Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 139

Văn bản gốc(Tây Tạng)

Trang 3 / 15 (50.000 ký tự/trang)
ད་ཀྱི་སློབ་མ་མཁས་པས་མེ་ཏོག་གི་ཕྲེང་བ་ཐ་གུ་ལ་བརྒྱུས་པ་དང་། མེ་ཏོག་རྣ་རྒྱན་ལེགས་པར་བྱས་པ་བཞིན་ཏེ། ཐང་ལས་སྐྱེས་པའི་བྱ་སྣ་ཚོགས་སྐད་སྙན་ཅིང་འཇེབས་པ་དང་།
སྐད་ཡིད་དུ་འོང་བ་དང་། སྐད་སྙན་པ་དང་། འདོད་དགུར་སྒྱུར་བའི་གཟུགས་ཅན་རྣམས་སྐད་སྙན་པ་འབྱིན་ཏོ། །དཔག་བསམ་གྱི་ཤིང་སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་རྣམ་པ་བཞི་ཡོད་དོ། །གཞག་གོས་སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་རྣམ་
པ་བཞི་ཡོད་དོ། །དཔག་བསམ་ཤིང་ལས་བྱུང་བའི་གོས་སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་རྣམ་པ་བཞི་ཡོད་དོ། །རོལ་མོའི་ཆ་བྱད་སྣ་ཚོགས་པི་ཝང་དང་། གླིང་བུ་དང་། པི་ཝང་རྒྱུད་གསུམ་པ་དང་། འཁར་རྔ་དང་། ཧམ་ཤང་རྣམས་འབྱུང་བའི་ཤིང་དག་ཡོད་དོ། །
རྒྱན་སྣ་ཚོགས་ལག་རྒྱན་དང་། རྐང་རྒྱན་དང་། རྒྱན་སྣང་བ་དང་། མི་སྣང་བ་རྣམས་འབྱུང་བའི་ཤིང་དག་ཡོད་དོ། །ལྷ་འམ་ལྷའི་བུ་མོ་རྣམས་ཀྱིས་ཇི་ལྟ་བུར་འདོད་པར་སེམས་བསྐྱེད་མ་ཐག་ཏུ་དེ་ལྟ་བུར་དེ་དག་ལག་ཏུ་འོང་བར་འགྱུར་རོ། །ལམ་དེ་ན་བཞོན་པ་སྣ་ཚོགས་བཀོད་པ་འདི་ལྟ་སྟེ།
གླང་པོ་ཆེའི་བཞོན་པ་དང་། རྟའི་བཞོན་པ་དང་། ཤིང་རྟའི་བཞོན་པ་དང་། ཁྱོགས་ཀྱི་བཞོན་པ་དག་ཡོད་དེ། ལྷའམ་ལྷའི་བུ་མོ་རྣམས་ཀྱི་བཞོན་པ་ཇི་ལྟ་བུར་འདོད་པར་སེམས་བསྐྱེད་མ་ཐག་ཏུ་དེ་ལྟ་བུའི་བཞོན་པ་ལ་ཞོན་པར་གྱུར་ཏེ། སྐྱེད་མོས་ཚལ་ཤིང་རྟ་སྣ་ཚོགས་ཅན་དུ་དོང་ནས་རྩེ་ཞིང་

དགའ་ལ་དགའ་དགུར་སྤྱོད་དོ། །རང་གི་ལས་ཀྱི་འབྲས་བུ་ཉམས་སུ་མྱོང་ངོ་། །ཅིའི་ཕྱིར་སྐྱེད་མོས་ཚལ་གྱི་མིང་ཤིང་རྟ་སྣ་ཚོགས་ཅན་ཞེས་བྱ་ཞེ་ན། སྨྲས་པ། སྐྱེད་མོས་ཚལ་ཤིང་རྟ་སྣ་ཚོགས་ཅན་ན་རྫིང་བུ་སྣ་ཚོགས་ཞེས་བྱ་བ་དང་། ཤིང་སྣ་ཚོགས་དང་། ལོ་མ་སྣ་ཚོགས་དང་།
མེ་ཏོག་དང་། འབྲས་བུ་སྣ་ཚོགས་དང་། གོས་དང་རྒྱན་སྣ་ཚོགས་དང་། ལྷའི་བུ་མོ་སྣ་ཚོགས་ཡོད་ལ། གང་གི་ཚེ་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་སྐྱེད་མོས་ཚལ་ཤིང་རྟ་སྣ་ཚོགས་ཅན་ན་རྩེ་ཞིང་དགའ་ལ་དགའ་དགུར་སྤྱོད་དེ། དེའི་ཚེ་ཡང་རྣམ་པ་སྣ་ཚོགས་ཀྱིས་ཤིན་ཏུ་རྩེ་ཞིང་
དགའ་ལ་དགའ་དགུར་སྤྱོད་དོ། །རང་གི་ལས་ཀྱི་འབྲས་བུ་ཉམས་སུ་མྱོང་བས་ན་དེའི་སྐྱེད་མོས་ཚལ་གྱི་མིང་ཤིང་རྟ་སྣ་ཚོགས་ཅན་ཞེས་བྱའོ། །སྐྱེད་མོས་ཚལ་ཤིང་རྟ་སྣ་ཚོགས་ཅན་གྱི་ཤར་ཕྱོགས་དཔག་ཚད་ཉི་ཤུ་ན་ས་གཞི་བཟང་པོ་སྣ་ཚོགས་ཞེས་བྱ་བ་ཞིག་ཡོད་དེ། ཆུར་དཔག་
ཚད་ཉིས་བརྒྱ་ལྔ་བཅུ། ཞེང་དུ་ཡང་དཔག་ཚད་ཉིས་བརྒྱ་ལྔ་བཅུ། མཐའ་སྐོར་དུ་དཔག་ཚད་སྟོང་ཡོད་པ་དབྱིབས་ལེགས་ཤིང་བལྟ་ན་སྡུག་ལ་མཛེས་པ། ལན་ཀན་གསེར་ལས་བྱས་པ་དང་། དངུལ་ལས་བྱས་པ་དང་། བཻ་ཌཱུརྱ་ལས་བྱས་པ་དང་། ཤེལ་ལས་བྱས་པ་རྣམ་པ་བཞིས་ཀུན་
ནས་བསྐོར་ཏེ། གསེར་གྱི་ལན་ཀན་གྱི་གཏན་མ་དང་། གདང་བུ་དང་། གཟུངས་གཟེར་ནི་དངུལ་ལས་བྱས་སོ། །དངུལ་གྱི་ནི་གསེར་ལས་བྱས་སོ། །བཻ་ཌཱུརྱའི་ནི་ཤེལ་ལས་བྱས་སོ། །ཤེལ་གྱི་ནི་གཏན་མ་དང་། གདང་བུ་དང་། གཟུངས་གཟེར་ནི་བཻ་ཌཱུརྱ་ལས་བྱས་སོ། །དེའི་ནང་གི་ས་གཞི་
དབྱིབས་ལེགས་ཤིང་བལྟ་ན་སྡུག་ལ་མཛེས་པར་བྲིས་པ་ཚོན་སྣ་བརྒྱ་རྩ་གཅིག་གིས་བྲིས་པ་སྟེ། འཇམ་ཞིང་ཤིན་ཏུ་འཇམ་པ་ནི་དཔེར་ན་ཤིང་བལ་གྱི་འདའ་བའམ། རས་བལ་གྱི་འདའ་བ་བཞིན་ཏེ། རྐང་པ་བཞག་ན་ནི་ནེམས་ཞེས་བྱེད། རྐང་པ་བཏེག་ན་ནི་པར་ཞེས་བྱེད་ལ། མེ་ཏོག་
མན་ད་ར་བ་མང་པོས་པུས་མོ་ནུབ་བཙམ་དུ་ཡོངས་སུ་ཁེབས་ཏེ། དེ་ན་མི་མ་ཡིན་པ་རྣམས་རླུང་གི་མཐུས་མེ་ཏོག་རྙིང་པ་རྣམས་ནི་འདོར། མེ་ཏོག་གསར་པ་རྣམས་ནི་ལེགས་པར་འགྲེམས་ཏེ། འདི་སྐད་དུ། ལྷ་རྣམས་ལས་ཀྱི་དབང་གི་རྐྱེན་གྱིས་ན། །ས་གཞི་སྣ་ཚོགས་ཅན་ན་

རླུང་ཆེན་ལྡང་། །མེ་ཏོག་རྙིང་པ་རྣམས་ནི་འཐོར་བར་བྱེད། །མེ་ཏོག་གསར་པ་རྣམས་ནི་ལེགས་པར་འགྲེམས། །ཞེས་ཀྱང་བྱའོ། །དེའི་ལམ་སྲང་དུ་དཔག་ཚད་ཕྱེད་དང་གཉིས་ཡོད་དེ། དབྱིབས་ལེགས་ཤིང་བལྟ་ན་སྡུག་ལ་མཛེས་པ། གསེར་གྱི་བྱེ་མ་བདལ་
ཞིང་ཙནྡན་གྱི་ཆུས་ཆག་ཆག་བཏབ་པ་ཞིག་ཡོད་དེ། དེའི་གློ་གཡས་གཡོན་ན་མེ་ཏོག་གི་ཤིང་དང་། འབྲས་བུའི་ཤིང་སྣ་ཚོགས་ཡོད་པ་རྣམས་ལེགས་པར་སྐྱེས་ཤིང་དབྱིབས་ལེགས་ལ་ཡོངས་སུ་གྲུབ་པ་སྟེ། མེ་ཏོག་ཕྲེང་བར་བཀོད་པ་བཞིན་དུ་གྱུར་པ་ནི་དཔེར་ན། མེ་ཏོག་ཕྲེང་རྒྱུད་དམ།
མེ་ཏོག་ཕྲེང་རྒྱུད་ཀྱི་སློབ་མ་མཁས་པས་མེ་ཏོག་གི་ཕྲེང་བ་ཐ་གུ་ལ་བརྒྱུས་པ་དང་། མེ་ཏོག་གི་རྣ་རྒྱན་ལེགས་པར་བྱས་པ་བཞིན་ཏེ། ཐང་ལས་སྐྱེས་པའི་བྱ་སྣ་ཚོགས་སྐད་སྙན་ཅིང་འཇེབས་པ་དང་། སྐད་སྙན་ཡིད་དུ་འོང་བ་དང་། སྐད་མཉེན་པ་དང་། འདོད་དགུར་སྒྱུར་བའི་གཟུགས་ཅན་
རྣམས་སྐད་སྙན་པར་འབྱིན་ཏོ། །དཔག་བསམ་གྱི་ཤིང་སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་རྣམ་པ་བཞི་ཡོད་དོ། །གཞག་གོས་སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་རྣམ་པ་བཞི་ཡོད་དོ། །དཔག་བསམ་གྱི་ཤིང་ལས་བྱུང་བའི་གོས་སྔོན་པོ་དང་། སེར་པོ་
དང་། དམར་པོ་དང་། དཀར་པོ་རྣམ་པ་བཞི་ཡོད་དོ། །རོལ་མོའི་ཆ་བྱད་སྣ་ཚོགས་པི་ཝང་དང་། གླིང་བུ་དང་། པི་ཝང་རྒྱུད་གསུམ་པ་དང་། འཁར་རྔ་དང་། ཧམ་ཤང་རྣམས་འབྱུང་བའི་ཤིང་དག་ཡོད་དོ། །རྒྱན་སྣ་ཚོགས་ལག་རྒྱན་དང་། རྐང་རྒྱན་དང་། རྒྱན་སྣང་བ་དང་། མི་སྣང་
བ་རྣམས་འབྱུང་བའི་ཤིང་དག་ཡོད་དོ། །ལྷའམ་ལྷའི་བུ་མོ་རྣམས་ཀྱིས་ཇི་ལྟ་བུར་འདོད་པར་སེམས་བསྐྱེད་མ་ཐག་ཏུ་དེ་ལྟ་བུར་དེ་དག་གི་ལག་ཏུ་འོང་བར་འགྱུར་རོ། །ལམ་དེ་ནི་བཞོན་པ་སྣ་ཚོགས་བཀོད་པ་འདི་ལྟ་སྟེ། གླང་པོའི་བཞོན་པ་དང་། རྟའི་བཞོན་པ་དང་། ཤིང་རྟའི་བཞོན་པ་དང་།
ཁྱོགས་ཀྱི་བཞོན་པ་དག་ཡོད་དོ། །ལྷ་འམ་ལྷའི་བུ་མོ་རྣམས་ཀྱི་བཞོན་པ་ཇི་ལྟ་བུར་འདོད་པར་སེམས་བསྐྱེད་མ་ཐག་ཏུ་དེ་ལྟ་བུའི་བཞོན་པ་འོང་བར་འགྱུར་ཏེ། དེ་ལ་ཞོན་ནས་ས་གཞི་སྣ་ཚོགས་ཅན་དུ་དོང་ཞིང་ཅི་བདེར་གནས་པར་མངོན་པར་དགའ་བར་བྱེད་དོ། །དེ་ན་ལྷའི་དྲང་སྲོང་རྣམས་རང་

དགར་ཚངས་པར་སྤྱད་པ་སྤྱོད་དོ། །དེ་བཞིན་དུ་ལྷའི་གྲོང་ཁྱེར་གྱི་ལྷོ་ཕྱོགས་དཔག་ཚད་ཉི་ཤུ་ན། སྐྱེད་མོས་ཚལ་རྩུབ་འགྱུར་ཚལ་ཞེས་བྱ་བ་ཞིག་ཡོད་དོ། །ཆུར་དཔག་ཚད་ཉིས་བརྒྱ་ལྔ་བཅུ། ཞེང་དུ་ཡང་དཔག་ཚད་ཉིས་བརྒྱ་ལྔ་བཅུ། མཐའ་སྐོར་དུ་དཔག་ཚད་སྟོང་ཡོད་ལ་
དབྱིབས་ལེགས་ཤིང་བལྟ་ན་སྡུག་ལ་མཛེས་པ། གསེར་གྱི་ར་བས་ཀུན་ནས་བསྐོར་ཏེ། ར་བའི་འཕང་དུ་དཔག་ཚད་གཅིག་ཡོད་དེ། ཤིང་རྟ་སྣ་ཚོགས་ཅན་ཇི་ལྟ་བ་བཞིན་དུ་རྒྱས་པར་བརྗོད་པར་བྱའོ། །ཁྱད་པར་ནི་འདི་ཡོད་དེ། ཅིའི་ཕྱིར་སྐྱེད་མོས་ཚལ་གྱི་མིང་རྩུབ་འགྱུར་
ཚལ་ཞེས་བྱ་ཞེ་ན། སྨྲས་པ། སྐྱེད་མོས་ཚལ་རྩུབ་འགྱུར་ཚལ་ན་རྫིང་བུ་རྩུབ་འགྱུར་ཚལ་ཞེས་བྱ་བ་དང་། ཤིང་རྣམས་དང་། ལོ་མ་རྣམས་དང་། མེ་ཏོག་རྣམས་དང་། འབྲས་བུ་རྣམས་དང་། རྒྱན་རྣམས་རྩུབ་པར་འགྱུར་བ་དང་། ལྷའི་བུ་མོ་རྩུབ་པར་འགྱུར་བ་རྣམས་ཡོད་ལ། གང་
གི་ཚེ་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་སྐྱེད་མོས་ཚལ་རྩུབ་འགྱུར་ཚལ་དུ་རྩེ་ཞིང་དགའ་ལ་དགའ་དགུར་སྤྱོད་པ་དེའི་ཚེ་ལུས་ཀྱང་རྩུབ་པར་འགྱུར་ཞིང་། སེམས་ཀྱང་རྩུབ་པར་འགྱུར་ཏེ། གཡུལ་ལ་མོས་པར་འགྱུར་བས་ན་དེའི་ཕྱིར་སྐྱེད་མོས་ཚལ་གྱི་མིང་རྩུབ་འགྱུར་ཚལ་ཞེས་བྱའོ། །སྐྱེད་
མོས་ཚལ་རྩུབ་འགྱུར་ཚལ་གྱི་ལྷོ་ཕྱོགས་དཔག་ཚད་ཉི་ཤུ་ན། ས་གཞི་བཟང་པོ་རྩུབ་འགྱུར་ཚལ་བྱ་བ་ཡོད་དེ། ཆུར་དཔག་ཚད་ཉིས་བརྒྱ་ལྔ་བཅུ། ཞེང་དུ་ཡང་དཔག་ཚད་ཉིས་བརྒྱ་ལྔ་བཅུ། མཐའ་སྐོར་དུ་དཔག་ཚད་སྟོང་ཡོད་དེ། ས་གཞི་བཟང་པོ་སྣ་ཚོགས་ཅན་ན་ཇི་ལྟ་བ་
བཞིན་དུ་རྒྱས་པར་བརྗོད་པར་བྱའོ། །ལྷའི་གྲོང་ཁྱེར་གྱི་ནུབ་ཕྱོགས་དཔག་ཚད་ཉི་ཤུ་ན་སྐྱེད་མོས་ཚལ་འདྲེས་པའི་ཚལ་ཞེས་བྱ་བ་ཞིག་ཡོད་དེ། ཆུར་དཔག་ཚད་ཉིས་བརྒྱ་ལྔ་བཅུ། ཞེང་དུ་ཡང་དཔག་ཚད་ཉིས་བརྒྱ་ལྔ་བཅུ། མཐའ་སྐོར་དཔག་ཚད་སྟོང་ཡོད་ལ། གསེར་གྱི་ར་བས་
ཀུན་ནས་བསྐོར་བ། ར་བའི་འཕང་དུ་དཔག་ཚད་གཅིག་ཡོད་དེ། སྔ་མ་རྣམས་ན་ཇི་སྐད་བཤད་པ་བཞིན་དུ་རྒྱས་པར་བརྗོད་པར་བྱའོ། །ཁྱད་པར་ནི་འདི་ཡོད་དེ། ཅིའི་ཕྱིར་སྐྱེད་མོས་ཚལ་གྱི་མིང་འདྲེས་པའི་ཚལ་ཞེས་བྱ་ཞེ་ན། སྨྲས་པ། སྐྱེད་མོས་ཚལ་འདྲེས་པའི་ཚལ་ནི་རྫིང་བུ་

འདྲེས་པ་ཞེས་བྱ་བ་དང་། ཤིང་རྣམས་དང་། ལོ་མ་རྣམས་དང་། མེ་ཏོག་རྣམས་དང་། འབྲས་བུ་རྣམས་དང་། གོས་རྣམས་དང་། རྒྱན་རྣམས་འདྲེས་པ་དང་། ལྷའི་བུ་མོ་རྣམས་འདྲེས་པ་ཡོད་ལ། གང་གི་ཚེ་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་སྐྱེད་མོས་ཚལ་
འདྲེས་པའི་ཚལ་ན་རྩེ་ཞིང་དགའ་ལ་དགའ་དགུར་སྤྱོད་པ་དེའི་ཚེ་ཡང་འཆོལ་པར་འདྲེས་ཏེ། ཤིན་ཏུ་རྩེ་ཞིང་དགའ་ལ་དགའ་དགུར་སྤྱོད་དེ། རང་གི་ལས་ཀྱི་འབྲས་བུ་རྣམས་ཉམས་སུ་མྱོང་བས་ན་དེའི་ཕྱིར་སྐྱེད་མོས་ཚལ་གྱི་མིང་འདྲེས་པའི་ཚལ་ཞེས་བྱའོ། །སྐྱེད་མོས་ཚལ་འདྲེས་པའི་
ཚལ་གྱི་ནུབ་ཕྱོགས་དཔག་ཚད་ཉི་ཤུ་ན་ས་གཞི་བཟང་པོ་འདྲེས་པ་ཞེས་བྱ་བ་ཡོད་དེ། ཆུར་དཔག་ཚད་ཉིས་བརྒྱ་ལྔ་བཅུ། ཞེང་དུ་ཡང་དཔག་ཚད་ཉིས་བརྒྱ་ལྔ་བཅུ། མཐའ་སྐོར་དུ་དཔག་ཚད་སྟོང་ཡོད་དེ། ས་གཞི་བཟང་པོ་སྔ་མ་རྣམས་ན་ཇི་ལྟ་བ་དེ་བཞིན་དུ་རྒྱས་པར་བརྗོད་པར་བྱའོ། །ལྷའི་
གྲོང་ཁྱེར་གྱི་བྱང་ཕྱོགས་དཔག་ཚད་ཉི་ཤུ་ན། སྐྱེད་མོས་ཚལ་དགའ་བའི་ཚལ་ཞེས་བྱ་བ་ཞིག་ཡོད་དེ། ཆུར་དཔག་ཚད་ཉིས་བརྒྱ་ལྔ་བཅུ། ཞེང་དུ་ཡང་དཔག་ཚད་ཉིས་བརྒྱ་ལྔ་བཅུ། མཐའ་སྐོར་དུ་དཔག་ཚད་སྟོང་ཡོད་ལ། གསེར་གྱི་ར་བས་ཀུན་ནས་བསྐོར་ཏེ། ར་བའི་འཕང་དུ་དཔག་
ཚད་གཅིག་ཡོད་དེ། སྔ་མ་རྣམས་ན་ཇི་སྐད་བཤད་པ་དེ་བཞིན་དུ་བརྗོད་པར་བྱའོ། །ཁྱད་པར་ནི་འདི་ཡོད་དེ། ཅིའི་ཕྱིར་སྐྱེད་མོས་ཚལ་གྱི་མིང་དགའ་བའི་ཚལ་ཞེས་བྱ་ཞེ་ན། སྨྲས་པ། སྐྱེད་མོས་ཚལ་དགའ་བའི་ཚལ་ན་རྫིང་བུ་དགའ་བ་ཞེས་བྱ་བ་དང་། ཤིང་རྣམས་དང་། ལོ་མ་རྣམས་དང་།
མེ་ཏོག་རྣམས་དང་། འབྲས་བུ་རྣམས་དང་། གོས་རྣམས་དང་། རྒྱན་རྣམས་དགའ་བ་དང་། ལྷའི་བུ་མོ་དགའ་བ་རྣམས་ཡོད་ལ། གང་གི་ཚེ་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་སྐྱེད་མོས་ཚལ་དགའ་བའི་ཚལ་དུ་རྩེ་ཞིང་དགའ་ལ་དགའ་དགུར་སྤྱོད་པ་དེའི་ཚེ་ཡང་ཀུན་དུ་དགའ་ཞིང་རབ་ཏུ་དགའ་ལ།
དགའ་ཞིང་ཡིད་བདེ་བར་གྱུར་ནས་རྩེ་ཞིང་དགའ་ལ་དགའ་དགུར་སྤྱོད་དེ། རང་གི་ལས་ཀྱི་འབྲས་བུ་ཉམས་སུ་མྱོང་བས་ན་དེའི་ཕྱིར་སྐྱེད་མོས་ཚལ་གྱི་མིང་དགའ་བའི་ཚལ་ཞེས་བྱའོ། །སྐྱེད་མོས་ཚལ་དགའ་བའི་ཚལ་གྱི་བྱང་ཕྱོགས་དཔག་ཚད་ཉི་ཤུ་ན་ས་གཞི་བཟང་པོ་དགའ་བ་ཞེས་བྱ་བ་ཞིག་

ཡོད་དོ། །ཆུར་དཔག་ཚད་ཉིས་བརྒྱ་ལྔ་བཅུ། ཞེང་དུ་ཡང་དཔག་ཚད་ཉིས་བརྒྱ་ལྔ་བཅུ། མཐའ་སྐོར་དུ་དཔག་ཚད་སྟོང་ཡོད་ལ་དབྱིབས་ལེགས་ཤིང་བལྟ་ན་སྡུག་ལ་མཛེས་པ་སྟེ། ས་གཞི་བཟང་པོ་སྔ་མ་རྣམས་ན་ཇི་ལྟ་བ་བཞིན་དུ་རྒྱས་པར་བརྗོད་པར་བྱའོ། །ལྷའི་གྲོང་ཁྱེར་གྱི་བྱང་ཤར་
གྱི་མཚམས་ན་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་ཤིང་ཡོངས་འདུ་ས་བརྟོལ་ཞེས་བྱ་བ་ཡོད་དེ། ཡོངས་འདུ་ས་བརྟོལ་གྱི་རྩ་བ་ནི་དཔག་ཚད་ལྔ་བཅུ་ཐུར་དུ་ཟུག་གོ། །འཕང་དུ་ནི་དཔག་ཚད་བརྒྱ་ཡོད་དོ། །ཡལ་ག་ཕྱིར་གྱེས་པ་ནི་དཔག་ཚད་ལྔ་བཅུ་ཡོད་དོ། །ཡོངས་འདུ་ས་བརྟོལ་གྱི་ཡལ་
ག་ལྔ་ཡོད་དེ། ཡལ་ག་གཅིག་ནི་ཤར་ཕྱོགས་དཔག་ཚད་ལྔ་བཅུར་འདུད་དོ། །ཡལ་ག་གཉིས་པ་ནི་ལྷོ་ཕྱོགས་སུ་དཔག་ཚད་ལྔ་བཅུར་འདུད་དོ། །ཡལ་ག་གསུམ་པ་ནི་ནུབ་ཕྱོགས་སུ་དཔག་ཚད་ལྔ་བཅུར་འདུད་དོ། །ཡལ་ག་བཞི་པ་ནི་བྱང་ཕྱོགས་སུ་དཔག་ཚད་ལྔ་བཅུར་འདུད་དོ། །
ཡལ་ག་སྟེང་མ་ནི་དཔག་ཚད་ལྔ་བཅུར་སྟེང་གི་ནམ་མཁའ་ཁྱབ་པར་འདུག་གོ། །ཡོངས་འདུ་ས་བརྟོལ་གྱི་ཆུར་དཔག་ཚད་བརྒྱ་ལྔ་བཅུ་ཡོད་དོ། །ཞེང་དུ་ཡང་དཔག་ཚད་བརྒྱ་ལྔ་བཅུ་ཡོད་དོ། །མཐའ་སྐོར་དུ་ཡང་དཔག་ཚད་སུམ་བརྒྱ་ལྔ་བཅུ་ཡོད་དོ། །ཡོངས་འདུ་ས་བརྟོལ་གྱི་དྲི་
རྫི་ཕྱོགས་སུ་ནི་དཔག་ཚད་བརྒྱར་ངད་ལྡང་ངོ་། །རྫི་ཕྱོགས་མ་ཡིན་པར་དཔག་ཚད་ལྔ་བཅུར་ངད་ལྡང་ངོ་། །དཔག་ཚད་བརྒྱད་ཅུར་ནི་འོད་དང་ཁ་དོག་གིས་ལྷམ་མེ་ལྷན་ནེ་ལྷང་ངེར་འདུག་གོ། །སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་ཤིང་ཡོངས་འདུ་ས་བརྟོལ་གྱི་ལོ་མ་སེར་བ་ན་དེའི་ཚེ་སུམ་
ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱེ་མ། ཡོངས་འདུ་ས་བརྟོལ་འདི་ལོ་མ་སེར་བ་ལས་ན་ད་ནི་རིང་པོ་མི་ཐོགས་པར་འདབ་མ་ལྷགས་པར་འགྱུར་རོ་ཞེས་ནས་ཀུན་ཏུ་དགའ་ཞིང་རབ་ཏུ་དགའ་བས་གནས་པ་གང་ཡིན་པ་དེའི་དུས་ཀྱང་ཡོད་ལ། དེའི་སྐབས་ཀྱང་ཡོད་དོ། །སུམ་ཅུ་རྩ་གསུམ་པའི་ལྷ་
རྣམས་ཀྱི་ཤིང་ཡོངས་འདུ་ས་བརྟོལ་གྱི་འདབ་མ་ལྷགས་པ་ན་དེའི་ཚེ་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱེ་མ་ཡོངས་འདུ་ས་བརྟོལ་འདི་འདབ་མ་ལྷགས་པ་ལས་ན་རིང་པོ་མི་ཐོགས་པར་སྦལ་མིག་འཐོན་པར་འགྱུར་རོ་ཞེས་ནས་ཀུན་ཏུ་དགའ་ཞིང་རབ་ཏུ་དགའ་བས་གནས་པ་གང་ཡིན་པ་དེའི་

དུས་ཀྱང་ཡོད་ལ་དེའི་སྐབས་ཀྱང་ཡོད་དོ། །སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་ཤིང་ཡོངས་འདུ་ས་བརྟོལ་སྦལ་མིག་འཐོན་པ་ན་དེའི་ཚེ་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱེ་མ་ཡོངས་འདུ་ས་བརྟོལ་འདི་སྦལ་མིག་འཐོན་པ་ལས་ན་ད་ནི་རིང་པོར་མི་
ཐོགས་པར་སྦལ་མིག་བྱེ་བར་འགྱུར་རོ་ཞེས། ཀུན་དུ་དགའ་ཞིང་རབ་ཏུ་དགའ་བས་གནས་པ་གང་ཡིན་པ་དེའི་དུས་ཀྱང་ཡོད་ལ་དེའི་སྐབས་ཀྱང་ཡོད་དོ། །སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་ཤིང་ཡོངས་འདུ་ས་བརྟོལ་སྦལ་མིག་བྱེ་བ་ན་དེའི་ཚེ་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱེ་
མ་ཡོངས་འདུ་ས་བརྟོལ་འདི་སྦལ་མིག་བྱེ་བ་ལས་ན་ད་ནི་རིང་པོ་མི་ཐོགས་པར་མེ་ཏོག་ཁ་འབུ་བར་འགྱུར་རོ་ཞེས་ནས་ཀུན་ཏུ་དགའ་ཞིང་རབ་ཏུ་དགའ་བས་གནས་པ་གང་ཡང་ཡིན་པ་དེའི་དུས་ཀྱང་ཡོད་ལ་དེའི་སྐབས་ཀྱང་ཡོད་དོ། །སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་ཤིང་ཡོངས་
འདུ་ས་བརྟོལ་གྱི་མེ་ཏོག་ཁ་འབུས་ན་དེའི་ཚེ་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱེ་མ་ཡོངས་འདུ་ས་བརྟོལ་འདི་མེ་ཏོག་གི་ཁ་འབུས་པ་ལས་ན་ད་ནི་རིང་པོ་མི་ཐོགས་པར་མེ་ཏོག་ཁ་འབྱེ་བར་འགྱུར་རོ་ཞེས་ནས་ཀུན་དུ་དགའ་ཞིང་རབ་ཏུ་དགའ་བས་གནས་པ་གང་ཡིན་པ་དེའི་དུས་ཡང་ཡོད་ལ་
དེའི་སྐབས་ཀྱང་ཡོད་དོ། །སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་ཤིང་ཡོངས་འདུ་ས་བརྟོལ་གྱི་མེ་ཏོག་ཁ་བྱེ་བ་ན་དེའི་ཚེ་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱེ་མ་ཡོངས་འདུ་ས་བརྟོལ་འདི་ཁ་འབྱེ་བ་ལས་ན་ད་ནི་རིང་པོ་མི་ཐོགས་པར་མེ་ཏོག་གི་འདབ་མ་ཐམས་ཅད་ཡོངས་སུ་རྒྱས་པར་
འགྱུར་རོ་ཞེས་ནས་ཀུན་ཏུ་དགའ་ཞིང་རབ་ཏུ་དགའ་བས་གནས་པ་གང་ཡིན་པ་དེའི་དུས་ཀྱང་ཡོད་ལ་དེའི་སྐབས་ཀྱང་ཡོད་དོ། །སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་ཤིང་ཡོངས་འདུ་ས་བརྟོལ་གྱི་མེ་ཏོག་འདབ་མ་ཐམས་ཅད་ཡོངས་སུ་རྒྱས་པ་ན་ཡོངས་འདུ་ས་བརྟོལ་གྱི་མེ་ཏོག་འདབ་མ་
ཐམས་ཅད་ཡོངས་སུ་རྒྱས་པའི་དྲིའི་རྫི་ཕྱོགས་སུ་ནི་དཔག་ཚད་བརྒྱར་ངད་ལྡང་ངོ་། །རྫི་ཕྱོགས་མ་ཡིན་པར་ནི་དཔག་ཚད་ལྔ་བཅུར་ལྡང་ངོ་། །དཔག་ཚད་བརྒྱད་ཅུར་ནི་འོད་དང་ཁ་དོག་གིས་ལྷམ་མེ་ལྷན་ནེ་ལྷང་ངེར་འདུག་གོ། །བཅོམ་ལྡན་འདས་ཀྱིས་ཀྱང་འདི་སྐད་དུ། དགེ་སློང་དག་

སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་ཤིང་ཡོངས་འདུ་ས་བརྟོལ་གྱི་རྩ་བ་ནི་དཔག་ཚད་ལྔ་བཅུར་ཐུར་དུ་ཟུག་གོ། །འཕང་དུ་ནི་དཔག་ཚད་བརྒྱད་ཡོད་དོ། །ཡལ་ག་དང་། ལོ་མ་དང་། ཡན་ལག་རྣམས་ནི་དཔག་ཚད་ལྔ་བཅུར་གྱེས་སོ། །དགེ་སློང་དག་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་
ཤིང་ཡོངས་འདུ་ས་བརྟོལ་གྱི་ལོ་མ་སེར་བ་ན་དེའི་ཚེ་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱེ་མ་ཡོངས་འདུ་ས་བརྟོལ་འདི་ལོ་མ་སེར་བ་ལས་ན་ད་ནི་རིང་པོ་མི་ཐོགས་པར་འདབ་མ་ལྷགས་པར་འགྱུར་རོ་ཞེས་ནས་ཀུན་དུ་དགའ་ཞིང་རབ་ཏུ་དགའ་བས་གནས་པ་གང་ཡིན་པ་དེའི་དུས་ཀྱང་ཡོད་དོ། །
དགེ་སློང་དག་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་ཤིང་ཡོངས་འདུ་ས་བརྟོལ་གྱི་འདབ་མ་ལྷགས་པ་ན་དེའི་ཚེ་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱེ་མ་ཡོངས་འདུ་ས་བརྟོལ་འདི་འདབ་མ་ལྷགས་པ་ལས་ན་ད་ནི་རིང་པོ་མི་ཐོགས་པར་སྦལ་མིག་འཐོན་པར་འགྱུར་རོ་ཞེས་ནས་ཀུན་ནས་དགའ་ཞིང་རབ་ཏུ་
དགའ་བས་གནས་པ་གང་ཡིན་པས་དེའི་དུས་ཀྱང་ཡོད་དོ། །དགེ་སློང་དག་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་ཤིང་ཡོངས་འདུ་ས་བརྟོལ་སྦལ་མིག་འཐོན་པ་དེའི་ཚེ་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱེ་མ་ཡོངས་འདུ་ས་བརྟོལ་འདི་སྦལ་མིག་འཐོན་པ་ལས་ན་ད་ནི་རིང་པོ་མི་ཐོགས་པར་སྦལ་
མིག་འབྱ་བར་འགྱུར་རོ་ཞེས་ནས་ཀུན་དུ་དགའ་ཞིང་རབ་ཏུ་དགའ་བས་གནས་པ་གང་ཡིན་པ་དེའི་དུས་ཀྱང་ཡོད་དོ། །དགེ་སློང་དག་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་ཤིང་ཡོངས་འདུ་ས་བརྟོལ་སྦལ་མིག་བྱེ་བ་ན་དེའི་ཚེ་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱེ་མ་ཡོངས་འདུ་ས་བརྟོལ་འདི་
སྦལ་མིག་བྱེ་བ་ལས་ན་ད་ནི་རིང་པོ་མི་ཐོགས་པར་མེ་ཏོག་ཁ་འབུ་བར་འགྱུར་རོ་ཞེས་ནས་ཀུན་དུ་དགའ་ཞིང་རབ་ཏུ་དགའ་བས་གནས་པ་གང་ཡིན་པ་དེའི་དུས་ཀྱང་ཡོད་དོ། །དགེ་སློང་དག་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་ཤིང་ཡོངས་འདུ་ས་བརྟོལ་གྱི་མེ་ཏོག་ཁ་འབུས་པ་ནས་དེའི་ཚེ་སུམ་
ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱེ་མ་ཡོངས་འདུ་ས་བརྟོལ་འདི་མེ་ཏོག་ཁ་འབུས་པ་ལས་ན་ད་ནི་རིང་པོ་མི་ཐོགས་པར་མེ་ཏོག་ཁ་འབྱེ་བར་འགྱུར་རོ་ཞེས་ནས་ཀུན་དུ་དགའ་ཞིང་རབ་ཏུ་དགའ་བས་གནས་པ་གང་ཡིན་པ་དེའི་དུས་ཀྱང་ཡོད་དོ། །དགེ་སློང་དག་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་

ཤིང་ཡོངས་འདུ་ས་བརྟོལ་གྱི་མེ་ཏོག་ཁ་ཕྱེ་བ་ན་དེའི་ཚེ་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱེ་མ་ཡོངས་འདུ་ས་བརྟོལ་འདི་མེ་ཏོག་ཁ་བྱེ་བ་ལས་ན་ད་ནི་རིང་པོ་མི་ཐོགས་པར་མེ་ཏོག་གི་འདབ་མ་ཐམས་ཅད་ཡོངས་སུ་རྒྱས་པར་འགྱུར་རོ་ཞེས་ནས་ཀུན་དུ་དགའ་ཞིང་
རབ་ཏུ་དགའ་བས་གནས་པ་གང་ཡིན་པ་དེའི་དུས་ཀྱང་ཡོད་དོ། །དགེ་སློང་དག་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་ཤིང་ཡོངས་འདུ་ས་བརྟོལ་གྱི་མེ་ཏོག་འདབ་མ་ཐམས་ཅད་ཡོངས་སུ་རྒྱས་པ་ན་ཡོངས་འདུ་ས་བརྟོལ་གྱི་མེ་ཏོག་ཐམས་ཅད་ཡོངས་སུ་རྒྱས་པའི་དྲི་རྫི་ཕྱོགས་སུ་དཔག་
ཚད་བརྒྱར་ངད་ལྡང་ངོ་། །རྫི་ཕྱོགས་མ་ཡིན་པར་ནི་དཔག་ཚད་ལྔ་བཅུར་ངད་ལྡང་ངོ་། །དཔག་ཚད་བརྒྱད་ཅུར་ནི་འོད་དང་ཁ་དོག་གིས་ལྷམ་མེ་ལྷན་ནེ་ལྷང་ངེར་འདུག་གོ། །ཤིང་ཡོངས་འདུ་ས་བརྟོལ་ཐམས་ཅད་ཡོངས་སུ་རྒྱས་པའི་འོག་ན་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་དབྱར་ཟླ་བ་
བཞི་ལྷའི་འདོད་པའི་ཡོན་ཏན་ལྔ་ལ་འབྱོར་ཅིང་ལྡན་པར་འགྱུར་ཏེ། རྩེ་ཞིང་དགའ་ལ་དགའ་དགུར་སྤྱོད་དེ། རང་གི་ལས་ཀྱི་འབྲས་བུ་ཉམས་སུ་མྱོང་ངོ་། །དགེ་སློང་དག་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་ཤིང་ཡོངས་འདུ་ས་བརྟོལ་གྱི་མཐུ་ནི་དེ་ཙམ་མོ་ཞེས་གསུངས་སོ།། །།
བར་གྱི་མདོ་ལ། དང་པོར་ལོ་མ་སེར་བ་དང་། །དེ་ནས་འདབ་ལྷགས་སྦལ་མིག་འཐོན། །སྦལ་མིག་བྱེ་དང་མེ་ཏོག་འབུས། །མེ་ཏོག་ཁ་འབྱེ་ཐམས་ཅད་རྒྱས། །ཤིང་ཡོངས་འདུ་ས་བརྟོལ་གྱི་དྲུང་ན་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་ཨར་མོ་ནིག་ལྟ་བུའི་རྡོ་ལེབ་ཡོད་དེ། ཆུར་
དཔག་ཚད་ལྔ་བཅུ། ཞེང་དུ་དཔག་ཚད་ལྔ་བཅུ། མཐའ་སྐོར་དུ་དཔག་ཚད་ཉིས་བརྒྱ། འཕང་དུ་དཔག་ཚད་ཕྱེད་དང་དྲུག་དང་དཔག་ཚད་བཅོ་བརྒྱད་ཀྱི་ཆ་གཅིག་ཡོད་དེ། དབྱིབས་ལེགས་ཤིང་བལྟ་ན་སྡུག་ལ་མཛེས་པར་བྲིས་ཤིང་ལེགས་པར་བྲིས་པ་ཚོན་སྣ་བརྒྱ་རྩ་གཅིག་གིས་བྲིས་ཏེ།
འཇམ་ཞིང་ཤིན་ཏུ་འཇམ་པ་ནི་དཔེར་ན་ཤིང་བལ་གྱི་འདབ་མའམ། རས་བལ་གྱི་འདབ་མ་བཞིན་ཏེ། རྐང་པ་བཞག་ན་ནི་ནེམས་ཞེས་བྱེད། རྐང་པ་བཏེག་ན་ནི་པར་ཞེས་བྱེད་ལ། མེ་ཏོག་མན་ད་ར་བ་མང་པོས་པུས་མོ་ནུབ་པ་ཙམ་དུ་ཡོངས་སུ་ཁེབས་ཏེ། དེའི་དབུས་ན་ལྷའི་དབང་པོ་བརྒྱ་

བྱིན་གྱི་སེང་གེའི་ཁྲི་བཟང་པོ་དང་། སུམ་ཅུ་རྩ་གསུམ་པའི་ལྷ་ལྷག་མ་རྣམས་ཀྱི་ཁྲི་བཤམས་པ་ཡོད་དོ། །དེ་ན་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་དབྱར་ཟླ་བ་བཞིར་ལྷའི་འདོད་པའི་ཡོན་ཏན་ལྔ་དག་ལ་འབྱོར་ཅིང་ལྡན་པར་གྱུར་ཏེ། རྩེ་ཞིང་དགའ་ལ་དགའ་དགུར་སྤྱོད་དེ། རང་གི་ལས་
ཀྱི་འབྲས་བུ་ཉམས་སུ་མྱོང་ངོ་། །ཨར་མོ་ནིག་ལྟ་བུའི་རྡོ་ལེབ་ཀྱི་ཁོ་ར་ཁོར་ཡུག་ན་མེ་ཏོག་གི་ཤིང་དང་འབྲས་བུའི་ཤིང་སྣ་ཚོགས་ཡོད་པ་དག་ལེགས་པར་སྐྱེས་ཤིང་དབྱིབས་ལེགས་ལ་ཡོངས་སུ་གྲུབ་པ་སྟེ། མེ་ཏོག་ཕྲེང་བར་བཀོད་པ་བཞིན་དུ་གྱུར་པ་ནི། དཔེར་ན་མེ་ཏོག་ཕྲེང་རྒྱུད་
དམ། མེ་ཏོག་ཕྲེང་རྒྱུད་ཀྱི་སློབ་མ་མཁས་པས་མེ་ཏོག་གི་ཕྲེང་བ་ཐ་གུ་ལ་བརྒྱུས་པ་དང་། མེ་ཏོག་གི་རྣ་རྒྱན་ལེགས་པར་བྱས་པ་བཞིན་ཏེ། ཐང་ལས་སྐྱེས་པའི་བྱ་སྣ་ཚོགས་སྐད་སྙན་ཅིང་འཇེབས་པ་དང་། སྐད་ཡིད་དུ་འོང་བ་དང་། སྐད་མཉེན་པ་དང་། འདོད་དགུར་སྒྱུར་བའི་
གཟུགས་ཅན་རྣམས་སྐད་སྙན་པ་འབྱིན་ཏོ། །དེའི་ཉེ་འཁོར་ན་དཔག་བསམ་གྱི་ཤིང་སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་རྣམ་པ་བཞི་ཡོད་དེ། གཞག་གོས་སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་རྣམ་པ་བཞི་ཡོད་དོ། །དཔག་བསམ་གྱི་ཤིང་ལས་
བྱུང་བའི་གོས་སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་རྣམ་པ་བཞི་ཡོད་དོ། །རོལ་མོའི་ཆ་བྱད་སྣ་ཚོགས་འདི་ལྟ་སྟེ། པི་ཝང་དང་། གླིང་བུ་དང་། པི་ཝང་རྒྱུད་གསུམ་པ་དང་། འཁར་རྔ་དང་། ཧམ་ཤང་རྣམས་འབྱུང་བའི་ཤིང་དག་ཡོད་དོ། །རྒྱན་སྣ་ཚོགས་
ལག་རྒྱན་དང་། རྐང་རྒྱན་དང་། རྒྱན་སྣང་བ་དང་། མི་སྣང་བ་རྣམས་འབྱུང་བའི་ཤིང་དག་ཡོད་དོ། །ལྷ་འམ་ལྷའི་བུ་མོ་རྣམས་ཀྱིས་ཇི་ལྟ་བུར་འདོད་པ་སེམས་བསྐྱེད་མ་ཐག་ཏུ་དེ་ལྟ་བུར་དེ་དག་གི་ལག་ཏུ་འོང་བར་འགྱུར་རོ། །བདུད་རྩི་རྣམ་པ་བཞི་དང་། སྦྲང་རྩི་དང་སྦྲང་ཆང་གི་
བཏུང་བ་དག་ཀྱང་ཡོད་དོ། །ཡང་ཐོག་རྣམས་དང་། ཁང་པ་བརྩེགས་པ་རྣམས་དང་། ཁྱིམ་རྣམས་དང་། ཁང་བཟངས་རྣམས་དང་། བསིལ་ཁང་རྣམས་དང་། ལྟད་མོ་ལྟ་བའི་ས་རྣམས་དང་། ཟམ་པ་རྣམས་དང་། པྲ་སྐནྡ་ན་ཀ་རྣམས་དང་། པྲ་ཙ་ར་ཀ་རྣམས་དང་། གྷརྒ་ར་ཀ་

རྣམས་དང་། བུད་མེད་ཀྱི་ཚོགས་ཀྱིས་མཛེས་པར་བྱས་ཤིང་ལྷའི་བུ་མོ་མང་པོས་བརྟེན་པ་དང་། སིལ་སྙན་དང་། ཕེག་རྡོབ་པ་དག་གི་སྒྲ་སྙན་པ་སྒྲོགས་པ་དང་། དྲི་སྣ་ཚོགས་ཀྱིས་ལེགས་པར་བསྒོས་པ་དང་། ཁ་ཟས་དང་། བཏུང་བ་དང་ལྡན་ཏེ། དེ་
ན་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་འཁོར་དང་བཅས་པ་རྩེ་ཞིང་དགའ་ལ་དགའ་དགུར་སྤྱོད་དེ། རང་གི་ལས་ཀྱི་འབྲས་བུ་ཉམས་སུ་མྱོང་ངོ་། །སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་གླང་པོ་ཆེའི་རྒྱལ་པོ་སྐྱེད་མོས་ཚལ་དུ་སྤྱད་པ་ས་སྲུང་གི་བུ་ཞེས་བྱ་བ་གཟུགས་བཟང་ཞིང་བལྟ་
ན་སྡུག་ལ་མཛེས་པ་ཞིག་ཡོད་དོ། མེ་ཏོག་ཀུ་མུ་ཏའི་མདོག་ལྟ་བུར་ཐལ་ཀར་དུ་འདུག་ལ། ཡན་ལག་བདུན་ལེགས་པར་གནས་པ་སྟེ། དེའི་མགོ་བོ་དབྱིབས་ལེགས་ཤིང་བལྟ་ན་སྡུག་ལ་མཛེས་པ་སྟེ། སྔོ་ཞིང་སྲོག་ཆགས་ལྷམ་བུ་ཆུ་གཤེར་གྱི་མདོག་ལྟར་དབུས་དམར་
ལ་མཆེ་བ་དྲུག་ཡོད་དེ། གླང་པོ་ཆེའི་རྒྱལ་པོ་ས་སྲུང་གི་བུའི་སྲིད་དུ་དཔག་ཚད་ཕྱེད་དང་གསུམ། ཞེང་དུ་དཔག་ཚད་གཅིག །འཕང་དུ་དཔག་ཚད་ཕྱེད་དང་གཉིས། མཐའ་སྐོར་དུ་དཔག་ཚད་བདུན་ཡོད་དོ། །གླང་པོ་ཆེའི་རྒྱལ་པོ་ས་སྲུང་གི་བུའི་འཁོར་གླང་པོ་ཆེ་བརྒྱད་སྟོང་ཡོད་
དོ། །དེ་དག་ཐམས་ཅད་ཀྱང་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་མེ་ཏོག་ཀུ་མུ་ཏའི་མདོག་ལྟར་ཐལ་ཀར་དུ་འདུག་ཅིང་ཡན་ལག་བདུན་ཤིན་ཏུ་ལེགས་པར་གནས་ཏེ། དེ་དག་གི་མགོ་བོ་ཡང་དབྱིབས་ལེགས་ཤིང་བལྟ་ན་སྡུག་ལ་མཛེས་ཏེ། སྔོ་ཞིང་སྲོག་ཆགས་ལྷམ་
བུ་ཆུ་གཤེར་གྱི་མདོག་ལྟར་དབུས་དམར་ལ་མཆེ་བ་དྲུག་ཡོད་པ་ཤ་སྟག་སྟེ། གང་གི་ཚེ་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་སྐྱེད་མོས་ཚལ་གྱི་སར་འགྲོ་བར་འདོད་པ་དེའི་ཚེ་གླང་པོ་ཆེའི་རྒྱལ་པོ་ས་སྲུང་གི་བུས་མགོ་སུམ་ཅུ་རྩ་གཉིས་མངོན་པར་སྤྲུལ་ཏེ། མགོ་རེ་རེ་ལ་མཆེ་བ་དྲུག་དྲུག །མཆེ་
བ་རེ་རེ་ལ་རྫིང་བུ་བདུན་བདུན། རྫིང་བུ་རེ་རེ་ལ་པདྨ་བདུན་བདུན། པདྨ་རེ་རེ་ལ་སྡོང་བུ་བདུན་བདུན། སྡོང་བུ་རེ་རེ་ལ་ལྷའི་བུ་མོ་བདུན་བདུན། ལྷའི་བུ་མོ་རེ་རེ་ལ་གཡོག་མོ་བདུན་བདུན། གཡོག་མོ་རེ་རེ་ལ་སིལ་སྙན་བདུན་བདུན་མངོན་པར་སྤྲུལ་ཏེ། མགོ་བོ་དེ་དག་ཐམས་ཅད་ཀྱི་ནང་ན་ཁྱད་

པར་དུ་འཕགས་པ་གང་ཡིན་པ་དེ་ལ་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་ཞོན་ནོ། །མགོ་བོ་ལྷག་མ་རྣམས་ལ་ནི་ཉེ་བའི་དབང་པོ་སུམ་ཅུ་རྩ་གཉིས་པོ་རྣམས་ཞོན་ནོ། །གླང་པོ་ཆེ་ལྷག་མ་རྣམས་ལ་ནི་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཞོན་ནོ། །དེ་ཤིན་ཏུ་མགྱོགས་ཏེ་དཔེར་ན་འཇིག་པའི་རླུང་
ངམ་འཆགས་པའི་རླུང་བཞིན་ཏེ། དེ་ན་ལྷའམ་ལྷའི་བུ་མོ་སུ་ཡང་འདི་ནི་བདག་གི་མདུན་དུ་འགྲོའོ་ཞེ་འམ། ཕྱི་ནས་འོང་ངོ་སྙམ་དུ་སེམས་པ་མེད་དོ། །དེ་ནས་གླང་པོ་ཆེའི་རྒྱལ་པོ་ས་སྲུང་གི་བུས་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་སོ་སོར་གྲོང་ཁྱེར་གྱི་སྒོ་ནས་བཏོན་ཏོ། །བཏོན་ནས་སོ་སོར་
སྐྱེད་མོས་ཚལ་དུ་ཕྱིན་པར་བྱས་ཏེ། རྫུ་འཕྲུལ་མངོན་པར་འདུ་བྱེད་པ་དེ་བཏང་ནས་འདི་ལྟ་སྟེ། ལྷ་འམ་ལྷའི་བུ་མོ་རྫུ་འཕྲུལ་ཆེ་ཞིང་མཐུ་ཆེ་བ་གང་ཡང་རུང་བ་དང་འདྲ་བར་བདག་ཉིད་མངོན་པར་སྤྲུལ་ནས། ལྷའི་འདོད་པ་ལྔ་དག་ལ་འབྱོར་ཅིང་ལྡན་པར་གྱུར་ཏེ། རྩེ་ཞིང་དགའ་ལ་དགའ་དགུར་
སྤྱོད་དོ། །ཇི་ལྟར་བརྒྱ་བྱིན་ལྷའི་དབང་པོ་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་དབང་བྱེད་པ་དེ་བཞིན་དུ། ལྷ་མ་ཡིན་གྱི་དབང་པོ་ཐགས་ཟངས་རིས་ལྷ་མ་ཡིན་རྣམས་ཀྱི་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་དབང་བྱེད་དོ། །སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་རྒྱལ་པོའི་ཕོ་བྲང་
འཁོར་གྲོང་ཁྱེར་བལྟ་ན་སྡུག་ཇི་ལྟ་བ་བཞིན་དུ། ལྷ་མ་ཡིན་རྣམས་ཀྱི་རྒྱལ་པོའི་ཕོ་བྲང་འཁོར་ཡང་གྲོང་ཁྱེར་གསེར་ལྡན་ཞེས་བྱའོ། །ལྷའི་དབང་པོ་བརྒྱ་བྱིན་གྱི་ཁང་བཟངས་རྣམ་པར་རྒྱལ་བ་ཇི་ལྟ་བ་དེ་བཞིན་དུ། ལྷ་མ་ཡིན་གྱི་དབང་པོ་ཐགས་ཟངས་རིས་ཀྱི་ཁང་བཟངས་ཀྱང་གཏམས་
པ་ཅན་ཞེས་བྱའོ། །སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་ལྷའི་འདུན་ས་ཆོས་བཟངས་ཞེས་བྱ་བ་ཇི་ལྟ་བ་དེ་བཞིན་དུ། ལྷ་མ་ཡིན་རྣམས་ཀྱི་ལྷ་མ་ཡིན་གྱི་འདུན་ས་ཡང་ནོར་བཟངས་ཞེས་བྱའོ། །སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་སྐྱེད་མོས་ཚལ་བཞི་འདི་ལྟ་སྟེ། ཤིང་རྟ་སྣ་
ཚོགས་ཚལ་དང་། རྩུབ་འགྱུར་ཚལ་དང་། འདྲེས་པའི་ཚལ་དང་། དགའ་བའི་ཚལ་ཇི་ལྟ་བ་དེ་བཞིན་དུ་ལྷ་མ་ཡིན་རྣམས་ཀྱི་སྐྱེད་མོས་ཚལ་བཞི་ཡང་འདི་ལྟ་སྟེ། ཀུན་དགའ་བ་དང་། རབ་ཏུ་དགའ་བ་དང་། དགའ་བ་དང་། དགའ་བའི་ཀུན་དགའ་ར་བ་རྣམས་ཡིན་ནོ། །སུམ་ཅུ་

རྩ་གསུམ་པའི་ལྷ་རྣམས་ཀྱི་ས་གཞི་བཟང་པོ་བཞི་འདི་ལྟ་སྟེ། སྣ་ཚོགས་དང་། རྩུབ་འགྱུར་དང་། འདྲེས་པ་དང་། དགའ་བ་ཇི་ལྟ་བ་དེ་བཞིན་དུ་ལྷ་མ་ཡིན་རྣམས་ཀྱི་ས་གཞི་བཟང་པོ་བཞི་ཡང་ཀུན་ཏུ་དགའ་བ་མ་དང་། རབ་ཏུ་དགའ་བ་
མ་དང་། དགའ་བ་མ་དང་། དགའ་བའི་ཀུན་དགའ་ར་བ་མ་རྣམས་སོ། །སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་ཤིང་ཡོངས་འདུ་ས་བརྟོལ་ཇི་ལྟ་བ་དེ་བཞིན་དུ་ལྷ་མ་ཡིན་རྣམས་ཀྱི་ཤིང་ཡང་ཙི་ཏྲ་པ་ཏ་ལ་ཞེས་བྱའོ། །སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་ཨར་མོ་ནིག་ལྟ་
བུའི་རྡོ་ལེབ་ཇི་ལྟ་བ་དེ་བཞིན་དུ་ལྷ་མ་ཡིན་རྣམས་ཀྱི་ཡང་ལྷ་མ་ཡིན་གྱི་རྡོ་ལེབ་ཅེས་བྱའོ། །སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་གླང་པོ་ཆེའི་རྒྱལ་པོ་སྐྱེད་མོས་ཚལ་དུ་སྤྱད་པ་ས་སྲུང་གི་བུ་ཇི་ལྟ་བ་དེ་བཞིན་དུ་ལྷ་མ་ཡིན་རྣམས་ཀྱི་གླང་པོ་ཆེའི་རྒྱལ་པོ་སྐྱེད་མོས་ཚལ་དུ་
སྤྱད་པ་ཡང་ཏི་སེའི་གངས་བརྩེགས་ཞེས་བྱའོ། །སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་གླང་པོ་ཆེའི་རྒྱལ་པོ་གཡུལ་ངོར་སྤྱད་པ་རབ་ཏུ་བརྟན་པ་ཇི་ལྟ་བ་དེ་བཞིན་དུ་ལྷ་མ་ཡིན་རྣམས་ཀྱི་གླང་པོ་ཆེའི་རྒྱལ་པོ་གཡུལ་ངོར་སྤྱད་པ་ཡང་བཟོད་པར་དཀའ་བ་ཞེས་བྱའོ། །སུམ་ཅུ་
རྩ་གསུམ་པའི་ལྷ་རྣམས་ཀྱི་རྟའི་རྒྱལ་པོ་སྤྲིན་གྱི་ཤུགས་ཅན་ཞེས་བྱ་བ་ཇི་ལྟ་བ་དེ་བཞིན་དུ། ལྷ་མ་ཡིན་རྣམས་ཀྱི་རྟའི་རྒྱལ་པོ་ཡང་བྲག་འཛིན་ཞེས་བྱའོ། །སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་ལྷའི་གྲོང་ཁྱེར་ཇི་ལྟར་འཁོར་དང་ལྡན་པ་དེ་བཞིན་དུ་ལྷ་མ་ཡིན་རྣམས་ཀྱི་གྲོང་ཁྱེར་
ཡང་འཁོར་དང་ལྡན་པ་ཡིན་ནོ། །ལྷ་མ་ཡིན་རྣམས་ཀྱི་ལྷ་མ་ཡིན་གྱི་རྒྱལ་སྲིད་ཀྱང་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་ཇི་ལྟ་བ་བཞིན་དུ་རྒྱས་པར་བརྗོད་པར་བྱའོ། །འཇིག་རྟེན་གཞག་པ་ལས་ཚིགས་བདུན་པའོ།། །།འཇིག་རྟེན་གཞག་པ། བམ་པོ་ལྔ་པ།
མདོ་ལ། ཕྱེད་དང་དྲུག་དང་ཐང་ཅིག་མཐའ། །ཐུང་དང་གྲང་དང་འགྲིབ་པ་དང་། །རློག་པ་དང་ནི་བསྡུ་བ་དང་། །ཕྱོགས་དང་ཤར་ཕྱོགས་འདུ་ཤེས་པ། །ཟླ་བ་དྲུག་ཏུ་ཉི་མ་ལྷོ་ཕྱོགས་སུ་འགྲོ་སྟེ། ལྷོ་ཕྱོགས་སུ་འགྲོ་བ་ན་དཔག་ཚད་ཕྱེད་དང་དྲུག་དང་དཔག་ཚད་ཀྱི་བཅོ་བརྒྱད་ཆ་

གཅིག་ཏུ་འཛམ་བུའི་གླིང་ལས་ཡོལ་ཏེ། རྒྱ་མཚོ་ཆེན་པོ་དཔག་ཚད་ཕྱེད་དང་དྲུག་དང་དཔག་ཚད་ཀྱི་བཅོ་བརྒྱད་ཆ་གཅིག་ཁྱབ་པར་བྱེད་དོ། །ཟླ་བ་དྲུག་ཏུ་ཉི་མ་བྱང་ཕྱོགས་སུ་འགྲོ་སྟེ། བྱང་ཕྱོགས་སུ་འགྲོ་བ་ན་དཔག་ཚད་ཕྱེད་དང་དྲུག་དང་དཔག་ཚད་ཀྱི་བཅོ་བརྒྱད་ཆ་གཅིག་ཏུ་རྒྱ་མཚོ་
ཆེན་པོ་ལས་ཡོལ་ཏེ། འཛམ་བུའི་གླིང་དུ་དཔག་ཚད་ཕྱེད་དང་དྲུག་དང་དཔག་ཚད་ཀྱི་བཅོ་བརྒྱད་ཆ་གཅིག་ཁྱབ་པར་བྱེད་དོ། །ཟླ་བ་དྲུག་ཏུ་ཉི་མ་ལྷོ་ཕྱོགས་སུ་འགྲོ་སྟེ། ལྷོ་ཕྱོགས་སུ་འགྲོ་བ་ན་ཉིན་མོ་ལས་ཐང་ཅིག་རེ་རེ་འགྲིབ་ཅིང་། མཚན་མོ་ལས་ཐང་ཅིག་རེ་རེ་སྐྱེའོ། །ཟླ་བ་དྲུག་
ཏུ་ཉི་མ་བྱང་ཕྱོགས་སུ་འགྲོ་སྟེ། བྱང་ཕྱོགས་སུ་འགྲོ་བ་ན་མཚན་མོ་ལས་ཐང་ཅིག་རེ་རེ་འགྲིབ་ཅིང་ཉིན་མོ་ལས་ཐང་ཅིག་རེ་རེ་སྐྱེའོ། །ཟླ་བ་དྲུག་ཏུ་ཉི་མ་ལྷོ་ཕྱོགས་སུ་འགྲོ་སྟེ། ལྷོ་ཕྱོགས་སུ་འགྲོ་བ་ན་འཛམ་བུའི་གླིང་གི་མཐའ་མྱུར་དུ་སྤོང་ངོ་། །ཟླ་བ་དྲུག་ཏུ་ཉི་མ་བྱང་ཕྱོགས་སུ་འགྲོ་སྟེ།
བྱང་ཕྱོགས་སུ་འགྲོ་བ་ན་འཛམ་བུའི་གླིང་གི་དབུས་ཡུན་རིང་མོ་ཞིག་གིས་སྤོང་ངོ་། །ཅིའི་ཕྱིར་དགུན་མཚན་མོ་རིང་ལ་ཉིན་མོ་ཐུང་ཞེ་ན། སྨྲས་པ། ཟླ་བ་དྲུག་ཏུ་ཉི་མ་ལྷོ་ཕྱོགས་སུ་འགྲོ་སྟེ། ལྷོ་ཕྱོགས་སུ་འགྲོ་བ་ན་འཛམ་བུའི་གླིང་གི་མཐའ་མྱུར་དུ་སྤོང་བ་དེའི་ཕྱིར་ན་དགུན་མཚན་མོ་རིང་ལ་
ཉིན་མོ་ཐུང་ངོ་། །ཅིའི་ཕྱིར་ན་དཔྱིད་དང་དབྱར་ཉིན་མོ་རིང་ལ་མཚན་མོ་ཐུང་ཞེ་ན། སྨྲས་པ། ཟླ་བ་དྲུག་ཏུ་ཉི་མ་བྱང་ཕྱོགས་སུ་འགྲོ་སྟེ། བྱང་ཕྱོགས་སུ་འགྲོ་བ་ན་འཛམ་བུའི་གླིང་གི་དབུས་ཡུན་རིང་དུ་སྤོང་བས་དེའི་ཕྱིར་ན་དཔྱིད་དང་དབྱར་ཉིན་མོ་རིང་ལ་མཚན་མོ་ཐུང་ངོ་། །ཅིའི་ཕྱིར་དགུན་
གྲང་བར་འགྱུར་ཞེ་ན། སྨྲས་པ། ཟླ་བ་དྲུག་ཏུ་ཉི་མ་ལྷོ་ཕྱོགས་སུ་འགྲོ་སྟེ། ལྷོ་ཕྱོགས་སུ་འགྲོ་བ་ན་དཔག་ཚད་བཞི་ཁྲི་ནས་ཉི་མའི་འོད་ཟེར་འབྱུང་བ་རྣམས་རྒྱ་མཚོ་ཆེན་པོར་འབབ་པས་གླིང་རྣམས་གྲང་བར་འགྱུར་ཏེ། དེའི་ཕྱིར་ན་དགུན་གྲང་ངོ་། །ཅིའི་ཕྱིར་ན་དཔྱིད་དང་དབྱར་
དྲོ་བར་འགྱུར་ཞེ་ན། སྨྲས་པ། ཟླ་བ་དྲུག་ཏུ་ཉི་མ་བྱང་ཕྱོགས་སུ་འགྲོ་སྟེ། བྱང་ཕྱོགས་སུ་འགྲོ་བ་ན་དཔག་ཚད་བཞི་ཁྲི་ནས་ཉི་མའི་འོད་ཟེར་བྱུང་བ་རྣམས་གླིང་རྣམས་སུ་འབབ་པས་གླིང་རྣམས་དྲོ་བར་འགྱུར་ཏེ། དེའི་ཕྱིར་ན་དཔྱིད་དང་དབྱར་དྲོ་བར་འགྱུར་རོ། །ཅིའི་ཕྱིར་ཟླ་

བའི་དཀྱིལ་འཁོར་མར་གྱི་ངོ་ཚེས་བརྒྱད་དག་ཕན་ཆད་འོད་འགྲིབ་ཅིང་ཁ་དོག་དང་དཀྱིལ་འཁོར་ཆུ་ཞིང་དུ་འགྲིབ་ཅེ་ན། སྨྲས་པ། ཉི་མ་དང་ཉེ་བར་འགྲོ་ཞིང་འཕྲད་པར་གྱུར་ཏོ། །འགྲོ་བ་དེ་རང་གི་དཀྱིལ་འཁོར་ལས་དེའི་གྲིབ་མ་བྱུང་སྟེ། དེས་དེའི་དཀྱིལ་འཁོར་
ཁེབས་ཤིང་དེའི་དཀྱིལ་འཁོར་གཡོགས་པར་གྱུར་ཏེ། མི་སྣང་བས་དེའི་ཕྱིར་ན། ཟླ་བའི་དཀྱིལ་འཁོར་མར་གྱི་ངོ་ཚེས་བཅུ་དྲུག་ཕན་ཆད་འོད་འགྲིབ་ཅིང་མདོག་དང་དཀྱིལ་འཁོར་དང་ཆུ་ཞིང་དུ་འགྲིབ་པོ། །ཅིའི་ཕྱིར་ཟླ་བའི་དཀྱིལ་འཁོར་མར་གྱི་ངོ་གནམ་སྟོང་ལ་རྣམ་པ་ཐམས་
ཅད་དུ་མི་སྣང་ཞེ་ན། སྨྲས་པ། ཉི་མ་དང་རྣམ་པ་ཐམས་ཅད་དུ་འཕྲད་ཅིང་འགྲོགས་ཏེ། དེའི་རང་གི་དཀྱིལ་འཁོར་ལས་གྲིབ་མ་འབྱུང་བ་དེའི་དཀྱིལ་འཁོར་ཁེབས་ཤིང་དེས་དེའི་དཀྱིལ་འཁོར་གཡོགས་པར་མི་འགྱུར་ཏེ་མི་སྣང་བས་དེའི་ཕྱིར་ན་ཟླ་བའི་དཀྱིལ་འཁོར་མར་གྱི་ངོ་
གནམ་སྟོང་ལ་རྣམ་པ་ཐམས་ཅད་དུ་མི་སྣང་ངོ་། །ཅིའི་ཕྱིར་ཟླ་བའི་དཀྱིལ་འཁོར་ཡར་གྱི་ངོ་ཚེས་གཅིག་ཕན་ཆད་འོད་སྐྱེ་ཞིང་ཁ་དོག་དང་དཀྱིལ་འཁོར་དང་ཆུ་ཞིང་དུ་སྐྱེ་ཞེ་ན། སྨྲས་པ། ཉི་མ་དང་འབྲལ་ཞིང་འགྲོ་སྟེ། ཉི་མ་དང་འབྲལ་ཞིང་འགྲོ་བ་དེ་རང་གི་དཀྱིལ་འཁོར་ལས་གྲིབ་
མ་ཆུང་ངུར་འགྱུར་ཏེ་གྲིབ་མ་ཆུང་ངུར་གྱུར་པས་དེའི་དཀྱིལ་འཁོར་གྱི་ཕྱོགས་སྣང་བར་གྱུར་ཏེ། དེའི་ཕྱིར་ན་ཟླ་བའི་དཀྱིལ་འཁོར་ཡར་གྱི་ཚེས་གཅིག་ཕན་ཆད་འོད་སྐྱེ་ཞིང་ཁ་དོག་དང་དཀྱིལ་འཁོར་དང་ཆུ་ཞིང་དུ་སྐྱེའོ། །ཅིའི་ཕྱིར་ཟླ་བའི་དཀྱིལ་འཁོར་ཡར་གྱི་ངོ་ཚེས་བཅོ་ལྔ་ལ་རྣམ་
པ་ཐམས་ཅད་དུ་ཡོངས་སུ་རྫོགས་པར་འགྱུར་ཞེ་ན། སྨྲས་པ། ཉི་མ་དང་རྣམ་པ་ཐམས་ཅད་དུ་བྲལ་ཏེ་འགྲོ་བས་བྲལ་བའི་དཀྱིལ་འཁོར་དེ་ལས་ཉི་མའི་འོད་ཟེར་ལས་གྱུར་པའི་གྲིབ་མ་གང་དེའི་དཀྱིལ་འཁོར་ལ་བསྒྲིབས་པ་དེ་མེད་པར་འགྱུར་ཏེ། དེས་དེའི་
དཀྱིལ་འཁོར་སྣང་བར་འགྱུར་བས་དེའི་ཕྱིར་ན་ཟླ་བའི་དཀྱིལ་འཁོར་ཡར་གྱི་ངོ་ཚེས་བཅོ་ལྔ་ལ་རྣམ་པ་ཐམས་ཅད་དུ་ཡོངས་སུ་རྫོགས་པར་འགྱུར་རོ། །ཅིའི་ཕྱིར་ཟླ་བའི་དཀྱིལ་འཁོར་གྱི་དབུས་རྙོག་ལ་མཐའ་རྣམ་པར་དང་ཞིང་རྙོག་པ་མེད་ཅེ་ན། སྨྲས་པ། གླིང་གི་རྟེན་གྱིས་དེའི་དབུས་

རྙོག་ལ། ཆུའི་རྟེན་གྱིས་དེའི་མཐའ་རྣམ་པར་དང་ཞིང་རྙོག་པ་མེད་དོ། །གླིང་རྣམས་ཀྱི་གཟུགས་བརྙན་གང་ཡིན་པ་དེས་ནི་དབུས་རྙོག་ལ། ཆུའི་གཟུགས་བརྙན་གང་ཡིན་པ་དེས་ནི་མཐའ་རྣམ་པར་དང་ཞིང་རྙོག་པ་མེད་དོ། །གཞན་ཡང་ཟླ་བའི་དཀྱིལ་འཁོར་གྱི་སྟེང་ན་ཀུན་དགའ་ར་བ་དང་།
སྐྱེད་མོས་ཚལ་དང་། ཁྱིམ་རྣམས་དང་། ཁང་པ་བརྩེགས་པ་རྣམས་ཡོད་པས་དེའི་ཕྱིར་ཡང་ཟླ་བའི་དཀྱིལ་འཁོར་གྱི་དབུས་རྙོག་ལ་མཐའ་རྣམ་པར་དང་ཞིང་རྙོག་པ་མེད་དོ། །གང་གི་ཚེ་འཛམ་བུའི་གླིང་དུ་ཉི་མ་ཤར་བ་དེའི་ཚེ་ཤར་གྱི་ལུས་འཕགས་སུ་ནི་ཉི་མ་ཕྱེད་དོ། །བྱང་གི་སྒྲ་མི་
སྙན་ན་ནི་ཉི་མ་ནུབ་པོ། །ནུབ་ཀྱི་བ་ལང་སྤྱོད་ན་ནི་ནམ་ཕྱེད་དོ། །གང་གི་ཚེ་འཛམ་བུའི་གླིང་དུ་ཉི་མ་ཕྱེད་དུ་གྱུར་པ་དེའི་ཚེ་ཤར་གྱི་ལུས་འཕགས་སུ་ནི་ཉི་མ་ནུབ་པོ། །བྱང་གི་སྒྲ་མི་སྙན་ན་ནི་ནམ་ཕྱེད་དོ། །ནུབ་ཀྱི་བ་ལང་སྤྱོད་ཀྱི་གླིང་ན་ནི་ཉི་མ་འཆར་རོ། །གང་གི་ཚེ་འཛམ་བུའི་གླིང་ན་ཉི་མ་
ནུབ་པ་དེའི་ཚེ། ཤར་གྱི་ལུས་འཕགས་གླིང་ན་ནི་ནམ་ཕྱེད་དོ། །བྱང་གི་སྒྲ་མི་སྙན་ན་ནི་ཉི་མ་འཆར་རོ། །ནུབ་ཀྱི་བ་ལང་སྤྱོད་ཀྱི་གླིང་ན་ནི་ཉི་མ་ཕྱེད་དོ། །གང་གི་ཚེ་འཛམ་བུའི་གླིང་ན་ནམ་ཕྱེད་དུ་གྱུར་པ་དེའི་ཚེ་ཤར་གྱི་ལུས་འཕགས་ཀྱི་གླིང་ན་ནི་ཉི་མ་འཆར་རོ། །བྱང་གི་སྒྲ་མི་སྙན་ན་ནི་ཉི་མ་
ཕྱེད་དོ། །ནུབ་ཀྱི་བ་ལང་སྤྱོད་ཀྱི་གླིང་ན་ནི་ཉི་མ་ནུབ་པོ། །ཇི་ལྟར་འཛམ་བུའི་གླིང་ཐོག་མར་བྱས་ཏེ་བཤད་པ་དེ་བཞིན་དུ་ཤར་གྱི་ལུས་འཕགས་དང་། བྱང་གི་སྒྲ་མི་སྙན་དང་། ནུབ་ཀྱི་བ་ལང་སྤྱོད་ཀྱང་ཐོག་མར་བྱས་ཏེ་ཐམས་ཅད་བརྗོད་པར་བྱའོ། །འཛམ་བུའི་གླིང་གི་ཤར་ཕྱོགས་གང་ཡིན་
པ་དེ་ཤར་གྱི་ལུས་འཕགས་ཀྱི་ནི་ལྷོ་ཕྱོགས་སོ། །བྱང་གི་སྒྲ་མི་སྙན་གྱི་ནི་ནུབ་ཕྱོགས་སོ། །ནུབ་ཀྱི་བ་ལང་སྤྱོད་ཀྱི་ནི་བྱང་ཕྱོགས་སོ། །འཛམ་བུའི་གླིང་གི་ལྷོ་ཕྱོགས་གང་ཡིན་པ་དེ་ཤར་གྱི་ལུས་འཕགས་ཀྱི་ནི་ནུབ་ཕྱོགས་སོ། །བྱང་གི་སྒྲ་མི་སྙན་གྱི་ནི་བྱང་ཕྱོགས་སོ། །ནུབ་ཀྱི་བ་ལང་
སྤྱོད་ཀྱི་ནི་ཤར་ཕྱོགས་སོ། །འཛམ་བུའི་གླིང་གི་ནུབ་ཕྱོགས་གང་ཡིན་པ་དེ་ཤར་གྱི་ལུས་འཕགས་ཀྱི་ནི་བྱང་ཕྱོགས་སོ། །བྱང་གི་སྒྲ་མི་སྙན་གྱི་ནི་ཤར་ཕྱོགས་སོ། །ནུབ་ཀྱི་བ་ལང་སྤྱོད་ཀྱི་ནི་ལྷོ་ཕྱོགས་སོ། །འཛམ་བུའི་གླིང་གི་བྱང་ཕྱོགས་གང་ཡིན་པ་དེ་ཤར་གྱི་ལུས་འཕགས་ཀྱི་ནི་

ཤར་ཕྱོགས་སོ། །བྱང་གི་སྒྲ་མི་སྙན་གྱི་ནི་ལྷོ་ཕྱོགས་སོ། །ནུབ་ཀྱི་བ་ལང་སྤྱོད་ཀྱི་ནི་ནུབ་ཕྱོགས་སོ། །ཇི་ལྟར་འཛམ་བུའི་གླིང་ཐོག་མར་བྱས་ཏེ་བཤད་པ་དེ་བཞིན་དུ་བྱང་གི་སྒྲ་མི་སྙན་དང་། ནུབ་ཀྱི་བ་ལང་སྤྱོད་དང་། ཤར་གྱི་ལུས་འཕགས་ཀྱང་ཐོག་མར་
བྱས་ཏེ་ཐམས་ཅད་བརྗོད་པར་བྱའོ། །ཕྱོགས་ནི་བཞི་ཡོད་དེ། ཤར་ཕྱོགས་དང་། ལྷོ་ཕྱོགས་དང་། ནུབ་ཕྱོགས་དང་། བྱང་ཕྱོགས་སོ། །ཤར་ཕྱོགས་ལ་སེམས་ཅན་ཤར་ཕྱོགས་སུ་འདུ་ཤེས་པ་དག་ཀྱང་ཡོད། སེམས་ཅན་ལྷོ་ཕྱོགས་སུ་འདུ་ཤེས་པ་དག་ཀྱང་ཡོད། སེམས་
ཅན་ནུབ་ཕྱོགས་སུ་འདུ་ཤེས་པ་དག་ཀྱང་ཡོད། སེམས་ཅན་བྱང་ཕྱོགས་སུ་འདུ་ཤེས་པ་དག་ཀྱང་ཡོད་དོ། །ལྷོ་ཕྱོགས་ལ་སེམས་ཅན་ལྷོ་ཕྱོགས་སུ་འདུ་ཤེས་པ་དག་ཀྱང་ཡོད། སེམས་ཅན་ཤར་ཕྱོགས་སུ་འདུ་ཤེས་པ་དག་ཀྱང་ཡོད། སེམས་ཅན་ནུབ་ཕྱོགས་སུ་འདུ་ཤེས་པ་དག་ཀྱང་ཡོད།
སེམས་ཅན་བྱང་ཕྱོགས་སུ་འདུ་ཤེས་པ་དག་ཀྱང་ཡོད་དོ། །ནུབ་ཕྱོགས་ལ་སེམས་ཅན་ཤར་ཕྱོགས་སུ་འདུ་ཤེས་པ་དག་ཀྱང་ཡོད། སེམས་ཅན་ལྷོ་ཕྱོགས་སུ་འདུ་ཤེས་པ་དག་ཀྱང་ཡོད། སེམས་ཅན་ནུབ་ཕྱོགས་སུ་འདུ་ཤེས་པ་དག་ཀྱང་ཡོད། སེམས་ཅན་བྱང་ཕྱོགས་སུ་
འདུ་ཤེས་པ་དག་ཀྱང་ཡོད་དོ། །བྱང་ཕྱོགས་ལ་སེམས་ཅན་ཤར་ཕྱོགས་སུ་འདུ་ཤེས་པ་དག་ཀྱང་ཡོད། སེམས་ཅན་ལྷོ་ཕྱོགས་སུ་འདུ་ཤེས་པ་དག་ཀྱང་ཡོད། །སེམས་ཅན་ནུབ་ཕྱོགས་སུ་འདུ་ཤེས་པ་དག་ཀྱང་ཡོད། སེམས་ཅན་བྱང་ཕྱོགས་སུ་འདུ་ཤེས་པ་དག་ཀྱང་ཡོད་དེ།
ཕྱོགས་དེ་དང་དེ་དག་ལ་དེ་ལྟར་ཐ་སྙད་འདོགས་སོ། །འཇིག་རྟེན་གཞག་པ་ལས་ཚིགས་བརྒྱད་པའོ།། །།མདོ་ལ། ཟླ་བ་ཉི་མ་གཉིས་ཀྱི་ཚད། །སྐར་མ་རྣམས་ཀྱང་དེ་བཞིན་ཏེ། །ཟླ་དྲུག་ཉི་མ་འགྲོ་བ་དང་། །གནོད་པར་བྱེད་པ་ཐ་མ་ཡིན། །ཟླ་བའི་དཀྱིལ་འཁོར་གྱི་ཚད་ཇི་ཙམ་
ཞེ་ན། སྨྲས་པ། ཟླ་བའི་དཀྱིལ་འཁོར་ནི་ཆུར་དཔག་ཚད་ལྔ་བཅུ། ཞེང་དུ་ཡང་དཔག་ཚད་ལྔ་བཅུ། མཐའ་སྐོར་དུ་དཔག་ཚད་བརྒྱ་ལྔ་བཅུ། རྔམས་སུ་དཔག་ཚད་ཕྱེད་དང་དྲུག་དང་དཔག་ཚད་ཀྱི་བཅོ་བརྒྱད་ཆ་གཅིག་ཡོད་དེ། དབྱིབས་ལེགས་ཤིང་བལྟ་ན་སྡུག་ལ་མཛེས་པ་ཤེལ་

ལས་གྲུབ་པ་སྟེ། གསེར་གྱི་ར་བས་ཀུན་ནས་བསྐོར་རོ། །ར་བ་དེའི་འཕང་དུ་ཡང་དཔག་ཚད་ཕྱེད་དོ། །ར་བ་དེ་ལ་རྩིག་སྐྱབས་འདི་ལྟ་སྟེ། གསེར་ལས་བྱས་པ་དང་། དངུལ་ལས་བྱས་པ་དང་། བཻ་ཌཱུརྱ་ལས་བྱས་པ་དང་། ཤེལ་ལས་བྱས་པ་རྣམ་པ་བཞི་དང་། གྱེན་དུ་འཕང་
པའི་མདའ་ཡབ་དང་། ཐུར་དུ་འཕང་བའི་མདའ་ཡབ་དང་། ཟམ་པ་བརྒྱུད་མ་རྣམ་པ་བཞི་དག་ཡོད་དོ། །དེའི་ནང་གི་ས་གཞི་དབྱིབས་ལེགས་ཤིང་བལྟ་ན་སྡུག་ལ་མཛེས་པ་སྟེ། བྲིས་ཤིང་ལེགས་པར་བྲིས་པ་ཚོན་སྣ་བརྒྱ་རྩ་གཅིག་གིས་བྲིས་ཏེ། འཇམ་ཞིང་ཤིན་ཏུ་འཇམ་
པ་ནི་དཔེར་ན་ཤིང་བལ་གྱི་འདབ་མ་འམ། རས་བལ་གྱི་འདབ་མ་བཞིན་དུ། རྐང་པ་བཞག་ན་ནི་ནེམས་ཞེས་བྱེད། རྐང་པ་བཏེག་ན་པར་ཞེས་བྱེད་ལ་མེ་ཏོག་མན་ད་ར་བ་དག་གིས་པུས་མོ་ནུབ་པ་ཙམ་དུ་ཁེབས་ཏེ། དེ་ནི་མི་མ་ཡིན་པ་རྣམས་ཀྱི་རླུང་གི་མཐུས་མེ་ཏོག་རྙིང་པ་རྣམས་ནི་
འཐོར་གསར་པ་རྣམས་ནི་ལེགས་པར་འགྲེམས་ཏེ་འདི་སྐད་དུ། ཟླ་བའི་བསོད་ནམས་དབང་གི་རྐྱེན་གྱིས་ན། །ཟླ་བའི་གྲོང་ཁྱེར་དག་ན་རླུང་ཆེན་ལྡང་། །མེ་ཏོག་རྙིང་པ་རྣམས་ནི་འཐོར་བར་བྱེད། །མེ་ཏོག་གསར་པ་རྣམས་ནི་ལེགས་པར་འགྲེམས། །ཞེས་ཀྱང་བྱའོ། །ཟླ་བའི་
དཀྱིལ་འཁོར་གྱི་ནང་ན་ལམ་སྲང་ཆུར་དཔག་ཚད་ལྔ་བཅུ། ཞེང་དུ་དཔག་ཚད་ཕྱེད་དང་གཉིས་པ་ཅིག་ཡོད་དེ། དབྱིབས་ལེགས་ཤིང་བལྟ་ན་སྡུག་ལ་མཛེས་པ། གསེར་གྱི་བྱེ་མ་བདལ་ཞིང་ཙནྡན་གྱི་ཆུས་ཆག་ཆག་བཏབ་པ། དེའི་གློ་གཡས་གཡོན་ན་རྫིང་བུ་བྱས་པ་དག་ཡོད་དེ།
རྫིང་བུ་དེ་དག་ཀྱང་གསེར་ལས་བྱས་པ་དང་། དངུལ་ལས་བྱས་པ་དང་། བཻ་ཌཱུརྱ་ལས་བྱས་པ་དང་། ཤེལ་ལས་བྱས་པའི་ཕ་གུ་རྣམ་པ་བཞིས་བརྩིགས་སོ། །རྫིང་བུ་དེ་དག་གི་ཕྱོགས་བཞི་ན་ཡང་ཐེམ་སྐས་བྱས་པ་དག་ཡོད་དོ། །ཐེམ་སྐས་བྱས་པ་དག་ཀྱང་གསེར་ལས་བྱས་པ་དང་།
དངུལ་ལས་བྱས་པ་དང་། བཻ་ཌཱུརྱ་ལས་བྱས་པ་དང་། ཤེལ་ལས་བྱས་པའི་ཕ་གུ་རྣམ་པ་བཞིས་བརྩིགས་སོ། །རྫིང་བུ་དེ་དག་ཀྱང་གསེར་ལས་བྱས་པ་དང་། དངུལ་ལས་བྱས་པ་དང་། བཻ་ཌཱུརྱ་ལས་བྱས་པ་དང་། ཤེལ་ལས་བྱས་པའི་ལན་ཀན་རྣམ་པ་བཞིས་ཀུན་ནས་བསྐོར་ཏེ། གསེར་

གྱི་ལན་ཀན་གྱི་གཏན་མ་དང་། གདང་བུ་དང་། གཟུངས་གཟེར་ནི་དངུལ་ལས་བྱས་པ་དང་། དངུལ་གྱི་ནི་གསེར་ལས་བྱས་སོ། །བཻ་ཌཱུརྱའི་ནི་ཤེལ་ལས་བྱས་སོ། །ཤེལ་གྱི་ནི་གཏན་མ་དང་། གདང་བུ་དང་། གཟུངས་གཟེར་ནི་བཻ་ཌཱུརྱ་ལས་བྱས་ཏེ།
དབྱིབས་ལེགས་ཤིང་བལྟ་ན་སྡུག་ལ་མཛེས་པ། ཆུ་བསིལ་བ་དང་། ཆུ་སྦྲང་རྩི་ལྟ་བུས་གང་བ་སྟེ། མེ་ཏོག་ཨུཏྤ་ལ་དང་། པདྨ་དང་། ཀུ་མུ་ཏ་དང་། པདྨ་དཀར་པོས་ཡོངས་སུ་ཁེབས་ཤིང་ཆུ་ནས་སྐྱེས་པའི་བྱ་སྣ་ཚོགས་སྐད་སྙན་ཅིང་འཇེབས་པ་དང་། སྐད་ཡིད་དུ་འོང་བ་དང་།
སྐད་སྙན་པ་དང་། འདོད་དགུར་སྒྱུར་བའི་གཟུགས་ཅན་རྣམས་སྐད་སྙན་པ་འབྱིན་ཏོ། །དེ་དག་གི་ཉེ་འཁོར་ན་མེ་ཏོག་གི་ཤིང་དང་། འབྲས་བུའི་ཤིང་སྣ་ཚོགས་ཡོད་པ་རྣམས་ལེགས་པར་སྐྱེས་ཤིང་དབྱིབས་ལེགས་ལ་ཡོངས་སུ་གྲུབ་པ་སྟེ། མེ་ཏོག་ཕྲེང་བར་བཀོད་པ་བཞིན་དུ་གྱུར་
པ་ནི་དཔེར་ན་མེ་ཏོག་ཕྲེང་རྒྱུད་དམ། མེ་ཏོག་ཕྲེང་རྒྱུད་ཀྱི་སློབ་མ་མཁས་པས་མེ་ཏོག་གི་ཕྲེང་བ་ཐ་གུ་ལ་བརྒྱུས་པ་དང་། མེ་ཏོག་གི་རྣ་རྒྱན་ལེགས་པར་བྱས་པ་བཞིན་ཏེ། ཐང་ལས་སྐྱེས་པའི་བྱ་སྣ་ཚོགས་སྐད་སྙན་ཅིང་འཇེབས་པ་དང་། སྐད་ཡིད་དུ་འོང་བ་དང་། སྐད་སྙན་པ་དང་།
འདོད་དགུར་སྒྱུར་བའི་གཟུགས་ཅན་རྣམས་སྐད་སྙན་པ་འབྱིན་ཏོ། །དཔག་བསམ་གྱི་ཤིང་སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་རྣམ་པ་བཞི་ཡོད་དོ། །གཞག་གོས་སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་རྣམ་པ་བཞི་ཡོད་དོ། །དཔག་བསམ་གྱི་
ཤིང་ལས་བྱུང་བའི་གོས་སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་རྣམ་པ་བཞི་ཡོད་དོ། །རོལ་མོའི་ཆ་བྱད་སྣ་ཚོགས་པི་ཝང་དང་། གླིང་བུ་དང་། པི་ཝང་རྒྱུད་གསུམ་པ་དང་། འཁར་རྔ་དང་། ཧམ་ཤང་རྣམས་འབྱུང་བའི་ཤིང་དག་ཡོད་དོ། །རྒྱན་སྣ་ཚོགས་ལག་
རྒྱན་དང་། རྐང་རྒྱན་དང་། རྒྱན་སྣང་བ་དང་། མི་སྣང་བ་རྣམས་འབྱུང་བའི་ཤིང་དག་ཡོད་དོ། །ལྷ་དང་ལྷའི་བུ་མོ་རྣམས་ཀྱིས་ཇི་ལྟ་བུར་འདོད་པ་སེམས་བསྐྱེད་མ་ཐག་ཏུ་དེ་ལྟ་བུར་དེ་དག་གི་ལག་ཏུ་འོང་བར་འགྱུར་རོ། །བདུད་རྩི་རྣམ་པ་བཞི་དང་། སྦྲང་རྩི་དང་སྦྲང་ཆང་གི་བཏུང་བ་

དག་ཀྱང་ཡོད་དོ། །ཡང་ཐོག་རྣམས་དང་། ཁང་པ་བརྩེགས་པ་རྣམས་དང་། ཁྱིམ་རྣམས་དང་། ཁང་བཟངས་རྣམས་དང་། བསིལ་ཁང་རྣམས་དང་། ལྟད་མོ་བལྟ་བའི་གནས་རྣམས་དང་། ཟམ་པ་རྣམས་བུད་མེད་ཀྱི་ཚོགས་ཀྱིས་མཛེས་པར་བྱས་ཤིང་ལྷའི་བུ་མོ་མང་པོས་
བརྟེན་པ་དང་། སིལ་སྙན་དང་། ཕེག་རྡོབ་པ་རྣམས་ཀྱི་སྒྲ་སྙན་པར་སྒྲོགས་པ་དང་། དྲི་སྣ་ཚོགས་ཀྱིས་ལེགས་པར་བསྒོས་པ་དང་། ཁ་ཟས་དང་། བཏུང་བ་དང་ལྡན་པ་དག་ཡོད་དོ། །དེ་ནི་ལྷའི་བུ་ཟླ་བ་འཁོར་དང་བཅས་པ་རྩེ་ཞིང་དགའ་ལ་དགའ་དགུར་སྤྱོད་དེ། རང་གི་ལས་
ཀྱི་འབྲས་བུ་ཉམས་སུ་མྱོང་ངོ་། །ཉི་མའི་དཀྱིལ་འཁོར་གྱི་ཚད་ནི་ཇི་ཙམ་ཞེ་ན། སྨྲས་པ། ཉི་མའི་དཀྱིལ་འཁོར་ནི་ཆུར་དཔག་ཚད་ལྔ་བཅུ་རྩ་གཅིག །ཞེང་དུ་ཡང་དཔག་ཚད་ལྔ་བཅུ་རྩ་གཅིག །མཐའ་སྐོར་དུ་དཔག་ཚད་ལྔ་བཅུ་རྩ་གསུམ། རྔམས་སུ་དཔག་ཚད་ཕྱེད་དང་
དྲུག་དང་དཔག་ཚད་ཀྱི་བཅོ་བརྒྱད་ཆ་གཅིག་ཡོད་དེ། དབྱིབས་ལེགས་ཤིང་བལྟ་ན་སྡུག་ལ་མཛེས་པ་ཤེལ་ལས་གྲུབ་པ་སྟེ། གསེར་གྱི་ར་བས་ཀུན་ནས་བསྐོར་ཏེ། ར་བ་དེའི་འཕང་དུ་ཡང་དཔག་ཚད་ཕྱེད་ཡོད་ལ་ར་བ་དེའི་རྩིག་སྐྱབས་འདི་ལྟ་སྟེ། གསེར་ལས་བྱས་པ་དང་། དངུལ་
ལས་བྱས་པ་དང་། བཻ་ཌཱུརྱ་ལས་བྱས་པ་དང་། ཤེལ་ལས་བྱས་པ་རྣམ་པ་བཞི་དང་། གྱེན་དུ་འཕང་བའི་མདའ་ཡབ་དང་། ཐུར་དུ་འཕང་བའི་མདའ་ཡབ་དང་། ཟམ་པ་བརྒྱུད་མ་རྣམ་པ་བཞི་དག་ཡོད་དོ། །དེའི་ནང་གི་ས་གཞི་དབྱིབས་ལེགས་ཤིང་བལྟ་ན་སྡུག་ལ་མཛེས་པ་སྟེ། བྲིས་
ཤིང་ལེགས་པར་བྲིས་པ་ཚོན་སྣ་བརྒྱ་རྩ་གཅིག་གིས་བྲིས་ཏེ། འཇམ་ཞིང་ཤིན་ཏུ་འཇམ་པ་ནི་དཔེར་ན་ཤིང་བལ་གྱི་འདབ་མ་འམ། རས་བལ་གྱི་འདབ་མ་བཞིན་ཏེ། རྐང་པ་བཞག་ན་ནི་ནེམས་ཞེས་བྱེད། རྐང་པ་བཏེག་ན་ནི་པར་ཞེས་བྱེད་ལ། མེ་ཏོག་མན་ད་ར་བ་དག་གིས་པུས་མོ་ནུབ་པ་
ཙམ་དུ་ཁེབས་ཏེ། དེ་ན་མི་མ་ཡིན་པ་རྣམས་ཀྱི་རླུང་གི་མཐུས་མེ་ཏོག་རྙིང་པ་རྣམས་ནི་འདོར། མེ་ཏོག་གསར་པ་རྣམས་ནི་ལེགས་པར་འགྲེམས་ཏེ། འདི་སྐད་དུ། ཉི་མའི་དཀྱིལ་འཁོར་དབང་གི་རྐྱེན་གྱིས་ན། །ཉི་མའི་གྲོང་ཁྱེར་དག་ན་རླུང་ཆེན་ལྡང་། །མེ་ཏོག་རྙིང་པ་རྣམས་ནི་འདོར་

བར་བྱེད། །མེ་ཏོག་གསར་པ་རྣམས་ནི་ལེགས་པར་འགྲེམས། །ཞེས་ཀྱང་བྱའོ། །ཉི་མའི་དཀྱིལ་འཁོར་གྱི་ནང་ན་ལམ་སྲང་ཆུར་དཔག་ཚད་ལྔ་བཅུ་རྩ་གཅིག །ཞེང་དུ་དཔག་ཚད་ཕྱེད་དང་གཉིས་པ་ཞིག་ཡོད་དེ། དབྱིབས་ལེགས་ཤིང་བལྟ་ན་སྡུག་ལ་མཛེས་
པ་གསེར་གྱི་བྱེ་མ་བདལ་ཞིང་ཙནྡན་གྱི་ཆུས་ཆག་ཆག་བཏབ་པ། དེའི་གློ་གཡས་གཡོན་ན་རྫིང་བུ་བྱས་པ་དག་ཡོད་དེ། རྫིང་བུ་དེ་དག་ཀྱང་གསེར་ལས་བྱས་པ་དང་། དངུལ་ལས་བྱས་པ་དང་། བཻ་ཌཱུརྱ་ལས་བྱས་པ་དང་། ཤེལ་ལས་བྱས་པའི་ཕ་གུ་རྣམ་པ་བཞིས་བརྩིགས་སོ། །རྫིང་
བུ་དེ་དག་གི་ཕྱོགས་བཞི་ན་ཡང་ཐེམ་སྐས་བྱས་པ་དག་ཡོད་དེ། ཐེམ་སྐས་དེ་དག་ཀྱང་གསེར་ལས་བྱས་པ་དང་། དངུལ་ལས་བྱས་པ་དང་། བཻ་ཌཱུརྱ་ལས་བྱས་པ་དང་། ཤེལ་ལས་བྱས་པའི་ཕ་གུ་རྣམ་པ་བཞིས་བརྩིགས་སོ། །རྫིང་བུ་དེ་དག་ཀྱང་གསེར་ལས་བྱས་པ་དང་། དངུལ་
ལས་བྱས་པ་དང་། བཻ་ཌཱུརྱ་ལས་བྱས་པ་དང་། ཤེལ་ལས་བྱས་པའི་ལན་ཀན་རྣམ་པ་བཞིས་ཀུན་ནས་བསྐོར་ཏེ། གསེར་གྱི་ལན་ཀན་གྱི་གཏན་མ་དང་། གདང་བུ་དང་། གཟུངས་གཟེར་ནི་དངུལ་ལས་བྱས་སོ། །དངུལ་གྱི་ནི་གསེར་ལས་བྱས་སོ། །བཻ་ཌཱུརྱའི་ནི་ཤེལ་ལས་བྱས་
སོ། །ཤེལ་གྱི་ནི་གཏན་མ་དང་། གདང་བུ་དང་། གཟུངས་གཟེར་ནི་བཻ་ཌཱུརྱ་ལས་བྱས་སོ། །དབྱིབས་ལེགས་ཤིང་བལྟ་ན་སྡུག་ལ་མཛེས་པ། ཆུ་བསིལ་བ་དང་། ཆུ་སྦྲང་རྩི་ལྟ་བུས་གང་བ་སྟེ། མེ་ཏོག་ཨུཏྤ་པ་ལ་དང་། པདྨ་དང་། ཀུ་མུ་ཏ་དང་། པདྨ་དཀར་པོས་ཡོངས་སུ་
ཁེབས་ཏེ། ཆུ་ལས་སྐྱེས་པའི་བྱ་སྣ་ཚོགས་སྐད་སྙན་ཅིང་འཇེབས་པ་དང་། སྐད་ཡིད་དུ་འོང་བ་དང་། སྐད་སྙན་པ་དང་། འདོད་དགུར་སྒྱུར་བའི་གཟུགས་ཅན་རྣམས་སྐད་སྙན་པ་འབྱིན་ཏོ། །དེ་དག་གི་ཉེ་འཁོར་ན་མེ་ཏོག་གི་ཤིང་དང་འབྲས་བུའི་ཤིང་སྣ་ཚོགས་ཡོད་པ་རྣམས་ལེགས་
པར་སྐྱེས་ཤིང་དབྱིབས་ལེགས་ལ་ཡོངས་སུ་གྲུབ་པ་སྟེ། མེ་ཏོག་ཕྲེང་བར་བཀོད་པ་བཞིན་དུ་གྱུར་པ་ནི་དཔེར་ན་མེ་ཏོག་ཕྲེང་རྒྱུད་དམ། མེ་ཏོག་ཕྲེང་རྒྱུད་ཀྱི་སློབ་མ་མཁས་པས་མེ་ཏོག་གི་ཕྲེང་བ་ཐ་གུ་ལ་བརྒྱུས་པ་དང་། མེ་ཏོག་གི་རྣ་རྒྱན་ལེགས་པར་བྱས་པ་བཞིན་ཏེ། ཐང་ལས་

སྐྱེས་པའི་བྱ་སྣ་ཚོགས་སྐད་སྙན་ཅིང་འཇེབས་པ་དང་། སྐད་ཡིད་དུ་འོང་བ་དང་། སྐད་སྙན་པ་དང་། འདོད་དགུར་སྒྱུར་བའི་གཟུགས་ཅན་རྣམས་སྐད་སྙན་པ་འབྱིན་ཏོ། །དཔག་བསམ་གྱི་ཤིང་སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་རྣམ་པ་བཞི་ཡོད་དོ། །གཞག་
གོས་སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་རྣམ་པ་བཞི་ཡོད་དོ། །དཔག་བསམ་གྱི་ཤིང་ལས་བྱུང་བའི་གོས་སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་རྣམ་པ་བཞི་ཡོད་དོ། །རོལ་མོའི་ཆ་བྱད་རྣམ་པ་སྣ་ཚོགས་པའི་པི་ཝང་དང་། གླིང་བུ་དང་། པི་ཝང་
རྒྱུད་གསུམ་པ་དང་། འཁར་རྔ་དང་། ཧམ་ཤང་རྣམས་འབྱུང་བའི་ཤིང་དག་ཡོད་དོ། །རྒྱན་སྣ་ཚོགས་ལག་རྒྱན་དང་། རྐང་རྒྱན་དང་། རྒྱན་སྣང་བ་དང་། མི་སྣང་བ་རྣམས་འབྱུང་བའི་ཤིང་དག་ཡོད་དོ། །ལྷ་འམ་ལྷའི་བུ་མོ་རྣམས་ཀྱིས་ཇི་ལྟ་བུར་འདོད་པ་སེམས་བསྐྱེད་མ་ཐག་ཏུ།
དེ་ལྟ་བུར་དེ་དག་གི་ལག་ཏུ་འོང་བར་འགྱུར་རོ། །བདུད་རྩི་རྣམ་པ་བཞི་དང་། སྦྲང་རྩི་དང་སྦྲང་ཆང་གི་བཏུང་བ་དག་ཀྱང་ཡོད་དོ། །ཡང་ཐོག་རྣམས་དང་། ཁང་པ་བརྩེགས་པ་རྣམས་དང་། ཁྱིམ་རྣམས་དང་། ཁང་བཟངས་རྣམས་དང་། བསིལ་ཁང་རྣམས་དང་། ལྟད་མོ་ལྟ་བའི་ས་དང་།
ཟམ་པ་རྣམས་དང་། བུད་མེད་ཀྱི་ཚོགས་ཀྱིས་མཛེས་པར་བྱས་ཤིང་ལྷའི་བུ་མོ་མང་པོས་བརྟེན་པ་དང་། སིལ་སྙན་དང་། ཕེབ་རྡོབ་པ་དག་གི་སྒྲ་སྙན་པ་སྒྲོགས་པ་དང་། དྲི་སྣ་ཚོགས་ཀྱིས་ལེགས་པར་བསྒོས་པ་དང་། ཁ་ཟས་དང་བཏུང་བ་དང་ལྡན་པ་དག་ཡོད་དེ། དེ་ན་ལྷའི་བུ་ཉི་མ་འཁོར་
དང་བཅས་པ་རྩེ་ཞིང་དགའ་ལ་དགའ་དགུར་སྤྱོད་དེ། རང་གི་ལས་ཀྱི་འབྲས་བུ་ཉམས་སུ་མྱོང་ངོ་། །སྐར་མའི་གཟུགས་རྣམས་ཀྱི་ཚད་ནི་ཇི་ཙམ་ཞེ་ན། སྨྲས་པ། སྐར་མའི་གཟུགས་རྣམས་ལ་ཐམས་ཅད་ཀྱི་ནང་ན་ཆེ་བ་གང་ཡིན་པ་དེ་ནི་རྒྱང་གྲགས་བཅོ་བརྒྱད་པའོ། །ཐམས་ཅད་ཀྱི་ནང་ན་ཆུང་བ་གང་
ཡིན་པ་དེ་དག་ནི་རྒྱང་གྲགས་གསུམ་མོ། །ཕལ་ཆེར་ནི་རྒྱང་གྲགས་བཅུ་དང་བཅུ་གཉིས་པ་ཡིན་ཏེ། དབྱིབས་ལེགས་ཤིང་བལྟ་ན་སྡུག་ལ་མཛེས་པ་ཤེལ་ལས་གྲུབ་པ་སྟེ། གསེར་གྱི་ར་བས་ཀུན་ནས་བསྐོར་ཏོ། །ར་བ་དེ་ལ་རྩིག་སྐྱབས་གསེར་ལས་བྱས་པ་དང་། དངུལ་ལས་བྱས་པ་

དང་། བཻ་ཌཱུརྱ་ལས་བྱས་པ་དང་། ཤེལ་ལས་བྱས་པ་རྣམ་པ་བཞི་དང་། མདའ་ཡབ་དང་། ལྟད་མོ་ལྟ་བའི་ས་རྣམ་པ་བཞི་ཡོད་དོ། །དེའི་ནང་གི་ས་གཞི་ཡང་དབྱིབས་ལེགས་ཤིང་བལྟ་ན་སྡུག་ལ་མཛེས་པར་བྲིས་ཤིང་ལེགས་པར་བྲིས་པ་ཚོན་སྣ་བརྒྱ་རྩ་གཅིག་
གིས་བྲིས་ཏེ། འཇམ་ཞིང་ཤིན་ཏུ་འཇམ་པ་ནི་དཔེར་ན་ཤིང་བལ་གྱི་འདབ་མའམ། རས་བལ་གྱི་འདབ་མ་བཞིན་ཏེ། རྐང་པ་བཞག་ན་ནི་ནེམས་ཞེས་བྱེད། རྐང་པ་བཏེག་ན་ནི་པར་ཞེས་བྱེད་ལ། མེ་ཏོག་མན་ད་ར་བ་དག་གིས་པུས་མོ་ནུབ་པ་ཙམ་དུ་ཁེབས་ཏེ། རླུང་གི་མཐུས་མེ་ཏོག་རྙིང་པ་
རྣམས་ནི་འཐོར། མེ་ཏོག་གསར་པ་རྣམས་ནི་ལེགས་པར་འགྲེམས་ཏེ་འདི་སྐད་དུ། ལྷ་རྣམས་བསོད་ནམས་དབང་གི་རྐྱེན་གྱིས་ན། །གཞལ་མེད་ཁང་མཆོག་དག་ན་རླུང་ཆེན་ལྡང་། །མེ་ཏོག་རྙིང་པ་རྣམས་ནི་འཐོར་བར་བྱེད། །མེ་ཏོག་གསར་པ་རྣམས་ནི་ལེགས་པར་འགྲེམས། །ཞེས་
ཀྱང་བྱའོ། །དེ་དག་གི་ནང་ན་རྫིང་བུ་བྱས་པ་དག་ཡོད་དེ། རྫིང་བུ་དེ་དག་ཀྱང་གསེར་ལས་བྱས་པ་དང་། དངུལ་ལས་བྱས་པ་དང་། བཻ་ཌཱུརྱ་ལས་བྱས་པ་དང་། ཤེལ་ལས་བྱས་པའི་ཕ་གུ་རྣམ་པ་བཞིས་བརྩིགས་སོ། །རྫིང་བུ་དེ་དག་གི་ཕྱོགས་བཞི་ན་ཡང་ཐེམ་སྐས་བྱས་པ་དག་ཡོད་དེ།
ཐེམ་སྐས་དེ་དག་ཀྱང་གསེར་ལས་བྱས་པ་དང་། དངུལ་ལས་བྱས་པ་དང་། བཻ་ཌཱུརྱ་ལས་བྱས་པ་དང་། ཤེལ་ལས་བྱས་པའི་ཕ་གུ་རྣམ་པ་བཞིས་བརྩིགས་སོ། །རྫིང་བུ་དེ་དག་ཀྱང་གསེར་ལས་བྱས་པ་དང་། དངུལ་ལས་བྱས་པ་དང་། བཻ་ཌཱུརྱ་ལས་བྱས་པ་དང་། ཤེལ་ལས་བྱས་པའི་
ལན་ཀན་རྣམ་པ་བཞིས་ཀུན་ནས་བསྐོར་ཏེ། གསེར་གྱི་ལན་ཀན་གྱི་གཏན་མ་དང་། གདང་བུ་དང་། གཟུངས་གཟེར་ནི་དངུལ་ལས་བྱས་སོ། །དངུལ་གྱི་ནི་གསེར་ལས་བྱས་སོ། །བཻ་ཌཱུརྱའི་ནི་ཤེལ་ལས་བྱས་སོ། །ཤེལ་གྱི་གཏན་མ་དང་། གདང་བུ་དང་། གཟུངས་གཟེར་ནི་
བཻ་ཌཱུརྱ་ལས་བྱས་ཏེ། དབྱིབས་ལེགས་ཤིང་བལྟ་ན་སྡུག་ལ་མཛེས་པ། ཆུ་བསིལ་བ་དང་། ཆུ་སྦྲང་རྩི་ལྟ་བུས་གང་བ་སྟེ། མེ་ཏོག་ཨུཏྤ་ལ་དང་། པདྨ་དང་། ཀུ་མུ་ཏ་དང་། པདྨ་དཀར་པོས་ཡོངས་སུ་ཁེབས་ཤིང་། ཆུ་ནས་སྐྱེས་པའི་བྱ་སྣ་ཚོགས་སྐད་སྙན་ཅིང་འཇེབས་པ་

དང་། སྐད་ཡིད་དུ་འོང་བ་དང་། སྐད་སྙན་པ་དང་། འདོད་དགུར་སྒྱུར་བའི་གཟུགས་ཅན་རྣམས་སྐད་སྙན་པ་འབྱིན་ཏོ། །དེ་དག་གི་ཉེ་འཁོར་ན་མེ་ཏོག་གི་ཤིང་དང་འབྲས་བུའི་ཤིང་སྣ་ཚོགས་ཡོད་པ་རྣམས་ལེགས་པར་སྐྱེས་ཤིང་དབྱིབས་ལེགས་པ་ཡོངས་སུ་གྲུབ་པ་སྟེ། མེ་ཏོག་ཕྲེང་བར་
བཀོད་པ་བཞིན་དུ་གྱུར་པ་ནི་དཔེར་ན་མེ་ཏོག་ཕྲེང་རྒྱུད་དམ། མེ་ཏོག་ཕྲེང་རྒྱུད་ཀྱི་སློབ་མ་མཁས་པས་མེ་ཏོག་གི་ཕྲེང་བ་ཐ་གུ་ལ་བརྒྱུས་པ་དང་། མེ་ཏོག་གི་རྣ་རྒྱན་ལེགས་པར་བྱས་པ་འབྱིན་ཏེ། ཐང་ལས་སྐྱེས་པའི་བྱ་སྣ་ཚོགས་སྐད་སྙན་ཅིང་འཇེབས་པ་དང་། སྐད་ཡིད་དུ་འོང་བ་དང་། སྐད་
སྙན་པ་དང་། འདོད་དགུར་སྒྱུར་བའི་གཟུགས་ཅན་རྣམས་སྐད་སྙན་པ་འབྱིན་ཏོ། །དཔག་བསམ་གྱི་ཤིང་སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་རྣམ་པ་བཞི་སྟེ། རྒྱས་པར་སྔ་མ་བཞིན་ནོ། །དེ་དག་ན་གཞལ་མེད་ཁང་ན་གནས་པའི་ལྷའི་བུ་རྣམས་རྩེ་ཞིང་དགའ་ལ་དགའ་
དགུར་སྤྱོད་དེ། རང་གི་ལས་ཀྱི་འབྲས་བུ་ཉམས་སུ་མྱོང་ངོ་། །ཉི་མས་ཟླ་བ་དྲུག་ཏུ་བགྲོད་པ་གང་ཡིན་པ་དེ་ནི་ཟླ་བས་ཟླ་བ་གཅིག་ལ་འགྲོ་བ་དང་འོང་བར་བྱེད་དོ། །ཅིའི་ཕྱིར་ཉི་མའི་དཀྱིལ་འཁོར་ལ་བལྟས་ན་མིག་ལ་གནོད་པར་འགྱུར་ལ། ཟླ་བའི་དཀྱིལ་འཁོར་ལ་བལྟས་ན་ནི་མིག་ལ་གནོད་
པར་མི་འགྱུར་ཞེ་ན། སྨྲས་པ། ཟླ་བའི་དཀྱིལ་འཁོར་ནི་ཆུ་ཤེལ་ཡང་ཡིན་ཞིང་། ཤེལ་དང་བ་ཡང་ཡིན་ལ། ཉི་མའི་དཀྱིལ་འཁོར་ནི་མེ་ཤེལ་ཡིན་པས་དེའི་ཕྱིར་ན་ཉི་མའི་དཀྱིལ་འཁོར་ལ་བལྟས་ན་ནི་མིག་ལ་གནོད་པར་འགྱུར་ལ། ཟླ་བའི་དཀྱིལ་འཁོར་ལ་བལྟས་ན་ནི་གནོད་པར་མི་འགྱུར་
རོ། །འཇིག་རྟེན་གཞག་པ་ལས་ཚིགས་དགུ་པའོ།། །།མདོ་ལ། འབྱུང་བ་ཆེན་པོར་འདུ་ཤེས་དང་། །བདག་ཏུ་ཡང་ནི་འདུ་ཤེས་པ། །ནམ་མཁའ་ལ་ནི་སར་འདུ་ཤེས། །དུས་ནི་གཉིས་སུ་བྱས་པ་དང་། །སྐད་ཅིག་པ་ནི་ཐ་མ་ཡིན། །འབྱུང་བ་ཆེན་པོ་བཞི་ནི་སའི་ཁམས་དང་། ཆུའི་
ཁམས་དང་། མེའི་ཁམས་དང་། རླུང་གི་ཁམས་དང་། སེམས་ཅན་ས་ལ་སར་འདུ་ཤེས་པ་དག་ཀྱང་ཡོད། ཆུར་འདུ་ཤེས་པ་དག་ཀྱང་ཡོད། མེར་འདུ་ཤེས་པ་དག་ཀྱང་ཡོད། རླུང་དུ་འདུ་ཤེས་པ་དག་ཀྱང་ཡོད། སེམས་ཅན་ཆུ་ལ་སར་འདུ་ཤེས་པ་དག་ཀྱང་ཡོད། ཆུར་འདུ་ཤེས་

པ་དག་ཀྱང་ཡོད། མེར་འདུ་ཤེས་པ་དག་ཀྱང་ཡོད། རླུང་དུ་འདུ་ཤེས་པ་དག་ཀྱང་ཡོད་དོ། །སེམས་ཅན་མེ་ལ་སར་འདུ་ཤེས་པ་དག་ཀྱང་ཡོད། ཆུར་འདུ་ཤེས་པ་དག་ཀྱང་ཡོད། མེར་འདུ་ཤེས་པ་དག་ཀྱང་ཡོད། རླུང་དུ་འདུ་ཤེས་པ་དག་ཀྱང་ཡོད་དོ། །སེམས་
ཅན་རླུང་ལ་སར་འདུ་ཤེས་པ་དག་ཀྱང་ཡོད། ཆུར་འདུ་ཤེས་པ་དག་ཀྱང་ཡོད། མེར་འདུ་ཤེས་པ་དག་ཀྱང་ཡོད། རླུང་དུ་འདུ་ཤེས་པ་དག་ཀྱང་ཡོད་དོ། །སེམས་ཅན་ས་ལ་བདག་ཏུ་འདུ་ཤེས་པ་དག་ཀྱང་ཡོད། ཆུར་འདུ་ཤེས་པ་དག་ཀྱང་ཡོད། མེར་འདུ་ཤེས་པ་དག་ཀྱང་ཡོད། རླུང་དུ་
འདུ་ཤེས་པ་དག་ཀྱང་ཡོད་དོ། །སེམས་ཅན་ས་ལ་བདག་ཏུ་འདུ་ཤེས་པ་དག་ཀྱང་ཡོད་དེ། སའི་ཁམས་གང་ཡིན་པ་དེ་ནི་བདག་ཡིན་ལ། བདག་གང་ཡིན་པ་དེ་ནི་ས་ཡིན་ཏེ། དེ་ལྟར་ས་དང་བདག་གཉིས་སུ་དབྱེར་མེད་ཅིང་ཐ་དད་པ་མ་ཡིན་ཏེ། བདག་གི་བདག་ནི་རྫོགས་པ་ཡིན་ནོ་ཞེས་
ནས་དེ་དག་ས་ལ་བཀུར་སྟིར་བྱེད། བཙུན་པར་བྱེད། རི་མོར་བྱེད། མཆོད་པར་བྱེད་དོ། །དེ་དག་གིས་བཀུར་སྟིར་བྱས། བཙུན་པར་བྱས། རི་མོར་བྱས་སོ། །མཆོད་པར་བྱས་ནས། དགའ་ཞིང་མགུ་ལ་ཡི་རངས་ཏེ། བཀུར་སྟིར་བྱེད་ཅིང་ཉེ་བར་བརྟེན་ཏེ། གནས་ལ་སེམས་ཀྱིས་ལུང་
བསྟན་པ་ཡིན་ནོ། །སེམས་ཅན་ཆུ་དང་མེ་དང་རླུང་ལ་བདག་ཏུ་འདུ་ཤེས་པ་དག་ཀྱང་ཡོད་དེ། རླུང་གང་ཡིན་པ་དེ་ནི་བདག་ཡིན་ལ། བདག་གང་ཡིན་པ་དེ་ནི་རླུང་ཡིན་ཏེ། དེ་ལྟར་རླུང་དང་བདག་གཉིས་སུ་དབྱེར་མེད་ཅིང་ཐ་དད་པ་མ་ཡིན་ཏེ། བདག་གིས་བདག་ནི་རྫོགས་པ་ཡིན་ནོ་ཞེས་ནས་
དེ་དག་རླུང་ལས་བཀུར་སྟིར་བྱེད། བཙུན་པར་བྱེད། རི་མོར་བྱེད། མཆོད་པར་བྱེད་དོ། །དེ་དག་གིས་བཀུར་སྟིར་བྱས། བཙུན་པར་བྱས། རི་མོར་བྱས། མཆོད་པར་བྱས་ནས་དགའ་ཞིང་མགུ་ལ་ཡི་རངས་ཏེ། བཀུར་སྟིར་བྱེད་ཅིང་ཉེ་བར་བརྟེན་ཏེ་གནས་ལ་སེམས་ཀྱིས་ལུང་བསྟན་པ་
ཡིན་ནོ། །སེམས་ཅན་ས་ལ་ནམ་མཁར་འདུ་ཤེས་པ་དག་ཀྱང་ཡོད་དོ། །ནམ་མཁའ་ལ་སར་འདུ་ཤེས་པ་དག་ཀྱང་ཡོད་དོ། །ས་ལ་ནམ་མཁར་འདུ་ཤེས་པ་ཇི་ལྟར་བུ་ཞེ་ན། ཏིལ་རྨེད་པའི་མི་ལ་ལ་ཞིག་གིས་ཁྲོན་པ་བརྐོ་བའི་མི་འགའ་ཞིག་ལ་འདི་སྐད་དུ། ཀྱེ་སྡོང་པོ་མེ་རེག་མ་དང་འདྲ་

བའི་མི་གླང་མཐོང་ངམ་ཞེས་སྨྲས་སོ། །དེས་སྨྲས་པ། མ་མཐོང་ངོ་། །ཏིལ་ཟའམ་མི་ཟ། སྨྲས་པ་མི་ཟའོ་ཞེས་སོ། །དེ་ལྟར་ན་ས་ལ་ནམ་མཁར་འདུ་ཤེས་པ་ཡིན་ནོ། །ཇི་ལྟར་ན་ནམ་མཁའ་ལ་སར་འདུ་ཤེས་ཤེ་ན། སྨྲས་པ། ཇི་ལྟར་བྲམ་ཟེ་ལ་ལ་ཞིག་བོང་བུའི་ཤིང་རྟས་སོང་
ནས་བོང་བུའི་ཤིང་རྟ་ལས་བབས་ཏེ། བོང་བུའི་ཤིང་རྟ་ཕུར་བུ་ལ་བཏགས་ནས་ཕུར་བུ་ནམ་མཁའ་ལ་བཏབ་ཏེ། བཙུགས་ནས་མགོ་ལ་བས་དཀྲིས་ཏེ། ས་ལ་གན་རྐྱལ་དུ་ཉལ་བ་དེ་བཞིན་དུ་ནམ་མཁའ་ལ་སར་འདུ་ཤེས་པ་ཡིན་ནོ། །ལོ་གཅིག་ལ་དུས་གཅིག་ཏུ་མཚན་མོ་ནི་ཡུད་
ཙམ་བཅོ་བརྒྱད། ཉིན་མོ་ནི་ཡུད་ཙམ་བཅུ་གཉིས་ཡོད་དོ། །ལོ་གཅིག་ལ་དུས་གཅིག་ཏུ་མཚན་མོ་ནི་ཡུད་ཙམ་བཅོ་བརྒྱད། ཉིན་མོ་ནི་ཡུད་ཙམ་བཅུ་གཉིས་པ་དེ་གང་ཞེ་ན། དགུན་ཟླ་ཐ་ཆུངས་ཡར་གྱི་ངོ་ཚེས་བརྒྱད་ལ་མཚན་མོ་ནི་ཡུད་ཙམ་བཅོ་བརྒྱད། ཉིན་མོ་ནི་ཡུད་ཙམ་
བཅུ་གཉིས་ཡོད་དོ། །ཚེས་དགུ་ཕན་ཆད་ནི་མཚན་མོ་ནི་འབྲི། ཉིན་མོ་ནི་སྐྱེ་སྟེ། མཚན་མོ་ནི་ཐང་ཅིག་རེ་རེས་འབྲིའོ། །ཉིན་མོ་ནི་ཐང་ཅིག་རེ་རེས་སྐྱེའོ། །ལོ་གཅིག་ལ་དུས་གཅིག་ཏུ་ཉིན་མོ་ནི་ཡུད་ཙམ་བཅོ་བརྒྱད། མཚན་མོ་ནི་ཡུད་ཙམ་བཅུ་གཉིས་ཡོད་དེ། ལོ་གཅིག་ལ་དུས་གཅིག་
ཏུ་ཉིན་མོ་ནི་ཡུད་ཙམ་བཅོ་བརྒྱད། མཚན་མོ་ནི་ཡུད་ཙམ་བཅུ་གཉིས་པ་དེ་གང་ཞེ་ན། སྨྲས་པ། སྟོན་ཟླ་བ་ཡར་གྱི་ངོ་ཚེས་བརྒྱད་ལ་ཉིན་མོ་ནི་ཡུད་ཙམ་བཅོ་བརྒྱད། མཚན་མོ་ནི་ཡུད་ཙམ་བཅུ་གཉིས་ཡོད་དོ། །ཚེས་དགུ་ཕན་ཆད་ནི་ཉིན་མོ་འབྲི། མཚན་མོ་ནི་སྐྱེ་སྟེ། ཉིན་མོ་ནི་ཐང་ཅིག་
རེ་རེས་འབྲིའོ། །མཚན་མོ་ནི་ཐང་ཅིག་རེ་རེས་སྐྱེའོ། །ལོ་གཅིག་ལ་དུས་གཉིས་སུ་མཚན་མོ་ཡང་ཡུད་ཙམ་བཅོ་ལྔ། ཉིན་མོ་ལ་ཡང་ཡུད་ཙམ་བཅོ་ལྔ་པ་ཡོད་དེ། ལོ་གཅིག་ལ་དུས་གཉིས་སུ་མཚན་མོ་ཡང་ཡུད་ཙམ་བཅོ་ལྔ། ཉིན་མོ་ཡང་ཡུད་ཙམ་བཅོ་ལྔ་པ་དེ་དག་གང་ཞེ་ན། སྨྲས་པ།
དཔྱིད་ཟླ་ཐ་ཆུངས་ཡར་གྱི་ངོ་ཚེས་བརྒྱད་དང་སྟོན་ཟླ་ཐ་ཆུངས་ཡར་གྱི་ངོ་ཚེས་བརྒྱད་ལ་མཚན་མོ་ཡང་ཡུད་ཙམ་བཅོ་ལྔ། ཉིན་མོ་ཡང་ཡུད་ཙམ་བཅོ་ལྔ་ཡོད་དོ། །ཆོས་བཞི་ཡོད་དེ། བཞི་གང་ཞེ་ན། སྐད་ཅིག་དང་། དེའི་སྐད་ཅིག་དང་། ཐང་ཅིག་དང་། ཡུད་ཙམ་རྣམས་སོ། །སྐད་ཅིག་བརྒྱ་

ཉི་ཤུ་ལ་ནི་དེའི་སྐད་ཅིག་གོ། །དེའི་སྐད་ཅིག་དྲུག་ཅུ་ལ་ནི་ཐང་ཅིག་གོ། །ཐང་ཅིག་སུམ་ཅུ་ལ་ནི་ཡུད་ཙམ་ཅིག་གོ། །ཡུད་ཙམ་སུམ་ཅུ་ལ་ནི་ཉིན་ཞག་གཅིག་གོ། །ཉིན་ཞག་སུམ་ཅུའི་ཆ་གཅིག་ནི་ཡུད་ཙམ་གཅིག་གོ། །ཡུད་ཙམ་གྱི་སུམ་ཅུ་ཆ་གཅིག་ནི་
ཐང་ཅིག་གོ། །ཐང་ཅིག་གི་དྲུག་ཅུ་ཆ་གཅིག་ནི་དེའི་སྐད་ཅིག་གོ། །དེའི་སྐད་ཅིག་གི་བརྒྱ་ཉི་ཤུའི་ཆ་གཅིག་གི་སྐད་ཅིག་གོ། །སྐད་ཅིག་གི་ཚད་ཇི་ཙམ་ཞེ་ན། འདི་ལྟ་སྟེ། བུད་མེད་བལ་འཁལ་བ་འབྲིང་གིས་ཧ་ཅང་མི་རིང་ཧ་ཅང་མི་ཐུང་བར་བལ་བསྙད་པ་དེ་ཙམ་གྱི་ཡུན་ནི་སྐད་ཅིག་གི་
ཚད་ཡིན་ནོ། །དེ་ལྟ་བུའི་སྐད་ཅིག་བརྒྱ་ཉི་ཤུ་ལ་དེའི་སྐད་ཅིག་གོ། །དེའི་སྐད་ཅིག་དེ་ལྟ་བུ་དྲུག་ཅུ་ལ་ཐང་ཅིག་གོ། །ཐང་ཅིག་དེ་ལྟ་བུ་སུམ་ཅུ་ལ་ཡུད་ཙམ་གཅིག་གོ། །ཡུད་ཙམ་དེ་ལྟ་བུ་སུམ་ཅུ་ལ་ཉིན་ཞག་གཅིག་གོ། །ཉིན་ཞག་དེ་སུམ་ཅུ་ལ་ཟླ་བ་གཅིག་གོ། །ཟླ་བ་བཅུ་གཉིས་
ལ་ལོ་གཅིག་གོ། །འཇིག་རྟེན་གཞག་པ་ལས་ཚིགས་བཅུ་པའོ།། །།གླེང་གཞི་ནི་ཡུལ་མཉན་དུ་ཡོད་པ་སྟེ། བཅོམ་ལྡན་འདས་ཀྱིས་འདི་སྐད་དུ། བསྐལ་པ་ནི་གྲངས་མེད་པ་བཞི་སྟེ། གྲངས་མེད་པ་དག་གིས་བསྐལ་པ་འཇིག་གོ། །གྲངས་མེད་པ་དག་གིས་བསྐལ་པ་
ཞིག་པར་གནས་སོ། །གྲངས་མེད་པ་དག་གིས་འཆགས་སོ། །གྲངས་མེད་པ་དག་གིས་བསྐལ་པ་འཆགས་པར་གནས་སོ་ཞེས་གསུངས་སོ། །བར་གྱི་བསྐལ་པ་བརྒྱད་ཅུ་ལ་ནི་བསྐལ་པ་ཆེན་པོ་གཅིག་སྟེ། བར་གྱི་བསྐལ་པ་ཉི་ཤུས་ནི་འཇིག་རྟེན་འཇིག་གོ། །བར་གྱི་བསྐལ་
པ་ཉི་ཤུས་ནི་འཇིག་རྟེན་ཞིག་པར་གནས་སོ། །བར་གྱི་བསྐལ་པ་ཉི་ཤུས་ནི་འཇིག་རྟེན་འཆགས་སོ། །བར་གྱི་བསྐལ་པ་ཉི་ཤུས་ནི་འཇིག་རྟེན་འཆགས་པར་གནས་སོ། །འཇིག་པ་ནི་རྣམ་པ་གསུམ་སྟེ། མེས་འཇིག་པ་དང་། ཆུས་འཇིག་པ་དང་། རླུང་གིས་འཇིག་པའོ། །
འཇིག་པ་གསུམ་གྱི་རྩེ་མོ་ནི་འོད་གསལ་བ་དང་། དགེ་རྒྱས་དང་། འབྲས་བུ་ཆེ་བ་རྣམས་ཏེ། གང་གི་ཚེ་མེས་འཇིག་པ་འབྱུང་བ་དེའི་ཚེ་འོད་གསལ་གྱི་ལྷ་རྣམས་ལ་འཇིག་པའི་རྩེ་མོ་ཐུག་གོ། །གང་གི་ཚེ་ཆུས་འཇིག་པ་འབྱུང་བ་དེའི་ཚེ། དགེ་རྒྱས་ཀྱི་ལྷ་རྣམས་ལ་འཇིག་པའི་རྩེ་

མོ་ཐུག་གོ། །གང་གི་ཚེ་རླུང་གིས་འཇིག་པ་འབྱུང་བ་དེའི་ཚེ་འབྲས་བུ་ཆེ་བའི་ལྷ་རྣམས་ལ་འཇིག་པའི་རྩེ་མོ་ཐུག་གོ། །མེས་འཇིག་པ་ལན་བདུན་ཞིང་ཆུས་འཇིག་པ་ལན་གཅིག། ཆུས་འཇིག་པ་ལན་བདུན་ཞིང་རླུང་གིས་འཇིག་པ་ལན་བདུན་འབྱུང་ངོ་། །བར་གྱི་བསྐལ་པ་ནི་
གསུམ་སྟེ། མཚོན་གྱི་བར་གྱི་བསྐལ་པ་དང་། ནད་ཀྱི་བར་གྱི་བསྐལ་པ་དང་། མུ་གེའི་བར་གྱི་བསྐལ་པ་སྟེ། བསྐལ་པ་ནི་མཚོན་དང་ནད་དང་མུ་གེ་གསུམ་གྱིས་མཐའ་ཐུག་པར་འགྱུར་རོ། །གང་གི་ཚེ་མཚོན་གྱི་བར་གྱི་བསྐལ་པ་འོང་དུ་ཆ་ཞིང་འབྱུང་དུ་ཉེ་བར་གྱུར་པ་དེའི་
ཚེ་མི་རྣམས་ཀྱི་ཚེ་ལོ་བཅུ་ཐུབ་པར་གྱུར་ཏེ། ཚེ་ལོ་བཅུ་པའི་མི་རྣམས་ཀྱི་ནང་ན་གང་ཡུན་རིང་དུ་འཚོ་བ་དེས་ལོ་བཅུ་ཐུབ་སྟེ་དཔེར་ན་ད་ལྟར་གྱི་མི་རྣམས་ཀྱི་ནང་ན་གང་ཡུན་རིང་དུ་འཚོ་ཞིང་ཅི་ལེགས་ཅི་བདེར་རིམ་གྲོ་བྱེད་པ་དེས་ལོ་བརྒྱའམ། ཅུང་ཟད་ལྷག་པར་ཐུབ་པ་དེ་བཞིན་དུ་ཚེ་ལོ་
བཅུ་པའི་མི་རྣམས་ཀྱི་ནང་ན་ཡང་ཡུན་རིང་དུ་འཚོ་བ་དེས་ལོ་བཅུ་ཐུབ་པོ། །ཚེ་ལོ་བཅུ་པའི་མི་རྣམས་ཀྱི་བུ་གཅིག་པ་སྡུག་ཅིང་ཡིད་དུ་འོང་བ་ལ་མས་ལེགས་སུ་སྨོན་པ་ན་བདག་གི་བུ་ལོ་བཅུ་པའི་བར་དུ་ཡུན་རིང་དུ་འཚོ་བར་གྱུར་ཅིག་ཅེས་ལེགས་སུ་སྨོན་པར་བྱེད་དེ། དཔེར་ན་ད་ལྟར་གྱི་མི་
རྣམས་ཀྱི་བུ་གཅིག་པ་སྡུག་ཅིང་ཡིད་དུ་འོང་བ་ལ་མས་ལེགས་སུ་སྨོན་པ་ན་འདི་སྐད་དུ། བདག་གི་བུ་ལོ་བརྒྱའི་བར་དུ་ཡུན་རིང་དུ་འཚོ་བར་གྱུར་ཅིག་ཅེས་ལེགས་སུ་སྨོན་པར་བྱེད་པ་དེ་བཞིན་དུ། ཚེ་ལོ་བཅུ་པའི་མི་རྣམས་ཀྱི་བུ་གཅིག་པ་སྡུག་ཅིང་ཡིད་དུ་འོང་བ་ལ་མས་ལེགས་སུ་སྨོན་པ་ན་
འདི་སྐད་དུ། བདག་གི་བུ་ལོ་བཅུ་པའི་བར་དུ་ཡུན་རིང་དུ་འཚོ་བར་གྱུར་ཅིག་ཅེས་ལེགས་སུ་སྨོན་པར་བྱེད་དོ། །ཚེ་ལོ་བཅུ་པའི་མི་རྣམས་ཀྱི་བུ་མོ་བཙས་ནས་ཟླ་བ་ལྔ་ལོན་པ་ན་ཁྱིམ་ཐབ་ལ་གཏོང་བར་འགྱུར་ཏེ། དཔེར་ན་ད་ལྟར་གྱི་མི་རྣམས་ཀྱི་བུ་མོ་ལོ་བཅོ་ལྔ་འམ། ལོ་བཅུ་དྲུག་ལོན་
པ་ན་ཁྱིམ་ཐབ་ལ་གཏོང་བ་དེ་བཞིན་དུ། ཚེ་ལོ་བཅུ་པའི་མི་རྣམས་ཀྱི་བུ་མོ་བཙས་ནས་ཟླ་བ་ལྔ་ལོན་པ་ན་ཁྱིམ་ཐབ་ལ་གཏོང་བར་འགྱུར་རོ། །ཚེ་ལོ་བཅུ་པའི་མི་རྣམས་ཀྱི་གོས་ཀྱི་ནང་ན་སྐྲའི་ལ་བ་མཆོག་ཏུ་གྱུར་ཏེ། དཔེར་ན་ད་ལྟར་གྱི་མི་རྣམས་ཀྱི་གོས་ཀ་ཤི་ཀའི་རས་ཕྲ་མོ་འམ། ཟར་

མའི་རས་ཕྲ་མོའམ། དུ་གུ་ལའི་རས་ཕྲ་མོའམ། ཀོ་ཏམ་པའི་རས་ཕྲ་མོ་མཆོག་ཡིན་པ་དེ་བཞིན་དུ། ཚེ་ལོ་བཅུ་པའི་མི་རྣམས་ཀྱི་གོས་ཀྱི་ནང་ན་སྐྲའི་ལ་བ་མཆོག་ཏུ་འགྱུར་རོ། །ཚེ་ལོ་བཅུ་པའི་མི་རྣམས་ཀྱི་ཁ་ཟས་ཀྱི་ནང་ན་ཀོ་ཊ་བ་མཆོག་ཏུ་འགྱུར་ཏེ། དཔེར་
ན་ད་ལྟར་གྱི་མི་རྣམས་ཀྱི་ནང་ན་འབྲས་སཱ་ལུའི་ཆན་ནག་པོའི་བག་གསལ་བ་ཚོད་མ་དང་། ཞུ་བ་དང་། བྱ་ན་སྣ་ཚོགས་དང་ལྡན་པ་མཆོག་ཡིན་པ་དེ་བཞིན་དུ། ཚེ་ལོ་བཅུ་པའི་མི་རྣམས་ཀྱི་ཟས་ཀྱི་ནང་ན་ཀོ་ཊ་བ་མཆོག་ཏུ་འགྱུར་རོ། །ཚེ་ལོ་བཅུ་པའི་མི་རྣམས་ཀྱི་རོ་རྣམ་པ་ལྔ་ནུབ་པར་
འགྱུར་ཏེ། ལྔ་གང་ཞེ་ན། འོ་མ་ཡང་ཡོད་ཞོ་ཡང་ཡོད་མོད་ཀྱི་མར་མི་འབྱུང་ངོ་། །ཏིལ་ཡང་ཡོད་ཏིལ་གྱི་ཕྱེ་མ་ཡང་ཡོད་མོད་ཀྱི་ཏིལ་མར་མི་འབྱུང་ངོ་། །སྦྲང་བུ་ཡང་ཡོད་སྤྲ་ཚིལ་ཡང་ཡོད་མོད་ཀྱི་སྦྲང་རྩི་མི་འབྱུང་ངོ་། །བུ་རམ་ཤིང་ཡང་ཡོད་ཁུ་བ་ཡང་ཡོད་མོད་ཀྱི་བུ་རམ་དུ་མི་འགྱུར་རོ། །
ལན་ཚྭ་ནི་གཏན་མེད་པར་འགྱུར་རོ། །ཚེ་ལོ་བཅུ་པའི་མི་རྣམས་ལ་མཚོན་ཆས་བརྒྱན་པར་འགྱུར་ཞིང་མཚོན་ཆས་བཞག་པར་འགྱུར་ཏེ། དཔེར་ན་ད་ལྟར་གྱི་མི་རྣམས་ཀྱི་རྒྱན་མགུལ་གདུབ་བམ། གདུ་བུ་རྒྱན་ཅན་ནམ། རྣ་ཆ་གདུབ་འཁོར་རྣམས་སམ། དཔུང་རྒྱན་རྣམས་སམ། ལག་པའི་རྒྱན་རྣམས་
སམ། རྐང་པའི་རྒྱན་རྣམས་སམ། སོར་གདུབ་ཀྱི་རྒྱན་རྣམས་སམ། གསེར་དངུལ་གྱི་ཕྲེང་བ་ཐོགས་པ་དེ་བཞིན་དུ་ཚེ་ལོ་བཅུ་པའི་མི་རྣམས་མཚོན་ཆས་བརྒྱན་ཅིང་མཚོན་ཆས་བཞག་པར་འགྱུར་རོ། །ཚེ་ལོ་བཅུ་པའི་མི་རྣམས་ཀྱི་ནང་ན་གང་མར་མི་འཛིན་པ་དང་། ཕར་མི་འཛིན་པ་དང་། དགེ་
སྦྱོང་དུ་མི་འཛིན་པ་དང་། བྲམ་ཟེར་མི་འཛིན་པ་དེ་དག་བཀུར་བ་དང་། གཅེས་སུ་བྱས་པ་དང་། རབ་ཏུ་བསྔགས་པར་འགྱུར་ཏེ། དཔེར་ན་ད་ལྟར་གྱི་མི་རྣམས་ཀྱི་ནང་ན་གང་མར་འཛིན་པ་དང་། ཕར་འཛིན་པ་དང་། དགེ་སྦྱོང་དུ་འཛིན་པ་དང་། བྲམ་ཟེར་འཛིན་པ་དེ་དག་བཀུར་ཞིང་གཅེས་
པར་བྱ་བ་དང་། རབ་ཏུ་བསྔགས་པ་དེ་བཞིན་དུ། ཚེ་ལོ་བཅུ་པའི་མི་རྣམས་ཀྱི་ནང་ན་གང་མར་མི་འཛིན་པ་དང་། ཕར་མི་འཛིན་པ་དང་། དགེ་སྦྱོང་དུ་མི་འཛིན་པ་དང་། བྲམ་ཟེར་མི་འཛིན་པ་དེ་དག་བཀུར་ཞིང་གཅེས་སུ་བྱ་བ་དང་། རབ་ཏུ་བསྔགས་པར་འགྱུར་རོ། །ཚེ་ལོ་བཅུ་པའི་མི་རྣམས་

སེམས་ཅན་གཅིག་གིས་གཅིག་མཐོང་ན་ཤས་ཆེར་ཞེ་སྡང་བའི་སེམས་དང་། གསད་པའི་སེམས་ཉེ་བར་གནས་པར་འགྱུར་ཏེ། དཔེར་ན་ད་ལྟར་གྱི་མི་རྣམས་ལ་རི་དགས་ཀྱི་རྔོན་པས་དགོན་པའི་རི་དགས་མཐོང་ན་ཤས་ཆེར་ཞེ་སྡང་བའི་སེམས་དང་། གསད་པའི་སེམས་ཉེ་བར་གནས་
པར་འགྱུར་བ་དེ་བཞིན་དུ་ཚེ་ལོ་བཅུ་པའི་མི་རྣམས་གཅིག་གིས་གཅིག་མཐོང་ན། ཤས་ཆེར་ཞེ་སྡང་བའི་སེམས་དང་། གསད་པའི་སེམས་ཉེ་བར་གནས་པར་འགྱུར་རོ། །ཚེ་ལོ་བཅུ་པའི་མི་རྣམས་ཀྱི་གནས་རྣམས་སུ་ཞག་བདུན་དུ་མཚོན་འབྱུང་བར་འགྱུར་ཏེ། དེ་དག་གིས་ཤིང་ངམ།
གསེག་མའམ། གྱོ་མོའང་རུང་སྟེ། གང་དང་གང་ལ་ནོམ་པ་དེ་དག་ཐམས་ཅད་མཚོན་ཆ་ཤིན་ཏུ་རྣོ་ཞིང་འཇེབས་པར་འགྱུར་ཏེ། ཤིན་ཏུ་རྣོ་ཞིང་འཇེབས་པ་དེ་དང་། དེ་དག་གིས་གཅིག་ལ་གཅིག་སྲོག་དང་བྲལ་བར་བྱེད་དེ། གཉེན་འདུན་ཟད་པ་དང་། ལོངས་སྤྱོད་ཟད་པ་དང་། ནོར་ཟད་
པར་འགྱུར་རོ། །མཚོན་གྱི་བར་གྱི་བསྐལ་པ་དེ་ཡང་ཞག་བདུན་ཁོ་ནར་ཟད་དེ། ཞག་བདུན་འདས་ནས་མཐར་ཐུག་པར་བརྗོད་པར་བྱའོ། །དེའི་ཚེ་གང་སུ་ཡང་རུང་སྟེ། ཤི་བ་དེ་དག་ཐམས་ཅད་ལུས་དང་བྲལ་ནས་སེམས་ཅན་དམྱལ་བ་རྣམས་སུ་སྐྱེ་བར་འགྱུར་རོ། །དེ་ན་མི་གང་དག་མཚོན་གྱི་བར་
གྱི་བསྐལ་པ་དེས་ལྡོག་ཅིང་འཛེམ་པར་འགྱུར་ལ། སྨོད་ཅིང་རྣམ་པར་སྨོད་པ་དེ་དག་ལས་ཁ་ཅིག་ནི་ཆུའི་རྫོང་དང་། རིའི་རྫོང་དང་། རྫ་སྟུག་པོ་དང་། ནགས་ཚལ་སྟུག་པོ་དག་ཏུ་ཞུགས་ཏེ། དེར་ཞག་བདུན་གྱི་བར་དུ་རྩ་བ་དང་། ཆུས་འཚོ་ཞིང་འདུག་ནས་གྲོང་དང་། གྲོང་རྡལ་དང་། ཡུལ་
འཁོར་དང་། རྒྱལ་པོའི་ཕོ་བྲང་འཁོར་དག་ཏུ་ཕྱིར་ལོག་སྟེ། སེམས་ཅན་དེ་དག་གཅིག་གིས་གཅིག་མཐོང་ན་ཤས་ཆེར་བྱམས་པ་དང་། སྡུག་པ་དང་། གུས་པ་དང་། སྙིང་བརྩེ་བའི་སེམས་ཉེ་བར་གནས་པར་འགྱུར་ཏེ། འདི་སྐད་དུ། ཀྱེ་མ་སེམས་ཅན་གསོན་པོ་མཐོང་ངོ་། །
ཀྱེ་མ་སེམས་ཅན་གསོན་པོ་མཐོང་ངོ་ཞེས་འཛེར་ཏོ། །དཔེར་ན་ད་ལྟར་གྱི་མི་རྣམས་ཀྱི་མ་ལ་བུ་གཅིག་པ་སྡུག་པ་ཡིད་དུ་འོང་བ་ཞིག་ཡོད་ལ། ཟླ་བ་བརྒྱད་དམ་ཟླ་བ་དགུ་ལོན་ཏེ་ཕྲད་ན་ཤས་ཆེར་བྱམས་པ་དང་། སྡུག་པ་དང་། གུས་པ་དང་། སྙིང་བརྩེ་བའི་སེམས་ཉེ་བར་གནས་པ་འདི་སྐད་དུ་

ཀྱེ་མ་བུ་གསོན་པོ་མཐོང་ངོ་ཀྱེ་མ་བུ་གསོན་པོ་མཐོང་ངོ་ཞེས་ཟེར་བ་དེ་བཞིན་དུ། སེམས་ཅན་དེ་དག་གཅིག་མཐོང་ན་ཤས་ཆེར་བྱམས་པ་དང་། སྡུག་པ་དང་། གུས་པ་དང་། སྙིང་བརྩེ་བའི་སེམས་ཉེ་བར་གནས་པར་འགྱུར་ཏེ། འདི་སྐད་དུ། ཀྱེ་
མ་སེམས་ཅན་གསོན་པོ་མཐོང་ངོ་། །ཀྱེ་མ་སེམས་ཅན་གསོན་པོ་མཐོང་ངོ་ཞེས་ཀྱང་འཛེར་ཏོ།། །།བར་གྱི་མདོ་ལ། རིང་དུ་གང་འཚོ་མ་དང་བུ་མོ་དང་། །གོས་དང་ཟས་དང་ནུབ་པར་འགྱུར་བ་དང་། །རྒྱན་རྣམས་དང་ནི་བཀུར་དང་སྡང་བ་དང་། །ཞག་བདུན་གནས་རྣམས་
སུ་ནི་མཚོན་ཆ་འབྱུང་། །སེམས་ཅན་དེ་དག་འདི་སྐད་དུ། བདག་ཅག་མཚོན་ཆས་སྲོག་གཅོད་པ་འདིས་གཅིག་ལ་གཅིག་རྣམ་པར་བརླག་པ་ལ་ཞུགས་པས་གཉེན་འདུན་ཟད་པར་གྱུར་ཅིང་ལོངས་སྤྱོད་ཟད་པ་དང་ནོར་ཟད་པར་གྱུར་གྱི་བདག་ཅག་གིས་དགེ་བའི་ཆོས་འགའ་ཞིག་ཡང་དག་
པར་བླངས་ཏེ་འཁོད་པར་བྱ་ན་བདག་ཅག་གི་དགེ་བའི་ཆོས་གང་ཞིག་ཡང་དག་པར་བླངས་ཏེ་འཁོད་པར་བྱ་སྙམ་དུ་སེམས་སོ། །དེ་དག་འདི་སྙམ་དུ་ཀྱེ་མ་བདག་ཅག་གི་སྲོག་གཅོད་པ་ཡིན་གྱི་བདག་ཅག་གིས་མཚོན་ཆས་སྲོག་གཅོད་པ་སྤང་བར་བྱའོ་ཞེས་ནས་དེ་དག་མཚོན་ཆས་སྲོག་གཅོད་
པ་སྤང་ངོ་། །ཚེ་ལོ་བཅུ་པའི་མིས་མཚོན་ཆས་སྲོག་གཅོད་པ་སྤོང་བ་དེ་དག་གི་བུ་དང་བུ་མོ་བཙས་པ་རྣམས་ཚེ་ལོ་ཉི་ཤུ་ཐུབ་པར་གྱུར་ཏོ། །ཚེ་ལོ་ཉི་ཤུ་པའི་མི་རྣམས་འདི་སྙམ་དུ། ཀྱེ་མ་དགེ་བའི་ཆོས་རྣམས་ཡང་དག་པར་བླངས་པའི་ཕྱིར་ཚེ་ཡང་ནུར་ལ་ཁ་དོག་དང་སྟོབས་དང་། བདེ་བ་དང་
ལོངས་སྤྱོད་དག་ཀྱང་འཕེལ་བར་སྣང་གི། ཡང་ལྷག་པར་དགེ་བའི་ཆོས་འགའ་ཞིག་ཡང་དག་པར་བླངས་ཏེ། འཁོད་པར་བྱ་ན་བདག་ཅག་གིས་དགེ་བའི་ཆོས་གང་ཞིག་ཡང་དག་པར་བླངས་ཏེ་འཁོད་པར་བྱ་སྙམ་དུ་སེམས་སོ། །དེ་དག་འདི་སྙམ་དུ་ཀྱེ་མ་བདག་ཅག་ནི་མ་བྱིན་པར་ལེན་པ་
ཡིན་གྱི། བདག་ཅག་གིས་མ་བྱིན་པར་ལེན་པ་སྤང་བར་བྱའོ་ཞེས་ནས་དེ་དག་མ་བྱིན་པར་ལེན་པ་སྤོང་ངོ་། །ཚེ་ལོ་ཉི་ཤུ་བའི་མི་མ་བྱིན་པར་ལེན་པ་སྤོང་བ་དེ་དག་གི་བུ་དང་བུ་མོ་བཙས་པ་རྣམས་ཚེ་ལོ་བཞི་བཅུ་ཐུབ་པར་གྱུར་ཏེ། དེ་དག་ལས་ཁ་ཅིག་ནི་ཚེ་ལོ་ལྔ་བཅུ་ཐུབ་པར་གྱུར་ཏོ། །ཚེ་ལོ་ལྔ་

བཅུ་པའི་མི་རྣམས་འདི་སྙམ་དུ་ཀྱེ་དགེ་བའི་ཆོས་རྣམས་ཡང་དག་པར་བླངས་པའི་ཕྱིར་ཚེ་ཡང་ནུར་ལ་ཁ་དོག་དང་སྟོབས་དང་བདེ་བ་དང་ལོངས་སྤྱོད་དག་ཀྱང་འཕེལ་བར་སྣང་གི། བདག་ཅག་གིས་ཡང་ལྷག་པར་དགེ་བའི་ཆོས་འགའ་ཞིག་ཡང་དག་པར་བླངས་ཏེ་འཁོད་པར་བྱ་ན། བདག་
ཅག་གིས་དགེ་བའི་ཆོས་གང་ཞིག་ཡང་དག་པར་བླངས་ཏེ་འཁོད་པར་བྱ་སྙམ་དུ་སེམས་སོ། །དེ་དག་འདི་སྙམ་དུ་ཀྱེ་མ་བདག་ཅག་ནི་འདོད་པ་ལ་ལོག་པར་གཡེམ་པ་ཡིན་གྱི། བདག་ཅག་གིས་འདོད་པ་ལ་ལོག་པར་གཡེམ་པ་སྤང་བར་བྱའོ་ཞེས་ནས་དེ་དག་འདོད་པ་ལ་ལོག་པར་གཡེམ་པ་
སྤོང་ངོ་། །ཚེ་ལོ་ལྔ་བཅུ་པའི་མི་འདོད་པ་ལ་ལོག་པར་གཡེམ་པ་སྤོང་བ་དེ་དག་གི་བུ་དང་བུ་མོ་བཙས་པ་རྣམས་ཚེ་ལོ་བརྒྱ་ཐུབ་པར་གྱུར་ཏོ། །ཚེ་ལོ་བརྒྱ་པའི་མི་རྣམས་འདི་སྙམ་དུ་དགེ་བའི་ཆོས་རྣམས་ཡང་དག་པར་བླངས་པའི་ཕྱིར་ཚེ་ཡང་ནུར་ལ། ཁ་དོག་དང་། སྟོབས་དང་བདེ་བ་དང་།
ལོངས་སྤྱོད་དག་ཀྱང་འཕེལ་བར་སྣང་གི། བདག་ཅག་གིས་ཡང་ལྷག་པར་དགེ་བའི་ཆོས་འགའ་ཞིག་ཡང་དག་པར་བླངས་ཏེ་འཁོད་པར་བྱ་ན། བདག་ཅག་གིས་དགེ་བའི་ཆོས་ག