Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 164
Văn bản gốc(Tây Tạng)
Trang 15 / 18 (50.000 ký tự/trang)
་འཁོད་བཞིན་པ་སྟེ་གསུམ་པའོ། །དེ་དག་ འཐོན་ནས་དགེ་སློང་གནས་པར་ལྷགས་ཞེས་པ་ནི་གཞི་ལ་འཁོད་པ་རྣམས་གུད་དུ་དོང་ནས། གུད་ནས་ཁ་ཅིག་གསར་དུ་ལྷགས་ཏེ་བཞིའོ། །གུད་ནས་ལྷགས་པའི་དྲོད་ཅིས་གཟུང་ཞེ་ན། བྱ་བ་གཞན་བརྩམས་པ་དང་། ངལ་བསོ་བ་ཚུན་ན་དེའོ་ཞེས་པ་ནི་ཆུ་བཙགས་པ་ལ་སོགས་པའི་བྱ་བ་ གཞན་དང་། ཆོས་གོས་དང་ལྷུང་བཟེད་གཞག་པའི་ངལ་བསོ་བ་ཡང་བྱས་ན་ལྷགས་པའོ། །ཐམས་ཅད་དུ་དགེ་འདུན་གྱི་ལས་ཀྱིས་སོ་ཞེས་པ་ནི་རུང་བའི་ཁང་པར་བྱིན་གྱིས་བརླབ་པའི་དུས་རྣམ་པ་བཞི་པོ་དེ་དག་ཀུན་ཀྱང་དགེ་འདུན་གྱི་ལས་ཀྱིས་བརླབ་དགོས་པར་སྟོན་པ་སྟེ། བཙུན་ པའི་དགེ་འདུན་གསོན་ཅིག །གནས་འདི་ནི་ཕྱི་རོལ་ལམ་འདོམ་གང་གི་ཉེ་སྤྱོད་དང་བཅས་ཤིང་རྣམ་པ་ཐམས་ཅད་དང་ལྡན་པ་སྟེ། དགེ་འདུན་ཐམས་ཅད་མཐུན་པའི་རུང་བའི་ཁང་པའོ་ཞེས་པ་ལ་སོགས་པའི་སྙད་ཀྱིས་བྱིན་གྱིས་བརླབ་པའོ། །དགེ་འདུན་མ་ཡིན་པ་གཞན་གྱིས་བྱར་ཡེ་ མི་རུང་ངམ་ཞེ་ན། །དང་པོ་གཉིས་ནི་གང་ཟག་གིས་ཀྱང་ཞེས་པ་ཡིན་ཏེ། རྨང་འདྲེ་བ་དང་བྲེས་ནས་ཀྱང་ལས་སར་པ་བྱེད་བཞིན་པ་གཉིས་ནི་གང་ཟག་གིས་ཀྱང་བྱར་རུང་བའོ། །གང་ཟག་གང་གིས་ཤེ་ན། ལས་སར་པ་པས་སོ་ཞེས་པ་ཡིན་ནོ། །ལས་སར་པ་འབའ་ཞིག་གིས་སམ་ ཞེ་ན། ཐོག་མ་ནི་གཅིག་གིས་ཀྱང་ཞེས་པ་ཡིན་ཏེ་ཐོག་མ་ནི་གཅིག་པོས་ཀྱང་རུང་། ཟླ་བ་འགའ་དང་སྟོང་ཀྱང་རུང་བའོ། །ཇི་ལྟར་བྱིན་གྱིས་བརླབ་ཅེ་ན། སྨྲས་ཏེའོ་ཞེས་པ་ཡིན་ཏེ་སེམས་ཀྱིས་བསམ་པ་ཉི་ཚེའམ་ཁ་རོག་པས་མ་ཡིན་གྱི་དངོས་པོ་འདི་ནི་དགེ་འདུན་གྱི་རུང་ བའི་ཁང་པའོ་ཞེས་ཚིག་ཏུ་བརྗོད་ན་གདོད་བྱིན་གྱིས་བརླབ་པར་འགྱུར་བའོ། །གཉིས་པ་ནི་དགེ་སློང་ཕལ་པོ་ཆེ་སོམས་ཤིག་པས་ནའོ་ཞེས་པ་ནི་དགེ་སློང་གཞི་ལ་འཁོད་བཞིན་པས་བྱིན་གྱིས་བརླབ་པ་ནི་ཚེ་དང་ལྡན་པ་དག་དངོས་པོ་འདི་དགེ་འདུན་གྱི་རུང་བའི་ཁང་པར་བྱིན་གྱིས་བརླབས་ ཀྱིས་དགོངས་ཤིག་ཅེས་སྙད་འདི་སྐད་དུ་བྱས་ལ་བྱིན་གྱིས་བརླབ་པའོ། །བཞི་པ་ནི་ཇི་སྙེད་པ་དེ་སྙེད་འདུས་ནས་རུང་བའི་གནས་སོ་ཞེས་ཅིག་ཅར་དུ་བརྗོད་པ་བསྙད་ནའོ་ཞེས་པ་ནི་དགེ་སློང་གནས་པ་རྣམས་ཀྱིས་བྱིན་གྱིས་བརླབ་པའི་སྙད་འདི་སྐད་དུ་གྱིས་ལ་ཁ་བསྡམས་ཏེ་བརྗོད་པར་སྟོན་ པའོ། །འདི་གཅིག་པས་གཙུག་ལག་ཁང་དུ་མའི་བྱ་བ་བྱེད་པ་ནི་མི་མཛེས་པ་མ་ཡིན་ཞེས་པ་ནི་རུང་བའི་ཁང་པ་གཅིག་ལ་གཙུག་ལག་ཁང་ཁ་དུ་མའི་རུང་བ་ལྟོས་ན་ཡང་མི་རུང་བ་མེད་པའོ། །དེ་ནི་ཐ་དད་དུ་རུང་བར་སྨྲས་པ་མ་ཡིན་ཞེས་པ་ནི་གོང་མ་ལྟར་རུང་བ་ཡང་གཙུག་ལག་ ཁང་ཁ་སོ་སོར་རུང་བ་རེ་རེ་ཐོབ་པ་ནི་མ་ཡིན་གྱི་དེ་འབའ་ཞིག་ལ་ལྟོས་ན་རུང་བའི་གནས་སུ་འགྱུར་བའོ། །དགེ་སློང་གིས་བཙོས་པ་དང་དགེ་སློང་ཐུག་ཐུབ་དུ་བླངས་ནས་བྱིན་ལེན་བྱས་པ་བཟའ་ཞེས་པ་ནི་ལོ་ཉེས་ཀྱི་ཚེ་མིང་གིས་སྨོས་པ་འདི་ལྟར་བྱས་ཀྱང་བླ་བའོ། །གཡར་སུས་ ཀྱང་ཞེས་པ་ནི་ལོ་ཉེས་ཀྱི་ཚེ་གཡར་སུས་ཀྱང་ཟར་དབང་བ་སྟེ་བཏང་ནས་བཟའ་བ་དང་། ཡང་ཡང་གི་ཟས་ཀྱང་ཟར་དབང་བར་སྟོན་པའོ། །ཐུག་པ་ནི་ནམ་ཡང་ཞེས་པ་ནི་ལོ་ལེགས་ཉེས་གང་གི་ཚེ་ན་ཡང་འཐུང་དུ་དབང་བ་སྟེ། གོང་མའི་ཉེས་པ་གཉིས་མེད་པར་སྟོན་པའོ། །སྔར་བླངས་པ་ བཏང་སྟེ་ལངས་པ་ཡང་ཞེས་པ་ནི་སྔར་བྱིན་ལེན་བྱས་ཏེ་བླངས་པ་ལས་མི་འདོད་པར་བྱས་ཏེ་བཏང་ནས་ལངས་པ་ལས་ཀྱང་སླར་ཟ་བ་ཡང་བཏང་བ་ཟོས་པའི་ཡང་བར་མི་འགྱུར་བར་སྟོན་པའོ། །དེ་ལེན་པར་ལྡང་ཞེས་པ་ནི་ཟ་བར་འདུག་པ་ལས་མི་ལྡང་ཞེས་པ་འབྲེལ་པའོ། །ལྷག་མ་ ཞེས་པ་ནི་ཟོས་པའི་ལྷག་མ་ཡང་ཟར་དབང་བའོ། །མནོས་པ་ཞེས་པ་ནི་མི་འདོད་པར་བཏང་བ་ལས་གཞན་གྱིས་མནོས་ཏེ་སྦྱིན་པ་ཡང་ཉེས་པ་མེད་པའོ། །ཉིད་ཀྱིས་སྐྱོས་མ་བསྐུར་བའི་མི་རིགས་པར་དོགས་པ་སེལ་བ་ནི། དེའི་སྐྱོས་མ་ཞེས་པ་ཡིན་ཏེ་བདག་གི་སྐྱོས་མ་དང་ལྷག་མ་ཁྱེར་ཡང་བའོ། ། ནགས་ཀྱི་རུས་པ་རྣམས་ཀྱང་ཞེས་པ་དང་། དེར་སྨྲ་བ་ནི་འདི་ལྟ་སྟེ་རྒུན་སེའུ། ཁརྫུ་ར་སྟ་རྒ་ཐ་མ། བེ་འབྲུ་ཐང་ཤིང་ག་འབྲུ་ནི་ཁོ་ཚ། བྷ་ཕྲུ་སིན་ཚི་ཀ་རྣམས་སོ་ཞེས་པ་ནི་ནགས་ཀྱི་རུས་པ་དང་འདྲ་བའི་རྣམས་མི་འདོད་པར་བཏང་བ་ལས་སླར་ཟས་དབང་བའོ། །རྫིང་གི་ཡང་ངོ་ཞེས་པ་དང་། དེར་ སྨ་བ་ནི་འདི་ལྟ་སྟེ། པད་མོའི་རྩ་བ་མཛེར་བུ། ཨུཏྤ་ལའི་རྩ་བ་པད་མོའི་སྙིང་པོ་རྣམས་སོ་ཞེས་པ་ནི་རྫིང་ལས་འབྱུང་བ་འདི་རྣམས་བཏང་བ་ལས་སླར་ཟོས་ཀྱང་ཉེས་མེད་པའོ། །སྨན་གྱི་དངོས་པོའོ།། །།སྨན་གྱི་དངོས་པོ་ཕྲན་ཚེགས་ལ་སོགས་པ་ལས་བྱུང་བ་བསྡུས་ཏེ་དེ་དང་འབྲེལ་པ་ཇེ་སྟོན་ པ་ནི། རྒྱལ་པོའམ། རྒྱལ་པོའི་ཕྱེད་མི་བླང་ཞེས་པ་ཡིན་ཏེ་བཀྲེས་པ་དང་སྐོམ་པ་ནད་དུ་ཆེ་བའི་སྨན་ཟས་དང་སྐོམ་ཡིན་ཏེ། དེས་མི་བྲེལ་ཅིང་དེ་དག་སྐེ་བའི་གཞི་རྒྱལ་པོ་ལས་འབྱུང་བའི་ཕྱིར་རྒྱལ་པོའམ་རྒྱལ་པོའི་ཕྱེད་མི་བླང་ཞེས་སྨོས་པ་ཡིན་ནོ། །དགེ་འདུན་གྱི་ཕྱིར་ན་གྲོང་བླང་ཞེས་པ་ དང་། ཞིང་ཡང་ངོ་ཞེས་པ་ཡིན་ལ་དེ་ཡལ་བར་མི་བྱ་ཞེས་པ་དང་། འདི་ཤས་སུ་བཏང་ཞེས་པ་དང་། ཤས་བླང་ཞེས་པ་དང་། འདི་རྨེད་པས་གཙུག་ལག་ཁང་དུ་བསྐྱལ་ཞེས་པ་དང་། བདག་གི་བས་ཐོག་མར་རོ་ཞེས་པ་དང་བསྲུང་བའི་དགེ་སློང་བསྐོ་ཞེས་པ་རྣམས་ནི་དགེ་འདུན་གྱི་ཕྱིར་གྲོང་དང་ ཞིང་བླང་ཞིང་། ཞིང་ཡལ་བར་མི་འདོར་བའི་ཚུལ་འདི་དག་ལྟར་གྱིས་ཤིག་པའོ། །དེ་ལ་བདག་གི་བས་ཐོག་མར་རོ་ཞེས་པ་ནི་ཐོས་ཤས་ལེན་པའི་ཚེ་བདག་གི་སྒོ་བས་དགེ་འདུན་གྱི་ཐོག་མར་ལོང་ཤིག་པའོ། །མདུང་འགོད་དམ་གཉི་གའམ་གང་ཡང་རུང་མི་མངོན་ན་རྩིས་ལ་མི་དགུག་ ཅེས་པ་ནི་མདུང་འགོད་གཉི་གའམ་འགའ་ལས་ཇི་ལྟར་འབྱུང་བ་ལ་སོགས་པ་མི་མངོན་ན་རྩིས་ལ་མ་དགུག་ཤིག་པ་སྟེ་ཀླུ་གཞོན་ནུ་དགེ་སློང་དུ་སྤྲུལ་ནས་དགེ་འདུན་གྱི་འཚོ་བ་ཡོ་བྱད་སྦྱར་བ་དྲུག་སྡེ་པོ་རྣམས་ཀྱིས་རྩིས་ལ་དགུག་ཅིང་གཙེས་པ་ལྟ་བུའོ། །གཞན་དུ་ན་དྲན་པ་དང་ཤེས་ བཞིན་པ་མདུན་དུ་བྱས་ཏེ་འཇུག་ཅེས་པ་ནི་མདུང་འགོད་པ་ལ་སོགས་པ་བརྩིར་མངོན་པ་ཞིག་ན་ཇི་ནས་དྲན་པ་དང་། ཤེས་བཞིན་དུ་ཚས་ལ་རྩིས་བྱེད་པའི་སར་སོང་ཤིག་པའོ། །དགེ་འདུན་གྱི་ཕྱིར་གཡོག་བླང་ཞེས་པ་དང་། གཙུག་ལག་ཁང་དུ་སྒྲ་མི་གྲག་པ་གང་ན་བ་དེར་རུང་ བར་བྱེད་པའི་ཁྱིམ་བརྩིགས་ཞེས་པ་དང་། གལ་ཏེ་ལས་བྱེད་ན་ཟས་སྦྱིན་ཞེས་པ་ནི་གང་ཟག་སྒོ་གཅིག་གི་ཕྱིར་ནི་མ་ཡིན་གྱི། དགེ་འདུན་སྤྱིའི་ཕྱིར་བྲན་གཡོག་བླང་ཞིང་དེ་དག་གི་ཁྱིམ་གཙུག་ལག་ཁང་དུ་སྒྲ་མི་གྲག་པར་བརྩིགས་པ་དང་། དེ་དག་ལས་ལ་གཡོར་ན་འདོད་ཟས་བྱིན་ཅིག་པ་ རྣམས་སུ་སྟོན་པའོ། །བ་གླང་ཆུ་གླང་ར་ལུག་གླང་པོ་རྟ་དང་རྔ་མོ་བོང་བུ་འབྲུ་རྗེན་སྣོད་རྣམས་ཀྱང་ངོ་ཞེས་པ་ནི་མིང་གིས་སྨོས་པ་འདི་དག་ཀྱང་དགེ་འདུན་གྱི་ཕྱིར་ནི་ལོང་ཤིག་པའོ། །འདི་དག་མཆོད་རྟེན་གྱིར་ཡང་མི་བ་མེད་ཅེས་པ་ནི་བྲན་གཡོག་ལ་སོགས་པ་གོང་དུ་སྨོས་པ་རྣམས་མཆོད་རྟེན་གྱི་ ཕྱིར་བླངས་ཀྱང་བླ་བའོ། །ཁ་གཟར་བཅང་ཞེས་བ་དང་། ཚ་སྟེགས་ཀྱང་ངོ་ཞེས་པ་ནི་མིང་གིས་སྨོས་པ་འདི་དག་ཀྱང་ཆོངས་ཤིག་པའོ། །འདི་གཉིས་དང་བརྣང་བ་འཕུལ་བ་ལས་གཞན་པའི་ཁར་སྣོད་གང་ཟག་གིས་མ་བཅང་ཞེས་པ་ནི་གོང་དུ་སྨོས་པ་གཉིས་དང་། བརྣང་བ་འཕུལ་ བའི་སྣོད་མ་གཏོགས་པར་ཁར་སྣོད་ཀྱི་བག་གང་ཟག་གིར་མ་འཆང་ཤིག་པའོ། །ཀུན་དགའ་བ་བཞག་ཅེས་པ་ནི་གང་ཟག་གིས་ཀྱང་གཡོག་ནི་ཆོངས་ཤིག་པའོ། །བྱིས་པ་བསྲུང་དུ་བཅུག་ན་མཚན་མཐུན་པ་བླང་ཞེས་པ་དང་། མགུལ་དུ་ཆོས་གོས་ཀྱི་ཚལ་བུ་གདགས་པ་ ནི་འདི་དག་གི་ཚུལ་ལོ་ཞེས་པ་དང་། རྐེད་པར་ཡང་ངོ་ཞེས་པ་དང་། རྗེས་སུ་བརྩེ་བའི་སེམས་ཀྱིས་བཙལ་ཞེས་པ་ནི་བྱིས་པ་མི་བཞིན་པ་སྲུང་དུ་བཅོལ་ན། ཁྱེའུ་བུ་མོ་གང་ཡིན་པ་ལས་མཚན་མཐུན་མཐུན་དུ་བླང་བ་དང་མགུལ་ལམ་རྐེད་པར་ཆོས་གོས་ཀྱི་ཚལ་བུ་གདགས་ པ་དང་། སྙིང་བརྩེ་བའི་སེམས་ཀྱིས་བཙལ་རྫི་གྱིས་ཤིག་པའོ། །འདིའི་གཉེན་གྱིས་བྱིན་པ་བླང་ཞེས་པ་དང་། མཇུག་ཏུ་རྔན་པ་ཡང་ངོ་ཞེས་པ་དང་། དེ་དག་གི་བྱས་པར་ཤེས་ན་ཡང་ངོ་ཞེས་པ་དང་། འདི་གླ་རྔན་མི་དགུག་ཅེས་པ་ནི་བྱིས་པ་བསྲུང་བའི་ངོར་དེའི་གཉེན་ གྱིས་བྱིན་པ་དང་། མཇུག་ཏུ་རྔན་དགས་ལྟ་བུ་བྱིན་པ་དང་། དེ་དག་ཉིད་དྲིན་གསོ་བས་བྱིན་པ་ནི་བླང་གི །བྱིས་པ་གསོ་གསོ་བའི་དངན་དགས་ཆེད་དུ་ནི་མ་ངེད་ཅིག་པའོ། །འབྲས་བུའི་རྙེད་པ་བདག་གིར་བྱ་ཞེས་པ་དང་། མར་ཏིལ་མར་སྦྲང་རྩི་བུ་རམ་གྱི་བུམ་པའོ་ཞེས་པ་དང་། དེའི་སྣོད་ཀྱང་ངོ་ཞེས་པ་དང་། དེར་གཞུག་ཅེས་པ་དང་། གཞི་ལའོ་ཞེས་པ་ནི་མིང་གིས་སྨོས་པ་འདི་དག་གཞན་གྱིས་བྱིན་ན་ནི་གང་ཟག་ཉིད་ཀྱིར་ཡང་ལོང་ཤིག་པ་སྟེ། དེ་ལ་དེར་གཞུག་ཅེས་པ་ནི་མར་དང་ཏིལ་མར་ལ་སོགས་པ་དེ་དག་གི་སྣོད་དུ་ཆུག་ཤིག་པའོ། །གཞི་ལའོ་ཞེས་པ་ནི་སྣོད་ དེ་དག་ཀྱང་ལྕུག་གོར་རམ་ཤིང་ལེབ་ལ་སོགས་པ་གཞིའི་སྟེང་དུ་ལོང་ཤིག་པའོ། །བཤང་གཅི་དང་ཆང་གི་སྣོད་རྣམས་མི་སྤྱད་ཅེས་པ་ནི་བཤང་གཅིའི་སྣོད་སྤྱད་དུ་མི་རུང་བ་དང་འདྲ་བར་ཆང་གི་སྣོད་ཀྱང་མ་སྤྱོད་ཅིག་པའོ། །དགེ་འདུན་གྱི་ཕྱིར་གཡོས་ཀྱི་ཞལ་ཏ་བྱ་ཞེས་པ་ནི་དགེ་འདུན་སྤྱིའི་ གཙང་སྦྱོར་གྱིས་ཤིག་པའོ། །བསོད་སྙོམས་ལ་ཞུགས་པས་མ་འོངས་པའི་སྔ་རོལ་དུ་ཐེལ་གྱིས་མི་གཞག་པར་མི་བྱ་ཞེས་པ་ནི་བསོད་སྙོམས་ལ་འགྲོ་བའི་ཚེ་ཟས་མ་འོངས་ཀྱི་བར་དུ་ལྷུང་བཟེད་མ་དག་ན་པར་ཐེལ་ཏམ་ཟུར་གྱིས་ཁྱེར་ཅིག་པའོ། །ཟས་གཡོགས་པ་བཅང་ཞེས་པ་ནི་ཁ་ཟས་དེ་ རྡུལ་ལ་སོགས་པ་མི་ཕོག་པར་བྱ་བའི་ཕྱིར་ཁ་དག་གཡོགས་པའམ་ཁ་གབ་གྱིས་ཤིག་པའོ། །འདི་དང་ཁར་བའི་སྣོད་མི་བཅང་བ་མི་འདྲར་མ་རེ་ཤིག་ཅེས་པ་ནི་ཟས་གཡོགས་པ་འདི་བཅང་བ་དང་ཁར་བའི་སྣོད་གཞན་མི་བཅང་བ་དགེ་སློང་ལ་བཞིན་དུ་དགེ་སློང་མས་ཀྱང་བསླབ་དགོས་པར་སྟོན་ པའོ། །ནད་པས་ཞ་བཅང་བ་ཡང་མི་རུང་བར་ཞེས་པ་ནི་དགེ་སློང་མ་ནད་པས་ཀྱང་ཞ་བཅང་མི་རུང་བར་མ་གཏོགས་ཤིག་པའོ། །འཁར་གསིལ་མ་གསིལ་བར་ཁྱིམ་དུ་བསོད་སྙོམས་ལ་མི་འཇུག་ཅེས་པ་དང་། འདི་བཅང་ཞེས་པ་ནི་བསོད་སྙོམས་པས་འཁར་གསིལ་མ་བསིལ་བར་ཁྱིམ་དུ་འཇུག་ ཏུ་མི་རུང་བས་ན་འཁར་གསིལ་ཆོངས་ཤིག་པའོ། །འབྱུང་བ་དང་འཇུག་པ་ལ་མཁས་པར་བྱ་ཞེས་པ་དང་། མངོན་མཚན་བྱ་བའི་ཕྱིར་ཟས་བྲུལ་དོར་བ་ལ་སོགས་པའོ་ཞེས་པ་ནི་བསོད་སྙོམས་ལ་གྲོང་དུ་འགྲོ་བ་དང་། སླར་འབྱུང་བ་ཅི་ནས་ཀྱང་མ་ནོར་ཅིང་མཁས་པར་བྱ་བ་དང་། བླངས་པ་དང་མ་བླངས་པའི་ཁྱིམ་མི་ནོར་བར་བྱ་བའི་ཕྱིར་སྒོར་ཟས་བྲུལ་ལ་སོགས་པ་མཚན་མ་འོར་ཅིག་པའོ། །ཆོས་འཚོང་བས་འཚོ་བར་མི་བྱ་ཞེས་པ་ཆོས་བཤད་ཅིང་བསྟན་པའི་གླ་རྔན་གྱིས་འཚོ་བ་ལྟ་བུ་ཆོས་འཚོང་བར་མ་བྱེད་ཅིག་པའོ། །ཆུ་མེད་ན་ཞོ་ཁུ་ ལ་སོགས་པས་རྐང་པ་བཀྲུ་ཞེས་པ་ནི་ཆུ་མེད་ན་ཞོ་ཁུ་ལ་སོགས་པས་རྐང་ལག་བཀྲུས་ཀྱང་བླ་བའོ། །རྩྭ་བམ་ལ་འདུག་པར་བྱ་ཞེས་པ་དང་། འདི་བླ་གབ་མེད་པར་ལོགས་ཤིག་ཏུ་བཞག་ཅེས་པ་དང་། སྤུངས་ཏེ་ཡང་ཞེས་པ་དང་། མཇུག་ཏུ་དོར་ཞེས་པ་ནི་མཆོད་རྟེན་ནམ་ ཡོ་ལང་ཆེན་པོ་ཞིག་གཡོས་ཏེ་སྟན་གྱིས་མི་ཁྱེད་ན་རྩྭ་སྟན་ལ་འཁོད་ཀྱང་བླ་བའོ། །དེའི་སྟ་གོན་དུ་རྩྭ་ཕལ་ཆེར་སྤུངས་པ་དང་མཆོད་སྟོན་ཟིན་པའི་རྗེས་ལ་དོར་བ་རྣམས་སུ་སྟོན་པའོ། །ཕལ་ཆེ་ན་གྲལ་དུ་མར་བྱ་ཞེས་པ་དང་། ལྔ་བརྒྱ་ཚར་དུའོ་ཞེས་པ་ནི་དགེ་འདུན་ཕལ་ཆེ་ན་ལྔ་བརྒྱ་ཚར་ ལ་སོགས་པ་ཚར་དུ་མར་ཡང་ཆོད་ཅིག་པའོ། །རྒན་རབས་སོ་སོར་བཤམ་ཞེས་པ་ནི་གྲལ་ཚར་རེ་ཞིང་འགྲིམ་པ་ལ་སོགས་པའི་སྤེན་སྐལ་སོ་སོར་ཆོད་ཅིག་པའོ། །འབྲིམ་པ་རྣམས་མི་བཞོད་པར་སྤྱན་བསྐོ་ཞེས་པ་དང་། ཟས་ཀྱི་ཞལ་ཏ་ཐོག་མར་ཟོས་ཏེའོ་ཞེས་པ་དང་། ཕལ་ཆེར་ འདུས་པའི་ཚེ་རྒན་རབས་སུ་བཀོད་ཅིང་སྦྱིན་པའི་དགེ་སློང་བསྐོ་ཞེས་པ་ནི་ཟས་འབྲིམ་པ་རྣམས་མི་བཞོད་པར་སྤྱན་བསྐོ་བ་དང་། ཞལ་ཏ་བྱེད་པས་ཟན་ཐོག་མར་ཇེ་ཟོས་ལ་བྱ་བ་དང་། དགེ་འདུན་ཕལ་པོ་ཆེ་རྒན་རབས་སུ་བཀོད་ཅིང་ཟས་རིམ་བཞིན་དུ་འབྲིམ་པའི་ཞལ་ཏ་པ་སྐོས་ ཤིག་པའོ། །འདིར་དགེ་སློང་མ་དག་གིས་གཉིས་གསུམ་གྱི་གོ་བཞག་ནས་གར་དགའ་བར་འགོད་ཅེས་པ་ནི་དེ་ལྟ་བུའི་ཚེ་དེ་དགེ་སློང་མས་དགེ་སློང་གཉིས་གསུམ་གྱི་གྲལ་བཞག་ནས་གར་དགའ་མགུར་འཁོད་ཀྱང་བླ་བའོ། །ཟས་ཀྱི་ཁྱིམ་དུ་སྒྲ་བསྐྱུངས་ཏེ་འདོང་ཞེས་པ་དང་། སྤྱོད་ལམ་ཤིན་ཏུ་བསྡམས་ནས་ཞེས་པ་དང་། མཛེས་པར་རོ་ཞེས་པ་དང་། འདུག་པ་ཡང་དེ་བཞིན་ཞེས་པ་ནི་སྒྲ་བསྐྱུངས་ཤིང་སྤྱོད་ལམ་བསྡམས་པ་ལེགས་པར་བྱ་བ་དང་། གོམ་ཟུལ་མཁས་པར་བྱས་ལ་ཟས་ཀྱི་ཁྱིམ་དུ་འདོང་བ་དང་། བཀད་ཅིང་འཁོད་པ་ན་ཡང་ དེ་བཞིན་གྱིས་ཤིག་པའོ། །ཟས་ལ་རྐང་པས་མི་བརྫི་ཞེས་པ་དང་། འོག་རེ་ལ་རྐང་པས་རེག་པར་མི་བྱ་ཞེས་པ་ནི་གྲལ་དུ་བཀད་པའི་ཚེ་འདི་དག་ལྟར་མ་བྱེད་ཅིག་པའོ། །དྲན་པ་ཉེ་བར་གཞག་ཅིང་མ་གཡེངས་པའི་སེམས་ཀྱིས་བསོད་སྙོམས་བླང་ཞེས་པ་དང་། མ་གཏོར་ ཅིང་རན་པ་དང་ཞེས་པ་དང་། འདི་དག་མ་འདྲེས་པ་དང་། མ་དཀྲུགས་པ་དང་། ཤིན་ཏུ་སྦས་པ་དང་། དུས་ལས་མི་འདའ་བར་བཟའ་ཞེས་པ་ནི་ཟས་ཟ་བའི་ཐབས་འདི་ལྟར་གྱིས་ཤིག་པ་སྟེ། དེ་ལ་མ་གཏོར་ཞེས་པ་ནི་ཟས་སོ་སོར་མ་གཏོར་བའོ། །རན་ཅེས་པ་ ནི་འགྲངས་པ་ཙམ་དུ་བཟའ་བའོ། །མ་འདྲེས་ཞེས་པ་ནི་ཐུག་པ་དང་ཟན་དུ་འདྲེས་པ་ལྟ་བུ་མ་ཡིན་པའོ། །མ་དཀྲུགས་ཞེས་པ་ནི་སྣ་ཚོགས་པ་ལྷུང་བཟེད་གཅིག་ཏུ་བླུགས་པ་ལས་དཀྲུགས་ཏེ་ཟ་བར་མ་བྱེད་ཅིག་པའོ། །ཤིན་ཏུ་སྦས་ཞེས་པ་ནི་ལམ་ཀའམ་རྒྱུན་སར་མ་ཟ་ཤིག་ པའོ། །དུས་ལས་མི་འདའ་ཞེས་པ་ནི་ཉི་མའི་གུང་ལས་མ་ཡོལ་བར་བཟའ་བའོ། །ཇི་ལ་གཉེར་པ་དེ་ལས་གཞན་རྙེད་པ་བདག་གིར་བྱེད་པ་མི་རིགས་པ་མ་ཡིན་ཞེས་པ་ནི། དང་པོ་ཐུག་པ་ལ་བོས་པ་ལས་ཕྱིས་ཟས་བཟང་པོ་གཞན་ཡང་སྦྱར་ཏེ། བྱིན་ན་བླངས་པ་ ནི་མི་རུང་བ་མེད་པའོ། །བདག་ཟས་བཞིན་དུ་གཞན་བླངས་བ་ནི་ཉེས་མེད་ཅེས་པ་ནི། བདག་ཟས་ཟ་བའི་འཕྲོ་ལ་ཡང་གཞན་གྱིས་བྱིན་པ་བླངས་ཏེ། ཟོས་པ་ནི་ཉེས་པ་མེད་པའོ། གཞན་གྱིས་གཉེར་ཏེ་འདུག་པ་ལ་གཞན་གྱིས་བྱིན་པ་དེས་བསྟན་ན་དེར་གཏོགས་ སུ་ཟད་ཅེས་པ་ནི་ཡོན་བདག་གཅིག་གི་ཁྱིམ་དུ་གཉེར་ཏེ་ཟ་ཞིང་འདུག་པ་ལས་སྤང་ཡོན་བདག་གཅིག་གིས་ཟས་བཤམས་ཏེ་ཕུལ་བ་མི་འདོད་པར་བྱས་པ་ལས། ཡོན་བདག་སྔ་མ་དེས་ཕེའུ་ཐམས་སུ་བསྟབས་ན་ཡང་ཡང་ལ་སོགས་པ་བཞིན་དུ་མི་འགྱུར་གྱི་སྔ་མ་དེས་ བྱིན་པའི་ཁོངས་སུ་གཏོགས་པར་སྟོན་པའོ། །ཚིག་ནི་བསམ་པའི་དོན་དང་སྦྱར་གྱི་གྲགས་པ་མི་བཙན་ཞེས་པ་ནི་བདག་ལ་དགྲ་བཅོམ་པ་འམ་སངས་རྒྱས་སུ་བཏགས་ཏེ་ཟས་ལ་སོགས་པ་བྱིན་ན་དེས་ཇི་ལྟར་བསམས་ཏེ་བྱིན་པ་རྨས་ལ་བདག་ལ་གྱི་ནའི་སྙད་དེ་སྐད་དུ་བཏགས་ཏེ་བྱིན་ན་ནི་ དེས་བསམ་པའི་དོན་དང་སྦྱར་དུ་ཟད་ཀྱི་གྲགས་པའི་མིང་མི་བརྩན་པའོ། །བླངས་ནས་མི་སྤང་ཞེས་པ་ནི་སྔར་བླངས་ནས་ཁྲོས་སམ་ཟོས་ཏེ་སླར་གཏོང་ཞིང་དོར་བ་ལྟ་བུ་མ་བྱེད་ཅིག་པའོ། །ལྟ་བ་དང་ཚུལ་ཁྲིམས་རྫོགས་པ་གཉིས་ལས་བླངས་ཏེ་དེ་ལས་གཞན་པའི་རིམ་ པ་ལ་བྱིན་པ་དང་། འགྲངས་ནས་ཀྱང་ཁམ་འགའ་ཡན་ཆད་ལྷག་པར་བླངས་ཤིང་ཟོས་ན་དད་པས་བྱིན་པ་ཆུད་གསན་པའོ་ཞེས་པ་ནི་ལྟ་བ་རྫོགས་པ་ལས་བླངས་ལ་ལྟ་བ་མ་རྫོགས་པ་ལ་བྱིན་པ་དང་། ཚུལ་ཁྲིམས་རྫོགས་པ་ལས་བླངས་ལ་མ་རྫོགས་པ་ལ་བྱིན་པ་དང་། འགྲངས་ ཟིན་ནས་ལྷག་པར་ཟན་ཁམ་འགའ་ཡན་ཆད་ཟོས་ཀྱང་རུང་སྟེ་དད་པས་བྱིན་པ་ཆུད་གཟན་པར་འགྱུར་བའོ། །དེ་ལྟ་བས་ན་སུ་ལ་ཡང་སྦྱིན་དུ་མི་རུང་ངམ་ཞེ་ན། ཕ་མ་ནད་པ་རབ་ཏུ་འབྱུང་བར་འདོད་པ། སྦྲུམ་པ། གདུལ་བར་བསམ་པ། བསོད་སྙོམས་སྐུགས་པ། ཁྱིམ་པ་དེའི་ ཁར་འོངས་པ་རྣམས་ལ་བགོ་བར་བྱ་ཞེས་པ་ཡིན་ཏེ་འདི་དག་ལྟ་བུ་ལ་བྱིན་པ་ནི་ཉེས་མེད་པའོ། །དེ་ལ་ཕ་མ་ནི་ཕན་འདོགས་པའི་ཞིང་ཡིན་པ་དང་། ནད་པ་དང་རབ་ཏུ་འབྱུང་བར་འདོད་པ་ནི་བསོད་སྙོམས་ཀྱི་ཞིང་ཡིན་པའི་ཕྱིར་རོ། །སྦྲུམ་པ་ནི་སྙིང་རྗེ་བའི་གནས་ཡིན་པའི་ཕྱིར་རོ། ། གདུལ་བར་བསམ་པ་ནི་བསྡུ་བའི་ཐབས་སུ་བསྒྲུབ་པའི་ཕྱིར་རོ། །བསོད་སྙོམས་སྐུགས་ཞེས་པ་ནི་ཁྱིམ་པ་ཆེད་དུ་སློང་ཞིང་སྐུགས་པའོ། །ཁྱིམ་པ་དེའི་ཁར་འོངས་ཞེས་པ་ནི་ཟན་ཟའི་ཁར་འོངས་ན་གདོང་སོལ་བྱ་བའི་ཕྱིར་རོ། །བསྡོགས་པའི་ཆང་བུ་བཞག་ཅེས་པ་དང་། སྦྱིན་ པ་ཆད་པར་མི་བྱ་ཞེས་པ་དང་། བྱོལ་སོང་ལ་ཡང་སྦྱིན་ཞེས་པ་ནི་ཟན་ཟ་བའི་ཚེ་སུ་ལ་སྦྱིན་པ་ཆད་པར་མི་བྱ་བར་ཆང་བུ་གཞག་པ་དང་བྱ་རོག་ལ་སོགས་པ་བྱོལ་སོང་ལ་ཡང་བྱིན་ཅིག་པའོ། །བཟའ་བའི་ཕྱིར་བསྟབས་པ་མ་ཟིན་པ་མི་སྦྱིན་ཞེས་པ་ནི་བདག་ཟས་ཟོས་མ་ཟིན་གྱི་བར་དུ་ གཞན་ལ་སྦྱིན་པ་མ་བྱེད་ཅིག་པའོ། །དད་པས་བསྟབས་ཏེ་སྦྱིན་པ་ཡང་མ་ཡིན་ཞེས་པ་ནི་བདག་ལ་དད་པས་བདག་གི་ཁར་ཇི་སོན་དུ་བསྟབས་ཏེ་བྱིན་ན་དེའི་ཡིད་དང་སྦྱར་བའི་ཕྱིར་གཞན་ལ་སྦྱིན་ཅིག་པའོ། །ལྷག་མ་ཟ་བ་ལ་ལྷུང་བཟེད་ཀྱི་ལྷག་མ་ཇི་བདེ་བྱ་ཞེས་པ་ནི་ལྷག་ རོལ་ལྷག་མའམ། སྐྱོས་པའམ། སྐྱོས་མ་ཟ་བའི་མི་ལ་བྱིན་ཅིག་པའོ། །གནས་པ་རྣམས་ལ་གཏོར་མ་བྱིན་ཅིག་པའོ་ཞེས་པ་དང་། སྔ་དྲོ་ལ་སོགས་པ་དེ་དག་གི་ཆོ་ག་བཞིན་བྱ་ཞེས་པ་ནི། གཙུག་ལག་ཁང་གི་སྲུང་མ་སྔ་དྲོ་དང་ཕྱི་དྲོ་ལ་སོགས་པ་དེ་དག་གི་ཆོ་ག་བཞིན་དུ་སོ་སོར་ཕྱི་ལ་གཏོར་ མ་བྱིན་ཅིག་པའོ། །ཨ་མྲ་རྩི་གུ་མ་ཆགས་པའི་རྩི་མི་བཟའ་ཞེས་པ་ནི་ཤིང་ཏོག་ཨ་མྲ་མ་སྨིན་པར་མ་ཟ་ཤིག་པའོ། །རྩ་བ། སྡོང་བུ། མེ་ཏོག །ལོ་མ། འབྲས་བུ། བཅའ་བ། འབྲས་ཆན། གོ་འདུན། ཕྱེ་ཤ། ཁུར་བ། འོ་མ། ཞོ་མར་སར། ཉ་ཤ། ཤ་ སྐམ་རྣམས་མི་རུང་བ་མ་ཡིན་ཞེས་པ་ནི་མིང་གིས་སྨོས་པ་འདི་རྣམས་བཟར་མི་རུང་བ་མེད་པར་སྟོན་པའོ། །གསོ་མ་ཡུངས་ཀར་རྩ་བ་སྡོང་བུ་ལོ་མ་མེ་ཏོག་འབྲས་བུ་ལ་སོགས་པའི་ཐུག་པ་བཏུང་དུ་མི་རུང་བར་མ་དོགས་ཤིག་ཅེས་པ་ནི་འདི་དག་གི་ཐུག་པའང་མི་རུང་བ་མེད་ པའོ། །བཅུད་ནི་ཁུ་བས་སོ་ཞེས་པ་ནི་སྐམ་པོ་པས་ཁུ་བར་བྱས་པ་བཅུད་དུ་ཆེ་བའོ། །ཆུས་ཀྱང་ངོ་ཞེས་པ་ཆུ་ཡང་བཏུང་དུ་རུང་བའོ། །རྐྱལ་པར་གཞུག་པ་མི་རུང་བ་མ་ཡིན་ཞེས་པ་དང་། སྣོད་དུ་ཁ་ཟས་བཟར་རུང་ཞེས་པ་དང་། ཤིང་གི་ཡང་ངོ་ཞེས་པ་དང་། དེའི་ཡང་ངོ་ཞེས་པ་ དང་། ཟོས་པའི་སྣོད་ཀྱང་ངོ་ཞེས་པ་ནི་ཞོ་ལ་སོགས་པ་རྐྱལ་པར་བླུགས་པ་ལ་ཡང་བཟར་མི་རུང་བ་མེད་པ་དང་། ཤིང་དང་རྡོ་ལ་སོགས་པའི་སྣོད་སྤྱད་དུ་བཟར་རུང་བ་དང་། སྔོན་ཁ་ཟས་བླུགས་པའི་སྣོད་སྤྱད་ཀྱང་བླ་བ་རྣམས་སུ་སྟོན་པའོ། །བཀྲུ་བ་ནི་གནས་པའི་ལས་སོ་ཞེས་པ་ དང་། ཟོས་ནས་ཀྱང་ཞེས་པ་ནི་ལྷུང་བཟེད་བསོད་སྙོམས་ལ་གར་བཀྲུ་བ་དང་། ཟན་ཟོས་པའི་འོག་ཏུ་བཀྲུ་བ་ནི་སློབ་མའམ་ཉེ་གནས་ཀྱི་ལས་ཡིན་པར་སྟོན་པའོ། །སྣོད་གཅིག་ཏུ་ཅིག་ཅར་མི་བཟའ་ཞེས་པ་དང་། བྱེས་སུ་ནི་སྣོད་མེད་ན་བཟའ་ཞེས་པ་དང་། དགེ་སློང་དང་ངོ་ཞེས་པ་དང་། གཅིག་གིས་ལག་པ་བཏེག་ནས་བདག་གི་གཞུག་ཅེས་པ་ནི་བྱེས་སུ་ནི་སྣོད་མེད་ན་དགེ་སློང་དང་ལྷན་ཅིག་ཏུ་བཟའ་ཞིང་སྣོད་དུ་ལག་པའང་ཅིག་ཅར་མ་ཡིན་པར་སྤེལ་གྱི་དེ་མ་ཡིན་པའི་སྐབས་གཞན་དུ་ལྷན་ཅིག་མ་ཟ་ཤིག་པའོ། །དགེ་ཚུལ་དང་ལྷན་ཅིག་པ་ནི་མ་ལྡན་པ་མ་ཡིན་ན་འོག་མ་བཞིན་ཞེས་ པ་ནི་དགེ་ཚུལ་དང་ལྷན་ཅིག་ཏུ་བཟའ་བ་ནི་བརྟད་པའི་རྐྱེན་མ་ཡིན་ན་འོག་མ་དང་འདྲ་བར་སྤར་ཟན་དུ་སྦྱིན་པའོ། །རུང་བར་བྱེད་པ་ནི་སྤར་ཟན་དུ་སྦྱིན་ཞེས་པ་ནི་གཡོག་སྡེར་ལ་མ་འདོགས་ཤིག་པའོ། །གཉེན་མཛའ་བས་བསྐུལ་ན་ཐམས་ཅད་དུ་ཕྱོགས་དབེན་པར་རོ་ཞེས་པ་དང་། བྱིན་ལེན་མ་ཞིག་པ་དང་། བྱིན་ལེན་མ་བྱས་པ་དང་འདྲེས་སུ་འོང་ན་བསྲུང་ཞེས་པ་ནི་གཉེན་མཛའ་བས་སྡེར་གཅིག་ཏུ་ཟ་བར་བསྐུལ་ན་དབེན་པར་བཟའ་ཞིང་བྱིན་ལེན་མ་ཞིག་པ་ལ་སོགས་པ་ལ་མིང་གིས་སྨོས་པ་འདི་རྣམས་ལྟར་རིམ་གྲོ་གྱིས་ཤིག་པའོ། །ལྷམ་དང་བཅས་ཏེ་མི་བཟའ་ཞེས་པ་ དང་། ནད་པས་ནི་མནན་ཏེའོ་ཞེས་པ་ནི་ལྷམ་བགོས་ཏེ་ཟན་མི་ཟ་བ་དང་ནད་བུ་ཅན་གྱིས་ནི་ལྷམ་གྱི་སྟེང་དུ་རྐང་པས་མནན་ལ་ཟོ་ཤིག་པའོ། །གཅེར་བུར་མ་ཡིན་ཞེས་པ་དང་གོས་གཅིག་པར་ནི་མ་ཡིན་ཞེས་པ་དང་། ནད་པ་ནི་ཉེས་མེད་ཅེས་པ་དང་། ནད་གཡོག་གིས་སུམ་པར་བྱ་ཞེས་པ་ དང་། ནུས་ན་རྔུལ་གཟན་བགོ་ཞེས་པ་དང་། དབེན་པའི་ཕྱོགས་སུའོ་ཞེས་པ་ནི་ནད་པ་མ་ཡིན་ན་སྒྲེན་མོ་ལ་སོགས་པ་འདི་རྣམས་ལྟར་མ་ཟ་ཤིག་པ་དང་། ནད་པ་ཡིན་ནའང་ནད་གཡོག་གིས་སུམ་པ་དང་། རྔུལ་གཟན་ཙམ་གྱོན་ནུས་ན་བགོ་བ་དང་། མི་ནུས་ན་ཕྱོགས་དབེན་པར་ཟར་ གཞུག་པའོ། །ཟས་ལ་བཀད་ནས་འབྲིམ་པ་ལ་འདི་དང་འོ་ནི་ལས་ཚུར་ཞེས་མི་བྱ་ཞེས་པ་ནི་འབྲིམ་པ་ལ་ཟས་འདི་དང་འོ་ནི་འོན་ཅིག་ཅེས་ལྟོ་འདུན་དང་ཁམ་མཆུའི་བག་མ་ཟེར་ཅིག་པའོ། ནད་པའི་ཉམས་དང་འཕྲོད་པ་ནི་ཉེས་མེད་ཅེས་པ་དང་། དེ་ནི་འདི་ལྟ་སྟེ་དྲོད་ཆུང་བས་ བཙོས་པ་དང་། དྲོད་ཆེ་བས་རྗེའོ་ཞེས་པ་ནི་ནད་པས་འདི་ལྟ་བུའི་ཚུལ་ཉམས་དང་སྦྱར་ཏེ་ཚུར་འདི་འོན་ཅིག་ཅེས་ཟེར་བ་ནི་ཉེས་མེད་པའོ། །བདག་ལ་ནད་པའི་འདུ་ཤེས་བཞག་པ་དང་། ཟས་ལ་སྨན་དུ་འདུ་ཤེས་པར་བཟའ་ཞེས་པ་དང་། དྲན་པ་ཡང་ངོ་ཞེས་པ་ནི་ཟས་བཟའ་ བའི་ཟས་ནི་བཀྲེས་པའི་སྨན་ཡིན་བདག་ནི་བཀྲེས་པའི་ནད་ཡིན་པར་བསམས་པ་དང་། འོག་ནས་འབྱུང་བ་ལྟ་བུའི་དྲན་པ་དང་ཡང་ཉེས་པར་ཞོག་ལ་ཟོ་ཤིག་པའོ། །ཀུན་འབྱུང་བ་འདྲ་བར་འགྱུར་བ་སླར་ཡོགས་པ་རྒྱུ་མཐུན་པ་རྐྱེན་གྱི་རྣམ་པ་བཙལ་བ། རག་གཞན་ལ་ལུས་པ་ཉེན་དང་ བཅས་སོ་སོར་འགྲོ་བ་རྣམས་ཆེད་དུ་མི་མཐུན་པར་བྱ་ཞེས་པ་སྟེ་ཟས་མིང་གིས་སྨོས་པ་འདི་ལྟ་བུར་སོམས་ལ་ཟོ་ཤིག་པ་སྟེ། དེ་ལ་ཀུན་འབྱུང་བ་ཞེས་པ་ནི་ལྒོང་ལུད་ལྟ་བུ་མི་གཙང་བ་ལས་འབྱུང་བར་བསམ་པའོ། །འདྲ་བ་ཞེས་པ་ནི་ཤ་ལ་སྲིན་བུ་ཕྱེ་ལ་རུས་ཕྱེ་མར་ལ་རྣག་ལྟ་བུ་ལ་སོགས་པར་བསམ་ པའོ། །འགྱུར་ཞེས་པ་ནི་བད་ཀན་དང་ཚིལ་སྣབས་དང་། ནག་ཁྲ་ལ་སོགས་པར་འགྱུར་རོ་བསམ་པའོ། །སླར་སྤོགས་ཞེས་པ་ནི་ཟས་ཀྱི་ཕྱིར་རྩོད་པ་ལ་སོགས་པ་འཁོན་གྱི་གཅུགས་སུ་འགྱུར་བའོ། །རྒྱུ་མཐུན་ཞེས་པ་ནི་ཟས་ལ་བཤང་གཅི་ལྟ་བུ་སྨེ་བར་འགྱུར་བའོ། །རྐྱེན་གྱི་རྣམ་པ་ ཞེས་པ་ནི་རྨོ་བརྐོ་ལ་སོགས་པའི་རྒྱུ་རྐྱེན་ལས་འབྱུང་བ་དང་ཟས་ལ་སྲེད་པའི་རྒྱུར་འགྱུར་བ་ལྟ་བུའོ། །བཙལ་ཞེས་པ་ནི་ཉོན་མོངས་པའི་གྲོན་ཚེགས་ཕལ་པོ་ཆེས་བཙལ་དགོས་པའོ། །རག་གཞན་ལ་ལུས་ཞེས་པ་ནི་རྙེད་ཟིན་ནས་བཙོ་བ་ལ་སོགས་ཀྱི་རག་གཞན་ལ་ལུས་པའོ། །ཉེན་དང་ བཅས་པ་ཞེས་པ་ནི་ལེགས་པར་མ་ཞུ་ན་ནད་ཀྱི་རྣམ་པ་སྣ་ཚོགས་སུ་འགྱུར་བའོ། །སོ་སོར་འགྲོ་ཞེས་པ་ནི་ཆ་གཅིག་ལུས་ཀྱི་དྲོད་དུ་འགྲོ་བ་དང་ཆ་གཅིག་སྲིན་བུའི་ཟས་སུ་འགྲོ་བ་དང་ཆ་གཅིག་ལུས་བརྟ་བར་འགྲོ་བ་སྟེ། དེ་ལྟར་རྣམ་པ་བཞིར་འགྲོ་བའོ། །དྲན་པ་ཉེ་བར་གཞག་ཅིང་མི་ གཡེང་བའི་སེམས་ཀྱིས་སོ་ཞེས་པ་དང་། ཤེས་བཞིན་དང་ལྡན་པར་སྒྲ་བསྐྱུངས་ཞེས་པ་ནི་ཟན་ཟ་ཀར་མིང་གིས་སྨོས་པ་འདི་དག་ལྟར་གྱིས་ཤིག་པའོ། །འདི་དག་མི་བྱ་ཞེས་པ་ནི་རྐང་ལག་གི་སྒྲ་མ་འབྱིན་ཅིག་པའོ། །ཧུབ་སྒྲ་མི་བསྐྱེད་ཅེས་པ་དང་། ཁྲུམ་ཁྲུམ་མ་ཡིན་ཞེས་པ་དང་། སྒྲ་འབྱུང་ན་ཆུ་ལ་སོགས་པ་སྦར་ཞིང་བརླན་ཞེས་པ་ནི་སྒྲའམ་ཁྲུམ་སྒྲ་མ་འབྱིན་ཅིག་པ་སྟེ། །ཁུར་སྐམ་ལྟ་བུ་ལ་སོགས་ཏེ་སྒྲ་འབྱུང་བ་ཞིག་ན་སྤོང་ཤིག་པའོ། །ཟ་བའི་ཁར་རོལ་མོ་མི་བྱ་ཞེས་པ་ནི་ཟན་ཟ་བའི་ཁར་རོལ་མོ་བྱེད་དུ་བཅུག་ཅིང་ཟ་བ་ལྟ་བུ་ལ་སོགས་པ་མ་བྱེད་ཅིག་པའོ། །འཆད་ པར་བྱེད་པའི་ཚེ་མ་ཡིན་ཞེས་པ་དང་། དེ་ཐོས་པས་སོ་ཞེས་པ་ནི་སྦྱིན་པ་འཆད་པའི་ཐོས་པ་ཉེན་ཀོར་ན་འདུག་པས་དེའི་ཚེ་ཟན་མ་ཟ་ཤིག་པའོ། །དུས་ཡོལ་དུ་ཆ་ན་ཚིགས་བཅད་གཉིས་སམ་གསུམ་ནས་སོ་ཞེས་པ་ནི་ཉི་ཚོད་ཡོལ་དུ་ཆ་ན་སྦྱིན་པ་བཤད་པའི་ཚིགས་བཅད་གཉིས་སམ་གསུམ་ ཙམ་མཉན་ལ་དེའི་འོག་ཏུ་ཟོ་ཤིག་པའོ། །ཟོས་ཟིན་ནས་ཞལ་ནས་གསུངས་པའི་ཚིགས་བཅད་བརྗོད་ཅེས་པ་ནི་ཟས་ཟོས་ཟིན་པའི་འོག་ཏུ་ཞལ་ནས་གསུངས་པའི་ཚིགས་བཅད་ལྷོགས་ཤིག་པའོ། །སྤྱན་དྲངས་པར་ཟོས་ཟིན་ནས་སྦྱིན་པ་བཤད་པར་བྱ་ཞེས་པ་དང་། ཀུན་གྱིས་ ཟོས་ཟིན་པར་ཤེས་ནས་སོ་ཞེས་པ་དང་། བལྟ་སྟེ་ཞེས་པ་དང་། དུ་མ་ན་དང་པོས་སོ་ཞེས་པ་དང་། མི་ནུས་ན་ནུས་པ་ལ་བཅོལ་ཞེས་པ་ནི་ཟན་ཟོས་ཟིན་ཏམ་མ་ཟིན་བལྟས་ཤིང་བརྟགས་ལ། གནས་བརྟན་གྱིས་སྦྱིན་པ་བཤད་པ་དང་། ཆོས་བཤད་གྱིས་ཤིག་པ་དང་། མི་ནུས་ན་གཞན་ནུས་ པ་ལ་ཆོལ་ཅིག་པའོ། །གལ་ཏེ་མ་བྱས་པ་འདོང་བའི་རྐྱེན་ཅིག་ན་དགེ་སློང་ལས་འཁོར་བསྐོས་ཏེའོ་ཞེས་པ་དང་། བཞི་ཡན་ཆད་ཞེས་པ་ནི་སྦྱིན་པ་བཤད་པར་མ་བྱས་པར་མྱུར་དུ་འདོང་དགོས་པའི་རྐྱེན་ཅིག་བྱུང་ན། སྦྱིན་པ་བཤད་པ་གཅིག་གིས་བཞི་འཁོར་བཞི་ཡན་ཆད་སྐོས་ལ་གཞན་དེང་ ཤིག་པའོ། །བསྐོས་པའང་འགྲོ་བའི་རྐྱེན་ཅིག་གིས་ན་ཞུས་ནས་སོ་ཞེས་པ་ནི་དེའི་འཁོར་བཞི་ཙམ་མ་བསྐོས་པའི་ནང་ནས་ཀྱང་འགའ་ཞིག་གུད་དུ་འགྲོ་དགོས་པའི་རྐྱེན་ཅིག་བྱུང་ན་སྦྱིན་པ་འཆད་པ་དེ་ལ་ཞུས་ལ་སོང་ཤིག་པའོ། །སྦྱིན་པ་འཆད་པ་ན་དགའ་བོ་དང་། ཉེར་དགའི་མིང་བརྗོད་པ་ ཞེས་པ་ནི་བྱིན་པ་འཆད་པ་ན་ཀླུ་འདི་གཉིས་ཀྱི་མིང་ནས་ཀྱང་སྨོས་ཤིག་པའོ། །མིད་པ་གཉིས་པ་ཞིག་སྟེ། དུས་མ་ཡིན་པར་སྒྲེགས་ན་ཐོག་མའི་ཁམ་གཉིས་སམ་གསུམ་པོར་ལ་ཁ་བཀྲུས་ཏེ་མིད་ཅེས་པ་ནི་ཕྱོགས་དང་འདྲ་བར་མིད་པ་གཉིས་པ་ཞིག་ལ་ཟས་སླར་ཡང་སྒྲེགས་ཤིང་འོང་ ན་ཁམ་གཉིས་གསུམ་འོར་ལ་སླར་མིད་ཅིག་པའོ། དེ་ཟས་མ་ཡིན་པ་མ་ཡིན་ཞེས་པ་དང་། དེ་ལྟ་བས་ན་གཞན་གྱིས་ཀྱང་དུས་མ་ཡིན་པ་དང་བཏང་བ་ལས་སྒྲེགས་པ་བྱུང་ན་བཀྲུ་ཞེས་པ་ནི་དེ་ཡང་ཟས་ཡིན་པས་ན་མིད་པ་གཉིས་པ་ལ་མ་གཏོགས་པའི་དགེ་སློང་གཞན་ལ་ཡང་ སྒྲེགས་ན་དུས་མ་ཡིན་པ་དང་། དུས་ཡིན་དུ་ཟིན་ཀྱང་མི་བཟའ་བར་བཏང་བའི་འོག་ཏུ་སྒྲེགས་ན་དེའི་འོར་ལ་ཁ་ཁྲུས་གྱིས་ཤིག་པའོ། །མ་བཤམས་པའི་ཕྱོགས་སུ་མཆིལ་མ་མི་འདོར་ཞེས་པ་དང་། བྱི་བདར་བྱས་པར་མ་ཡིན་ཞེས་པ་དང་། གནས་བརྟན་གྱི་མདུན་དུ་ དེའི་སྒྲ་མི་བྱ་ཞེས་པ་དང་། ཟ་ནའང་མ་ཡིན། ལྷག་མའི་ཐད་དུ་ཡང་དང་ཡང་མ་ཡིན་ཞེས་པ་དང་། མི་ནུས་ན་གུད་དུ་འགྲོ་ཞེས་པ་ནི་མཆིལ་མ་དོར་བའི་ས་བཤམས་པ་དང་། བྱི་བདར་བྱས་པའི་སྟེང་དུ་མཆིལ་སྣབས་མི་དོར་བ་དང་། གནས་བརྟན་གྱི་མདུན་དང་ཟས་ཟ་བའི་ཚེ་ མཆིལ་སྣབས་ཀྱི་སྒྲ་མི་བྱ་བ་དང་། དགེ་འདུན་ལྷག་མ་གཞན་གྱི་ཐད་དུའང་དེ་དག་གི་སྒྲ་ཡང་དང་ཡང་དུ་སློས་ཤིང་མ་ཟེར་ཅིག་པ་དང་། དེ་དག་གི་སྒྲ་འགེགས་པར་མི་ནུས་ན་གུད་དུ་བྱོལ་ཤིག་པའོ། །གཞན་ལ་གནོད་པར་མི་བྱ་ཞེས་པ་ནི་མཆིལ་སྣབས་ཀྱི་སྒྲ་འབྱུང་བ་ལ་སོགས་ པ་དགེ་སློང་གཞན་ལ་གནོད་ཅིང་མི་བདེ་བའི་བག་མ་བྱེད་ཅིག་པའོ། །སྡུར་ཅིང་མི་ཉལ་ཞེས་པ་དང་བཅག་པའམ་གུད་དུ་འགྲོ་བར་རོ། གུད་དུ་འགྲོ་བ་ནི་སྡུར་ཏེ་མི་རུང་ན་བཅག་པའམ་གུད་དུ་འབྱོལ་བར་གྱིས་ཤིག་པའོ། །འདིའི་སྣོད་ཀྱི་ཞབས་གླང་པོའི་རྨིག་པ་ལྟ་བུའམ་ གཞི་དང་བཅས་པར་རོ་ཞེས་པ་ནི་མཆིལ་སྣོད་ཀྱི་ཞབས་གླང་པོའི་རྨིག་པ་ལྟ་བུར་བྱས་པའམ་དེའི་གཞི་གྱིས་ཤིག་པའོ། །འདི་དྲུང་དུ་གཞུག་ཅེས་པ་དང་། འདིར་ཚིགས་པའི་ཕྱེའམ་ཐལ་བའི་གཅལ་དགྲམ་ཞེས་པ་དང་། སྦྲང་མ་བསྐྲད་པའི་ཆོ་ག་བྱ་ཞེས་པ་དང་། དྲི་མི་ ང་བ་དང་སྲོག་ཆགས་མེད་པར་བྱ་བའི་ཕྱིར་དུས་དུས་སུ་བཀྲུ་ཞིང་བསྐམ་ཞེས་པ་དང་། དེས་མི་བྲེལ་པར་འཐེབ་བཤམ་ཞེས་པ་ནི་གོང་མ་ལྟ་བུའི་མཆིལ་སྣོད་དེར་ཕྱེ་མ་ལ་སོགས་པའི་གཅལ་དགྲམ་པའང་ཐབས་འདི་དག་ལྟར་གྱིས་ཤིག་པའོ། མི་བྲེལ་བར་གཙུག་ལག་ཁང་གི་གྲྭ་བཞི་ ཀའི་དྲུང་དུ་མཆིལ་སྣོད་བཞག་ཅེས་པ་ནི་མཆིལ་མ་དོར་བའི་ས་གཙུག་ལག་ཁང་གི་གྲྭ་བཞིར་འདི་ལྟར་གྱིས་ཤིག་པའོ། །རླུང་གི་ལས་སྒྲ་ཅན་མི་བྱ་ཞེས་པ་ནི་རླུང་གི་ལས་ཐུག་རིད་ཅན་མ་གཏོར་ཤིག་པའོ། །ཤིང་དྲུང་དུ་བཤང་གཅི་མ་ཡིན་ཞེས་པ་དང་། སྤང་ཤ་དག་གིས་མཚམས་མེད་པར་ ཁེབས་པ་མ་གཏོགས་ཞེས་པ་ནི་སྤང་ཤ་དག་མ་ཡིན་ནམ་ཤིང་ཐ་མལ་པ་གཞན་གྱི་དྲུང་དུ་བཤང་གཅི་མ་བྱེད་ཅིག་པའོ། །བཤང་ཁང་བྱ་ཞེས་པ་དང་། གཙུག་ལག་ཁང་གི་ནུབ་བྱང་གི་མཚམས་སུའོ་ཞེས་པ་དང་། དེའི་འོག་ཏུ་ཤིང་ཚེར་མ་ཅན་བསྐྱེད་ཅེས་པ་དང་དོང་ཀར་རྐང་རྟེན་བཤམ་ ཞེས་པ་དང་། ཀུན་འདེའི་གནས་བྱ་ཞེས་པ་དང་། སྒོ་སྣོལ་མར་རོ་ཞེས་པ་དང་། སྒོ་འཕར་གཞུག་ཅེས་པ་དང་། སྒོ་གཏན་དང་ཟུང་བྱ་ཞེས་པ་ནི་བཤང་ཁང་འདི་དག་ལྟར་བྱས་པ་རྩིགས་ཤིག་པའོ། །བྱང་ནུབ་ཀྱི་མཚམས་ཞེས་པ་ནི་སྒོ་ཤར་ཕྱོགས་སུ་ལྟ་ན་དེར་བྱ་ བའོ། །འཇུག་ཀར་སྒྲ་དབྱུང་ཞེས་པ་དང་། དེར་སོང་བས་ཀྱང་ངོ་ཐོས་ནས་སོ་ཞེས་པ་དང་། གོས་ལེགས་པར་བརྟུལ་ལ་འཇུག་ཅེས་པ་དང་། ཤེས་བཞིན་དང་ལྡན་པས་དབུས་སུ་འཇུག་པར་བྱ་ཞེས་པ་དང་། རྐང་རྟེན་ལ་མི་རེག་པ་དལ་གྱིས་བྱ་ཞེས་པ་དང་། འོང་དུ་མི་བཏུབ་པ་མི་ བཙིར་ཞེས་པ་དང་། འོང་བ་མི་བཀྱིག་ཅེས་པ་ནི་བཤང་ཁང་དུ་འཇུག་པ་དང་། དེའི་ལས་བྱ་བ་ལ་སོགས་པ་མིང་གིས་སྨོས་པ་འདི་དག་ལྟར་གྱིས་ཤིག་པའོ། །དེ་དང་འབྲེལ་པའི་ཆེད་མ་ཡིན་ན་གཞན་གྱི་ཕྱིར་དེའི་ཉེན་ཀོར་དུ་མི་འཇུག་ཅེས་པ་ནི་བཤང་གཅིའི་ཆེད་མ་གཏོགས་པར་སྣམ་ཕྱི་སའི་ ཐན་ཀོར་མ་འདུག་ཤིག་པའོ། །ཁང་སྐྱོང་གིས་ཉིན་རེ་ཞིང་བཀྲུ་ཞེས་པ་དང་། ས་དང་འདབ་མ་དག་ཀྱང་བཞག་ཅེས་པ་དང་། བཤམས་པའི་ཕྱོགས་མ་ཡིན་པར་མི་བཤང་ཞེས་པ་དང་། ཁ་དུ་མར་མ་ཡིན་ཞེས་པ་ནི་ཁང་སྐྱོང་གིས་ཏེ་རྟག་ཏུ་བཀྲུ་ཞིང་ས་དང་འདབ་མ་གཞག་པ་དང་། སྣམ་ ཕྱི་སའི་ཕྱོགས་མ་ཡིན་པར་བཤང་བའི་ལས་མ་བྱེད་ཅིག་པ་དང་། བཤང་བའི་ཚེ་ཁ་དུ་མར་མ་བྱེད་ཅིག་པའོ། །འཁོར་བར་ན་དོང་བརྐོ་ཞེས་པ་དང་། གཅི་ཁང་དང་ཟླ་ལའོ་ཞེས་པ་དང་། དོང་བུ་ཞེས་པ་དང་། ཝ་གཟུགས་ཞེས་པ་དང་། གཞན་ནི་མཚུངས་ཞེས་པ་ནི་རྟག་པར་གཅིན་ འཛག་པ་ཞིག་ན་བཤང་ཁང་གི་ཟླ་ལ་གཅི་ཐབས་འདི་ལྟར་གྱིས་ཤིག་པའོ། །ཚད་པའི་ནད་ཀྱིས་ན་ཁྲིའུ་ལ་ཁོལ་དབྱུང་ཞེས་པ་དང་། བཏགས་པ་བཤུགས་ཏེ་ཞེས་པ་དང་། མ་གྲུབ་ན་གཅད་ཅེས་པ་དང་། གལ་ཏེ་ཐན་ཀོར་ན་ཞེས་པ་དང་། ལོ་མའི་རློད་བཞག་ཅེས་པ་དང་། ས་མི་ སྨེ་བར་བསྲུང་ཞེས་པ་དང་། དེ་བས་ན་འོག་ཏུ་གྱོ་མོའོ་ཞེས་པ་དང་ཧ་ཅང་མི་མཐོ་ན་དགེ་ཞེས་པ་དང་། དྲི་ང་བ་དུས་དུས་སུ་བཀྲུ་ཞིང་སྐམ་ཞེས་པ་དང་། ཡུངས་མར་གྱིས་བཤལ་ཞེས་པ་དང་། དེས་མི་བྲེལ་བར་འཐེབ་བཅང་ཞེས་པ་དང་། མ་གྲུབ་པ་ནི་ལེབ་མའི་འོག་རེ་བྱ་ཞེས་པ་ནི་ཚད་ པས་བཏབ་ན་ཁྲིའུ་བཏགས་པ་ནི་བཤུགས་ཏེ་ཁོལ་དབྱུང་བཏགས་པ་མ་ཡིན་པ་ནི་དྲས་ཏེ་ཁོལ་དབྱུང་བ་དང་། དེའི་ཐན་ཀོར་རྐུབ་ན་ལོ་མའི་ལྦོང་གཞག་པ་དང་། ས་མི་སྨེ་བར་གྱོ་མོ་འཐོལ་རབ་མ་ཡིན་པ་གཞག་པ་དང་། དེའི་བཀྲུ་བཤལ་འདི་ལྟར་བྱ་ཞིང་འཐེབ་བཅང་གྱོ་མོ་མེད་ན་དེ་བླངས་ཏེ་དོར་ དུ་རུང་བའི་གཞི་གྱིས་ཤིག་པའོ། །སོང་ནས་དེ་བྱེད་པ་ཕྱིས་ཞེས་པ་དང་། རྩི་སྦྱར་རམ་རྩ་བ་པོས་མ་ཡིན་ཞེས་པ་དང་། ར་དའམ་ལེབ་མའམ་ཤིང་ལོའམ་བོང་བའམ་ཤིང་བུ་འདིར་དགེ་ཞེས་པ་དང་། ས་རྣམས་གཉིས་ཀྱིས་བཀྲུ་ཞེས་པ་ནི་བཤང་ཟིན་པའི་འོག་ཏུ་དེ་མིང་གིས་སྨོས་ པ་འདི་རྣམས་ཀྱིས་ཕྱི་བ་དང་། སས་ལན་གཉིས་གསུམ་ཙམ་ཁྲུས་ཤིག་པའོ། །ས་ཚོམས་སྔ་ནས་བཀོད་པས་དེའི་འོག་ཏུ་བཀྲུ་ཞེས་པ་དང་། ཆལ་པས་འགུ་དེ་དང་རྐང་རྟེན་མ་སྨོས་པར་དལ་གྱིས་བྱ་ཞེས་པ་ནི་ཕྱིར་རོལ་དུ་བྱུང་ནས་ས་ཕྲར་སྔ་ནས་བྱས་པ་རྣམས་ཀྱིས་དལ་གྱིས་བཀྲུ་ ཞིང་ཆལ་པ་མི་འཆོལ་བར་གྱིས་ཤིག་པའོ། །བདུན་གྱིས་གཡོན་པ་པ་ཞེས་པ་དང་། བདུན་གྱིས་གཉི་ག་ཞེས་པ་དང་། དཔུང་པ་གཉིས་བཀྲུ་ཞེས་པ་དང་། སས་ཡང་ལག་པ་གཉིས་བཀྲུ་ཞེས་པ་དང་། གཞན་གྱིས་ཀུན་བདེ་ཞེས་པ་དང་། རྐང་པ་གཉིས་བཀྲུ་ཞེས་པ་ནི་ས་ ཕུང་བདུན་གྱིས་ལག་པ་གཡོན་པ་བཀྲུ་བ་དང་། ས་ཕུང་བདུན་གྱིས་ལག་པ་གཉིས་བཀྲུ་བ་དང་། དཔུང་པ་གཉིས་བཀྲུ་བ་དང་། ས་ཕུང་གཉིས་ཀྱིས་ཡང་ལག་པ་བཀྲུ་བ་དང་། ཐ་མའི་ས་ཕུང་གཅིག་གིས་ཀུན་བདེ་བཀྲུ་བ་དང་། རྐང་པ་གཉིས་ཀྱང་བཀྲུ་བ་རྣམས་སུ་སྟོན་པའོ། །ཚད་ པ་འཛག་པས་མཇུག་ཚུན་ཆད་ཕྱི་བ་ཙམ་བྱ་སྟེ་སྟན་ལ་འདུག་པ་ཉེས་མེད་ཅེས་པ་དང་། དེ་ལས་གཞན་ནི་ཆུ་ཡོད་ན་མ་བཀྲུས་པར་མི་འདུག་ཅེས་པ་ནི་བཀྲུ་སྨན་བཏང་སྟེ་ཚད་པ་རྟག་ཏུ་འོང་བ་ལྟ་བུ་ནི་མཇུག་མ་ཆད་ཀྱི་བར་དུ་ཕྱིས་པ་ཙམ་གྱིས་ཀྱང་ཆོག་པ་དང་། དེ་མ་ཡིན་པ་གཞན་ནི་ཆུ་ཡོད་ པ་ལ་བཀྲུས་ན་སྟན་ལ་མ་འདུག་ཤིག་པའོ། །ཕྲན་ཚེགས་ལ་སོགས་པ་སྨན་གྱི་དངོས་པོར་གཏོགས་པའོ།། །།ད་ནི་ལས་ཀྱི་དངོས་པོར་གཏོགས་པ་བསྡུས་ཏེ་སྟོན་པ་ནི་ཆོ་ག་ལས་འགལ་ན་ལས་མི་སྐྱེ་ཞེས་པ་ལ་སོགས་པ་ཡིན་ཏེ་ལས་སུ་བྱའོ། །ཆོ་གའི་ཆོ་ག་ལས་འགལ་ བར་བྱས་ན་ལས་སུ་མི་རུང་བར་སྟོན་པའོ། །མི་ཐོས་པར་བྱས་པས་ཐོས་ན་མ་ཡིན་ཞེས་པ་ནི་ཚུལ་ཁྲིམས་ཞིག་པ་དང་བསྙེན་པར་མ་རྫོགས་པ་ལ་སོགས་པས་ཐོས་ན་ཡང་ལས་སུ་མི་རུང་བ་ནི་མ་ཡིན་པའོ། །མི་སྐྱེ་བ་ནི་མི་བྱ་ཞེས་པ་ནི་ལས་སུ་མི་རུང་བ་ཉེས་བྱས་སམ་ལྟུང་བ་ དང་བསྡོས་ལ་མ་བྱེད་ཅིག་པའོ། །ལས་ཀྱི་དངོས་པོ་ཉིད་སྟོན་པ་ནི་དེའི་ནི་གསོལ་བ་ཞུ་བ་སོ་སོར་ཐར་པ་འདོན་པ་ཚུལ་ནས་འབྱུང་བའོ་ཞེས་པ་ཡིན་ཏེ། ལས་ནི་མིང་གིས་སྨོས་པ་འདི་རྣམས་སོ། །གང་ཆོ་ག་ལས་འགལ་ན་ལས་སུ་མི་རུང་བ་དེ་སྟོན་པ་ནི་ཆོས་མ་ཡིན་པས་མི་བྱ་ཞེས་པ་ཡིན་ཏེ། མ་གླེངས་མ་བསྐུལ་བར་ཆད་པ་ལ་སོགས་པ་ནན་གྱིས་བཅད་པ་ནི་ཆོས་མ་ཡིན་པའོ། །ཚོགས་མ་ཡིན་ཞེས་པ་ནི་ཁར་བ་དང་དྲ་བའི་སྡོམ་པ་སྦྱིན་པ་བཞི་ལ་སོགས་པའི་ཚོགས་སུ་བསླང་བ་ལས་མ་སྦྱིན་ཅིག་པའོ། །བསྙེན་པར་རྫོགས་པ་དེ་བཞིན་མ་འདུས་པར་མ་ཡིན་ཞེས་པ་ནི་མཚམས་ཀྱི་ནང་ ན་འཁོད་པ་རྣམས་ཀྱི་དད་པ་མ་བླངས་པར་མ་བྱེད་ཅིག་པའོ། །དགེ་འདུན་དུ་མ་གྱུར་ན་ཞེས་པ་ནི་དགེ་འདུན་བཞི་ཡན་ཆད་དགེ་འདུན་གྱི་གྲངས་སུ་དགོས་པ་བཞིན་དུ་མ་ཚང་བར་མ་བྱེད་ཅིག་པའོ། །བྱུང་བ་ནི་ཉི་ཤུ་ལ་སོགས་པས་དགེ་འདུན་ཞེས་པ་ནི་ལྷག་མ་ལས་བྱུང་བའི་དགེ་འདུན་ ནི་ཉི་ཤུ་ཡན་ཆད་དགོས་པའོ། །བསྙེན་པར་རྫོགས་པ་ནི་བཅུ་ལ་སོགས་པས་ཞེས་པ་དང་། མ་ལྡན་ན་མཐའ་ཁོབ་ཏུ་འདུལ་བ་འཛིན་པ་དང་ལྔ་ལ་སོགས་པའོ་ཞེས་པ་ནི་ཡུལ་དབུས་སུ་བསྙེན་པར་རྫོགས་པའི་དགེ་འདུན་བཅུ་ཡན་ཆད་དགོས་པ་དང་། མཐའ་ཁོབ་ཏུ་ལྔ་ཡན་ཆད་ དགོས་པའོ། ལྷག་མ་ནི་བཞི་ལ་སོགས་པའོ་ཞེས་པ་ནི་དབྱུང་བ་དང་བསྙེན་པར་རྫོགས་པ་ལ་མ་གཏོགས་པའི་ལས་གཞན་བྱེད་པའི་ཚེ་དགེ་འདུན་བཞི་ཡན་ཆད་དགོས་པའོ། །དགེ་སློང་མ་དང་ནི་ལས་ཐ་དད་ཅེས་པ་ནི་ལས་གོང་དུ་སྨོས་པ་རྣམས་ཀྱང་། དགེ་སློང་མ་དང་ནི་ཐ་དད་པར་ སྟོན་པའོ། །ཐ་དད་པ་ལས་ཀྱང་ཁ་ཅིག་དགེ་འདུན་གྱི་བཏང་དགོས་པ་ནི་ཚུལ་ནས་འབྱིན་པ་ནི་དགེ་སློང་གི་དགེ་འདུན་གྱིས་ཀྱང་ཞེས་པ་ལ་སོགས་པ་ཡིན་ཏེ་ཚུལ་ནས་འབྱིན་པའི་ཚེ་དགེ་སློང་གི་དགེ་འདུན་ཡང་མེད་དུ་མི་རུང་བའོ། །དེ་དག་འདུམ་བར་གྱུར་ནས་གསོ་སྦྱིན་ཞེས་པ་ནི་ དགེ་སློང་གི་དགེ་འདུན་རྣམས་དང་མཐུན་པར་གྱུར་ནས་གདོད་གསོ་སྦྱིན་གྱིས་ཤིག་པའོ། །འདུན་པར་བྱ་བ་ཇི་ལྟར་བསྒྲུབ་ཅེ་ན། དད་པ་དང་གསོ་སྦྱིན་ཕུལ་བས་དེ་གྲུབ་ཅེས་པ་ཡིན་ཏེ། དགེ་སློང་མའི་དགེ་འདུན་གྱི་གསོ་སྦྱིན་བྱ་བར་གསོལ་ནས་གདོད་སྡོམ་པ་དེ་འགྲུབ་པར་སྟོན་ པའོ། །འདིར་གཉིས་ཀྱི་ལས་སོ་ཞེས་པ་ནི་དད་པ་དང་གསོ་སྦྱིན་འབུལ་བ་དགེ་སློང་མ་གཉིས་ཀྱི་ལས་ཡིན་པའོ། །འདི་ནུས་པ་དག་གིས་སོ་ཞེས་པ་ནི་དད་པ་དང་གསོ་སྦྱིན་དབུལ་བ་དང་ནོད་ནུས་པའི་དགེ་སློང་མ་གཉིས་སྐོས་ཤིག་པའོ། །མེད་ན་གཅིག་གིས་ཀྱང་ཞེས་པ་ནི་ནུས་ པ་གཉིས་མེད་ན་གཅིག་ཀྱང་བླའོ། །དགེ་འདུན་གྱིས་སྐད་ལེན་པའི་དགེ་སློང་བསྐོ་ཞེས་པ་དང་། དེའི་གནས་ནི་སྒོ་ཁང་ངོ་ཞེས་པ་དང་། འབྲོས་པ་ལྟ་ན་བསྒོ་ཞེས་པ་དང་། དེས་ཀྱང་འདི་བཞིན་ཞེས་པ་དང་། འབྲོས་པར་མ་ཡིན་ཞེས་པ་དང་། མི་ཤེས་ན་མིང་རུས་དྲི་ཞེས་པ་ནི་དགེ་སློང་ མའི་ཆ་སྐད་ལེན་པ་འདི་དགེ་སློང་བསྐོ་བ་དང་། དེས་སྒོ་ཁང་དུ་བསྡད་པ་དང་། དེས་འབྲོས་ན་དགེ་སློང་མས་མ་འབྲོས་སོ་ཞེས་བྱ་བ་དང་། དགེ་སློང་མ་བྲོས་ན་ཡང་དེས་འབྲོས་སུ་མི་གནང་བ་དང་། སུས་བསྐོས་པའི་རྒྱུས་མི་ཤེས་ན་འང་མིང་རུས་དྲིས་ཤིག་པའོ། །མགུ་བ་དང་དབྱུང་ བ་ནི་གཉིས་ཚོགས་ཏེའོ་ཞེས་པ་ནི་དགེ་སློང་མ་ལྷག་མ་བྱུང་བས་མགུ་བ་དང་དབྱུང་བ་གཉིས་ཀ་དགེ་འདུན་སྡེ་གཉིས་ལ་བྱ་དགོས་པའོ། །བསྙེན་པར་རྫོགས་པ་ཡང་ངོ་ཞེས་པ་ནི་དགེ་སློང་མ་བསྙེན་པར་རྫོགས་པའི་ཚེའང་དགེ་འདུན་སྡེ་གཉིས་དགོས་པའོ། །འདི་རྣམས་ཀྱི་སྡེ་ནི་བཅུ་གཉིས་སོ་ཞེས་ པ་ནི་དགེ་སློང་མ་ཡུལ་གྱི་དབུས་སུ་བསྙེན་པར་རྫོགས་པ་ནི་དགེ་འདུན་བཅུ་གཉིས་དགོས་པའོ། །སྡོམ་པ་སྔ་མ་གཉིས་དང་། འགོད་པ་ཚད་མེད་པའི་འཁོར་འཇོག་པའི་སྡོམ་པ་སྦྱིན་པ་ནི་དགེ་འདུན་གྱི་མཐས་སོ་ཞེས་པ་ནི་དགེ་སློང་མའི་སྡོམ་པ་དང་ཚངས་པའི་གནས་ཀྱི་སྡོམ་པ་གཉིས་དང་། འཁོར་ དང་ཚད་མེད་པའི་འཁོར་འཇོག་པའི་སྡོམ་པ་དབོག་པ་དང་། དགེ་སློང་མའི་དགེ་འདུན་བཅུ་གཉིས་ཀྱིས་ཕོག་ཤིག་པའོ། །ལས་བྱེད་མ་ནུས་ན་དེས་མཉན་ལ་དགེ་སློང་ཕས་ཞུ་བ་བྱར་རུང་ཞེས་པ་ནི་དགེ་སློང་མས་ལས་བྱེད་མ་ནུས་ན་དགེ་སློང་ཕས་བྱས་ལ་དེས་མཉན་དུ་རུང་བའོ། །ཇི་སྲིད་ཀྱི་བར་དུ་ ཞེ་ན་གང་གི་ཕྱིར་མི་གསུང་བས་ན་ཞེས་པ་ཚུན་ཆད་དོ་ཞེས་པ་ཡིན་ཏེ། འཕགས་མའི་དགེ་འདུན་གྱིས་བཟོད་ན་ཞེས་པ་ཡན་ཆད་དགེ་སློང་ཕས་བྱའོ། །གང་མི་གསུང་བས་ཞེས་པའི་ཚིག་ཉིད་ནི་དགེ་སློང་མས་བརྗོད་དགོས་པའོ། །མ་བཀད་ན་ཚངས་པ་མ་ཡིན་ཞེས་པ་ནི་དགེ་འདུན་རིལ་ གྱིས་གྲལ་དུ་མ་བཀད་པར་ལ་ལ་འདུག་ལ་ལ་འཆག་བཞིན་དུ་ལས་བྱས་ན་སྤྱོད་ལམ་ཐ་དད་པའི་ཕྱིར་ལས་སུ་མི་རུང་བའོ། །གང་གིས་བྱེད་པ་མ་ཡིན་ཞེས་པ་ནི་ཆད་པས་བཅད་པ་ལ་སོགས་པ་དགེ་སློང་གི་ཕྱིར་ལས་བྱེད་པ་དེ་ཉིད་དགེ་འདུན་གྱི་གྲངས་སུ་མ་གཞུག་ཤིག་པའོ། །དེ་ལྟ་བས་ན་དད་པ་དང་། ཡོངས་སུ་དག་པའི་ཚོགས་ཚངས་པར་མི་འགྱུར་ཞེས་པ་ནི་གོང་མ་ལྟ་ན་དད་པ་དང་ཡོངས་སུ་དག་ཙམ་གྱིས་དགེ་འདུན་མ་ཚང་བའི་ཁ་བསྐང་བར་མི་བྱེད་ཅིག་པའོ། །འདི་གཉིས་མི་བླང་ཞེས་པ་དང་། ཚུལ་ནས་འབྱིན་པ་མི་བསྐོ་ཞེས་པ་ནི་དགེ་འདུན་བཞི་ལས་མེད་ན་གཅིག་གིས་དད་པ་བླང་བ་དང་། དེ་བཞིན་དུ་བཞི་ལས་མེད་ན་གཅིག་ཚུལ་ནས་འབྱིན་པར་མ་བསྐོ་ཤིག་པའོ། །བསྙེན་པར་མ་རྫོགས་པ་ཞིག་པ་མཚམས་མེད་པར་བྱས་པ་སྡིག་པར་ལྟ་བས་གཞན་ལ་གནས་པ་དུ་མར་གནས་པ་རྣམས་མ་ཡིན་ཞེས་པ་ནི་མིང་གིས་སྨོས་པ་འདི་རྣམས་ཀྱིས་དགེ་འདུན་མ་ཚང་བའི་ཁ་བསྐང་བར་མ་བྱེད་ཅིག་ པའོ། །དེ་ལ་ཞིག་ཅེས་པ་ནི་ཚུལ་ཁྲིམས་ཞིག་པའོ། །སྡིག་པར་ལྟ་ཞེས་པ་ནི་ལྟ་བ་དྲུག་ཅུ་རྩ་གཉིས་གང་ཡང་རུང་བར་བལྟས་པའོ། །ས་གཞན་ལ་གནས་ཞེས་པ་ནི་དགེ་སློང་ཐ་མལ་པའི་ས་དེ་ཆད་པས་བཅད་པ་ལ་སོགས་པའི་ལས་ན་འདུག་པའོ། །དུ་མར་གནས་ཞེས་པ་ནི་སྐབས་འདིར་ཆོས་ མ་ཡིན་པའི་ཕྱོགས་ལ་གནས་པ་སྟེ་ལྷས་བྱིན་གྱི་ཕྱོགས་ན་འཁོད་པ་མ་ཚང་བ་རྣམས་ཀྱི་ཁ་དེའི་ཕྱོགས་སུ་མ་སྦོང་བའི་དགེ་སློང་ཐ་མལ་པ་རྣམས་ཀྱིས་བསྐོང་དུ་མི་རུང་བའོ། །སྨས་པ་ཡང་ཞེས་པ་ནི་ཕས་ཕམ་པ་མ་ཡིན་པའི་ལྷག་མ་མན་ཆད་ཉེས་པ་བཞིན་བྱས་པ་ལ་བྱ་སྟེ། ཉེས་པ་དེ་དག་ལྟ་བུ་དང་ ལྡན་པས་དགེ་འདུན་གྱི་ཁ་བསྐང་དུའང་མི་རུང་བར་སྟོན་པའོ། །ཅིའི་ཕྱིར་དེ་ལྟ་ཞེ་ན། འགྲོ་བ་ལས་བཙུན་པ་ཇི་ཙམ་གྱིས་ན་རང་བཞིན་ལ་མི་གནས་པ་ལགས་ཨུ་པཱ་ལི་སྦྱང་པ་མ་ཡིན་པ་སྤྱོད་ཅིང་དགེ་སློང་གི་བསླབ་པ་མི་སློབ་པ་འདི་ཙམ་གྱིས་རང་བཞིན་ལ་མི་གནས་པའོ་ཞེས་འབྱུང་བས་ན་ ཚུལ་ཁྲིམས་ཡོངས་སུ་དག་པ་མ་ཡིན་པའི་ཕྱིར་རོ། །དེ་ཇི་ཙམ་ཡན་ཆད་ཀྱིས་སྨྲས་པར་གདགས་ཤེ་ན། བསྡམ་པར་བྱ་བ་ཡང་ཞེས་པ་ཡིན་བཤགས་པར་བྱ་བའི་ཉེས་པ་ལྟ་ཅི་སྨོས་ཀྱིས་བསྡམ་པར་བྱ་བའི་ཉེས་བྱས་ཀྱིས་ཀྱང་སྨྲས་པར་འགྱུར་བའོ། །ཅིའི་ཕྱིར་དེ་ལྟ་ཞེ་ན། ཚུལ་ནས་འབྱུང་ བའི་དངོས་པོ་ལས་འགལ་ཏེ་བསྡམ་པར་བྱ་བར་ཁས་ལེན་ན་ཡང་བསྡམས་ནས་འབྱུང་བར་བྱའོ་ཞེས་འབྱུང་བས་ན་ཁ་ཅིག་ན་རེ་དེ་ལྟ་ན་ནི་རྣ་རྡུམ་དང་ནད་ལ་སོགས་པར་བསྙེན་པར་རྫོགས་པར་བྱེད་ན་དང་པོ་རྩོམ་པ་ནས་དགེ་འདུན་ཀུན་ཉེས་བྱས་ཅན་དུ་གྱུར་ན་ནི་དགེ་འདུན་དུ་མ་ལོངས། དགེ་འདུན་ དུ་མ་ལོངས་ན་ནི་ལས་སུ་མི་རུང་། ལས་སུ་མི་རུང་ན་ནི་བསྙེན་པར་རྫོགས་པར་ཡང་མི་འགྱུར་བས་ན། བཤད་པ་མི་རིགས་ཀྱི་ཕས་ཕམ་པའི་སྨྲས་པ་མ་བྱུང་བ་ལ་བྱའོ་ཞེས་རྒོལ་བ་ཡང་ཡོད་མོད་ཀྱི་དེ་ལྟར་ཡང་མི་འགྱུར་ཏེ་གསོལ་བའི་ལས་ཀྱིས་བྱིན་གྱིས་བརླབས་ན་ཡོངས་སུ་གཙང་བར་ འགྱུར་བའི་ཕྱིར་རོ། །བཤགས་པ་མེད་དུ་ཟིན་ཀྱང་ཡོངས་སུ་དག་པ་སྟོན་པ་ནི་བྱིན་གྱིས་བརླབས་པ་ནི་དག་པར་འགྱུར་ཞེས་པ་ཡིན་ཏེ་དགེ་འདུན་གྱི་ལྷག་མ་ལ་སོགས་པའི་ཉེས་པ་བྱིན་གྱིས་བརླབས་པ་ན་ཡོངས་སུ་དག་པར་འགྱུར་བའོ། །དེ་མོད་ལ་བཤགས་སུ་རུང་བ་ཡང་བྱིན་གྱིས་ བརླབས་པས་སློན་ནམ་ཞེ་ན། ནུས་ན་མ་ཡིན་ཞེས་པ་ཡིན་ཏེ། དེའི་མོད་ལ་བཤགས་སུ་རུང་བ་ནི་བྱིན་གྱིས་བརླབས་སུ་ཟིན་གྱིས་ཀྱང་ཡོངས་སུ་དག་པར་མི་འགྱུར་བའོ། །དེའི་མོད་ལ་བཤགས་སུ་རུང་བ་གང་ཞེ་ན། དེའི་མོད་ལ་ནུས་པ་ནི་ལྟུང་བ་ཉི་ཚེ་དང་སོ་སོར་བཤགས་པ་དང་ཉེས་ བྱས་བཅོས་སུ་རུང་བ་རྣམས་ཏེ། ལེན་པ་ཡོད་ན་བཤགས་པ་ཙམ་གྱིས་ཆོག་པའི་ཕྱིར་ཞེས་པ་ཡིན་ཏེ། མིང་གིས་སྨོས་པ་འདི་རྣམས་ཀྱིས་ཉེས་པ་བཤགས་པའི་མོད་ལ་དག་པའི་ཕྱིར་ལས་བྱེད་པའི་ཚེ་མ་བཤགས་པར་ལེན་པ་ཡོད་བཞིན་དུ་བྱིན་གྱིས་བརླབས་པ་ནི་བྱིན་གྱིས་བརླབས་ཀྱང་མི་ཕན་པའོ། །ཉེས་པར་གྱུར་ པ་ནི་འདུ་ཤེས་ཇི་བཞིན་དུ་བྱ་ཞེས་པ་ནི་ཉེས་པར་གྱུར་པ་ལ་ཁ་མི་འདུམ་ན་སོ་སོར་ཇི་ལྟར་བཀྱིག་པའི་འདུ་ཤེས་བཞིན་དུ་གྱིས་ཤིག་པའོ། །གཅིག་ལ་ཡང་བསྐྲད་པའམ། མི་བསྐྲད་པའམ། བཅོས་པའི་རྣམ་པ་དུ་མར་ཡང་མི་རུང་བ་མེད་ཅེས་པ་ནི་གོང་མ་ལྟར་ཁ་དུམ་ན་གང་ཟག་གཅིག་ལ་ ཡང་ལྷག་མ་མ་ལུས་པར་འདུ་ཤེས་པ་རྣམས་ཀྱི་ནི་དགེ་འདུན་གྱི་ཁོངས་སུ་བཅུག་པ་དང་ཚངས་པར་བྱ་བ་ཡང་གོང་མ་དང་འདྲ་བར་སོ་སོར་འདུ་ཤེས་ཇི་ལྟ་བ་བཞིན་དུ་གཉེན་པོ་ལ་བརྟེན་དུ་བཅུག་ན་མི་རུང་བ་མེད་པར་སྟོན་པའོ། །འདི་དག་གི་བྱ་བར་མ་ཡིན་ཞེས་པ་ནི་བསྙེན་པར་རྫོགས་པ་ནས་སྨོས་པ་ ཞེས་པའི་བར་དུ་སྨོས་པ་རྣམས་ཀྱིས་གསོལ་བ་ལ་སོགས་པའི་ལས་མ་བྱེད་ཅིག་པའོ། །ཅིའི་ཕྱིར་དེ་ལྟ་ཞེ་ན། གླེང་གཞི་ལས་བཙུན་པ་བསླབ་པ་བྱིན་པ་ལས་བགྱིས་ན་ལས་བགྱིས་པའམ་མ་བགྱིས་པ་ཞེ་ན། ཨུ་པཱ་ལི་མ་བྱས་པ་ཡིན་གྱིས་སླར་སྐྱོས་ཤིག་ཅེས་པ་དང་། དེ་བཞིན་དུ་མ་ནིང་དང་ཟ་མ་དང་། དགེ་སློང་མ་སླུ་བ་དང་། ཕ་མ་གསོད་པ་ལ་སོགས་པ་མཚམས་མེད་པའི་ལས་བྱས་པ་རྣམས་དང་། མུ་སྟེགས་པ་དང་མུ་སྟེགས་པར་ཞུགས་པ་དང་། རྐུན་བུར་གནས་པ་དང་། དུ་མར་གནས་པ་རྣམས་ཀྱི་ལས་བྱས་པ་ཡང་སྐྱོས་ཤིག་ཅེས་འབྱུང་བའི་ཕྱིར་རོ། །ལྷག་མ་ཅན་ཆོས་བཞིན་པས་གདོན་པར་ བྱ་ཞེས་པ་ནི་ལྷག་མ་གཉེན་པོ་ལ་བརྟེན་བཞིན་པས་ནི་སོ་སོར་ཐར་པ་གདོན་དུ་རུང་བ་སྟེ། འདི་དག་གི་བྱ་བ་མ་ཡིན་ཞེས་པའི་མདོ་འབྲེལ་པ་ཡིན་ནོ། །དེ་ལས་གཞན་པ་དག་གིས་ཐོས་པར་མི་བྱ་ཞེས་པ་ནི་ལྷག་མ་ཆོས་བཞིན་པ་ལས་གཞན་པ་དག་གིས་ནི་དགེ་འདུན་གྱི་ལས་ཐོས་པར་མ་བྱེད་ཅིག་པའོ། །ཐམས་ ཅད་ཀྱི་དེ་ལྟའམ་ཞེ་ན། མ་སྤངས་པ་མ་ལོག་པ་ནི་མ་གཏོགས་ཞེས་པ་ཡིན་ཏེ། བཀར་ཞིང་བྱེ་བའི་སྤངས་པ་མ་ཡིན་པ་དང་མཚམས་མེད་པ་བྱས་པ་དང་། བསྙེན་པར་རྫོགས་པའི་ལོག་པ་མ་ཡིན་པ་ནི་ཐོས་པར་མི་བྱ་བ་མ་གཏོགས་པར་སྟོན་པ་སྟེ། དེ་ལ་བཀར་ཞིང་བྱེ་བ་ཅིའི་ཕྱིར་སྤངས་པ་ཞེ་ན། ཆོས་ དང་ཟང་ཟིང་གི་སྤྱོད་པ་མི་གཅིག་པར་དགེ་འདུན་གྱིས་སྤངས་པའི་ཕྱིར་རོ། །མཚམས་མེད་པར་བྱས་པ་ལ་སོགས་པ་ཅིའི་ཕྱིར་ལོག་པ་ཞེ་ན། མཚམས་མེད་པར་བྱས་པ་ནི་བདེ་འགྲོ་ལས་ལོག་པའི་ཕྱིར་རོ། །ཞིག་པ་ནི་ཐ་མ་པ་ལས་ལོག་པའོ། །བསྙེན་པར་མ་རྫོགས་པ་ནི་བསྙེན་པར་རྫོགས་པ་ ལས་ལོག་པའི་ཕྱིར་རོ། །དེ་ལ་མ་སྤངས་པའི་དངོས་པོ་ནི་བསྡིགས་པ་དང་སྨྲས་པ་དང་བསྐྲད་པ་དང་མགོང་ཐོད་དང་བསླབ་པ་བྱིན་པ་དང་། དེའི་རང་བཞིན་ཚོལ་བ་རྣམས་སོ་བཀར་བ་ཉིད་ཀྱི་ལས་ཀྱང་ངོ་ཞེས་པ་ནི་བཀར་བའི་ཆད་པ་བྲག་བཀར་ཚངས་པའི་ལས་ཐོས་ཀྱང་བླ་བའོ། །བསྙེན་པར་ རྫོགས་པར་འདོད་པ་ན་ནང་དུ་འདྲི་བའི་ཕྱིར་གསོལ་བ་ལ་སོགས་པ་ཡང་ངོ་ཞེས་པ་བསྙེན་པར་རྫོགས་པར་འདོད་པ་དགེ་འདུན་གྱི་ནང་དུ་བར་ཆད་ཀྱི་ཆོས་དྲི་བའི་ཕྱིར་གསོལ་བ་ལ་སོགས་པའི་ལས་ཐོས་ཀྱང་བླ་བའོ། །བསྙེན་པར་མ་རྫོགས་པ་ལ་ཡང་ཁ་ཅིག་ནི་མངོན་སུམ་དུ་བྱ། ཁ་ཅིག་ ནི་ཐོས་པར་བྱ་བ་ལ་མངོན་སུམ་དང་ཐོས་པའི་ཐབས་ཇི་ལྟར་བྱ་ཞེ་ན། མངོན་སུམ་ནི་མཐོང་བའི་ལམ་དུ་བཞག་པ་དང་ཐོས་པ་ནི་སྦྲན་པ་སྟེ། དེ་ལྟར་བྱས་པས་བསྒྲུབ་ཅེས་པ་ཡིན་ཏེ། བསྙེན་པར་རྫོགས་པ་ལ་མངོན་སུམ་གྱི་ལས་སུ་བྱ་བ་ཡང་མཐོང་བའི་ལམ་དུ་བཞག་ནས་བྱ་བ་དང་བསྙེན་ པར་མ་རྫོགས་པ་ལ་ཐོས་པའི་ལས་བྱ་བས་བསྐྲད་པ་ལྟ་བུ་ཡིན་ཏེ་མིག་ལམ་དུ་མི་སྣང་བར་བཞག་ལ་དགེ་སློང་གཅིག་གིས་སྦྲན་ཅིང་སྐད་སྦྱར་བའོ། །གཙུག་ལག་ཁང་སྨོས་པ་ལ་ཕྱག་མི་བྱ། མི་སྨྲ་མི་སྤྱོད་པ་རྣམས་ཀྱི་སྡོམ་པ་ནི་མངོན་སུམ་དུ་མ་གྱུར་པར་རོ་ཞེས་པ་ནི་མིང་གིས་སྨོས་པ་འདི་ རྣམས་ཀྱི་སྡོམ་པ་དབོག་པ་ནི་གང་ཟག་དེ་ཉིད་ལ་ལྟོས་མི་དགོས་པར་དབང་དགེ་འདུན་ལ་ཡོད་པས་ན་མངོན་སུམ་དུ་མི་བྱ་བའོ། །དེ་ལ་གཙུག་ལག་ཁང་ཞེས་པ་ནི་གང་ཟག་གཅིག་གི་གཙུག་ལག་ཁང་དུ་དགེ་འདུན་གཞན་མི་འགྲུལ་བར་སྡོམ་པ་བཅའ་བའོ། །སྨོས་ཞེས་པ་ནི་དགེ་སློང་སྨོས་ པའི་སྡོམ་པ་དབོག་པའོ། །ཕྱག་མི་བྱ་ཞེས་པ་ནི་དགེ་སློང་མ་དང་མ་བོས་པར་འདུལ་བ་ལྟ་བུ་དགེ་སློང་གིས་བཀར་ཞིང་དགེ་སློང་མས་ཕྱག་མི་བྱ་བར་དེ་བཅའ། མི་སྨྲ་ཞེས་པ་ནི་གླེང་བས་བསྐུལ་བའི་སྐབས་མི་འབྱེད་ན་དགེ་འདུན་གྱིས་དེ་དང་གཏམ་མི་བྱ་བར་སྡོམ་པ་བཅའ་བའོ། །མི་སྤྱོད་པ་ནི་ ཆོས་དང་ཟང་ཟིང་གི་སྤྱོད་པ་ལྷན་ཅིག་ཏུ་མི་བྱ་བར་དམ་བཅའ་བའོ། །དེ་ལ་ཞལ་ནས་གསུངས་པ་ལ་ནི་ལྷུང་བཟེད་ཁ་དབུབ་ཅིང་དགོན་པ་དང་། ཁྱིམ་དུ་མི་འདོད་པར་བསླབ་པའི་དམ་བཅའ་ཞིང་དགྲོལ་བ་དང་། དགེ་ཚུལ་གྱི་སྣང་བར་བསྐྲད་པའི་སྡོམ་པ་ལྔ་དང་སྤྱིར་བཅུ་བྱུང་ལ་འདིར་ནི་ལྔ་ ལས་མི་སྨོས་པ་ཅིའི་ཕྱིར་ཞེ་ན། བསྙེན་པར་མ་རྫོགས་པ་རྣམས་ཀྱི་ཕྱིར་བཅས་པ་ཡིན་པས་ན་མངོན་སུམ་དུ་བྱ་བར་དོགས་པ་མི་སྐྱེ་བའི་ཕྱིར་འདིར་མི་སྨོས་སོ། །དེའི་ཆེད་མ་གཏོགས་པར་མི་ཞུ་བ་ཞེས་པ་ནི་ཞུ་བ་གཅིག་ལ་སོགས་པའི་ལས་གང་བརྩམས་ཀྱང་རུང་སྟེ། དང་པོ་ཉིད་དུ་དགེ་ འདུན་གོ་བར་བྱ་བའི་གསོལ་བ་ཇེ་མ་བྱས་པར་ལས་ཀྱི་ཚིག་མ་རྩོམ་ཤིག་པའོ། །གོང་དུ་མི་འདུམ་པར་མ་ཡིན་ཞེས་སྨོས་པ་དེའི་མི་འདུམ་པ་གང་ལ་བྱ་བ་སྟོན་པ་ནི་མཚམས་དེའི་ནང་དུ་གཏོགས་པ་ལ་བསྐང་བར་ཡང་འོས་པ་ལས་ལུས་སམ་དད་པས་བཀད་པར་མ་ཞུགས་པ་དང་། རྒྱུས་མི་ཤེས་ཤིང་འཁོན་ཡོད་པ་མ་གཏོགས་པར་སྤྱོད་ལམ་ཡང་མ་ཉམས་རང་བཞིན་ལའང་གནས་གཅིག་པས་ཁོ་ན་ཉིད་ཀྱི་ལས་གཞན་ཞིང་ཆོས་དང་འགལ་བ་ལ་མི་སྟེར་བ་མི་མཐུན་པའོ་ཞེས་པ་ཡིན་ཏེ་མཚམས་དེའི་ནང་དུ་གཏོགས་ཤིང་བསྐང་བར་འོས་པ་ལས་བཀད་གྲལ་མ་བཟུང་ངམ་དད་པ་མ་ ཕུལ་ན་མི་མཐུན་པར་འགྱུར་བ་དང་རྒྱུས་མི་ཤེས་ཤིང་ཁོ་ན་ཡོད་པ་མ་གཏོགས་པར་སྤྱོད་ལམ་མ་ཉམས་པ་ལ་སོགས་པ་མིང་གིས་སྨོས་པ་འདི་རྣམས་ལྟ་བུ་ཁོ་ན་ཉིད་ཀྱི་ཕྱིར་ཡང་མ་ཡིན་ཆོས་དང་འགལ་བའི་ཕྱིར་དགེ་འདུན་གྱིས་ལས་སུ་མི་རུང་ངོ་ཞེས་བྱེད་དུ་མི་སྟེར་ན་མི་མཐུན་པར་འགྱུར་བར་སྟོན་པའོ། ། དེ་ལ་ཆོས་དང་འགལ་བར་ནི་སྐབས་འདིར་གང་ཟག་གང་གི་ཕྱིར་ལས་བྱ་བའི་མི་དེ་ཉིད་སྟམས་ལས་ཆད་པའོ། །དེའི་ཚིག་ལ་གཙིགས་པའི་འབྲུ་གཉེར་འཆད་པ་ནི་བརྫུན་དུ་སྨྲས་པ་ལ་ཕལ་ཆེ་བ་ནི་ཚིག་མི་གཙིགས་པས་སོ་ཞེས་པ་དང་། ཕྲ་མ་ཚིག་རྩུབ་པོ་ངག་ཀྱལ་པ་རྣམས་སོ་ཞེས་པ་ཡིན་ཏེ། མིང་གིས་སྨོས་པ་འདི་རྣམས་ལྟ་བུ་མ་ཡིན་ན་ཚིག་གཙིགས་པའོ། །རང་བཞིན་ལ་གནས་པའི་འབྲུ་གཉེར་འཆད་པ་ནི་འདི་དང་བྱ་བ་ལས་འགལ་ཞིང་མི་བྱ་བ་བྱེད་པ་ནི་རང་བཞིན་དུ་མི་གནས་པའོ་ཞེས་པ་ཡིན་ཏེ། གོང་དུ་སྨོས་པའི་བརྫུན་ལ་སོགས་པ་དང་གཞན་ཡང་བྱ་བ་མི་བྱེད་ཅིང་མི་ བྱ་བ་བྱེད་པ་ནི་རང་བཞིན་དུ་མི་གནས་པ་སྟེ། འདི་ལ་བཟློག་ན་རང་བཞིན་ལ་གནས་པ་ཉིད་དུ་རིག་པར་བྱ་བའོ། །སྤྱོད་ལམ་ཉམས་པའི་འབྲུ་གཉེར་སྟོན་པ་ནི། དེ་ནས་འབྱོལ་བར་བསམས་ཏེ། འདི་བཏང་བ་ནི་སྤྱོད་ལམ་ཉམས་པའོ་ཞེས་པ་ཡིན་ཏེ་དགེ་འདུན་ལས་བྱེད་པའི་བཀད་གྲལ་ དེ་ནས་གུད་དུ་འགྲོ་བར་བསམས་ཏེ་གྲལ་ནས་ལངས་ན་སྤྱོད་ལམ་ཉམས་པ་ཡིན་པས་ན་འདི་ལྟ་བུར་མ་གྱུར་ན་སྤྱོད་ལམ་མ་ཉམས་པའོ། །དགེ་འདུན་ལ་ལྟ་བ་བསྙད་ཅེས་པ་ནི་དགེ་འདུན་གྱི་ལས་སུ་བྱ་བའི་ཕྱི་ནས་བདག་གི་ཡིད་ལ་བབ་བམ་མ་བབ་པ་ལ་སོགས་པ་དགེ་འདུན་ལ་བློ་གདབ་ཅིང་ ཤད་ཀྱིས་སྦྱོང་ཤིག་པའོ། །གཞན་ལ་མ་ཡིན་ཞེས་པ་དད་བསྙེན་པར་མ་རྫོགས་པ་ལ་མ་ཡིན་ཞེས་པ་དང་། བསྐང་བར་མི་འོས་པ་ལ་ཡང་ཞེས་པ་དང་། ལྷག་མ་མ་ལུས་པ་ལ་མ་ཡིན་ཞེས་པ་ནི་མིང་གིས་སྨོས་པ་འདི་རྣམས་ལྟ་བུ་ལ་ནི་བདག་གིས་བསམ་པའམ་ལྟ་བ་མ་སྙོད་ཅིག་པའོ། །གཞན་ ལ་མ་ཡིན་ཞེས་པ་ནི་དགེ་འདུན་ལས་གཞན་པ་སྟེ་གསུམ་མན་ཆད་ཀྱི་གང་ཟག་ལ་མ་སྙོད་ཅིག་པའོ། །བསྙེན་པར་མ་རྫོགས་ཞེས་པ་ནི་བསྙེན་པར་མ་རྫོགས་པ་འདུས་པ་རྣམས་ལ་འདི་མ་ཟེར་ཅིག་པའོ། །བསྐང་བར་མི་འོས་པ་ལ་ཡང་ཞེས་པ་ནི་དགེ་འདུན་གྱི་ཁ་བསྐང་བར་མི་འོས་པ་རྣམས་ལ་ ཡང་མ་ཟེར་ཅིག་པའོ། །ལྷག་མ་མ་ལུས་ཞེས་པ་ནི་ཕས་ཕམ་པ་བྱུང་བའོ། །ཅེས་དགེ་བ་དང་ཅེས་ཕལ་ཆེར་བྱེད་ན་བསྐོས་པ་ཕྱུང་ལ་བསྒོ་ཞེས་པ་ནི་སྔར་གང་ཟག་གི་ལས་སུ་བསྐོས་པ་བས་ཞོ་ཤ་ཆེ་བ་གཞན་ཡོད་ན་སྔ་མ་ཕྱུང་ལ་གཞན་སྐོས་ཤིག་པའོ། །དུས་དང་གཏན་པ་དང་གཞན་རྣམས་དེས་ པར་མི་བྱ་ཞེས་པ་ནི་གང་ཟག་གིས་ལས་སུ་བསྐོས་པ་ལ་ཡང་ཡུན་འདི་སྲིད་ཀྱི་བར་དུ་གྱིས་ཤིག་ཅེའམ་ལས་འདི་ལས་བྱུང་ནས་ཀྱང་ཡང་བསྒོའོ་ཞེའམ་ལས་ཀྱི་རྣམ་གྲངས་དུ་མ་བསྡུས་ཏེ་དེའི་ལས་ཤིག་ཅེས་ངེས་པའམ་ཆད་པར་མ་བསྐོ་ཤིག་པའོ། །གཞན་དུ་ནི་དགའ་ལ་ཇི་དགའ་བ་སྦྱིན་ཞེས་པ་ནི་ལས་ སུ་བསྐོས་པ་དེ་ཉིད་འགེལ་འདོད་ན་ནི་གོང་མ་ལྟར་བསྐོས་ཀྱང་བླའོ། །བསྐོས་པ་མེད་ན་ཚུལ་ཤིང་བྲིམ་པས་བསྒོ་ཞེས་པ་ནི་མལ་སྟན་ལ་སོགས་པ་འགོད་པར་བསྐོས་པའི་མི་མེད་ན་མདུང་གིས་གོས་ཤིག་པའོ། །གང་བསྐང་བར་མི་འོས་པས་ནི་ཚུལ་ཤིང་བྲིམ་པ་ཡང་ངོ་ཞེས་པ་ནི་དགེ་འདུན་གྱི་ཁ་བསྐང་ བར་མི་འོས་པ་ནི་ཚུལ་ཤིང་འབྲིམ་དུའང་མ་གཞུག་ཤིག་པའོ། །གང་མི་འོས་པས་ཚུལ་ཤིང་བྲིམ་པ་ནི་དགེ་འདུན་གྱི་དབྱེན་དུ་མི་སྐྱེ་ཞེས་པ་ནི་དགེ་འདུན་གྱི་ཁ་བསྐང་བར་མི་འོས་པ་ཚུལ་ཤིང་བྲིམས་ཏེ་དགེ་འདུན་གྱི་དབྱེན་བྱས་ཀྱང་དབྱེན་དུ་མི་འགྱུར་བའོ། །ལས་ཀྱི་དངོས་པོའོ།། །།ལས་ཀྱི་དངོས་པོ་དེ་ ལྟར་བསྟན་ནས་ལས་རྒྱས་པར་འབྱེད་པ་སྟོན་པ་ནི། ཞུ་བ་ལྷག་ཀྱང་མ་བྱས་པ་མ་ཡིན་ཞེས་པ་དང་། མ་ཚང་བ་ནི་མ་བྱས་པའོ་ཞེས་པ་ལ་སོགས་པ་ཡིན་ཏེ་ཞུ་བའི་ཚིག་ལྷག་པ་ནི་ལས་སུ་མི་རུང་བར་ད་ཀྱི་མ་ཚང་ན་མི་རུང་བར་སྟོན་པའོ། །བྱེད་པ་ན་སོང་བ་ནི་མ་རྫོགས་པས་འཁྲུགས་པའོ་ཞེས་ པ་ནི་དང་པོ་གསོལ་བའི་ལས་བྱེད་པའི་ཚེ་དགེ་སློང་ཁ་ཅིག་གྲལ་ནས་ལངས་ཏེ་དོང་ན་ལས་ཀྱི་ཚིག་མ་རྫོགས་པར་དོང་བའི་ཕྱིར་ལས་འཁྲུགས་ཏེ་ལས་སུ་མི་རུང་བར་སྟོན་པའོ། །ཚང་ཡང་ལས་དེའི་དགེ་འདུན་སྙེད་དུ་མ་ལུས་པར་ལངས་ནའོ་ཞེས་པ་དང་། ལུས་ན་མ་ཡིན་ཞེས་པ་ནི་ གལ་ཏེ་ལས་ཀྱི་ཚིག་རྫོགས་ནས་དོང་ན་ཡང་ཕྱི་ན་ལས་དེའི་དགེ་འདུན་དུ་དགོས་པ་སྙེད་དུ་མ་ལུས་ན་འཁྲུགས་པར་འགྱུར་བ་དང་། ཁ་ཅིག་དོང་དུ་ཟིན་ཀྱང་ཕྱི་ན་གྲངས་དེ་སྙེད་ཡོད་ན་ནི་འཁྲུགས་པར་མི་འགྱུར་བའོ། །སློས་པར་འདོད་ན་བཙུན་པ་དག་ཀྱང་གསོལ་བར་བགྱིའོ་ཞེས་འཁྲུགས་པའི་ཚིག་དགེ་ འདུན་ལ་བསྙད་ཅིང་གསོལ་བར་བྱ་ཞེས་པ་ནི་གོང་མ་ལྟར་གྱུར་ཏམ་ཐེ་ཚོམ་ཟོས་ཏེ་འཁྲུགས་པ་སླར་སློས་པར་འདོད་ན་ཡང་བསླས་པར་བགྱིའོ་ཞེས་ཚིག་མི་སྨོས་སུ་མི་རུང་བའོ། །ཞུ་བའི་ཚིག་གསུམ་གྱིས་བསྒྲུབ་པའི་ལས་གང་གང་ཡིན་པ་རྣམས་བསྡུས་ཏེ་སྟོན་པ་ནི་བཟློག་པའི་ཕྱིར་བསྒོ་བ་མི་ སྣང་བར་བྱ་དེའི་རང་བཞིན་ཚོལ་བ་བསླབ་པ་འདུམ་པ་དང་དེའི་གསོ་སྦྱིན་མུ་སྟེགས་པ་གཞག་པ་ལྷག་མའི་ཆད་པ་མགུ་བ་རྩ་བ་བསྐྱང་བ་དྲན་པ་དང་། མ་རྨོངས་པའི་འདུལ་བ་སྦྱིན་པ་བསྙེན་པར་རྫོགས་པ་མཚམས་དགྲོལ་བ་ཆད་པའི་ལས་དབྱུང་བ་རྣམས་ནི་ཚིག་གསུམ་གྱིས་སོ་ཞེས་པ་ཡིན་ཏེ། མིང་གིས་སྨོས་པ་སུམ་ཅུ་པོ་འདི་རྣམས་ཀྱི་ལས་ནི་ཞུ་བའི་ཚིག་གསུམ་གྱིས་བྱ་བར་སྟོན་པའོ། །དེ་ལ་བཟློག་པའི་ཕྱིར་བསྒོ་བ་ནི་དགེ་འདུན་གྱི་དབྱེན་དང་དེའི་རྗེས་སུ་ཕྱོགས་པ་དང་རིགས་སུ་འབྱིན་པ་དང་བཀའ་བློ་མི་བདེ་བ་དང་ལྟ་བར་སོང་བ་མི་གཏོང་བ་དགེ་སློང་མ་རྗེས་སུ་ཕྱོགས་པའི་ཕམ་པ་ དང་འགྲེལ་བར་སྤྱོད་པ་བདུན་ནོ་མི་སྣང་བར་བྱ་བ་ནི་དགེ་ཚུལ་བར་དུ་གཅོད་པའི་ཆོས་སུ་མི་འགྱུར་རོ་ཞེས་ཟེར་བ་མི་སྣང་བར་བྱ་བ་སྟེ། བརྒྱད་པ་དང་དེའི་རང་བཞིན་ཚོལ་བ་ནི་ཉེས་པ་གང་བྱས་པ་གསལ་པོར་མི་སྨྲ་ན་དེའི་རང་བཞིན་ཚོལ་དུ་གཞུག་སྟེ་དགུ་པ་དང་བསླབ་པ་ཤེས་པའི་བསླབ་པ་དབོག་ པ་སྟེ་བཅུ་པ་དང་འདུམ་པའི་གསོ་སྦྱིན་ཞེས་པ་ནི་དགེ་འདུན་བྱེ་བ་ལས་སླར་དུ་མའི་གསོ་སྦྱིན་བྱ་བ་སྟེ། བཅུ་གཅིག་པ་དང་མུ་སྟེགས་པ་བཞག་ཅེས་པ་ནི་ཟླ་བ་བཞིའི་བར་དུ་བརྟག་ཅིང་བཞག་པ་སྟེ་བཅུ་གཉིས་པ་དང་། ལྷག་མའི་ཆད་པ་དང་མགུ་བ་གཉིས་ཏེ་བཅུ་བཞི་པ་དང་། རྩ་བ་དང་ བསྐྱར་བ་ཞེས་པ་ནི་རྩ་བའི་ཆད་པ་གཉིས་དང་རྩ་བའི་མགུ་བ་དང་བསྐྱར་བའི་མགུ་བ་གཉིས་ཏེ་བཅོ་བརྒྱད་དང་། དྲན་པ་དང་རྨོངས་པའི་འདུལ་བ་སྦྱིན་པ་གཉིས་ཏེ་ཉི་ཤུ་དང་བསྙེན་པར་རྫོགས་པར་བྱས་ཏེ་ཉི་ཤུ་གཅིག་དང་མཚམས་དགྲོལ་བ་སྟེ་ཉི་ཤུ་གཉིས་དང་། ཆེད་པའི་ལས་རྣམ་པ་བདུན་ཏེ་ཉི་ཤུ་དགུ་དང་། ལྷག་མ་ལས་འབྱུང་བ་སྟེ་དེ་ལྟར་སུམ་ཅུའོ། །གཞན་ཡང་ཞུ་བ་དང་། ཞུ་བ་གཉིས་ཀྱི་ལས་བདུན་ཅུ་རྩ་གཅིག་གིས་བསྣན་ཏེ་སྤྱིར་བརྒྱ་རྩ་གཅིག་ཏུ་སྟོན་པ་ལ་གསོ་བའི་ཚེ་ལས་སུ་བྱ་བ་ཉི་ཤུ་བཞི་ཡོད་པ་ཇེ་སྟོན་པ་ནི་གསང་སྟེ་དྲི་བ་དང་ནད་དུ་དྲི་བ་དང་གསོ་སྦྱིན་དང་། ལྟུང་བ་སྤྱིར་བྱིན་གྱིས་བརླབ་པ་དང་། ལྟུང་ བ་བྱུང་ངམ་མ་བྱུང་བ་ཐེ་ཚོམ་པ་དང་། ལྟུང་བ་ཁ་མི་འདུམ་པ་དང་། ལྟུང་བ་མ་ངེས་པ་དང་། གསོ་སྦྱིན་གྱི་ཚེ་གསོལ་བ་ནས་ལྟུང་བ་མ་ངེས་པ་ལྔ་བྱ་བ་བཞིན་དུ་ཚུལ་ནས་འབྱུང་བའི་ཚེ་འདི་ལྔ་བྱ་བ་དང་། ཚུལ་དུ་འཇུག་པ་དང་། ཤི་བའི་ནོར་དང་ནོར་གྱི་གཟུགས་བརྙན་དང་གཏན་པ་གཏད་པ་དང་། ཆོས་གོས་རྙིངས་པ་ལ་ཞུགས་པ་དང་། མངོན་སུམ་ལྐོག་འཕྱས་རྣེགས་བསམ་བརྙས་མ་ཤིན། བྱེད་པ་ངག་གཅོག་པས་བརྙས་མ་ཤིན་བྱེད་པ་རྣམས་སུ་འགྲང་བ་དང་། ཁྱིམ་དུ་མི་འདོད་པར་བསླབ་པ་བཅའ་བ་དང་། དེར་འགྲོ་བ་དང་། ལྷུང་བཟེད་ཁ་དབུབ་པ་དགན་པ་དང་། གནས་ ངན་ལེན་དགེ་འདུན་སྤྱིས་བསྒྲགས་པ་རྣམས་སོ། །ཞུ་བ་དང་གཉིས་ཀྱི་ལས་བྱ་བ་བཞི་བཅུ་རྩ་བདུན་ཡོད་པ་ནི་མཚམས་ཆེན་པོ་གཅད་པ་དང་། མཚམས་ཆུང་ངུ་གཅད་པ་དང་། མཚམས་ཆེན་པོའི་ནང་དུ་ཆོས་གོས་དང་མི་འབྲལ་བའི་སྡོམ་པ་དང་། སྨོས་པའི་སྡོམ་པ་དང་ཚུལ་ནས་ འབྱིན་པ་བསྐོ་བ་དང་། མལ་ཆ་འགོད་པ་དང་། རུང་བའི་ཁང་པར་བྱ་བ་དང་། གཏན་པའི་ཆོས་གོས་སུ་བྱ་བ་དང་། གཏན་པའི་གདིང་བ་བསྐོ་བ་དང་། གཏན་པ་འབྱིན་པ་དང་། ཚངས་པར་བྱེད་པ་དང་། གང་ཟག་བཅུ་གཉིས་ཀྱི་ལས་དང་། དབྱུག་པ་པ་དང་། བསྒོ་བ་དང་། གཟུ་བོ་དང་། ཞལ་ཆེ་བ་དང་། རྩོད་པ་ཁ་འབྲི་བ་དང་། གཙུག་ལག་ཁང་དང་ཁང་པ་རྩིག་ཏུ་གནང་བ་དང་། གླེང་པ་བསྐོ་བ་དང་། ནད་པ་དང་། རྒས་པ་ཆོས་གོས་དང་མི་འབྲལ་བར་གནང་བ་དང་། ལོ་དྲུག་གི་ཁོངས་སུ་གདིང་བ་བྱེད་པར་གནང་བ་དང་། ལྷུང་བཟེད་འབྲེལ་པ་མེད་པར་འབྲིམ་པ་དང་། མི་མཛེས་ པ་སྒྲོགས་པ་དང་། དགེ་སློང་མ་ལ་སྟོན་པ་དང་། ནགས་ཉུལ་བ་དང་། ཕྱག་མི་བྱ་བར་དམ་བཅའ་བ་དང་། ཚད་མེད་པའི་འཁོར་འཆད་དུ་སྣང་བ་དང་། ཁར་བ་དང་དྲ་བའི་སྡོམ་པ་དང་། གཙུག་ལག་ཁང་ཐ་དད་ཀྱང་རྙིང་པ་གཅིག་ཏུ་བྱ་བ་དང་། དགེ་སློབ་མའི་སྡོམ་པ་དང་ཚངས་ པར་སྤྱོད་པའི་གནས་ཀྱི་སྡོམ་པ་དང་། བུ་ཆུང་ངུ་དང་ལྷན་ཅིག་ཏུ་གནས་པའི་སྡོམ་པ་དང་། ལོ་ཉེས་ཀྱི་ཚེ་གཅིག་པུ་གཉེན་ཀ་རྒྱུ་བ་དང་། ཞག་བཞི་བཅུའི་བར་དུ་གུད་དུ་འགྲོ་བ་རྣམས་སོ། བདག་གི་ཕྱིར་ལྷག་མ་མ་ཡིན་པའི་སྔགས་བརྗོད་པ་ཞེས་པ་ནི་ཟས་ལྷག་མར་བྱ་བའི་སྔགས་བརྗོད་པ་མ་གཏོགས་པར་ བདག་གི་ཁར་དང་། དྲ་བའི་སྡོམ་པ་གསོལ་བ་ལ་སོགས་པ་ཆོས་གོས་བྱིན་གྱིས་བརླབ་པ་དང་། སྐྱབས་སུ་འགྲོ་བ་དང་རབ་ཏུ་འབྱུང་བ་དང་། སྡོམ་པ་ནོད་པ་དང་། མཆོད་རྟེན་ལ་ཕྱག་འཚལ་ཞིང་བདུག་པ་དབུལ་བ་ལ་སོགས་པའི་དམ་བཅའ་བ་དང་། ལྟུང་བ་བཤགས་པ་དང་། གསོ་སྦྱིན་དང་ ཚུལ་ནས་འབྱུང་བ་དང་། ཚུལ་དུ་ཞུགས་ནས་མཚམས་ཀྱི་ཕྱི་རོལ་དུ་འགྲོ་བར་བྱིན་གྱིས་བརླབ་པ་དང་། དད་པ་ཡོངས་སུ་དག་པ་འབུལ་བ་དང་། ཚུལ་ནས་འབྱུང་བ་བསྙད་པ་ལ་སོགས་པ་འདི་རྣམས་བྱ་བའི་སྔགས་ལན་གསུམ་གྱི་བར་དུ་སློས་དགོས་པར་སྟོན་པའོ། །ལྷག་མ་ནི་འདི་དག་ཙམ་དུ་ཆེད་མི་ཆེ་ བའི་ཕྱིར་ལན་གཅིག་གིས་ཆོག་པའོ། །ཕ་རོལ་གྱི་ཕྱིར་གང་ཟག་ལ་ཡང་ཞེས་པ་ནི་དད་པ་ཡོངས་སུ་དག་པ་དང་། ཚུལ་ནས་འབྱུང་བའི་ཕྲིན་དགེ་འདུན་ལ་མ་ཡིན་གྱི་གང་ཟག་ལ་སྙོད་ན་ཡང་ལན་གསུམ་གྱི་བར་དུ་ཡང་སློས་ཤིག་པའོ། །མདུན་དུ་གོང་གོང་པོར་འདུག་པ་ནི་ལྷག་མ་ཡང་ངོ་ཞེས་པ་ནི་བདག་དང་ ཕ་རོལ་གང་གི་ཕྱིར་ཡང་རུང་སྟེ། སྔགས་བརྗོད་པ་ནི་དགེ་འདུན་ནམ་གང་ཟག་ཕ་རོལ་པའི་མདུན་དུ་གོང་པོར་འདུག་པར་གྱིས་ཤིག་པ་སྟེ། འདི་ལྟར་བྱེད་པའི་ནང་དུ་ནི་ལྷག་མ་བྱེད་པའང་གཏོགས་པར་སྟོན་པའོ། །ཞུ་བ་ཡང་ཞེས་པ་ནི་རབ་ཏུ་འབྱུང་བར་འདོད་པ་དགེ་འདུན་ལ་ཞུ་བ་ཡང་གོང་གོང་པོར་འདུག་ ལ་གྱིས་ཤིག་པའོ། །གསང་སྟེ་སྟོན་པ་ལ་མ་གཏོགས་པར་བསྙེན་པར་རྫོགས་པའི་ཕ་གུའི་སྟེང་དུ་རྟིང་བ་གཤིབ་ཅེས་པ་ནི་བསྙེན་པར་རྫོགས་པར་བྱེད་པའི་ཚེ་གསང་སྟེ་སྟོན་པའི་ལས་བྱེད་པ་མ་གཏོགས་པར་གསོལ་བ་དང་བར་ཆད་ཀྱི་ཆོས་དྲི་བ་དང་བསྙེན་པར་རྫོགས་པའི་བསླབ་པ་ནི་ནོད་པའི་ཚེ་རྟིང་པ་ གཉིས་གཤིབས་པའི་འོག་ཏུ་ཕ་གུ་ཞོག་ཤིག་པའོ། །བུད་མེད་ནི་རློད་ཅན་ལ་སོགས་པའི་ཞེས་པ་ནི་བུད་མེད་བསྙེན་པར་རྫོགས་པའི་ཚེར་རློད་ཅན་ལ་སོགས་པའི་སྟན་ལ་ཞོག་ཤིག་པའོ། །གཞན་ལ་རག་མ་ལུས་པའི་དགེ་འདུན་རྒན་རབས་ཀྱིའོ་ཞེས་པ་ནི་ལྷག་མའི་ཆད་པ་དང་། མགུ་བ་གསོལ་བ་ དང་། ཆད་པའི་ཞག་གྲངས་བསྙད་པ་ལ་སོགས་པ་བདག་གི་ཕྱིར་བྱ་བ་རྣམས་ཀྱི་སྔགས་གཞན་ལ་ལྟོས་མི་དགོས་པར་ཉིད་ཀྱི་བློས་ནུས་པ་ནི་དགེ་འདུན་རྒན་རབས་ཀྱི་དྲུང་དུ་གོང་གོང་པོར་འདུག་ལ་གྱིས་ཤིག་པའོ། །གཞན་གྱི་ཕྱིར་ནི་འགྲེང་ལ་འདུག་པས་ཞེས་པ་ནི་རབ་ཏུ་འབྱུང་བ་ཞུ་བ་དང་། དད་པ་ དང་ཡོངས་སུ་དག་པ་དང་། ཚུལ་ནས་འབྱུང་བ་དགེ་འདུན་ལ་བསྙད་པ་དང་། ཚུལ་ནས་འབྱུང་བའི་ཕྲིན་དང་ཚུལ་དུ་འཇུག་པའི་ཚེ་དང་ཁྲིམས་བསྙད་པ་ལ་སོགས་པ་མལ་སྟན་ལེགས་པར་མི་སྤྱོད་པ་ལ་ཐར་དག་བསྐྱེད་པ་ལྟ་བུ་གཞན་གྱི་ཕྱིར་བྱ་བ་འགྲེང་ལ་འདུད་པས་གྱིས་ཤིག་པའོ། །གསང་ སྟེ་བསྟན་ནས་ལམ་གྱི་བར་དུ་གཅིག་གིས་སོ་ཞེས་པ་ནི་གསང་བ་བསྟན་ཟིན་ནས་སླར་དགེ་འདུན་ལ་ཞུ་བའི་ཚེ་ལམ་གྱི་བར་མ་དོ་ནས་བདག་གིས་དམའ་ས་ནས་ཞེས་པ་ལ་སོགས་པའི་ཚེ་དགེ་འདུན་ལ་ཞུ་བ་ལན་གཅིག་གིས་གྱིས་ཤིག་པའོ། །རྫས་བྱིན་གྱིས་བརླབ་པ་ཡང་ངོ་ཞེས་པ་ནི་ཆོས་གོས་དང་ ལྷུང་བཟེད་བྱིན་གྱིས་བརླབས་ཏེ་འགྲེང་ལ་གྱིས་ཤིག་པའོ། །དེ་དག་གི་སྔགས་དབྱུང་བ་ཡང་དེ་བཞིན། རུང་བར་བྱས་པ་ཡང་དེ་བཞིན་ཞེས་པ་ནི་གོས་ལྷག་པར་རུང་བར་བྱིན་གྱིས་བརླབ་པ་ཡང་གོང་མ་དང་འདྲ་སྟེ་འགྲེང་ལ་བྱའོ། །དེ་ནི་བཟུང་ལ་བྱ་ཞེས་པ་ནི་བྱིན་གྱིས་བརླབ་པ་དང་རུང་བར་ བྱ་བའི་རྫས་དེ་དག་གོང་མ་ལྟར་བྱ་བ་དང་ལག་ཏུ་བླངས་ཏེ་བཟུང་ལ་གྱིས་ཤིག་པའོ། །ལྷུང་བཟེད་དང་སྨན་ནི་གཡོན་པའི་སྟེང་དུ་བཞག་ལ་ལག་པ་གཡས་པས་བཀབ་སྟེའོ་ཞེས་པ་ནི་ལྷུང་བཟེད་དང་སྨན་བྱིན་གྱིས་རློབ་པ་ནི་ཐབས་འདི་དག་ལྟར་གྱིས་ཤིག་པའོ། །བླང་དུ་མི་རུང་བ་ནི་མདུན་དུ་བཞག་ ལའོ་ཞེས་པ་ནི་གསེར་དངུལ་ལ་སོགས་པ་བླང་དུ་མི་རུང་བ་བྱིན་གྱིས་རློབ་པའི་ཚེ་ནི་མདུན་དུ་ཞོག་ལ་བྱིན་གྱིས་རློབས་ཤིག་པའོ། །ལས་ནི་འདུག་ནས་སོ་ཞེས་པ་ནི་གསོལ་བ་དང་གཉིས་སམ་གསོལ་བ་དང་བཞིའི་ལས་འདི་རྣམས་ཏེ་བྱེད་པའི་ཚེ་ན་འདུག་ལ་གྱིས་ཤིག་པའོ། །དགེ་འདུན་ དང་གཅིག་ལ་མ་བརྟེན་པ་ནི་དགེ་སློང་གང་ཟག་ལ་གསོལ་ཏེའོ་ཞེས་པ་ནི་ཆོད་པའི་གྲངས་ལ་སོགས་པ་དགེ་འདུན་ལ་བསྙད་པ་དང་། ཕྱི་དྲོ་གྲོང་དུ་འཇུག་པ་ལ་སོགས་པ་གང་ཟག་ལ་བསྙད་པ་ལྟ་བུ་དགེ་འདུན་དང་གང་ཟག་ལ་བསྙད་དགོས་པ་མ་ཡིན་པ་རྫས་བྱིན་གྱིས་བརླབ་པ་ལ་ སོགས་པ་ནི་དགེ་སློང་གང་ཟག་གི་མདུན་དུ་གྱིས་ཤིག་པའོ། །མེད་ན་ཆོས་གོས་རུང་བ་དང་། དབྱུང་བ་དང་། བྱིན་གྱིས་བརླབ་པ་ཡིད་ཀྱིས་སྐྱེའོ་ཞེས་པ་ནི་དགེ་སློང་ཟླ་མེད་ན་མིང་གིས་སྨོས་པ་འདི་གསུམ་ཡིད་ཀྱིས་བྱས་ཀྱང་མི་རུང་བ་མེད་པའོ། །སྔ་མ་མ་ཕྱུང་བ་མ་ཡིན་ཞེས་པ་ནི་སྔགས་སྔ་མ་ཕྱུང་བར་ ཕྱི་མ་བྱིན་གྱིས་བརླབ་ཏུ་མི་རུང་བའོ། །གཅིག་པོ་བྱིན་གྱིས་རློབ་པ་ནི་དེའི་བསམ་པ་ཐོག་མར་བསྒྲུབས་ལ་ཚིག་ཏུ་སྨྲ་ཞེས་པ་ནི་གསོ་སྦྱིན་དང་ཚུལ་ནས་འབྱུང་བ་ལ་སོགས་པ་ཟླ་མེད་པར་གཅིག་པོ་བྱིན་གྱིས་རློབ་པ་ནི་དེ་བྱིན་གྱིས་རློབ་པའི་བསམ་པ་སྔན་ཚོགས་སུ་ཇེ་གྱིས་ལ་དེའི་འོག་ཏུ་གདོད་ཚིག་བརྗོད་ཅིག་པའོ། ། དགེ་སློང་དང་ལྷན་ཅིག་པ་ནི་སྟེང་གཡོགས་ཕྲག་པ་གཅིག་ཏུ་གཟར་ཞིང་ཕྱག་བྱས་ཏེ་བདག་གི་ཕྱིར་སྔགས་ཀྱི་ཚིག་གསུམ་ཞེས་པ་ནི་དགེ་སློང་ཟླ་དང་ལྷན་ཅིག་ཏུ་བྱའོ་ཅོག་གི་ཚེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ཞིང་ཕྱག་བྱ་བར་འོས་ནའང་ཕྱག་བྱས་ལ་སྔགས་ཀྱི་ཚིག་ལན་གསུམ་གྱི་བར་དུ་བརྗོད་ཅིག་པའོ། །གསང་ བ་སྟོན་པ་ན་ཡང་ཞེས་པ་ནི་གསང་བ་སྟོན་པ་ན་ཡང་དེ་ཡང་ཕྱག་འཚལ་དུ་བཅུག་ཅིང་ཆོས་གོས་གཟར་ནས་གདོད་གསང་བ་སྨོས་ཤིག་པའོ། །སྦྱར་མ་དང་བཅས་པས་བསྙེན་པར་རྫོགས་པར་འདུས་པ་ལ་ཞེས་པ་ནི་ཆོས་གོས་སྦྱར་མ་བྱིན་མ་ཐག་ཏུ་དེར་ཚོགས་པའི་དགེ་འདུན་རྣམས་ལ་ཕྱག་གྱིས་ཤིག་ པའོ། །སླར་ཡང་གསུམ་ཞེས་པ་ནི་སྔ་རོལ་དུ་ཡང་དགེ་འདུན་ལ་ཕྱག་ལན་གསུམ་དུ་འཚལ་དུ་ཆུག་ཤིག་པའོ། །དེའི་ཕྱིར་དང་ཚེས་གྲངས་སྙོད་པ་ནི་ཐལ་མོ་སྦྱར་ཏེའོ་ཞེས་པ་ནི་རབ་ཏུ་འབྱུང་བར་གསོལ་བ་དང་། མཁན་པོར་གསོལ་བ་ལ་སོགས་པ་བདག་གི་ཆེད་དུ་བྱ་བ་རྣམས་དང་དགེ་འདུན་ལ་ ཚེས་གྲངས་སྙོད་པ་དང་། གསོ་སྦྱིན་དང་ཚུལ་ནས་འབྱུང་བ་དང་། དད་པ་ཡོངས་སུ་དག་པ་འབུལ་བ་དང་། ཆད་པའི་ཞག་གྲངས་སྙོད་པ་དང་ཆད་པའི་ལས་བར་ཆད་དུ་གཅད་པ་དང་། ཡི་དམ་ནོད་པ་ལ་སོགས་པ་འདི་རྣམས་བྱེད་པའི་ཚེ་ཐལ་མོ་སྦྱར་ལ་གྱིས་ཤིག་པའོ། །གལ་ཏེ་གང་ཟག་ ལ་བདག་གི་ཕྱིར་གསོལ་བ་ཟིན་ནས་ཐབས་འདི་ལྟ་བུའོ་ཞེས་བསྙད་ཅེས་པ་དང་། གཅིག་གིས་ཀྱང་དེའི་རྗེས་ལ་དགེའོ་ཞེས་པ་ནི་བདག་གི་ཕྱིར་དགེ་འདུན་མ་ཡིན་གྱི་ཆོས་གོས་བྱིན་གྱིས་རློབ་པ་ལ་སོགས་པ་གང་ཟག་ལ་བྱེད་ན་དེ་དག་ཟིན་པའི་འོག་ཏུ་ཟླ་དེས་ནི་ཐབས་འདི་དག་ལྟ་བུའོ་ཞེས་བརྗོད། ཁོ་ན་ ཉིད་ཀྱིས་ན་དགེའོ་ཞེའམ་ལེགས་སོ་ཞེས་གྱིས་ཤིག་པའོ། །འདོད་པ་སྡང་བ་གཏི་མུག་འཇིགས་པར་འགྲོ་བ་རྣམས་མེད་ཅིང་བྱས་པ་དང་མ་བྱས་པ་དྲན་པ་དང་ནུས་པ་སྤྲོ་བར་བྱས་པ་ལ་བསྐོ་ཞེས་པ་ནི་ཁང་སྐྱོང་ལ་སོགས་པ་ལས་སུ་བསྐོའོ་ཅོག་འཛིམ་ཞམ་མེད་ཅིང་ངོ་ཟློག་ཕོད་པ་དང་བྱའམ་མི་བྱ་བའི་ དམིགས་ཕྱེད་ཅིང་ནུས་པ་སྐོས་ཤིག་པའོ། །བྱས་ཟིན་ནས་བརྗོད་ཅེས་པ་ནི་གསོལ་བ་མ་གཏོགས་པའི་གསོལ་བ་དང་གཉིས་དང་། གསོལ་བ་དང་བཞིའི་ལས་བྱས་ཟིན་ནས་འཇུག་ཏུ་དགེ་འདུན་ལ་བསྙད་པའང་གྱིས་ཤིག་པ་སྟེ། དངོས་སུ་དགེ་སློང་མིང་འདི་ཞེས་བྱ་བ་རུང་བའི་གནས་སུ་ཁང་ པ་རྩིག་པ་དགེ་འདུན་གྱི་སྣང་བ་བྱིན་པ་གང་གི་ཕྱིར་བཟོད་ཅིང་མི་གསུང་བས་ན་དེ་དེ་བཞིན་དུ་འཛིན་ཏོ་ཞེས་བྱ་བ་ལྟ་བུའོ། །མཚམས་གཅོད་པ་ན་ཡང་བཅད་བཞིན་དུ་བསྒྲུབ་ཅེས་པ་ནི་མཚམས་བཅད་པའི་ནང་དུ་མི་འདུག་པའི་དགེ་འདུན་ལས་སུ་མི་རུང་བ་བཞིན་དུ་མཚམས་ཆོད་པ་ནི་མི་འདུག་པ་ཡང་ལས་ སུ་མི་རུང་བའོ། །འདུ་བར་བྱེད་པས་འདུ་བ་རྣམས་ལ་སྦྲན་པ་ནི་གཎྜཱི་བརྡུང་བ་དང་དྲི་བའི་ལན་གློན་གཉིས་སོ་ཞེས་པ་ནི་དགེ་འདུན་བསྡུ་བར་གཎྜཱི་བརྡུང་ཞིང་དགེ་འདུན་བསྡུ་བ་འདྲི་བ་རྣམས་ཀྱི་ལན་གློན་པ་གཉིས་གྱིས་ཤིག་པའོ། །དེས་དེའི་ཕྱིར་སྟན་གདིང་ཞེས་པ་ནི་དགེ་འདུན་སྡུད་པར་བྱེད་པ་དེ་ སྟན་གདིང་བ་ལ་སོགས་པའི་ལས་ཀྱང་གྱིས་ཤིག་པའོ། །དེའི་ཕྱིར་བསྐོས་པས་ཀྱང་དེ་བཞིན་ཞེས་པ་ནི་མལ་ཆ་འགོད་པར་བསྐོས་པ་ཆོག་གི་དགེ་འདུན་བསྡུ་དགོས་ན་གཎྜཱི་བརྡུང་བ་ལ་སོགས་པ་སྟན་གདིང་བ་ཡན་ཆད་དེའི་ལས་གྱིས་ཤིག་པའོ། །ཐམས་ཅད་དུ་རྒན་རིམས་སོ་ཞེས་པ་ནི་ལམ་དུ་ ཞུགས་ནས་ནར་བདེ་བ་བསྟབས་པ་ཡན་ཆད་ཅི་བྱའོ་ཅོག་རྒན་རིམས་ཤ་དག་ཏུ་གྱིས་ཤིག་པའོ། །ལན་པ་ནི་བསྟབས་པ་མཆོག་ཅེས་པ་ནི་མལ་སྟན་ནོད་པ་ན་ཡང་གདམས་པ་ལ་སོགས་པ་ནོད་ཅིང་ལེན་པའི་ཚེ་ནི་རྒན་རིམས་ཀྱིས་གང་བླངས་པ་དེ་བརྩན་པར་སྟོན་པའོ། །ལས་རྒྱས་པར་ སྨྲ་བའོ། །དེ་དང་མི་འདྲ་བ་རྣམས་ཞུས་པ་ལ་སོགས་པ་ལས་འབྱུང་བ་བསྡུས་ཏེ་སྟོན་པ་ནི་བསྒོ་བ་ལས་འབྱུང་བ་སླར་མ་བཅོས་པར་ལས་མྱོང་བར་མི་བྱ་ཞེས་པ་ལ་སོགས་པ་ཡིན་ཏེ་དབྱེན་དང་རྗེས་སུ་ཕྱོགས་པ་ལ་སོགས་པ་བསྒོ་བ་ལས་བྱུང་བའི་ཉེས་པ་རྣམས་སླར་གཉེན་པོ་མ་བསྟེན་ཅིང་ བཅོས་པ་མ་བྱས་ཀྱི་བར་དགེ་འདུན་གྱི་ལས་མྱོང་བར་མ་བྱེད་ཅིག་པའོ། །གསོ་སྦྱིན་དང་ཚུལ་ནས་འབྱུང་བ་མ་གཏོགས་ཞེས་པ་ནི་ཚུལ་ཁྲིམས་རྣམ་པར་དག་པའི་ཕྱིར་གསོ་སྦྱིན་བྱ་བ་དང་། ཆོས་རྣམ་པར་དག་པའི་ཕྱིར་ཚུལ་ནས་འབྱུང་བ་ནི་བསྒོ་བ་ལས་བྱུང་བའི་ཉེས་པ་དང་ལྡན་པ་དེ་དག་གིས་བྱ་དགོས་ པའི་ཕྱིར་མིང་གིས་སྨོས་པ་འདི་གཉིས་མྱོང་བར་མི་བྱ་བ་མ་གཏོགས་སོ། །མཚམས་གུད་ན་འདུག་པ་གང་གི་ཡན་ལག་ཀྱང་མ་ཡིན་ཞེས་པ་ནི་ནམ་མཁའ་ལ་འདུག་པ་ལྟ་བུ་མཚམས་ལོགས་ཤིག་ན་འདུག་པ་ནི་རུང་བ་དང་མི་རུང་བ་ལ་སོགས་པ་གང་གི་ཡན་ལག་ཏུ་འང་མ་གཏོགས་པར་སྟོན་པའོ། ། ལྷན་ཅིག་ཏུ་གཏོགས་པར་དེར་སོང་ན་འཇིག་ཅེས་པ་ནི་དགེ་འདུན་གྱི་ལས་སུ་བྱའོ་ཅོག་མཚམས་ཐ་མི་དད་ཅིང་ལྷན་ཅིག་ཏུ་བྱ་བ་མ་ཡིན་པ་ལས་དད་པ་བླངས་ནས་ནམ་མཁའ་ལ་འཕགས་པ་ལྟ་བུ་ལ་སོགས་པ་མཚམས་གཞན་དུ་སོང་ན་དད་པ་ལ་སོགས་པ་དེ་དག་འཇིག་པར་སྟོན་པའོ། །གཅིག་ཏུ་རྐང་པ་ ཡ་གཅིག་ན་གཉིས་ཀ་འདུག་པའོ་ཞེས་པ་ནི་མཚམས་ཀྱིས་སོ་རྐང་པ་གཡས་གཡོན་གྱིས་མནན་ན་མཚམས་དེ་གཉིས་ཀར་གཏོགས་པའོ། །མནན་པ་ལ་འདུག་པར་ཐམས་ཅད་དུ་མནན་པའོ་ཞེས་པ་ནི་མཚམས་དུ་མའི་སོ་ཤིང་ངམ་རེ་ལྡེ་ལ་སོགས་པས་མནན་ཏེ་མཚམས་གཅོད་པ་ལ་སོགས་པའི་ ལས་བྱས་ན་མཚམས་དེ་ཀུན་དུའང་གཏོགས་པར་སྟོན་པའོ། །དེ་ལྟ་བུས་ཚུལ་དུ་མར་ཞུགས་པས་སྐྱེ་ཞེས་པ་ནི་གོང་མ་ལྟར་བྱས་ཏེ་ཚུལ་དུ་ཞུགས་ནའང་ཁ་དུ་མར་ཚུལ་དུ་ཞུགས་པར་འགྱུར་བའོ། །མལ་སྟན་དུ་མ་བླང་དུའང་རུང་ཞེས་པ་དང་། འདིས་གར་དགའ་བར་གནས་ཞེས་པ་ནི་དེ་ལྟ་བུས་མལ་ སྟན་ཁ་དུ་མ་ནས་ནོད་དུའང་རུང་བ་དང་། གནས་ཀྱང་གར་དགའ་དགུར་འདུག་ཀྱང་རུང་བའོ། །བརྒྱལ་བས་ནི་བསྐང་བར་མི་བྱ་ཞེས་པ་དང་། བསྐང་བར་མ་ཡིན་ཞེས་པ་ནི་སངས་རྒྱས་ལྟ་བུ་དགེ་འདུན་དཀོན་མཆོག་ལ་མ་གཏོགས་ཤིང་དཀོན་མཆོག་ཐ་དད་པའི་ཕྱིར་དགེ་འདུན་གྱི་ལས་ ལ་བསྐང་བར་མི་འགྱུར་བ་དང་། དགེ་འདུན་མ་ཚང་བའི་ཁ་རྒྱལ་བས་བསྐང་བ་མ་བྱེད་ཅིག་པའོ། །ལས་སུ་བྱ་བ་ནི་ལས་མ་ཡིན་པས་མི་སྐྱེ་ཞེས་པ་ནི་བསྙེན་པར་རྫོགས་པར་བྱ་བ་ལ་སོགས་པ་ལས་ཀྱི་ཆོ་ག་བསྟན་པ་རྣམས་ཆོ་ག་བཞིན་དུ་མ་བྱས་ནའང་ལས་སུ་མི་རུང་བའོ། །ལས་མཇུག་རྫོགས་ པར་མ་བྱས་ཀྱི་བར་དུ་ཕལ་ཆེར་བྱས་ཀྱང་བྱས་ཟིན་པ་མ་ཡིན་པ་དོགས་པ་བསྩལ་བའི་ཕྱིར་ཕལ་ཆེར་བྱས་པའོ་ཞེས་པ་ཡིན་ཏེ་ལས་སུ་བྱ་བ་ལ་ཕལ་ཆེར་ཟིན་ན་མཇུག་ཏུ་མ་ཕྱིན་ཀྱང་ཟིན་ཁོངས་སུ་ཆུག་ཤིག་པའོ། །ཕྱི་མ་མེད་ནའོ་ཞེས་པ་ནི་གསོལ་བ་ཉི་ཚེའི་ལས་ཤིག་ན་སུམ་གཉིས་ཟིན་ན་ ཟིན་ཁོངས་སུ་ཆུག་ཤིག་པའོ། །དེ་བཞིན་དུ་གསོལ་བ་དང་གཉིས་པའི་ལས་ཤིག་ན་ཡང་ཞུ་བའི་སུམ་གཉིས་ཟིན་ན་ཟིན་ཁོངས་སུ་ཆུག་ཤིག་པ་དང་། གསོལ་བ་དང་བཞིའི་ལས་ཤིག་ན་ཡང་ཞུ་བ་དང་། སུམ་གཉིས་ཀྱི་ཐ་མའི་སུམ་གཉིས་ཟིན་ན་ཟིན་ཁོངས་སུ་ཆུག་ཤིག་པའོ། །མཚན་མ་མ་ བརྗོད་ན་བཅད་པ་མ་ཡིན་ཞེས་པ་ནི་མཚམས་གཅོད་པའི་ཚེ་ལྷོ་བྱང་ཤར་ནུབ་ཀྱི་མཚན་མ་མ་སྨོས་པར་བཅད་ན་མཚམས་བཅད་པར་མི་འགྱུར་བའོ། །གནས་ཀྱི་སྡོམ་པ་ལས་གཞན་པ་ནི་ཆད་བ་པས་ཀྱང་ངོ་ཞེས་པ་ནི་ཚངས་པར་སྤྱོད་པའི་གནས་ཀྱི་སྡོམ་པ་དབོག་པ་ལ་མ་གཏོགས་པའི་ ལས་གཞན་ཐམས་ཅད་ལྷག་མའི་ཆད་པ་ཅན་གྱིས་བྱས་ཀྱང་མི་རུང་བ་མེད་པའོ། །སྨོན་པས་བཏོན་པ་དང་ཞེས་པ་ནི་སྨོན་པས་སོ་སོར་ཐར་པ་བཏོན་པ་ཡང་ལས་སུ་མི་རུང་བ་མེད་པའོ། །དབྱེན་བྱེད་པ་ནི་གསོལ་བ་བཞིན་ཞེས་པ་ནི་དགེ་འདུན་གྱི་ཁ་བསྐང་དུ་མི་རུང་བ་རྣམས་ཀྱིས་གསོལ་ བ་ལ་སོགས་པའི་ལས་བྱས་ན་ལས་སུ་མི་རུང་བ་བཞིན་དེ་བཞིན་དུ་དེ་དག་གི་དབྱེན་བྱས་སུ་ཟིན་ན་ཡང་དབྱེན་དུ་མི་འགྱུར་བའོ། །མཚན་ཐ་དད་པ་ནི་འདིར་ཡན་ལག་མ་ཡིན་ཞེས་པ་ནི་དགེ་སློང་མས་དགེ་སློང་གི་དབྱེན་བྱས་པ་དང་། དགེ་སློང་ཕས་དགེ་སློང་མའི་དབྱེན་བྱས་པ་ལྟ་བུ་དབྱེན་ དུ་མི་འགྱུར་བའོ། །བཞད་གད་ཀྱིས་ནི་གང་ཡང་རུང་ཞེས་པ་ནི་བཞད་གད་ཀྱིས་དབྱེན་བྱས་པ་ལ་སོགས་པ་གང་བཞད་གད་ཀྱིས་མི་འགྲུབ་པའོ། །མི་སྐྱེ་བའི་བསམ་པས་དབྱེན་དང་འགོར་བ་ནི་སྦོམ་པོའོ་ཞེས་པ་ནི་ལས་སུ་རུང་ཡང་རུང་མ་རུང་ཡང་རུང་བར་བསམས་ཏེ་དགེ་སློང་འགོར་ ཞིང་དབྱེན་བྱས་པ་ནི་སྦོམ་པོར་འགྱུར་བའོ། །དགེ་འདུན་དུ་མ་ལངས་ན་ཉེས་བྱས་ཞེས་པ་ནི་གཅིག་གིས་གཅིག་གམ་གཉིས་སམ་གསུམ་མམ་བཞིའི་དབྱེན་དང་བཀར་བ་བྱས་པ་དང་། དེ་བཞིན་དུ་གཉིས་ཀྱིས་གཅིག་གམ་གསུམ་གྱིས་དབྱེན་དང་བཀར་བ་བྱས་པ་དང་། གསུམ་གྱིས་གཅིག་གམ་གཉིས་གསུམ་གྱི་དབྱེན་དང་བཀར་བ་བྱས་ན་ཉེས་བྱས་སུ་འགྱུར་བའོ། །ཐ་དད་དུ་གནས་པ་ལས་གཞན་བསྐང་བར་མི་འོས་པ་འདུས་ཏེ་གསོལ་བ་དང་ཞུ་བ་བྱས་ཀྱང་མ་ཡིན་ཞེས་པ་ནི་དུ་མར་གནས་པས་ཉིད་ཀྱིས་འཁོར་གྱི་གསོལ་བ་དང་ཞུ་བ་བྱ་བ་མ་གཏོགས་པ་ཞིག་ལ་སོགས་ པ་གཞན་གྱིས་གསོལ་བ་དང་ཞུ་བའི་ལས་བྱས་ཀྱང་ལས་