Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 139
Văn bản gốc(Tây Tạng)
Trang 10 / 15 (50.000 ký tự/trang)
དང་བྲལ་བ་ཀུན་དུ་མ་བསྟེན་ཅིང་མ་ བསྒོམས་ཏེ་མང་དུ་མ་བྱས་པའི་ཕྱིར་རོ། །གཞན་ཡང་དེས་སྡུག་པའི་མཚན་མ་ཀུན་དུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པ་དང་། མི་སྡུག་པའི་སེམས་ཀྱི་ཏིང་ངེ་འཛིན་ཀུན་དུ་མ་བསྟེན་ཅིང་མ་བསྒོམས་ཏེ་མང་དུ་མ་བྱས་པའི་ཕྱིར་རོ། །གཞན་ཡང་དེས་ དབང་པོའི་སྒོ་རྣམས་མ་བསྡམས་པ་ཀུན་དུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པ་དང་། དབང་པོའི་སྒོ་རྣམས་བསྡམས་པ་ཀུན་དུ་མ་བསྟེན་ཅིང་མ་བསྒོམས་ཏེ་མང་དུ་མ་བྱས་པ་དང་། དེ་བཞིན་དུ་ཟས་ཀྱི་ཚོད་མ་རིགས་པ་དང་། ནམ་གྱི་ཆ་སྟོད་དང་ནམ་གྱི་ཆ་སྨད་མི་ཉལ་བ་ལ་ མི་བརྩོན་པ་དང་། ཞི་གནས་བསྒོམ་པ་ལ་མི་བརྩོན་པ་དང་། ལྷག་མཐོང་བསྒོམ་པ་ལ་མི་བརྩོན་པ་དང་། དེས་རིགས་པ་དང་ལྡན་པ་མ་ཡིན་པ་ཡིད་ལ་བྱེད་པ་ཀུན་དུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པ་དང་། རིགས་པ་དང་ལྡན་པ་ཡིད་ལ་བྱེད་པ་ཀུན་དུ་མ་བསྟེན་ཅིང་མ་ བསྒོམས་ཏེ་མང་དུ་མ་བྱས་པའི་ཕྱིར་རོ། །གཞན་ཡང་སེམས་ཅན་གང་དག་འདོད་ཆགས་ཀྱི་ཤས་ཆེ་བ་དེ་དག་གི་ནང་ནས་ཉེ་ཞིང་དུ་བས་ཉེ་བར་ཤི་འཕོས་པ་རྣམས་ཡིན་ཏེ་དེ་དག་ཀྱང་གང་ཞེ་ན། འདི་ལྟ་སྟེ། ཟློས་གར་མཁན་དང་། གར་མཁན་དང་། བཞད་གད་པ་དང་། བྱི་དོར་ མཁན་དང་། ཚར་མཁན་དང་། སྨད་འཚོང་མ་དང་། སྨད་འཚོང་མའི་གཙོ་མོ་དང་། འདོད་པ་ན་སྤྱོད་པའི་ལྷ་རྣམས་ཏེ། རྒྱུ་དེས་ན་འདོད་ཆགས་ཀྱི་ཤས་ཆེ་བར་འགྱུར་རོ། །ཅིའི་ཕྱིར་ཞེ་སྡང་གི་ཤེས་ཆེ་བར་འགྱུར་ཞེ་ན། སྨྲས་པ། དེས་ཞེ་སྡང་མི་དགེ་བའི་རྩ་བ་ཀུན་དུ་བསྟེན་ཅིང་ བསྒོམས་ཏེ་མང་དུ་བྱས་པ་དང་། ཞེ་མི་སྡང་བ་དགེ་བའི་རྩ་བ་ཀུན་དུ་མ་བསྟེན་ཅིང་མ་བསྒོམས་ཏེ་མང་དུ་མ་བྱས་པའི་ཕྱིར་རོ། །གཞན་ཡང་དེས་གནོད་སེམས་ཀྱི་འདུ་ཤེས་དང་། གནོད་སེམས་ཀྱི་ཁམས་དང་། གནོད་སེམས་ཀྱི་རྟོག་པ་ཀུན་དུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པ་དང་། གནོད་སེམས་མེད་པའི་འདུ་ཤེས་དང་། གནོད་སེམས་མེད་པའི་ཁམས་དང་། གནོད་སེམས་མེད་པའི་རྟོག་པ་ཀུན་དུ་མ་བསྟེན་ཅིང་མ་བསྒོམས་ཏེ་མང་དུ་མ་བྱས་པའི་ཕྱིར་རོ། །གཞན་ཡང་དེས་གནས་མ་ཡིན་པར་འཁྲུག་པ་ཀུན་དུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པ་དང་། བྱམས་པའི་སེམས་ཀྱི་ཏིང་ངེ་འཛིན་ཀུན་དུ་མ་བསྟེན་ཅིང་མ་བསྒོམས་ཏེ་མང་དུ་མ་བྱས་པའི་ཕྱིར་རོ། །གཞན་ཡང་དེས་ཀུན་ནས་མནར་སེམས་ཀྱི་གཞི་རྣམ་པ་དགུ་ཀུན་དུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པ་དང་། ཀུན་ནས་མནར་སེམས་འདུལ་བ་རྣམ་པ་དགུ་ཀུན་དུ་མ་བསྟེན་ཅིང་ མ་བསྒོམས་ཏེ་མང་དུ་མ་བྱས་པའི་ཕྱིར་རོ། །གཞན་ཡང་དེས་དབང་པོའི་སྒོ་རྣམས་མ་བསྡོམས་པ་ཀུན་དུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པ་དང་། དབང་པོའི་སྒོ་རྣམས་བསྡམས་པ་ཀུན་དུ་མ་བསྟེན་ཅིང་མ་བསྒོམས་ཏེ། མང་དུ་མ་བྱས་པ་དང་། དེ་བཞིན་དུ་ཟས་ཀྱི་ཚོད་མ་ རིག་པ་དང་། ནམ་གྱི་ཆ་སྟོད་དང་། ནམ་གྱི་ཆ་སྨད་མི་ཉལ་བ་ལ་མི་བརྩོན་པ་དང་། ཞི་གནས་བསྒོམ་པ་ལ་མི་བརྩོན་པ་དང་། ལྷག་མཐོང་བསྒོམ་པ་ལ་མི་བརྩོན་པ་དང་། དེས་རིགས་པ་དང་ལྡན་པ་མ་ཡིན་པ་ཡིད་ལ་བྱེད་པ་ཀུན་དུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པ་དང་། རིགས་པ་ དང་ལྡན་པ་ཡིད་ལ་བྱེད་པ་ཀུན་དུ་མ་བསྟེན་ཅིང་མ་བསྒོམས་ཏེ་མང་དུ་མ་བྱས་པའི་ཕྱིར་རོ། །གཞན་ཡང་སེམས་ཅན་གང་དག་ཞེ་སྡང་གི་ཤས་ཆེ་བ་དེ་དག་གི་ནང་ནས། ཉེ་ཞིང་དུ་བས་ཉེ་བར་ཤི་འཕོས་པ་རྣམས་ཡིན་པ་སྟེ། དེ་དག་ཀྱང་གང་ཞེ་ན། འདི་ལྟ་སྟེ། སྦྲུལ་དང་། སྡིག་ པ་དང་། སྦྲང་རྒོད་མདུང་གསུམ་པ་དང་། སྦྲང་རྒོད་མདུང་གསུམ་པ་ཆེན་པོ་དང་། སྲིན་གྱི་མེད་ལ་སྩོགས་པ་སྟེ། རྒྱུ་དེས་ན་ཞེ་སྡང་གི་ཤས་ཆེ་བར་འགྱུར་རོ། །ཅིའི་ཕྱིར་གཏི་མུག་གི་ཤས་ཆེ་བར་འགྱུར་ཞེ་ན། སྨྲས་པ། དེས་གཏི་མུག་མི་དགེ་བའི་རྩ་བ་ཀུན་དུ་བསྟེན་ཅིང་ བསྒོམས་ཏེ་མང་དུ་བྱས་པ་དང་། གཏི་མུག་མེད་པ་དགེ་བའི་རྩ་བ་ཀུན་ཏུ་མ་བསྟེན་ཅིང་མ་བསྒོམས་ཏེ་མང་དུ་མ་བྱས་པའི་ཕྱིར་རོ། །གཞན་ཡང་དེས་རྣམ་པར་འཚེ་བའི་འདུ་ཤེས་དང་། རྣམ་པར་འཚེ་བའི་ཁམས་དང་། རྣམ་པར་འཚེ་བའི་རྟོག་པ་ཀུན་དུ་བསྟེན་ཅིང་བསྒོམས་ཏེ་ མང་དུ་བྱས་པ་དང་། རྣམ་པར་འཚེ་བ་མེད་པའི་འདུ་ཤེས་དང་། རྣམ་པར་འཚེ་བ་མེད་པའི་ཁམས་དང་། རྣམ་པར་འཚེ་བ་མེད་པའི་རྟོག་པ་ཀུན་དུ་མ་བསྟེན་ཅིང་མ་བསྒོམས་ཏེ་མང་དུ་མ་བྱས་པའི་ཕྱིར་རོ། །གཞན་ཡང་དེས་ལྟ་བར་འགྱུར་བ་རྣམས་ཀུན་དུ་བསྟེན་ཅིང་ བསྒོམས་ཏེ་མང་དུ་བྱས་པ་དང་། དགེ་མཚན་དང་། བཀྲ་ཤིས་ཀུན་དུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པ་དང་། རྐྱེན་འདི་པ་ཉིད་ཀྱི་རྟེན་ཅིང་འབྲེལ་པར་འབྱུང་བའི་རྒྱུད་ལ་མ་ཞུགས་པ་དང་། ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་འདི་ལྟ་སྟེ། འདི་ནི་གཟུགས་སོ། ། འདི་ནི་གཟུགས་ཀྱི་ཀུན་འབྱུང་བའོ། །འདི་གཟུགས་ཀྱི་ནུབ་པའོ། །འདི་ནི་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པའོ། །འདི་ནི་རྣམ་པར་ཤེས་པའི་ཀུན་འབྱུང་བའོ། །འདི་ནི་རྣམ་པར་ཤེས་པ་ནུབ་པའོ་ཞེས་སྐྱེ་བ་དང་། འཇིག་པ་མཐོང་བས་རྒྱུན་དུ་ མི་གནས་པའོ། །གཞན་ཡང་དེས་དབང་པོའི་སྒོ་རྣམས་མ་བསྡམས་པ་ཀུན་དུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པ་དང་། དབང་པོའི་སྒོ་རྣམས་བསྡམས་པ་ཀུན་དུ་མ་བསྟེན་ཅིང་མ་བསྒོམས་ཏེ་མང་དུ་མ་བྱས་པ་དང་། དེ་བཞིན་དུ་ཟས་ཀྱི་ཚོད་མ་རིག་པ་དང་། ནམ་གྱི་ཆ་སྟོད་དང་ ནམ་གྱི་ཆ་སྨད་མི་ཉལ་བ་ལ་མི་བརྩོན་པ་དང་། ཞི་གནས་བསྒོམ་པ་ལ་མི་བརྩོན་པ་དང་། ལྷག་མཐོང་བསྒོམ་པ་ལ་མི་བརྩོན་པ་དང་། དེས་རིགས་པ་དང་ལྡན་པ་མ་ཡིན་པ་ཡིད་ལ་བྱེད་པ་ཀུན་དུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པ་དང་། རིགས་པ་དང་ལྡན་པ་ཡིད་ལ་བྱེད་པ་ཀུན་ དུ་མ་བསྟེན་ཅིང་མ་བསྒོམས་ཏེ་མང་དུ་མ་བྱས་པའི་ཕྱིར་རོ། །གཞན་ཡང་སེམས་ཅན་གང་དག་གཏི་མུག་གི་ཤས་ཆེ་བ་དེ་དག་གི་ནང་ནས། ཉེ་ཞིང་དུ་བས་ཉེ་བར་ཤི་འཕོས་པ་རྣམས་ཡིན་ཏེ། དེ་དག་ཀྱང་གང་ཞེ་ན། འདི་ལྟ་སྟེ། གླང་པོ་ཆེ་དང་། རྟ་དང་། རྔ་མོ་དང་། བོང་བུ་དང་། ར་དང་། མ་ཧེ་དང་། རི་དགས་དང་། ཕག་ལ་སྩོགས་པ་སྟེ། རྒྱུ་དེས་ན་གཏི་མུག་གི་ཤས་ཆེ་བར་འགྱུར་རོ། །ཅིའི་ཕྱིར་འདོད་ཆགས་ཀྱི་ཤས་ཆེ་བར་མི་འགྱུར་ཞེ་ན། སྨྲས་པ། དེས་མ་ཆགས་པ་དགེ་བའི་རྩ་བ་ཀུན་དུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པ་དང་། ཆགས་ པ་མི་དགེ་བའི་རྩ་བ་ཀུན་དུ་མ་བསྟེན་ཅིང་མ་བསྒོམས་ཏེ། མང་དུ་མ་བྱས་པའི་ཕྱིར་རོ། །གཞན་ཡང་དེས་མངོན་པར་འབྱུང་བའི་འདུ་ཤེས་དང་། མངོན་པར་འབྱུང་བའི་ཁམས་དང་། མངོན་པར་འབྱུང་བའི་རྟོག་པ་ཀུན་དུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པ་དང་། འདོད་པའི་འདུ་ ཤེས་དང་། འདོད་པའི་ཁམས་དང་། འདོད་པའི་རྟོག་པ་ཀུན་དུ་མ་བསྟེན་ཅིང་མ་བསྒོམས་ཏེ་མང་དུ་མ་བྱས་པའི་ཕྱིར་རོ། །གཞན་ཡང་དེས་བརྒྱན་པ་དང་བཀླུབས་པ་ལ་བརྩོན་པ་ཀུན་དུ་མ་བསྟེན་ཅིང་མ་བསྒོམས་ཏེ་མང་དུ་མ་བྱས་པ་དང་། བརྒྱན་པ་དང་། བཀླུབས་པ་དང་ བྲལ་བ་ཀུན་དུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པའི་ཕྱིར་རོ། །གཞན་ཡང་དེས་མི་སྡུག་པའི་སེམས་ཀྱི་ཏིང་ངེ་འཛིན་ཀུན་དུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པ་དང་། སྡུག་པའི་མཚན་མ་ཀུན་དུ་མ་བསྟེན་ཅིང་མ་བསྒོམས་ཏེ་མང་དུ་མ་བྱས་པའི་ཕྱིར་རོ། །གཞན་ཡང་ དེས་དབང་པོའི་སྒོ་རྣམས་བསྡམས་པ་ཀུན་དུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པ་དང་། དབང་པོའི་སྒོ་རྣམས་མ་བསྡམས་པ་ཀུན་དུ་མ་བསྟེན་ཅིང་མ་བསྒོམས་ཏེ་མང་དུ་མ་བྱས་པ་དང་། དེ་བཞིན་དུ་ཟས་ཀྱི་ཚོད་རིག་པ་དང་། ནམ་གྱི་ཆ་སྟོད་དང་། ནམ་གྱི་ཆ་སྨད་མི་ཉལ་ བ་ལ་བརྩོན་པ་དང་། ཞི་གནས་བསྒོམ་པ་ལ་བརྩོན་པ་དང་། ལྷག་མཐོང་བསྒོམ་པ་ལ་བརྩོན་པ་དང་། དེས་རིགས་པ་དང་ལྡན་པ་ཡིད་ལ་བྱེད་པ་ཀུན་དུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པ་དང་། རིགས་པ་དང་ལྡན་པ་མ་ཡིན་པ་ཡིད་ལ་བྱེད་པ་ཀུན་དུ་མ་བསྟེན་ཅིང་མ་བསྒོམས་ཏེ། མང་དུ་མ་བྱས་པའི་ཕྱིར་རོ། །གཞན་ཡང་སེམས་ཅན་གང་དག་འདོད་ཆགས་ཀྱི་ཤས་ཆེ་བ་མ་ཡིན་པ་དེ་དག་གི་ནང་ནས། ཉེ་ཞིང་དུ་བས་ཉེ་བར་ཤི་འཕོས་པ་རྣམས་ཡིན་ཏེ། དེ་དག་ཀྱང་གང་ཞེ་ན། འདི་ལྟ་སྟེ། དྲང་སྲོང་རྣམས་དང་། རབ་ཏུ་བྱུང་བ་རྣམས་དང་། ཁྱིམ་ བདག་རྣམས་དང་། གཟུགས་དང་། གཟུགས་མེད་པ་ན་སྤྱོད་པའི་ལྷ་རྣམས་ཏེ། རྒྱུ་དེས་ན་འདོད་ཆས་ཀྱི་ཤས་ཆེ་བར་མི་འགྱུར་རོ། །ཅིའི་ཕྱིར་ཞེ་སྡང་གི་ཤས་ཆེ་བར་མི་འགྱུར་ཞེ་ན། སྨྲས་པ། དེས་ཞེ་མི་སྡང་བའི་དགེ་བའི་རྩ་བ་ཀུན་དུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པ་དང་། ཞེ་སྡང་མི་དགེ་བའི་རྩ་བ་ཀུན་དུ་མ་བསྟེན་ཅིང་མ་བསྒོམས་ཏེ་མང་དུ་མ་བྱས་པའི་ཕྱིར་རོ། །གཞན་ཡང་དེས་གནོད་སེམས་མེད་པའི་འདུ་ཤེས་དང་། གནོད་སེམས་མེད་པའི་ཁམས་དང་། གནོད་སེམས་མེད་པའི་རྟོག་པ་ཀུན་དུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པ་དང་། གནོད་སེམས་ཀྱི་འདུ་ཤེས་དང་། གནོད་སེམས་ཀྱི་ཁམས་དང་། གནོད་སེམས་ཀྱི་རྣམ་པར་རྟོག་པ་ཀུན་དུ་མ་བསྟེན་ཅིང་མ་བསྒོམས་ཏེ་མང་དུ་མ་བྱས་པའི་ཕྱིར་རོ། །གཞན་ཡང་དེས་བྱམས་པའི་སེམས་ཀྱི་ཏིང་ངེ་འཛིན་ཀུན་དུ་བསྟེན་ཅིང་བསྒོམས་ཏེ་མང་ དུ་བྱས་པ་དང་། གནས་མ་ཡིན་པར་འཁྲུག་པ་ཀུན་དུ་མ་བསྟེན་ཅིང་མ་བསྒོམས་ཏེ་མང་དུ་མ་བྱས་པའི་ཕྱིར་རོ། །གཞན་ཡང་དེས་ཀུན་ནས་མནར་སེམས་འདུལ་བ་རྣམ་པ་དགུ་ཀུན་དུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པ་དང་། ཀུན་ནས་མནར་སེམས་ཀྱི་གཞི་རྣམ་པ་དགུ་ཀུན་ དུ་མ་བསྟེན་ཅིང་མ་བསྒོམས་ཏེ་མང་དུ་མ་བྱས་པའི་ཕྱིར་རོ། །གཞན་ཡང་དེས་དབང་པོའི་སྒོ་རྣམས་བསྡམས་པ་ཀུན་དུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པ་དང་། དབང་པོའི་སྒོ་རྣམས་མ་བསྡམས་ཀུན་དུ་མ་བསྟེན་ཅིང་མ་བསྒོམས་ཏེ་མང་དུ་མ་བྱས་པ་དང་། དེ་བཞིན་དུ་ཟས་ ཀྱི་ཚོད་རིག་པ་དང་། ནམ་གྱི་ཆ་སྟོད་དང་། ནམ་གྱི་ཆ་སྨད་མི་ཉལ་བ་ལ་བརྩོན་པ་དང་། ཞི་གནས་བསྒོམ་པ་ལ་བརྩོན་པ་དང་། ལྷག་མཐོང་བསྒོམ་པ་ལ་བརྩོན་པ་དང་། དེས་རིགས་པ་དང་ལྡན་པ་ཡིད་ལ་བྱེད་པ་ཀུན་དུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པ་དང་། རིགས་པ་དང་ལྡན་ པ་མ་ཡིན་པ་ཡིད་ལ་བྱེད་པ་ཀུན་ཏུ་མ་བསྟེན་ཅིང་མ་བསྒོམས་ཏེ་མང་དུ་མ་བྱས་པའི་ཕྱིར་རོ། །གཞན་ཡང་སེམས་ཅན་གང་དག་ཞེ་སྡང་གི་ཤས་ཆེ་བ་མ་ཡིན་པ་དེ་དག་གི་ནང་ནས། ཉེ་ཞིང་དུ་བས་ཉེ་བར་ཤི་འཕོས་པ་རྣམས་ཡིན་ཏེ། དེ་དག་ཀྱང་གང་ཞེ་ན། འདི་ལྟ་སྟེ། དྲང་སྲོང་ རྣམས་དང་། རབ་ཏུ་བྱུང་བ་རྣམས་དང་། ཁྱིམ་བདག་རྣམས་དང་། གཟུགས་དང་། གཟུགས་མེད་པ་ན་སྤྱོད་པའི་ལྷ་རྣམས་ཏེ། རྒྱུ་དེས་ན་ཞེ་སྡང་གི་ཤས་ཆེ་བར་མི་འགྱུར་རོ། །ཅིའི་ཕྱིར་གཏི་མུག་གི་ཤས་ཆེ་བར་མི་འགྱུར་ཞེ་ན། སྨྲས་པ། དེས་གཏི་མུག་མེད་པ་དགེ་བའི་ རྩ་བ་ཀུན་དུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པ་དང་། གཏི་མུག་མི་དགེ་བའི་རྩ་བ་ཀུན་དུ་མ་བསྟེན་ཅིང་མ་བསྒོམས་ཏེ་མང་དུ་མ་བྱས་པའི་ཕྱིར་རོ། །གཞན་ཡང་དེས་རྣམ་པར་འཚེ་བ་མེད་པའི་འདུ་ཤེས་དང་། རྣམ་པར་འཚེ་བ་མེད་པའི་ཁམས་དང་། རྣམ་པར་འཚེ་བ་མེད་ པའི་རྟོག་པ་ཀུན་དུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པ་དང་། རྣམ་པར་འཚེ་བའི་འདུ་ཤེས་དང་། རྣམ་པར་འཚེ་བའི་ཁམས་དང་། རྣམ་པར་འཚེ་བའི་རྟོག་པ་ཀུན་དུ་མ་བསྟེན་ཅིང་མ་བསྒོམས་ཏེ། མང་དུ་མ་བྱས་པའི་ཕྱིར་རོ། །གཞན་ཡང་དེས་ལྟ་བར་གྱུར་པ་རྣམས་ཀུན་དུ་མ་ བསྟེན་ཅིང་མ་བསྒོམས་ཏེ་མང་དུ་མ་བྱས་པ་དང་། དགེ་མཚན་དང་། བཀྲ་ཤིས་ཀུན་དུ་མ་བསྟེན་ཅིང་མ་བསྒོམས་ཏེ་མང་དུ་མ་བྱས་པ་དང་། རྐྱེན་འདི་པ་ཉིད་ཀྱི་རྟེན་ཅིང་འབྲེལ་བར་འབྱུང་བའི་རྒྱུད་ལ་ཞུགས་པ་དང་། ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་འདི་ལྟ་སྟེ། འདི་ནི་གཟུགས་སོ། ། འདི་ནི་གཟུགས་ཀྱི་ཀུན་འབྱུང་བའོ། །འདི་ནི་གཟུགས་ཀྱི་ནུབ་པའོ། །འདི་ནི་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པའོ། །འདི་ནི་རྣམ་པར་ཤེས་པའི་ཀུན་འབྱུང་བའོ། །འདི་ནི་རྣམ་པར་ཤེས་པའི་ནུབ་པའོ་ཞེས་སྐྱེ་བ་དང་། འཇིག་པ་མཐོང་བས་ རྒྱུན་དུ་གནས་པ་དང་། གཞན་ཡང་དེས་དབང་པོའི་སྒོ་རྣམས་བསྡམས་པ་ཀུན་དུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པ་དང་། དབང་པོའི་སྒོ་རྣམས་མ་བསྡམས་པ་ཀུན་དུ་མ་བསྟེན་ཅིང་མ་བསྒོམས་ཏེ་མང་དུ་མ་བྱས་པ་དང་། དེ་བཞིན་དུ་ཟས་ཀྱི་ཚོད་རིག་པ་དང་། ནམ་གྱི་ཆ་སྟོད་དང་། ནམ་གྱི་ཆ་སྨད་མི་ཉལ་བ་ལ་བརྩོན་པ་དང་། ཞི་གནས་བསྒོམ་པ་ལ་བརྩོན་པ་དང་། ལྷག་མཐོང་བསྒོམ་པ་ལ་བརྩོན་པ་དང་། དེས་རིགས་པ་དང་ལྡན་པ་ཡིད་ལ་བྱེད་པ་ཀུན་དུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པ་དང་། རིགས་པ་དང་ལྡན་པ་མ་ཡིན་པ་ཡིད་ལ་བྱེད་པ་ཀུན་དུ་མ་ བསྟེན་ཅིང་མ་བསྒོམས་ཏེ་མང་དུ་མ་བྱས་པའི་ཕྱིར་རོ། །གཞན་ཡང་སེམས་ཅན་གང་དག་གཏི་མུག་གི་ཤེས་ཆེ་བ་མ་ཡིན་པ་དེ་དག་གི་ནང་ནས། ཉེ་ཞིང་དུ་བས་ཉེ་བར་ཤི་འཕོས་པ་རྣམས་ཡིན་ཏེ། དེ་དག་ཀྱང་གང་ཞེ་ན། འདི་ལྟ་སྟེ། དྲང་སྲོང་རྣམས་དང་། རབ་ཏུ་བྱུང་བ་ རྣམས་དང་། ཁྱིམ་བདག་རྣམས་དང་། གཟུགས་དང་། གཟུགས་མེད་པ་ན་སྤྱོད་པའི་ལྷ་རྣམས་ཏེ། རྒྱུ་དེས་ན་གཏི་མུག་གི་ཤས་ཆེ་བར་མི་འགྱུར་རོ། །ཆོས་མངོན་པའི་བསྟན་བཅོས་ཆེན་པོ་རྒྱུ་གདགས་པ་ལས་ཚིགས་བདུན་པའོ།། །།སྡོམ་ནི། མཐའ་དང་དྲི་ ང་རེངས་པ་དང་། །གྱེན་དུ་འབྱུང་དང་ལྕི་དང་འཇུ། །འདྲུལ་དང་དབུགས་རྒྱུ་ཉིན་མཚན་དང་། །ཉ་དང་སྐམ་ས་རུས་སྦལ་རྣམས། །བཅོམ་ལྡན་འདས་ཀྱིས་དགེ་སློང་དག་སྲིད་པའི་སྲེད་པའི་སྔོན་གྱི་མཐའ་མི་མངོན་ལ་སྲིད་པའི་སྲེད་པ་འདི་ནས་སྔོན་ཆད་མ་བྱུང་བ་ཞིག་ འདི་ནས་ཕྱིན་ཆད་འབྱུང་བ་མ་ཡིན་ཏེ། གང་གི་རྐྱེན་གྱིས་བྱུང་བའི་སྲིད་པའི་སྲེད་པ་ནི། མངོན་པ་ཁོ་ནའོ་ཞེས་གསུངས་པ་ལ། ཅི་ཡོད་དེ་མི་སྣང་ངམ། འོན་ཏེ་མེད་དེ་མི་སྣང་ཞེ་ན། སྨྲས་པ། མེད་པའི་ཕྱིར་མི་སྣང་གི །ཡོད་པའི་ཕྱིར་ནི་མ་ཡིན་ཏེ། གང་གི་ཕྱིར་མ་རིག་པ་དང་ལྡན་ པའི་སེམས་ཅན་རྣམས་འདི་སྙམ་དུ་སེམས་ཏེ་བདག་ཅག་འདས་པའི་དུས་ན་བྱུང་བར་གྱུར་ཏེ། བདག་ཅག་འདས་པའི་དུས་ན་མ་བྱུང་བ་མ་ཡིན་ནོ་སྙམ་དུ་སེམས་ན་ནི། དེའི་ཚེ་རྟག་པར་འགྱུར་རོ། །གང་གི་ཕྱིར་དེ་དག་འདི་སྙམ་དུ་སེམས་ཏེ། འདས་པའི་དུས་ན་བདག་ཅག་མ་བྱུང་ངོ་སྙམ་དུ་ སེམས་ན་ནི། དེའི་ཚེ་ཆད་པར་ལྷུང་བར་འགྱུར་རོ། །འདུ་བྱེད་ཐམས་ཅད་ནི་རྒྱུ་དང་བཅས་པ་ཡིན་ཏེ། འདུ་བྱེད་འདི་རྣམས་ཀྱི་རྒྱུ་ནི། སྔོན་གྱི་འདུ་བྱེད་རྣམས་ཡིན་ལ། འདུ་བྱེད་དེ་རྣམས་ཀྱི་རྒྱུ་ཡང་སྔ་རོལ་གྱི་འདུ་བྱེད་རྣམས་ཡིན་ན། གལ་ཏེ་སྔོན་གྱི་མཐའ་མངོན་པར་གྱུར་ན་དང་ པོའི་འདུ་བྱེད་གང་ཡིན་པ་དེ་དག་རྒྱུ་མེད་པ་ལས་བྱུང་བར་འགྱུར་རོ། །ཅིའི་ཕྱིར་འདོད་ཆགས་དང་མ་བྲལ་བ་ཤི་བར་འགྱུར་ཏེ་གལ་ཏེ་ལུས་མེས་བསྲེགས་ན་དེའི་ལུས་ལས་དྲི་ང་བ་འབྱུང་ལ། འདོད་ཆགས་དང་བྲལ་བ་ཤི་བར་འགྱུར་ཏེ། གལ་ཏེ་ལུས་མེས་བསྲེགས་ན་དེའི་ལུས་ལས་དྲི་ ང་བ་མི་འབྱུང་ཞེ་ན། སྨྲས་པ། འདོད་ཆགས་དང་མ་བྲལ་བ་འཆི་ན་ནི་མི་གཙང་བ་འབྱུང་ཞིང་ཁུ་ཆུ་འབྱུང་བར་འགྱུར་ཏེ། དེའི་མི་གཙང་བས་ལུས་ཀྱི་དབང་པོ་ཐམས་ཅད་དུ་ཆུབ་པར་འགྱུར་ཏེ། གལ་ཏེ་མེར་བསྲེགས་ན་དེའི་ལུས་ལས་དྲི་ང་བ་འབྱུང་ལ། ལྷ་དབང་ཆེ་བར་གྲགས་པ་ རྣམས་ཀྱང་ལུས་ལ་མཆོད་ཅིང་དེའི་ལུས་ཀྱི་དྲི་ང་བ་བསལ་བའི་ཕྱིར། ཤས་ཆེར་སྤྲོ་བར་མི་བྱེད་དོ། །འདོད་ཆགས་དང་བྲལ་བ་འཆི་ན་ནི། མི་གཙང་བ་མི་འབྱུང་ཞིང་ཁུ་ཆུ་འབྱུང་བར་མི་འགྱུར་ཏེ། དེའི་ལུས་ཀྱི་དབང་པོ་ཐམས་ཅད་དུ་མི་གཙང་བས་ཆུབ་པར་འགྱུར་བ་མེད་དེ། གལ་ཏེ་དེའི་ལུས་མེར་བསྲེགས་ན་དེའི་ལུས་ལས་དྲི་ང་བ་མི་འབྱུང་ལ། ལྷ་དབང་ཆེ་བར་གྲགས་པ་རྣམས་ཀྱང་ལུས་ལ་མཆོད་ཅིང་དེའི་ལུས་ཀྱི་དྲི་ང་བ་བསལ་བའི་ཕྱིར་ཤས་ཆེར་སྤྲོ་བར་བྱེད་དེ། རྒྱུ་དེས་ན་ཞེས་བྱ་བ་ནས་རྒྱས་པར་སྦྱར་རོ། །ཅིའི་ཕྱིར་འདོད་ཆགས་དང་མ་བྲལ་ བ་ཤི་ན་ལུས་རེངས་ཤིང་མི་མཉེན་པར་འགྱུར་ལ། འདོད་ཆགས་དང་བྲལ་བ་ཤི་བའི་ལུས་ནི་མཉེན་ཞིང་རེངས་པར་མི་འགྱུར་ཞེ་ན། སྨྲས་པ། འདོད་ཆགས་དང་མ་བྲལ་བ་འཆི་བ་ནི་རླུང་ལྟོ་ནས་གྱེན་དུ་ལྡང་བས་ན་དེའི་ལུས་རེངས་ཤིང་མི་མཉེན་ནོ། །འདོད་ཆགས་དང་བྲལ་བ་འཆི་ བ་ནི་རླུང་ལྟོ་ནས་གྱེན་དུ་མི་ལྡང་བས་དེའི་ལུས་མཉེན་ཞིང་རེངས་པར་མི་འགྱུར་ཏེ། རྒྱུ་དེས་ན་ཞེས་བྱ་བ་ནས་རྒྱས་པར་སྦྱར་རོ། །ཅིའི་ཕྱིར་འདོད་ཆགས་དང་མ་བྲལ་བ་འཆི་བ་ན་རླུང་ལྟོ་ནས་གྱེན་དུ་ལྡང་ལ། འདོད་ཆགས་དང་བྲལ་བ་འཆི་བ་ནི་ལྟོ་ནས་གྱེན་དུ་མི་ལྡང་ཞེ་ན། སྨྲས་པ། འདོད་ཆགས་དང་མ་བྲལ་བ་འཆི་བ་ན་ཕ་རོལ་གྱི་སྐྱེ་བ་རྣམས་སུ་སེམས་རྗེས་སུ་གཏོད་ཅིང་རྗེས་སུ་འབྲང་སྟེ་རྗེས་སུ་རྒྱུག་པས་ན་རླུང་གིས་དེའི་མིག་གཉིས་འབྱེད་པ་དང་། འཛུམས་པར་འགྱུར་ལ། དེའི་སྙིང་གི་ཉེ་འཁོར་དུ་རླུང་འགགས་པར་འགྱུར་ཏེ། དེ་ལྟར་ན་རླུང་དེའི་ལྟོ་ ནས་གྱེན་དུ་ལྡང་ངོ་། །འདོད་ཆགས་དང་བྲལ་བ་འཆི་བ་ན་ནི། ཕ་རོལ་གྱི་སྐྱེ་གནས་རྣམས་སུ་སེམས་རྗེས་སུ་མི་གཏོད་ཅིང་རྗེས་སུ་མི་འབྲང་སྟེ། རྗེས་སུ་མི་རྒྱུག་པས་ན་དེའི་མིག་རླུང་གིས་འབྱེད་པ་དང་། འཛུམས་པར་མི་འགྱུར་ལ། དེའི་ལྟེ་བའི་ཉེ་འཁོར་དུ་རླུང་འགག་པར་འགྱུར་རོ། ། དེ་ལྟར་ན་རླུང་དེའི་ལྟོ་ནས་གྱེན་དུ་མི་ལྡང་སྟེ། རྒྱུ་དེས་ན་ཞེས་བྱ་བ་ནས་རྒྱས་པར་སྦྱར་རོ། །ཅིའི་ཕྱིར་གསོན་པོའི་ལུས་ཡང་ཞིང་མཉེན་ལ། ཤི་སྟེ་ཤི་བར་གྱུར་པའི་ལུས་ནི་ལྕི་ཞིང་མི་མཉེན་ཞེ་ན། སྨྲས་པ། ཤི་སྟེ་ཤི་བར་གྱུར་པའི་ཁོང་ན་འདུག་པའི་མེའི་ཁམས་དང་། རླུང་གི་ཁམས་ གཉིས་འགགས་པས་ན་དེའི་ལུས་ལྕི་ཞིང་མི་མཉེན་ནོ། །གསོན་པོའི་ནི་ཁོང་ན་འདུག་པའི་མེའི་ཁམས་དང་། རླུང་གི་ཁམས་གཉིས་མ་འགགས་པས་ན་དེའི་ལུས་མཉེན་ཞིང་ཡང་སྟེ། རྒྱུ་དེས་ན་ཞེས་བྱ་བ་ནས་རྒྱས་པར་སྦྱར་རོ། །དེའི་ཕྱིར་འཚོ་ཞིང་གསོན་ཏེ་འདུག་ཅིང་སྲེད་ པས་ཟོས་པ་ཞུ་བར་འགྱུར་ལ། ཤི་སྟེ་ཤི་བར་གྱུར་པའི་ཞུ་བར་མི་འགྱུར་ཞེ་ན། སྨྲས་པ། འཚོ་ཞིང་གསོན་ཏེ་འདུག་ཅིང་སྡོད་པ་ནི་ཁོང་ན་འདུག་པའི་མེའི་ཁམས་དང་། ཆུའི་ཁམས་དང་། རླུང་གི་ཁམས་མ་འགགས་ཏེ། ཆུས་ནི་དེས་ཟོས་པ་དེ་སྲུལ་བར་བྱེད། མེས་ནི་ཡོངས་སུ་ཚོས་པར་བྱེད། རླུང་གིས་ནི་གློང་བར་བྱེད་པས་ན་དེས་ཟོས་པ་དེ་ཞུ་བར་འགྱུར་རོ། །ཤི་སྟེ་ཤི་བར་འགྱུར་བ་ནི་ནང་ན་འདུག་པའི་མེའི་ཁམས་དང་། ཆུའི་ཁམས་དང་། རླུང་གི་ཁམས་རྣམས་འགགས་ཏེ། དེས་ཟོས་པ་དེ་ཆུ་དེས་སྲུལ་བར་མི་བྱེད། མེས་ཡོངས་སུ་ ཚོས་པར་མི་བྱེད། རླུང་གིས་རྣམ་པར་གློང་བར་མི་བྱེད་པས་ན་དེས་ཟོས་པ་དེ་ཞུ་བར་མི་འགྱུར་ཏེ། རྒྱུ་དེས་ན་ཞེས་བྱ་བ་ནས་རྒྱས་པར་སྦྱར་རོ། །ཅིའི་ཕྱིར་འཚོ་ཞིང་གསོན་ལ་འདུག་ཅིང་སྡོད་པའི་ལུས་མི་འདྲུལ་ལ། ཤི་སྟེ་ཤི་བར་གྱུར་པའི་ལུས་འདྲུལ་བར་འགྱུར་ཞེ་ན། སྨྲས་པ། འཚོ་ཞིང་གསོན་ཏེ་འདུག་ཅིང་སྡོད་པ་ནི་ཁོང་ན་འདུག་པའི་མེའི་ཁམས་དང་། རླུང་གི་ཁམས་གཉིས་མ་འགགས་ཏེ། དེའི་མཐུན་པའི་ཆུའི་ཁམས་དེ་ཟད་པར་བྱེད་པས་ན་དེའི་ལུས་མི་འདྲུལ་ལོ། །ཤི་སྟེ་ཤི་བར་འགྱུར་བའི་ནི་ཁོང་དུ་འདུག་པའི་མེའི་ཁམས་དང་། རླུང་གི་ཁམས་ འགགས་ཏེ། དེའི་མཐུན་པའི་ཆུའི་ཁམས་དེ་ཟད་པར་མི་བྱེད་པས་ན་དེའི་ལུས་འདྲུལ་བར་འགྱུར་ཏེ། རྒྱུ་དེས་ན་ཞེས་བྱ་བ་ནས་རྒྱས་པར་སྦྱར་རོ། །ཅིའི་ཕྱིར་འཚོ་ཞིང་གསོན་ཏེ། འདུག་ཅིང་སྡོད་པ་ལ་དབུགས་རྔུབ་པ་དང་། དབུགས་འབྱུང་བ་ཡོད་ལ། ཤི་སྟེ་ཤི་བར་གྱུར་པ་ ལ་མེད་ཅེ་ན། སྨྲས་པ། དབུགས་རྔུབ་པ་དང་། དབུགས་འབྱུང་བ་རྣམས་སེམས་ལ་རག་ལས་པ་ཡིན་ཏེ། འཚོ་ཞིང་གསོན་ཏེ་འདུག་ཅིང་སྡོད་པའི་ལུས་སེམས་དང་བཅས་པ་ཡིན་ལ། ཤི་བའི་ལུས་ནི་སེམས་མེད་དེ། རྒྱུ་དེས་ན་ཞེས་བྱ་བ་ནས་རྒྱས་པར་སྦྱར་རོ། །ཅིའི་ཕྱིར་ འུག་པ་རྣམས་མཚན་མོ་མཐོང་ལ་ཉིན་མོ་མི་མཐོང་ཞེ་ན། སྨྲས་པ། འུག་པ་རྣམས་ཀྱི་མིག་གི་མིའུ་ནི་དམར་ཏེ། དེ་ལ་ནི་མཚན་མོ་མི་གནོད་ལ་ཉིན་མོ་གནོད་དེ། རྒྱུ་དེས་ན་ཞེས་བྱ་བ་ནས་རྒྱས་པར་སྦྱར་རོ། །ཅིའི་ཕྱིར་མི་རྣམས་ཉིན་མོ་མཐོང་ལ་མཚན་མོ་མི་མཐོང་ཞེ་ན། སྨྲས་པ། མི་རྣམས་ཀྱི་མིག་གི་མིའུ་གནག་སྟེ། དེ་ལ་ཉིན་མོ་མི་གནོད་ལ་མཚན་མོ་གནོད་དེ། རྒྱུ་དེས་ན་ཞེས་བྱ་བ་ནས་རྒྱས་པར་སྦྱར་རོ། །ཅིའི་ཕྱིར་རྟ་དང་ཁྱི་རྣམས་མཚན་མོ་ཡང་མཐོང་ལ་ཉིན་མོ་ཡང་མཐོང་ཞེ་ན། སྨྲས་པ། རྟ་དང་ཁྱི་རྣམས་ཀྱི་མིག་གི་མིའུ་སེར་སྨུག་ཏུ་འདུག་སྟེ། དེ་ ལ་ཉིན་མོ་ཡང་མི་གནོད་མཚན་མོ་ཡང་མི་གནོད་དེ། རྒྱུ་དེས་ན་ཞེས་བྱ་བ་ནས་རྒྱས་པར་སྦྱར་རོ། །ཅིའི་ཕྱིར་ཉ་རྣམས་ཆུའི་ནང་ནས་མཐོང་ལ་སྐམ་སར་མི་མཐོང་ཞེ་ན། སྨྲས་པ། ཉ་རྣམས་ཀྱི་མིག་གི་མིའུ་ཚིལ་ལས་གྲུབ་པ་ཡིན་ཏེ། དེ་ལ་ནི་ཆུ་མི་གནོད་ལ་སྐམ་ས་གནོད་དེ། རྒྱུ་དེས་ན་ཉ་རྣམས་ཆུའི་ནང་ན་མཐོང་ལ་སྐམ་སར་མི་མཐོང་ངོ་། །ཅིའི་ཕྱིར་མི་རྣམས་ཀྱི་མིག་ལ་སྐམ་ས་མི་གནོད་ལ་ཆུ་གནོད་ཅེ་ན། སྨྲས་པ། མི་རྣམས་ཀྱི་མིག་གི་མིའུ་ཆུ་བུར་ཡིན་པས་སྐམ་ས་མི་གནོད་ལ། ཆུ་གནོད་དེ། རྒྱུ་དེས་ན་ཞེས་བྱ་བ་ནས་རྒྱས་པར་སྦྱར་རོ། །ཅིའི་ཕྱིར་རུས་ སྦལ་དང་། སྦལ་བ་དང་། སྦལ་བ་དཀར་པོ་དང་། སྲོག་ཆགས་བུ་ལུ་ཀ་ལ་སོགས་པ་ཆུའི་ནང་ན་ཡང་མཐོང་ལ། སྐམ་ས་ལ་ཡང་མཐོང་ཞེ་ན། སྨྲས་པ། རུས་སྦལ་དང་། སྦལ་བ་དང་། སྦལ་བ་དཀར་པོ་དང་། སྲོག་ཆགས་བུ་ལུ་ཀ་ལ་སོགས་པའི་མིག་གི་མིའུ་རུས་པ་ལས་ གྲུབ་པ་ཡིན་པས། ཆུ་ཡང་མི་གནོད་སྐམ་ས་ཡང་མི་གནོད་དེ། རྒྱུ་དེས་ན་ཞེས་བྱ་བ་ནས་རྒྱས་པར་སྦྱར་རོ། །ཆོས་མངོན་པའི་བསྟན་བཅོས་ཆེན་པོ་རྒྱུ་གདགས་པ་ལས་ཚིགས་བརྒྱད་པའོ།། །།སྡོམ་ནི། གཉིད་དང་གཏུམ་དང་རྒོད་པ་དང་། །སྨྲ་འདོད་སྨྲ་ཉུང་ཡིད་གཞུངས་པ། ། འཛིན་པ་དང་ནི་དྲན་པ་དང་། །ཉོན་མོངས་པ་དང་རྟོག་པ་མྱུར། །ཅིའི་ཕྱིར་གཉིད་ཆེ་བར་འགྱུར་ཞེ་ན། སྨྲས་པ། དེས་གཉིད་ཀུན་དུ་བསྟེན་ཞིང་བསྒོམས་ཏེ་མང་དུ་བྱས་པ་དང་། དེས་སྣང་བའི་འདུ་ཤེས་ཀྱང་ཀུན་དུ་མ་བསྟེན་ཞིང་མ་བསྒོམས་ཏེ་མང་དུ་མ་བྱས་པའི་ཕྱིར་རོ། །གཞན་ ཡང་སེམས་ཅན་གང་དག་གཉིད་ཆེ་བ་རྣམས་ཀྱི་ནང་ནས་ཉེ་ཞིང་དུ་བས་ཉེ་བར་ཤི་འཕོས་པ་རྣམས་ཡིན་ཏེ། དེ་དག་ཀྱང་གང་ཞེ་ན། འདི་ལྟ་སྟེ། སྦྲུལ་དང་། སྦྲུལ་པོ་ཆེ་དང་། ཀླུ་དང་། བམ་བྷོ་ད་རྣམས་ཏེ། རྒྱུ་དེས་ན་གཉིད་ཆེ་བར་འགྱུར་རོ། །ཅིའི་ཕྱིར་གཉིད་ཆེ་བར་མི་འགྱུར་ ཞེ་ན། སྨྲས་པ། དེས་སྣང་བའི་འདུ་ཤེས་ཀུན་དུ་བསྟེན་ཞིང་བསྒོམས་ཏེ་མང་དུ་བྱས་པ་དང་། དེས་རྨུགས་པ་དང་། གཉིད་ཀུན་དུ་མ་བསྟེན་ཞིང་མ་བསྒོམས་ཏེ་མང་དུ་མ་བྱས་པའི་ཕྱིར་རོ། །གཞན་ཡང་སེམས་ཅན་གང་དག་གཉིད་མི་ཆེ་བ་རྣམས་ཀྱི་ནང་ནས་ཉེ་ ཞིང་དུ་བས་ཉེ་བར་ཤི་འཕོས་པ་རྣམས་ཡིན་ཏེ། དེ་དག་ཀྱང་གང་ཞེ་ན། འདི་ལྟ་སྟེ། དྲང་སྲོང་རྣམས་དང་། རབ་ཏུ་བྱུང་བ་རྣམས་དང་། ཁྱིམ་བདག་རྣམས་དང་། གཟུགས་དང་། གཟུགས་མེད་པ་ན་སྤྱོད་པའི་ལྷ་རྣམས་ཏེ། རྒྱུ་དེས་ན་གཉིད་ཆེ་བར་མི་འགྱུར་རོ། །ཅིའི་ཕྱིར་གཏུམ་པར་ འགྱུར་ཞེ་ན། སྨྲས་པ། དེས་གཏུམ་པ་ཀུན་དུ་བསྟེན་ཞིང་བསྒོམས་ལ་མང་དུ་བྱས་ཏེ། འདི་ལྟ་སྟེ། དབྱུག་པ་ཀུན་དུ་སྤྱད་པ་དང་། མཚོན་ཆ་ཀུན་དུ་སྤྱད་པ་དང་། ལག་ཆ་ཀུན་དུ་སྤྱད་པ་དང་། དེས་གཏུམ་པ་མེད་པ་ཀུན་དུ་མ་བསྟེན་ཞིང་མ་བསྒོམས་ལ་མང་དུ་མ་བྱས་ཏེ། འདི་ལྟ་སྟེ། དབྱུག་པ་མེད་པ་ཀུན་དུ་མ་སྤྱད་པ་དང་། མཚོན་ཆ་མེད་པ་ཀུན་དུ་སྤྱད་པ་དང་། ལག་ཆ་མེད་པ་ཀུན་དུ་མ་སྤྱད་པའོ། །གཞན་ཡང་སེམས་ཅན་གང་དག་གཏུམ་པ་རྣམས་ཀྱི་ནང་ནས་ཉེ་ཞིང་དུ་བས་ཉེ་བར་ཤི་འཕོས་པ་རྣམས་ཡིན་ཏེ། དེ་དག་ཀྱང་གང་ཞེ་ན། འདི་ལྟ་སྟེ། ལུག་གསོད་པ་ རྣམས་དང་། བྱ་པ་རྣམས་དང་། ཉ་པ་རྣམས་དང་། རི་དགས་ཀྱི་རྔོན་པ་རྣམས་དང་། ཆོམ་རྐུན་པ་རྣམས་དང་། གཤེད་མ་རྣམས་དང་། འཐབ་གཅུགས་བྱེད་པ་རྣམས་དང་། རྟ་དང་གླང་པོ་ཆེ་འདུལ་བ་རྣམས་དང་། གནོད་པ་བྱེད་པ་རྣམས་དང་། བཙོན་སྲུང་རྣམས་ཏེ། རྒྱུ་དེས་ན་ གཏུམ་པོར་འགྱུར་རོ། །ཅིའི་ཕྱིར་གཏུམ་པོར་མི་འགྱུར་ཞེ་ན། སྨྲས་པ། དེས་མི་གཏུམ་པ་ཀུན་དུ་བསྟེན་ཞིང་བསྒོམས་ལ་མང་དུ་བྱས་ཏེ། འདི་ལྟ་སྟེ། དབྱུག་པ་ཀུན་དུ་མ་སྤྱད་པ་དང་། མཚོན་ཆ་ཀུན་དུ་མ་སྤྱད་པ་དང་། ལག་ཆ་ཀུན་དུ་མ་སྤྱད་པ་དང་། དེས་གཏུམ་པ་ཀུན་དུ་མ་བསྟེན་ཞིང་མ་ བསྒོམས་ལ་མང་དུ་མ་བྱས་ཏེ། འདི་ལྟ་སྟེ། དབྱུག་པ་མེད་པ་ཀུན་དུ་སྤྱད་པ་དང་། མཚོན་ཆ་མེད་པ་ཀུན་དུ་སྤྱད་པ་དང་། ལག་ཆ་མེད་པ་ཀུན་དུ་སྤྱད་པའོ། །གཞན་ཡང་སེམས་ཅན་གང་དག་གཏུམ་པ་མ་ཡིན་པ་རྣམས་ཀྱི་ནང་ནས། ཉེ་ཞིང་དུ་བས་ཉེ་བར་ཤི་འཕོས་པ་རྣམས་ཡིན་ཏེ། འདི་ལྟ་ སྟེ། དྲང་སྲོང་རྣམས་དང་། རབ་ཏུ་བྱུང་བ་རྣམས་དང་། ཁྱིམ་བདག་རྣམས་དང་། གཟུགས་དང་། གཟུགས་མེད་པ་ན་སྤྱོད་པའི་ལྷ་རྣམས་ཏེ། རྒྱུ་དེས་ན་གཏུམ་པར་མི་འགྱུར་རོ། །ཅིའི་ཕྱིར་རྒོད་བག་ཅན་དུ་འགྱུར་ཞེ་ན། སྨྲས་པ། དེས་རྒོད་པ་ཀུན་དུ་བསྟེན་ཞིང་བསྒོམས་ཏེ་ མང་དུ་བྱས་པ་དང་། དེ་ཞི་གནས་ཀུན་དུ་མ་བསྟེན་ཞིང་མ་བསྒོམས་ཏེ་མང་དུ་མ་བྱས་པའི་ཕྱིར་རོ། །གཞན་ཡང་སེམས་ཅན་གང་དག་རྒོད་བག་ཅན་རྣམས་ཀྱི་ནང་ནས་ཉེ་ཞིང་དུ་བས་ཉེ་བར་ཤི་འཕོས་པ་རྣམས་ཡིན་ཏེ། དེ་དག་ཀྱང་གང་ཞེ་ན། ཟློས་གར་མཁན་དང་། གར་མཁན་ དང་། བཞད་གད་པ་དང་། བྱི་དོར་མཁན་དང་། ཚར་མཁན་དང་། སྨད་འཚོང་མ་དང་། སྨད་འཚོང་མའི་གཙོ་མོ་དང་། འདོད་པ་ན་སྤྱོད་པའི་ལྷ་རྣམས་ཏེ། རྒྱུ་དེས་ན་རྒོད་བག་ཅན་དུ་འགྱུར་རོ། །ཅིའི་ཕྱིར་རྒོད་བག་ཅན་དུ་མི་འགྱུར་ཞེ་ན། སྨྲས་པ། དེས་ཞི་གནས་ཀུན་ཏུ་བསྟེན་ཞིང་ བསྒོམས་ཏེ་མང་དུ་བྱས་པ་དང་། དེས་རྒོད་པ་ཀུན་དུ་མ་བསྟེན་ཞིང་མ་བསྒོམས་ཏེ་མང་དུ་མ་བྱས་པའི་ཕྱིར་རོ། །གཞན་ཡང་སེམས་ཅན་རྒོད་བག་ཅན་མ་ཡིན་པ་རྣམས་ཀྱི་ནང་ནས། ཉེ་ཞིང་དུ་བས་ཉེ་བར་ཤི་འཕོས་པ་རྣམས་ཡིན་ཏེ། དེ་དག་ཀྱང་གང་ཞེ་ན། འདི་ལྟ་སྟེ། དྲང་སྲོང་རྣམས་ དང་། རབ་ཏུ་བྱུང་བ་རྣམས་དང་། ཁྱིམ་བདག་རྣམས་དང་། གཟུགས་དང་། གཟུགས་མེད་པ་ན་སྤྱོད་པའི་ལྷ་རྣམས་ཏེ། རྒྱུ་དེས་ན་རྒོད་བག་ཅན་དུ་མི་འགྱུར་རོ། །ཅིའི་ཕྱིར་སྨྲ་འདོད་པར་འགྱུར་ཞེ་ན། སྨྲས་པ། དེས་མང་དུ་སྨྲ་བ་ཀུན་དུ་བསྟེན་ཞིང་བསྒོམས་ཏེ་མང་དུ་བྱས་པ་དང་། དེས་སྨྲ་བ་ཉུང་བ་ཀུན་དུ་མ་བསྟེན་ཞིང་མ་བསྒོམས་ཏེ་མང་དུ་མ་བྱས་པའི་ཕྱིར་རོ། །གཞན་ཡང་སེམས་ཅན་གང་དག་སྨྲ་འདོད་པ་རྣམས་ཀྱི་ནང་ནས་ཉེ་ཞིང་དུ་བས་ཉེ་བར་ཤི་འཕོས་པ་རྣམས་ཡིན་ཏེ། དེ་དག་ཀྱང་གང་ཞེ་ན། འདི་ལྟ་སྟེ། ནེ་ཙོ་དང་། རི་སྐེགས་དང་། ལྕུང་ཀ་དང་། ཁྲུང་ ཁྲུང་དང་ཁུ་བྱུག་ལ་སོགས་པ་སྟེ། རྒྱུ་དེས་ན་སྨྲ་འདོད་པར་འགྱུར་རོ། །ཅིའི་ཕྱིར་སྨྲ་འདོད་པར་མི་འགྱུར་ཞེ་ན། སྨྲས་པ། དེས་སྨྲ་བ་ཉུང་བ་ཀུན་དུ་བསྟེན་ཞིང་བསྒོམས་ཏེ་མང་དུ་བྱས་པ་དང་། དེས་མང་དུ་སྨྲ་བ་ཀུན་དུ་མ་བསྟེན་ཞིང་མ་བསྒོམས་ཏེ་མང་དུ་མ་བྱས་པའི་ཕྱིར་རོ། ། གཞན་ཡང་སེམས་ཅན་གང་དག་སྨྲ་འདོད་པ་མ་ཡིན་པ་རྣམས་ཀྱི་ནང་ནས། ཉེ་ཞིང་དུ་བས་ཉེ་བར་ཤི་འཕོས་པ་རྣམས་ཡིན་ཏེ། དེ་དག་ཀྱང་ཞེ་ན། འདི་ལྟ་སྟེ། དྲང་སྲོང་རྣམས་དང་། རབ་ཏུ་བྱུང་བ་རྣམས་དང་། ཁྱིམ་བདག་རྣམས་དང་། གཟུགས་དང་། གཟུགས་ མེད་པ་ན་སྤྱོད་པའི་ལྷ་རྣམས་ཏེ། རྒྱུ་དེས་ན་སྨྲ་འདོད་པར་མི་འགྱུར་རོ། །ཅིའི་ཕྱིར་ཡིད་རྟུལ་པོར་འགྱུར་ཞེ་ན། སྨྲས་པ། དེས་ཐོས་པ་ཉུང་བ་ཀུན་དུ་བསྟེན་ཞིང་བསྒོམས་ཏེ་མང་དུ་བྱས་པ་དང་། དེས་ཐོས་པ་ཀུན་དུ་མ་བསྟེན་ཞིང་མ་བསྒོམས་ཏེ་མང་དུ་མ་བྱས་པ་དང་། འཇིག་རྟེན་ན་ བཤད་པ་ཐ་དད་པའི་རྣམ་པ་གང་ཡིན་པ་དེ་དག་རྒྱས་པར་མ་བསླབས་ཤིང་ཁ་ཏོན་དུ་མ་བྱས་ཏེ། རྒྱུ་དེས་ན་ཡིད་རྟུལ་པོར་འགྱུར་རོ། །ཅིའི་ཕྱིར་ཡིད་རྟུལ་པོར་མི་འགྱུར་ཞེ་ན། སྨྲས་པ། དེས་ཐོས་པ་མང་བ་ཀུན་དུ་བསྟེན་ཞིང་བསྒོམས་ཏེ་མང་དུ་བྱས་པ་དང་། དེས་ཐོས་པ་ཉུང་བ་ཀུན་དུ་ མ་བསྟེན་ཞིང་མ་བསྒོམས་ཏེ་མང་དུ་མ་བྱས་པའི་ཕྱིར་རོ། །གཞན་ཡང་འཇིག་རྟེན་ན་བཤད་པ་ཐ་དད་པའི་རྣམ་པ་གང་ཡིན་པ་དེ་དག་དེས་རྒྱས་པར་བསླབས་ཤིང་ཁ་ཏོན་དུ་བྱས་པའི་ཕྱིར་རོ། །གཞན་ཡང་བྲམ་ཟེ་འདོན་དུ་འཇུག་པ་རྣམས་ལས་ཤི་འཕོས་པ་འམ། དགེ་སློང་ཁ་ཏོན་ འདོན་དུ་འཇུག་པ་རྣམས་ལས་ཤི་འཕོས་ཏེ། རྒྱུ་དེས་ན་ཡིད་རྟུལ་བར་མི་འགྱུར་རོ། །གཞན་ཡང་སྨྲ་བ་ཉུང་བ་རྣམ་པ་གཉིས་ཏེ། ངན་པ་དང་། ཁྱད་པར་དུ་འཕགས་པའོ། །སྨྲ་བ་ཉུང་བ་ངན་པའི་རྣམ་པ་ནི་གང་དག་ཡིན། རྟགས་ནི་གང་དག་ཡིན། མཚན་མ་ནི་གང་དག་ཡིན་ཞེ་ན། སྨྲས་པ། སེམས་ཅན་གང་དག་ལྕི་ཞིང་དབང་ཆེ་བར་གྲགས་པ་ཡིན་ལ་བླ་མ་འདི་ལྟ་སྟེ། ཕ་འམ། མ་འམ། སློབ་དཔོན་ནམ། མཁན་པོ་འམ། བླ་མ་ལྟ་བུ་གང་ཡང་རུང་བ་ལ་མ་བསྟེན་པ་འདི་དག་ནི་སྨྲ་བ་ཉུང་བ་ངན་པའི་རྣམ་པ་ཡིན་ནོ། །འདི་དག་ནི་རྟགས་ཡིན་ནོ། །འདི་དག་ནི་ མཚན་མ་ཡིན་ནོ། །སྨྲ་བ་ཉུང་བ་ཁྱད་པར་དུ་འཕགས་པའི་རྣམ་པ་ནི་གང་དག་ཡིན། རྟགས་ནི་གང་དག་ཡིན། མཚན་མ་ནི་གང་དག་ཡིན་ཞེ་ན། སྨྲས་པ། སེམས་ཅན་གང་དག་ལྕི་ཞིང་དབང་ཆེ་བར་གྲགས་པ་ཡིན་ལ། བླ་མ་འདི་ལྟ་སྟེ། ཕ་འམ། མ་འམ། སློབ་དཔོན་ནམ། མཁན་ པོ་འམ་བླ་མ་ལྟ་བུ་གང་ཡང་རུང་བ་ལ་བརྟེན་པ་འདི་དག་ནི། སྨྲ་བ་ཉུང་བ་ཁྱད་པར་དུ་འཕགས་པའི་རྣམ་པ་ཡིན་ནོ། །རྟགས་ནི་འདི་དག་ཡིན་ནོ། །མཚན་མ་ནི་འདི་དག་ཡིན་ནོ། །ཅིའི་ཕྱིར་ལྡོབ་སྐྱེན་པ་དང་ལྡན་ལ་བློ་དང་མི་ལྡན་ཞེ་ན། སྨྲས་པ། ཆོས་རྣམས་ལ་ཀུན་ཆུབ་ པར་བྱེད་པ་ལ་མཁས་ལ་ཉེ་བར་བརྟག་པ་མང་དུ་མི་བྱེད་དེ། རྒྱུ་དེས་ན་ལྡོབ་སྐྱེན་པ་དང་ལྡན་ལ་བློ་དང་མི་ལྡན་པར་འགྱུར་རོ། །ཅིའི་ཕྱིར་བློ་དང་མི་ལྡན་ལ་ལྡོབ་སྐྱེན་པ་དང་མི་ལྡན་ཞེ་ན། སྨྲས་པ། ཆོས་རྣམས་ལ་ཀུན་ཆུབ་པར་བྱེད་པ་ལ་ཡང་མི་མཁས་ལ་ཉེ་བར་བརྟག་པ་ཡང་མང་དུ་མི་ བྱེད་དེ། རྒྱུ་དེས་ན་བློ་དང་ཡང་མི་ལྡན་ལ། ལྡོབ་སྐྱེན་པ་དང་ཡང་མི་ལྡན་ནོ། །ཅིའི་ཕྱིར་ལྡོབ་སྐྱེན་པ་དང་ཡང་ལྡན་ལ། བློ་དང་ཡང་ལྡན་ཞེ་ན། སྨྲས་པ། ཆོས་རྣམས་ལ་ཀུན་ཆུབ་པར་བྱེད་པ་ལ་ཡང་མཁས་ལ། ཉེ་བར་བརྟག་པ་ཡང་མང་དུ་བྱེད་དེ། རྒྱུ་དེས་ན་ལྡོབ་སྐྱེན་པ་དང་ ལྡན་ལ། བློ་དང་ཡང་ལྡན་ནོ། །ཅིའི་ཕྱིར་འཛིན་པ་དང་མི་ལྡན་ཞེ་ན། སྨྲས་པ། དེས་འདི་ལྟ་སྟེ། སྐྱེ་མཆེད་ཀྱི་རྟེན་གྱི་ཆོས་རྣམས་ལ། མཚན་མ་ལེགས་པར་མ་བཟུང་སྟེ། རྒྱུ་དེས་ན་འཛིན་པ་དང་མི་ལྡན་ནོ། །ཅིའི་ཕྱིར་འཛིན་པ་དང་ལྡན་ཞེ་ན། སྨྲས་པ། དེས་འདི་ལྟ་སྟེ། སྐྱེ་ མཆེད་ཀྱི་རྟེན་གྱི་ཆོས་རྣམས་ལ་མཚན་མ་ལེགས་པར་བཟུང་སྟེ། རྒྱུ་དེས་ན་འཛིན་པ་དང་ལྡན་ནོ། །ཅིའི་ཕྱིར་བརྗེད་ངས་པ་དང་ལྡན་ཞེ་ན། སྨྲས་པ། སེམས་ཅན་གང་དག་མི་དགེ་བའི་ཆོས་ཡང་དག་པར་བླངས་ཏེ། འདུག་ན་ཉེ་བར་སྤྱོད་པ་ཀུན་དུ་བསྟེན་ཞིང་བསྒོམས་ཏེ། མང་དུ་བྱས་པ་ དེས་ལུས་ཞིག་ནས་ཤི་བའི་འོག་ཏུ་ངན་སོང་ངན་འགྲོ་ལོག་པར་ལྷུང་བ། སེམས་ཅན་དམྱལ་བ་རྣམས་སུ་སྐྱེ་བར་འགྱུར་ལ། དེ་དག་དེ་ནས་ཤི་འཕོས་ནས་གལ་ཏེ་མི་རྣམས་དང་སྐལ་བ་མཉམ་པར་འདིར་སྐྱེས་པར་འགྱུར་ན། དེ་དག་འདིར་ཚེ་ཐུང་བ་འཛིན་པར་འགྱུར་ཏེ། དེ་དག་ཡང་ དང་ཡང་དུ་འཆི་འཕོ་བར་འགྱུར་ལ་ཕྱིར་སྐྱེ་བར་མི་འགྱུར་བས། དེ་དག་གིས་དེར་དྲན་པ་ལ་བྱང་བར་མི་འགྱུར་ཏེ། རྒྱུ་དེས་ན་བརྗེད་ངས་པ་དང་ལྡན་ནོ། །ཅིའི་ཕྱིར་དྲན་པ་དང་ལྡན་པར་འགྱུར་ཞེ་ན། སྨྲས་པ། སེམས་ཅན་གང་དག་དགེ་བའི་ཆོས་རྣམས་ཡང་དག་པར་བླངས་ཏེ་འདུག་ནས། དེ་དག་ལེགས་པར་སྤྱོད་པ་ཀུན་དུ་བསྟེན་ཞིང་བསྒོམས་ཏེ། མང་དུ་བྱས་པ་དེས་ལུས་ཞིག་ནས། ཤི་བའི་འོག་ཏུ་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ། །དེ་དག་དེ་ནས་ཤི་འཕོས་ནས་གལ་ཏེ་མི་རྣམས་དང་སྐལ་བ་མཉམ་པར་འདིར་ སྐྱེས་པར་གྱུར་ན། འདིར་ཚེ་རིང་བ་འཛིན་པར་འགྱུར་ཏེ། དེ་དག་ཡང་དང་ཡང་དུ་འཆི་འཕོ་བར་མི་འགྱུར་ལ། ཕྱིར་སྐྱེ་བར་འགྱུར་བས་དེ་དག་གིས་དེར་དྲན་པ་ལ་ལེགས་པར་བྱང་བར་འགྱུར་ཏེ། རྒྱུ་དེས་ན་དྲན་པ་དང་ལྡན་པར་འགྱུར་རོ། །ཅིའི་ཕྱིར་ཉོན་མོངས་པ་ཤས་ཆེ་བར་ འགྱུར་ཞེ་ན། སྨྲས་པ། དེས་འདོད་པའི་འདུ་ཤེས་དང་། གནོད་སེམས་ཀྱི་འདུ་ཤེས་དང་། རྣམ་པར་འཚེ་བའི་འདུ་ཤེས་དང་། འདོད་པའི་ཁམས་དང་། གནོད་སེམས་ཀྱི་ཁམས་དང་། རྣམ་པར་འཚེ་བའི་ཁམས་དང་། འདོད་པའི་རྟོག་པ་དང་། གནོད་སེམས་ཀྱི་རྟོག་པ་དང་། རྣམ་པར་འཚེ་བའི་རྟོག་པ་ཀུན་དུ་བསྟེན་ཞིང་བསྒོམས་ཏེ་མང་དུ་བྱས་པའི་ཕྱིར་རོ། །གཞན་ཡང་སེམས་ཅན་གང་དག་ཉོན་མོངས་པའི་ཤས་ཆེ་བ་དེ་དག་གི་ཕྱི་བཞིན་འབྲང་ཞིང་ཕྱི་ན་འདུག་པའི་ཕྱིར་ཏེ། རྒྱུ་དེས་ན་ཉོན་མོངས་པ་ཤས་ཆེ་བར་འགྱུར་རོ། །ཅིའི་ཕྱིར་ཉོན་མོངས་པའི་ཤས་ཆེ་ བར་མི་འགྱུར་ཞེ་ན། སྨྲས་པ། དེས་ངེས་པར་འབྱུང་བའི་འདུ་ཤེས་དང་། གནོད་སེམས་མེད་པའི་འདུ་ཤེས་དང་། རྣམ་པར་འཚེ་བ་མེད་པའི་འདུ་ཤེས་དང་། ངེས་པར་འབྱུང་བའི་ཁམས་དང་། གནོད་སེམས་མེད་པའི་ཁམས་དང་། རྣམ་པར་འཚེ་བ་མེད་པའི་ཁམས་དང་། ངེས་པར་འབྱུང་ བའི་རྟོག་པ་དང་། གནོད་སེམས་མེད་པའི་རྟོག་པ་དང་། རྣམ་པར་འཚེ་བ་མེད་པའི་རྟོག་པ་ཀུན་དུ་བསྟེན་ཞིང་བསྒོམས་ཏེ་མང་དུ་བྱས་པའི་ཕྱིར་རོ། །གཞན་ཡང་སེམས་ཅན་གང་དག་ཉོན་མོངས་པའི་ཤས་ཆེ་བ་དེ་དག་གི་ཕྱི་བཞིན་དུ་མི་འབྲང་ཞིང་ཕྱི་ན་མི་འདུག་པའི་ཕྱིར་ཏེ། རྒྱུ་དེས་ན་ཉོན་མོངས་ པ་ཤས་ཆེ་བར་མི་འགྱུར་རོ། །ཅིའི་ཕྱིར་དགེ་བའི་རྩ་བའི་ཆོས་རྣམས་ལ་བརྟག་པའི་བཟོད་པ་མྱུར་བར་མི་འགྱུར་ཞེ་ན། སྨྲས་པ། དེས་འདི་ལྟ་སྟེ། དོན་དམ་པར་ངེས་པའི་ཆོས་རྣམས་ལ་མཚན་མ་ལེགས་པར་མ་བཟུང་སྟེ། རྒྱུ་དེས་ན་དགེ་བའི་རྩ་བའི་ཆོས་རྣམས་ལ་བརྟག་པའི་བཟོད་པ་མྱུར་བར་མི་ འགྱུར་རོ། །ཅིའི་ཕྱིར་དགེ་བའི་རྩ་བའི་ཆོས་རྣམས་ལ་བརྟག་པའི་བཟོད་པ་མྱུར་བར་འགྱུར་ཞེ་ན། སྨྲས་པ། དེས་འདི་ལྟ་སྟེ། དོན་དམ་པར་ངེས་པའི་ཆོས་རྣམས་ལ་མཚན་མ་ལེགས་པར་བཟུང་སྟེ། རྒྱུ་དེས་ན་དགེ་བའི་རྩ་བའི་ཆོས་རྣམས་ལ་བརྟག་པའི་བཟོད་པ་མྱུར་བར་འགྱུར་རོ། །ཆོས་ མངོན་པའི་བསྟན་བཅོས་ཆེན་པོ་རྒྱུ་གདགས་པ་ལས་ཚིགས་དགུ་པའོ།། །།སྡོམ་ནི། ལྷུན་པོ་དང་ནི་ཕྱོགས་དང་ས། །རི་རྣམས་དང་ནི་རྩྭ་མང་བ། །ཤིང་ཆེ་བ་དང་ལོ་མ་རྣམས། །མེ་ཏོག་འབྲས་བུ་ཕུན་སུམ་ཚོགས། །ཅིའི་ཕྱིར་རི་ཐམས་ཅད་ཀྱི་ནང་ན་རིའི་རྒྱལ་པོ་རི་རབ་མཆོག་ཅེས་བྱ་ཞེ་ན། སྨྲས་པ། འཇིག་རྟེན་འཆག་པའི་ཚེ་རྒྱུའི་མཆོག་དང་། སྙིང་པོའི་མཆོག་དང་། བཟང་བའི་མཆོག་དང་། ཟོང་གི་མཆོག་དེ་དེའི་ཕྱོགས་སུ་འདུས་ནས་དེ་ལས་དེ་གྲུབ་སྟེ། རྒྱུ་དེས་ན་རི་ཐམས་ཅད་ཀྱི་ནང་ན་རིའི་རྒྱལ་པོ་རི་རབ་མཆོག་ཅེས་བྱའོ། །ཅིའི་ཕྱིར་བྱང་ཕྱོགས་ན་ཤིང་མང་བ་དང་། རྩྭ་མང་བར་གྱུར་ཅེ་ན། སྨྲས་པ། འཇིག་རྟེན་འཆགས་པ་ན། བྱང་ཕྱོགས་ལོགས་སུ་རླུང་ལངས་ཏེ། དེ་དག་གིས་རྒྱུའི་མཆོག་གང་ཡིན་པ་དང་། སྙིང་པོའི་མཆོག་གང་ཡིན་པ་དང་། བཟང་པོའི་མཆོག་གང་ཡིན་པ་དང་། ཟོང་གི་མཆོག་གང་ཡིན་པ་དེ་དེའི་ཕྱོགས་སུ་བསྡུས་ནས། དེ་ ལས་དེ་དག་གྲུབ་སྟེ། རྒྱུ་དེས་ན་བྱང་ཕྱོགས་ན་ཤིང་མང་བ་དང་། རྩྭ་མང་བར་གྱུར་ཏོ། །ཅིའི་ཕྱིར་ས་ཆེན་པོ་འདི་ལ་ས་ཕྱོགས་ཁ་ཅིག་མཐོ་ལ་ཁ་ཅིག་དམའ་བར་གྱུར་ཅེ་ན། སྨྲས་པ། ས་ཆེན་པོ་འདི་ལ་ས་ཕྱོགས་གང་ནས་སྣག་ཆེ་ལ། ཆར་པའི་ཐིགས་པ་ཆེན་པོ་འབབ་པས། ཐུར་དུ་བཤོངས་ པའི་ས་ཕྱོགས་དེ་དག་ནི་དམའ་བར་གྱུར་ཏོ། །ས་ཆེན་པོ་འདི་ལ་ས་ཕྱོགས་གང་དག་ནི་དེ་མ་ཡིན་པའི་གཞི་འདི་ལྟ་སྟེ། ལྕགས་ཀྱི་གཞི་དང་། ཁྲོ་ཆུའི་གཞི་དང་། ཟངས་ཀྱི་གཞི་དང་། ཚོན་མོ་སྟེང་གི་གཞི་དང་། རོ་ཉེའི་གཞི་དང་། ས་ཚུར་གྱི་གཞི་དང་། གསེར་གྱི་གཞི་དང་། དངུལ་གྱི་ གཞི་དང་། བཙག་གི་གཞི་དང་། ས་དཀར་གྱི་གཞི་ཆེ་བ་དེ་དག་ནི་ཆར་པའི་ཐིགས་པ་ཆེན་པོ་བབ་ཀྱང་། ཐུར་དུ་ལྕོང་བར་མི་འགྱུར་ཏེ། ས་ཕྱོགས་དེ་དག་ནི་མཐོ་བར་གྱུར་ཏོ། །རྒྱུ་དེས་ན་ས་ཆེན་པོ་འདི་ལ་ས་ཕྱོགས་ཁ་ཅིག་མཐོ་ལ། ཁ་ཅིག་དམའ་བར་འགྱུར་རོ། །ཅིའི་ཕྱིར་རི་ཁ་ ཅིག་མཐོ་ལ། ཁ་ཅིག་དམའ་བར་གྱུར་ཅེ་ན། སྨྲས་པ། འཇིག་རྟེན་ཆགས་པ་ན། རླུང་ཆེན་པོ་དང་། ཁམས་ཆེན་པོ་གང་དག་གིས་བསྡུས་པ་དེ་དག་ནི་མཐོ་ལ། རླུང་ཆུང་ངུ་དང་། ཁམས་ཆུང་ངུ་གང་དག་གིས་བསྡུས་པ་དེ་དག་ནི་དམའ་བར་གྱུར་ཏོ། །གཞན་ ཡང་རི་གང་དག་ལ་སའི་ཁམས་ཆེ་བ་དེ་དག་ཆར་པའི་ཐིགས་པ་ཆེན་པོ་བབ་པས། ཐུར་དུ་བཤོངས་པ་དེ་དག་ནི་དམའ་བར་འགྱུར་ལ། རི་གང་དག་ལ་དེ་མ་ཡིན་པའི་གཞི་འདི་ལྟ་སྟེ། ལྕགས་ཀྱི་གཞི་དང་། ཁྲོ་ཆུའི་གཞི་དང་། ཟངས་ཀྱི་གཞི་དང་། ཚོན་མོ་སྟེང་གི་གཞི་དང་། རོ་ཉེའི་གཞི་དང་། ས་ཚུར་གྱི་གཞི་དང་། གསེར་གྱི་གཞི་དང་། དངུལ་གྱི་གཞི་དང་། བཙག་གི་གཞི་དང་། ས་དཀར་གྱི་གཞི་ཆེ་བ་དེ་དག་ནི། ཆར་པའི་ཐིགས་པ་ཆེན་པོ་བབ་ཀྱང་། ཐུར་དུ་ལྕོང་བར་མི་འགྱུར་ཏེ། དེ་དག་ནི་མཐོ་བར་གྱུར་ཏོ། །རྒྱུ་དེས་ན་རི་ཁ་ཅིག་མཐོ་ལ། ཁ་ཅིག་དམའ་བར་གྱུར་ཏོ། །ཅིའི་ ཕྱིར་རི་ཁ་ཅིག་ལ་ཤིང་མང་བ་དང་། རྩྭ་མང་བར་གྱུར་ལ་ཁ་ཅིག་ལ་ཤིང་མི་མང་བ་དང་། རྩྭ་མི་མང་བར་གྱུར་ཅེ་ན། སྨྲས་པ། རི་གང་དག་ལ་ཀླུའི་གནས་མང་པོ་ཡོད་པ་དེ་དག་ལ་ནི་ཤིང་མང་བ་དང་། རྩྭ་མང་བར་གྱུར་ཏོ། །རི་གང་དག་ལ་ཀླུའི་གནས་མང་པོ་མེད་པ་དེ་དག་ལ་ནི་ཤིང་མང་པོ་དང་། རྩྭ་མང་པོ་ མེད་དོ། །གཞན་ཡང་རི་གང་དག་ལ་ས་སྣག་གི་ཁམས་ཆེ་བ་དེ་དག་ནི། ཤིང་མང་པོ་དང་། རྩྭ་མང་པོ་ཡོད་དོ། །རི་གང་དག་ལ་དེ་མ་ཡིན་པའི་གཞི་འདི་ལྟ་སྟེ། ལྕགས་ཀྱི་གཞི་དང་། ཁྲོ་ཆུའི་གཞི་དང་། ཟངས་ཀྱི་གཞི་དང་། ཚོན་མོ་སྟེང་གི་གཞི་དང་། རོ་ཉེའི་གཞི་དང་། ས་ཚུར་གྱི་གཞི་ དང་། གསེར་གྱི་གཞི་དང་། དངུལ་གྱི་གཞི་དང་། བཙག་གི་གཞི་དང་། ས་དཀར་གྱི་གཞི་ཆེ་བ་དེ་དག་ལ་ནི་ཤིང་མང་པོ་དང་། རྩྭ་མང་པོ་མེད་དོ། །གཞན་ཡང་རི་གང་དག་གི་འོག་ན། ཉི་ཚེ་བའི་སེམས་ཅན་དམྱལ་བ་རྣམས་ཡོད་པ་དེ་དག་ལ་ནི་ཤིང་མང་པོ་དང་། རྩྭ་མང་པོ་མེད་ལ། རི་གང་ དག་གི་འོག་ན་ཉི་ཚེ་བའི་སེམས་ཅན་དམྱལ་བ་མེད་པ་དེ་དག་ལ་ནི་ཤིང་མང་པོ་དང་། རྩྭ་མང་པོ་ཡོད་དེ། རྒྱུ་དེས་ན་རི་ཁ་ཅིག་ལ་ཤིང་མང་པོ་དང་། རྩྭ་མང་པོ་ཡོད་ལ། རི་ཁ་ཅིག་ལ་ཤིང་མང་པོ་དང་། རྩྭ་མང་པོ་མེད་དོ། །ཅིའི་ཕྱིར་ཤིང་ཁ་ཅིག་ཆེ་ལ། ཁ་ཅིག་ཆུང་བར་གྱུར་ཅེ་ན། སྨྲས་པ། ཤིང་གང་དག་ལ་སའི་ཁམས་ཀྱི་མཐུ་ཆེན་པོ་ཡོད་པ་དང་། ཆུའི་ཁམས་ཆེ་བ་དང་། མེའི་ཁམས་རན་པ་དང་། རླུང་གི་ཁམས་སྙོམས་པ་དེ་དག་ནི་ཆེའོ། །ཤིང་གང་དག་ལ་སའི་ཁམས་ཀྱི་མཐུ་ཆེན་པོ་མེད་པ་དང་། ཆུའི་ཁམས་ཆུང་བ་དང་། མེའི་ཁམས་མ་རན་པ་དང་། རླུང་གི་ཁམས་ མ་སྙོམས་པ་དེ་དག་ནི་ཆུང་སྟེ། རྒྱུ་དེས་ན་ཤིང་ཁ་ཅིག་ཆེ་ལ། ཁ་ཅིག་ཆུང་བར་གྱུར་ཏོ། །ཅིའི་ཕྱིར་ཤིང་ཁ་ཅིག་གི་ལོ་མ་ཆེ་ལ། ཤིང་ཁ་ཅིག་ཆུང་བར་གྱུར་ཅེ་ན། སྨྲས་པ། ཤིང་གང་དག་ལ་སའི་ཁམས་ཀྱི་མཐུ་ཆེན་པོ་ཡོད་པ་དང་། ཆུའི་ཁམས་ཆེ་བ་དང་། མེའི་ཁམས་རན་པ་དང་། རླུང་གི་ཁམས་སྙོམས་པ་དེ་དག་གི་ལོ་མ་ནི་ཆེ་བ། ཤིང་གང་དག་ལ་སའི་ཁམས་ཀྱི་མཐུ་ཆེན་པོ་མེད་པ་དང་། ཆུའི་ཁམས་ཆུང་བ་དང་། མེའི་ཁམས་མ་རན་པ་དང་། རླུང་གི་ཁམས་མ་སྙོམས་པ་དེ་དག་གི་ལོ་མ་ནི་ཆུང་སྟེ། རྒྱུ་དེས་ན་ཤིང་ཁ་ཅིག་གི་ལོ་མ་ཆེ་ལ། ཁ་ཅིག་གི་ལོ་མ་ ཆུང་ངོ་། །ཅིའི་ཕྱིར་ཤིང་ཁ་ཅིག་ལ་མེ་ཏོག་ཡོད་ལ། ཁ་ཅིག་ལ་མེ་ཏོག་མེད་པར་གྱུར་ཅེ་ན། སྨྲས་པ། ཤིང་གང་དག་ཁམས་བཟང་པོའི་ཤས་ཆེ་བ་དེ་དག་ལ་ནི་མེ་ཏོག་ཡོད་དོ། །ཤིང་གང་དག་ལ་ཁམས་བཟང་པོའི་ཤས་མི་ཆེ་བ་དེ་དག་ལ་མེ་ཏོག་མེད་དེ། རྒྱུ་དེས་ན་ཤིང་ཁ་ཅིག་ ལ་མེ་ཏོག་ཡོད་ལ། ཁ་ཅིག་ལ་མེ་ཏོག་མེད་དོ། །ཅིའི་ཕྱིར་ཤིང་ཁ་ཅིག་ལ་འབྲས་བུ་ཡོད་ལ། ཁ་ཅིག་ལ་འབྲས་བུ་མེད་པར་གྱུར་ཅེ་ན། སྨྲས་པ། ཤིང་གང་དག་ལ་རོའི་ཁམས་ཀྱི་ཤས་ཆེ་བ་དེ་དག་ལ་ནི་འབྲས་བུ་ཡོད་ལ། ཤིང་གང་དག་ལ་རོའི་ཁམས་ཀྱི་ཤས་ཆུང་བ་དེ་དག་ལ་ནི་ འབྲས་བུ་མེད་དེ། །རྒྱུ་དེས་ན་ཤིང་ཁ་ཅིག་ལ་འབྲས་བུ་ཡོད་ལ། ཁ་ཅིག་ལ་འབྲས་བུ་མེད་དོ། །ཅིའི་ཕྱིར་མེ་ཏོག་ཁ་ཅིག་དྲི་ཞིམ་ལ། ཁ་ཅིག་མི་ཞིམ་པར་གྱུར་ཅེ་ན། སྨྲས་པ། མེ་ཏོག་གང་དག་ལ་ཁམས་བཟང་པོ་ཡོད་ལ། མེའི་ཁམས་ཀྱིས་མ་ཚིག་པ་དེ་དག་ནི་དྲི་ཞིམ་མོ། །མེ་ཏོག་ གང་དག་ལ་ཁམས་བཟང་པོ་ཡོད་ལ། མེའི་ཁམས་ཀྱིས་ཚིག་པ་དེ་དག་ནི་དྲི་མི་ཞིམ་སྟེ། རྒྱུ་དེས་ན་མེ་ཏོག་ཁ་ཅིག་དྲི་ཞིམ་ལ། ཁ་ཅིག་དྲི་མི་ཞིམ་པར་གྱུར་ཏོ། །ཅིའི་ཕྱིར་འབྲས་བུ་ཁ་ཅིག་རོ་དང་ལྡན་ལ། ཁ་ཅིག་རོ་དང་མི་ལྡན་པར་གྱུར་ཅེ་ན། སྨྲས་པ། འབྲས་བུ་གང་དག་ལ་རོའི་ ཁམས་ཡོད་ལ། མེའི་ཁམས་ཀྱིས་མ་ཚིག་པ་དེ་དག་ནི་རོ་དང་ལྡན་ནོ། །འབྲས་བུ་གང་དག་ལ་རོའི་ཁམས་ཡོད་ལ་མེའི་ཁམས་ཀྱིས་ཚིག་པ་དེ་དག་ནི་རོ་དང་མི་ལྡན་ཏེ། རྒྱུ་དེས་ན་འབྲས་བུ་ཁ་ཅིག་རོ་དང་ལྡན་ལ། ཁ་ཅིག་རོ་དང་མི་ལྡན་པར་གྱུར་ཏོ། །ཁ་དོག་དང་ ལྡན་པ་དང་། ཁ་དོག་དང་མི་ལྡན་པ་ཡང་དེ་འདྲའོ། །ཆོས་མངོན་པའི་བསྟན་བཅོས་ཆེན་པོ་རྒྱུ་གདགས་པ་ལས་ཚིགས་བཅུ་པའོ།། །།སྡོམ་ནི། བཅོམ་ལྡན་འདས་དང་ཉན་ཐོས་དང་། །བཞི་ཚན་རྣམ་པ་གཉིས་པོ་དང་། །ཟོས་དང་མེད་འགྱུར་དུད་པ་དང་། །འབར་བ་དང་ནི་ཚིག་དང་ ནོར། །ཅིའི་ཕྱིར་སངས་རྒྱས་བཅོམ་ལྡན་འདས་ཀྱི་སྤྲུལ་པ། གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་སྤྲུལ་པ་ནི། གང་གི་ཚེ་སངས་རྒྱས་བཅོམ་ལྡན་འདས་གསུང་པ་དེའི་ཚེ། སྤྲུལ་པ་མི་སྨྲ་བར་འགྱུར་ཞིང་། གང་དག་ གི་ཚེ་སྤྲུལ་པ་སྨྲ་བ་དེའི་ཚེ། སངས་རྒྱས་བཅོམ་ལྡན་འདས་མི་གསུང་བར་འགྱུར་ལ། ཉན་ཐོས་ཀྱི་སྤྲུལ་པ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ། མཛེས་པ་སྐྲ་བྲེགས་པ་གོས་ངུར་སྨྲིག་བགོས་པ་སྤྲུལ་པ་ནི་གང་གི་ཚེ་ཉན་ཐོས་སྨྲ་བ་དེའི་ཚེ། སྤྲུལ་པ་ཡང་སྨྲ་ཞིང་། གང་གི་ཚེ་ཉན་ཐོས་མི་ སྨྲ་བ་དེའི་ཚེ། སྤྲུལ་པ་ཡང་མི་སྨྲ་བར་འགྱུར་ཞེ་ན། སྨྲས་པ། སངས་རྒྱས་བཅོམ་ལྡན་འདས་ནི་སེམས་དང་ཏིང་ངེ་འཛིན་ལ་མངའ་བརྙེས་པ་ཡིན་པས་ན། དེ་ནི་མྱུར་བར་སྙོམས་པར་འཇུག་ཅིང་བཞེངས་ཏེ། དམིགས་པ་ཡང་མི་གཏོང་ལ། ཉན་ཐོས་ནི་དེ་ལྟ་མ་ཡིན་པའི་ཕྱིར་རོ། ། གཞན་ཡང་སངས་རྒྱས་བཅོམ་ལྡན་འདས་ནི་ཐམས་ཅད་མཁྱེན་པ་ཡིན་ཏེ། ཡེ་ཤེས་དང་། དབང་གི་ཕ་རོལ་ཏུ་ཕྱིན་པ་ཡིན་ལ། ཉན་ཐོས་ནི་དེ་ལྟ་མ་ཡིན་ནོ། །རྒྱུ་དེས་ན་སངས་རྒྱས་བཅོམ་ལྡན་འདས་ཀྱི་སྤྲུལ་པ། གང་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ། སྐྱེས་བུ་ཆེན་ པོའི་མཚན་སུམ་ཅུ་རྩ་གཉིས་དང་ལྡན་པའི་ལུས་སྤྲུལ་པ་ནི། གང་གི་ཚེ་སངས་རྒྱས་བཅོམ་ལྡན་འདས་གསུང་བ་དེའི་ཚེ་སྤྲུལ་པ་མི་སྨྲ་ཞིང་། གང་གི་ཚེ་སྤྲུལ་པ་སྨྲ་བ་དེའི་ཚེ་སངས་རྒྱས་བཅོམ་ལྡན་འདས་གསུང་བར་མི་འགྱུར་ལ། ཉན་ཐོས་ཀྱི་སྤྲུལ་པ་གང་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་ མཛེས་པ། སྐྲ་བྲེགས་ཤིང་གོས་ངུར་སྨྲིག་བགོས་པ་སྤྲུལ་པ་ནི་གང་གི་ཚེ་ཉན་ཐོས་སྨྲ་བ་དེའི་ཚེ། སྤྲུལ་པ་ཡང་སྨྲ་ཞིང་གང་གི་ཚེ་ཉན་ཐོས་མི་སྨྲ་བ་དེའི་ཚེ། སྤྲུལ་པ་ཡང་མི་སྨྲ་བར་འགྱུར་རོ། །ལ་ལ་ནི་དྲི་བ་དེ་ལས་བཟློག་སྟེ། བཅོམ་ལྡན་འདས་ཀྱི་རྣམ་གྲངས་གང་ཡིན་པ་དེ་ནི། ཉན་ཐོས་ཀྱི་རྣམ་གྲངས་སུ་སྒྱུར་བར་བྱེད་ལ། ཉན་ཐོས་ཀྱི་རྣམ་གྲངས་གང་ཡིན་པ་དེ་ནི། བཅོམ་ལྡན་འདས་ཀྱི་རྣམ་གྲངས་སུ་སྒྱུར་བར་བྱེད་དོ། །སྤྲུལ་པ་འབྱུང་བ་ཆེན་པོ་བཞི་ལས་བྱུང་བ་ཞེས་བྱ་བ་འམ། འོན་ཏེ་འབྱུང་བ་ཆེན་པོ་བཞི་ལས་བྱུང་བ་མ་ཡིན་པ་ཞེས་བྱ་ཞེ་ན། སྨྲས་པ། འབྱུང་བ་ཆེན་པོ་བཞི་ལས་བྱུང་བ་ཞེས་བྱའོ། །སྤྲུལ་པ་རྒྱུ་ལས་བྱུང་བའི་གཟུགས་ཅན་ཞེས་བྱ་འམ། འོན་ཏེ་རྒྱུ་ལས་བྱུང་བའི་གཟུགས་ཅན་མ་ཡིན་པ་ཞེས་བྱ་ཞེ་ན་སྨྲས་པ། རྒྱུ་ལས་བྱུང་བའི་གཟུགས་ཅན་ཞེས་བྱའོ། །སྤྲུལ་པ་སེམས་ཡོད་པ་ཞེས་བྱ་འམ། འོན་ཏེ་སེམས་མེད་ པ་ཞེས་བྱ་ཞེ་ན། སྨྲས་པ། སྤྲུལ་པ་ནི་རྣམ་པ་གཉིས་ཏེ། སྐྱེས་ནས་ཐོབ་པ་དང་། བསྒོམས་པ་ལས་བྱུང་བའོ། །དེ་ལ་སྐྱེས་ནས་ཐོབ་པ་གང་ཡིན་པ་དེ་ནི་སེམས་ཡོད་པ་ཞེས་བྱའོ། །བསྒོམས་པ་ལས་བྱུང་བ་གང་ཡིན་པ་དེ་ནི་སེམས་མེད་པ་ཞེས་བྱའོ། །སྤྲུལ་པ་གང་གི་སེམས་ ཀྱི་དབང་གིས་འགྱུར་ཞེས་བྱ་ཞེ་ན། སྨྲས་པ། སྤྲུལ་པ་ནི་རྣམ་པ་གཉིས་ཏེ། སྐྱེས་ནས་ཐོབ་པ་དང་། བསྒོམས་པ་ལས་བྱུང་བའོ། །དེ་ལ་སྐྱེས་ནས་ཐོབ་པ་གང་ཡིན་པ་དེ་ནི། སེམས་ཅན་དེའི་སེམས་ཀྱི་དབང་གིས་འགྱུར་ཞེས་བྱའོ། །བསྒོམས་པ་ལས་བྱུང་བ་གང་ཡིན་པ་དེ་ནི། སྤྲུལ་པ་པོའི་སེམས་ཀྱི་དབང་གིས་འགྱུར་ཞེས་བྱའོ། །བར་མ་དོའི་སྲིད་པ་འབྱུང་བ་ཆེན་པོ་བཞི་ལས་བྱུང་ཞེས་བྱའམ། འོན་ཏེ་འབྱུང་བ་ཆེན་པོ་བཞི་ལས་བྱུང་བ་མ་ཡིན་ཞེས་བྱ་ཞེ་ན། སྨྲས་པ། འབྱུང་བ་ཆེན་པོ་བཞི་ལས་བྱུང་བ་ཞེས་བྱའོ། །བར་མ་དོའི་སྲིད་པ་རྒྱུ་ལས་བྱུང་བའི་གཟུགས་ ཅན་ཞེས་བྱ་འམ། འོན་ཏེ་རྒྱུ་ལས་བྱུང་བའི་གཟུགས་ཅན་མ་ཡིན་པ་ཞེས་བྱ་ཞེ་ན། སྨྲས་པ། རྒྱུ་ལས་བྱུང་བའི་གཟུགས་ཅན་ཞེས་བྱའོ། །བར་མ་དོའི་སྲིད་པ་སེམས་ཡོད་པ་ཞེས་བྱ་འམ། འོན་ཏེ་སེམས་མེད་པ་ཞེས་བྱ་ཞེ་ན། སྨྲས་པ། སེམས་ཡོད་པ་ཞེས་བྱའོ། །བར་ མ་དོའི་སྲིད་པ་གང་གི་སེམས་ཀྱི་དབང་གིས་འགྱུར་ཞེས་བྱ་ཞེ་ན། སྨྲས་པ། རང་གི་སེམས་ཀྱི་དབང་གིས་འགྱུར་བ་ཞེས་བྱའོ། །སྤྲུལ་པས་ཟོས་པ་གང་ཡིན་པ་དེ། སྤྲུལ་པའམ། སྤྲུལ་པ་པོ་གང་གི་ལྟོར་འཇུ་བར་འགྱུར་ཞེ་ན། སྨྲས་པ། སྤྲུལ་པ་ནི་རྣམ་པ་གཉིས་ ཏེ། སྐྱེས་ནས་ཐོབ་པ་དང་། བསྒོམས་པ་ལས་བྱུང་བའོ། །དེ་ལ་སྐྱེས་ནས་ཐོབ་པས་ཟོས་པ་གང་ཡིན་པ་དེ་ནི། སྤྲུལ་པའི་ལྟོར་འཇུ་བར་འགྱུར་རོ། །བསྒོམས་པ་ལས་བྱུང་བས་ཟོས་པ་གང་ཡིན་པ་དེ་ནི་སྤྲུལ་པ་པོའི་ལྟོར་འཇུ་བར་འགྱུར་རོ། །ཅི་སྤྲུལ་པ་མེད་པར་འགྱུར་བ་ཞེས་བྱ་འམ། འོན་ཏེ་མེད་པར་འགྱུར་བ་མ་ཡིན་པ་ཞེས་བྱ་ཞེ་ན། སྨྲས་པ། སྤྲུལ་པ་ནི་རྣམ་པ་གཉིས་ཏེ། སྐྱེས་ནས་ཐོབ་པ་དང་། བསྒོམས་པ་ལས་བྱུང་བའོ། །དེ་ལ་བསྒོམས་པ་ལས་བྱུང་བ་གང་ཡིན་པ་དེ་ནི་མེད་པར་འགྱུར་བ་ཞེས་བྱའོ། །སྐྱེས་ནས་ཐོབ་པ་གང་ཡིན་པ་དེ་ལ་ནི་མེད་པར་འགྱུར་བ་ ཡོད། མེད་པར་མི་འགྱུར་བ་ཡང་ཡོད་དོ། །མེད་པར་འགྱུར་བ་གང་ཞེ་ན། སྨྲས་པ། དཔེར་ན། ལྷའམ། མིའམ། ལྷ་མ་ཡིན་ནམ། གཟུགས་བཟང་པོ་འམ། གཟུགས་ངན་པར་སྤྲུལ་པ་དེ་ནི་མེད་པར་འགྱུར་བའོ། །མེད་པར་མི་འགྱུར་བ་གང་ཞེ་ན། སྨྲས་པ། རིང་དུ་སོང་དུ་ ཟིན་ཀྱང་། དེའི་འོག་ཏུ་རང་བཞིན་ཇི་ལྟ་བ་ཁོ་ན་བཞིན་དུ་གནས་པ་གང་ཡིན་པ་དེ་ནི་མེད་པར་མི་འགྱུར་བའོ། །ཅིའི་ཕྱིར་སྤྲུལ་པ་དུད་པར་འཐུལ་ཞེ་ན། སྨྲས་པ། སྤྲུལ་པ་པོའི་དབང་གིས་འགྱུར་ཏེ། གང་གི་ཚེ་སྤྲུལ་པ་པོ་འདི་སྙམ་དུ་སེམས་ཏེ། སྤྲུལ་པ་དུད་པར་འཐུལ་བར་གྱུར་ ཅིག་སྙམ་པ་དེའི་ཚེ། དུད་པར་འཐུལ་བར་འགྱུར་ཏེ། རྒྱུ་དེས་ན་སྤྲུལ་པ་དུད་པར་འཐུལ་ལོ། །ཅིའི་ཕྱིར་སྤྲུལ་པ་མེར་འབར་ཞེ་ན། སྨྲས་པ། སྤྲུལ་པ་པོའི་དབང་གིས་འགྱུར་ཏེ། གང་གི་ཚེ་སྤྲུལ་པ་པོ་འདི་སྙམ་དུ་སེམས་ཏེ། ཀྱེ་མ་སྤྲུལ་པ་མེར་འབར་བར་གྱུར་ཅིག་སྙམ་པ་དེའི་ཚེ་མེར་ འབར་བར་འགྱུར་ཏེ། རྒྱུ་དེས་ན་སྤྲུལ་པ་མེར་འབར་རོ། །ཅིའི་ཕྱིར་སྤྲུལ་པ་རང་གི་གོས་དང་། རང་གི་ལུས་སྲེག་པར་བྱེད་ལ། གཞན་གྱི་གོས་དང་། གཞན་གྱི་ལུས་སྲེག་པར་མི་བྱེད་ཅེ་ན། སྨྲས་པ། སྤྲུལ་པ་པོའི་དབང་གིས་འགྱུར་ཏེ། སྤྲུལ་པ་པོས་འདི་ཚིག་པར་གྱུར་ཅིག་སྙམ་དུ་ བསམས་ན་དེ་ཚིག་པར་འགྱུར་ཏེ། རྒྱུ་དེས་ན་སྤྲུལ་པས་རང་གི་གོས་དང་། རང་གི་ལུས་སྲེག་པར་བྱེད་ཀྱི། གཞན་གྱི་གོས་དང་། གཞན་གྱི་ལུས་སྲེག་པར་མི་བྱེད་དོ། །ཅིའི་ཕྱིར་ཚེ་དང་ལྡན་པ་གྱད་བུ་ནོར་གྱིས། ནམ་མཁའ་ལ་བདག་ཉིད་ཀྱི་ནང་གི་མེའི་ཁམས་ཀྱིས། ལུས་ བསྲེགས་ཏེ་ཚིག་པར་བྱས་ན། དུད་པ་ཡང་མེད། ཐལ་བ་འམ། ལྷག་མ་ལུས་པ་ཡང་མེད་ཅེ་ན། སྨྲས་པ། ཚེ་དང་ལྡན་པ་གྱད་བུ་ནོར་གྱིས། ནམ་མཁའ་དེ་ལ་ས་གཞི་སྤྲུལ་ཏེ། སྟེགས་བུ་དང་། འཆགས་དང་། ཁྲི་དང་ལྡན་པའི་ས་གཞི་སྤྲུལ་ནས། སྟེགས་བུ་དང་། འཆགས་ དང་། ཁྲི་དང་། མེ་དང་། མེའི་རྒྱུར་སྤྲུལ་ཏོ། །མེ་དང་མེའི་རྒྱུར་སྤྲུལ་ནས་ཀྱང་། བདག་ཉིད་ཀྱི་ནང་གི་མེའི་ཁམས་ཀྱིས་ལུས་བསྲེགས་ཏེ། དེའི་བདག་ཉིད་ཀྱི་མེའི་ཁམས་ཀྱིས་ལུས་བསྲེགས་ཤིང་ཚིག་པར་བྱས་ན། དུད་པ་ཡང་མེད། ཐལ་བ་འམ། ལྷག་མ་ལུས་པ་ཡང་མེད་ དེ། རྒྱུ་དེས་ན་ཚེ་དང་ལྡན་པ་གྱད་བུ་ནོར་གྱིས། བདག་ཉིད་ཀྱི་ནང་གི་མེའི་ཁམས་ཀྱིས་ལུས་བསྲེགས་ཏེ་ཚིག་པར་བྱས་ན། དུད་པ་ཡང་མེད། ཐལ་བ་འམ། ལྷག་མ་ལུས་པ་ཙམ་ཡང་མེད་དོ། །ཆོས་མངོན་པའི་བསྟན་བཅོས་ཆེན་པོ་རྒྱུ་གདགས་པ་ལས་ཚིགས་བཅུ་གཅིག་ པའོ།། །།རྒྱུ་གདགས་པ། བམ་པོ་དྲུག་པ། སྡོམ་ནི། གཞོལ་དང་གང་ཟག་དུས་རླབས་དང་། །ལན་ཚྭ་རིན་ཆེན་ཆེན་པོ་གནས། །རུལ་པའི་རོ་དང་གཅིག་མི་གནས། །ཆུ་ཀླུང་རྒྱན་དང་སྣ་ཚོགས་མདོག། །རྒྱ་མཚོ་ཆེན་པོ་ནི་བྱིན་གྱིས་གཞོལ་ཞིང་བྱིན་གྱིས་འབབ་ལ། བྱིན་ གྱིས་བབ་སྟེ་མུ་ཁོ་ན་ནས་གང་བར་འདུག་པ་མ་ཡིན་ནོ་ཞེས་གསུངས་པ་དེ། ཅིའི་ཕྱིར་རྒྱ་མཚོ་ཆེན་པོ་བྱིན་གྱིས་གཞོལ་ཞིང་བྱིན་གྱིས་འབབ་ལ་བྱིན་གྱིས་བབ་སྟེ། མུ་ཁོ་ན་ནས་གང་བར་འདུག་པ་མ་ཡིན་ཞེ་ན། སྨྲས་པ། རྒྱ་མཚོ་ཆེན་པོ་ནི་བྱིན་གྱིས་གཞོལ་ཞིང་བྱིན་གྱིས་འབབ་ལ། བྱིན་ གྱིས་བབ་པ་ཡང་མ་ཡིན་མུ་ཁོ་ན་ནས་གང་བར་འདུག་པ་ཡང་མ་ཡིན་གྱི། གླིང་དེ་དག་དེ་ལྟར་འདུག་སྟེ། དཔེར་ན་ནས་ཀྱི་ཕུང་པོ་འམ། འབྲས་ཀྱི་ཕུང་པོ་བྱིན་གྱིས་གཞོལ་ཞིང་བྱིན་གྱིས་འབབ་ལ། བྱིན་གྱིས་འབབ་པ་བཞིན་ཏེ། རྒྱུ་དེས་ན་རྒྱ་མཚོ་ཆེན་པོ་བྱིན་གྱིས་གཞོལ་ཞིང་བྱིན་གྱིས་ འབབ་ལ། བྱིན་གྱིས་བབ་སྟེ་མུ་ཁོ་ན་ནས་གང་བར་འདུག་པ་མ་ཡིན་ནོ། །རྒྱ་མཚོ་ཆེན་པོ་ནི་ཟབ་ཅིང་མུར་ཐུག་པར་དཀའ་བའོ་ཞེས་གསུངས་པ། དེ་ཅིའི་ཕྱིར་རྒྱ་མཚོ་ཆེན་པོ་ཟབ་ཅིང་མུར་ཐུག་པར་དཀའ་ཞེ་ན། སྨྲས་པ། རྒྱ་མཚོ་ཆེན་པོ་ནི་ཟབ་ཅིང་མུར་ཐུག་པར་ དཀའ་བ་མ་ཡིན་ཏེ། རྒྱ་མཚོ་ཆེན་པོ་ནི་ཟབ་ཀྱི་ཚད་དང་། རྒྱའི་ཚད་ཀྱང་ཡོད་ཀྱི། དེའི་ནང་ན་འདུག་པའི་ཆུ་ལ་ཆུ་འདི་ཙམ་ཞིག་ཡོད་དོ་ཞེའམ། ཆུ་བུམ་པ་གཅིག་གམ། ཆུ་བུམ་པ་བརྒྱ་འམ། ཆུ་བུམ་པ་སྟོང་ངམ། ཆུ་བུམ་པ་འབུམ་ཞེས་གཞལ་བར་མི་ནུས་ཏེ། རྒྱུ་དེས་ན་རྒྱ་མཚོ་ཆེན་ པོ་ཟབ་ཅིང་མུར་ཐུག་པར་དཀའོ། །རྒྱ་མཚོ་ཆེན་པོ་ནི་དུས་རླབས་ལ་བབ་ན། ཡོལ་བར་མི་འགྱུར་རོ་ཞེས་གསུངས་པ་དེ། ཅིའི་ཕྱིར་རྒྱ་མཚོ་ཆེན་པོ་དུས་རླབས་ལ་བབ་ན་ཡོལ་བར་མི་འགྱུར་ཞེ་ན། སྨྲས་པ་དུས་རླབས་ནི་གཉིས་ཏེ། ནང་པར་དང་ཕྱེ་མ་རེད་ཀྱི་དུས་རླབས་དང་། དུས་ རླབས་ཆེན་པོའོ། །ནང་པར་དང་ཕྱེ་མ་རེད་ཀྱི་དུས་རླབས་གང་ཞེ་ན། འདི་ལྟ་སྟེ། རྒྱ་མཚོའི་ནང་ན་གནས་པའི་སྲོག་ཆགས་བཀྲེས་ཤིང་ཉམ་ཆུང་བར་གྱུར་ཏེ། ཟས་ཚོལ་བ་རྣམས་ནང་པར་སྔར་ཆུའི་ནང་ནས་བྱུང་སྟེ་ཐང་ལ་འགྲོ་ལ། དེ་དག་བཀྲེས་བཞིན་དུ་ཕྱེ་མ་རེད་ཕྱིར་ལྡོག་སྟེ། དེ་དག་གྱེན་དུ་འབྱུང་བ་དང་། ཕྱིར་ལྡོག་པ་ལས་དུས་རླབས་ཀྱི་རླབས་འབྱུང་བར་འགྱུར་བ་འདི་ནི། ནང་པར་དང་ཕྱེ་མ་རེད་ཀྱི་དུས་རླབས་ཞེས་བྱའོ། །དུས་རླབས་ཆེན་པོ་གང་ཞེ་ན། འདི་ལྟ་སྟེ། རྒྱ་མཚོ་ཆེན་པོའི་ནང་ན་གནས་པ་རྣམས། ཚེས་བརྒྱད་དང་། ཚེས་བཅུ་བཞི་དང་། ཆོ་ འཕྲུལ་གྱི་ཟླ་བ་ཕྱེད་དང་། དེ་ལ་སོགས་པའི་ཚེས་གྲངས་དག་ཏུ་ཆུའི་ནང་ནས་ཐང་ལ་བྱུང་ནས། ཟླ་བ་ལ་དད་པ་རྣམས་ནི་ཟླ་བ་ལ་ཕྱག་འཚལ། ཉི་མ་ལ་དད་པ་རྣམས་ནི་ཉི་མ་ལ་ཕྱག་འཚལ། སྐྱེམ་བྱེད་ལ་དད་པ་རྣམས་ནི་སྐྱེམ་བྱེད་ལ་ཕྱག་འཚལ། སངས་རྒྱས་ལ་དད་པའི་དགེ་བསྙེན་ རྣམས་ནི་གསོ་སྦྱོང་ལ་གནས་པར་བྱེད་དེ། དེ་དག་གྱེན་དུ་འབྱུང་བ་དང་། ཕྱིར་ལྡོག་པ་ལས་དུས་རླབས་ཆེན་པོའི་རླབས་འབྱུང་བར་འགྱུར་ཏེ། རྒྱུ་དེས་ན་རྒྱ་མཚོ་ཆེན་པོ་དུས་རླབས་ལ་བབ་ན་ཡོལ་བར་མི་འགྱུར་རོ། །རྒྱ་མཚོ་ཆེན་པོ་ནི་འདྲ་བར་ལན་ཚྭའི་རོར་རོ་གཅིག་གོ་ཞེས་ གསུངས་པ་དེ། ཅིའི་ཕྱིར་རྒྱ་མཚོ་ཆེན་པོ་འདྲ་བར་ལན་ཚྭའི་རོར་རོ་གཅིག་ཅེ་ན། སྨྲས་པ། རྒྱ་མཚོ་ཆེན་པོའི་ནང་ནས། སྲོག་ཆགས་སྐྱེ་ཡང་སྐྱེ། རྒ་ཡང་རྒ། འཆི་ཡང་འཆི་བ་དག་ཡོད་དེ། དེ་དག་གི་ལུས་ཀྱི་དྲི་མ་དང་། ལུས་ཀྱི་སྙག་སྙིག་གིས་རྒྱ་མཚོ་ཆེན་པོ་ལན་ཚྭའི་ རོ་བྲོ་བར་འགྱུར་རོ། །གཞན་ཡང་རྒྱ་མཚོ་ཆེན་པོའི་ནང་ན་ལན་ཚྭའི་རོ་དག་ཡོད་དེ། དེ་དག་ཞུ་བ་ལས་རྒྱ་མཚོ་ཆེན་པོ་ལ་ལན་ཚྭའི་རོ་བྲོ་བར་འགྱུར་རོ། །གཞན་ཡང་གླིང་རྣམས་ལ་མི་འཁོད་པ་རྣམས་ཀྱིས་རྩྭ་དང་། ཤིང་དང་ཡལ་ག་དང་། ལོ་མ་དང་། ལོ་མ་གྲེའུ་དང་། འདབ་མ་ རྣམས་ཆུ་ཀླུང་གི་ནང་དུ་བོར་བ་དེ་དག་ཀུན་དུ་རུལ་བ་ལས་རྒྱ་མཚོ་ཆེན་པོ་ལན་ཚྭའི་རོ་བྲོ་བར་འགྱུར་ཏེ། རྒྱུ་དེས་ན་རྒྱ་མཚོ་ཆེན་པོ་འདྲ་བར་ལན་ཚྭའི་རོར་རོ་གཅིག་གོ། །རྒྱ་མཚོ་ཆེན་པོ་རིན་པོ་ཆེ་མང་པོ་དང་། རིན་པོ་ཆེ་སྣ་ཚོགས་ཀྱིས་གང་ངོ་ཞེས་གསུངས་པ་དེ། ཅིའི་ཕྱིར་རྒྱ་མཚོ་ཆེན་པོ་ རིན་པོ་ཆེ་མང་པོ་དང་། རིན་པོ་ཆེ་སྣ་ཚོགས་ཀྱིས་གང་བར་གྱུར་ཅེ་ན། སྨྲས་པ། འཇིག་རྟེན་ཆགས་པ་ན། རྒྱུའི་མཆོག་དང་། སྙིང་པོའི་མཆོག་དང་། བཟང་པོའི་མཆོག་དང་། ཟོང་གི་མཆོག་གང་ཡིན་པ་ཕྱོགས་དེར་བསྡུས་ཏེ། དེ་ལས་རིའི་རྒྱལ་པོ་རི་རབ་དང་། གསེར་གྱི་རི་བདུན་པོ་རྣམས་ གྲུབ་བོ། །ཁམས་བཟང་པོ་ལྷག་མ་རྣམས་ནི་དེ་ཉིད་དུ་བྱིང་བའི་ཕྱིར་རོ། །གཞན་ཡང་རྒྱ་མཚོ་ཆེན་པོའི་ནང་ན་ཀླུ་དབང་ཆེ་བར་གྲགས་པ་རྣམས་ཀྱི་གནས། རིན་པོ་ཆེ་མང་པོ་དང་། རིན་པོ་ཆེ་སྣ་ཚོགས་ཀྱིས་གང་བ་ཡོད་དེ། རྒྱུ་དེས་ན་རྒྱ་མཚོ་ཆེན་པོ་རིན་པོ་ཆེ་མང་པོ་དང་། རིན་པོ་ཆེ་སྣ་ཚོགས་ཀྱིས་ གང་ངོ་། །རྒྱ་མཚོ་ཆེན་པོའི་ནང་ན་སེམས་ཅན་ཆེན་པོ་རྣམས་གནས་སོ་ཞེས་གསུངས་པ་དེ། ཅིའི་ཕྱིར་རྒྱ་མཚོ་ཆེན་པོའི་ནང་ན་སེམས་ཅན་ཆེན་པོ་རྣམས་གནས་ཤེ་ན། སྨྲས་པ། སེམས་ཅན་གང་དག་སྔོན་མིར་གྱུར་ཅིང་འདུག་འདུག་པ་རྣམས་ཀྱིས། ཆོས་མ་ཡིན་པས་ལོངས་སྤྱོད་ རྣམས་བསྒྲུབས་ནས། བདག་ཉིད་ཀྱང་བདེ་བས་ཚིམ་པར་བྱས། བུ་དང་། ཆུང་མ་དང་། ཁྲོམ་གྱི་རུ་དང་། ཟས་དང་། སྐོམ་གྱིས་རྒྱས་པར་བྱས་པ་དེ་དག་ཉེས་པར་སྤྱད་པ་དེ་དང་། ཡང་དག་པར་བླངས་པ་དེ་ལྟ་བུ་དང་། ཡང་དག་པར་གཟུང་བ་དེ་ལྟ་བུས་ལུས་ཞིག་ནས་ཤི་བའི་འོག་ ཏུ་ངན་སོང་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་རྣམས་སུ་སྐྱེ་བར་འགྱུར་ལ། དེ་དག་སེམས་ཅན་དམྱལ་བ་རྣམས་ནས་ཤི་འཕོས་ནས་ཀྱང་ལས་ཀྱི་ལྷག་མ་དེས། རྒྱ་མཚོ་ཆེན་པོའི་ནང་དུ་དུད་འགྲོ་རྣམས་སུ་སྐྱེ་བར་འགྱུར་ཏེ། དེ་དག་དེར་ལུས་ཆེ་བ་དང་། མང་ དུ་ཟ་བར་འགྱུར་ཏེ། དེ་དག་སྲོག་ཆགས་སྟོང་ཕྲག་མང་པོ་དག་གིས་བཟའ་བར་འགྱུར་ལ། དེ་དག་ཀྱང་མང་པོ་རྣམས་ལ་ཟ་བར་འགྱུར་ཏེ། གླིང་གང་དག་ཏུ་གནས་ནས། སྡིག་པ་མི་དགེ་བའི་ལས་ཀྱི་རྣམ་པར་སྨིན་པ་ཉམས་སུ་མྱོང་བར་འགྱུར་བའི་གོ་སྐབས་མེད་དོ། །རྒྱུ་དེས་ན་ རྒྱ་མཚོ་ཆེན་པོའི་ནང་ན། སེམས་ཅན་ཆེན་པོ་རྣམས་གནས་སོ། །རྒྱ་མཚོ་ཆེན་པོ་ནི་ཤི་བའི་རོ་དང་ལྷན་ཅིག་མི་གནས་སོ་ཞེས་གསུངས་པ་དེ། ཅིའི་ཕྱིར་རྒྱ་མཚོ་ཆེན་པོ་ཤི་བའི་རོ་དང་ལྷན་ཅིག་མི་གནས་ཤེ་ན། སྨྲས་པ། རྒྱ་མཚོ་ཆེན་པོའི་ནང་ན་ཀླུ་གཙང་སྦྲ་སྤྱོད་པ་རྣམས་ཀྱི་ གནས་དག་ཡོད་དེ། ཀླུའི་གནས་གང་གི་སྟེང་དུ་ཤི་བའི་རོ་གནས་པར་གྱུར་པ་དེས་དེའི་མཚན་མོ་ཉིད་དུ་ཀླུའི་གནས་གཉིས་པར་ཕུལ་ལོ། །གནས་གཉིས་པ་ནས་གསུམ་པར་ཕུལ་ལོ། །གསུམ་པ་ནས་བཞི་བར་ཕུལ་ཏེ། དེ་ལྟ་བུའི་རིམ་པས་འགྲམ་དུ་བསྐྱལ་ནས་ཐང་ལ་ འདོར་ཏེ། རྒྱུ་དེས་ན་རྒྱ་མཚོ་ཆེན་པོ་ཤི་བའི་རོ་དང་ལྷན་ཅིག་མི་གནས་སོ། །རྒྱ་མཚོ་ཆེན་པོར་ནི་འཛམ་བུའི་ཚལ་གྱི་ཆུ་ཀླུང་འབབ་པ་གང་ཡིན་པ་རྣམས་དང་། བར་སྣང་ལས་ཆར་གྱི་རྒྱུན་ཤིང་རྟའི་སྲོག་ཤིང་ཙམ་འབབ་ཀྱང་དེས་རྒྱ་མཚོ་ཆེན་པོ་དེ་འགྲིབ་པར་འགྱུར་བ་ཡང་མེད་ གང་བར་འགྱུར་བ་ཡང་མེད་དོ་ཞེས་གསུངས་པ་དེ། ཅིའི་ཕྱིར་འཛམ་བུའི་ཚལ་ནས། ཆུ་ཀླུང་འབབ་པ་གང་ཡིན་པ་རྣམས་དང་། བར་སྣང་ལས་ཆར་གྱི་རྒྱུན་ཤིང་རྟའི་སྲོག་ཤིང་ཙམ་འབབ་ཀྱང་། དེས་རྒྱ་མཚོ་ཆེན་པོ་དེ་འགྲིབ་པར་འགྱུར་བ་ཡང་མེད། གང་བར་འགྱུར་བ་ཡང་ མེད་ཅེ་ན། སྨྲས་པ། རྒྱ་མཚོ་ཆེན་པོའི་ནང་ན་གནས་པའི་སྲོག་ཆགས་རྣམས་ཀྱི་ལོངས་སྤྱོད་དུ་འགྲོ་ལ། ལྷག་མ་རླུང་དང་ཉི་ཚན་གྱིས་ཟད་ཅིང་གཏུགས་པར་འགྱུར་ཏེ། རྒྱུ་དེས་ན་རྒྱ་མཚོ་ཆེན་པོ་འགྲིབ་པར་འགྱུར་བ་ཡང་མེད། གང་བར་འགྱུར་བ་ཡང་མེད་དོ། །རྒྱ་མཚོ་ ཆེན་པོའི་ནང་ན་སྲོག་ཆགས་ཁ་དོག་སྣ་ཚོགས་དང་། རྟགས་སྣ་ཚོགས་དང་། དབྱིབས་སྣ་ཚོགས་དང་། ཁ་དོག་དུ་མ་དང་། རྟགས་དུ་མ་དང་། དབྱིབས་དུ་མ་ཡོད་དོ་ཞེས་གསུངས་པ་དེ། ཅིའི་ཕྱིར་རྒྱ་མཚོ་ཆེན་པོའི་ནང་ན། སྲོག་ཆགས་ཁ་དོག་སྣ་ཚོགས་དང་། རྟགས་ སྣ་ཚོགས་དང་། དབྱིབས་སྣ་ཚོགས་དང་། ཁ་དོག་དུ་མ་དང་། རྟགས་དུ་མ་དང་། དབྱིབས་དུ་མ་ཡོད་ཅེ་ན། སྨྲས་པ། སེམས་ཅན་གང་སྔོན་མིར་གྱུར་ཅིང་འདུག་འདུག་པ་རྣམས་ཀྱི། ལུས་ཀྱིས་སྡིག་པ་མི་དགེ་བའི་ལས་ཇི་ལྟ་བུ་བྱས་པ་དང་། ངག་གིས་ཇི་ལྟ་བུ་སྨྲས་པའི་ཉེས་པར་ སྤྱད་པ་དེ་དང་། ཡང་དག་པར་བླངས་པ་དེ་ལྟ་བུ་དང་། ཡང་དག་པར་བཟུང་བ་དེ་ལྟ་བུས་ལུས་ཞིག་ནས་ཤི་བའི་འོག་ཏུ་ངན་སོང་ངན་འགྲོ་ལོག་པར་ལྟུང་བ། སེམས་ཅན་དམྱལ་བ་རྣམས་སུ་སྐྱེ་བར་འགྱུར་ལ། དེ་དག་སེམས་ཅན་དམྱལ་བ་རྣམས་ནས་ཤི་འཕོས་ནས་ཀྱང་། ལས་ཀྱི་ལྷག་མ་ དེས་རྒྱ་མཚོ་ཆེན་པོའི་ནང་དུ། དུད་འགྲོ་རྣམས་སུ་སྐྱེ་བར་འགྱུར་ཏེ། དེ་དག་དེར་ཁ་དོག་སྣ་ཚོགས་དང་། རྟགས་སྣ་ཚོགས་དང་། དབྱིབས་སྣ་ཚོགས་དང་། ཁ་དོག་དུ་མ་དང་། རྟགས་དུ་མ་དང་། དབྱིབས་དུ་མར་འགྱུར་ཏེ། རྒྱུ་དེས་ན་རྒྱ་མཚོ་ཆེན་པོའི་ནང་ན་སྲོག་ཆགས་ཁ་དོག་སྣ་ ཚོགས་དང་། རྟགས་སྣ་ཚོགས་དང་། དབྱིབས་སྣ་ཚོགས་དང་། ཁ་དོག་དུ་མ་དང་། རྟགས་དུ་མ་དང་། དབྱིབས་དུ་མ་ཡོད་དོ། །ཆོས་མངོན་པའི་བསྟན་བཅོས་ཆེན་པོ་རྒྱུ་གདགས་པ་ལས་ཚིགས་བཅུ་གཉིས་པའོ།། །།སྡོམ་ནི། གཅིག་ཏུ་གྱུར་དང་གཉིས་མ་ཡིན། །རྩིག་པས་ཆོད་ དང་ས་ལ་འཛུལ། །ཆུ་དང་ནམ་མཁའ་ཉི་ཟླ་དང་། །ཚངས་གནས་འཆག་དང་འགྲེང་འདུག་ཉལ། །དེ་གཅིག་ཏུ་གྱུར་ནས་མང་པོར་འགྱུར་ཞེས་གསུངས་པ་དེ་ཇི་ལྟར་ན་གཅིག་ཏུ་གྱུར་ནས་མང་པོར་འགྱུར་ཞེ་ན། སྨྲས་པ། འདི་ལ་དགེ་སློང་འཇིག་རྟེན་པའི་ཏིང་ངེ་འཛིན་གང་དང་གང་ལ་ཅི་འདོད་པ་ བཞིན་འཐོབ་པ་དང་། དཀའ་བ་མེད་པར་འཐོབ་པ་དང་། ཚེགས་མེད་པར་འཐོབ་པ་དེས། དེ་སྐྱེད་ཅིང་བསྐྲུན་ཏེ་ཡང་དག་པར་སྐྱེད་ཡང་དག་པར་སྒྲུབ་པར་བྱེད་ལ་གསལ་བར་བྱེད་དོ། །དེས་དེ་བསྐྱེད་ཅིང་བསྐྲུན་ཏེ་ཡང་དག་པར་བསྐྲུན་ཅིང་ཡང་དག་པར་བསྒྲུབས་ལ་གསལ་བར་བྱས་ནས་གླང་པོ་ཆེའི་ ལུས་སམ། རྟའི་ལུས་སམ། ཤིང་རྟའི་ལུས་སམ། དཔུང་བུ་ཆུང་གི་ལུས་སམ། ཁྱུ་མཆོག་གི་ལུས་སམ། བྱའི་ལུས་སམ། ཤིང་གི་ལུས་སམ། རྩིག་པའི་ལུས་སམ། ཅི་དང་ཅི་འདོད་པའི་ཕྱི་རོལ་དུ་མངོན་པར་སྒྲུབ་ཅིང་། མངོན་པར་སྤྱོད་དེ། མངོན་པར་རྩོམ་པར་ བྱེད་ལ། མངོན་པར་བསྒྲུབས་ཤིང་མངོན་པར་སྤྱད་དེ། མངོན་པར་བརྩམས་པ་དེ་དག་གི་སྒོ་ནས། དེ་ལྟར་གཅིག་ཏུ་གྱུར་ནས་མང་པོར་འགྱུར་རོ། །དེ་མང་པོར་གྱུར་ནས་གཅིག་ཏུ་འགྱུར་རོ་ཞེས་གསུངས་པ་དེ། ཇི་ལྟར་ན་མང་པོར་གྱུར་ནས་གཅིག་ཏུ་འགྱུར་ཞེ་ན། སྨྲས་པ། འདི་ན་དགེ་ སློང་གི་རྣམ་པ་གང་དག་དང་། རྟགས་གང་དག་དང་། མཚན་མ་གང་དག་གིས་གླང་པོའི་ལུས་དང་། རྟའི་ལུས་དང་། ཤིང་རྟའི་ལུས་དང་། དཔུང་བུ་ཆུང་གི་ལུས་དང་། ཁྱུ་མཆོག་གི་ལུས་དང་། བྱའི་ལུས་དང་། ཤིང་གི་ལུས་དང་། རྩིག་པའི་ལུས་རྣམས་ཕྱི་རོལ་དུ་མངོན་པར་བསྒྲུབས་ ཤིང་། མངོན་པར་སྤྱད་དེ། མངོན་པར་བརྩམས་པའི་སྦྱོར་བ་དེ་དག་དེས་བཏང་སྟེ། མཚན་མ་རྣམས་ཀྱང་མི་སྣང་བར་བྱས་ནས། སྦྱོར་བ་རྣམས་བཏང་ཞིང་། མཚན་མ་རྣམས་མི་སྣང་བར་བྱས་པ་དེ་ལྟ་བུ་ལ་མང་པོར་གྱུར་ནས་གཅིག་ཏུ་འགྱུར་ཞེས་བྱའོ། །དེས་སྣང་བར་གྱུར་ཅིང་མི་སྣང་ བར་འགྱུར་བ་ཤེས་པ་དང་། མཐོང་བས་ཉམས་སུ་མྱོང་ངོ་ཞེས་གསུངས་པ་དེ་ཇི་ལྟར་ན་སྣང་བ་ལས་མི་སྣང་བར་འགྱུར་ཞེ་ན། སྨྲས་པ། དེས་སེམས་ཅན་དེ་དག་ལ་སྣང་བཞིན་དུ་འདུག་པ་ལས་འདི་སྙམ་དུ་སེམས་ཏེ། ཅི་ནས་བདག་མི་ཤེས་པར་བྱའོ། །ཅི་ནས་བདག་མི་མཐོང་བར་ བྱའོ་སྙམ་སྟེ། དེ་དེར་རྩིག་པས་ཆོད་པ་འམ། བྲག་གིས་ཆོད་པ་འམ། ར་བས་ཆོད་པར་མོས་པར་བྱེད་དེ། དེ་ལྟར་ན་སྣང་བཞིན་དུ་འདུག་པ་ལས་མི་སྣང་བར་འགྱུར་རོ། །ཇི་ལྟར་ན་མི་སྣང་ཞིང་འདུག་པ་ལས་སྣང་བར་འགྱུར་ཞེ་ན། སྨྲས་པ། དེ་སེམས་ཅན་དེ་དག་ལ་མི་སྣང་ཞིང་ འདུག་པ་ལས་འདི་སྙམ་དུ་སེམས་ཏེ། ཅི་ནས་བདག་ཤེས་པར་བྱའོ། །ཅི་ནས་བདག་མཐོང་བར་བྱའོ་སྙམ་སྟེ། དེ་དེ་དག་དང་ཉེ་ཞིང་ཐུབ་པར་མོས་པར་བྱེད་དེ། དེ་ལྟར་ན་དེ་མི་སྣང་ཞིང་འདུག་པ་ལས་སྣང་བར་འགྱུར་རོ། །དེ་ལྟར་ན་སྣང་བར་གྱུར་ཅིང་མི་སྣང་བར་ཡང་འགྱུར་བ་རྣམས་ ལ་སྣང་ཞིང་འདུག་པ་ལས་མི་སྣང་བར་འགྱུར་བ་དང་། མི་སྣང་ཞིང་འདུག་པ་ལས་སྣང་བར་འགྱུར་ལ། ཤེས་པ་ཡང་དེ་ཡིན། མཐོང་བ་ཡང་དེ་ཡིན་ཏེ། དགེ་སློང་གིས་ཤེས་པ་དང་མཐོང་བ་དེ་མྱོང་ཞིང་སོ་སོར་མྱོང་ལ། རིག་ཅིང་ཉམས་སུ་མྱོང་ངོ་། །དེ་ལ་ཤེས་པ་དང་། མཐོང་བ་ནི་ རྟོགས་པ་དང་། ཡང་དག་པར་རྟོགས་པ་དང་། ཉེ་བར་རྟོགས་པ་དང་། རྟེན་པ་དང་། ཡང་དག་པར་ཁོང་དུ་ཆུད་པ་དང་། མང་དུ་ཤེས་པ་དང་། ཡིད་གཞུངས་པ་དང་། བློ་དང་། མཁས་པ་དང་། ཤེས་རབ་དང་། སྤྱོད་པ་དང་། ལྷག་མཐོང་གང་ཡིན་པ་སྟེ། དེ་ལྟར་ན་སྣང་བར་གྱུར་པ་འམ། མི་སྣང་ པར་གྱུར་པ་ཤེས་པ་དང་། མཐོང་བས་ཉམས་སུ་མྱོང་ངོ་། །དེ་རྩིག་པས་ཆོད་པ་འམ། བྲག་གིས་ཆོད་པ་འམ། ར་བས་ཆོད་པ་ལས་ལུས་མི་ཐོགས་པར་འགྲོ་སྟེ། དཔེར་ན་ནམ་མཁའ་ལ་བྱ་བ་བཞིན་ནོ་ཞེས་གསུངས་པ་དེ་ཇི་ལྟར་རྩིག་པས་ཆོད་པ་འམ། བྲག་གིས་ཆོད་པའམ། ར་ བས་ཆོད་པ་ལ་ལུས་མི་ཐོགས་པར་འགྲོ་སྟེ། དཔེར་ན་ནམ་མཁའ་ལ་བྱ་བ་བཞིན་ཞེ་ན། སྨྲས་པ། ནམ་མཁའི་སྙོམས་པར་འཇུག་པ་ལ་སྙོམས་པར་ཞུགས་པས་ན། རྩིག་པས་ཆོད་པ་འམ། བྲག་གིས་ཆོད་པ་འམ། ར་བས་ཆོད་པ་ལ་ལུས་མི་ཐོགས་པར་འགྲོ་སྟེ། དཔེར་ན་ནམ་ མཁའ་ལ་བྱ་བ་བཞིན་ཏེ། དེ་ལྟར་ན་རྩིག་པས་ཆོད་པ་འམ། བྲག་གིས་ཆོད་པ་འམ། ར་བས་ཆོད་པ་ལས་ལུས་མི་ཐོགས་པར་འགྲོ་སྟེ། དཔེར་ན་ནམ་མཁའ་ལ་བྱ་བ་བཞིན་ནོ། །དེ་ས་ལ་སྟེང་དུ་འབྱུང་བ་དང་། བྱིའུ་ཟུལ་བྱེད་དེ། དཔེར་ན་ཆུ་ལ་བྱ་བ་བཞིན་ནོ་ཞེས་གསུངས་པ་སྟེ། ཇི་ལྟར་ན་ ས་ལ་སྟེང་དུ་འབྱུང་བ་དང་། བྱིའུ་ཟུལ་བྱེད་དེ། དཔེར་ན། ཆུ་ལ་བྱ་བ་བཞིན་ནོ་ཞེ་ན། སྨྲས་པ། ཆུའི་སྙོམས་པར་འཇུག་པ་ལ་སྙོམས་པར་ཞུགས་པས་ན་ས་ལ་སྟེང་དུ་འབྱུང་བ་དང་། བྱིའུ་ཟུལ་བྱེད་དེ། དཔེར་ན་ཆུ་ལ་བྱ་བ་བཞིན་ཏེ། དེ་ལྟར་ན་ས་ལ་སྟེང་དུ་འབྱུང་བ་དང་། བྱིའུ་ཟུལ་བྱེད་དེ། དཔེར་ན་ནམ་མཁའ་ལ་བྱ་བ་བཞིན་ནོ། །དེ་ཆུའི་རྒྱུན་ལ་མི་ནུབ་པར་འགྲོ་སྟེ། དཔེར་ན། ས་ལ་བྱ་བ་བཞིན་ནོ་ཞེས་གསུངས་པ་སྟེ། ཇི་ལྟར་ན་ཆུའི་རྒྱུན་ལ་མི་ནུབ་པར་འགྲོ་སྟེ། དཔེར་ན་ས་ལ་བྱ་བ་བཞིན་ཞེ་ན། སྨྲས་པ། སའི་སྙོམས་པར་འཇུག་པ་ལ་སྙོམས་པར་ཞུགས་པས་ ན། ཆུའི་རྒྱུན་ལ་མི་ནུབ་པར་འགྲོ་སྟེ། དཔེར་ན་ས་ལ་བྱ་བ་བཞིན་ཏེ། དེ་ལྟར་ན་ཆུའི་རྒྱུན་ལ་མི་ནུབ་པར་འགྲོ་སྟེ། དཔེར་ན། ས་ལ་བྱ་བ་བཞིན་ནོ། །དེ་ནམ་མཁའ་ལ་སྐྱིལ་མོ་ཀྲུང་བཅས་བཞིན་དུ་འགྲོ་སྟེ། དཔེར་ན་འདབ་ཆགས་བྱ་བཞིན་ནོ་ཞེས་གསུངས་ པ་དེ་ཇི་ལྟར་ན་ནམ་མཁའ་ལ་སྐྱིལ་མོ་ཀྲུང་བཅས་བཞིན་དུ་འགྲོ་སྟེ། དཔེར་ན་འདབ་ཆགས་བྱ་བཞིན་ཞེ་ན། སྨྲས་པ། འདི་ལ་དགེ་སློང་འཇིག་རྟེན་པའི་སྙོམས་པར་འཇུག་པ་གང་དང་གང་ལ། ཅི་འདོད་པ་བཞིན་ཐོབ་པ་དང་། དཀའ་བ་མེད་པར་ཐོབ་པ་དང་། ཚེགས་མེད་པར་ཐོབ་པ་དེས་ དེ་སྐྱེད་ཅིང་བསྐྲུན་ཏེ་ཡང་དག་པར་སྐྱེད་ཅིང་ཡང་དག་པ་སྒྲུབ་པར་བྱེད་ལ་གསལ་བར་བྱེད་དོ། །དེས་དེ་སྐྱེད་ཅིང་བསྐྲུན་ཏེ་ཡང་དག་པར་བསྐྲུན་ཅིང་ཡང་དག་པར་བསྒྲུབས་པ་གསལ་བར་བྱས་ནས། ཕྱོགས་གང་ན་འགྲེང་ངམ། འདུག་གམ་ཉལ་ཡང་རུང་སྟེ། དེས་དེར་མེ་འམ། མེ་ལྕེ་ འམ། དུད་པའམ། དུད་པའི་རྟགས་ཅན་ནམ། རླུང་ངམ། རླུང་གི་དཀྱིལ་འཁོར་དུ་མོས་པར་བྱེད་དེ། དེ་དེར་མེ་འམ། མེ་ལྕེ་འམ། དུད་པ་འམ། དུད་པའི་རྟགས་ཅན་ནམ། རླུང་ངམ། རླུང་གི་དཀྱིལ་འཁོར་དུ་མོས་ནས་ཀྱང་དེའི་འོག་ཏུ་བདག་རླུང་གི་དཀྱིལ་འཁོར་གྱིས་གྱེན་དུ་ཁྱེར་བར་ གྱུར་ཅིག་སྙམ་དུ་མོས་པ་དང་། ཡང་ན་གླང་པོ་ཆེ་འམ། རྟ་འམ། ཤིང་རྟ་འམ། དཔུང་བུ་ཆུང་ངམ། བྱ་འམ། རྩིག་པ་འམ། ཤིང་ཁྱེར་བར་གྱུར་ཅིག་སྙམ་དུ་མོས་པར་བྱེད་དེ། ཇི་ལྟ་ཇི་ལྟར་མོས་པ་དེ་ལྟ་དེ་ལྟར་གཞན་གྱིས་ཤའི་མིག་ཐལ་བས་མཐོང་ངོ་། །དེ་འདི་སྙམ་དུ་སེམས་ཏེ་ཀྱེ་མ་རྫུ་ འཕྲུལ་འདི་ལྟ་བུ་ཞིག་མྱོང་བར་བྱའོ། །སོ་སོར་མྱོང་བར་བྱའོ། །རིག་པར་བྱའོ། །ཉམས་སུ་མྱོང་བར་བྱའོ་སྙམ་དུ་བསམས་ན། དེ་བཞིན་དུ་འགྲུབ་པར་འགྱུར་ཏེ། འདི་ལྟ་སྟེ། རྫུ་འཕྲུལ་གྱི་རྐང་པ་རྣམས་ལེགས་པར་བསྒོམས་པའི་ཕྱིར་རོ། །དེ་ལྟར་ན་ནམ་མཁའ་ལ་སྐྱིལ་མོ་ཀྲུང་བཅས་ བཞིན་དུ་འགྲོ་སྟེ། དཔེར་ན་འདབ་ཆགས་བྱ་བཞིན་ནོ། །དེས་ཉི་མ་དང་ཟླ་བ་འདི་གཉིས་ལག་པས་འཛིན་ཅིང་། ཀུན་དུ་ཉུག་པར་བྱེད་དོ་ཞེས་གསུངས་པ་དེ། ཇི་ལྟར་ན་ཉི་མ་དང་ཟླ་བ་འདི་གཉིས་ལ་ལག་པས་འཛིན་ཅིང་ཀུན་དུ་ཉུག་པར་བྱེད་ཅེ་ན། སྨྲས་པ། ཉི་མ་ཞེས་བྱ་བ་ནི་ཉི་མའི་ དཀྱིལ་འཁོར་ཡིན་ནོ། །ཟླ་བ་ཞེས་བྱ་བ་ནི་ཟླ་བའི་དཀྱིལ་འཁོར་ཡིན་ཏེ། དགེ་སློང་དེས་ཉི་མའི་དཀྱིལ་འཁོར་འདི་དང་། ཟླ་བའི་དཀྱིལ་འཁོར་འདི་ལ་ཉེ་ཞིང་ཐུག་པར་མོས་ནས་ལག་པས་འཛིན་ཅིང་ཀུན་དུ་ཉུག་པར་བྱེད་ལ། ནོམ་ཞིང་ཀུན་དུ་ནོམ་སྟེ། དེ་ལྟར་ན་ཉི་མ་དང་ཟླ་བ་འདི་གཉིས་ ལ་ལག་པས་འཛིན་ཅིང་ཀུན་དུ་ཉུག་གོ། །དེ་ཚངས་པའི་འཇིག་རྟེན་དུ་ལུས་དབང་བྱེད་དོ་ཞེས་གསུངས་པ་དེ། ཇི་ལྟར་ན་ཚངས་པའི་འཇིག་རྟེན་དུ་ལུས་ཀྱིས་དབང་བྱེད་ཅེ་ན། སྨྲས་པ། དགེ་སློང་འཇིག་རྟེན་པའི་ཏིང་ངེ་འཛིན་གང་ལ་ཅི་འདོད་པ་བཞིན་ཐོབ་པ་དང་། དཀའ་བ་མེད་པར་ ཐོབ་པ་དང་། ཚེགས་མེད་པར་ཐོབ་པ་དེས་དེ་སྐྱེད་ཅིང་བསྐྲུན་ཏེ། ཡང་དག་པར་བྱེད་ཅིང་ཡང་དག་པར་སྒྲུབ་པར་བྱེད་ལ། གསལ་བར་བྱེད་དོ། །དེས་དེ་སྐྱེད་ཅིང་བསྐྲུན་ཏེ། ཡང་དག་པར་བསྐྲུན་ཅིང་། ཡང་དག་པར་བསྒྲུབས་པ་ལ་གསལ་བར་བྱས་ནས། ལུས་ཀྱང་སེམས་ལ་ འཇོག་ལ། སེམས་ཀྱང་ལུས་ལ་འཇོག་པར་བྱེད་དེ། ལུས་སེམས་ལ་གཞག་ལ། སེམས་ཀྱང་ལུས་ལ་བཞག་ནས་ཀྱང་། གཅིག་ཏུ་གྱུར་ཅིང་ཀུན་དུ་འདྲེས་ཏེ། དཔེར་ན་མར་རམ། ཏིལ་མར་རམ། སྦྲང་རྩིའམ། བུ་རམ་གྱི་དབུ་བ་ཆུ་དང་གཅིག་ཏུ་འགྱུར་ཞིང་། ཀུན་དུ་འདྲེས་པ་ དེ་བཞིན་དུ་དགེ་སློང་གིས་ལུས་སེམས་ལ་བཞག་ཅིང་སེམས་ཀྱང་ལུས་ལ་བཞག་ནས་ལུས་ལ་ཡང་བའི་འདུ་ཤེས་དང་། འཇམ་པའི་འདུ་ཤེས་བསྐྱེད་ནས་འཕགས་པར་བྱེད་ཅིང་ཡང་དག་པར་བྱེད་ལ། གྱེན་དུ་འགྲོ་བར་བྱེད་ཅིང་། ཀུན་དུ་གྱེན་དུ་འགྲོ་བར་བྱེད་དེ། དཔེར་ན་ཟ་མ་ཏོག་ཁྱེར་བའི་མིས་ ཟ་མ་ཏོག་བླངས་ཏེ། བླངས་ནས་ཀྱང་འཕགས་པར་བྱེད་ཅིང་ཀུན་དུ་འཕགས་པར་བྱེད་ལ། འགྲོ་བར་བྱེད་ཅིང་ཀུན་དུ་འགྲོ་བར་བྱེད་པ་དང་། དགེ་སློང་བསོད་སྙོམས་པས་ཁ་ཟས་ལྷུང་བཟེད་ཀྱི་སྣོད་དུ་བཅུག་ནས་འཕགས་པར་བྱེད་ཅིང་ཀུན་དུ་འཕགས་པར་བྱེད་ལ། འགྲོ་བར་བྱེད་ཅིང་ཀུན་དུ་འགྲོ་ བར་བྱེད་པ་དེ་བཞིན་དུ་དགེ་སློང་གིས་ལུས་ལ་ཡང་པའི་འདུ་ཤེས་དང་། འཇམ་པའི་འདུ་ཤེས་བསྐྱེད་ནས་འཕགས་པར་བྱེད་ཅིང་ཀུན་དུ་འཕགས་པར་བྱེད་ལ། གྱེན་དུ་འགྲོ་བར་བྱེད་ཅིང་། ཀུན་དུ་གྱེན་དུ་འགྲོ་བར་བྱེད་དེ། ལུས་ལ་ཚངས་པའི་འཇིག་རྟེན་བསམས་ན་སེམས་བསྐྱེད་པའི་མོད་ལ་དབང་ ཡོད་པ་དང་། འགྲོ་བ་དང་། རག་ལས་པ་དང་། བདག་པོ་དང་། མཐུ་ཡོད་པ་དང་། སྐལ་བ་ཅན་དང་། དབང་བྱེད་པ་དང་། ཚངས་པའི་འཇིག་རྟེན་ན་གནས་པ་ཞེས་བརྗོད་དོ། །དེ་ལྟར་ན་བཅོམ་ལྡན་འདས་ཀྱིས་ཀྱང་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་ ཏེ། ཀུན་དགའ་བོ་ཡིད་ཀྱི་རྫུ་འཕྲུལ་འདིས་ཚངས་པའི་གཞལ་མེད་ཁང་དུ་ཕྱིན་པར་ངས་མངོན་པར་ཤེས་སོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ། །གཟུགས་ཅན་རགས་པ་འབྱུང་བ་ཆེན་པོ་བཞི་ལས་བྱུང་ བའི་སྐུ་འདིས་ཚངས་པའི་གཞལ་མེད་ཁང་དུ་གཤེགས་པར་བཅོམ་ལྡན་འདས་ཀྱིས་མངོན་པར་མཁྱེན་ཏམ། ཀུན་དགའ་བོ་གཟུགས་ཅན་རགས་པ་འབྱུང་བ་ཆེན་པོ་བཞི་ལས་བྱུང་བ། ཕ་དང་མའི་མི་གཙང་བར་མེར་མེར་པོ་ལས་བྱུང་བ། འབྲས་ཆན་དང་། ཟན་དྲོན་གྱིས་བསྐྱེད་ པ། རྟག་ཏུ་དྲིལ་བ་དང་། ཁྲུས་བྱ་བ་དང་། མཉེ་དགོས་པ་དང་། འགྱེས་པ་དང་། འཐོར་བ་དང་། རྣམ་པར་འཇིག་པའི་ཆོས་ཅན་གྱི་ལུས་འདིས་ཀྱང་ཚངས་པའི་གཞལ་མེད་ཁང་དུ་ཕྱིན་པར་ངས་མངོན་པར་ཤེས་སོ། །བཅོམ་ལྡན་འདས་ཀྱིས་དཔེ་བསྟན་དུ་གསོལ། །བདེ་བར་གཤེགས་ པས་དཔེ་བསྟན་དུ་གསོལ། །ཀུན་དགའ་བོ་དཔེར་ན་ལྕགས་ཀྱི་གར་བུ་འམ། ལྕགས་ཀྱི་སྣོད་ནི་གང་གི་ཚེ་ཚ་བ་ཡོད་ཅིང་མེ་ཡོད་པ་དེའི་ཚེ་ཤིན་ཏུ་ཆེས་ཡང་བ་དང་། ཆེས་འཇམ་པ་དང་ཆེས་ལས་སུ་རུང་བ་དང་། ཆེས་འོད་གསལ་བར་འགྱུར་ལ། གང་གི་ཚེ་གྲང་མོར་གྱུར་ཅིང་མེ་མེད་པ་ དེའི་ཚེ་ནི། ཆེས་ལྕི་བ་དང་། ཆེས་སྲ་བ་དང་། ཆེས་ལས་སུ་མི་རུང་བ་དང་། ཆོས་འོད་མི་གསལ་བར་འགྱུར་བ་དེ་བཞིན་དུ། ཀུན་དགའ་བོ་གང་གི་ཚེ་དེ་བཞིན་གཤེགས་པས་ལུས་སེམས་ལ་བཞག་ཅིང་སེམས་ཀྱང་ལུས་ལ་བཞག་སྟེ། ལུས་ལ་ཡང་བའི་འདུ་ཤེས་དང་། འཇམ་པའི་ འདུ་ཤེས་བསྐྱེད་ན་ནི། ཀུན་དགའ་བོ་དེའི་དེ་བཞིན་གཤེགས་པའི་ལུས་ཤིན་ཏུ་ཆེས་ཡང་བ་དང་། ཆེས་འཇམ་པ་དང་། ཆེས་ལས་སུ་རུང་བ་དང་། ཆེས་འོད་གསལ་བར་འགྱུར་བ་དང་། སེམས་ཀྱི་རྒྱུ་ལས་འབྱུང་བ་དང་། སེམས་ལ་བརྟེན་པ་དང་། སེམས་ལ་རག་ལས་པར་འགྱུར་ཏེ། སེམས་ལ་བརྟེན་ནས་ལུས་ལ་དབང་བྱེད་དོ། །ཅིའི་ཕྱིར་སྤྲུལ་པ་ནམ་མཁའ་ལ་འཆག་ཅེ་ན། སྨྲས་པ། སྤྲུལ་པ་པོའི་དབང་གིས་འགྱུར་ཏེ། སྤྲུལ་པ་པོས་ནམ་མཁའ་དེ་ལ་སྟེགས་བུ་འམ། འཆགས་སྤྲུལ་པར་བྱེད་དེ། རྒྱུ་དེས་ན་སྤྲུལ་པ་ནམ་མཁའ་ལ་འཆག་གོ། །ཅིའི་ཕྱིར་སྤྲུལ་ པ་ནམ་མཁའ་ལ་འགྲེང་ཞེ་ན། སྨྲས་པ། སྤྲུལ་པ་པོའི་དབང་གིས་འགྱུར་ཏེ། སྤྲུལ་པ་པོས་ནམ་མཁའ་དེ་ལ་ས་གཞི་འམ། གནས་སྤྲུལ་པར་བྱེད་དེ། རྒྱུ་དེས་ན་སྤྲུལ་པ་ནམ་མཁའ་ལ་འགྲེང་ངོ་། །ཅིའི་ཕ