Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 164

Văn bản gốc(Tây Tạng)

Trang 4 / 18 (50.000 ký tự/trang)
ྦྱིན་དགོས་ཏེ། ཀུན་གྱི་དཀོར་ལས་ཤས་ཤས་ཀྱིས་སྦྱིན་དུ་ཐོགས་ཏེ་མི་བདེ་ན་དཀོན་མཆོག་གཅིག་གི་དཀོར་ལས་སྔ་ཤུགས་སུ་གྱིས་ཤིག་པའོ། །ཤོ་གམ་སྦྱིན་པ་ལ་སོགས་པ་ཚེགས་བསྐྱང་བ་ཞར་ལ་སྟོན་པ་ནི་ཤོ་གམ་དུ་འགྱུར་བ་དང་བཅས་ཏེ། ལམ་དུ་མི་འགྲོ་ཞེས་པ་
ཡིན་ཏེ། ཤོ་གམ་གྱི་རྫས་ཁྱེར་ལ་མ་འགྲོ་ཤིག་པའོ། །མི་བསྐུར་དུ་མི་རུང་བའི་རྐྱེན་ཅིག་བྱུང་ན་གདོད་དཀོན་མཆོག་གསུམ་གྱི་དཀོར་མན་ཆད་གང་གིས་ཁྱེར་ཡང་ཉེས་མེད་ཤོ་གམ་དུ་འགྱུར་བ་དང་མི་འགྱུར་བའི་རྫས་འབྱེད་ཅིང་སྟོན་པ་ནི། དེར་མི་འགྱུར་བར་བསྒྱུར་བ་ནི་ལྕི་བ་
བཙིར་བས་ཀྱང་ངོ་ཞེས་པ་ལ་སོགས་པ་ཡིན་ཏེ། ཤོ་གམ་གྱི་རྫས་སུ་མི་འགྱུར་བ་ནི་ལྕི་བའི་ཁུ་བས་ཁ་དོག་བསྒྱུར་ཡང་ཤོ་གམ་གྱི་རྫས་སུ་མི་འགྱུར་རོ། །ཁ་ཚར་དང་མཐའ་ཚར་བཅད་པས་ཀྱང་ངོ་ཞེས་པ་ནི་རས་ཀྱི་ཁ་ཚར་དང་མཐའ་ཚར་བཅད་པ་ཙམ་གྱིས་ཀྱང་ཤོ་གམ་གྱི་
རྫས་སུ་མི་འགྱུར་བར་སྟོན་ཏོ། །མ་མཐོང་ན་བློ་དེ་མི་འགྲུབ་ཅེས་པ་ནི་ཆོ་ག་གོང་མ་ལྟར་བྱ་བ་བདག་གི་མིག་སྔར་མ་བབ་ཀྱི་བར་དུ་ཕ་རོལ་བྱེད་དུ་བཅུག་པ་ཙམ་ལ་ཡིད་མ་རྟོན་ཅིག་པའོ། །ཤོ་གམ་གྱི་ཆོ་ག་དེ་ལྟར་རྒྱས་པར་བསྟན་ནས་གཞན་ཡང་རྣམ་པར་འབྱེད་པ་ལས་འབྱུང་

བ་ཞར་ལ་སྟོན་པ་ནི་གཞན་གྱི་འཚོ་བ་མི་བཅད་ཅེས་པ་ལ་སོགས་པ་ཡིན་ཏེ། ཤོ་གམ་རྐུ་བ་སྦྲོན་པ་ལ་སོགས་པ་ཕ་རོལ་ཅིས་འཚོ་ཡང་རུང་སྟེ། དེ་དག་གི་འཚོ་བ་ལ་གནོད་པ་ཅི་ནས་ཀྱང་མ་བྱེད་ཅིག་པའོ། །ཡིད་བརྟན་པ་མ་ཡིན་པ་ལ་ཡིད་བརྟན་པར་མི་བྱ་ཞེས་པ་ནི།
ཆོས་གོས་དང་ལྷུང་བཟེད་ལ་སོགས་པ་ཁྱེར་བ་ལས་སྐུར་ཀླང་གི་གླགས་སུ་འགྱུར་བ་བསལ་བའི་ཕྱིར། ཡིད་མི་གཅུགས་པ་ལ་གཅུགས་པར་མ་བྱེད་ཅིག་པའོ། །དེ་ཡང་ཇི་ལྟ་བུ་ཞེ་ན། འོག་མ་གོང་མར་ན་དེའི་ཞེས་པ་ཡིན་ཏེ། ཡིད་བརྟན་པ་རབ་འབྲིང་གི་གོ་ནོར་ན་མདོ་གོང་མ་
ལྟར་འགྱུར་བའོ། །ད་ནི་ཇི་ལྟ་བུ་ལ་ཡིད་བརྟན་པར་བྱ་བ་སྟོན་ཏེ། དེ་ནི་མཛའ་བ་ཡིད་དུ་འོང་བ་བླ་མ་དྲན་པ་མཆོད་པ་བསྔགས་པ། ཁྱེར་ན་དགའ་བ་རྣམས་སོ་ཞེས་པ་ནི་འདི་རྣམས་ལ་ཡིད་རྟོན་ཅིག་པ་སྟེ། དེ་ལ་མཛའ་བ་ནི་བཤེས་པའོ། །ཡིད་དུ་འོང་བ་ནི་འཐད་པའོ། །བླ་མ་
ནི་སློབ་དཔོན་དང་མཁན་པོའོ། །དྲན་པ་ནི་གང་གི་ཚུལ་ཁྲིམས་དང་ཐོས་པ་ལ་སོགས་པའི་ཡོན་ཏན་དྲན་ཞིང་དེ་ལྟར་འཆོས་པའོ། །མཆོད་པ་ནི་གོས་ལ་སོགས་པ་བཤུགས་པ་དང་བསྟི་སྟང་བྱ་བར་འོས་པའོ། །བསྔགས་པ་ནི་གང་གི་ཚུལ་ཁྲིམས་དང་ཐོས་པ་ལ་སོགས་པའི་ཡོན་
ཏན་བསྔགས་ཤིང་སྟོན་པའོ། །ཁྱེར་ན་དགའ་བ་ནི་དེའི་ཆོས་གོས་དང་ལྷུང་བཟེད་ལ་སོགས་པ་བདག་གིས་སྤྱད་ཅིང་ཁྱེར་ན་གོར་མ་ཆག་པར་མི་དགའ་བ་མེད་པའོ། །བསོད་ནམས་ཀྱིས་བསམས་པ་དང་ལག་པ་རྗེ་བའི་ལས་བྱ་ཞེས་པ་དང་། གླས་མ་ཡིན་ཞེས་པ་ནི་འཁྲུ་ཞིང་
འཚེད་པ་ལ་སོགས་པའི་ལས་གླ་རྔན་གྱིས་མ་བྱེད་པར་བསོད་ནམས་ཀྱི་བསམ་པའམ་ལག་ཕོད་ཀྱིས་གྱིས་ཤིག་པའོ། །ཡུལ་སྐད་ཀྱིས་མི་སླུ་ཞེས་པ་ནི། སེམས་ལ་གཡོ་མེད་ན་སོ་སོའི་སྐད་ཀྱིས་སླུ་ཞིང་གཡོར་མི་འགྱུར་བ་ནི་ལྷོ་ཕྱོགས་ཀྱི་དགེ་སློང་མས། ཤར་ཕྱོགས་
ཀྱི་དགེ་སློབ་མ་ལ་ཨ་བ་ས་ཐ་ཞེས་བྱས་པ་ལྟ་བུའོ། །བརྐུས་པར་དོགས་པ་བསལ་བའི་ཕྱིར་སྟོར་བ་ལས་བླངས་པ་རིང་དུ་མི་བཅང་ཞེས་པ་ཡིན་ཏེ། དོགས་པའི་ཀླགས་སུ་འགྱུར་བ་སྲིད་ཆུ་བཅང་རུལ་མ་བྱེད་ཅིག་པའོ། །ཡུན་རིང་དུ་མི་བཅང་ན་ཇི་ལྟར་བྱ་ཞེ་ན། འདི་ཁང་

སྐྱོང་ལ་གཏད་ཅེས་པ་ཡིན་ཏེ། བདག་པོ་སུའི་རྗེས་སུ་གཏོལ་མེད་ན་ཁང་སྐྱོང་ལ་གཏོད་ཅིག་པའོ། །དེས་ཀྱང་ཇི་ལྟར་བྱ་ཞེ་ན་རབ་ཏུ་འབྱུང་བའི་ཡིན་པ་ལྟ་ན། དེས་དགེ་འདུན་ལ་སྟོན་ཞེས་པ་ཡིན་ཏེ། ལྷུང་བཟེད་དང་ཆོས་གོས་ལ་སོགས་པ་རབ་ཏུ་བྱུང་བའི་རྫས་ཤིག་ན་སུའི་
ཡིན་ཞེས་དགེ་འདུན་ལ་སྟོན་ཅིག་པའོ། །དེ་ལྟར་བསྟན་ཀྱང་བདག་པོའི་ཁུངས་མ་ཕྱིན་པ་ཇི་ལྟར་བྱ་ཞེ་ན། བདག་པོ་མ་བྱུང་ན་བྲེང་ལ་གདགས་ཞེས་པ་ཡིན་ནོ། །རྐུན་པོར་བསྐུར་བ་བསལ་བའི་ཕྱིར་ནད་པས་མ་བསྒོ་བར་དེའི་སྨན་མི་བསླང་ཞེས་པ་ཡིན་ཏེ། ནད་གཡོག་ལ་
སོགས་པ་སུ་ཡང་རུང་སྟེ། ནད་པ་ཉིད་ཀྱིས་འདི་ལྟ་བུ་ཞིག་ལས་སྨན་དང་ནད་གསོས་ལོང་ཤིག་པའི་ལུང་མེད་པར་ཐུགས་དུབ་མ་བྱེད་ཅིག་པའོ། །མ་བྱིན་པར་ལེན་པའི་ཕས་ཕམ་པ་རྣམ་པར་འབྱེད་པའོ།། །།ད་ནི་ཕྲན་ཚེགས་ལས་འབྱུང་བ་སྟོན་ཏེ། བདག་པོ་དང་བཅས་
པ་མ་བྱིན་བར་ཆོ་ག་གཞན་གྱིས་བདག་གིར་མི་བྱ་ཞེས་པ་ནི། འགྲོན་པ་ཆོམ་པོས་ཐེབས་པ་དང་། དྲུག་སྡེས་མུ་སྟེགས་པའི་རྟེན་བྱས་པ་ལྟ་བུ་དག་བདག་ཡོད་པ་ལ་ཕ་རོལ་གྱིས་མ་བྱིན་པ་ཕྱག་དར་ཁྲོད་པ་ཞེ་འམ། ངའི་ལྷ་གང་གིས་ཞེས་ཐབས་ཀྱིས་བརྒྱུད་ཅིང་ཁ་རྔམ་
དུ་ལེན་པ་མ་བྱེད་ཅིག་པའོ། །རྐུན་པོ་ལ་སོགས་པས་ཁྱེར་ཏེ་དེའི་ནོར་བུ་བྱས་པ་བདག་གི་ཡིན་བར་ངོས་ཟིན་པ་དགུག་ཅིང་སླར་འཕྲོག་གམ་ཞེ་ན། བདག་གིར་བྱས་པ་མི་དབྲོག་ཅེས་པ་ཡིན་ཏེ། བསླུས་པ་ནི་མ་གཏོགས་ཀྱི་བླ་ཤགས་སུ་བཀྱེ་ཞིང་སླར་དགུག་
པར་མ་བྱེད་ཅིག་པའོ། །དེ་ཡང་བདག་གི་བར་འདུ་ཤེས་དེ་ལྟར་གྱིས་ཤིག་པ་ཡིན་གྱི་བར་དུ་ཤེས་ན་རྩ་བར་ཡང་འགྱུར་རོ། །དབྲོག་ཏུ་མི་རུང་ན་ཇི་ལྟར་བྱ་ཞེ་ན། འདི་ཆོས་བཤད་དེ་བསླང་ཞེས་པ་ལུས་ལ་སོགས་པ་ཡིན་ཏེ། བཞམས་ཤིང་ཆོས་ཤོད་ལ་ཁུག་ཤིག་པའོ། །
རིན་ཕྱེད་ཀྱིས་ཀྱང་ངོ་ཞེས་པ་ནི་ཕྱེད་རི་བས་ཀྱང་སླར་སླུས་ཤིག་པའོ། །ལྷུང་བཟེད་དང་ཆོས་གོས་ནི་རི་བས་བླུ་བའི་ཡང་རིགས་སོ་ཞེས་པ་ནི། བཞམས་ཤིང་ཆོས་བཤད་དེའང་མ་སྟེར་ན་འདི་དག་བརྩོམ་ཞིང་བཙོ་བའི་ཚེགས་མི་ཆུང་ལ་སྤུས་མཁོ་བའི་ཕྱིར་རི་བས་ཀྱང་སླུས་

ཤིག་པའོ། །མ་གླས་པར་འགྱུར་བ་བོར་བའོ་ཞེས་ཏེ་སྐྱེ་བོ་ཕལ་པོ་ཆེའི་མངོན་སུམ་མ་ཡིན་པར་མི་བཀུར་ཞེས་པ་ནི། དྲུག་སྡེས་ཕག་རོའི་མགོ་སུག་བླངས་པ་ལྟ་བུ་འདི་དག་གིས་བརྐུས་ཤིང་ཁྱེར་གོར་མ་ཆག་གོ་ཞེས་པའི་སྣོལ་ངན་པར་འགྱུར་བ་ལྟ་བུ་སྐྱེ་བོ་
ཕལ་པོ་ཆེའི་མིག་ལམ་དུ་མ་བབ་པ་བོར་བའོ་ཞེས་སྐམ་པོར་མ་ལེན་ཅིག་པའོ། །མི་མ་ཡིན་ཡོད་པའི་རོ་རྫས་བདག་པོ་ཉིད་དེ་མ་ཡིན་པ་སྙམ་དུ་རེ་བ་བསལ་བའི་ཕྱིར། མི་མ་ཡིན་ཡོད་པའི་རོའི་རྫས་ནི་བདག་པོ་མེད་པ་མ་ཡིན་ཞེས་པ་ཡིན་ཏེ། གདོན་ཞུགས་པའི་རོའི་
རྫས་གདོན་དེ་ཉིད་དབང་བས་ན་བདག་པོ་མེད་པ་མ་ཡིན་ནོ། །དེ་ལྟ་བུའི་རྫས་ཁྱེར་ན་སླར་དུར་ཁྲོད་དེ་ཉིད་དུ་བསྐྱལ་དགོས་པའི་ཐབས་ཇི་ལྟར་བྱ་ཞེ་ན། མི་བགྲུངས་པའི་ཕྱི་བཞིན་དུ་འགྲོ་བར་བྱ་ཞེས་པ་ལ་སོགས་པ་ཡིན་ཏེ། དེ་ཀྱལ་ཀ་བྱེད་སྲིད་པས་ན་རིམ་གྲོ་འདི་ལྟར་གྱིས་ཤིག་
པའོ། །ཁས་བུབ་དུ་ཉལ་བ་རྐང་པ་ནས་གྱེན་དུ་གཡོག་ཅེས་པ་ནི་དུར་ཁྲོད་དུ་ཕྱིན་ན་རྫས་ཉིད་ཕྱིར་སྦྱིན་པ་དང་། དེའི་འཚེ་བས་མི་ཚུགས་པའི་རིམ་གྲོ་འདི་ལྟར་གྱིས་ཤིག་པའོ། །གདོན་དེ་ཡང་བཙན་མེད་པའི་རོ་ལ་འཇུག་པས་ན་མ་སྨས་པ་ལས་མི་བླང་ཞེས་པ་ཡིན་ཏེ། རྨ་བཙན་
མེད་པའི་རོ་ལས་མ་ལེན་ཅིག་པའོ། །དེ་བས་ན་བཙན་འཕྲལ་ལ་གདོད་དམ་ཞེ་ན། བདག་གིས་གདོད་པའམ་གདོད་དུ་གཞུག་པ་མ་ཡིན་ཞེས་པ་ཡིན་ཏེ། བདག་གིས་གདོད་པའམ་ཕ་རོལ་གདོད་དུའང་མ་གཞུག་ཅེས་པའོ། །སོ་ཤིང་ལ་སོགས་པ་མ་བྱིན་ན་སྤྱད་དུ་ཡེ་མི་
རུང་བ་དོགས་པ་བསལ་བའི་ཕྱིར། ངལ་བསོས་པ་ཉིད་སོ་ཤིང་དང་ཆུ་དང་གོ་འདུན་དང་ལྕི་བ་དང་ས་རྣམས་ཇི་བདེར་བྱས་པའོ་ཞེས་པ་ཡིན་ཏེ། དགེ་སློང་གིས་གནས་སུ་ཕོག་ཅིང་བྲང་བཏབ་པ་དེའི་རྫས་མིང་གིས་སྨོས་པ་འདི་རྣམས་ཅི་བདེར་སྤྱོད་དུ་བཅུག་པ་ཉིད་དུ་གྱུར་ཏོ། །དགེ་
སློང་ལ་སོགས་པ་གཉེན་གྱིས་འཕྲོག་པ་ཇི་ལྟར་བྱ་ཞེ་ན། དགེ་སློང་ངམ་དགེ་ཚུལ་མ་དད་པར་འབྲེལ་པས་འཕྲོག་ན་མི་སྦྱིན་ཞེས་པ་ཡིན་ཏེ། དགེ་སློང་མས་དགེ་ཚུལ་ཁོ་ན་ཉིད་ཀྱི་ཕྱིར་འགྲོ་བར་མ་དད་ན་གཉེན་འཕྲོག་པ་ལམ་སྐྲིས་ཤིག་པའོ། །མ་བྱིན་པར་ལེན་པའི་ཕས་

ཕམ་པ་ཕྲན་ཚེགས་སུ་གཏོགས་པའོ།། །།ཞུས་པ་ལས་བྱུང་བ་སྟོན་པ་ནི། ཀ་ཀ་ནི་བཞི་ལ་མ་ཤ་ཀའོ་ཞེས་པ་ལ་སོགས་པ་ཡིན་ཏེ། འགྲོན་བུ་ཉི་ཤུ་ལ་ཀ་ཀ་ནི་གཅིག །ཀ་ཀ་ནི་བཞི་ལ་མ་ཤ་ཀ་གཅིག་ཏུ་བརྩིའོ། །མ་ཤ་ཀ་ནི་དེ་ལྟ་བུ་ཡིན་ན་དེ་ལྔས་ཕམ་ཞེས་སྨོས་པ་
ཅིའི་ཕྱིར་ཞེ་ན། ལྔ་ནི་དཔེར་ཟད་ཀྱི་ཀཱར་ཥཱ་པ་ཎའི་བཞི་ཆའོ་ཞེས་པ་ཡིན་ཏེ། མ་ཤ་ཀ་ལྔ་ཞེས་སྨོས་པ་ནི་གླེང་བའི་གཞི་ཙམ་དུ་ཟད་ཀྱི། དེ་དངོས་སུ་ནི་ཀཱར་ཥཱ་པ་ཎ་བཞི་ཆ་གཅིག་བཟུང་ངོ་། །ཀཱར་ཥཱ་པ་ཎའི་བཞི་ཆ་གཅིག་བཟུང་ཞེས་པ་ཡང་ཡུལ་དང་དུས་ཀྱི་བྱེ་བྲག་གིས་ན་
རེ་འགའ་ནི་མ་ཤ་ཀ་བཅུ་གཉིས་རི། ཆེད་འགའ་ནི་བཅུ་དྲུག་རི། ཆེད་འགའ་ནི་སུམ་ཅུ་རྩ་གཉིས་རི། ཆེད་འགའ་ནི་བཞི་བཅུ་རི་བ་ལ་སོགས་པ་རིན་ཐང་གཅིག་ཏུ་བཅད་པ་མེད་ན། ཀཱར་ཥཱ་པ་ཎ་བཞི་ཆ་གཅིག་བཟུང་བས་མ་ཤ་ཀ་ལྔར་གྱུར་པ་ཡུལ་དང་དུས་གང་ལ་
བརྟེན་ཏེ་དེ་ལྟར་དཔེར་བསྟན་ཞེ་ན། འདི་གང་ན་ཉི་ཤུའི་ཐང་དེ་ལ་བརྟེན་པས་སོ་ཞེས་པ་ཡིན་ཏེ། དགེ་སློང་ནོར་ཅན་གྱིས་རྒྱལ་པོའི་ཁབ་ནས་ཤིང་བརྐུས་པའི་ཚེ། མ་ཤ་ཀ་ཉི་ཤུས་ཀཱར་ཥཱ་པ་ཎ་གཅིག་རྙེད་པས་ན། དེའི་བཞི་ཆ་གཅིག་བཟུང་བས་མ་ཤ་ཀ་ལྔར་གྱུར་པ་
དེ་ལ་བརྟེན་པར་ཟད་དོ། །དེ་ལྟར་དུས་དང་ཡུལ་གྱི་བྱེ་བྲག་གིས་ཀཱར་ཥཱ་པ་ཎ་ཁྱད་པར་དུ་མི་མཐུན་པ་ཇི་ལྟར་བྱ་ཞེ་ན། འདི་རྐུ་བའི་དུས་དང་གནས་སུ་བརྩི་ཞིང་གཏན་ལ་དབབ་ཅེས་པ་ཡིན་ཏེ། ཡུལ་དང་དུས་གང་ན་མ་ཤ་ཀ་བཅུ་གཉིས་ཀྱིས་ཀཱར་ཥཱ་པ་ཎ་གཅིག་རྙེད་པའི་
ཚེ་ནི་མ་ཤ་ཀ་གསུམ་གྱིས་ཀྱང་ཕམ་པར་བརྩི། ཡུལ་དང་དུས་གང་ན་མ་ཤ་ཀ་བཞི་བཅུས་ཀཱར་ཥཱ་པ་ཎ་གཅིག་རྙེད་པའི་ཚེ་ནི་མ་ཤ་ཀ་བཅུས་ཕམ་པར་འགྱུར་བ་ལ་སོགས་པ་ནམ་གང་དུ་བརྐུས་པའི་དུས་དང་གནས་དེའི་རིན་ཐང་གིས་བརྩི་ཞིང་གཏན་ལ་ཕོབ་ཤིག་
པའོ། །མ་ཤ་ཀ་ལྔ་ལ་སོགས་པའི་རིན་ཐང་གིས་ཕམ་མོ་ཞེས་འབྱུང་བ་རིན་པོ་ཆེ་ཁ་ཅིག་རིན་ཐང་གཞལ་དུ་མེད་པའི་ཕྱིར། བརྐུས་ཀྱང་མི་ཕམ་དུ་རེ་བའི་དོགས་པ་བསལ་བའི་ཕྱིར། ཅི་སྟེ་རིན་ཐང་བཅད་མི་ནུས་པའི་ནི་མཆོག་གི་མཐར་གྱུར་པའོ་ཞེས་པ་ཡིན་ཏེ། མ་ཤ་

ཀ་ལྔ་རི་བས་ཀྱང་ཕམ་ན་ནོར་རིན་པོ་ཆེ་ལྟ་སྨོས་ཀྱང་ཅི་དགོས་ཏེ། མ་ཤ་ཀ་ལྔ་ལས་ལྷག་པའི་ནང་དུ་བསྡུ་བར་ཟད་དོ། །ཧ་ཅང་ཆུང་སྟེ་རིན་ཐང་མེད་པ་བརྐུས་པ་ལྟ་བུ་ཆུང་བའི་ཕྱིར་རིན་ཐང་མེད་པས་བརྐུས་ཀྱང་ཉེས་མེད་དུ་རེ་བ་བསྩལ་བའི་ཕྱིར།
འདི་ཆུང་བ་ནི་མ་ཚང་བར་མི་གཏོགས་པ་མ་ཡིན་ཏེ། རྩྭ་མཆོག་ལ་སོགས་པ་རིན་ཐང་ཆུང་ངུ་བརྐུས་པའང་མ་ཚང་བའི་ནང་དུ་གཏོགས་པར་ཟད་པས་ན་སྦོམ་པོར་འགྱུར་བའོ། །སངས་རྒྱས་ཀྱི་རིང་བསྲེལ་ཉོ་ཚོང་མི་བྱེད་པ་ལྟ་བུ་བརྐུས་པ་ཅིར་འགྱུར་ཞེ་ན། སངས་རྒྱས་
ཀྱི་རིང་བསྲེལ་ནི་འདིར་གཞལ་དུ་མེད་པའི་རིན་པོ་ཆེའོ་ཞེས་པ་ཡིན་ཏེ། བཅོམ་ལྡན་འདས་ཀྱི་རིང་བསྲེལ་བརྐུས་པ་ནི་གཞལ་དུ་མེད་པའི་རིན་པོ་ཆེ་བརྐུས་པ་དང་འདྲའོ། །དེ་བརྐུས་སོ་ཅོག་ཕམ་པར་འགྱུར་ཞེ་ན། མཆོད་པའི་ཕྱིར་ན་ཉེས་བྱས་ཞེས་པ་ཡིན་ཏེ། མཆོད་པ་བྱ་
བའི་ཕྱིར་རྐུ་བ་ནི་ཉེས་བྱས་སུ་ཟད་དོ། །རྐུ་སེམས་ཡོད་ཀྱང་དཔེ་བླངས་པ་ལ་ཉེས་པ་མེད་པར་བསྟན་པ་ནི། བྲིས་པ་ནི་ཉེས་མེད་ཅེས་པ་ཡིན་ཏེ། དར་མ་བརྐུས་ཏེ་དཔེ་བྲིས་པ་ལ་ཉེས་པ་མེད་དོ། །རྣ་ཆ་དང་གདུ་བུ་ལ་སོགས་པ་ཉམས་པར་བྱས་ཏེ་བརྐུས་པ་ཇི་ཙམ་གྱིས་
ཕམ་པར་འགྱུར་ཞེ་ན། ཉམས་པས་རྐུ་བ་ནི་དེའི་ཚེ་རྐུ་བའི་དངོས་པོའོ་ཞེས་པ་ཡིན་ཏེ། ཉམས་པར་བྱས་ནས་རྐུ་ན་ནམ་ཉམས་པར་བྱས་པ་དེའི་ཚེ་ཕམ་མོ། །གླིང་གཞན་གྱི་ནོར་ལ་བདག་པོ་ཡོད་པ་བཞིན་དུ་བྱང་གི་སྒྲ་མི་སྙན་ལའང་བདག་པོ་ཡོད་དམ་ཞེ་ན། བྱང་གི་སྒྲ་མི་
སྙན་གྱི་ནི་བདག་བོ་མེད་པའོ་ཞེས་པ་ཡིན་ཏེ། བདག་གིའོ་ཞེས་པར་སེམས་པ་མེད་པའི་ཕྱིར་རོ། །དེའི་རྫས་བརྐུས་པ་ཅིར་འགྱུར་ཞེ་ན། འདི་ནི་བདག་གི་བཞིན་ནོ་ཞེས་པ་ཡིན་ཏེ། བདག་གི་ནོར་བརྐུས་ན་སྦོམ་པོར་འགྱུར་བ་བཞིན་ནོ། །ཞུས་པ་ལས་དངོས་པོར་གཏོགས་
པ་དང་། བདག་པོར་གཏོགས་པ་དང་། བྱེད་པར་གཏོགས་པ་དང་། ཟིན་པར་གཏོགས་པ་བཞིན་འབྱུང་བ་ལས་དེ་ཡན་ཆད་དུ་དངོས་པོར་གཏོགས་པ་བཤད་ཟིན་ཏོ།། །།བདག་པོར་གཏོགས་པ་དང་སྟོན་པ་ནི། དེའི་ཚེ་ཁོ་ན་ཉིད་སྟོན་པའོ་ཞེས་པ་ལ་སོགས་པ་

ཡིན་ཏེ། གསེར་བདག་སྦྲུལ་དུ་གྱུར་ཅིང་སྲུང་བ་ལྟ་བུ་ལ་སོགས་པ་རྐུ་བའི་ཚེ་མིའམ། བྱོལ་སོང་བདག་པོ་གང་ཡིན་བའི་ཉིད་དང་སྦྱོར་ཅིག་པའོ། །བཅོམ་ལྡན་འདས་མི་ཡིན་པ་ལས་མྱ་ངན་ལས་འདས་པར་གྱུར་པའི་དཀོར་བརྐུས་པ་ཡང་མིའི་ནོར་བརྐུས་པ་དང་འདྲ་བར་དོགས་
པ་བསལ་བའི་ཕྱིར་འདས་པ་ནི་ལྷ་བཞིན་ཞེས་པ་ཡིན་ཏེ། བཅོམ་ལྡན་འདས་མྱ་ངན་ལས་འདས་པ་དང་། རང་རྒྱལ་བ་དང་། ཉན་ཐོས་མྱ་ངན་ལས་འདས་པ་རྣམས་ཀྱི་དཀོར་བརྐུས་པ་ནི་ལྷའི་ནོར་བརྐུས་པ་དང་འདྲའོ། །ད་ནི་བྱེད་པར་གཏོགས་པ་སྟོན་ཏེ། སྟེར་བ་ཡེ་
བྱིན་པར་སྤྱོད་པ་སྦྱོར་བ་བཞིན་ཞེས་པ་ནི་ངའི་ནོར་རྫས་ལ་ཅི་བདེར་སྤྱོད་ཅིག་ཅེས་བྱས་པ་དང་། རྐུ་སེམས་ཀྱིས་གཏན་དུ་དབང་བ་བཞིན་དུ་སྤྱོད་ན་སྦོམ་པོར་འགྱུར་བའོ། །སྔགས་དང་སྨན་དག་གིས་སྦྱིན་དུ་བཅུག་པ་ཡང་ངོ་ཞེས་པ་ནི། སྔགས་དང་སྨན་གྱིས་ཕ་རོལ་གྱི་
སེམས་བསྒྱུར་ཏེ་བདག་ལ་ནོར་འབུལ་དུ་བཅུག་ན་ཡང་སྦོམ་པོར་འགྱུར་བའོ། །ཕ་རོལ་གྱི་ཕྱིར་ནི་རྩ་བ་བཞིན་ཞེས་པ་ནི་བདག་གི་ཕྱིར་མ་ཡིན་གྱི་གཞན་གྱི་ཕྱིར་རྐུ་འམ། རྐུར་བཅུག་ན་རྩ་བ་དང་འདྲ་བའི་སྦོམ་པོར་འགྱུར་བའོ། །བརྒྱུད་པ་ཡང་ངོ་ཞེས་པ་ནི་བདག་
གི་ཡིན་ནམ། བདག་པོ་མེད་པར་མ་ངེས་པ་ལས་བདག་གི་ཡིན་པའམ་བདག་པོ་མེད་དོ་འམ་བྱིན་ནོ་བར་བསམས་ཏེ། ཁྱེར་བ་ལྟ་བུ་སྦོམ་པོར་འགྱུར་བའོ། །བསྡམས་ཏེ་འཐད་པ་རྐུ་བར་འདོད་པ་ཡང་ངོ་ཞེས་པ་ནི་འདི་ལྟར་བྱེད་ཅིང་རྐུ་ན་འདམ་པའི་ཚེ་སྦོམ་པའོ། །
རྒྱན་པོ་དོར་གྱིས་རྒྱལ་བར་མ་གྱུར་ན་སྦོམ་པོའོ་ཞེས་པ་ནི་རྒྱན་བརྒྱབ་པའི་ཚེ་དོར་བྱེད་ན་སྦོམ་པོར་འགྱུར་བའོ། །འདིར་དེས་ན་བརྐུས་པའོ་ཞེས་པ་ནི་དོར་བྱས་ཏེ་རྒྱལ་ན་རྩ་བར་འགྱུར་བའོ། །གྲངས་ཀྱང་དེའི་འོ་ཞེས་པ་ནི་གྲངས་ལ་མཐོ་དམན་གྱི་དོར་འཇུག་ན་སྦྱོར་བའི་
སྦྱོར་བ་ཡིན་པར་སྟོན་པའོ། །ཤོད་འབྲི་ཞིང་སྣོན་པ་འང་དེ་བཞིན་ཞེས་པ་ནི་ཤོད་འབྲི་ཞིང་སྣོན་པའང་སྦྱོར་བའི་སྦྱོར་བར་སྟོན་པའོ། །གཞན་ཡང་དེ་དང་འདྲ་བ་ནི་གནས་སྣོར་ཞིང་འཇོག་ན་ཡང་ངོ་ཞེས་པ་ཡིན་ཏེ། ཤོད་སྣོར་ན་ཡང་སྦྱོར་བའི་སྦྱོར་བར་སྟོན་པའོ། །

འདི་གྲུབ་ན་བརྐུས་པ་ཞེས་པ་ནི་གོང་དུ་དོར་བྱེད་པར་སྨོས་པ་རྣམས་གྲུབ་སྟེ་ནོར་ཐོབ་ན་ཕམ་པར་འགྱུར་བར་སྟོན་པའོ། །སྡེ་གུད་དུ་བགྲང་བའང་དེ་བཞིན་ཞེས་པ་ནི་ནོར་འགོད་པ་ལྟ་བུའི་ཚེ་བདག་གི་མིང་རུས་ཁ་དུ་མར་འཇུག་ཅིང་གཡོ་བྱེད་པ་ཡང་སྦྱོར་
བའི་སྦྱོར་བར་འགྱུར་བ་སྟེ། སྦོམ་པོ་དང་འདྲ་བའི་ཉེས་བྱས་སུ་བརྩིའོ། །སྔ་མ་ལས་གཞན་དུ་འམ་གཞན་ལས་སྔ་མར་བསྙོན་པ་ཡང་ངོ་ཞེས་པ་ནི། འདི་ལྟ་བུའི་ཚུལ་གྱིས་ཁ་དུ་མར་མ་ཐོབ་པ་སྐད་དུ་བསྙོན་ཅིང་སྒྱུར་བྱེད་ན་སྦོམ་པོ་དང་འདྲ་བའི་ཉེས་བྱས་སུ་འགྱུར་རོ། །
འདི་ལྟར་བྱེད་པའི་སྐལ་བ་སྦྱིན་ཞེ་ན། ཐམས་ཅད་ཀྱི་ཐོག་མ་གང་དུ་བ་དེར་དེའི་ཤས་སོ་ཞེས་པ་ཡིན་ཏེ། ཐོག་མ་ཁོ་ནར་སྡེ་གང་གི་ནང་དུ་བགྲངས་པ་དེ་ནས་ཤས་སྐལ་བྱིན་ཅིག་པའོ། །འཐོབ་པ་མ་ཡིན་པར་འཐོབ་པར་གཅེན་པ་ཡང་ངོ་ཞེས་པ་ནི་གློ་བུར་གྱི་རྙེད་པ་
འམ་ནར་མའི་རྙེད་པ་འཐོབ་པ་མ་གཏོགས་པ་ལས་ཐོབ་པ་ནང་དུ་གཏོགས་པ་སྐད་དུ་གཅེན་ན་ཡང་སྦོམ་པོ་དང་འདྲ་བའི་ཉེས་བྱས་སོ། །མ་བསྒོ་བ་སློང་བ་ཡང་ངོ་ཞེས་པ་ནི། ཁ་རྐུ་ན་ཡང་སྔ་མ་བཞིན་བརྙས་པ་དང་བསྐྱིས་པ་དང་། གཏམས་པ་བརྣོགས་ན་སྦྱོར་
བའོ་ཞེས་པ་ནི། འདི་ལྟ་བུར་སྟོན་ན་རྩ་བའི་སྦྱོར་བར་འགྱུར་བའོ། །ཐག་བཅད་ན་བརྐུས་པའོ་ཞེས་པ་ནི་གོང་མ་ལྟར་བསྙོན་པ་མི་སྦྱིན་པ་ཁོ་ནར་སེམས་ཐག་བཅད་ན་དེས་ཕམ་པར་འགྱུར་བའོ། །གཏམས་པ་བདག་པོའི་མིག་སྔར་མ་བབ་པ་ལས་བརྣོག་ཅིང་རྐུ་ན་སེམས་
ཐག་བཅད་པས་ཕམ་པར་འགྱུར་བ་ནི་གོང་དུ་བསྟན་པ་ལྟ་བུ་ཡིན་ན། གཏམས་པ་བདག་པོའི་མིག་སྔར་སྦས་པ་ལས་བརྣོག་ཅིང་མི་སྟེར་བ་སེམས་ཐག་བཅད་པས་ཕམ་མམ་ཇི་ཙམ་གྱིས་ཕམ་པར་འགྱུར་ཞེ་ན། གཏམས་ཏེ་སྦས་པ་འབྱིན་པ་དང་ཅིག་ཅར་མ་ཕྱིས་ནའོ་
ཞེས་པ་ཡིན་ཏེ། མི་སྦྱིན་པར་སེམས་ཐག་བཅད་པ་དང་། སྐུངས་ནས་ཕྱུང་བ་ཅིག་ཅར་དུ་ལྡན་ན་དེས་བརྐུས་པར་འགྱུར་རོ། །གལ་ཏེ་སྐུངས་ནས་སྔར་ཕྱུང་ལ་སེམས་ཐག་ཕྱིས་བཅད་ན་ནམ་སེམས་ཐག་བཅད་པའི་ཚེ་བརྐུས་པའོ། །གལ་ཏེ་སྔར་སྦྱོར་བ་ཐ་དད་པའོ་

ཞེས་པ་ནི། གལ་ཏེ་སེམས་ཐག་སྔར་ལ་དེའི་འོག་ཏུ་བསྙོན་ཞིང་གནས་ནས་བྱིན་ན་སེམས་ཐག་བཅད་པ་དང་བསྙོན་པ་གཉི་གའི་ཚེ་རྩ་བའི་སྦྱོར་བ་སྟེ་སྦོམ་པོར་འགྱུར་བའོ། །སེམས་ཐག་སྔར་བཅད་དེ་གོ་སྦྱོར་བའི་སྦྱོར་བ་བྱས་ན་ཉེས་བྱས་སུ་འགྱུར་བའི་རིགས་ན། རྩ་བའི་
སྦྱོར་བར་ཅི་ཕྱིར་གདགས་ཞེས་པའི་ལན་དུ། སེམས་ཐག་བཅད་པས་རྩ་བར་འགྱུར་རོ་ཞེས་གོང་དུ་བསྟན་པས་ན་སེམས་ཐག་བཅད་པ་དེ་སྦྱོར་བའི་ནང་ན་བརྩན་པའི་ཕྱིར་རྩ་བའི་སྦྱོར་བར་གཞག་པ་ཡིན་ནོ། །གལ་ཏེ་བསྙོན་པ་ནི་སྔ་ལ་དེའི་འོག་ཏུ་སེམས་ཐག་
གཅོད་ཅིང་གནས་ནས་བསྐྱོད་ན་བསྙོན་པའི་ཚེ་ནི་སྦྱོར་བའི་སྦྱོར་བ། སེམས་ཐག་བཅད་པ་ནི་རྩ་བའི་སྦྱོར་བ་བྱས་ན་དེ་ལྟར་སྦྱོར་བ་ཐ་དད་དོ། །བརྒྱུད་པ་གཅོད་པ་དང་གསོད་པ་ནི་ཆུད་གཟོན་པའོ་ཞེས་པ་ནི་འདི་ལྟར་བྱེད་ན་ཆུད་གཟོན་པའི་ནང་དུ་གཏོགས་པར་
སྟོན་པའོ། །ཤོ་གམ་གྱི་ས་ཚིགས་ཉིད་མ་དྲལ་གྱི་ནམ་མཁའ་ལས་དྲལ་ཏེ་བཟླས་པ་ལྟ་བུ་ཅིར་འགྱུར་ཞེ་ན། ནམ་མཁའ་ལས་ཤོ་གམ་གྱི་མཚམས་ཟློ་ན་སྦོམ་པོར་བྱེད་ཅེས་པ་ཡིན་ཏེ། མདའ་འཕེན་པ་ལྟ་བུ་ལ་སོགས་པ་ལུས་ཀྱིས་ཟློ་བ་དང་། འཛབ་
ཟློས་པ་ལྟ་བུ་ལ་སོགས་པ་ངག་གིས་ཟློ་བ་དང་། འཇིག་རྟེན་པའི་སེམས་རྩེ་གཅིག་པས་ཟློ་བ་ལ་སོགས་པ་ལུས་དང་ངག་དང་ཡིད་གསུམ་གང་གིས་འདི་ལྟར་བཟླས་ནའང་སྦོམ་པོར་འགྱུར་བའོ། །དེ་ལ་སློབ་དཔོན་གཅིག་གིས་བཤད་པ་ནི་ཤོ་གམ་གཅོད་
པའི་ས་ཚིགས་ཉིད་དུ་མ་སོན་པར་མདའ་ལ་སོགས་པའི་ཁ་ལ་རིན་པོ་ཆེ་བཏགས་ཏེ་ནམ་མཁའ་ལས་འཕངས་ཤིང་བཟླས་ན་སྦོམ་པོར་འགྱུར་བར་འཆད། སློབ་དཔོན་དྷརྨྨ་མི་ཏྲས་བཤད་པ་ནི་ཤོ་གམ་གཅོད་པའི་ས་ཚིགས་སུ་མ་སོན་པར་རྣམ་པ་འདི་ལྟར་བྱས་
པ་ལ་ནི་ཉེས་པའང་མེད་ཀྱི། ཤོ་གམ་གཅོད་པའི་ས་ཚིགས་སུ་ནི་སོན་ལ་དེ་ནས་རྣམ་པ་འདི་རྣམས་ལྟར་ནམ་མཁའ་ལས་བཟླས་ན། རྒྱལ་པོ་ནམ་མཁའ་ལ་མི་དབང་བའི་ཕྱིར་བརྐུས་པར་མི་འགྱུར་རྐུ་སེམས་ཀྱིས་ཟློ་བའི་ཕྱིར་ནི་སྦོམ་པོར་འགྱུར་རོ་ཞེས་འཆད་

དོ། །མདའ་ལ་སོགས་པས་ཟློ་བ་ནི་དེ་ལྟར་གྱུར་ན་མངོན་པར་ཤེས་པའི་རྫུ་འཕྲུལ་གྱིས་ཟློ་བ་ལ་སོགས་པ་ཅིར་འགྱུར་ཞེ་ན། རྫུ་འཕྲུལ་གྱིས་ཁྱེར་པ་ནི་ཉེས་པ་མེད་ཅེས་པ་ཡིན་ཏེ། འདི་ལྟ་བུ་ལ་རྐུ་སེམས་མི་འབྱུང་བའི་ཕྱིར་རོ། །མཚམས་
གཞན་ཡང་ངོ་ཞེས་པ་ནི་ཤོ་གམ་གྱི་ས་ཚིགས་མ་ཡིན་པའི་ལམ་དུ་གུད་དུ་སོང་བ་ལ་ནི་ཉེས་མེད་པའོ། །འདོམས་པ་ནི་ཉེས་བྱས་ཞེས་པ་ནི་ཤོ་གམ་གྱི་ལམ་དུ་སོང་བ་ལས་སླར་ལོག་གམ། དེར་འགྲོར་མ་སྟེར་ན་ཉེས་བྱས་སུ་འགྱུར་བའོ། །ལམ་གུད་དུ་སྟོན་པ་
ཡང་ངོ་ཞེས་པ་ནི་ཤོ་གམ་ལས་འབྱོལ་བའི་ལམ་སྟོན་ན་ཡང་ཉེས་བྱས་སུ་འགྱུར་བའོ། །ཐབས་ཀྱིས་སྨྲ་ན་འགོད་ཞེས་པ་ནི་གཞོགས་ཀྱིས་སྦེད་ཅིང་རྣ་འཆའ་ན་ཉེས་བྱས་ཕྲ་མོར་སྟོན་པའོ། །ལམ་མ་ཡིན་པ་ནི་ལམ་བཞིན་ཞེས་པ་ནི་ཤོ་གམ་ཚིགས་སུ་
འོངས་པ་ལ་ལམ་མ་ཡིན་པར་གྱུར་ཞིང་བྱོལ་ན་ཤོ་གམ་བཟླས་པ་དང་འདྲ་སྟེ་ཕམ་པར་འགྱུར་བའོ། །ཁ་དང་ཚེམ་བུར་ནི་སྣོད་གཞན་བཞིན་ཞེས་པ་ནི་རིན་པོ་ཆེ་ལྟ་བུ་ལ་སོགས་པ་གོས་ཀྱི་གསེབ་དང་། ཁར་བཅུག་སྟེ་ཁྱེར་ན་ལུས་སུ་གཏོགས་པ་ལ་ཤོ་
གམ་མི་གཅོད་པས་ན་ཉེས་མེད་པར་རེ་བ་བསྩལ་བའི་ཕྱིར་འདི་སྐད་དུ་སྨོས་པ་ཡིན་ཏེ། འདི་ལྟར་བྱས་ནའང་སྣོད་དུ་བཅུག་པ་དང་འདྲ་སྟེ་ཉེས་པར་འགྱུར་བའོ། །རྐུ་སེམས་དང་བྲལ་ན་མཐའ་སྒྲུབ་པ་མ་ཡིན་ཞེས་པ་ནི་སྔར་རྐུ་བར་བཤམས་པ་ལས་མནམས་ཙམ་སྟེ་
བཏང་ན་སྦོམ་པོར་ཟད་ཀྱི་ཕམ་པར་མི་འགྱུར་བའོ། །སྦྱོར་བ་མེད་ཀྱང་འདི་མ་བྱས་པ་མ་ཡིན་ཞེས་པ་ནི་ནོམ་ཞིང་རེག་པའི་ཚེ་ན་ནི་རྐུ་སེམས་མེད་པ་ལ་ལེན་ཅིང་སྦེད་པའི་ཚེ་རྐུ་སེམས་ཡོད་ན་སྦྱོར་བ་མེད་དུ་ཟད་ཀྱི་ཕམ་པར་མི་འགྱུར་བ་མ་ཡིན་པར་སྟོན་པའོ། །
ཡི་གེ་ལ་སོགས་པས་མི་བྲི་ཞེས་པ་ནི་སྤྲིང་ཡིག་ལ་སོགས་པས་རྐུར་བཅུག་ན་ཡང་རྩ་བར་འགྱུར་བར་སྟོན་པའོ། །བསྒྲུབ་པར་རྟོགས་པ་དེ་ལྟར་བསྟན་ནས། ཟིན་པར་གཏོགས་པ་ད་སྟོན་པ་ནི་མཐུ་དང་མ་བསྟེན་པ་མ་བརྐུས་པ་མ་ཡིན་ཞེས་པ་ལ་སོགས་པ་

ཡིན་ཏེ། བཙན་ཐབས་སུ་མཐུས་ཕྲོག་པ་དང་རྒྱལ་དང་རྒྱན་གྱི་སྐུགས་མ་སྟེར་ན་ཕམ་པར་འགྱུར་བར་སྟོན་པའོ། །དེ་ལྟ་བས་ན་ཞུས་པ་ལས་བཙུན་པ་རྐུ་བ་ལ་རྣམ་པ་དུ་མཆི་ཞེས་ཞུས་པ་དང་། ཨུ་པཱ་ལི་དྲུག་ཡོད་དོ། །མཐུས་རྐུ་བ་དང་། སྒྱུས་རྐུ་བ་དང་། གཏམས་
པ་རྐུ་བ་དང་། ཕྱིར་སྦྱིན་པ་རྐུ་བ་དང་། མི་སྟེར་ཏེ་རྐུ་བ་དང་། ཆོས་རྐུ་བ་རྣམས་སོ། །བཙུན་བ་དེ་དག་ལས་གང་གིས་མཐར་འགྱུར་ཞེས་པ་དང་། ཨུ་པཱ་ལི་ཆོས་རྐུ་བ་མ་གཏོགས་པའི་གཞན་ཐམས་ཅད་ཀྱིས་མཐར་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །གནས་དང་
བཅས་པའང་མ་ཡིན་ཞེས་པ་ནི་གཞི་འམ་གནས་དང་བཅས་ཏེ་ཁྱེར་ནའང་མ་བརྐུས་པ་མ་ཡིན་པར་སྟོན་པའོ། །བསད་པ་བརྐུས་པ་མ་ཡིན་ཞེས་པ་ཕྱུགས་ལྟ་བུ་བསད་ནས་རྐུ་བར་བསམས་ན་བསད་པའི་ཚེ་རྩ་བའི་སྦྱོར་བར་སྟོན་པའོ། །ཕྱོགས་གཅིག་ནི་གནས་ནས་
འཕགས་པ་མ་ཡིན་ཞེས་པ་ནི་དོ་ཤལ་ལྟ་བུ་ལ་སོགས་པ་རྐུ་ན་ཀུན་བླངས་པ་ནི་མ་ཡིན་གྱི་ཕྱེད་ཙམ་བཏེག་པ་ལྟ་བུས་ཕམ་པར་མི་འགྱུར་བར་སྟོན་པའོ། །སྤྲུག་ཅིང་ཀློག་ན་བརྐུས་པའོ་ཞེས་པ་<ན་‚ནི་>ཤིང་ཏོག་ལྟ་བུ་ལ་སོགས་པ་སྤྲུགས་ཏེ། རྐུ་བར་བྱས་ན་ལྷགས་པས་
ཕམ་པར་འགྱུར་བའོ། །ཕུག་ནས་འཛག་ཅིང་འབྲུལ་བ་ནི་འོངས་ནའོ་ཞེས་པ་ནི་ནས་སམ་འབྲུ་མར་ལྟ་བུ་ལ་སོགས་པ་སྣོད་ཕུག་ནས་འཛག་པ་དང་། འབྲུལ་བའི་ཐབས་ཀྱིས་རྐུ་བ་ནི་ནམ་འབྲུལ་ཞིང་ཟག་ན་བརྐུས་པར་སྟོན་པའོ། །འཛག་ཅིང་འབྲུལ་བ་དེ་ཐིགས་
རེ་འབྲུ་རེར་བཅད་ཅིང་བརྩི་འམ་རྒྱུན་གཅིག་ཏུ་བཅད་ཅེ་ན། དེ་ནི་འདིར་མཇུག་གི་བར་དུ་རྫས་གཅིག་གོ་ཞེས་པ་ཡིན་ཏེ། དེ་ལྟར་འཛག་ཅིང་འབྲུལ་བ་ནམ་བཏང་བའམ་བཅད་པའི་ཚིགས་གཅིག་གིས་བཟུང་སྟེ་རིན་ཐང་ཚང་ངམ་མ་ཚང་བ་ལས་དབྱེ་ཞིང་བཅད་
པའོ། །ཕུང་པོ་ལས་ནམ་བཅུས་པ་ལན་རེ་བརྐུས་པ་རེའོ་ཞེས་པ་ནི་ཕུང་པོ་ལས་འཆུ་ཞིང་རྐུ་ན་སྦྱོར་བ་ཐ་དད་པའི་ཕྱིར་བཅུས་པ་ལན་རེ་ཞིང་བརྐུས་པ་ལན་རེར་འགྱུར་བའོ། །དུ་མའི་སྟོར་བ་དེ་དག་སོ་སོའི་ཤས་སོ་ཞེས་པ་ནི་བདག་པོ་དུ་མའི་ནོར་ཅིག་

ཅར་དུ་བརྐུས་ན་བདག་པོ་དེ་དག་སོ་སོའི་ནོར་རེ་རེ་ཞིང་རིན་ཐང་ཚང་ངམ་མ་ཚང་བ་བརྩིའི་ཐམས་ཅད་ཀྱི་ནོར་གཅིག་ཏུ་བསྡུས་ཏེ་ཕྱིར་རིན་ཐང་ཚང་ངམ་མ་ཚང་བ་དང་། རྐུ་བ་རྣམས་ཀྱང་ངོ་ཞེས་པ་ནི་རྐུ་བ་ཡང་མང་པོ་ཞིག་ན་བགོ་སྐལ་གྱི་ཤས་
རིན་ཐང་ཚང་ངམ་མ་ཚང་བ་དང་སྦྱོར་ཅིག་པའོ། །བློ་མི་གཅིག་པ་འདིར་བརྐུས་པ་ཐོབ་པའོ་ཞེས་པ་ནི། རྫས་གཅིག་ལ་རྐུན་པོ་དུ་མ་འདོམས་པ་དེ་དག་དང་པོ་ནས་བགྲོས་པ་མེད་ན་སོ་སོས་ཅི་ཐོབ་པའི་རིན་ཐང་ལ་ཕམ་མམ་མི་ཕམ་པ་དང་སྦྱོར་ཅིག་པའོ། །མ་བྱིན་
པར་ལེན་པའི་ཕས་ཕམ་པ་ཞུས་པར་གཏོགས་པའོ།། །།དངོས་པོ་དང་བདག་པོ་དང་། སྒྲུབ་པ་དང་། ཟིན་པར་གཏོགས་པ་ཞུས་པ་ལས་འབྱུང་བ་རྣམས་དེ་ལྟར་བསྟན་ནས། བྱེ་བྲག་ཏུ་ངེས་པ་ལས་འབྱུང་བ་ད་སྟོན་པ་ནི། བླངས་པའི་སྔ་རོལ་དུ་ཤི་
བ་ནི་སླར་གཏད་ཅེས་པ་ལ་སོགས་པ་ཡིན་ཏེ། འགོད་པའི་ཚེས་གྲངས་སུ་བཅུག་སྟེ་རྙེད་པ་མནོས་པ་ལས་ཁྱེར་ཏེ་འོངས་པའམ། སྤར་སྤར་དུ་འགོད་པ་ཙམ་ན་གྲངས་སུ་བཅུག་པའི་དགེ་སློང་བར་མ་སྐབས་སུ་ཤི་ན་ཤི་བ་དེའི་ཤས་སྐལ་རྙེད་པ་གང་ནས་
འོངས་པའི་གནས་སུ་སླར་སྐྱོལ་ཅིག་པའོ། །བཟློག་པ་ནི་ཤི་བའི་ཡོ་བྱད་དོ་ཞེས་པ་རྙེད་པ་ལག་ཏུ་བྱིན་ནས། ཤི་ན་ཤི་བ་དེ་ཉིད་ཀྱི་ཡོ་བྱད་དུ་གཏོགས་པས་དགེ་འདུན་གྱིས་བགོས་ཤིག་པའོ། །དགེ་འདུན་ནི་སྤུན་བཞིན་པས་ན་དེའི་ཕྱིར་བརྐུས་པ་
བདག་གིར་མ་བྱས་པ་མ་ཡིན་ཞེས་པ་ནི་སྤུན་གྱི་ནོར་མ་བགོས་པའི་སྤྱིའི་ཡིན་ཏེ། སོ་སོར་དབང་བའི་འདུ་ཤེས་ཡོད་པ་བཞིན་དུ་སྤྱིའི་ཕྱིར་བརྐུས་པ་བདག་ཀྱང་དེའི་ནང་དུ་གཏོགས་པས་ན་བགོ་སྐལ་དུ་གསེས་པའི་ཤས་དང་མི་སྦྱར་གྱི། སྤྱི་ཁོང་འཐུལ་བས་ན་
གཞན་གྱི་ཕྱིར་བརྐུས་པ་ལྟ་བུ་ལ་སོགས་ཡིན་ཏེ་བདག་གིར་བྱས་པའོ། །བདག་པོ་ཐ་མི་དད་ན་བདག་གི་བཞིན་ཞེས་པ་ནི་ཡོན་བདག་གིས་གནས་ཁང་གཅིག་གི་ཚང་སྒྱུར་བསྔོས་པའི་རྫས་དགེ་སློང་གིས་གནས་ཁང་གུད་དུ་བརྐུས་ཤིང་སྤར་ན་སྤྱིར་བདག་པོ་

ཐ་མི་དད་པའི་ཕྱིར་བདག་གི་ནོར་བརྐུས་པ་བཞིན་ནོ། །བྱོལ་ལམ་མི་བླང་བར་ངེས་ན་ལྷག་མས་བརྐུས་པ་ནི་ཡན་ལག་དེ་མ་ཡིན་ཞེས་པ་ནི་དགེ་སློང་རྐུན་པོས་དབང་མེད་པ་ལས་བྱོལ་ལམ། རྐུན་པོ་མི་བྱ་ཡང་དག་པར་བསམས་ན་རྐུན་པོ་གཞན་གྱིས་བརྐུས་པའི་
ཁྲི་ན་དེ་ལ་མི་འཁྲི་བའོ། །སྐལ་བ་བདག་གིར་བྱ་བར་འདོད་ན་མི་བླང་བར་བསམས་པ་མ་ཡིན་ཞེས་པ་ནི་དགེ་སློང་རྐུན་པོ་དང་འགྲོགས་ཏེ་དོང་བས་བདག་གིས་རྐུན་པོ་ནི་མི་བྱ། ཤས་སྐལ་ཁོང་གིས་བྱིན་པ་ནི་བླང་བར་བསམས་ན་རྐུན་པོར་མི་འགྱུར་བ་མ་ཡིན་པའོ། །
དེར་གཏོགས་པའི་ལས་བྱས་ན་དེའི་མ་ཡིན་པ་མ་ཡིན་ཞེས་པ་ནི་ལམ་བསྲུང་ངམ་བྱ་ར་བྱེད་པ་ལ་སོགས་པ་རྐུན་པོ་དེ་དག་གི་སྟོངས་མོ་བྱས་ན་མ་བརྐུས་པ་མ་ཡིན་པའོ། །ལྷན་ཅིག་སྤྱོད་པ་དང་ཉེ་གནས་རྐུན་པོར་མི་འགྱུར་བ་མ་ཡིན་ཞེས་པ་ནི་ལྷན་ཅིག་སྤྱོད་པ་འམ་ཉེ་གནས་
རྐུན་པོས་ཁྱེར་ཏེ། ཁ་ཕྱིན་ཅིང་དབང་དུ་བྱས་པ་ལས་སླར་བརྐུས་ཤིང་ཁྱེར་ན་རྐུན་པོར་འགྱུར་བའོ། །བསྐོར་བ་ནི་མཚམས་བརྩན་ཞེས་པ་ནི་ཁྱིམ་སའམ་ར་བའི་ས་ལ་སོགས་པས་བསྐོར་ཞིང་རྐུ་བ་ནི་ཐོང་རིས་ལ་སོགས་མཚམས་ཙམ་གྱིས་བསྐོར་ན་ཡང་རྐུན་པོར་
འགྱུར་བའོ། །མཚམས་སུ་འདུག་པ་སྤོས་ན་འདིས་མ་སྐོངས་པ་ཡིན་ཞེས་པ་ནི་འོབས་སམ་མུ་ཚིགས་ལ་སོགས་པའི་མཚམས་སྤོས་ཤིང་བསྒྱུར་ན་རྐུན་པོར་མི་འགྱུར་བ་མ་ཡིན་པའོ། །མངོན་སུམ་དུ་ཁྱེར་བ་མི་སྣང་ན་བརྐུས་པའོ་ཞེས་པ་ནི། བདག་པོའི་མིག་
ལམ་དུ་བརྐུས་ཤིང་ཁྱེར་བ་ནི་མི་སྣང་བར་མ་གྱུར་ན་རྐུན་པོར་མི་འགྱུར་བ་སྟེ། གོས་འཚོང་བ་ར་རོ་བའི་རྫས་དགེ་སློང་གིས་རྐུར་མ་ཟུག་པ་ལྟ་བུའོ། །མི་ནི་མཐུས་ཕྲོགས་པ་ལས་དབང་དུ་བྱས་ནའོ་ཞེས་པ་ནི་མིའི་མཐུས་ཕྲོགས་པ་དེས་དབང་དུ་བྱས་ཏེ་ཁ་ཕྱིན་ན་
གདོད་བརྐུས་པར་འགྱུར་བའོ། །བདག་ནི་དེ་ལྟར་མ་ཡིན་ཞེས་པ་ནི་བདག་ཉིད་རྐུན་པོ་ལ་སོགས་པའི་ལག་ནས་སླར་བྲོས་པ་ལ་ནི་བདག་གིས་བདག་བརྐུས་པའི་ཁྲོན་དུ་མི་འགྱུར་བའོ། །གང་རྐུ་བར་བརྣབ་པ་དེ་དང་མ་བརྣབ་པར་འབྲལ་བ་ནི་ཁྱེར་བ་མ་ཡིན་ཞེས་

པ་ནི་གོས་རྙིང་བའི་ཞར་ལ་རིན་པོ་ཆེ་རི་བའི་གོས་འོངས་པ་ལྟ་བུ་གང་རྐུ་བར་བརྣབ་པ་དེའི་རིན་ཐང་བརྩིར་ཟད་ཀྱི་རྐུ་བར་མ་བསམས་པའི་རྫས་ཟླ་ལ་འོངས་པའི་རིན་ཐང་དང་མི་སྦྱོར་བའོ། །སུ་གང་གིས་ཅི་ཐོབ་པ་དེ་དེའི་འོ་བར་དམ་བཅས་པ་གཞན་
གྱིས་བརྐུས་པ་སྦོམ་པོའོ་ཞེས་པ་ནི། རྐུན་པོས་ལག་མདངས་ཐོབ་བརྩན་པར་དམ་བཅས་པ་གཅིག་གི་གྲོགས་དགེ་སློང་གིས་བྱས་ན་ཕ་རོལ་གྱིར་བརྐུས་པའི་སྦོམ་པོར་འགྱུར་བའོ། །བདག་པོ་དང་བཅས་པའི་དུར་ཁྲོད་ནས་ཁྱེར་བ་ཡང་ངོ་ཞེས་པ་ནི། བདག་
པོ་ཡོད་པའི་དུར་ཁྲོད་ཀྱི་རྫས་ཁྱེར་ན་ཡང་སྦོམ་པོར་འགྱུར་བའོ། །དེ་ཡང་དུར་ཁྲོད་འདི་ཉིད་དང་། དབང་པོ་བར་བདག་པོས་བདག་གིར་བྱས་པ་མཁྱེན་ན་ནི་ཕམ་གྱི་གཤེད་པོ་ལ་སོགས་པ་འདིའི་རྫས་དེ་དབང་བའི་རིགས་སོ་བར་ཡོངས་སུ་བཟུང་བ་ལས་ཁྱེར་བ་
ནི་སྦོམ་པོར་འགྱུར་བའོ། །ལ་ཕུག་གིས་དང་སྡོང་པོ་དང་ལོ་མ་དང་མེ་ཏོག་དང་འབྲས་བུའི་ར་བ་ལ་སོགས་པ་སྔགས་ཀྱིས་སྐམས་ནའོ་ཞེས་པ་ནི། འདི་དག་ལྟ་བུ་སྔགས་ཀྱིས་སྐམས་པ་ཅིར་འགྱུར་ཞེ་ན་ཅུང་ཟད་པའི་སྦོམ་པོར་སྟོན་པའོ། །རྟ་རྐུ་ན་འདི་ལྟར་བྱའོ་
ཞེས་ཆས་ཀྱིས་བརྔོད་དམ་ཞེན་ཏེ་ལུས་ཀྱིས་བསྒྱུར་ནའོ་ཞེས་པ་ནི་རྟ་ཆས་ཀྱིས་བྲིད་དམ་ཞོན་ནས་ངས་ཐབས་འདི་ལྟར་བརྐུའོ་ཞེས་མགོ་ཀྱོག་པ་ལ་སོགས་པ་ལུས་ཀྱིས་བསྒྱུར་བ་ཅིར་འགྱུར་ཞེ་ན་སྦོམ་པོར་སྟོན་པའོ། །གྲུ་ཡང་ངོ་ཞེས་པ་ནི་གྲུའི་སྟེང་དུ་འཛེགས་
ནས་ཐབས་འདི་ལྟར་བརྐུའོ་ཞེས་ལུས་ཀྱིས་བསྒྱུར་ན་ཡང་སྦོམ་པོར་འགྱུར་བའོ། །འདི་ལས་འདི་ལྟར་ན་ཡང་ངོ་ཞེས་པ་ནི་རྟ་དང་གྲུའི་སྟེང་ནས་རྫས་འདི་དང་འདི་ལྟར་བརྐུའོ་ཞེས་ལུས་ཀྱིས་བསྒྱུར་ཞིང་འཆོས་ན་ཡང་སྦོམ་པོར་འགྱུར་བའོ། །ཕ་མ་དང་ཕོ་ནུ་དང་སྲིང་
མོ་དང་མཁན་པོ་དང་། སློབ་དཔོན་དང་མཆོད་རྟེན་དང་དགེ་འདུན་ལ་སོགས་པ་ལ་སྤགས་པ་ཤོ་གམ་གཅོད་པ་ལས་བཟླས་ནའོ་ཞེས་པ་ནི་འདི་རྣམས་ལ་དབུལ་ཞིང་སྦྱིན་པ་ཤོ་གམ་ལས་བཟླས་ནས་ཡང་ཕ་རོལ་གྱི་ཕྱིར་བརྐུས་པའི་སྦོམ་པོར་སྟོན་པའོ། །བརྙས་

པ་དང་བསྐྱིས་པ་མི་སྦྱིན་བར་བསམས་པའོ་ཞེས་པ་ནི་དེ་དག་མི་སྦྱིན་པར་བསམས་པ་ཡང་སྦོམ་པོར་འགྱུར་བའོ། །གཞན་གྱི་ཕྱིར་བྱིན་པ་བགོས་ན་ཡང་ངོ་ཞེས་པ་ནི་དགེ་འདུན་མཆོད་སྟོན་གསོལ་ཅིག་པ་ལ་སོགས་པའི་ཟོང་སྤགས་ཤིང་། བརྫངས་པ་ལས་
བལྟེབས་སུ་བརྐུས་པ་ཡང་སྦོམ་པོར་འགྱུར་བའོ། །ཡོངས་སུ་མ་བཟུང་བ་ཡོངས་སུ་བཟུང་བར་འདུ་ཤེས་ནའོ་ཞེས་པ་ནི་བདག་པོ་མེད་པའི་ནོར་ཡོད་པར་འདུ་ཤེས་ཏེ། བརྐུས་ན་ཡན་ལག་གཅིག་མ་ཚང་བའི་ཕྱིར་སྦོམ་པོར་འགྱུར་བའོ། །ནས་ཆན་དང་འབྲས་
ཆན་དང་། ཕྱེ་དང་ཉ་དང་། ཤ་དང་བཅའ་བ་ལ་སོགས་པ་མི་དབང་བའི་ཟས་བླངས་ནའོ་ཞེས་པ་ནི་མིང་གིས་སྨོས་པའི་ཟས་འདི་རྣམས་མི་དབང་བ་ལས་བརྐུས་ན་ཡང་སྦོམ་པོར་འགྱུར་བའོ། །གཞན་གྱིས་བླངས་པར་མི་ཤེས་པ་མི་དབང་བ་མ་ཡིན་ཞེས་
བ་ནི་བདག་གི་ཟན་སྐལ་ཟླས་མནོས་པར་རྒྱུས་མ་ཤེས་ཏེ་ཟོས་པ་ནི་མི་དབང་བར་མི་འགྱུར་ཏེ། ཉེས་མེད་པར་སྟོན་པའོ། །གང་ནོད་ཅིང་ལེན་པ་ལ་ཡང་དེ་བཞིན་དུ་ཉེས་མེད་དོ། །མ་བཅོལ་བ་མ་ཡིན་ཞེས་པ་ནི་དགེ་སློང་ཟླ་གཅིག་ཟས་མི་དབང་བ་ལས་དབང་ངོ་
སྙམ་ཏེ། མཛའ་བོས་བསྙེན་མདོང་བྱས་ནས་མནོས་པ་དེ་ཉིད་ཀྱིས་མ་ཁྱེར་ཕ་རོལ་ཡང་མ་བཅོལ་བ་ཉེས་པར་སྟོན་པའོ། །ཡང་གཅིག་ཏུ་ན་མི་དབང་བའི་ཟས་དབང་ངོ་སྙམ་དུ་བསམས་ཏེ་མ་བཅོལ་བར་ཕ་རོལ་གྱི་ཕྱིར་མནོས་པ་ལ་ཡང་ཉེས་མེད་པར་སྟོན་
པའོ། །མ་བོས་པར་ཟོས་ན་ཉེས་བྱས་ཞེས་པ་ནི་མགྲོན་དུ་མ་གཉེར་བར་ཟོས་པ་བདག་གིས་ཤེས་ཀྱང་རུང་མ་ཤེས་ཀྱང་རུང་བྱིན་བའི་ཤས་ཡོད་པས་ན་རྐུན་པོར་ནི་མི་འགྱུར་གྱིས་དྲ་མའི་ཆོས་མ་ཡིན་པས་ན་ཉེས་བྱས་སུ་འགྱུར་བའོ། །རྐུར་འགྲོ་བ་ཡང་ངོ་
ཞེས་པ་ནི་མདོ་འོག་མའི་ཡུལ་བསྟན་པའི་ཕྱིར་སྨོས་པ་ཡིན་ཏེ། རྐུར་འགྲོ་ན་ཉེས་བྱས་སུ་འགྱུར་བའོ། །བགྲོས་པ་ཡང་དེ་དང་ཐ་དད་ཅེས་པ་ནི་ཁ་ནས་གླེང་ཞིང་གྲོས་བྱས་པ་ལ་སོགས་པ་ཡང་འགྲོ་བར་འདུ་ཤེས་ཏེ་ཉེས་བྱས་སུ་ཟད་པས་ན་སྦྱོར་བ་ཐ་དད་པར་མི་

དྲང་ངོ་། །ཤིན་ཏུ་བརྟགས་ལ་དབང་པོ་མེད་པ་ཞེས་བླང་ཞེས་པ་ནི་རྫས་ཡན་པར་འདུག་པ་འདོད་བྱར་དུ་མི་བླང་གི་བདག་པོ་ཡོད་དམ་མེད་པ་ལ་སོགས་པ་བདག་ཀྱང་ཐེ་ཚོམ་མི་ལྟ། གཞན་ཡང་འཕྱ་བའི་གླགས་མེད་པའི་ཕྱིར་ཤིན་ཏུ་རྟོགས་ལ་གདོད་
ལོང་ཤིག་པར་སྟོན་པའོ། །ལུས་ཀྱིས་ཉལ་བར་མི་བྱ་ཞེས་པ་ནི་དགེ་སློང་རྨོན་པའི་མདུན་དུ་རོལ་བཅད་དེ་ཉལ་བ་ལྟ་བུར་བུ་ལོན་གྱི་ཕྱིར་སྒོ་ཉལ་ལ་སོགས་པ་མ་བྱེད་ཅིག་པའོ། །བྱ་ཚང་མི་གཞིག་ཅེས་པ་ནི་དགེ་སློང་གི་གནས་ན་སྒོ་ང་མེད་པའི་ཚང་ཡོད་ན་ཤིག་ཤིག་
ཅེས་འོག་ནས་འབྱུང་བས་ན་འདི་ནི་དགེ་སློང་གི་གནས་མ་ཡིན་ན། སྒོ་ང་མེད་པའི་ཚང་ཡང་མ་འཇིག་ཤིག་པར་སྟོན་པའོ། །དེར་མི་གནས་པས་དབྱར་གྱི་གོས་སྐལ་མི་མནོད་ཅེས་པ་དབྱར་གནས་དེ་ན་མ་འདུག་པས། གོས་ལ་སོགས་པ་དབྱར་གྱི་རྙེད་པ་མི་
དབང་གིས་མ་ལེན་ཅིག་པའོ། །སྦྱིན་བདག་ཏུ་བསམས་ན་རྐུན་པོ་ལས་ཁྱེར་ན་ཉེས་པ་མེད་ཅེས་པ་ནི་འདི་ལྟར་གཞག་ན་རྐུན་པོ་ལས་རྫས་ཁྱེར་བ་ཉེས་མེད་པར་འགྱུར་བའོ། །མཚན་མ་མ་གཏོགས་ཤིང་རྐུན་པོས་བརྐུས་པ་མི་མངོན་པ་མི་བླང་ངོ་ཞེས་པ་ནི་གོང་མ་
ལྟར་བླང་བ་ཡང་རྐུན་པོར་གྲགས་ཤིང་རྐུན་པོའི་མཚན་མ་མ་བརྟགས་པ་ལས་དོན་མན་གྱི་རྫས་མ་ལེན་ཅིག་པའོ། །དེ་ལས་ཁྱེར་བ་དྲས་ནས་ཁ་དོག་བསྒྱུར་ཏེ་བཅང་ཞེས་པ་ནི་དོན་མན་གྱི་རྫས་དེ་ཐབས་འདི་ལྟར་སྤུ་བསྒྱུར་ལ་གདོད་ཆོངས་ཤིག་པའོ། །དེ་ལྟར་བྱས་ཀྱང་
སློང་ན་སྦྱིན་ཞེས་པ་ནི་རྗེས་དེ་ལྟར་སྤུ་བསྒྱུར་ཀྱང་ནོར་བདག་གིས་ངོས་ཟིན་ནས་སླར་འདོད་ཟེར་ན་བྱིན་ཅིག་པའོ། །སྒྱུ་མི་བྱ་ཞེས་པ་ནི་བདག་གི་ནོར་གཞན་གྱིས་ཁྱེར་བ་ངོ་ཅན་ཐབས་ཀྱིས་བརྒྱུད་པ་ལ་སོགས་པའི་སྒྱུ་མ་བྱེད་ཅིག་པའོ། །གླེང་གཞི་ནི་འཕགས་པ་དགའ་བའི་
སློབ་མ་སྤོང་བས་བཟོད་པའི་ཕྱིར་བྱིས་པ་རྣམས་ངོ་ཆེན་བྱེད་དུ་བཙུད་པ་ལྟ་བུའོ། །སྔགས་ཀྱིས་བཏང་བ་ཉེས་མེད་ཅེས་པ་ནི་མི་རྐུན་པོས་ཁྱེར་བ་ལྟ་བུ་ལ་སོགས་པ་སྔགས་ཀྱིས་བསྡིགས་ཤིང་ཕྲོགས་པ་ལ་ཉེས་མེད་པར་སྟོན་པའོ། །བདག་གི་བྱི་བས་ཁྱེར་བ་བླངས་ན་

ཡང་ངོ་ཞེས་པ་ནི་བྱི་བས་ཁྱེར་བའི་རྫས་སླར་བླངས་པ་ལས་ཉེས་མེད་པའོ། །དགེ་སློང་གཞན་གྱི་ནོར་དེའི་ཕྱིར་ན་ཡང་ངོ་ཞེས་པ་དགེ་སློང་གཞན་གྱི་རྫས་བྱི་བས་ཁྱེར་བ་བདག་གི་ནོར་དུ་བྱ་བའི་ཕྱིར་ཕྲོགས་པ་ནི་མ་ཡིན་གྱི། ཁྱོད་དེ་ཉིད་ཀྱི་ཕྱིར་ཕྲོགས་ན་ཉེས་མེད། རི་དགས་རྔོན་པས་
ཞེད་དེ་གན་དུ་སུ་འོངས་པ་བཀུར་ཞེས་པ་ནི་སྐྱབས་བྱ་བའི་ཕྱིར་འདི་ལྟ་བུ་སླར་མ་བྱིན་ཏེ་ཁྱེར་ན་ཉེས་མེད་དེ་འདི་ཤི་ན་དེ་ལ་སྦྱིན་ཞེས་པ་ནི་རི་དགས་དེ་ཤི་ན་རོ་རྔོན་པ་ལ་བྱིན་ཅིག་པའོ། །མ་བྱིན་པར་ལེན་པའི་ཕས་ཕམ་པ་བྱེ་བྲག་ཏུ་ངེས་པའོ། །མ་བྱིན་པར་ལེན་པའི་ཕས་ཕམ་པ་རྫོགས་
སོ།། །།མ་བྱིན་པར་ལེན་པའི་ཕས་ཕམ་པ་དེ་ལྟར་བསྟན་ནས། གསོད་པའི་ཕས་ཕམ་པ་ད་སྟོན་པ་ནི། ནད་པ་འཆི་བར་སེམས་པ་དང་མཐུན་པའི་བསྙད་པ་མི་བསྙད་ཅེས་པ་ལ་སོགས་པ་ཡིན་ཏེ། ནད་པ་འཆི་བར་འདོད་པ་དང་མཐུན་པ་ཉིད་ན། དུག་ཟོས་ཀྱང་བླའོ་ཞེས་པ་
ལྟ་བུ་ལ་སོགས་པའི་ཚིག་མ་འབྱིན་ཅིག་པའོ། །འདི་འཆི་བ་དང་འགལ་བར་གྱིས་ཤིག་ཅེས་མ་བསྒོ་བར་མི་ཤེས་པ་མི་གཞག་ཅེས་པ་ནི་ནད་གཡོག་ཏུ་གཞུག་པ་ཤེས་ཉེན་ཆུང་བ་ཞིག་ཡིན་ཏེ། ནད་པའི་ཟུར་མི་ཐུབ་ཙམ་གྱི་ཚོད་ན་ཇི་ནས་ཀྱང་འཆི་བ་དང་འགལ་བའི་ཚུལ་
འདི་དང་འདི་ལྟར་གྱིས་ཤིག་ཅེས་ཞིབ་ཏུ་བསྒོ་བར་ནད་པའི་དྲུང་དུ་མ་བཞག་ཤིག་པའོ། །ཐབས་གཞན་ཡོད་ན་མ་ཡིན་ཞེས་པ་ནི་མི་བརྡ་ཕྲད་པ་གཞག་ཏུ་ཡོད་ན། གོང་མ་ལྟ་བུའི་ཤེས་ཉེན་ཆུང་བ་བསྒོར་ཟིན་ཀྱང་ནད་པའི་དྲུང་དུ་མ་བཞག་ཤིག་པའོ། །འཆི་བའི་ཡོ་བྱད་
མ་ཡིན་ཞེས་པ་ནི། ནད་པའི་དྲུང་དུ་མཚོན་དང་། ཐག་སྲད་ལ་སོགས་པ་མ་འཇོག་ཤིག་པའོ། །འདི་འཆིར་རྩོལ་ན་ནད་གཡོག་གིས་གཅུགས་ཞེས་པ་ནི་ནད་པ་དེ་འགེག་གམ་མཚོན་གྱིས་འདེབས་ཤིང་འཆིར་རྩོལ་ན་ནད་གཡོག་གིས་གཅུགས་ཤིང་དེ་ལྟར་བྱེད་དུ་མ་གཞུག་
ཤིག་པའོ། །ནོར་གྱི་ཕྱིར་ཕ་རོལ་འཆིར་རེ་བ་མི་བྱ་ཞེས་པ་ནི་ནད་པའི་གོས་སམ་ལྷུང་བཟེད་འདོད་པའི་ཕྱིར། ནད་པ་འཆིར་རེ་ལྟ་བུའི་མ་རུངས་པའི་ངན་སེམས་མ་བྱེད་ཅིག་པའོ། །མི་བྱ་བ་བྱ་བར་སེམས་ཀྱིས་ཀྱང་རྗེས་སུ་ཡི་རང་བར་མི་བྱ་ཞེས་པ་ནི་མངལ་ནས་ལྟུང་

བར་བྱེད་པ་ལྟ་བུ་ལ་སོགས་པ་མི་བྱ་བའི་རྣམས་ཀྱིས་ཀྱང་རྗེས་སུ་བྱ་དཀའ་བར་མི་བྱ་ན་ལུས་དང་ངག་གིས་ལྟ་ཅི་སྨོས་ཞེས་པ་སྟོན་པའོ། །ད་ནི་གསོད་པའི་ཡན་ལག་ཏུ་གཏོགས་པ་སྟོན་ཏེ། འཚོ་བ་འགགས་ཞེས་པ་ནི་མ་འོངས་པའི་འཚོ་བ་སྐད་ཅིག་
རྣམས་མི་འབྱུང་བར་འགགས་པ་ནི་འཚོ་བ་འགགས་པ་ཞེས་བྱའོ། །དེར་སེམས་པ་ཞེས་པ་ནི་མ་བསམས་འཚོ་བ་འགགས་པའང་སྲིད་པས་ན་དེར་སེམས་པ་ཞེས་སྨོས་པ་ཡིན་ནོ། །དེ་ཡང་སུའི་འཚོ་བ་ཞེ་ན་མིའི་འགྲོ་བ་ཞེས་པ་ཡིན་ཏེ། འཚོ་བ་འགགས་པ་དེའང་
མིའི་རྒྱུད་ཀྱི་འཚོ་བ་འགགས་པའོ། །དེ་ཡང་ཅིའི་བགེགས་ཤེ་ན། ལུས་དེ་དང་འབྲེལ་པ་འཕངས་པ་གཞན་ལ་བཅོལ་བ་རྣམས་ཐ་མི་དད་ཅེས་པ་ལ་སོགས་པ་ཡིན་ཏེ། ཁུ་ཚུར་རམ་ཐལ་མོ་ལ་སོགས་པ་ལུས་ཀྱིས་སམ་ལུས་དང་འབྲེལ་པ་སྟེ་རལ་གྲི་ལ་སོགས་
པ་ལག་ཆས་སམ། མདའ་ལ་སོགས་པ་འཕངས་པའམ་གཞན་གསོད་དུ་བཅུག་པ་རྣམས་ཐ་མི་དད་པར་སྟོན་པའོ། །གཞན་ཡང་དུག་ཕྱེ་མ་རླུགས་ཤིང་རང་བཞིན་ཉམས་ཏེ་གཏོང་བ་བྲང་དུ་བསྣུན་པ་འཁྲུལ་འཁོར་འཛོལ་རོ་སློང་བ། སྔགས་རྣམས་ཀྱི་སྦྱོར་བ་ནི་མིང་
གིས་སྨོས་པ་འདི་རྣམས་ཀྱི་སྦྱོར་བས་བསད་ན་ཡང་ཉེས་པར་འགྱུར་ཏེ། དེ་ལ་རང་བཞིན་ཉམས་ཏེ་གཏོང་ཞེས་པ་ནི་རང་བཞིན་ཉམས་པར་བྱས་ཏེ་ཤིང་ཁུངས་སུ་གཏོང་བའམ་རང་བཞིན་ཉམས་པ་འཆི་བའི་སར་གཏོང་བ་ལྟ་བུའོ། །བྲང་དུ་བསྣུན་ཞེས་བྱ་བ་ནི་འཇི་བ་
འམ་ཤིང་རྩི་ལས་མི་ལྟ་བུར་བྱས་པའི་ལག་ཏུ་མཚོན་བསྐུར་བས་བྲང་དུ་འདེབས་ཤིང་བསྣུན་པའོ། །འཁྲུལ་འཁོར་ཞེས་པ་ནི་ས་མདའ་དང་རྙི་གཏོར་ལྟ་བུ་ལ་སོགས་པའོ། །གཞན་རྣམས་ནི་གོ་སླ་པའི་ཕྱིར་མ་བཤད་དོ། །གཡང་དུ་འདོར་པ་ཞེས་པ་ནི་གཡང་དུ་
འདོར་ན་ཡང་ཉེས་བར་འགྱུར་བའོ། །ཆུ་དང་མེར་གཏོང་བ་ཞེས་པ་ནི་ཆུ་དང་མེར་བཏང་སྟེ་བསད་ན་ཡང་ཉེས་པར་འགྱུར་བའོ། །ལྷགས་པ་དང་ཚ་བར་འཇོག་ནའོ་ཞེས་པ་ནི་ཚ་ཆེས་པ་དང་ལྷགས་པ་ཆེ་ཆེས་པར་བཟུང་སྟེ་བཞག་ནས་བསད་ན་ཡང་ཉེས་པར་འགྱུར་བའོ། །ཕོ་ཉར་

གཏོང་བ་ལ་སོགས་པ་ཞེས་པ་ནི་འཆི་བའི་ས་གང་ན་ཡོད་པར་ཕོ་ཉར་གཏོང་ངམ་ཁྱོད་ཀྱི་མ་དེ་ན་འདུག་གིས་སོང་ཤིག་ཅེས་པ་ལྟ་བུར་འདྲིད་ཅིང་བཏང་སྟེ་བསད་ན་ཡང་ཉེས་པར་འགྱུར་བའོ། །ཆུང་ངུར་བྱས་པས་ཀྱང་ངོ་ཞེས་པ་ནི་བམ་ཀོལ་ལམ་རྩི་མཚོག་ཙམ་གྱིས་བསད་ན་
ཡང་ཉེས་པར་འགྱུར་བའོ། །སྐྱེས་པ་དང་བུད་མེད་དང་མ་ནིང་གསོད་པ་ཞེས་པ་ནི་འདི་དག་གང་བསད་ཀྱང་ཉེས་པར་འགྱུར་བ་སྟེ། གོང་དུ་མི་འགྲོ་བ་ཞེས་སྨོས་པ་དེས་རྒྱས་པར་སྟོན་པའོ། །དེའི་ལན་བོན་གྱིས་ཕྱིས་ཤི་ནའོ་ཞེས་པ་ནི་བསད་པར་བཤམས་པའི་མོད་ལ་
ནི་མ་ཤིའི་དེའི་རྐྱེན་གྱིས་ཕྱིས་ཤི་ན་ཡང་ཉེས་པར་འགྱུར་བའོ། །བཅུག་པའི་འོག་ཏུ་ན་དེས་མ་ལན་ཞེས་པ་ནི་ཕ་རོལ་ན་སྔར་སོད་ཅིག་པར་སྨྲས་སམ་བཅོལ་བ་ལས་ཕྱིས་འགྱོད་དེ་བཟློག་ཅིང་བཅུག་པའི་འོག་ཏུ་ཤི་ན་སྦོམ་པོ་ཡོད་དུ་ཟད་ཀྱི་ཤི་བ་ཉིད་དེས་མ་ལན་པར་སྟོན་པའོ། །
མ་བསམས་པར་ལྟོ་མཉེས་པའི་མ་དང་མངལ་ནི་སྦོམ་པོའོ་ཞེས་པ་ནི་མངལ་ན་འདུག་པ་བསད་པའི་ཕྱིར་མའི་ལྟོ་མཉེས་པ་ལས་མངལ་ན་འདུག་པ་ནི་མ་ཤིའི་མ་བསད་པར་མ་བསམས་པ་ལྟ་བུ་ཤི་བ་ལྟ་བུ་གསོད་པར་ཤོམ་པའི་སྦོམ་པོ་ཡོད་པར་ཟད་ཀྱི་མ་ཤི་བ་ཉེས་མེད་
པར་མི་འགྱུར་བའོ། །ཁས་བླངས་པའི་རྒྱུད་གསོད་པར་ཞུགས་ནའོ་ཞེས་པ་ནི་སོད་ཅིག་ཅེས་ཀྱང་མི་ཟེར། མ་གསོད་ཅིག་ཀྱང་མི་ཟེར་རོ་ཞེས་པ་ལྟ་བུ་གསལ་པོར་ནི་མ་སྨྲས། སེམས་ལ་ནི་བསད་དུ་དགའ་བ་ལྟ་བུའི་ཚུལ་སྟོན་ན་སྦོམ་པོར་འགྱུར་བའོ། །ཁྱོད་ཀྱི་མིང་གིས་
འཆི་བའི་ཡོ་བྱད་སྦྱིན་ནོ་ཞེས་ཟེར་ན་ཡང་ངོ་ཞེས་པ་ནི་མཚོན་ལ་སོགས་པ་འཆི་བའི་ཡོ་བྱད་ཁྱོད་ཀྱིས་བསྐུར་རོ་ཞེས་བྱས་ཏེ་འཆིར་འདོད་པ་ལ་མཚོན་སྦྱིན་པར་ཤོམ་པ་ལ་མི་འཆུགས་ཤིང་མགོ་ཀྱོག་པའམ། ཚིག་ཟུར་ཙམ་གྱིས་ཁས་བླངས་ན་ཡང་སྦོམ་པོར་འགྱུར་བའོ། །
བྱོལ་སོང་མ་ཡིན་པ་གཞན་དང་། སྤྲུལ་པ་ཡང་ངོ་ཞེས་པ་ནི་བྱོལ་སོང་མ་ཡིན་པའི་མི་མ་ཡིན་གཞན་དང་། སྤྲུལ་པ་བསད་ན་ཡང་སྦོམ་པོར་འགྱུར་བའོ། །དེ་ལ་མིར་སྤྲུལ་པ་བསད་པ་ནི་མིའི་འདུ་ཤེས་ཡོད་པའི་ཕྱིར་སྦྱོར་བའི་ཚེ་སྦོམ་པོའོ། །བསད་པའི་ཚེ་ཉེས་པ་མེད།

ལྷར་སྤྲུལ་པ་བསད་པ་ནི་ལྷར་འདུ་ཤེས་ན་ཉེས་བྱས། མིར་འདུ་ཤེས་ན་སྦོམ་པོའོ། །བྱོལ་སོང་དུ་སྤྲུལ་པ་ལ་སོགས་པ་ཡང་དེ་བཞིན། དྲི་བའི་ལུང་མེད་པར་ནད་པ་ལ་སྨན་མི་སྦྱིན་ཞེས་པ་ནི་དྲི་བར་འོས་པ་ལ་དྲིས་པའི་ལུང་མེད་པར་ཐུག་ཐུབ་ཏུ་སྨན་མ་སྦྱིན་
ཅིག་པའོ། །དྲི་བར་འོས་པ་དེ་གང་ཞེ་ན་སྨན་པ་དང་དེ་ལས་རབ་ཏུ་བྱུང་བ་དང་། དེ་ལ་བརྟེན་པ་འདི་དག་ལ་དྲིས་ཞེས་པ་ཡིན་ནོ། །ནད་བུ་ཅན་ལ་ཡང་ངོ་ཞེས་པ་ནི་ཡུན་རིངས་སུ་ན་བ་ལ་ཡང་ནད་དང་སྨན་གྱི་ཉམས་དྲོད་ཡོད་པས་ན་དྲིས་ཤིག །དགེ་སློང་རྒན་རབས་ཤེས་
ཉེན་ཅན་ལ་ཡང་ངོ་ཞེས་པ་ནི་འདི་ལྟ་བུ་ལ་ཡང་དྲིས་ཤིག་པའོ། །དེ་དག་གང་ལ་ཡང་དྲིར་རུང་ངམ་ཞེ་ན། གོང་མ་གྱེད་ན་འོག་མའོ་ཞེས་པ་ཡིན་ཏེ། རྟག་ཏུ་སྨོས་པ་དེ་དག་ཀུན་ལ་དྲིར་མི་རུང་གི་གོང་མ་མེད་ན་རིམ་བཞིན་དུ་འོག་མ་རྣམས་ལ་དྲིས་ཤིག་པའོ། །ཕན་པར་
འདོད་ན་གསོད་པ་སྨན་མ་ཡིན་པ་བྱིན་ན་འབྲི་བ་མེད་ཅེས་པ་ནི་དགེ་སློང་མས་མི་རྒོད་དྲུག་ཅུ་རྩབ་མོ་དང་ཚར་བསྲེས་ཏེ་བྱིན་པ་ལྟ་བུ་ཕམ་པར་བསམས་ཏེ། བསད་ན་ཡང་འབྲི་བ་མེད་དེ་ཕམ་པར་འགྱུར་བའོ། །མི་ཐེག་པའི་ཁུར་བཏེག་པའི་གྲོགས་མི་བྱ་ཞེས་པ་ནི་མི་
ཐེག་པའི་ལྕི་བ་བཏེག་པའི་གྲོགས་མ་བྱེད་ཅིག་པའོ། །དེ་ལྟ་བུ་བཏེག་ཏུ་ཡེ་མི་རུང་ངམ་ཞེ་ན་གལ་ཏེ་དེ་ལྟ་བུའི་རྐྱེན་ཅིག་ན་ཁྱིམ་པ་དང་སྦྲེལ་ལ་ཅིག་ཅར་དུ་བཏེག་པར་སྐད་སྦྱར་ཞིང་བཏེག་ཅེས་པ་ཡིན་ཏེ། ལས་སར་པ་བྱེད་པ་ལ་སོགས་པའི་ཚེ་གྲོགས་མི་བྱར་མི་རུང་ན་
ཐབས་འདི་ལྟར་གྱིས་ཤིག་པའོ། འཇོག་པ་ན་ཡང་མཉམ་པར་སྐད་སྦྱར་ཞེས་པ་ནི་གོང་མ་ལྟར་ཁྱེར་ལ་འཇོག་པའི་ཚེ་ན་སྔ་ཕྱིར་མ་ཁྱེར་བར་ཞོག་ཤིག་པའོ། །ཕ་གུ་མི་འཕང་ཞེས་པ་ནི་ལས་སར་པའི་ཚེ་གཅིག་ལ་གཅིག་ཕ་གུ་མ་འདོར་ཅིག་པའོ། །གྲུམ་པ་དང་
གས་པ་མ་བསྒོ་བར་མི་སྦྱིན་ཞེས་པ་ནི་ཕ་གུ་ལོང་འདོགས་པའི་ཚེ་གྲུམ་ཞིང་གས་པ་ཡོད་པ་ན་སྦྲོན་ཅིག་པའོ། །རྐུན་པོ་སྤ་གོང་ཞིང་བསྡིགས་ཞེས་པ་ནི་རྐུན་པོ་འོངས་ན་གནོད་སེམས་མེད་པས་སྡིགས་རི་གྱིས་ཤིག་པའོ། །དེ་ལ་བསྡིགས་པའི་རྣམ་གྲངས་སྟོན་པ་ནི། གཎྜཱི་

ལ་སོགས་པ་མ་ཕོག་པར་འཕངས་ཞེས་པ་ལ་སོགས་པ་ཡིན་ཏེ། གཎྜཱི་མ་བུ་ལ་སོགས་པ་མ་ཕོག་པར་འཕོངས་ཤིག་པའོ། །རྔུལ་གྱི་བུམ་པ་དང་ཐལ་བའི་གྱོ་མོ་ཡང་རླུང་ཕྱོགས་སུ་འོ་ཞེས་པ་ནི། རྐུན་པོ་ལ་འདི་རྣམས་ཀྱིས་མི་ཕོག་པར་རླུང་ཕྱོགས་སུ་གཏོར་
ཅིག་པའོ། །འུར་རྡོ་བཅང་ཞེས་པ་ནི་རྐུན་པོ་བསྡིགས་པའི་ལག་ཆ་འདིའང་ཆོངས་ཤིག་པའོ། །དེའི་ཞར་ལ་གཞན་ཡང་སྟོན་པ་ནི། དགེ་སློང་ཆད་པ་མི་ཕུལ་ཞེས་པ་ལ་སོགས་པ་ཡིན་ཏེ། སྔོན་དགེ་སློང་གཞོན་ནུས་རིངས་འདོད་པའི་རྒན་པོ་ཕུལ་ཏེ་བུབ་ནས་ཤི་བ་ལྟ་བུ་
མ་བྱེད་ཅིག་པའོ། །དེ་ལྟ་བས་ན་འདིའི་དན་རོགས་བྱ་ཞེས་པ་ཡིན་ཏེ། རྒན་པོ་དེའི་དན་རོགས་གྱིས་ཤིག་པའོ། །དན་རོགས་ཐབས་ཇི་ལྟར་ཞེ་ན། ངལ་སོས་གཞུག་ཅེས་པ་ལ་སོགས་པ་ཡིན་ཏེ་དེའི་ཉམས་ཀྱིས་མི་ནུས་ན་ངལ་སོ་ཞིང་བསྟིར་བཅུག་ཤིག་པའོ། །སྣོད་བླང་
བ་དེའི་ལྷུང་བཟེད་སྣོད་ལ་སོགས་བདག་གིས་ལོང་ལ་ཁྱེར་ཅིག་པའོ། །བཟའ་བ་དང་བཏུང་བའི་དུས་སུ་ནི་མ་ཡིན་ཏེ། གནས་སུ་ཅིག་ཅར་བྱིན་པར་མི་ནུས་ན་ལྷུང་བཟེད་བཀྲུ་གྲལ་གཞག །བྱིན་ལེན་བྱ་བརྟག་ཅེས་པ་ནི་རྒན་པོ་དང་། བདག་ཅག་དང་། མཉམ་དུ་རིངས་པར་
འགྲོ་མི་ནུས་ལ་གདུགས་ཚོད་མི་སླེབ་པ་ཙམ་གྱི་ཆོད་ན་རྒན་པོ་དལ་གྱིས་འོང་དུ་བཅུག་ལ་བདག་ཅག་སྔར་དོང་སྟེ། ཐབས་འདི་ལྟར་གྱིས་ཤིག་པའོ། །གདུགས་ཚོད་ཀྱི་དུས་སུ་འང་མ་ཕྱིན་པ་ཙམ་གྱི་ཚོད་ལ། གལ་ཏེ་ཕྱི་ན་ཁྱེར་ལ་བསུ་ཞེས་པ་ཡིན་ཏེ། རྒན་པོ་གདུགས་
ཚོད་མི་སླེབ་ན་ཟན་ནོས་ལ་སླར་བསྩུ་ཤིག་པའོ། །བསད་པའི་ཕས་ཕམ་པ་རྣམ་པར་འབྱེད་པའོ།། །།རྣམ་པར་འབྱེད་པ་ལས་འབྱུང་བ་དེ་ལྟར་བསྟན་ནས། ཕྲན་ཚེགས་ལས་འབྱུང་བ་ད་སྟོན་ཏེ། མིའི་འགྲོ་བའི་ལག་པ་བཅད་ན་སྦོམ་པོའོ་ཞེས་པ་ལ་ལག་པ་ཡིན་ཏེ།
ཁ་ཅིག་ནི་ཆེད་དུ་གསད་པའི་ཕྱིར་ལག་པ་བཅད་ན་སྦོམ་པོར་འཆད་མོད། དེ་ནི་གསོད་པར་སྦྱོར་བའི་ཁོངས་སུ་འདུས་པས་ན། སྐབས་འདིར་ནི་དེ་ལ་མི་བྱའི། རྔམ་ཞིང་ནང་སྟེ་ལག་པ་བཅད་ན་སྦོམ་པོར་འགྱུར་བའོ། །ཚལ་མེས་གཏོང་ནའོ་ཞེས་པ་ནི་སེམས་ཅན་ཡོད་

པར་ཤེས་པ་དང་། ཡོད་པར་དོགས་པ་དང་། མེད་པར་ཤེས་པ་གསུམ་ལ་ཡོད་པར་ཤེས་པ་དང་། དོགས་ཏེ་མེ་བཏང་ན་འགྲོ་བ་གང་འཚིག་པ་དང་། དུ་ཚིག་པའི་ཚུལ་བཞིན་དུ་ཉེས་པར་འགྱུར་བའོ། །འདི་ནི་དགོས་པའི་ཕྱིར་སེམས་ཅན་ཡོད་པར་
ཤེས་ཀྱང་བསྡོམས་ཏེ་མི་གཏོང་བས་ན་སྦོམ་པོའོ། །སྐྲ་ཅན་འཚོང་ནའོ་ཞེས་པ་ནི་སྐྲ་ཅན་མ་ཡིན་ཏེ། མི་བཙོང་ན་སྦོམ་པོར་འགྱུར་བའོ། །གང་གིས་བརྐུས་པ་དེ་རྒྱལ་པོའི་འཁོར་དུ་ཕུལ་བའོ་ཞེས་པ་ནི་བསད་པའི་ཕྱིར་ཕུལ་བ་མ་ཡིན་གྱི། ནང་ཞིང་ཁྲོས་པས་ཕུལ་ན་
སྦོམ་པོར་འགྱུར་བའོ། །གསོད་པའི་ཕས་ཕམ་པ་ཕྲན་ཚེགས་སུ་གཏོགས་པའོ།། །།ཕྲན་ཚེགས་ལས་བྱུང་བ་དེ་ལྟར་བསྟན་ནས། ཞུས་པ་ལས་འབྱུང་བ་ད་སྟོན་པ་ནི་སྦེད་དེ་བསྟན་ནའོ་ཞེས་པ་ལ་སོགས་པ་ཡིན་ཏེ། བདག་དང་འཁོན་ཡོད་པ་གཤེད་མས་ཞེད་པ་
དང་། སོད་པར་དགའ་ནས་འདི་ལྟར་སོང་ངམ་འདི་ལྟ་བུ་ཞིག་ན་འདུག་གོ་ཞེས་རྦད་ཅིང་བསྟན་ན་སྟོན་པའི་ཚེ་སྦོམ་པོར་འགྱུར་བའོ། །དཔེ་ནི་མ་དང་མངལ་ལོ། །མི་མང་པོ་ཞིག་གཤེད་མས་ཕྱི་དར་མར་ཞེད་པའི་ནང་ན་གཅིག་ཅིག་སོད་པར་དགའ་ནས་བསྟན་ཅིང་སྦེད་པ་ལས་
ཕྱིས་ཀུན་ཟིན་ཏེ། ཁ་བཏགས་པ་ཉེས་པ་ཅིར་འགྱུར་ཞེ་ན། གང་བསད་པར་དགའ་བ་དེ་བསྟན་པའི་ཚེ་ནི་སྦོམ་པོའོ། །བསད་ནས་ནི་ཕམ་པར་འགྱུར། ཁ་ཅིག་ནི་དེའི་ཟླ་ལ་ཟིན་ཏེ། བསད་པ་དུ་ཡོད་པའི་སྦོམ་པོར་འགྱུར་རོ་ཞེས་ཀྱང་འཆད་དེ་དཔེར་ནི་མངལ་ཉེད་པ་དང་
འདྲའོ། །རང་ལྕེབས་པ་ནི་སྦོམ་པོའོ་ཞེས་པ་ནི་བདག་གིས་བདག་གསོད་པ་ལ་སོགས་པ་སྦོམ་པོར་འགྱུར་བ་སྟེ། འདི་ནི་སྦྱོར་བའི་ཚེ་ལ་བྱ། ཡེངས་པའི་སེམས་ཀྱིས་མི་དགེ་བ་བྱས་པ་ནི་ཉེས་བྱས་ཞེས་པ་ནི་གཤེད་མ་ལ་སྟོན་པ་ལ་སོགས་པ་བསད་སེམས་ནི་མེད་ཀྱི་ཡེངས་
པ་ལྟ་བུས་སྨྲས་ཤིང་བསྟན་པ་ནི་ཉེས་བྱས་སུ་འགྱུར་བའོ། །མ་བསམས་པར་དོན་གྲུབ་པ་ནི་བྱས་པ་མ་ཡིན་ཞེས་པ་ནི་ཆེད་དུ་བསད་པར་ནི་མ་བསམས་ཀྱི་འདྲན་ཐོར་བྱ་བ་ལས་ཤི་བ་ལྟ་བུ་ཕམ་པར་མི་འགྱུར་བའོ། །ལས་ནི་ཚེ་གཞན་དུ་མི་འབྱུང་ཞེས་པ་ནི་གཞན་བསད་པར་

སྦྱར་བ་ལས་བདག་སྔར་ཤིའམ། དེ་དང་ལྷན་ཅིག་ཏུ་ཤི་བ་ལྟ་བུ་རྒྱུད་གཞན་དུ་འགྱུར་བའི་ཕྱིར་གསོད་པའི་སྡིག་པར་མི་འགྱུར་བར་སྟོན་པའོ། །གསོད་པའི་ཕས་ཕམ་པ་ཞུས་པར་གཏོགས་པའོ།། །།དེ་ལྟ་ན་ང་འཆི་བར་འགྱུར་རོ་ཞེས་ཟེར་ཡང་ཡིད་མ་ཆེས་ཏེ་དེ་བཞིན་དུ་
བྱས་ན་སྦོམ་པོའོ་ཞེས་པ་ནི་ཁྲུས་དང་འཆག་ཏུ་གཞུག་པ་ལ་སོགས་པ་བྱས་ན་ངའི་ཉམས་ཀྱིས་མི་ནུས་ཏེ། འཆི་གོར་མ་ཆག་གོ་ཞེས་ནད་པ་ཟེར་ཡང་དེའི་ཉམས་དང་མ་སྦྱར་བར་ནན་གྱིས་ཁྲིད་ཅིང་འཆག་ཏུ་བཅུག་པ་ལ་སོགས་པ་བྱས་ན་སྦོམ་པོའོ། །ཤིར་ཟད་ཅེས་ནད་
གཡོག་མ་བྱས་ནའོ་ཞེས་པ་ནི་མྱུར་དུ་ཤི་ཡང་བླ་བར་བསམས་ཏེ་ནད་གཡོག་མ་བྱས་ན་སྦོམ་པོར་འགྱུར་བའོ། །མི་འཕྲོད་པའི་ཟས་སྦྱིན་ནའོ་ཞེས་པ་ནི་ནད་པ་དང་མི་འཕྲོད་པར་ཤེས་པའི་ཟས་སྦྱིན་ན་སྦོམ་པོར་འགྱུར་བའོ། །འབྲས་མ་སྨིན་པ་བརྟོལ་ནའོ་ཞེས་པ་འདིའང་སྦོམ་
པོར་འགྱུར་བའོ། །ས་གཏམས་སུ་འཇུག་པ་དང་སྒོ་བར་དུ་འཚིར་བ་ལ་སོགས་པའི་ནན་ཅན་བྱེད་ནའོ་ཞེས་པ་འདི་ལྟ་བུ་ལ་སོགས་པའི་ནན་ལ་འདོར་ན་ཡང་སྦོམ་པོར་འགྱུར་བའོ། །འདི་ཡན་ཆད་དུ་བསྟན་པ་ནི་བསད་སེམས་མེད་དུ་ཟིན་ཡང་བརླང་སེམས་སུ་གྱུར་པའི་ཕྱིར་
སྦོམ་པོར་འགྱུར་བ་ཤ་སྟག་གོ། གཡང་དུ་འདོར་བ་དང་འགེགས་པ་ལ་སོགས་པས་འཆིར་རྩོལ་ནའོ་ཞེས་པ་ནི་འདི་ལྟར་བྱེད་ཅིང་བདག་འཆིར་རྩོལ་ན་མ་ཤིར་ཟིན་ཀྱང་སྦོམ་པོར་འགྱུར་བའོ། །ནད་པ་ལ་མཚོན་དང་ཐག་སྲད་གྱ་ཚོམ་དུ་མི་སྦྱིན་ཞེས་པ་ནི་དགོས་པའི་
དོན་ཆེད་<མད་‚མེད་>པའམ། འཆིར་རྩོལ་ལམ་མི་རྩོལ་བའི་ཉམས་དྲོད་དང་མ་སྦྱར་བར་ཐག་སྲད་ལ་སོགས་པ་གྱ་ཚོམ་དུ་མ་སྦྱིན་ཅིག་པ་སྟེ། གོང་དུ་འཆི་བའི་ཡོ་བྱད་མི་གཞག་ཅེས་པ་ནི་ནད་གཡོག་གིས་བྱ་བ་ཡིན་གྱི་འདི་ནི་དགེ་སློང་ངོ་ཅོག་སྤྱིས་བྱའོ། །ཞལ་ཏ་ཤེས་བཞིན་
དུ་བྱ་ཞེས་པ་ནི་མཁར་ལན་ལ་སོགས་པ་གཡོས་པའི་ཚེ། ལས་མིའི་སྨས་འགྲུམས་སུ་མི་འགྱུར་བའི་ཞལ་ཏ་ཆར་གྱིས་ཤིག་པའོ། །སྔགས་ཀྱིས་ཐལ་མོས་བསྣུན་པ་ཡང་ངོ་ཞེས་པ་ནི་གདོན་འདྲེས་ཟིན་པའི་ནད་པ་ལ་འདེབས་པ་ནི་ཐལ་མོ་ལ་བཟླས་ཏེ་བསྣུན་པ་ལྟ་བུ་

ཡང་མ་འོས་པའི་དྲག་ཤུལ་མ་བྱེད་པར་ཇི་རན་དུ་གྱིས་ཤིག་པའོ། །བརྣངས་པ་བརྡེགས་པ་ཡང་ངོ་ཞེས་པ་ནི་བརྣངས་པ་དབྱུང་བའི་ཕྱིར་བརྡེགས་པ་ཡང་ཇི་རན་དུ་གྱིས་ཤིག་པའོ། །སྦབ་བཏང་བ་ཡང་དེ་ལྟར་ཤིན་ཏུ་བརྟགས་པར་གྱུར་ནས་སོ་ཞེས་པ་ནི།
འོག་ན་མི་ཡོད་དམ་མེད་པ་ལ་སོགས་པ་གོང་དུ་སྨོས་པ་ལྟར་ཤེས་བཞིན་དུ་བརྟགས་ལ། དེ་ནས་གདོད་ཐོང་ཤིག་པའོ། །མོད་ཞན་པ་ལོགས་སུ་བ་ཁུར་ལྕི་བ་བསྐུར་བར་མི་བྱ་ཞེས་པ་ནི་ཤིང་ལྟ་བུ་མགོ་མཇུག་སྟེར་བཅད་དེ་འདེགས་པ་ན་མོད་ཞན་པའི་ལོགས་སུ་སྟོངས་ཤིང་
གྲོགས་མ་བྱེད་ཅིག་པའོ། །མགོ་འདུད་ལ་མི་འགྲོ་ཞེས་པ་ནི་ཐུག་རེ་འཐབ་པ་ལྟ་བུ་འམ་ལག་འགྲོས་མ་བྱེད་ཅིག་པའོ། །མ་བསླབས་པར་སློབ་ཏུ་མི་གཞུག་ཅེས་པ་ནི་གཏར་ཀ་ལ་ལ་སོགས་པའི་དཔྱད་བདག་བྱང་བར་མི་ཤེས་ན་ཕ་རོལ་བདག་ལ་སློབ་ཏུ་མི་གཞུག་ཅེས་པའོ། །མཚོན་
ཆ་འཕེན་དུ་མ་གཞུག་ཅེས་པ་ནི་མདའ་དང་འཕང་མདུང་ལ་སོགས་པས་ལྟ་བ་ཙམ་གྱི་ཕྱིར་ཡང་ཕ་རོལ་ལ་འཕོངས་ཞེས་མ་ཟེར་ཅིག་པའོ། །ནད་པ་མི་ནུས་པ་ལམ་དུ་མི་བཀྲི་ཞེས་པ་ནི་ནད་པ་འགྲོ་མི་ནུས་པ་མ་བཀྲི་ཤིག་པའོ། །གསོད་པའི་ཕས་ཕམ་པ་བྱེ་བྲག་ཏུ་ངེས་པའོ། །
གསོད་པའི་ཕས་ཕམ་པ་རྫོགས་སོ།། །།གསོད་པའི་ཕས་ཕམ་པ་དེ་ལྟར་བསྟན་ནས། བརྫུན་གྱི་ཕས་ཕམ་པ་དེ་ལྟ་བུ་ཡིན་ཞེས་བསྟན་པའི་ཕྱིར། བདག་མིའི་ཆོས་ལས་བླ་མ་དང་ལྡན་པར་འདུ་ཤེས་སྦས་ཏེ་སྨྲ་ནའོ་ཞེས་པ་ཡིན་ཏེ། མིའི་ཆོས་ལས་བླ་མ་དང་ལྡན་པ་ཡང་
སྨྲས། འདུ་ཤེས་ཀྱང་སྦས། བདག་ཀྱང་ཡིན་པར་སྨྲ་ན་ཕམ་པར་འགྱུར་བའོ། །མི་ལས་བླ་མའི་ཆོས་དང་ལྡན་པར་སྨྲས་པ་ཉིད་ཇི་ལྟ་བུ་ཡིན་ཞེ་ན། མཐོང་ངམ་མཐོང་། སྒྲ་ཐོས་ངའི་སྒྲ་ཐོས། ཐད་དུ་འགྲོ་ངའི་ཐད་དུ་འོང་། ལྷན་ཅིག་ཏུ་སྨྲས། ཀུན་དུ་སྨྲས། མགུ་བར་སྨྲས།
རྟག་པར་ཡང་ལྷན་ཅིག་ཏུ་འགྲོགས་ཤིང་ང་དང་ང་ལྷན་ཅིག་གོ་ཞེས་ཟེར་ན་དེར་གྱུར་ཏོ་ཞེས་པ་ཡིན་ཏེ། འདི་དག་ལྟར་འང་དྲུལ་ཞིང་འགྲོགས་པ་སྐད་དུ་ཟེར་ན་མི་ལས་བླ་མར་སྨྲས་པ་ཉིད་དུ་གྱུར་ཏོ། །མཐོང་ངམ་མཐོང་ཞེས་པ་ལ་སོགས་པ་ཉི་ཚེར་འགྱུར་རམ་གང་གི་དམིགས་ལས་

འགྱུར། དམིགས་ཉིད་ལ་བྱེ་བྲག་ཅི་ཡོད་ཅེ་ན། ལྷ་ཀླུ་གནོད་སྦྱིན་དྲི་ཟ་མི་འམ་ཅི་ཡི་དགས་འདྲེ། གྲུལ་བུམ་ལུས་སྲུལ་པོ་དག་གི་དམིགས་ལས་སོ་ཞེས་པ་དང་ཕྱག་དར་ཁྲོད་ཀྱི་འདྲེ་ནི་སྦོམ་པོར་བྱེད་དོ་ཞེས་པ་རྣམས་ཡིན་ཏེ། ལྷ་ལ་སོགས་པ་མཐོང་བ་ཡང་མི་ལས་བླ་མའི་ཆོས་དང་
ལྡན་པས་གདོད་མཐོང་བས་ན་དེ་དག་མཐོང་བས་སྨྲས་ན་མི་ལས་བླ་མའི་ཆོས་བརྫུན་དུ་སྨྲས་པའི་ཕྱིར། ཕམ་པར་འགྱུར་བ་དང་། ཐལ་སྲིན་ཙམ་གྱིས་ཚོད་མི་ལས་བླ་མའི་ཆོས་དང་མི་ལྡན་ཡང་མཐོང་སྲིད་པའི་ཕྱིར་དེ་དག་མཐོང་ངོ་ཞེས་བརྫུན་དུ་སྨྲས་ན་སྦོམ་པོར་འགྱུར་བ་རྣམས་སྟོན་ཏོ། །
མི་ལས་བླ་མའི་ཆོས་ཉིད་གང་ཞེ་ན། མི་རྟག་པ་ལ་སོགས་པའི་འདུ་ཤེས་དང་། བསམ་གཏན་དང་ཚད་མེད་པ་དང་། གཟུགས་མེད་པ་དང་། འབྲས་བུ་དང་། མངོན་པར་ཤེས་པ་ལ་སོགས་པ་ནི་བླ་མའི་ཆོས་སོ་ཞེས་པ་ཡིན་ཏེ། མི་རྟག་པ་ལ་སོགས་པའི་འདུ་ཤེས་བཅུ་དང་། མི་
གཙང་བའི་འདུ་ཤེས་བཅུ་དང་། བསམ་གཏན་བཞི་དང་། ཚད་མེད་པ་བཞི་དང་། ནམ་མཁའ་མཐའ་ཡས་པ་ལ་སོགས་པ་གཟུགས་མེད་པའི་རིས་བཞི་དང་། རྒྱུན་དུ་ཞུགས་པ་ལ་སོགས་པ་དགེ་སྦྱོང་གི་འབྲས་བུ་བཞི་དང་། སྔོན་གྱི་གནས་དྲན་པ་ལ་སོགས་པ་མངོན་པར་ཤེས་
པ་དྲུག་དང་། གཞན་ཡང་ཟག་པ་ཡོད་པ་དང་མེད་པའི་ཡོན་ཏན་ནོ་ཅོག་མི་ལས་བླ་མའི་ཆོས་སོ། །རང་གི་མཚན་ཉིད་གཟུང་བས་ཉོན་མོངས་པ་དང་ལས་ཞི་གནས་ཀྱི་མཚན་མ་ནི་སྦོམ་པོར་བྱེད་དོ་ཞེས་པ་ནི་ལུས་སམ་གཟུགས་ལ་སོགས་པ་གང་ཡང་རུང་སྟེ་དམིགས་པ་རྣམས་ཀྱི་
རང་གི་མཚན་ཉིད་གཟུང་བས་འདོད་ཆགས་ལ་སོགས་པ་ཉོན་མོངས་པ་འདུབ་ཅིང་<དང་‚ངང་>ལྟ་བའི་ཞི་གནས་ཀྱི་མཚན་མའམ་རྒྱུ་ཙམ་བདག་ལ་ཡོད་དོ་ཞེས་ཟེར་ན་སྦོམ་པོར་འགྱུར་བའོ། །དེ་ལ་ཞི་གནས་ནི་རྣམ་པ་གཉིས་ཏེ། དེ་ཁོ་ན་ཉིད་ཡིད་ལ་བྱེད་པ་ཞེས་བྱ་བ་དང་། མོས་
པ་ཡིད་ལ་བྱ་བ་ཞེས་བྱའོ། །དེ་ལ་དེ་ཁོ་ན་ཉིད་ཡིད་ལ་བྱེད་པ་ནི་མི་རྟག་པ་ལ་སོགས་པའི་འདུ་ཤེས་སོ། །མོས་པ་ཡིད་ལ་བྱེད་པ་ནི་ཚད་མེད་པ་ལ་སོགས་པའོ། །རྣམ་པ་དེ་གཉིས་ཀྱང་བསྒོམ་པའི་ངོ་བོ་ཉིད་དོ། མ་ཆུད་པ་མ་ཡིན་པས་བསྡུས་པའོ། །དེའི་མཚན་མ་ནི་འདོད་པའི་

ཁམས་ནས་སྤྱོད་པའི་མཉན་པ་དང་། བསམས་པའི་ཤེས་པའོ། །དེ་ལ་ཡང་རྣམ་པ་གཉིས་ཏེ། ཉོན་མོངས་པ་དང་ལྡན་པ་དང་། མི་ལྡང་བའོ། །སྐབས་འདིར་ནི་མི་གཙང་བ་ལ་སོགས་པས་ཉོན་མོངས་པ་དང་ལྡང་བ་མ་རྫོགས་པ་ལ་བྱ། དེ་དང་
ལྡན་པའི་ཆོས་སྨྲ་ན་དེ་དང་ལྡན་བར་མ་སྨྲས་པ་མ་ཡིན་ཞེས་པ་ནི། དགོན་པའི་གནས་ཡང་བ་འདི་ལྟ་བུ་ཞིག་ན་རྒྱུན་དུ་ཞུགས་པ་ལ་སོགས་པ་ལ་མི་མ་ཡིན་མི་འཚེར་ཟད་ཀྱི་གཞན་ཐམས་ཅད་ལ་འཚེ་བ་དེ་ན་ཁོ་བོའང་འདུག་འདུག་སྟེ་མ་གཙེས་སོ་ཞེའམ། ཡོན་བདག་གི་
ཁྱིམ་འདི་ལྟ་བུ་ཞིག་ན་རྒྱུན་དུ་ཞུགས་པ་ལ་སོགས་པའི་སྟན་ནི་སྤ་བ་འདིང་སྟེ། ཁོ་བོའང་འདུག་འདུག་གོ་ཞེས་ཟེར་བ་ལྟ་བུར་དེ་དང་ལྡན་པའི་ཆོས་སུ་སྨྲ་ན་མི་ལས་བླ་མའི་ཆོས་དང་ལྡན་བར་མ་སྨྲས་པ་མ་ཡིན་པའོ། །བདག་ལ་བསམས་ནས་འདི་ལྟ་བུ་དག་ཡོད་དོ་ཞེས་
ཁུངས་གཞན་ལ་འབྱིན་ཅིང་སྟོན་པའོ་ཞེས་པ་ནི་དངོས་སུ་བདག་ཉིད་ཡིན་པར་བསྒྲུབ་ལ་ཁུངས་གུད་དུ་འབྱིན་ཏེ་དགེ་སློང་དག་གི་ནང་ན་ལྷ་མཐོ་འམ་ལྷ་དང་འདྲུལ་བ་དག་ལྷ་ཡོད་ཅེས་ཟེར་ན་སྦོམ་པོར་འགྱུར་བའོ། །ཁུངས་ཕྱུང་ན་མ་ཡིན་ཞེས་པ་ནི་གོང་མ་སྐད་དུ་སྨྲ་བའི་ཁུངས་
བདག་ཡིན་པར་སྨྲས་ན་ནི་སྦོམ་པོ་མ་ཡིན་ཏེ་རྩ་བར་འགྱུར་བའོ། །ལེགས་པར་མ་བསམས་པར་ལུང་མི་བསྟན་ཞེས་པ་ནི། མཽད་གལ་གྱི་བུས་ཆར་འབབ་པ་ལ་སོགས་པར་ལུང་བསྟན་པ་ལྟ་བུ་གཏན་ལ་བབ་པའམ་ལེགས་པར་མ་བསམས་པའི་ལུང་སྟོན་པ་མ་
བྱེད་ཅིག་པའོ། །བརྫུན་སྨྲ་བ་རྣམ་པར་འབྱེད་པའོ།། །།རྣམ་པར་འབྱེད་པ་ལས་འབྱུང་བ་ནི་བསྟན་པ་ཡིན་ཕྲན་ཚེགས་ལས་འབྱུང་བ་ནི་མེད་པས་ན་ཞུས་པ་ལས་འབྱུང་བ་སྟོན་པ་ནི། ཐོབ་པ་ལས་ཉམས་པར་སྨྲས་ན་བླ་མ་མ་སྨྲས་པ་མ་ཡིན་ཞེས་པ་ལ་སོགས་པ་ཡིན་ཏེ། དགེ་
སྦྱོང་གི་འབྲས་བུ་བཞི་ལས་ཉམས་སོ་ཞེས་ཐོབ་པ་ལས་ཉམས་པ་སྐད་དུ་ཟེར་ན་བླ་མའི་ཆོས་མ་སྨྲས་པ་མ་ཡིན་ཏེ་ཕམ་པར་འགྱུར་བའོ། །བླ་མ་སྨྲ་བར་འདོད་ནས་མིང་མཐུན་པའི་དོན་བརྗོད་ན་སྦོམ་པོའོ་ཞེས་པ་ནི་སོ་སོར་ཐར་པ་ལ་སོགས་པ་སློབ་པ་ལ་བརྟེན་ཏེ་ང་སློབ་པ་ཡིན་ནོ་

ཞེ་ན། སོ་སོར་ཐར་པ་ལོབས་ཟིན་པ་ལ་བརྟེན་ཏེ་མ་སློབ་པའོ་ཞེས་ཟེར་བ་ལྟ་བུ་ལ་སོགས་པ་ནི་བླ་མ་སྨྲ་བར་འདོད་ནས་དེ་སྐད་དུ་བརྒྱུད་པས་ན་སྦོམ་པོར་འགྱུར་བའོ། །ལོག་ནའོ་ཞེས་པ་ནི་ང་ནི་རྒྱུན་དུ་ཞུགས་པའོ་ཞེས་སྨྲ་བར་བརྩམས་པ་ལས། ལན་ཅིག་ཕྱིར་འོང་བའོ་ཞེས་
སྨྲས་པ་དེ་ལྟ་བུ་ཇི་ལྟར་བསམས་བཞིན་དུ་མ་གྲུབ་པས་ན་སྦོམ་པོར་འགྱུར་རོ། །ཟུར་ཟེར་ན་ཡང་ངོ་ཞེས་པ་ནི་ཁྱོད་རྒྱུན་དུ་ཞུགས་ན་ཡུ་བོ་ཅག་རྒྱུན་དུ་ཞུགས་པ་གཉིས་ཡོད་པ་ཞིག་ན་ཞེའམ། ཁྱོད་དང་འདྲ་བར་གྱུར་ན་ཡུ་བོ་ཅག་གཉིས་རྒྱུན་དུ་ཞུགས་པ་འཐོབ་ཀྱང་སྲིད་ན་ཞེས་
ཟུར་ཟེར་བ་ལྟ་བུ་ཡང་སྦོམ་པོར་འགྱུར་བའོ། །གོང་མ་སྐད་དུ་སྔར་སྨྲས་ལ་མཇུག་ལ་ད་ནི་མ་ཡིན་ཞེས་པ་ལྟ་བུ་བདེན་པ་མཇུག་ལ་བརྟགས་ལ་བློན་ནམ་མི་བློན་ཞེ་ན། ཕྱིས་ཡང་དག་པར་ན་ཡང་དེ་མ་གྱུར་པ་མ་ཡིན་ཞེས་པ་ཡིན་ཏེ། ཕྱིས་བདེན་པ་སྨྲས་ཀྱང་དེས་མི་བློན་ཏེ་
སྦོམ་པོར་འགྱུར་བའོ། །ཞུས་པར་གཏོགས་པའོ།། །།བྱེ་བྲག་ཏུ་ངེས་པ་ལས་འབྱུང་བ་ནི། བཙུན་པ་དགྲ་བཅོམ་ན་གོས་ལ་སོགས་པའི་མཆོག་འོས་སོ། །སྡིག་པའི་ཆོས་སྤངས་པས་ན་བྲམ་ཟེའོ། །བཙུན་པས་དབང་པོ་དྲུག་ཤིན་ཏུ་བཏུལ་སྦས་བསྲུངས་པ་བསྒོམས་སོ་ཞེས་
སྨྲས་ཀྱང་མི་སྨྲ་བར་ཁས་བླངས་ན་སྦོམ་པོའོ་ཞེས་པ་ཡིན་ཏེ། ཕ་རོལ་གྱིས་རྣམ་པ་འདི་གཉིས་སྐད་དུ་ལྐུགས་ན་མི་སྨྲ། ཁ་རོག་པའི་ཚུལ་གྱིས་ཁས་ལེན་ན་སྦོམ་པོར་འགྱུར་བའོ། །དེ་ལ་མི་གཙང་བ་ལ་སོགས་པ་བསྒོམས་པས་དུལ་བ་ནི་ཤིན་ཏུ་བཏུལ་བའོ། །ཟག་པ་
མེད་པའི་ལས་སྐྱེས་པས་དབེན་པ་ནི་ཤིན་ཏུ་སྦས་པའོ། །དྲན་པ་དང་ཤེས་བཞིན་པས་བཙས་པ་ནི་ཤིན་ཏུ་བསྲུངས་པའོ། །མི་རྩོད་པ་ལ་སོགས་པ་མངོན་དུ་བྱས་པ་ནི་ཤིན་ཏུ་བསྒོམས་པའོ། །གལ་ཏེ་བཙུན་པ་དགྲ་བཅོམ་པ་ན་བདག་གི་བསོད་སྙོམས་བཞེས། ཁྱིམ་དུ་
བྱོན། སྟན་ལ་བཞུགས། ཕྱག་རྩབས་བཞེས། བཤོས་གསོལ། སྐྲུམས་དང་བཅས་པ་སྣོམས། རྗེས་སུ་ཡི་རང་བར་མཛོད། གཤེགས་ཤེ་ན་དེ་བཞིན་དུ་བྱེད་པའོ་ཞེས་པ་ནི། འདི་སྐད་དུ་བྱས་ནའང་མི་སྨྲ་བར་དེ་བཞིན་དུ་བྱེད་ན་སྦོམ་པོར་འགྱུར་བའོ། །བརྫུན་བྱེ་

བྲག་ཏུ་ངེས་པའོ། །བླ་མའི་བརྫུན་རྫོགས་སོ།། །།ཕས་ཕམ་པ་བཞི་དེ་ལྟར་བསྟན་ནས། ཁུ་བ་འབྱིན་པ་ལ་སོགས་པ་དགེ་འདུན་གྱི་ལྷག་མ་ད་སྟོན་པ་ནི། རྨི་ལམ་ན་ནི་མེད་པ་བཞིན་ནོ་ཞེས་པ་ལ་སོགས་པ་ཡིན་ཏེ། འཇིག་རྟེན་གྱི་ཐ་སྙད་དུ་བྱ་བ་ལམ་
གཏོགས་པའི་ཕྱིར། རྨི་ལམ་དུ་མེད་པ་བཞིན་ནོ། །དེའི་འབྲས་བུའང་མ་བྱས་པའོ་ཞེས་པ་ནི་རྨི་ལམ་དུ་ཁུ་བ་འབྱིན་པ་ལ་སོགས་པ་ལུས་དང་ངག་གི་རྣམ་གྲངས་གཡོས་པ་ནི་བྱས་པའམ། དངོས་སུ་བསྒྲུབས་པ་མ་ཡིན་པར་སྟོན་པའོ། །དེའི་ཡན་ལག་སྟོན་པ་ནི་
འབྱིན་པ་ལ་སོགས་པ་ཡིན་ཏེ། འབྱིན་པར་བྱེད་པའང་ཡན་ལག་གཅིག་གོ། །དེའང་ཇི་ལྟ་བུར་བསམས་པས་ཤེ་ན། དེར་འདོད་ན་ཞེས་པ་ཡིན་ཏེ་འབྱིན་འདོད་པའོ། །དེ་ཡང་སུ་ཞེ་ན་ཉིད་ཀྱི་ཁུ་བ་ཞེས་པ་ཡིན་ཏེ། ཕ་རོལ་གྱི་མ་ཡིན་གྱི་བདག་གིའོ། །གནས་ནས་འཕགས་
པ་དང་སྦུབས་སུ་སོན་པ་དང་། དབང་པོ་ལས་ཐལ་བའི་བྱེ་བྲག་ཕལ་ཆེར་ཡོད་ན་གང་ལྟར་ཕྱུང་བ་ལྷག་མར་འགྱུར་ཞེ་ན། ཐོག་མར་ཞེས་པ་ཡིན་ཏེ། མཁྲིས་པ་ལྟ་བུར་ལུས་ལ་དེའི་ཡུལ་གུད་དུ་ངེས་པར་མེད་ཀྱི། བུ་རམ་ཤིང་དང་ཡུངས་ཀར་བསྣོས་པ་ལྟ་བུར་ལུས་
ཀུན་ལ་ཁྱབ་པར་ཡོད་པས་ན། ཐོག་མའི་གནས་ནས་བསྐྱོད་ཅིང་སྤགས་པས་ལྷག་མར་འགྱུར་བའོ། །ཐོག་མ་ནས་གཡོས་པའི་ཚད་ནི་འདོད་ཆགས་ཆེར་ལྡང་བ་དང་། བདེ་བའི་ཉམས་ལྷག་པར་སྐྱེ་བ་དང་། སྙིང་འདར་ཞིང་ཡན་ལག་གཡོ་བ་ཡིན་ནོ་ཞེས་མྱོང་བ་ཁ་
ཅིག་ཟེར་རོ། །འབྱིན་པར་འདོད་པ་ཡང་བདེ་བའི་དོན་ལ་སོགས་པ་རྣམ་པ་མང་པོ་ཞིག་གི་ཆེད་དུའང་འབྱིན་ན་གང་གི་ཕྱིར་ཕྱུང་བས་ཉེས་པར་འགྱུར་ཞེ་ན། བདེ་བ་དང་རེག་པ་དང་ས་བོན་དང་སྨན་དང་། སད་པ་རྣམས་ཀྱི་ཕྱིར་ན་བྱེ་བྲག་མེད་ཅེས་པ་ཡིན་ཏེ། མིང་གིས་སྨོས་
པ་འདི་རྣམས་གང་གི་ཕྱིར་ཕྱུང་ཡང་ལྷག་མར་འགྱུར་རོ། །དེ་ཡང་རྣམ་པ་གང་གིས་འབྱིན་ཅེ་ན། རེག་པ་ཞེས་པ་ཡིན་ཏེ། ཚུལ་བཞིན་ཡིད་ལ་མི་བྱེད་པ་ལ་སོགས་པས་མ་ཡིན་གྱི་རེག་པས་སོ། །རེག་པ་ཙམ་གྱིས་ཉེད་པར་འགྱུར་རམ་ཞེ་ན། འབད་པ་

ཞེས་པ་ཡིན་ཏེ། རེག་ནས་འབད་ཅིང་བསྒྲུབས་ན་ཉེས་པར་འགྱུར་རོ། །དེ་ཡང་ཅི་ལ་རེག་པས་ཤེ་ན། ཡན་ལག་སྐྱེས་པ་ཞེས་པ་ཡིན་ཏེ། བརླ་ལ་སོགས་པ་གཞན་ལ་རེག་པས་མ་ཡིན་གྱི་ཕོ་མཚན་ལ་རེག་པས་སོ། །ཇིས་རེག་ཅེ་ན་ཕྱི་རོལ་གྱིས་ཀྱང་ཞེས་པ་ཡིན་ཏེ། ལུས་
ལས་གཞན་པའི་ཕྱི་རོལ་གྱིས་རེག་ན་ཡང་ཉེས་པར་འགྱུར་བའོ། །ཕྱི་རོལ་ལ་ཡང་རྣམ་པ་གཉིས་ཏེ། གོས་ལ་སོགས་པ་སེམས་ཅན་དུ་མ་གཏོགས་པ་དང་། རོ་ལ་སོགས་པ་སེམས་ཅན་དུ་གཏོགས་པ་གཉིས་ཡོད་ན་གང་ལ་བྱ་ཞེ་ན། སེམས་ཅན་དུ་གཏོགས་པའོ་ཞེས་པ་ཡིན་
ཏེ། སེམས་ཅན་དུ་གཏོགས་པས་ཉེས་པར་འགྱུར་བའོ། །དེ་ལ་སེམས་ཅན་དང་སེམས་ཅན་མ་ཡིན་པའི་ཚུལ་ཡོད་པས་ན། དེའི་ཚུལ་དུ་འདུག་པས་སོ་ཞེས་པ་ཡིན་ཏེ། ལག་པ་ལྟ་བུ་ལ་སོགས་པ་སེམས་ཅན་གྱི་དབྱིབས་སམ་ཚུལ་དུ་འདུག་པས་རེག་ན་ཉེས་པར་འགྱུར་བའོ། །
འབད་པས་ཉེས་པར་འགྱུར་རོ་ཞེ་ན། འབད་པའི་རྔམས་ཆེ་ཆུང་གིས་ཉེས་པར་འགྱུར་བ་སྟོན་པ་ནི། བཅངས་པ་དང་བཙིར་བ་དག་མེད་ཀྱང་ངོ་ཞེས་པ་ཡིན་ཏེ། རིལ་གྱིས་བཅངས་ཤིང་རིལ་གྱིས་བཙིར་བ་མེད་དུ་ཟིན་ཀྱང་ཁུ་བ་ཕྱུང་ན་ཉེས་པར་འགྱུར་བའོ། །ཤིན་ཏུ་བདེ་བ་མ་མྱོང་
ཡང་ཉེས་པར་འགྱུར་བར་སྟོན་པ་ནི་ཡི་དྲི་དང་འབྱིན་པ་དང་། དོ་ལ་བབ་པའི་བདེ་བ་མྱོང་བ་ཡང་ངོ་ཞེས་པ་ཡིན་ཏེ། རྣམ་པ་འདི་གསུམ་གྱི་བདེ་བ་དང་ལྡན་པ་མ་ཡིན་བར་ཕྱུང་ན་ཡང་ཉེས་པར་འགྱུར་བའོ། །དེ་ལ་ཚུལ་བཞིན་ཡིད་ལ་བྱེད་པ་མ་ཡིན་པས་ནོན་ཏེ་འཁྲིག་པ་ཡིད་
ལ་བྱེད་ཅིང་དབང་པོ་ཉེད་པ་ལ་སོགས་པས་དགའ་བར་བྱེད་པ་མྱོང་བ་ནི་ཡི་དྲིའོ། །ལུས་སམ་དབང་པོ་ལས་ཁུ་བ་འཛག་པའི་དགའ་བ་ནི་འབྱིན་པའོ། །བདེ་བ་ཡལ་དུ་བྱེད་པ་ནི་དོ་ལ་བབ་པའོ། །སྦུབས་སུ་མ་ཕྱིན་ནའོ་ཞེས་པ་ནི་གཏོས་ནས་གཡོས་ལ་སྦུབས་སུ་མ་ཕྱིན་པ་
ལས་ཉེས་པར་འགྱུར་བའོ། །འབྱུང་དུ་ཆ་བའི་ཚེ་བཏང་ན་ཟིན་པར་བྱས་པ་མ་ཡིན་ཞེས་པ་ནི། འབྱུང་དུ་བྱེད་པ་དང་བཏང་ན་བྱུང་དུ་ཟིན་གྱིས་ཀྱང་ལྷག་མར་མི་འགྱུར་བའོ། །གར་དང་རབ་ཏུ་གར་བྱས་ནི་འབྲི་ཞེས་པ་ནི། ཁུ་བ་བྱུང་བའི་ཕྱིར་གར་བྱས་སམ་བྲོ་བརྡུངས་ཏེ་

ཕྱུང་ན་ལྷག་མའི་སྦོམ་པོར་འགྱུར་བའོ། །ནམ་མཁའ་ལ་སྐུད་པའོ་ཞེས་པ་ནི། ཁུ་བ་དབྱུང་བའི་ཕྱིར་འདི་ལྟར་བྱེད་ན་ཡང་སྦོམ་པོར་འགྱུར་བའོ། །ཕྱོགས་གཞན་དུ་རེག་པའོ་ཞེས་པ་ནི་ཕོ་མཚན་མ་ཡིན་པའི་བརླ་ལ་སོགས་ཕྱོགས་གཞན་དུ་རེག་པར་བྱས་ཏེ་
ཕྱུང་ན་སྦོམ་པོར་འགྱུར་བའོ། །རྒྱུན་བཟློག་པ་ལ་བཟེད་ནའོ་ཞེས་པ་ནི། ཆུའི་རྒྱུན་ལ་གྱེན་དུ་བཟེད་དེ་ཕྱུང་ན་ཡང་ཉེས་པར་འགྱུར་བའོ། །ཡིད་དྲོད་བསླང་བས་བདེ་བ་མྱོང་བར་བསྒྲུབས་ནའོ་ཞེས་པ་ནི། སྔོན་འཁྲིག་པ་སྤྱོད་སྤྱོད་པ་ལྟ་བུ་བསམས་ནས་ཁུ་བ་འབྱིན་ན་ཡང་སྦོམ་
པོར་འགྱུར་བའོ། །སྦུབས་སུ་ཕྱིན་ནའོ་ཞེས་པ་ནི་ཁོ་ན་ཉིད་སྦུབས་སུ་འོངས་པ་ལས་ཕྱུང་ན་སྦོམ་པོར་འགྱུར་བའོ། །ཆགས་པའི་སེམས་ཀྱིས་འཇལ་བའི་ཕྱིར་རེག་པ་ནི་མི་སྦྱོར་བ་ནི་འདོད་ཆགས་ཡོད་པའི་སེམས་ཀྱིས་ཕོ་མཚན་ལ་འཇལ་ན་ཡང་སྦོམ་པོར་འགྱུར་བའོ། །
བལྟས་ན་ཉེས་བྱས་ཞེས་པ་ནི་ཆགས་པའི་སེམས་ཀྱིས་ཕོ་མཚན་ལའོ། །རྒྱུན་དང་རླུང་ཕྱོགས་སུ་བཟེད་ན་ཡང་ངོ་ཞེས་པ་ནི། ཆགས་པའི་སེམས་ཀྱིས་ཆུ་བོའི་རྒྱུན་བཞིན་དང་། རླུང་དགའ་བའི་ཕྱོགས་སུ་བཟེད་ན་ཉེས་བྱས་སུ་འགྱུར་བའོ། །ཆེད་དུ་མ་བྱས་ཀྱི་བརླ་དང་།
གོས་དང་ཕ་རོལ་གྱིས་རེག་པ་དང་། ཕྲུགས་པས་ཤོར་བ་ནི་ཉེས་མེད་ཅེས་པ་ནི་ཆེད་ཀར་མ་བྱས་ལ། རྣམ་པ་འདི་རྣམས་ཀྱི་རྐྱེན་གྱིས་ཤོར་བ་ནི་ཉེས་མེད་པའོ། །རེག་པ་མ་ཡིན་པས་མྱོང་བས་སོ་ཞེས་པ་ནི་བུད་མེད་ལ་རེག་པར་ནི་མ་བྱས་ཀྱི། གཟུགས་དང་སྒྲ་ལ་
སོགས་པ་མཐོང་ཞིང་ཐོས་པར་ཤོར་བ་ལ་ཉེས་པ་མེད། དེ་དྲན་པས་ཀྱང་ངོ་ཞེས་པ་ནི་བུད་མེད་དྲན་པ་དང་ཤོར་ན་ཡང་ཉེས་པ་མེད་པའོ། །འབྱིན་པ་རྣམ་པར་འབྱེད་པའོ།། །།ཞུས་པར་གཏོགས་པ་ད་སྟོན་པ་ནི་འབྱུང་དུ་ཆ་བ་ནི་གཡོ་བ་ཆས་མ་ཐག་པ་ནི་སྦུབས་
སུ་སོན་པའོ་ཞེས་པ་ལ་སོགས་པ་ཡིན་ཏེ། གོང་དུ་གཡོ་བ་ཞེས་སྨོས་པ་ནི་འབྱུང་དུ་ཆ་བ་ལ་བྱ། སྦུབས་སུ་སོན་པ་ཞེས་སྨོས་པ་ནི་བཅས་མ་ཐག་པ་ལ་བྱ་བར་སྟོན་པའོ། །བརྩམས་པ་ཙམ་ན་མི་སྦྱོར་བ་མ་ཡིན་ཞེས་པ་ནི་དབྱུང་བར་བརྩམས་པ་སྟེ། བཏང་བ་སྦྱོར་བའི་

ནང་དུ་མི་གཏོང་བ་མ་ཡིན་ནོ། །མ་བརྩམས་པར་བྱུང་བ་ཉམས་སུ་ལེན་ན་དེ་བཞིན་ཞེས་པ་ནི་ཁོ་ན་རང་བྱུང་བ་ལས་དེ་ལ་དགའ་བར་བྱེད་ན་ཡང་སྦོམ་པོར་འགྱུར་བའོ། །ཡན་ལག་སྐྱེས་བཙིར་མཉེས་ཏེ་ཕུར་མཉེས་ན་ཡང་ངོ་ཞེས་པ་ནི། འདི་ལྟར་བྱེད་ཅིང་དགའ་བ་ཉམས་སུ་ལེན་
ན་ཡང་སྦོམ་པོར་འགྱུར་བའོ། །འདི་ལས་སུ་རུང་བ་ལས་བྱུགས་ནའོ་ཞེས་པ་ནི་སྒྲེན་པ་ལག་གིས་བྱུགས་ན་ཡང་སྦོམ་པོར་འགྱུར་བའོ། །སྨན་གྱིས་འབྱིན་ན་ཞེས་པ་ནི་དེའི་དགའ་བ་འདོད་པའི་ཕྱིར་སྨན་གྱི་དཔྱད་ཀྱིས་ཆེད་དུ་འབྱིན་ན་སྦོམ་པོར་འགྱུར་བའོ། །ཕ་རོལ་གྱི་ཡང་ངོ་
ཞེས་པ་ནི་གཞན་གྱི་ཁུ་བ་འབྱིན་ན་སྦོམ་པོར་འགྱུར་བའོ། །འབྱིན་པ་ཞུས་པའོ།། །།བྱེ་བྲག་ཏུ་ངེས་པ་ལས་འབྱུང་བ་ད་སྟོན་པ་ནི། རྣམ་པར་བསྡོས་པ་ལ་སོགས་པ་དང་། རྣམ་པར་གྱེས་པ་དང་། ཀེང་རུས་དང་། མགོ་དང་། རྣ་བ་དང་། སྣ་དང་། མགྲིན་པ་དང་།
རྩིབ་ལོགས་དང་། རྒྱབ་དང་། བྲང་དང་། གཉེར་མ་དང་། སྐྲ་བར་དང་། ལག་པ་དང་། ཕྲག་པ་དང་། དཔུང་པ་དང་། དཔུང་བར་དང་། རྐེད་པ་དང་། བརླ་དང་། རྐང་པ་དང་། བྱིན་པ་དང་། མགབ་ཁུང་དུ་འབྱིན་ན་རྩ་བའོ་ཞེས་པ་ལ་སོགས་པ་ཡིན་ཏེ། འདི་ནི་
ཕྱི་རོལ་སེམས་ཅན་དུ་གཏོགས་པར་འབྱིན་ཞེས་གོང་དུ་སྨོས་པ་རྒྱས་པར་སྟོན་པའོ། །ལ་བ་དང་། ཕྱིང་པ་དང་། དྲེའུ་རྔོག་དང་། སྔས་དང་། ཁྲི་དང་། ཁྲིའུ་དང་། བློད་ཅན་དང་། ཁྲིའི་གསེབ་དང་། བུམ་པ་དང་། བུམ་ཕྲན་དང་། བུམ་པའི་ཁ་དང་། བྱ་མ་བུམ་
དང་། ཆོལ་ཟངས་དང་། རྡོ་དང་། སྐྱང་ནུལ་དང་། སྐྱང་ནུལ་གྱི་གསེབ་དང་། སྒོ་ལེབ་དང་། ཤའི་ཁམ་ཚད་རྣམས་སྦོམ་པོའོ་ཞེས་པ་འདི་རྣམས་སུ་འབྱིན་ན་ཡང་སྦོམ་པོར་འགྱུར་བའོ། །རྨ་བཙིར་ན་ཡང་ངོ་ཞེས་པ་ནི་རང་གི་ཡན་ལག་སྐྱེས་ཀྱི་སྦུབས་ཁར་མཐེབ་
མོས་བཙིར་ན་སྦོམ་པོར་འགྱུར་བའོ། །རྩོམ་པ་ན་བུད་མེད་དུ་བྱེད་པ་བཙིར་ནའོ་ཞེས་པ་ནི་ཉལ་པོ་བྱེད་དུ་ཅུས་པ་ན་མོ་མཚན་བཙིར་ན་སྦོམ་པོར་འགྱུར་བའོ། །འདིར་མཛུབ་མོ་བཅུག་ནའོ་ཞེས་པ་ནི་མོ་མཚན་གྱི་ནང་དུ་མཛུབ་མོ་ལ་སོགས་པ་བཅུག་ན་ཡང་སྦོམ་པོར་འགྱུར་བའོ། །འགྲོ་བ་ན་བྱུང་བའོ་

ཞེས་པ་ནི་ཉལ་བོ་བྱེད་པའམ། ཁུ་བ་འབྱིན་དུ་འགྲོ་བའི་ལམ་ཡོངས་སུ་ཁུ་བ་འབྱུང་ན་ཡང་སྦོམ་པོར་འགྱུར་བའོ། །གནས་ནས་གནས་སུ་འཕོ་ན་ཡང་ངོ་ཞེས་པ་ནི། ཁུ་བ་འབྱིན་འདོད་པའི་ཕྱིར་གནས་ཡང་འཕོ་ཡང་འཕོ་བྱེད་ཅིང་འབྱིན་ན་ཡང་སྦོམ་པོར་འགྱུར་བའོ། །ཚུལ་བཞིན་ཡིད་ལ་མི་བྱེད་པས་ཀྱང་ངོ་ཞེས་པ་ནི།
སྟ་ཟུར་དང་། ནུ་མ་དང་། བྲང་དང་། མིག་དང་། བཞིན་རས་ལ་སོགས་པ་ཡིད་ལ་བྱེད་ཅིང་ཁུ་བ་འབྱིན་ན་ཡང་སྦོམ་པོར་འགྱུར་བའོ། །ཡན་ལག་སྐྱེས་བཟུང་ནའོ་ཞེས་པ་ནི་ཁུ་བ་འབྱིན་འདོད་པའི་ཕྱིར་ཡན་ལག་སྐྱེས་བཟུང་སྟེ་བྱུང་ན་སྦོམ་པོར་འགྱུར་བའོ། །སྒྲེའུས་དྲུད་པ་ནི་ཉེས་མེད་ཅེས་པ་ནི་སྒྲེའུས་དྲུད་དེ་ཁུ་
བ་རང་བྱུང་བ་ལ་ཉེས་མེད་པར་སྟོན་པའོ། །སྙིང་གི་ཟླས་བཀྱུད་པའོ་ཞེས་པ་ནི་སྡུན་གྱི་ཆུང་མས་བཀྱུད་དེ། ཁུ་བ་ཤོར་བ་ལའང་ཉེས་མེད། རྐང་པ་དང་། བྱིན་པ་དང་། བརླ་དང་། དཔུང་པ་དང་སོར་མོ་ལ་སོགས་པ་བུད་མེད་ཀྱིས་བཟུང་བ་ལས་ན་ཡང་ངོ་ཞེས་པ་ནི།
འདི་རྣམས་ལས་བུད་མེད་ཀྱིས་བཟུང་བ་དང་ཁུ་བ་ཤོར་ན་ཡང་ཉེས་མེད། འབྱིན་པ་བྱེ་བྲག་ཏུ་ངེས་པའོ། །འབྱིན་པ་རྫོགས་སོ།། །།ད་ནི་ལུས་རེག་པ་འབྱུང་སྟེ། དེའི་ཡུལ་སྟོན་པ་ནི་བུད་མེད་ལས་བྱེད་ཅེས་པ་ཡིན་ཏེ། ལུས་རེག་པའི་ལྷག་མ་བུད་མེད་མ་ཡིན་
པ་ལས་མི་འབྱུང་བས་ན། བུད་མེད་ལས་གྱུར་པར་སྟོན་པའོ། །བུད་མེད་ལས་བྱེད་པ་དེ་གང་ཞེ་ན་འདིའོ་ཞེས་པ་ཡིན་ཏེ། ལུས་ཀྱིས་རེག་པ་འདི་བུད་མེད་ལས་བྱེད་པར་སྟོན་པའོ། །དེ་ཉི་ཚེ་བུད་མེད་ལས་བྱེད་དམ་ཞེ་ན། བུད་མེད་ལས་བྱེད་དོ་ཅོག་
སྟོན་པ་ན། དབེན་པ་ན་འདུག་པ་དང་འགྲེང་བའོ་ཞེས་པ་ལ་སོགས་པ་ཡིན་ཏེ། དབེན་པ་ན་འདུག་པ་དང་། འགྲེང་བའི་ལྟུང་བ་ཡང་བུད་མེད་ལས་བྱེད་པས་ན་དགེ་སློང་གང་བུད་མེད་དང་ལྷན་ཅིག་གཅིག་པུ་དབེན་པ་སྐྱབས་ཡོད་པ་ན་འདུག་པར་བྱེད་ན་ཞེས་པ་དང་།
ཡང་དགེ་སློང་གང་དགེ་སློང་མ་དང་ལྷན་ཅིག་དབེན་པ་སྐྱབས་ཡོད་པ་ན་འགྲེང་ན་ཉེས་པ་འབྱུང་བ་ཡིན་ནོ། །འོག་མ་གཞན་ཡང་འདི་བཞིན་དུ་སོ་སོར་ཐར་པའི་ཁུངས་དང་སྦྱོར་ཅིག །བསྙེན་གནས་ཀྱང་ངོ་ཞེས་པ་ནི་བསྙེན་ན་འདུག་ཅིང་འགྲེང་བའི་ལྟུང་བ་ཡང་བུད་

མེད་ལས་འགྱུར་རོ། །ལྷན་ཅིག་ཉལ་ན་ཡང་ངོ་ཞེས་པ་ནི། ཁྱིམ་གཅིག་ན་བུད་མེད་དང་ལྷན་ཅིག་ཏུ་མཚན་རངས་པར་ཉལ་བའང་བུད་མེད་ལས་འགྱུར་བའོ། །རིག་པའི་སྐྱེས་པ་མེད་པར་ལམ་དུ་ཅིག་ཅར་འདོང་བའོ་ཞེས་པའང་བུད་མེད་ལས་འགྱུར་བའོ། །དེ་ལ་ཀླན་ཀ་བས་
བྱ་བ་སྐྱེས་པ་མེད་པ་ལམ་དུ་ཅིག་ཅར་འདོང་ན་ཞེས་འབྱུང་གི །རིག་པའི་སྐྱེས་པ་ཞེས་མི་འབྱུང་ན་འདིར་རིག་པའི་སྐྱེས་པས་གླགས་པ་ཅིའི་ཕྱིར། ལན་དུ་དེ་ནི་ཁྱིམ་མི་མོ་ལ་ཆོས་འཆད་པ་རིག་པའི་སྐྱེས་པ་མེད་ན་ཞེས་འབྱུང་བ་ལས་ན་འདིའང་དེ་དང་འདྲ་བའི་ཕྱིར་རིག་པའི་
སྐྱེས་པ་མེད་ན་ཞེས་སྨོས་པ་ཡིན་ནོ། །འོག་མ་གཉིས་ཀྱང་ཞེས་པ་ནི་བསྙེན་ཅིག་དང་ཀུན་སྤྱོད་པར་བསྔགས་པ་འདིའི་འོག་ནས་འབྱུང་བ་གཉིས་ཀྱང་བུད་མེད་ལས་འགྱུར་བར་སྟོན་པའོ། །ཁྱིམ་མི་མོ་ལ་འཆད་པ་ཞེས་པ་ནི་ཚིག་ལྔ་འམ་དྲུག་ལས་ལྷག་པར་འཆད་ན་ལྟུང་བ་
ཡང་བུད་མེད་ལས་འགྱུར་བར་སྟོན་པའོ། །ཁྱིམ་མི་མོ་ལ་ཆོས་འཆད་དོ་ཅོག་ན་ཉེས་པར་འགྱུར་རམ་ཞེ་ན་སྐྱེས་པ་མེད་ནའོ་ཞེས་པ་ཡིན་ཏེ། སྐྱེས་པ་ཐད་ན་མེད་པར་ཆོས་བཤད་ན་གོང་མ་ལྟ་བུའི་ཉེས་པར་འགྱུར་བའོ། །དེའང་ཇི་ལྟ་བུའི་སྐྱེས་པ་ཞེ་ན། རིག་པའོ་ཞེས་པ་ཡིན་ཏེ།
འཁྲིག་པར་ལྐུགས་པའི་ཚིག་དང་། ཟུར་ཆ་རིག་ཅིང་ཤེས་པའོ། །རིག་པའི་སྐྱེས་པ་ཡོད་ཕན་ཆད་ཉེས་པར་ཡེ་མི་འགྱུར་རམ་ཞེ་ན། ཡོད་ཀྱང་མ་བརྟགས་པ་ལ་ཞེས་པ་ཡིན་ཏེ། རིག་པའི་སྐྱེས་པ་ཐད་ན་ཡོད་དུ་ཟིན་ཀྱང་བུད་མེད་ཉིད་གཡེམ་ཞིང་རྒོད་ན་ཉེས་པར་འགྱུར་བའོ། །
རྩ་བའི་ཉེས་པར་འགྱུར་རམ་ཉེས་པ་གང་ཞེ་ན། དེ་ཉེས་བྱས་སོ་ཞེས་པ་ཡིན་ཏེ། གོང་མ་ལྟ་བུ་ལ་ཆོས་བཤད་ན་ཉེས་བྱས་སུ་འགྱུར་བའོ། །གླིང་ཐ་དད་པར་སྐྱེས་པ་དང་སྤུ་ལ་མ་བབ་པ་ནི་རངས་པ་མ་ཡིན་ཞེས་པ་ནི། རིག་པའི་སྐྱེས་པ་ཐ་དད་དུ་གཞག་པ་ཤར་གྱི་ལུས་འཕགས་པོ་ལྟ་བུ་གླིང་ཐ་
དད་པ་ཞིག་གམ། འཛམ་བུའི་གླིང་པ་ཞིག་ན་ཡང་ངོ་། །རྒོད་ཅིང་འཕྱར་བ་ལྟ་བུ་སྤུ་ལ་མ་བབ་པ་ཞིག་ན་རིག་པའི་སྐྱེས་པར་རངས་པ་མ་ཡིན་པའི་ཕྱིར་ཉེས་བྱས་སུ་འགྱུར་བའོ། །མ་བརྟགས་པ་ལ་འཆད་པའི་གྲོགས་འདི་ལྟ་བུ་ཞིག་ན་ལྕི་བའི་ཉེས་བྱས་སུ་འགྱུར་བའོ། །འདི་ནི་གོ་

བའོ་ཞེས་པ་ནི་རིག་པའི་སྐྱེས་པ་དེ་སྐད་ཀྱིས་བསྐལ་པ་འམ། གཉིད་དང་ར་རོ་བ་ལྟ་བུ་མ་ཡིན་ཏེ་དོན་གོ་བའི་རིག་པ་ལ་བྱའོ། །དེ་ལྟ་བུ་ཞིག་ན་མཚན་མ་གཅིག་དོན་མེད་ཅེས་པ་ནི་ཕོ་མཚན་དང་། མོ་མཚན་གཉི་ག་ཡོད་པ་ཞིག་ན་མཚན་གང་གི་ཤས་ཆེ་བ་དེ་
བཙན་གྱི། ཤས་ཆུང་བ་ནི་མེད་པ་དང་འདྲ་སྟེ་མི་བཙན་བར་སྟོན་པའོ། །འདིར་ཕྱེད་དུ་བྱེད་ཅེས་པ་ནི་མཚན་གཉི་ག་ཡོད་པའི་སྐྱེས་པ་ཟླ་ལ་གཞག་ཅིང་ཆོས་འཆད་དམ། དེ་དང་འགྲོགས་ཏེ་ལམ་དུ་འགྲོ་ན་ལྟུང་བ་ཕྱེད་དུ་བྱེད་པ་སྟེ། ཉེས་བྱས་སུ་འགྱུར་བའོ། །བུད་མེད་
ལས་བྱེད་དོ་ཞེས་པ་བུད་མེད་ཐམས་ཅད་ལས་ཉེས་པར་འགྱུར་རམ། བུད་མེད་ལ་བྱེ་བྲག་ཅི་ཡོད་ཅེ་ན། ཐ་མ་གསུམ་ནི་ལེགས་པར་སྨྲས་པ་དང་། ཉེས་པར་སྨྲས་པའི་དོན་དག་ཤེས་པའོ་ཞེས་པ་དང་། གཞན་ནི་འཁྲིག་པ་བསྟེན་དུ་