལས་ཐལ་བ་བརྩན་པར་བྱའི། དེའི་འོག་ན་མཚམས་དུ་མ་ཞིག་འདུག་ནའང་དེ་དག་ཐལ་བའི་ཚད་ཀྱིས་མི་གཟུང་སྟེ། རྫས་ཉིད་ཀྱི་
མཇུག་རྫོགས་པས་གཟུང་བའི་ཕྱིར་རོ། །ཞུ་བ་ལས་ཀྱང་བཅོམ་ལྡན་འདས་ཡོ་བྱད་དམ་པ་རིང་མོ་ཞིག་ཏུ་ཁྱེར་ཡང་མཐར་མི་འགྱུར་བར་མཆིས་སམ་ཞེས་པ་དང་། ཡོད་དེ་ཡོ་བྱད་དམ་པ་དེ་ཐ་མ་གཅིག་ནས་བཤལ་བ་རིང་མོ་ཞིག་ཏུ་སོན་ཀྱང་ཐ་མ་གཅིག་གནས་ནས་མ་
འཕགས་ན་ཉེས་པ་སྦོམ་པོར་ཟད་དོ་ཞེས་གསུངས་པ་ལྟ་བུ་ཡིན་ནོ། །གོང་དུ་མཚམས་ཞེས་པ་ནི་བཤད་ན་མཚམས་དེའི་དངོས་ཉིད་མ་བསྟན་པ་དང་སྟོན་པ་ནི། དེའི་ངོ་བོ་ནི་གོགས་པ་དང་། གས་པ་དང་། རི་མོ་དང་། ཁ་དོག་ཐ་དད་པ་དང་། མཚམས་དང་། སྒལ་པ་རྣམས་
སོ་ཞེས་པ་ཡིན་ཏེ། དེ་ལ་གོགས་པ་ནི་ཆར་ལ་སོགས་པས་ཉེན་པའི་ས་སྐམས་ན་གོགས་པར་གྱུར་པའོ། །གས་པ་ནི་སེར་གར་རེད་ཅིང་གས་པའོ། །རི་མོ་ཞེས་པ་ནི་ཡི་གེར་བྲིས་པ་ལ་སོགས་པ་བྲིས་པའོ་ཅོག་ལ་བྱ། ཁ་དོག་ཐ་དད་པ་ཞེས་པ་ནི་སྔོན་པོ་དང་སེར་པོ་ལ་སོགས་པ་ཁ་དོག་
སྣ་ཚོགས་སོ། །མཚམས་ཞེས་པ་ནི་ཕ་གུ་ལ་སོགས་པའི་མཚམས་སོ། །སྒལ་ཞེས་པ་ནི་ཞིང་གི་མུ་ཚིགས་དང་རེ་ལྡེ་ལ་སོགས་པས་སྒལ་ལམ་མུ་ཚིགས་སུ་མངོན་པ་ལྟ་བུའོ། །སྲོག་ཆགས་ལྟ་བུ་ཉིད་ཀྱི་ལུས་ཀྱི་མཚམས་ཀྱིས་བཟུང་ངམ་ཇི་ལྟར་བྱ་ཞེ་ན། ཐ་དད་དུ་དབྱེར་

མངོན་ན་སྲོག་ཆགས་ཀྱི་ནི་རྩིབ་མ་ལ་སོགས་པ་སྒལ་ལོ་ཞེས་པ་ཡིན་ཏེ། རྩིབ་མ་ལ་སོགས་པ་སྒལ་པ་འམ་ལྷུ་ཚིགས་རོང་རོང་པོར་མངོན་ན་དེ་དག་གི་མཚམས་ཀྱིས་གཟུང་མི་མངོན་ན་ལུས་སྤྱིའི་མཚམས་ཀྱིས་གཟུང་བར་ཟད་དོ། །སའི་སྟེང་དུ་རྩ་དང་འདབ་མ་ལ་སོགས་པ་
གཞིར་བཏིང་བའི་སྟེང་ན་ཡོད་པའི་རྫས་བརྐུས་པ་ས་ཉིད་ཀྱི་མཚམས་ཀྱིས་གཟུང་ཞེ་ན། གཞིར་བཏིང་བ་གནས་སོ་ཞེས་པ་ཡིན་ཏེ། གཞིར་བཏིང་བ་ཉིད་གནས་བས་ན་དེ་ལས་ཐལ་བ་ཕམ་པར་འགྱུར་བ་ཡིན་ནོ། །སྐྱེ་བ་ནི་གཞག་པ་བཞིན་ཞེས་པ་ནི་ནོར་ས་ལ་བཞག་པ་བཏེག་
ནས་ལས་འཕགས་པས་རྩ་བར་འགྱུར་བ་བཞིན་དུ་ཤིང་ལྟ་བུ་སྐྱེ་བ་རྐུ་བ་ཡང་ཕྱུང་སྟེ་རྩ་བ་ས་ལས་འཕགས་ན་ཡང་ཕམ་པར་འགྱུར་བའོ། །སོར་གདུབ་ལ་སོགས་པ་རྐང་ལག་དང་ལུས་ལ་ཐོགས་པ་རྐུ་བ་ཇི་ཙམ་གྱིས་ཕམ་ཞེ་ན་ཐོགས་པ་ནི་ཕྲལ་ནའོ་ཞེས་པ་ཡིན་ཏེ། ལུས་ལས་ཕོག་
ཅིང་ཕྲལ་ན་ཕམ་པར་འགྱུར་བའོ། །ཤོ་གམ་རྐུ་བའི་ས་ཚིགས་ཇི་ཙམ་གྱིས་ཕམ་ཞེ་ན། ཤོ་གམ་ནི་ས་དེ་འདས་ནའོ་ཞེས་པ་ཡིན་ཏེ། ཤོ་གམ་གྱི་ས་ཚིགས་ཐལ་ན་ཕམ་པར་འགྱུར་རོ། །གལ་ཏེ་ས་ཚིགས་ལས་སླར་ལོག་གམ་གྱུར་ཡང་ཡུལ་དེ་ཉིད་ཀྱི་ཡུལ་ཁྲིམས་དང་སྦྱོར་རོ། །
མི་རྐུ་བ་ཇི་ཙམ་གྱིས་ཕམ་ཞེ་ན། མི་ནི་གལ་ཏེ་བརྡས་ན་དེ་གྲུབ་པའོ་ཞེས་པ་ཡིན་ཏེ། ཕྱོགས་སམ་མཚན་མ་ཇིའི་ཚུལ་གྱིས་ཀྱང་རུང་སྟེ། རྐུ་བ་དེ་དང་བརྡ་བྱས་ནས་བརྡ་དང་རུ་འབྱོར་ན་དེས་ཕམ་པར་འགྱུར་བའོ། །སྔགས་ཀྱི་མཐུས་མི་བཀུག་སྟེ་བརྐུས་པ་ནི་ནམ་མིག་ལམ་
དུ་འོངས་ན་ཕམ་པའོ། །བྱ་ནི་ཅི་ནས་སྦུར་ན་དེའོ་ཞེས་པ་ཡིན་ཏེ། སྦུར་བ་ལ་སོགས་པ་བདག་གིས་ཐབས་ཀྱིས་ཐོབ་པའི་ཡན་ལག་ཅིས་སྒྲུབ་ཀྱང་རུང་སྟེ་དེ་འཕུར་ཅིང་མཚམས་ལས་འདས་ན་ཕམ་པར་འགྱུར་བའོ། །བྱོལ་སོང་གི་བཏགས་པ་བཀྲོལ་ནའོ་ཞེས་པ་ནི།
བྱོལ་སོང་རྐུ་བ་ནི་བཏགས་ཤིང་བརྟོད་པ་བཀྲོལ་བ་དང་། རི་དགས་དང་ཉ་ལྟ་བུ་ཟིན་པ་བཀྲོལ་ན་ཕམ་པར་འགྱུར་བའོ། །བཟུང་བའམ་བཀར་བ་ནི་མི་སྣང་བར་གྱུར་ནའོ་ཞེས་བ་ནི་ཡན་པར་བཟུང་བ་དང་ཁྱུ་ནས་བཀར་བ་ལྟ་ཕུ་ནི་རྫི་ལས་མི་སྣང་བར་གྱུར་ཏམ་ཁྱུ་ལས་མི་སྣང་བར་གྱུར་ན་

ཕམ་པའོ། །སྔགས་ཀྱིས་བརྐུས་ན་ཇི་ཙམ་གྱིས་ཕམ་ཞེ་ན་སྔགས་ཀྱིས་བཀུག་པ་ནི་སྣང་ནའོ་ཞེས་པ་ཡིན་ཏེ། སྔགས་ཀྱིས་གཏེར་ལ་སོགས་པ་དྲང་ཤིང་བཀུག་པ་ནི་ནམ་མིག་ལམ་དུ་འོངས་ན་དེས་ཕམ་པའོ། །སྔགས་མཁན་དུ་མ་ཞིག་གིས་རུབ་སྟེ་བཀུག་ནའང་
གཅིག་གི་མིག་ལམ་དུ་འོངས་པས་ཀུན་ཕམ་པའོ། །བེན་ཅིང་ནུར་བ་ལ་སོགས་པས་རྐུ་བ་ཇི་ཙམ་གྱིས་ཕམ་ཞེ་ན། འབྲང་བ་དང་སྐྱོལ་བ་ལས་བེན་ཏམ་ལོག་གམ་རྒྱུའམ་གབ་བམ་འཛེགས་ན་དེས་ཁྱེར་བ་ལ་མི་བྱའི་སྔ་མ་བཞིན་ཞེས་པ་ཡིན་ཏེ། མཁན་པོའམ་སློབ་དཔོན་གྱི་རྫས་ཁྱེར་
ཏེ་ཕྱི་བཞིན་དུ་འགྲོ་བ་ལས་སྤྱིར་བེན་ཏེ་རྐུར་མ་དེའི་ཐད་དུ་རྫས་ཁྱེར་བ་ལས་ལམ་ནས་ཕྱིར་ལོག་གམ་གུད་དུ་གྱུ་འམ། གབ་བམ་འོག་ནས་སྟེང་དུ་འཛེགས་པ་ལ་སོགས་པ་གང་ལྟར་བྱས་ཀྱང་རུང་སྟེ། མི་སྣང་བར་གྱུར་ན་དེས་ཁྱེར་བའི་རྫས་མི་སྣང་བ་ལ་མི་བྱའི་མི་ཉིད་མི་སྣང་བར་གྱུར་
ན་ཕམ་པའོ། །གྲུ་ནི་ཐང་དང་ཡུར་བ་དང་མཚེའུ་ལས་སོ་ཞེས་པ་ནི། གྲུའི་གནས་འདི་རྣམས་ལས་རྐུ་བ་ནི་མི་སྣང་བས་ཕམ་པར་འགྱུར་ཏེ། འདི་ནི་དཔེ་ཙམ་དུ་ཟད་ཀྱི་ཤིང་ལ་སོགས་པ་གཞན་ཡང་དེ་བཞིན། ཆུ་བོ་ལས་རྐུ་བ་ཇི་ཙམ་གྱིས་ཕམ་ཞེ་ན། རྒྱུན་བཞིན་པ་ཡང་ངོ་ཞེས་པ་
ཡིན་ཏེ། ཆུ་ཞོན་དུ་ཁྱེར་ཏེ་བརྐུས་ན་ཡང་མི་སྣང་བས་ཕམ་པར་འགྱུར་རོ། །ཐད་ཀར་ནི་ཕ་རོལ་གྱི་འགྲམ་མི་སྣང་ནའོ་ཞེས་པ་ནི་ཐད་ཀར་ཁྱེར་ཏེ་རྐུ་ལ་ཕ་རོལ་གྱི་འགྲམ་མི་མངོན་ན་གྲུ་ཉིད་ནམ་མི་སྣང་བར་གྱུར་པས་ཕམ་པའོ། །གཞན་དུ་ན་དེར་ཕྱིན་པས་སོ་ཞེས་པ་ནི་ཕ་རོལ་གྱི་འགྲམ་
མངོན་ན་ཕ་རོལ་གྱི་འགྲམ་དུ་ཕྱིན་པས་ཕམ་པའོ། །གྱེན་དུ་ནི་ཚུམས་འདས་ནའོ་ཞེས་པ་ནི་རྒྱུན་ནས་བཟློག་སྟེ་རྐུ་ན་གྲུ་ཚུམས་ཐལ་བས་ཕམ་པའོ། །ཆུ་སྲིན་བྱེད་ཅིང་རྐུ་བ་ཇི་ཙམ་གྱིས་ཕམ་ཞེ་ན། ཉིད་ཀྱི་ལས་ཀྱི་མཐའ་དེ་ཉིད་གྲུབ་པར་འདོད་པའི་ཕྱིར་ཕ་རོལ་གྱི་ལས་ཀྱི་མཐའ་
ལ་ཆུ་གཏོང་ངམ་བཟློག་པ་ནི་ལྷག་པ་ལས་གཞན་པའོ་ཞེས་པ་ཡིན་ཏེ། བདག་གི་ཞིང་ལེགས་པར་བརྗོད་པའི་ཕྱིར་ཆུ་རྐ་བསྒྱུར་ན་འོངས་ཐང་གིས་ཆེ་བ་མི་བརྩིའི་ཆུ་བཏང་ཞིང་བཅང་པས་སྐྱེད་བྲི་ཅི་ཞུགས་པ་བརྩིས་ཏེ་རིན་ཐང་ཚང་ན་ཕམ་པར་འགྱུར་བའོ། །རྐུན་ཤས་འདོད་པའི་

ཕྱིར་རྐུན་པོ་ལ་གླགས་སྟོན་པ་ནི་ཕམ་པར་འགྱུར་ཞེ་ན། དེའི་ཕྱིར་རྐུན་པོ་དག་ལ་སྒྲུབ་པའི་རྒྱུས་བསྟན་ན་ཤས་ཐོབ་པས་སོ་ཞེས་པ་ཡིན་ཏེ། རྐུན་པོ་ལས་ཤས་འདོད་པའི་ཕྱིར་རྒྱུས་མཁན་བྱས་ནས་དེའི་ཤས་ནས་ལག་ཏུ་འོངས་པ་ན་ཕམ་པར་འགྱུར་བའོ། །ས་དང་ཁྱིམ་སྐོང་
ཞིང་རྐུ་ན་ཇི་ཙམ་གྱིས་ཕམ་པར་འགྱུར་ཞེ་ན། ས་དང་ཁྱིམ་སྐོང་པ་ནི་མཚམས་འབྱོར་ནའོ་ཞེས་པ་ཡིན་ཏེ། ས་དང་ཁྱིམ་སྐོང་ཞིང་རྐུ་བ་བསྐོར་བའི་རྨང་ངམ་ར་བ་ནས་ཁོར་ཡུག་ཏུ་འཁོར་ན་དེས་ཕམ་པར་འགྱུར་བའོ། །ཕ་རོལ་གྱི་ནོར་ཤགས་དཀར་བོར་ཏེ་རྐུ་བ་ཇི་ཙམ་གྱིས་ཕམ་
ཞེ་ན། ཤགས་ཀྱིས་ནི་གལ་ཏེ་རྒྱལ་པོའི་འཁོར་དུ་རྒྱལ་ནའོ་ཞེས་པ་ཡིན་ཏེ། ཤགས་དཀར་འདོང་ཞིང་རྐུ་བ་བླ་ཤགས་སུ་བཀྱེ་ན་ནམ་བདག་རྒྱལ་བར་བཅད་པའི་ཚེ་ཕམ་པའོ། །བླ་ཤགས་མ་ཡིན་གྱི་འོག་གཟུའི་ཐད་དུ་ཤགས་དཀར་སོང་བ་ནམ་ཕམ་ཞེ་ན། གལ་ཏེ་གཟུ་བོའི་དེར་ན་
ནི་ཕ་རོལ་གྱིས་སྦྱོར་བའི་རེ་ཐག་བཅད་ནའོ་ཞེས་པ་ཡིན་ཏེ། འོག་གཟུས་བདག་རྒྱལ་བར་བཅད་ལ། དེ་ཉིད་ཀྱིས་ཀྱང་སྤོགས་པའི་རེ་ཐག་བཅད་ན་རེ་ཐག་ནམ་བཅད་པ་དེས་ཕམ་པའོ། །འོག་གཟུས་བཅད་པ་ཉིད་ཅིར་འགྱུར་ཞེ་ན། འདི་ནི་སྦྱོར་བའོ་ཞེས་པ་ཡིན་ཏེ། འོག་གཟུས་རྒྱལ་
བར་བཅད་པ་ནི་སྦྱོར་བ་སྟེ། སྦོམ་པོར་སྟོན་པའོ། །ཤོ་གམ་རྐུ་བ་གོང་དུ་རྒྱས་པར་མ་སྨོས་པས་ན་རྣམ་པར་འབྱེད་པ་ལས་ལྟུང་བ་དང་མི་ལྟུང་བའི་རྒྱུས་ཅིར་འགྱུར་བ་མདོར་སྟོན་པ་ནི། རྐུ་སེམས་མེད་པ་ནི་ཤོ་གམ་གྱི་རྒྱུད་ལ་ཉེས་པ་སྐྱེ་བར་མ་དོགས་ཤིག་ཅེས་པ་ཡིན་ཏེ། དགེ་སློང་ཤོ་གམ་
ཟློར་མི་དབང་བའི་ཚེ་ཁྱིམ་པས་ཟློར་བཅོལ་བ་དང་ཟློར་དབང་བའི་ཚེ་ཁྱིམ་པའི་རྫས་བསླབ་པ་གཉིས་ལ་བཅོམ་ལྡན་འདས་ཉེས་པ་མེད་པར་གསུངས་པ་ནི་ཁྱིམ་པས་བཅལ་དྲང་མཉམ་དུ་བསམས་པ་དང་། བདག་གིས་ཟློར་དབང་གི་ཕ་རོལ་གྱི་ཟློར་མི་དབང་བར་ཕྱེ་བ་མེད་དེ། བདག་གིས་
ཁྱེར་རོ་ཅོག་ཟློར་དབང་བར་བསམས་པས་ན་འདི་གཉིས་ལ་རྐུ་སེམས་མེད་པའི་ཕྱིར་དོགས་པ་མ་བསྐྱེད་ཅིག་པར་སློབ་དཔོན་ཉིད་ཀྱིས་བསྒྲུབས་པའི་མདོ་ཡིན་ནོ། །དེ་ནི་ཤོ་གམ་གྱི་རྫས་གང་གིས་ཁྱེར་བ་དེ་ཉིད་ཀྱིས་བཅལ་བ་སྟོན་པ་ནི། རྫས་གང་གིས་ཁྱེར་བ་དེས་སྦྱིན་ཞེས་པ་ཡིན་ཏེ། རྫས་

གང་གིས་ཁྱེར་ཞིང་ཤོ་གམ་ཟློ་བ་དེས་ཤོ་གམ་བཅོལ་ཅིག་པའོ། །ད་ནི་དངོས་ཉིད་བསྟན་པའི་ཕྱིར་དབང་བས་གཞན་གྱི་བཟླས་པ་ནི་མ་བརྐུས་པ་མ་ཡིན་ཞེས་པ་ཡིན་ཏེ། དགེ་སློང་ཤོ་གམ་བཟླར་དབང་བས་བདག་གིས་རྫས་ལ་མ་གཏོགས་པ་གཞན་གྱི་རྫས་བཟླས་ན་
བཀུས་པར་སྟོན་པའོ། །མི་དབང་བས་གཞན་ཟློར་མི་གཞུག་ཅེས་པ་ནི་དགེ་སློང་ཤོ་གམ་ཟློར་མི་དབང་ན། ཁྱིམ་པ་ལ་བཅོལ་ཞིང་མ་ཟློ་ཤིག་པའོ། བཟླས་ན་ཕམ་པར་འགྱུར་བའོ། །རྣམ་པ་གཞན་ཡང་རྐུན་པོ་ལྟ་བུར་འགྱུར་བ་བསལ་བའི་ཕྱིར། མ་ཚོར་བར་ཟློ་བ་མི་འགྲུབ་པའི་
ཕྱིར་ནན་ཏན་མི་བྱ་བ་མ་ཡིན་ཞེས་པ་ཡིན་ཏེ། ཤོ་གམ་དུ་འགྱུར་པའི་རྫས་ཚོང་པ་ལ་སོགས་པས་དགེ་སློང་གི་རྫས་ཀྱི་ནང་དུ་འཇུག་ཅིང་ཡོ་བྱད་སྲིད་པས་ན། ཡེ་མིག་མ་ཅུང་ཤིག་པའོ། །དེའི་ནན་ཏན་ཇི་ལྟར་བྱ་ཞེ་ན། དགེ་སློང་དུ་མ་སྲུང་མར་གཞག་ཅེས་པ་ཡིན་ཏེ། བདག་ཅག་
བསོད་སྙོམས་སམ་གུད་དུ་འདོང་ན་ཕྱི་ན་དགེ་སློང་སྲུང་མ་གཅིག་གཉིས་ཡན་ཆད་དུས་ཐུབ་པ་ཞོག་ཤིག་པའོ། །དེའི་ཟས་སྦྱིན་ཞེས་པ་ནི་སྲུང་མར་གཞག་པ་དེའི་ཟས་བསོད་སྙོམས་ལ་དོང་བ་སྤྱིས་བྱིན་ཅིག་པའོ། །སྲུང་མར་གཞག་པ་དེ་ལས་ཇི་ལྟར་བྱ་ཞེ་ན། དེས་དགག་ཅེས་པ་
ལ་སོགས་པ་ཡིན་ཏེ། བདག་ཅག་གི་བྲུངས་སྐོར་དུ་རྫས་སྦེད་ཅིང་འདུག་པ་ལྟ་ན་སྲུང་མ་དེས་ཁོགས་ཤིག་པའོ། །བཅུག་ནས་བསྙད་ཅེས་པ་ནི། དེ་དག་གིས་རྫས་བཅུག་ན་དགེ་སློང་དག་ལ་སྦྲོན་ཅིག་པའོ། །སྲུང་མ་གཞག་ཏུ་དགེ་སློང་མེད་ན་ཇི་ལྟར་བྱ་ཞེ་ན། མེད་ན་མཚན་མ་
གདབ་ཅེས་པ་ཡིན་ཏེ། དགེ་སློང་གཞག་ཏུ་མེད་ན་བྲུངས་ལ་རྒྱའམ་མཚན་མ་ཐོབ་ཤིག་པའོ། །དྲིས་ལ་བླང་ཞེས་པ་ནི་དགེ་སློང་དེ་དག་སླར་འཁོར་ན། ངེད་ཀྱི་རྫས་ཀྱི་ནང་དུ་ཁྱེད་ཀྱི་ནོར་རྫས་བཅུག་པ་མེད་གྲང་ཞེས་བརྟགས་ལ་གདོད་བདག་ཅག་གི་རྫས་ལོང་ཤིག་པའོ། །གསེར་
དངུལ་ལྟ་བུ་བདག་ཅག་གི་སྣོད་བཅུག་པ་ཇི་ལྟར་བྱ་ཞེ་ན། གཞན་དུ་འབྱུང་བར་མ་གྲུབ་ན་རེག་པར་བྱ་ཞེས་པ་ཡིན་ཏེ། ཁྱིམ་པ་དང་དགེ་ཚུལ་མེད་དམ་འབྱིན་དུ་མ་བཏུབ་ན་བདག་ཅག་ཉིད་ཀྱི་ལག་དར་ཏེ་ལོང་ལ་ཕྱུང་ཤིག་པའོ། །འདི་ནི་ལྟུང་བ་ཉི་ཚེའི་གཉེན་པོའོ། །དཀོན་

མཆོག་གསུམ་ལ་སོགས་པ་ལ་བསྔོས་པའི་ཆོ་ག་སྟོན་པ་ནི། ཆད་པ་ཁོ་ནར་བསྔོས་པ་ནི་ལག་ཏུ་མ་སོན་ཀྱང་ངོ་ཞེས་པ་ལ་སོགས་པ་ཡིན་ཏེ། དཀོན་མཆོག་གསུམ་དང་ཕ་མ་ལ་སོགས་པ་ལ་དབུལ་བར་བསྔོས་པ་ནི་སྙིང་ནས་བསྡོགས་པ་ཙམ་གྱིས་བདག་གི་མ་ཡིན་པར་འགྲུབ་
པའོ། །དེ་ལྟ་བུ་ནི་ནོར་གཏོང་བའི་ཕྱིར་ཕ་མ་བསྔགས་ཞེས་པ་ནི་དེ་དག་ལ་བསྔོས་པའི་ནོར་ཤོ་གམ་ལས་ཟློ་བའི་ཚེ་ཤོ་གམ་པས་མི་འགག་པར་བྱ་བའི་ཕྱིར་ཕ་མའི་ཡོན་ཏན་རྒྱས་པར་ཤོད་ཅིག་པའོ། །དཀོན་མཆོག་དག་ཀྱང་ངོ་ཞེས་པ་ནི། དཀོན་མཆོག་གསུམ་གྱི་ནོར་ཤོ་གམ་ལ་ཟློ་
བའི་ཚེ་འདི་དཀོན་མཆོག་གི་ཡོན་ཏན་རྒྱས་པར་ཤོད་ཅིག་པའོ། །དཀོན་མཆོག་ལ་སོགས་པའི་ཡོན་ཏན་བཤད་ཀྱང་ཤོ་གམ་པས་མ་བཏང་ན་ཇི་ལྟར་བྱ་ཞེ་ན། གཞན་གྱི་ནོར་གྱི་ཕྱིར་གཞན་གྱི་ནོར་བསྐྱི་བའི་ཚུལ་གྱིས་སྦྱིན་ཞེས་པ་ཡིན་ཏེ། ཆོས་བཤད་ཀྱང་ངེས་མ་བཏང་ན་ཤོ་གམ་གྱི་
ཤས་ས