Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 139

Văn bản gốc(Tây Tạng)

Trang 5 / 15 (50.000 ký tự/trang)
ེ་ནས་སེམས་ཅན་དེ་དག་འདུས་ནས་དེ་དག་གི་ནང་ན་སེམས་ཅན་གང་ཆེས་གཟུགས་བཟང་བ་དང་། ཆེས་བལྟ་ན་སྡུག་པ་དང་། ཆེས་མཛེས་པ་དང་། ཆེས་དབང་ཆེ་བར་གྲགས་པ་གང་ཡིན་པའི་སེམས་ཅན་དེ་ལ་འདི་སྐད་དུ།

ཀྱེ་སེམས་ཅན་ཁྱོད་ཚུར་ཤོག །བདག་ཅག་གི་ཞིང་གི་བདག་པོ་ལེགས་པ་ཁོ་ནར་བྱོས་ལ། སེམས་ཅན་བདག་ཅག་ལས་ཆད་པས་བཅད་པའི་རིགས་པ་རྣམས་ནི་ཆད་པས་ཆོད་ཅིག །ཕན་གདགས་པའི་རིགས་པ་རྣམས་ལ་ནི་ཕན་ཐོགས་ཤིག །བདག་
ཅག་གི་ཞིང་རྣམས་ལས་སྐྱེས་པ་གང་ཡིན་པ་དེ་ལས་ཀྱང་བདག་ཅག་གིས་དུས་དུས་སུ་ཆོས་བཞིན་དུ་ཐོག་ཤས་སྦྱིན་ནོ་ཞེས་སྨྲས་སོ། །དེ་ནས་སྐྱེ་བོ་མང་པོས་བཀུར་ཏོ་ཞེས་ནས་མང་པོས་བཀུར་བ་མང་པོས་བཀུར་བ་ཞེས་མིང་དུ་ཆགས་སོ། །ཞིང་རྣམས་ཀྱི་བདག་པོར་གྱུར་པ་དང་། ཕོངས་པ་ལས་སྐྱོབ་པའི་ཕྱིར་
རྒྱལ་རིགས་རྒྱལ་རིགས་ཞེས་བྱ་བར་མིང་དུ་ཆགས་སོ། །ཆོས་དང་ཚུལ་ཁྲིམས་ཀྱི་ཚུལ་ཀུན་དུ་སྤྱོད་པ་དང་། ཤེས་རབ་ཀྱི་ཚུལ་ཀྱང་ཀུན་ཏུ་སྤྱོད་པས་འཁོར་མགུ་བར་བྱེད་པའི་ཕྱིར་རྒྱལ་པོ་ཞེས་བྱ་བར་མིང་དུ་ཆགས་སོ། །བཅོམ་ལྡན་འདས་ཀྱིས་ཀྱང་གནས་འཇོག་དང་བ་ར་དྷྭ་ཛ་ལུང་
བསྟན་པ་ལས་འདི་སྐད་དུ། གནས་འཇོག་ཅིའི་རྒྱུ་དང་ཅིའི་རྐྱེན་གྱིས་རྒྱལ་རིགས་ཀྱི་ཆོ་རིགས་འཇིག་རྟེན་དུ་བྱུང་ཞེ་ན། འཇིག་རྟེན་འདི་འཇིག་ཅིང་འཇིག་པའི་ཚེ་འཇིག་ན་སེམས་ཅན་ཕལ་ཆེར་འོད་གསལ་གྱི་ལྷའི་རིགས་སུ་སྐྱེ་བ་དེའི་དུས་ཀྱང་ཡོད་ལ་དེའི་སྐབས་ཀྱང་ཡོད་དེ། དེ་དག་དེར་
གཟུགས་བཟང་ཞིང་ཡིད་ལས་སྐྱེས་པ་དང་། མ་ཉམས་ཤིང་དབང་པོ་ཚང་བ་དང་། ཡན་ལག་དང་ཉིང་ལག་ཐམས་ཅད་དང་ལྡན་པ་དང་། བཟང་ཞིང་མདོག་སྡུག་པ་དང་། རང་ལས་འོད་འབྱུང་བ་དང་། ནམ་མཁའ་ལ་འགྲོ་བ་དང་། དགའ་བའི་བཟའ་བ་དང་། དགའ་བའི་ཟས་ཟ་བ་དང་།
ཚེ་རིང་ཞིང་ཡུན་རིང་དུ་གནས་པར་འགྱུར་བ་དེའི་དུས་ཀྱང་ཡོད་ལ་དེའི་སྐབས་ཀྱང་ཡོད་དོ། །འཇིག་རྟེན་འདི་ཆགས་ཤིང་འཆགས་པ་ན་འཇིག་རྟེན་དུ་ས་ཆེན་པོ་འདི་ཆུ་གཅིག་ཅིང་རྒྱ་མཚོ་གཅིག་ཏུ་འགྱུར་བ་དེའི་དུས་ཀྱང་ཡོད་ལ་དེའི་སྐབས་ཀྱང་ཡོད་དེ། ཆུ་གཅིག་ཅིང་རྒྱ་མཚོ་གཅིག་ཏུ་
གྱུར་པའི་ས་ཆེན་པོའི་སྟེང་དུ་རླུང་གིས་སྤྲིས་མ་ཀུན་ཏུ་བསྡུས་ཤིང་ཀུན་ཏུ་འཐས་པར་བྱས་པ་ནས་སྔ་མ་བཞིན་དུ་རྒྱས་པར་སྐྱེ་བོ་མང་པོས་བཀུར་བ་ཞེས་མིང་དུ་ཆགས་པ་དང་། ཞིང་རྣམས་ཀྱི་བདག་པོར་གྱུར་པ་དང་། ཕོངས་པ་ལས་སྐྱོབ་པའི་ཕྱིར་རྒྱལ་རིགས་རྒྱལ་རིགས་ཞེས་བྱ་བར་མིང་

དུ་ཆགས་པ་དང་། ཆོས་དང་ཚུལ་ཁྲིམས་ཀྱི་ཚུལ་ཀུན་ཏུ་སྤྱོད་པ་དང་། ཤེས་རབ་ཀྱི་ཚུལ་ཀུན་ཏུ་སྤྱོད་པས་འཁོར་མགུ་བར་བྱེད་པའི་ཕྱིར་རྒྱལ་པོ་རྒྱལ་པོ་ཞེས་བྱ་བར་མིང་དུ་ཆགས་པའི་བར་དུ་ཐམས་ཅད་བརྗོད་པར་བྱ་སྟེ། གནས་འཇོག་འདི་ནི་རྒྱལ་རིགས་ཆོ་རིགས་འཇིག་རྟེན་དུ་བྱུང་
བའི་གཏན་ཚིགས་ཀྱི་མཆོག་ཡིན་ཏེ་དེ་ཡང་ཆོས་བཞིན་དུ་བྱེད་པ་ཡིན་ཏེ་ཆོས་མ་ཡིན་པས་ནི་མ་ཡིན་ནོ། །དེ་ལ་འདི་ནི་རྒྱལ་པོའི་དབང་པོ་མཆོག་རྣམས་ཀྱི་ཆོས་སོ། །གང་གི་ཚེ་མང་པོས་བཀུར་བ་རྒྱལ་པོ་ཆེན་པོར་གྱུར་པ་དེའི་ཚེ་ནི་མི་རྣམས་ཀྱི་མིང་སེམས་ཅན་ཞེས་བྱ་བར་གྱུར་ཏོ། །
མང་པོས་བཀུར་བའི་བུ་ནི་འོད་མཛེས་ཞེས་བྱ་བར་གྱུར་ཏེ། གང་གི་ཚེ་འོད་མཛེས་རྒྱལ་པོ་ཆེན་པོར་གྱུར་པ་དེའི་ཚེ་ནི་མི་རྣམས་ཀྱི་མིང་ནི་ཆུ་སྟོད་ཆུ་སྟོད་ཅེས་བྱ་བར་གྱུར་ཏོ། །འོད་མཛེས་ཀྱི་བུ་དགེ་བ་ཞེས་བྱ་བར་གྱུར་ཏེ། གང་གི་ཚེ་དགེ་བ་ཞེས་བྱ་བ་རྒྱལ་པོར་གྱུར་པ་དེའི་ཚེ་ནི་མི་རྣམས་ཀྱི་
མིང་ཏིལ་ལས་སྐྱེས་ཏིལ་ལས་སྐྱེས་ཞེས་བྱ་བར་གྱུར་ཏོ། །དགེ་བའི་བུ་ནི་དགེ་མཆོག་ཅེས་བྱ་བར་གྱུར་ཏེ། གང་གི་ཚེ་དགེ་མཆོག་རྒྱལ་པོར་གྱུར་པ་དེའི་ཚེ་ནི་མི་རྣམས་ཀྱི་མིང་སྤྲིན་མགྲིན་སྤྲིན་མགྲིན་ཞེས་བྱ་བར་གྱུར་ཏོ། །དགེ་མཆོག་གི་བུ་ནི་གསོ་སྦྱོང་འཕགས་ཞེས་བྱ་བར་གྱུར་ཏེ།
གང་གི་ཚེ་གསོ་སྦྱོང་འཕགས་རྒྱལ་པོར་གྱུར་པ་དེའི་ཚེ་ནི་མི་རྣམས་ཀྱི་མིང་ཏ་ལའི་རྗེ་ངར་ཏ་ལའི་རྗེ་ངར་ཞེས་བྱ་བར་གྱུར་ཏོ། །རྒྱལ་པོ་གསོ་སྦྱོང་འཕགས་ཀྱི་སྤྱི་བོར་ཕོལ་མིག་ཅིག་བྱུང་སྟེ། འཇམ་ཞིང་ཤིན་ཏུ་འཇམ་པ་ནི་དཔེར་ན་ཤིང་བལ་གྱི་འདའ་བ་འམ། རས་བལ་གྱི་འདའ་བ་བཞིན་
ཏེ། དེ་ལ་ཅུང་ཟད་ཀྱང་གནོད་པ་མེད་དེ། དེ་སྨིན་ཏེ་རྡོལ་བ་ལས་ཁྱེའུ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་ལྡན་པ་ཅིག་བྱུང་སྟེ། མིང་སྤྱི་བོ་སྐྱེས་སྤྱི་བོ་སྐྱེས་ཞེས་བྱ་བ་དང་། ང་ལས་ནུ་ང་ལས་ནུ་ཞེས་བྱ་བར་གྱུར་ཏེ། གཞོན་ནུ་དེ་
རྫུ་འཕྲུལ་ཆེ་ཞིང་མཐུ་ཆེ་བར་གྱུར་ཏེ། དེས་གླིང་བཞི་ཆར་དུ་ཡང་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་དབང་བྱེད་དོ། །གང་གི་ཚེ་རྒྱལ་པོ་ང་ལས་ནུ་བྱུང་བ་དེའི་ཚེ་གཞུང་ལུགས་ཆེན་པོ་རྒྱ་ཆེའོ་ཅོག་དཔྱད་ཅིང་བསམས་ཏེ། སློབ་ཅིང་ཉེ་བར་བརྟགས་ནས་བྱས་པས་ན་དེ་ཕྱིན་ཆད་ནས་ད་ལྟར་གྱི་

བར་དུ་མི་རྣམས་ཀྱི་མིང་དཔྱོད་པ་ཅན་དང་། སེམས་པ་ཅན་དང་། ཉེ་བར་རྟོགས་པ་ཅན་དང་། ཤེད་ལས་སྐྱེས་པ་ཤེད་ལས་སྐྱེས་པ་ཞེས་བྱ་བར་གྱུར་ཏོ། །རྒྱལ་པོ་ང་ལས་ནུའི་བརླ་གཡས་པ་ནས་ཕོལ་མི་གཅིག་བྱུང་སྟེ། འཇམ་ཞིང་ཤིན་ཏུ་འཇམ་པ་ནི་དཔེར་ན་
ཤིང་བལ་གྱི་འདའ་བ་འམ། རས་བལ་གྱི་འདའ་བ་བཞིན་ཏེ། དེ་ལ་ཅུང་ཟད་ཀྱང་གནོད་པ་མེད་དེ། དེ་སྨིན་ཅིང་རྡོལ་བ་ལས་ཁྱེའུ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་ལྡན་པ་ཞིག་བྱུང་སྟེ། རྐང་པ་གཡས་པ་ནས་བྱུང་བའི་ཕྱིར་དེའི་མིང་མཛེས་པ་
མཛེས་པ་ཞེས་བྱ་བར་གྱུར་ཏོ། །གཞོན་ནུ་དེ་རྫུ་འཕྲུལ་ཆེ་ཞིང་མཐུ་ཆེ་སྟེ། དེས་ཀྱང་གླིང་གསུམ་དུ་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་དབང་བྱས་སོ། །རྒྱལ་པོ་མཛེས་པའི་བརླ་གཡོན་པ་ནས་ཕོལ་མིག་ཅིག་བྱུང་སྟེ། འཇམ་ཞིང་ཤིན་ཏུ་འཇམ་པ་ནི་དཔེར་ན་ཤིང་བལ་གྱི་འདའ་བའམ། རས་བལ་གྱི་འདའ་བ་
བཞིན་ཏེ། དེ་ལ་ཅུང་ཟད་ཀྱང་གནོད་པ་མེད་དོ། །དེ་སྨིན་ཏེ་རྡོལ་བ་ལས་ཁྱེའུ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་ལྡན་པ་ཞིག་བྱུང་སྟེ། རྐང་པ་གཡོན་པ་ནས་སྐྱེས་སོ་ཞེས་ནས་མིང་ཉེ་མཛེས་ཉེ་མཛེས་ཞེས་བྱ་བར་གྱུར་ཏོ། །གཞོན་ནུ་དེ་རྫུ་
འཕྲུལ་ཆེ་ཞིང་མཐུ་ཆེ་སྟེ། དེས་ཀྱང་གླིང་གཉིས་སུ་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་དབང་བྱས་སོ། །རྒྱལ་པོ་ཉེ་མཛེས་ཀྱི་རྐང་པའི་བོལ་ལས་ཕོལ་མིག་གཅིག་བྱུང་སྟེ། འཇམ་ཞིང་ཤིན་ཏུ་འཇམ་པ་ནི་དཔེར་ན་ཤིང་བལ་གྱི་འདའ་བ་འམ། རས་བལ་གྱི་འདའ་བ་བཞིན་ཏེ། དེ་ལ་ཅུང་ཟད་ཀྱང་གནོད་པ་
མེད་དོ། །དེ་སྨིན་ཏེ་རྡོལ་བ་ལས་ཁྱེའུ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་ལྡན་པ་ཞིག་བྱུང་སྟེ། དེ་རྐང་པའི་བོལ་གྱི་སྟེང་ནས་བྱུང་བའི་ཕྱིར་མིང་མཛེས་ཅན་མིང་མཛེས་ཅན་ཞེས་བྱ་བར་གྱུར་ཏོ། །གཞོན་ནུ་དེ་རྫུ་འཕྲུལ་ཆེ་ཞིང་མཐུ་ཆེ་སྟེ། དེས་
ཀྱང་གླིང་གཅིག་ཏུ་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་དབང་བྱས་སོ། །རྒྱལ་པོ་མཛེས་ཅན་གྱི་རྐང་པའི་མཐིལ་གྱི་འོག་ནས་ཕོལ་མིག་ཅིག་བྱུང་སྟེ། འཇམ་ཞིང་ཤིན་ཏུ་འཇམ་པ་ནི་དཔེར་ན་ཤིང་བལ་གྱི་འདའ་བ་འམ་རས་བལ་གྱི་འདའ་བ་བཞིན་ཏེ། དེ་ལ་ཅུང་ཟད་ཀྱང་གནོད་པ་མེད་དོ། །དེ་སྨིན་ཏེ་རྡོལ་བ་ལས་

ཁྱེའུ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་ལྡན་པ་ཞིག་བྱུང་སྟེ། རྐང་པའི་མཐིལ་གྱི་འོག་ནས་སྐྱེས་སོ། །རྐང་པའི་མཐིལ་གྱི་འོག་ནས་སྐྱེས་སོ་ཞེས་ནས་མིང་མཛེས་ལྡན་ཞེས་བྱ་བར་གྱུར་ཏོ། །གཞོན་ནུ་དེ་རྫུ་འཕྲུལ་ཆེ་ཞིང་མཐུ་ཆེ་སྟེ། དེས་
ཀྱང་གླིང་གཅིག་ཏུ་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་དབང་བྱས་སོ། །དེ་ཕྱིན་ཆད་ཀྱི་འཁོར་ལོས་སྒྱུར་བའི་རྒྱལ་པོ་རྣམས་ནི་གླིང་གཅིག་ལ་དབང་བ་ཤ་སྟག་ཡིན་པར་རིག་པར་བྱའོ། །མཛེས་ལྡན་གྱི་བུ་ནི་བཏང་བའོ། །བཏང་བའི་བུ་ནི་བཏང་བཟུང་ངོ་། །བཏང་བཟུང་གི་བུ་ནི་ཤ་ཀུ་ནིའོ། །ཤ་ཀུ་ནིའི་བུ་ནི་ཤ་
ཀུ་ནི་ཆེན་པོའོ། །ཤ་ཀུ་ནི་ཆེན་པོའི་བུ་ནི་ཀུ་ཤིའོ། །ཀུ་ཤིའི་བུ་ནི་ཉེ་བའི་ཀུ་ཤིའོ། །ཉེ་བའི་ཀུན་ཤིའི་བུ་ནི་ཀུ་ཤི་ཆེན་པོའོ། །ཀུ་ཤི་ཆེན་པོའི་བུ་ནི་ལེགས་མཐོང་ངོ་། །ལེགས་མཐོང་གི་བུ་ནི་ལེགས་མཐོང་ཆེན་པོའོ། །ལེགས་མཐོང་ཆེན་པོའི་བུ་ནི་གནོད་སེལ་ལོ། །གནོད་སེལ་གྱི་བུ་ནི་ཤེས་
ལྡན་ནོ། །ཤེས་ལྡན་གྱི་བུ་ནི་སྐལ་ལྡན་ནོ། །སྐལ་ལྡན་གྱི་བུ་ནི་ངན་སྤོང་ངོ་། །ངན་སྤོང་གི་བུ་ནི་ལྷུན་པོའོ། །ལྷུན་པོའི་བུ་ནི་ངེས་འགྲོའོ། །ངེས་འགྲོའི་བུ་ནི་རབ་ཏུ་སྒྲ་གྲགས་སོ། །རབ་ཏུ་སྒྲ་གྲགས་ཀྱི་བུ་ནི་རབ་ཏུ་སྒྲ་གྲགས་ཆེན་པོའོ། །རབ་ཏུ་སྒྲ་གྲགས་ཆེན་པོའི་བུ་ནི་བདེ་བྱེད་དོ། །བདེ་
བྱེད་ཀྱི་བུ་ནི་ཕྱོགས་བདག་གོ། །ཕྱོགས་བདག་གི་བུ་ནི་འདུལ་བཟང་ངོ་། །འདུལ་བཟང་གི་བུ་ནི་རྒྱས་བྱེད་དོ། །རྒྱས་བྱེད་ཀྱི་བུ་ནི་ལྷ་ཆེན་པོའོ། །ལྷ་ཆེན་པོའི་བུ་དང་ཚ་བོ་དང་ཡང་ཚའི་རྒྱུད་ཀྱི་རྒྱལ་པོ་བརྒྱད་ཁྲི་བཞི་སྟོང་གི་འདྲེས་པའི་གྲོང་ཁྱེར་དུ་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་དབང་བྱས་སོ། །དེ་དག་འོག་
ཏུ་རྒྱལ་པོ་མུ་ཁྱུད་ཅེས་བྱ་བ་བྱུང་སྟེ། མུ་ཁྱུད་ཀྱི་བུ་ནི་རྒྱལ་པོའོ། །རྒྱལ་པོའི་བུ་ལྷུན་པོའོ། །ལྷུན་པོའི་བུ་ནི་འཇིགས་བྱེད་ཀྱི་ཤིང་རྟའོ། །འཇིགས་བྱེད་ཀྱི་ཤིང་རྟའི་བུ་ནི་ཤིང་རྟ་བརྒྱ་པའོ། །ཤིང་རྟ་བརྒྱ་པའི་བུ་ནི་ཤིང་རྟ་བཅུ་པའོ། །ཤིང་རྟ་བཅུ་པའི་འོག་ཏུ་ལྔ་ལེན་གྱི་རྒྱལ་པོ་སྟོང་གིས་རྒྱལ་སྲིད་
ཀྱི་དབང་ཕྱུག་ལ་དབང་བྱས་སོ། །ལྔ་ལེན་གྱི་རྒྱལ་པོ་ལྔ་སྟོང་གི་འོག་ཏུ་ཀ་ལིངྐའི་རྒྱལ་པོ་ལྔ་སྟོང་གིས་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་དབང་བྱས་སོ། །ཀ་ལིངྐའི་རྒྱལ་པོ་ལྔ་སྟོང་གི་འོག་ཏུ་ཨ་སྨྲ་ཀའི་རྒྱལ་པོ་བདུན་སྟོང་བྱུང་ངོ་། །ཨ་སྨྲ་ཀའི་རྒྱལ་པོ་བདུན་སྟོང་གི་འོག་ཏུ་སྒྲ་མི་སྙན་གྱི་རྒྱལ་པོ་བརྒྱད་སྟོང་བྱུང་

ངོ་། །སྒྲ་མི་སྙན་གྱི་རྒྱལ་པོ་བརྒྱད་སྟོང་གི་འོག་ཏུ་ཐོད་པ་ཅན་གྱི་རྒྱལ་པོ་དགུ་སྟོང་བྱུང་ངོ་། །ཐོད་པ་ཅན་གྱི་རྒྱལ་པོ་དགུ་སྟོང་གི་འོག་ཏུ་ཡན་ལག་ཅན་གྱི་རྒྱལ་པོ་ཁྲི་བྱུང་ངོ་། །ཡན་ལག་ཅན་གྱི་རྒྱལ་པོ་ཁྲིའི་འོག་ཏུ་མ་ག་དྷཱའི་རྒྱལ་པོ་ཁྲི་ཆིག་སྟོང་བྱུང་ངོ་། །མ་ག་དྷཱའི་རྒྱལ་
པོ་ཁྲི་ཆིག་སྟོང་གི་འོག་ཏུ་ཏ་མ་ལིབ་ཏའི་རྒྱལ་པོ་ཁྲི་ལྔ་སྟོང་བྱུང་ངོ་། །ཏ་མ་ལིབ་ཏའི་རྒྱལ་པོ་ཁྲི་ལྔ་སྟོང་གི་འོག་ཏུ་རྒྱལ་པོ་བུ་རམ་ཤིང་པ་ཞེས་བྱ་བ་བྱུང་ངོ་། །བུ་རམ་ཤིང་པའི་བུ་ཚ་རྒྱུད་དང་ཚ་བོ་དང་ཡང་ཚའི་རྒྱུད་བུ་རམ་ཤིང་པའི་རྒྱལ་པོ་སྟོང་ཆིག་བརྒྱས་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་དབང་བྱས་
སོ། །དེ་དག་གི་འོག་ཏུ་རྒྱལ་པོ་འཕགས་སྐྱེས་པོ་ཞེས་བྱ་བ་བྱུང་སྟེ། འཕགས་སྐྱེས་པོའི་བུ་བཞི་བྱུང་བ་ལ་འདི་ལྟ་སྟེ། བཞིན་འབར་དང་། ལག་རྣ་དང་། གླང་ཆེན་འདུལ་བ་དང་། རྐང་གདུབ་ཅན་ནོ། །དེ་ནས་རྐང་གདུབ་ཅན་གྱི་བུ་རྒྱལ་པོ་རྐང་གདུབ་ཞབས་ཞེས་བྱ་བ་བྱུང་ངོ་། །
རྐང་གདུབ་ཅན་ཞབས་ཀྱི་བུ་ནི་གནས་འཇོག་གོ། །གནས་འཇོག་གི་བུ་ནི་བ་ལང་གནས་སོ། །བ་ལང་གནས་ཀྱི་བུ་ནི་སེང་གེ་འགྲམ་སྟེ། སེང་གེ་འགྲམ་ལ་བུ་བཞི་ཡོད་པ་ལ་འདི་ལྟ་སྟེ། ཟས་གཙང་དང་། ཟས་དཀར་དང་། བྲེ་བོ་ཟས་དང་། བདུད་རྩི་ཟས་སོ། །ཟས་གཙང་གི་སྲས་ནི་བཅོམ་
ལྡན་འདས་སོ། །བཅོམ་ལྡན་འདས་ཀྱི་སྲས་ནི་སྒྲ་གཅན་ཟིན་ནོ། །འདི་ནི་རེ་ཞིག་ཆོས་མངོན་པ་ལས་འབྱུང་བའི་རྒྱལ་པོའི་རིམ་པ་ཡིན་ཏེ། བདག་ཉིད་ཆེན་པོ་དེ་དག་གིས་ཡི་གེ་རྒྱས་པ་དག་ལས་མདོར་བསྡུས་སོ། །འདུལ་བ་ལས་ཇི་སྐད་དུ་འབྱུང་བ་དེ་བཞིན་དུ་ཡང་བྲི་བར་བྱ་སྟེ། མང་
པོས་བཀུར་བ་དང་། འོད་མཛེས་དང་། དགེ་བ་དང་། དགེ་མཆོག་དང་། གསོ་སྦྱོང་འཕགས་དང་། ང་ལས་ནུ་དང་། མཛེས་པ་དང་། ཉེ་མཛེས་དང་། མཛེས་ཅན་དང་། མཛེས་ལྡན་དང་། རྒྱས་བྱེད་དང་། སྲེད་པ་དང་། ཉེ་སྲེད་དང་། བཏང་བ་དང་། བཏང་བཟུང་དང་། ལུས་ཐུལ་དང་
ཤེས་ལྡན་དང་། ངན་སྤོང་དང་། ཤིང་རྟ་སྡུ་གུ་ཅན་དང་། དུག་ཅན་དང་། དུག་ཅན་ཆེན་པོ་དང་། ཤ་ཀུ་ནི་དང་། ཤ་ཀུ་ནི་ཆེན་པོ་དང་། ཀུ་ཤི་དང་། ཉེ་བའི་ཀུ་ཤི་དང་། ཀུ་ཤི་ཆེན་པོ་དང་། རྒྱས་བྱེད་དང་། རྒྱས་བྱེད་ཆེན་པོ་དང་། ལེགས་མཐོང་དང་། ལེགས་མཐོང་ཆེན་པོ་དང་། གནོད་སེལ་དང་།

གནོད་པའི་གནོད་སེལ་དང་། རྨ་བྱ་དང་། ངེས་འགྲོ་དང་། བདེ་བྱེད་དང་། རབ་འདུལ་དང་། རབ་ཏུ་སྒྲ་བསྒྲགས་པ་དང་། རབ་ཏུ་དང་ལྡན་དང་། འོད་བྱེད་དང་། ལྷུན་པོ་དང་། རི་རབ་དང་། ལྷུན་པོ་ལྡན་དང་། མེ་ལྕེ་དང་། མེ་ལྕེ་ཕྲེང་དང་། མེ་ལྕེ་ལྡན་དང་། མེ་ལྕེ་ལྡན་གྱི་བུ་ཚ་རྒྱུད་དང་ཚ་
བོ་དང་ཡང་ཚའི་རྒྱུད་ཀྱི་རྒྱལ་པོ་འབུམ་གྱིས་གྲོང་ཁྱེར་གྲུ་འཛིན་དུ་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་དབང་བྱས་སོ། །དེ་དག་གི་འོག་ཏུ་རྒྱལ་པོ་དགྲ་འདུལ་ཞེས་བྱ་བ་བྱུང་སྟེ། དགྲ་འདུལ་བའི་ཕྱིར་ན་མིང་དགྲ་འདུལ་ཞེས་བྱའོ། །རྒྱལ་པོ་དགྲ་འདུལ་གྱི་བུ་ཚ་རྒྱུད་དང་ཚ་བོ་དང་ཡང་ཚའི་རྒྱུད་ཀྱི་རྒྱལ་པོ་ལྔ་
ཁྲི་བཞི་སྟོང་གིས་གྲོང་ཁྱེར་འཐབ་མེད་དུ་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་དབང་བྱས་སོ། །དེ་དག་གི་འོག་ཏུ་རྒྱལ་པོ་མ་ཕེབས་འབེབས་ཞེས་བྱ་བ་བྱུང་སྟེ། རྒྱལ་པོ་མ་ཕེབས་འབེབས་ཀྱི་བུ་ཚ་རྒྱུད་དང་ཚ་བོ་དང་ཡང་ཚའི་རྒྱུད་ཀྱི་རྒྱལ་པོ་དྲུག་ཁྲི་སུམ་སྟོང་གིས་ཝཱ་རཱ་ཎ་སཱིའི་གྲོང་ཁྱེར་དུ་རྒྱལ་སྲིད་ཀྱི་
དབང་ཕྱུག་ལ་དབང་བྱས་སོ། །དེ་དག་གི་འོག་ཏུ་རྒྱལ་པོ་བཟོད་པར་དཀའ་བ་ཞེས་བྱ་བ་བྱུང་སྟེ། རྒྱལ་པོ་བཟོད་པར་དཀའ་བའི་བུ་ཚ་རྒྱུད་དང་ཚ་བོ་དང་ཡང་ཚའི་རྒྱུད་ཀྱི་རྒྱལ་པོ་བརྒྱད་ཁྲི་བཞི་སྟོང་གིས་གྲོང་ཁྱེར་མདའ་འཛིན་དུ་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་དབང་བྱས་སོ། །དེ་དག་གི་འོག་ཏུ་རྒྱལ་པོ་
ཚངས་པས་བྱིན་ཞེས་བྱ་བ་བྱུང་སྟེ། ཚངས་པས་བྱིན་གྱི་བུ་ཚ་རྒྱུད་དང་། ཚ་བོ་དང་ཡང་ཚའི་རྒྱུད་ཀྱི་རྒྱལ་པོ་སུམ་ཁྲི་ཉིས་སྟོང་གིས་གྲོང་ཁྱེར་གླང་ཅན་གནས་སུ་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་དབང་བྱས་སོ། །དེ་དག་གི་འོག་ཏུ་རྒྱལ་པོ་གླང་བོས་བྱིན་ཞེས་བྱ་བ་བྱུང་སྟེ། རྒྱལ་པོ་གླང་པོས་བྱིན་གྱི་བུ་ཚ་རྒྱུད་
དང་ཚ་བོ་དང་ཡང་ཚའི་རྒྱུད་ཀྱི་རྒྱལ་པོ་ལྔ་སྟོང་གིས་གྲོང་ཁྱེར་རྡོ་འཇོག་ཏུ་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་དབང་བྱས་སོ། །དེ་དག་གི་འོག་ཏུ་རྒྱལ་པོ་བལ་བུ་ཞེས་བྱ་བ་བྱུང་སྟེ། རྒྱལ་པོ་བལ་བུའི་བུ་ཚ་རྒྱུད་དང་ཚ་བོ་དང་ཡང་ཚའི་རྒྱུད་ཀྱི་རྒྱལ་པོ་སུམ་ཁྲི་ཉིས་སྟོང་གིས་གྲོང་ཁྱེར་ཨུ་ར་ཤར་རྒྱལ་སྲིད་ཀྱི་དབང་
ཕྱུག་ལ་དབང་བྱས་སོ། །དེ་དག་གི་འོག་ཏུ་རྒྱལ་པོ་ཚན་ཆེན་ཐུབ་ཅེས་བྱ་བ་བྱུང་སྟེ། རྒྱལ་པོ་ཚན་ཆེན་ཐུབ་ཀྱི་བུ་ཚ་རྒྱུད་དང་ཚ་བོ་དང་ཡང་ཚའི་རྒྱུད་ཀྱི་རྒྱལ་པོ་སུམ་ཁྲི་ཉིས་སྟོང་གིས་གྲོང་ཁྱེར་མ་ཕེབས་སུ་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་དབང་བྱས་སོ། །དེ་དག་གི་འོག་ཏུ་རྒྱལ་པོ་རྒྱལ་པོ་ཞེས་བྱ་བ་

བྱུང་སྟེ། རྒྱལ་པོ་རྒྱལ་པོའི་བུ་ཚ་རྒྱུད་དང་ཚ་བོ་དང་ཡང་ཚའི་རྒྱལ་པོ་ཁྲི་ཉིས་སྟོང་གིས་ཀ་ནྱ་ཀུབ་ཛའི་གྲོང་ཁྱེར་དུ་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་དབང་བྱས་སོ། །དེ་དག་གི་འོག་ཏུ་རྒྱལ་པོ་རྒྱལ་བའི་སྡེ་ཞེས་བྱ་བ་བྱུང་སྟེ། རྒྱལ་པོ་རྒྱལ་བའི་སྡེའི་བུ་ཚ་རྒྱུད་དང་ཚ་བོ་དང་ཡང་ཚའི་
རྒྱུད་ཀྱི་རྒྱལ་པོ་ཁྲི་བརྒྱད་སྟོང་གིས་གྲོང་ཁྱེར་ཙམ་པར་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་དབང་བྱས་སོ། །དེ་དག་གི་འོག་ཏུ་རྒྱལ་པོ་ཀླུ་ལྷ་ཞེས་བྱ་བ་བྱུང་སྟེ། རྒྱལ་པོ་ཀླུ་ལྷའི་བུ་ཚ་རྒྱུད་དང་ཚ་བོ་དང་ཡང་ཚའི་རྒྱུད་ཀྱི་རྒྱལ་པོ་ཉི་ཁྲི་ལྔ་སྟོང་གིས་ཏ་མ་ལིབ་ཏའི་གྲོང་ཁྱེར་དུ་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་དབང་བྱས་
སོ། །དེ་དག་གི་འོག་ཏུ་རྒྱལ་པོ་མིའི་ལྷ་ཞེས་བྱ་བ་བྱུང་སྟེ། རྒྱལ་པོ་མིའི་ལྷའི་བུ་ཚ་རྒྱུད་དང་ཚ་བོ་དང་ཡང་ཚའི་རྒྱུད་ཀྱི་རྒྱལ་པོ་ཁྲི་ཉིས་སྟོང་གིས་ཏ་མ་ལིབ་ཏའི་གྲོང་ཁྱེར་དུ་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་དབང་བྱས་སོ། །དེ་དག་གི་འོག་ཏུ་རྒྱལ་པོ་དུག་ཅན་པའི་ལྷ་ཞེས་བྱ་བ་ཞིག་བྱུང་སྟེ། རྒྱལ་པོ་
དུག་ཅན་པའི་ལྷའི་བུ་ཚ་རྒྱུད་དང་ཚ་བོ་དང་ཡང་ཚའི་རྒྱུད་ཀྱི་རྒྱལ་པོ་ཁྲི་བརྒྱད་སྟོང་གིས་གྲོང་ཁྱེར་སོ་ལྡན་དུ་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་དབང་བྱས་སོ། །དེ་དག་གི་འོག་ཏུ་རྒྱལ་པོ་བློ་བཟང་ཞེས་བྱ་བ་བྱུང་སྟེ། རྒྱལ་པོ་བློ་བཟང་གི་བུ་ཚ་རྒྱུད་དང་ཚ་བོ་དང་ཡང་ཚའི་རྒྱུད་ཀྱི་རྒྱལ་པོ་ཉི་ཁྲི་ཆིག་སྟོང་གིས་གྲོང་ཁྱེར་
རྒྱལ་པོའི་ཁབ་ཏུ་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་དབང་བྱས་སོ། །དེ་དག་གི་འོག་ཏུ་རྒྱལ་པོ་མུན་སེལ་ཞེས་བྱ་བ་བྱུང་སྟེ། རྒྱལ་པོ་མུན་སེལ་གྱི་བུ་ཚ་རྒྱུད་དང་ཚ་བོ་དང་ཡང་ཚའི་རྒྱུད་ཀྱི་རྒྱལ་པོ་བརྒྱས་གྲོང་ཁྱེར་ཝཱ་རཱ་ཎ་སཱིར་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་དབང་བྱས་སོ། །དེ་དག་གི་འོག་ཏུ་རྒྱལ་པོ་དབང་ཆེན་
སྡེ་ཞེས་བྱ་བ་བྱུང་སྟེ། རྒྱལ་པོ་དབང་ཆེན་སྡེའི་བུ་ཚ་རྒྱུད་དང་ཚ་བོ་དང་ཡང་ཚའི་རྒྱུད་ཀྱི་རྒྱལ་པོ་བརྒྱད་ཁྲི་བཞི་སྟོང་གིས་གྲོང་ཁྱེར་ཀུ་ཤི་ལྡན་དུ་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་དབང་བྱས་སོ། །དེ་དག་གི་འོག་ཏུ་རྒྱལ་པོ་རྒྱ་མཚོ་ལྷ་ཞེས་བྱ་བ་བྱུང་སྟེ། རྒྱལ་པོ་རྒྱ་མཚོ་ལྷའི་བུ་ཚ་རྒྱུད་དང་ཚ་བོ་དང་ཡང་ཚའི་
རྒྱུད་ཀྱི་རྒྱལ་པོ་སྟོང་གིས་ཡང་གྲོང་ཁྱེར་གྲུ་འཛིན་དུ་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་དབང་བྱས་སོ། །དེ་དག་གི་འོག་ཏུ་རྒྱལ་པོ་དཀའ་ཐུབ་སྤྱོད་ཅེས་བྱ་བ་བྱུང་སྟེ། རྒྱལ་པོ་དཀའ་ཐུབ་སྤྱོད་ཀྱི་བུ་ཚ་རྒྱུད་དང་ཚ་བོ་དང་ཡང་ཚའི་རྒྱུད་ཀྱི་རྒྱལ་པོ་བརྒྱད་ཁྲི་བཞི་སྟོང་གིས་ཡང་གྲོང་ཁྱེར་ཀུ་ཤི་ལྡན་དུ་རྒྱལ་སྲིད་ཀྱི་

དབང་ཕྱུག་ལ་དབང་བྱས་སོ། །དེ་དག་གི་འོག་ཏུ་རྒྱལ་པོ་ས་གཙོ་ཞེས་བྱ་བ་བྱུང་སྟེ། རྒྱལ་པོ་ས་གཙོའི་བུ་ཚ་རྒྱུད་དང་ཚ་བོ་དང་ཡང་ཚའི་རྒྱུད་ཀྱི་རྒྱལ་པོ་སྟོང་གིས་ཡང་གྲོང་ཁྱེར་ཝཱ་རཱ་ཎ་སཱིར་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་དབང་བྱས་སོ། །དེ་དག་གི་འོག་ཏུ་རྒྱལ་པོ་ས་བདག་ཅེས་བྱ་བ་བྱུང་སྟེ། རྒྱལ་
པོ་ས་བདག་གི་བུ་ཚ་རྒྱུད་དང་ཚ་བོ་དང་ཡང་ཚའི་རྒྱུད་ཀྱི་རྒྱལ་པོ་སྟོང་གིས་ཡང་གྲོང་ཁྱེར་འཐབ་མེད་དུ་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་དབང་བྱས་སོ། །དེ་དག་གི་འོག་ཏུ་རྒྱལ་པོ་ས་འཛིན་ཞེས་བྱ་བ་བྱུང་སྟེ། རྒྱལ་པོ་ས་འཛིན་གྱི་བུ་ཚ་རྒྱུད་དང་ཚ་བོ་དང་ཡང་ཚའི་རྒྱུད་ཀྱི་རྒྱལ་པོ་བརྒྱད་ཁྲི་བཞི་སྟོང་གིས་ཡང་འདྲེས་
པའི་གྲོང་ཁྱེར་དུ་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་དབང་བྱས་སོ། །དེ་དག་གི་འོག་ཏུ་རྒྱལ་པོ་ལྷ་ཆེན་པོ་ཞེས་བྱ་བ་བྱུང་སྟེ། རྒྱལ་པོ་ལྷ་ཆེན་པོའི་བུ་ཚ་རྒྱུད་དང་ཚ་བོ་དང་ཡང་ཚའི་རྒྱུད་ཀྱི་རྒྱལ་པོ་བརྒྱད་ཁྲི་བཞི་སྟོང་གིས་ཡང་གྲོང་ཁྱེར་འདྲེས་པར་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་དབང་བྱས་ནས་ཐམས་ཅད་དང་འདྲེས་པ་
དེ་ཉིད་དང་། ལྷ་ཆེན་པོའི་ཨ་མྲའི་ཚལ་དེ་ཉིད་དུ་རྒྱལ་པོ་དྲང་སྲོང་དུ་གྱུར་ཏེ། དྲང་སྲོང་གི་ཚངས་པར་སྤྱོད་པ་སྤྱད་དོ། །དེ་དག་གི་འོག་ཏུ་རྒྱལ་པོ་ངེས་འཕེན་ཞེས་བྱ་བ་བྱུང་ངོ་། །ངེས་འཕེན་གྱི་བུ་ནི་མུ་ཁྱུད་དོ། །མུ་ཁྱུད་ཀྱི་བུ་ནི་མུ་ཁྱུད་བརྟན་ནོ། །མུ་ཁྱུད་བརྟན་གྱི་བུ་ནི་ཚན་པོ་ཆེའོ། །ཚན་པོ་ཆེའི་
བུ་ནི་ཟ་བའོ། །ཟ་བའི་བུ་ནི་ཉེ་ཟའོ། །ཉེ་བའི་བུ་ནི་ཟ་བ་ཅན་ནོ། །ཟ་བ་ཅན་གྱི་བུ་ནི་ཟ་ལྡན་ནོ། །ཟ་ལྡན་གྱི་བུ་ནི་གྱ་ནོམ་སྣང་བའོ། །གྱ་ནོམ་སྣང་བའི་བུ་ནི་མཉམ་ལྟའོ། །མཉམ་ལྟའི་བུ་ནི་ཐོས་པའི་སྡེའོ། །ཐོས་པའི་སྡེའི་བུ་ནི་ཆོས་ཀྱི་སྡེའོ། །ཆོས་ཀྱི་སྡེའི་བུ་ནི་རྟོགས་པའོ། །རྟོགས་པའི་བུ་ནི་
རྟོགས་ཆེན་ནོ། །རྟོགས་ཆེན་གྱི་བུ་ནི་རྟོགས་སྡེའོ། །རྟོགས་སྡེའི་བུ་ནི་མྱ་ངན་མེད་དོ། །མྱ་ངན་མེད་པའི་བུ་ནི་མྱ་ངན་བྲལ་ལོ། །མྱ་ངན་བྲལ་གྱི་བུ་ནི་མཚམས་བརྟན་ནོ། །མཚམས་བརྟན་གྱི་བུ་ནི་རྒན་མཚམས་སོ། །རྒན་མཚམས་ཀྱི་བུ་ནི་དུན་མ་རའོ། །དུན་མ་རའི་བུ་ནི་སྐྱ་རེངས་སོ། །སྐྱ་རེངས་
ཀྱི་བུ་ནི་ཕྱོགས་བདག་གོ། །ཕྱོགས་བདག་གི་བུ་ནི་རྡུལ་བཟང་ངོ་། །རྡུལ་བཟང་གི་བུ་ནི་བདེ་བྱེད་དོ། །བདེ་བྱེད་ཀྱི་བུ་ནི་ཀུན་དགའོ། །ཀུན་དགའི་བུ་ནི་མེ་ལོང་ཞལ་ལོ། །མེ་ལོང་ཞལ་གྱི་བུ་ནི་སྐྱེད་པའོ། །སྐྱེད་པའི་བུ་ནི་རྒྱལ་བ་ཁྱུ་མཆོག་གོ། །རྒྱལ་བ་ཁྱུ་མཆོག་གི་བུ་ནི་བཟའ་བཏུང་ལྡན་ནོ། །

བཟའ་བཏུང་ལྡན་གྱི་བུ་ནི་བཟའ་བཏུང་མོད་དོ། །གཟའ་བཏུང་མོད་ཀྱི་བུ་ནི་ཐུབ་མེད་དོ། །ཐུབ་མེད་ཀྱི་བུ་ནི་གཞན་གྱིས་མི་ཐུབ་པའོ། །གཞན་གྱིས་མི་ཐུབ་པའི་བུ་ནི་བརྟན་པོའོ། །བརྟན་པོའི་བུ་ནི་རབ་ཏུ་བརྟན་ནོ། །རབ་ཏུ་བརྟན་གྱི་བུ་ནི་སྟོབས་པོ་ཆེའོ། །སྟོབས་པོ་
ཆེའི་བུ་ནི་བཞོན་པ་མང་ངོ་། །བཞོན་པ་མང་གི་བུ་ནི་བློ་བཟང་ངོ་། །བློ་བཟང་གི་བུ་ནི་བརྟན་གཞོན་ནོ། །བརྟན་གཞོན་གྱི་བུ་ནི་གཞུ་བཅུ་པའོ། །གཞུ་བཅུ་པའི་བུ་ནི་གཞུ་བརྒྱ་པའོ། །གཞུ་བརྒྱ་པའི་བུ་ནི་གཞུ་དགུ་བཅུ་པའོ། །གཞུ་དགུ་བཅུ་པའི་བུ་ནི་རྣམ་པར་རྒྱལ་བའི་གཞུའོ། །རྣམ་པར་རྒྱལ་
བའི་གཞུའི་བུ་ནི་གཞུ་བཀྲའོ། །གཞུ་བཀྲའི་བུ་ནི་གཞུ་སྲའོ། །གཞུ་སྲའི་བུ་ནི་གཞུ་བརྟན་ནོ། །གཞུ་བརྟན་པའི་བུ་ནི་ཤིང་རྟ་བཅུ་པའོ། །ཤིང་རྟ་བཅུ་པའི་བུ་ནི་ཤིང་རྟ་བརྒྱ་པའོ། །ཤིང་རྟ་བརྒྱ་པའི་བུ་ནི་ཤིང་རྟ་དགུ་བཅུ་པའོ། །ཤིང་རྟ་དགུ་བཅུ་པའི་བུ་ནི་ཤིང་རྟ་སྣ་ཚོགས་པའོ། །ཤིང་རྟ་
སྣ་ཚོགས་པའི་བུ་ནི་ཤིང་རྟ་རྣམ་པ་སྣ་ཚོགས་པའོ། །ཤིང་རྟ་རྣམ་པ་སྣ་ཚོགས་པའི་བུ་ནི་ཤིང་རྟ་བརླིང་པའོ། །ཤིང་རྟ་བརླིང་པའི་བུ་ནི་ཤིང་རྟ་བརྟན་ནོ། །རྒྱལ་པོ་ཤིང་རྟ་བརྟན་གྱི་བུ་ཚ་རྒྱུད་དང་ཚ་བོ་དང་ཡང་ཚའི་རྒྱུད་ཀྱི་རྒྱལ་པོ་བདུན་ཁྲི་བདུན་སྟོང་གིས་གྲོང་ཁྱེར་ལེགས་པར་སྣང་དུ་རྒྱལ་སྲིད་
ཀྱི་དབང་ཕྱུག་ལ་དབང་བྱས་སོ། །དེ་དག་གི་འོག་ཏུ་རྒྱལ་པོ་ནམ་མཁའི་བདག་པོ་ཞེས་བྱ་བ་བྱུང་ངོ་། །རྒྱལ་པོ་ནམ་མཁའི་བདག་པོའི་བུ་ནི་ཀླུས་བསྲུངས་སོ། །རྒྱལ་པོ་ཀླུས་བསྲུངས་ཀྱི་བུ་ཚ་རྒྱུད་དང་ཚ་བོ་དང་ཡང་ཚའི་རྒྱུད་ཀྱི་རྒྱལ་པོ་བརྒྱས་ཡང་གྲོང་ཁྱེར་བཱ་རཱ་ཎ་སཱིར་རྒྱལ་སྲིད་ཀྱི་དབང་ཕྱུག་
ལ་དབང་བྱས་སོ། །དེ་དག་གི་འོག་ཏུ་རྒྱལ་པོ་ཀྲཱྀ་ཀི་ཞེས་བྱ་བ་བྱུང་སྟེ། དེའི་ཚེ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བ། ཁ་ལོ་
སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་འོད་སྲུངས་འཇིག་རྟེན་དུ་བྱུང་སྟེ། དེར་བྱང་ཆུབ་སེམས་དཔའ་བཅོམ་ལྡན་འདས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུངས་ལས་མ་འོངས་པའི་དུས་སུ་བྱང་ཆུབ་པའི་ཕྱིར་སྨོན་ལམ་བཏབ་ཅིང་ཚངས་

པར་སྤྱོད་པ་སྤྱོད་ནས་དགའ་ལྡན་གྱི་ལྷའི་རིས་སུ་སྐྱེས་ཏེ། དེ་དེ་ན་ཚེའི་ཚད་ཇི་སྲིད་དུ་གནས་སོ། །རྒྱལ་པོ་ཀྲཱྀ་ཀིའི་བུ་ནི་ལེགས་པར་སྐྱེས་ཞེས་བྱ་བར་གྱུར་ཏེ། རྒྱལ་པོ་ལེགས་པར་སྐྱེས་ཀྱི་བུ་ཚ་རྒྱུད་དང་ཚ་བོ་དང་ཡང་ཚའི་རྒྱུད་ཀྱི་རྒྱལ་པོ་བརྒྱས་ཡང་གྲོང་ཁྱེར་གྲུ་འཛིན་དུ་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་
དབང་བྱས་སོ། །དེ་དག་གི་འོག་ཏུ་རྒྱལ་པོ་རྣ་བ་ཞེས་བྱ་བ་བྱུང་སྟེ། རྒྱལ་པོ་རྣ་བའི་བུ་ནི་གཽ་ཏ་མ་དང་བ་ར་དྷྭ་ཛ་གཉིས་སོ། །དེ་གཉིས་ལས་གཽ་ཏ་མའི་བུ་ནི་བུ་རམ་ཤིང་པ་ཞེས་བྱའོ། །རྒྱལ་པོ་བུ་རམ་ཤིང་པའི་བུ་ཚ་རྒྱུད་དང་ཚ་བོ་དང་ཡང་ཚའི་རྒྱུད་བུ་རམ་ཤིང་པའི་རྒྱལ་པོ་བརྒྱས་ཡང་གྲོང་ཁྱེར་
གྲུ་འཛིན་དུ་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་དབང་བྱས་སོ། །དེ་དག་གི་འོག་ཏུ་རྒྱལ་པོ་འཕགས་སྐྱེས་པོ་ཞེས་བྱ་བ་བྱུང་སྟེ། རྒྱལ་པོ་འཕགས་སྐྱེས་པོའི་བུ་བཞི་ལ་འདི་ལྟ་སྟེ། བཞིན་འབར་དང་། ལག་རྣ་དང་། གླང་ཆེན་འདུལ་དང་། རྐང་གདུབ་ཅན་རྣམས་ཏེ། རྐང་གདུབ་ཅན་གྱི་བུ་ནི་
གནས་འཇོག་གོ། །གནས་འཇོག་གི་བུ་ནི་བ་ལང་གནས་སོ། །བ་ལང་གནས་ཀྱི་བུ་ནི་སེང་གེ་འགྲམ་དང་། སེང་གེ་སྒྲ་གཉིས་སོ། །སེང་གེ་འགྲམ་གྱི་བུ་བཞི་ལ་འདི་ལྟ་སྟེ། ཟས་གཙང་དང་། ཟས་དཀར་དང་། བྲེ་བོ་ཟས་དང་། བདུད་རྩི་ཟས་སོ། །བུ་མོ་ནི་གཙང་མ་དང་། དཀར་མོ་དང་།
བྲེ་བོ་མོ་དང་། བདུད་རྩི་མ་རྣམས་སོ། །ཟས་གཙང་གི་བུ་གཉིས་ལ་བཅོམ་ལྡན་འདས་དང་ཚེ་དང་ལྡན་པ་དགའ་བོའོ། །ཟས་དཀར་གྱི་བུ་གཉིས་ལ། ཚེ་དང་ལྡན་པ་རྒྱལ་བ་དང་བཟང་ལྡན་ནོ། །བྲེ་བོ་ཟས་ཀྱི་བུ་གཉིས་ལ་མིང་ཆེན་དང་མ་འགགས་པའོ། །བདུད་རྩི་ཟས་ཀྱི་བུ་གཉིས་ལ།
ཚེ་དང་ལྡན་པ་ཀུན་དགའ་བོ་དང་ལྷས་བྱིན་ནོ། །བདུད་རྩི་མའི་བུ་ནི་ཞི་ལེན་ནོ། །བཅོམ་ལྡན་འདས་ཀྱི་སྲས་ནི་སྒྲ་གཅན་ཟིན་ནོ། །དེ་ལྟར་ན་མང་པོས་བཀུར་བའི་རྒྱུད་ནི་སྒྲ་གཅན་ཟིན་ལ་ཐུག་ཅིང་སྒྲ་གཅན་ཟིན་དུ་ཟད་དེ། སྒྲ་གཅན་ཟིན་གྱིས་མཇུག་བཅད་ནས་སྲིད་པའི་ལུགས་ཆད་ཅིང་སྐྱེ་བའི་
རྒྱུད་ཟད་དེ། ད་སྲིད་པ་སྐྱེ་བ་མེད་དོ། །འཇིག་རྟེན་གཞག་པ་ལས་ཚིགས་བཅུ་གཅིག་པའོ།། །།མདོ་ལ། རླུང་དང་ཆུ་དང་ས་གཞི་དང་། །ནང་དང་ཕྱི་ཡི་རྒྱ་མཚོ་དང་། །རི་རབ་ཀྱི་ནི་ངོས་རྣམས་དང་། །རྩེ་མོ་བང་རིམ་རི་རྣམས་དང་། །ས་ནི་ཇི་ལྟར་བྱུང་བ་དང་། །རླུང་དང་ཆུ་ནི་རབ་

གནས་ལ། །དེ་དག་ཐམས་ཅད་རིགས་བཞིན་དུ། །རབ་ཏུ་བཤད་ཀྱིས་རྟོགས་པར་གྱིས། །གང་ལ་ཆུ་ནི་རབ་གནས་པའི། །རྫི་རླུང་ཆར་པའི་རླུང་དམར་ནི། །ནམ་མཁའ་ལས་ནི་ལྡང་བར་འགྱུར། །ཆུ་དང་ས་དང་ཆུ་རྣམས་དང་། །རི་དང་གླིང་དང་བཞི་པོ་རྣམས། །
ཆུ་མིག་མཚོ་དང་འབབ་པ་དང་། །ཉ་མིང་འཛིན་ཁྲིས་གང་བ་ཡིན། །རྒྱ་མཚོ་ཆེན་པོ་ཡངས་པ་དང་། །འབྱོར་ཅིང་རྒྱས་པའི་ལྗོངས་རྣམས་དང་། །གྲོང་དག་དང་ནི་གྲོང་ཁྱེར་རྣམས། །དེ་དག་ཐམས་ཅད་ས་ཆེན་ལ། །རིམ་གྱིས་སུ་ནི་རབ་ཏུ་གནས། །ནམ་མཁའ་གང་ལ་རླུང་གི་དཀྱིལ་
འཁོར་གནས་པའི་རླུང་གི་དཀྱིལ་འཁོར་དེའི་རྔམས་སུ་ནི་དཔག་ཚད་ས་ཡ་གཅིག་དང་དྲུག་འབུམ་ཡོད་དོ། །རྒྱར་ནི་གྲངས་མེད་ཚད་མེད་དོ། །རླུང་གི་དཀྱིལ་འཁོར་གང་ལ་ཆུའི་དཀྱིལ་འཁོར་གནས་པའི་ཆུའི་དཀྱིལ་འཁོར་དེའི་རྔམས་སུ་ནི་དཔག་ཚད་བརྒྱད་འབུམ་ཡོད་དོ། །རྒྱར་ནི་དཔག་
ཚད་ས་ཡ་གཅིག་དང་ཉིས་འབུམ་བཞི་བརྒྱ་ལྔ་བཅུ་ཡོད་དོ། །མཐའ་སྐོར་དུ་ནི་དཔག་ཚད་ས་ཡ་ཕྲག་གསུམ་དང་དྲུག་འབུམ་སུམ་བརྒྱ་ལྔ་བཅུ་ཡོད་དོ། །ཆུའི་དཀྱིལ་འཁོར་གང་ལ་གསེར་གྱི་ས་གཞི་ཆེན་པོ་གནས་པའི་གསེར་གྱི་ས་གཞི་ཆེན་པོ་དེའི་རྔམས་སུ་ནི་དཔག་ཚད་སུམ་འབུམ་
ཉི་ཁྲི་ཡོད་དོ། །རྒྱར་ནི་དཔག་ཚད་ས་ཡ་གཅིག་དང་ཉིས་འབུམ་བཞི་བརྒྱ་ལྔ་བཅུ་ཡོད་དོ། །མཐའ་སྐོར་དུ་ནི་དཔག་ཚད་ས་ཡ་ཕྲག་གསུམ་དང་དྲུག་འབུམ་སུམ་བརྒྱ་ལྔ་བཅུ་ཡོད་དོ། །ནང་གི་རྒྱ་མཚོ་ཆེན་པོ་ནི་ཆུར་དཔག་ཚད་ཉིས་འབུམ་བཞི་ཁྲི་ཞེང་དུ་ཡང་དཔག་ཚད་ཉིས་འབུམ་བཞི་
ཁྲི་ཡོད་དོ། །མཐའ་སྐོར་དུ་ནི་དཔག་ཚད་དགུ་འབུམ་དྲུག་ཁྲི་ཡོད་དོ། །ཟབས་སུ་ནི་དཔག་ཚད་བརྒྱད་ཁྲི་ཡོད་དོ། །གསེར་གྱི་ས་གཞི་ཆེན་པོ་ལ་བརྟེན་ཏོ། །ཕྱི་རོལ་གྱི་རྒྱ་མཚོ་ཆེན་པོ་ནི་ཞེང་དུ་གླིང་མ་གཏོགས་པར་དཔག་ཚད་སུམ་འབུམ་ཉི་ཁྲི་ཡོད་དོ། །གླིང་གཏོགས་པར་ནི་ཞེང་དུ་ནི་
དཔག་ཚད་སུམ་འབུམ་ཉི་ཁྲི་ཉིས་སྟོང་ཡོད་དོ། །ཆུར་ཡང་དེ་དང་འདྲའོ། །མཐར་སྐོར་དུ་ནི་ཚད་མེད་དོ། །ཟབས་སུ་ནི་དཔག་ཚད་བརྒྱད་ཁྲི་ཡོད་དེ། གསེར་གྱི་ས་གཞི་ཆེན་པོ་ལ་བརྟེན་ཏོ། །རིའི་རྒྱལ་པོ་རི་རབ་ནི་དཔག་ཚད་བརྒྱད་ཁྲི་ནི་ཐུར་དུ་གསེར་གྱི་ས་གཞི་ཆེན་པོ་ལ་བརྟེན་ཏོ། །དཔག་

ཚད་བརྒྱད་ཁྲི་ནི་ཆུ་ལས་གྱེན་དུ་འཕགས་ཏེ། འཕང་དུ་དཔག་ཚད་འབུམ་དྲུག་ཁྲི་ཡོད་དོ། །ཆུར་ནི་དཔག་ཚད་བརྒྱད་ཁྲི་ཞེང་དུ་ཡང་དཔག་ཚད་བརྒྱད་ཁྲི་ཡོད་དོ། །མཐའ་སྐོར་དུ་ནི་དཔག་ཚད་སུམ་འབུམ་ཉི་ཁྲི་ཡོད་དོ། །དབྱིབས་ལེགས་ཤིང་བལྟ་ན་སྡུག་ལ་མཛེས་པ་རིན་པོ་ཆེ་
སྣ་བཞི་ལས་གྲུབ་པ་ཡིན་ཏེ། དེ་ལ་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་གནས་སོ། །རིའི་རྒྱལ་པོ་རི་རབ་ཀྱི་ངོས་ནི་བཞི་ཡོད་དེ། ཤར་གྱི་ངོས་དང་། ལྷོ་ཕྱོགས་དང་། ནུབ་ཕྱོགས་དང་། བྱང་ཕྱོགས་ཀྱི་ངོས་སོ། །ཤར་ཕྱོགས་ཀྱི་ངོས་ནི་ཤེལ་ལས་གྲུབ་པའོ། །ལྷོ་ཕྱོགས་ཀྱི་ངོས་ནི་བཻ་
ཌཱུརྱ་ལས་གྲུབ་པའོ། །ནུབ་ཕྱོགས་ཀྱི་ངོས་ནི་དངུལ་ལས་གྲུབ་པའོ། །བྱང་ཕྱོགས་ཀྱི་ངོས་ནི་གསེར་ལས་གྲུབ་པའོ། །རིའི་རྒྱལ་པོ་རི་རབ་ཀྱི་རྩེ་མོ་ནི་བཞི་ཡོད་དེ། ཤར་ཕྱོགས་ཀྱི་རྩེ་མོ་དང་། ལྷོ་ཕྱོགས་དང་། ནུབ་ཕྱོགས་དང་། བྱང་ཕྱོགས་ཀྱི་རྩེ་མོའོ། །ཤར་ཕྱོགས་ཀྱི་རྩེ་མོ་ནི་ཆུར་དཔག་
ཚད་བརྒྱ་ཉི་ཤུ་རྩ་ལྔ། ཞེང་དུ་ཡང་དཔག་ཚད་བརྒྱ་ཉི་ཤུ་རྩ་ལྔ། མཐའ་སྐོར་དུ་དཔག་ཚད་ལྔ་བརྒྱ་ཡོད་དོ། །དཔག་ཚད་ཕྱེད་དང་ལྔ་ནི་རིའི་རྒྱལ་པོ་རི་རབ་ལས་གྱེན་དུ་འཕགས་ཏེ། དབྱིབས་ལེགས་ཤིང་བལྟ་ན་སྡུག་ལ་མཛེས་པ་ཤེལ་ལས་གྲུབ་པ་སྟེ། དེ་ལ་གནོད་སྦྱིན་ལག་ན་རྡོ་རྗེ་རྣམས་གནས་
སོ། །ལྷོ་ཕྱོགས་ཀྱི་རྩེ་མོ་ནི་ཆུར་དཔག་ཚད་བརྒྱ་ཉི་ཤུ་རྩ་ལྔ། ཞེང་དུ་ཡང་དཔག་ཚད་བརྒྱ་ཉི་ཤུ་རྩ་ལྔའོ། །མཐའ་སྐོར་དུ་དཔག་ཚད་ལྔ་བརྒྱ་ཡོད་དོ། །དཔག་ཚད་ཕྱེད་དང་ལྔ་ནི་རིའི་རྒྱལ་པོ་རི་རབ་ལས་གྱེན་དུ་འཕགས་ཏེ། དབྱིབས་ལེགས་ཤིང་བལྟ་ན་སྡུག་ལ་མཛེས་པ་བཻ་ཌཱུརྱ་ལས་གྲུབ་སྟེ།
དེ་ན་གནོད་སྦྱིན་ལག་ན་རྡོ་རྗེ་རྣམས་གནས་སོ། །ནུབ་ཕྱོགས་ཀྱི་རྩེ་མོ་ནི་ཆུར་དཔག་ཚད་བརྒྱ་ཉི་ཤུ་རྩ་ལྔ། ཞེང་དུ་ཡང་དཔག་ཚད་བརྒྱ་ཉི་ཤུ་རྩ་ལྔ། མཐའ་སྐོར་དུ་དཔག་ཚད་ལྔ་བརྒྱ་ཡོད་དོ། །དཔག་ཚད་ཕྱེད་དང་ལྔ་ནི་རིའི་རྒྱལ་པོ་རི་རབ་ལས་གྱེན་དུ་འཕགས་ཏེ། དབྱིབས་ལེགས་ཤིང་བལྟ་ན་
སྡུག་ལ་མཛེས་པ་དངུལ་ལས་གྲུབ་པ་སྟེ། དེ་ན་གནོད་སྦྱིན་ལག་ན་རྡོ་རྗེ་རྣམས་གནས་སོ། །བྱང་ཕྱོགས་ཀྱི་རྩེ་མོ་ནི་ཆུར་དཔག་ཚད་བརྒྱ་ཉི་ཤུ་རྩ་ལྔ། ཞེང་དུ་ཡང་དཔག་ཚད་བརྒྱ་ཉི་ཤུ་རྩ་ལྔ། མཐའ་སྐོར་དུ་དཔག་ཚད་ལྔ་བརྒྱ་ཡོད་དོ། །དཔག་ཚད་ཕྱེད་དང་ལྔ་ནི་རིའི་རྒྱལ་པོ་རི་རབ་ལས་གྱེན་

དུ་འཕགས་ཏེ། དབྱིབས་ལེགས་ཤིང་བལྟ་ན་སྡུག་ལ་མཛེས་པ་གསེར་ལས་གྲུབ་པ་སྟེ། དེ་ལ་གནོད་སྦྱིན་ལག་ན་རྡོ་རྗེ་རྣམས་གནས་སོ། །རིའི་རྒྱལ་པོ་རི་རབ་ཀྱི་བང་རིམ་ནི་བཞི་ཡོད་དེ། བང་རིམ་དང་པོ་དང་། གཉིས་པ་དང་། གསུམ་པ་དང་། བཞི་པའོ། །
བང་རིམ་དང་པོ་ནི་ཆུ་ལས་དཔག་ཚད་ཁྲིས་གྱེན་དུ་འཕགས་ལ། རིའི་རྒྱལ་པོ་རི་རབ་ལས་དཔག་ཚད་ཁྲི་དྲུག་སྟོང་ཕྱིར་འཕགས་ཏེ། དབྱིབས་ལེགས་ཤིང་བལྟ་ན་སྡུག་ལ་མཛེས་པ་རིན་པོ་ཆེ་སྣ་བཞི་ལས་གྲུབ་པ་སྟེ། དེ་ན་ལག་ན་གཞོང་ཐོགས་ཀྱི་ལྷ་རྣམས་གནས་སོ། །བང་རིམ་
གཉིས་པ་ནི་བང་རིམ་དང་པོ་ལས་དཔག་ཚད་ཁྲིས་གྱེན་དུ་འཕགས་ལ། རིའི་རྒྱལ་པོ་རི་རབ་ལས་དཔག་ཚད་བརྒྱད་སྟོང་ཕྱིར་འཕགས་ཏེ། དབྱིབས་ལེགས་ཤིང་བལྟ་ན་སྡུག་ལ་མཛེས་པ་རིན་པོ་ཆེ་སྣ་བཞི་ལས་གྲུབ་པ་སྟེ། དེ་ན་ཕྲེང་ཐོགས་ཀྱི་ལྷ་རྣམས་གནས་སོ། །བང་རིམ་གསུམ་པ་
ནི་བང་རིམ་གཉིས་པ་ལས་དཔག་ཚད་ཁྲིས་གྱེན་དུ་འཕགས་ལ། རིའི་རྒྱལ་པོ་རི་རབ་ལས་དཔག་ཚད་བཞི་སྟོང་ཕྱིར་འཕགས་ཏེ། དབྱིབས་ལེགས་ཤིང་བལྟ་ན་སྡུག་ལ་མཛེས་པ་རིན་པོ་ཆེ་སྣ་བཞི་ལས་གྲུབ་སྟེ། དེ་ན་རྟག་ཏུ་མྱོས་པའི་ལྷ་རྣམས་གནས་སོ། །བང་རིམ་བཞི་པ་ནི་བང་
རིམ་གསུམ་པ་ལས་དཔག་ཚད་ཁྲིས་གྱེན་དུ་འཕགས་ལ། རིའི་རྒྱལ་པོ་རི་རབ་ལས་དཔག་ཚད་ཉིས་སྟོང་ཕྱིར་འཕགས་ཏེ། དབྱིབས་ལེགས་ཤིང་བལྟ་ན་སྡུག་ལ་མཛེས་པ་རིན་པོ་ཆེ་སྣ་བཞི་ལས་གྲུབ་པ་སྟེ། དེ་ན་རྒྱལ་པོ་ཆེན་པོ་རྣམས་གནས་སོ། །རིའི་རྒྱལ་པོ་གཉའ་ཤིང་འཛིན་
ཞེས་བྱ་བ་ནི་རིའི་རྒྱལ་པོ་རི་རབ་ནས་དཔག་ཚད་བརྒྱད་ཁྲི་བོར་ཏེ། དཔག་ཚད་བརྒྱད་ཁྲི་ནི་ཆུའི་འོག་ཏུ་གསེར་གྱི་ས་གཞི་ཆེན་པོ་ལ་བརྟེན་ཏོ། །དཔག་ཚད་བཞི་ཁྲི་ནི་ཆུ་ལས་གྱེན་དུ་འཕགས་སོ། །ཞེང་དུ་ཡང་དེ་དང་འདྲ་སྟེ། དབྱིབས་ལེགས་ཤིང་བལྟ་ན་སྡུག་ལ་མཛེས་པ་གསེར་ལས་
གྲུབ་པ་སྟེ། དེ་ནི་རྒྱལ་ཆེན་བཞི་པའི་ལྷ་རྣམས་ཀྱི་གྲོང་དང་གྲོང་ཁྱེར་དང་། ལྗོངས་གནས་སོ། །ཅིའི་ཕྱིར་རིའི་རྒྱལ་པོ་གཉའ་ཤིང་འཛིན་ཞེས་བྱ་ཞེ་ན། སྨྲས་པ། རིའི་རྒྱལ་པོ་གཉའ་ཤིང་འཛིན་གྱི་རྩེ་མོ་དབྱིབས་ལེགས་ཤིང་བལྟ་ན་སྡུག་ལ་མཛེས་པ་ནི་དཔེར་ན་ཤིང་རྟའི་གཉའ་ཤིང་བཞིན་ཏེ།

དེ་བས་ན་རིའི་རྒྱལ་པོ་གཉའ་ཤིང་འཛིན་ཞེས་བྱའོ། །རིའི་རྒྱལ་པོ་གཤོལ་མདའ་འཛིན་ཅེས་བྱ་བ་ནི་རིའི་རྒྱལ་པོ་གཉའ་ཤིང་འཛིན་ནས་དཔག་ཚད་བཞི་ཁྲི་བོར་ཏེ། དཔག་ཚད་བརྒྱད་ཁྲི་ནི་ཆུའི་འོག་གསེར་གྱི་ས་གཞི་ཆེན་པོ་ལ་བརྟེན་ཏོ། །དཔག་ཚད་ཉི་ཁྲི་ནི་ཆུ་ལས་གྱེན་དུ་འཕགས་སོ། །
ཞེང་དུ་ཡང་དེ་དང་འདྲ་སྟེ། དབྱིབས་ལེགས་ཤིང་བལྟ་ན་སྡུག་ལ་མཛེས་པ་གསེར་ལས་གྲུབ་པ་སྟེ། དེ་ན་རྒྱལ་ཆེན་བཞི་པའི་ལྷ་རྣམས་ཀྱི་གྲོང་དང་། གྲོང་ཁྱེར་དང་། ལྗོངས་གནས་སོ། །ཅིའི་ཕྱིར་རིའི་རྒྱལ་པོ་གཤོལ་མདའ་འཛིན་ཞེས་བྱ་ཞེ་ན། སྨྲས་པ། རིའི་རྒྱལ་པོ་གཤོལ་
མདའ་འཛིན་གྱི་རྩེ་མོ་དབྱིབས་ལེགས་ཤིང་བལྟ་ན་སྡུག་ལ་མཛེས་པ་ནི་དཔེར་ན་གཤོལ་མདའ་བཞིན་ཏེ། དེ་བས་ན་རིའི་རྒྱལ་པོ་གཤོལ་མདའ་འཛིན་ཞེས་བྱའོ། །རིའི་རྒྱལ་པོ་སེང་ལྡེང་ཅན་ཞེས་བྱ་བ་ནི་རིའི་རྒྱལ་པོ་གཤོལ་མདའ་འཛིན་ནས་དཔག་ཚད་ཉི་ཁྲི་བོར་ཏེ། དཔག་ཚད་
བརྒྱད་ཁྲི་ནི་ཆུའི་འོག་གསེར་གྱི་ས་གཞི་ཆེན་པོ་ལ་བརྟེན་ཏོ། །དཔག་ཚད་ཁྲི་ནི་ཆུ་ལས་གྱེན་དུ་འཕགས་སོ། །ཞེང་དུ་ཡང་དེ་དང་འདྲ་སྟེ། དབྱིབས་ལེགས་ཤིང་བལྟ་ན་སྡུག་ལ་མཛེས་པ་གསེར་ལས་གྲུབ་པ་སྟེ། དེ་ན་རྒྱལ་ཆེན་བཞི་པའི་ལྷ་རྣམས་ཀྱི་གྲོང་དང་། གྲོང་ཁྱེར་དང་། ལྗོངས་
གནས་སོ། །ཅིའི་ཕྱིར་རིའི་རྒྱལ་པོ་སེང་ལྡེང་ཅན་ཞེས་བྱ་ཞེ་ན། སྨྲས་པ། རིའི་རྒྱལ་པོ་སེང་ལྡེང་ཅན་གྱི་ཕྱོགས་དེ་དང་དེ་དག་ན་ཇི་ལྟར་གསེར་གྱི་སེང་ལྡེང་ཡོད་པ་བཞིན་དུ་རི་གཞན་དག་ལ་མེད་དོ། །དེ་བས་ན་རིའི་རྒྱལ་པོ་སེང་ལྡེང་ཅན་ཞེས་བྱའོ། །རིའི་རྒྱལ་པོ་བལྟ་ན་སྡུག་ཅེས་བྱ་བ་ནི་རིའི་
རྒྱལ་པོ་སེང་ལྡེང་ཅན་ནས་དཔག་ཚད་ཁྲི་བོར་ཏེ། དཔག་ཚད་བརྒྱད་ཁྲི་ནི་ཆུའི་འོག་གསེར་གྱི་ས་གཞི་ཆེན་པོ་ལ་བརྟེན་ཏོ། །དཔག་ཚད་ལྔ་སྟོང་ནི་ཆུ་ལས་གྱེན་དུ་འཕགས་སོ། །ཞེང་དུ་ཡང་དེ་དང་འདྲ་སྟེ། དབྱིབས་ལེགས་ཤིང་བལྟ་ན་སྡུག་ལ་མཛེས་པ་གསེར་ལས་གྲུབ་པ་སྟེ། དེ་ན་
རྒྱལ་ཆེན་བཞི་པའི་ལྷ་རྣམས་ཀྱི་གྲོང་དང་། གྲོང་ཁྱེར་དང་། ལྗོངས་གནས་སོ། །ཅིའི་ཕྱིར་རིའི་རྒྱལ་པོ་བལྟ་ན་སྡུག་ཅེས་བྱ་ཞེ་ན། སྨྲས་པ། རིའི་རྒྱལ་པོ་བལྟ་ན་སྡུག་གི་རྩེ་མོ་ཇི་ལྟར་དབྱིབས་ལེགས་ཤིང་བལྟ་ན་སྡུག་ལ་མཛེས་པ་བཞིན་དུ་རི་གཞན་དག་ལ་མེད་དོ། །དེ་བས་ན་རིའི་རྒྱལ་

པོ་བལྟ་ན་སྡུག་ཅེས་བྱའོ། །རིའི་རྒྱལ་པོ་རྟ་རྣ་རི་ཞེས་བྱ་བ་ནི་རིའི་རྒྱལ་པོ་བལྟ་ན་སྡུག་ནས་དཔག་ཚད་ལྔ་སྟོང་བོར་ཏེ། དཔག་ཚད་བརྒྱད་ཁྲི་ནི་ཆུའི་འོག་གསེར་གྱི་ས་གཞི་ཆེན་པོ་ལ་བརྟེན་ཏོ། །དཔག་ཚད་ཉིས་སྟོང་ལྔ་བརྒྱ་ནི་ཆུ་ལས་གྱེན་དུ་འཕགས་སོ། །
ཞེང་དུ་ཡང་དེ་དང་འདྲ་སྟེ། དབྱིབས་ལེགས་ཤིང་བལྟ་ན་སྡུག་ལ་མཛེས་པ་གསེར་ལས་གྲུབ་པ་སྟེ། དེ་ན་རྒྱལ་ཆེན་བཞི་པའི་ལྷ་རྣམས་ཀྱི་གྲོང་དང་། གྲོང་ཁྱེར་དང་། ལྗོངས་གནས་སོ། །ཅིའི་ཕྱིར་རིའི་རྒྱལ་པོ་རྟ་རྣ་རི་ཞེས་བྱ་ཞེ་ན། སྨྲས་པ། རིའི་རྒྱལ་པོ་རྟ་རྣ་རིའི་རྩེ་མོ་དབྱིབས་
ལེགས་ཤིང་བལྟ་ན་སྡུག་ལ་མཛེས་པ་ནི་དཔེར་ན་རྟའི་རྣ་བ་བཞིན་ཏེ། དེ་བས་ན་རིའི་རྒྱལ་པོ་རྟ་རྣ་རི་ཞེས་བྱའོ། །རིའི་རྒྱལ་པོ་རྣམ་པར་འདུད་ཅེས་བྱ་བ་ནི་རིའི་རྒྱལ་པོ་རྟ་རྣ་རི་ནས་དཔག་ཚད་ཉིས་སྟོང་ལྔ་བརྒྱ་བོར་ཏེ། དཔག་ཚད་བརྒྱད་ཁྲི་ནི་ཆུའི་འོག་གསེར་གྱི་ས་གཞི་ཆེན་པོ་ལ་
བརྟེན་ཏོ། །དཔག་ཚད་སྟོང་ཉིས་བརྒྱ་ལྔ་བཅུ་ནི་ཆུ་ལས་གྱེན་དུ་འཕགས་སོ། །ཞེང་དུ་ཡང་དེ་དང་འདྲ་སྟེ། དབྱིབས་ལེགས་ཤིང་བལྟ་ན་སྡུག་ལ་མཛེས་པ་གསེར་ལས་གྲུབ་པ་སྟེ། དེ་ན་རྒྱལ་ཆེན་བཞི་པའི་ལྷ་རྣམས་ཀྱི་གྲོང་དང་གྲོང་ཁྱེར་དང་། ལྗོངས་གནས་སོ། །ཅིའི་ཕྱིར་
རིའི་རྒྱལ་པོ་རྣམ་པར་འདུད་ཅེས་བྱ་ཞེ་ན། སྨྲས་པ། རིའི་རྒྱལ་པོ་རྣམ་པར་འདུད་ཀྱི་རྩེ་མོ་དམའ་ཞིང་འདུད་པ་ནི་དཔེར་ན་གཉན་རུ་བཞིན་ཏེ། དེ་བས་ན་རིའི་རྒྱལ་པོ་རྣམ་པར་འདུད་ཅེས་བྱའོ། །རིའི་རྒྱལ་པོ་མུ་ཁྱུད་འཛིན་ཞེས་བྱ་བ་ནི་རིའི་རྒྱལ་པོ་རྣམ་པར་འདུད་ནས་དཔག་ཚད་
སྟོང་ཉིས་བརྒྱ་ལྔ་བཅུ་བོར་ཏེ། དཔག་ཚད་བརྒྱད་ཁྲི་ནི་ཆུའི་འོག་གསེར་གྱི་ས་གཞི་ཆེན་པོ་ལ་བརྟེན་ཏོ། །དཔག་ཚད་དྲུག་བརྒྱ་ཉི་ཤུ་རྩ་ལྔ་ནི་ཆུ་ལས་གྱེན་དུ་འཕགས་སོ། །ཞེང་དུ་ཡང་དེ་དང་འདྲ་སྟེ། དབྱིབས་ལེགས་ཤིང་བལྟ་ན་སྡུག་ལ་མཛེས་པ་གསེར་ལས་གྲུབ་པ་སྟེ། དེ་ན་
རྒྱལ་ཆེན་བཞི་པའི་ལྷ་རྣམས་ཀྱི་གྲོང་དང་། གྲོང་ཁྱེར་དང་། ལྗོངས་གནས་སོ། །ཅིའི་ཕྱིར་རིའི་རྒྱལ་པོ་མུ་ཁྱུད་འཛིན་ཞེས་བྱ་ཞེ་ན། སྨྲས་པ། རིའི་རྒྱལ་པོ་མུ་ཁྱུད་འཛིན་གྱི་རྩེ་མོ་དབྱིབས་ལེགས་ཤིང་བལྟ་ན་སྡུག་ལ་མཛེས་པ་ནི་དཔེར་ན་ཤིང་རྟའི་མུ་ཁྱུད་བཞིན་ཏེ། དེ་བས་

ན་རིའི་རྒྱལ་པོ་མུ་ཁྱུད་འཛིན་ཞེས་བྱའོ། །རིའི་རྒྱལ་པོ་ཁོར་ཡུག་རི་ཞེས་བྱ་བ་ནི་ཕྱི་རོལ་གྱི་རྒྱ་མཚོ་ཆེན་པོ་བོར་ཏེ། དཔག་ཚད་བརྒྱད་ཁྲི་ནི་ཆུའི་འོག་གསེར་གྱི་ས་གཞི་ཆེན་པོ་ལ་བརྟེན་ཏོ། །དཔག་ཚད་སུམ་བརྒྱ་རྩ་ཕྱེད་དང་བཅུ་གསུམ་ནི་ཆུ་ལས་གྱེན་དུ་འཕགས་སོ། །ཞེང་དུ་
ཡང་དེ་དང་འདྲའོ། །དབྱིབས་ལེགས་ཤིང་བལྟ་ན་སྡུག་ལ་མཛེས་པ་ལྕགས་ལས་གྲུབ་པ་སྟེ། དེ་ན་གནོད་སྦྱིན་གོས་སྔོན་ཅན་རྣམས་གནས་སོ། །ཅིའི་ཕྱིར་རིའི་རྒྱལ་པོ་ཁོར་ཡུག་རི་ཞེས་བྱ་ཞེ་ན། སྨྲས་པ། རིའི་རྒྱལ་པོ་ཁོར་ཡུག་རིའི་ཕྱོགས་དེ་དང་དེ་དག་ན་ཇི་ལྟར་གསེར་
གྱི་འཁོར་ལོ་ཡོད་པ་བཞིན་དུ་གཞན་དག་ལ་མེད་པ་དང་། གཞན་ཡང་རིའི་རྒྱལ་པོ་ཁོར་ཡུག་རིས་གླིང་བཞི་པ་འཁོར་ལོའི་ཚུལ་བསྐོར་ཏེ། དེ་བས་ན་རིའི་རྒྱལ་པོ་ཁོར་ཡུག་རི་ཞེས་བྱའོ། །གཉའ་ཤིང་འཛིན་གྱི་འཕང་དུ་ནི། །དཔག་ཚད་བཞི་ཁྲི་ཡོད་པར་བསྟན། །གཤོལ་མདའ་
འཛིན་ནི་ཉི་ཁྲི་སྟེ། །ཁྲི་ནི་སེང་ལྡེང་ཅན་གྱི་རི། །བལྟ་ན་སྡུག་གི་འཕང་དུ་ནི། །དཔག་ཚད་ལྔ་སྟོང་ཡོད་པར་བསྟན། །དཔག་ཚད་ཉིས་སྟོང་ལྔ་བརྒྱར་ནི། །རྟ་རྣ་རི་ནི་མངོན་པར་འཕགས། །སྟོང་དང་ཉིས་བརྒྱ་ལྔ་བཅུ་ཡི། །གྲངས་སྙེད་རྣམ་པར་འདུད་ལས་འཕགས། །མུ་ཁྱུད་འཛིན་
གྱི་འཕང་དུ་ནི། །དྲུག་བརྒྱ་ཉི་ཤུ་རྩ་ལྔར་བསྟན། །རྒྱ་མཚོ་འདི་ཡི་ཕ་རོལ་ན། །རྒྱ་མཚོ་གང་གིས་བསྐོར་བ་ཡི། །ཁོར་ཡུག་དཔག་ཚད་སུམ་བརྒྱ་དང་། །དཔག་ཚད་ཕྱེད་དང་བཅུ་གསུམ་ཡོད། །དེ་ནི་ཁོར་ཡུག་རིར་བཤད་དོ། །འཇིག་རྟེན་བར་མཚམས་ཕན་ཅད་དུ། །ཉི་ཟླ་དེ་བཞིན་
སྐར་མ་དང་། །རྒྱུ་སྐར་ཚོགས་ནི་རྒྱ་ཆེན་ཀུན། །ཁོར་ཡུག་མི་འདའ་འཇིག་རྟེན་གྱི། །བར་མཚམས་ཕན་ཅད་མུན་པར་འདུག །མུ་ཁྱུད་འཛིན་དང་རྣམ་པར་འདུད། །དེ་བཞིན་རྟ་རྣ་རི་དང་ནི། །བལྟ་ན་སྡུག་དང་སེང་ལྡེང་ཅན། །གཤོལ་མདའ་འཛིན་དང་གཉའ་ཤིང་འཛིན། །རི་བོ་དེ་དག་བདུན་
པོ་རྣམས། །རི་ཡི་མཆོག་སྟེ་གསེར་ལས་གྲུབ། །རི་རབ་ལ་སོགས་རི་བོ་རྣམས། །དེ་དག་གསེར་གྱི་གཞི་ལ་བརྟེན། །འཇིག་རྟེན་གཞག་པ་ལས་ཚིགས་བཅུ་གཉིས་པའོ།། །།འཇིག་རྟེན་གཞག་པ། བམ་པོ་བརྒྱད་པ། མདོ་ལ། རོལ་མཚོ་རྒྱལ་པོའི་ཕོ་བྲང་འཁོར། །

གླིང་དག་དང་ནི་གླིང་ཕྲན་རྣམས། །སྟེང་དང་འོག་ནི་སྡིག་བྲལ་གྱི། །ཤེས་པས་ཉམས་སུ་མྱོང་བ་ཡོད། །རིའི་རྒྱལ་པོ་གཉའ་ཤིང་འཛིན་དང་། རིའི་རྒྱལ་པོ་གཤོལ་མདའ་འཛིན་གྱི་བར་དེའི་སྐབས་ན་གཉའ་ཤིང་འཛིན་གྱི་རོལ་མཚོ་ཞེས་བྱ་བ་ཡོད་དེ། ཟབས་
སུ་ནི་དཔག་ཚད་བརྒྱད་ཁྲི་ཡོད་ལ། གསེར་གྱི་ས་གཞི་ཆེན་པོ་ལ་བརྟེན་ཏོ། །ཞིང་དུ་ནི་དཔག་ཚད་བཞི་ཁྲི་ཡོད་དོ། །དབྱིབས་ལེགས་ཤིང་བལྟ་ན་སྡུག་ལ་མཛེས་པ། ཆུ་བསིལ་ཞིང་ཆུ་སྦྲང་རྩི་ལྟ་བུས་གང་སྟེ། ཀླུའི་རྒྱལ་པོ་དག་གིས་རྒྱས་པར་འདུག་གོ། །རིའི་རྒྱལ་པོ་གཤོལ་མདའ་
འཛིན་དང་། རིའི་རྒྱལ་པོ་སེང་ལྡེང་ཅན་གྱི་བར་དེའི་སྐབས་ན་གཤོལ་མདའ་འཛིན་གྱི་རོལ་མཚོ་ཞེས་བྱ་བ་ཡོད་དེ། ཟབས་སུ་ནི་དཔག་ཚད་བརྒྱད་ཁྲི་ཡོད་ལ། གསེར་གྱི་ས་གཞི་ཆེན་པོ་ལ་བརྟེན་ཏོ། །ཞེང་དུ་ནི་དཔག་ཚད་ཉི་ཁྲི་ཡོད་དོ། །དབྱིབས་ལེགས་ཤིང་བལྟ་ན་སྡུག་ལ་མཛེས་
པ། ཆུ་བསིལ་ཞིང་ཆུ་སྦྲང་རྩི་ལྟ་བུས་གང་སྟེ། ཀླུའི་རྒྱལ་པོ་དག་གིས་རྒྱས་པར་འདུག་གོ། །རིའི་རྒྱལ་པོ་སེང་ལྡེང་ཅན་དང་། རིའི་རྒྱལ་པོ་བལྟ་ན་སྡུག་གི་བར་སྐབས་ན་སེང་ལྡེང་ཅན་གྱི་རོལ་མཚོ་ཞེས་བྱ་བ་ཡོད་དེ། ཟབས་སུ་དཔག་ཚད་བརྒྱད་ཁྲི་ཡོད་ལ། གསེར་གྱི་ས་གཞི་ཆེན་
པོ་ལ་བརྟེན་ཏོ། །ཞེང་དུ་ནི་དཔག་ཚད་ཁྲི་ཡོད་དེ། དབྱིབས་ལེགས་ཤིང་བལྟ་ན་སྡུག་ལ་མཛེས་པ། ཆུ་བསིལ་ཞིང་ཆུ་སྦྲང་རྩི་ལྟ་བུས་གང་སྟེ། ཀླུའི་རྒྱལ་པོ་དག་གིས་རྒྱས་པར་འདུག་གོ། །རིའི་རྒྱལ་པོ་བལྟ་ན་སྡུག་དང་། རིའི་རྒྱལ་པོ་རྟ་རྣ་རིའི་བར་དེའི་སྐབས་ན་བལྟ་ན་སྡུག་གི་
རོལ་མཚོ་ཞེས་བྱ་བ་ཡོད་དེ། ཟབས་སུ་ནི་དཔག་ཚད་བརྒྱད་ཁྲི་ཡོད་ལ། གསེར་གྱི་ས་གཞི་ཆེན་པོ་ལ་བརྟེན་ཏོ། །ཞེང་དུ་ནི་དཔག་ཚད་ལྔ་སྟོང་ཡོད་ལ། དབྱིབས་ལེགས་ཤིང་བལྟ་ན་སྡུག་ལ་མཛེས་པ། ཆུ་བསིལ་ཞིང་ཆུ་སྦྲང་རྩི་ལྟ་བུས་གང་སྟེ། ཀླུའི་རྒྱལ་པོ་དག་གིས་རྒྱས་པར་
འདུག་གོ། །རིའི་རྒྱལ་པོ་རྟ་རྣ་རི་དང་། རིའི་རྒྱལ་པོ་རྣམ་པར་འདུད་ཀྱི་བར་དེའི་སྐབས་ན་རྟ་རྣ་རིའི་རོལ་མཚོ་ཞེས་བྱ་བ་ཡོད་དེ། ཟབས་སུ་ནི་དཔག་ཚད་བརྒྱད་ཁྲི་ཡོད་ལ། གསེར་གྱི་ས་གཞི་ཆེན་པོ་ལ་བརྟེན་ཏོ། །ཞེང་དུ་ནི་དཔག་ཚད་ཉིས་སྟོང་ལྔ་བརྒྱ་ཡོད་དེ། དབྱིབས་ལེགས་ཤིང་

བལྟ་ན་སྡུག་ལ་མཛེས་པ། ཆུ་བསིལ་ཞིང་ཆུ་སྦྲང་རྩི་ལྟ་བུས་གང་སྟེ། ཀླུའི་རྒྱལ་པོ་དག་གིས་རྒྱས་པར་འདུག་གོ། །རིའི་རྒྱལ་པོ་རྣམ་པར་འདུད་དང་། རིའི་རྒྱལ་པོ་མུ་ཁྱུད་འཛིན་གྱི་བར་དེའི་སྐབས་ན་རིའི་རྒྱལ་པོ་རྣམ་པར་འདུད་ཀྱི་རོལ་མཚོ་ཞེས་བྱ་བ་ཡོད་དོ། །ཟབས་སུ་ནི་དཔག་ཚད་
བརྒྱད་ཁྲི་ཡོད་ལ། གསེར་གྱི་ས་གཞི་ཆེན་པོ་ལ་བརྟེན་ཏོ། །ཞེང་དུ་དཔག་ཚད་སྟོང་ཉིས་བརྒྱ་ལྔ་བཅུ་ཡོད་དེ། དབྱིབས་ལེགས་ཤིང་བལྟ་ན་སྡུག་ལ་མཛེས་པ། ཆུ་བསིལ་ཞིང་ཆུ་སྦྲང་རྩི་ལྟ་བུས་གང་སྟེ། ཀླུའི་རྒྱལ་པོ་དག་གིས་རྒྱས་པར་འདུག་གོ། །གཉའ་ཤིང་འཛིན་གྱི་རོལ་མཚོ་
ཡི། །མཚམས་ན་གཉའ་ཤིང་འཛིན་གྱི་རི། །གཤོལ་མདའ་འཛིན་གྱི་རོལ་མཚོ་ཡི། །མཚམས་ན་གཤོལ་མདའ་འཛིན་གྱི་རི། །སེང་ལྡེང་ཅན་གྱི་རོལ་མཚོ་ཡི། །ཕ་རོལ་སེང་ལྡེང་ཅན་གྱི་རི། །བལྟ་ན་སྡུག་གི་རོལ་མཚོ་ཡི། །བར་མཚམས་ན་ནི་བལྟ་ན་སྡུག །རྟ་རྣ་རི་ཡི་རོལ་མཚོ་
ཡི། །བར་མཚམས་ན་ནི་རྟ་རྣ་རི། །རྣམ་པར་འདུད་ཀྱི་རོལ་མཚོ་ཡི། །ཕ་རོལ་རི་བོ་རྣམ་པར་འདུད། །མུ་ཁྱུད་འཛིན་གྱི་རོལ་མཚོ་ཡི། །བར་མཚམས་ན་ནི་མུ་ཁྱུད་འཛིན། །ཆུ་འཛིན་རོལ་མཚོ་བདུན་པོ་རྣམས། །དང་པོའི་བཻ་ཌཱུརྱ་མདོག་བཞིན། །རབ་ཏུ་བསིལ་བའི་ཆུ་དག་དང་། །སྦྲང་
རྩི་ལྟ་བུའི་ཆུས་ཀྱང་གང་། །མེ་ཏོག་དུས་ཀྱི་རྗེས་འབྲང་བས། །རོལ་མཚོ་མཛེས་བྱས་རྒྱ་སྤོས་འཁྲུངས། །དེ་བཞིན་བལ་བུ་སྤང་སྤོས་དང་། །སྨན་ནི་སྣ་ཚོགས་དག་གིས་གང་། །དེ་བཞིན་འཇིགས་ཤིང་ལུས་ཆེ་ལ། །དྲག་ཅིང་མི་བཟད་གདུག་པ་ཡི། །ཀླུའི་རྒྱལ་པོ་རྣམས་ཀྱིས་རྒྱས། །
རོལ་མཚོ་བདུན་པོ་ཡིད་འོང་བ། །རི་བོ་དག་གི་འོད་རྣམས་དང་། །ཉི་མའི་འོད་ཟེར་རྣམས་ཀྱིས་ཀྱང་། །ཉི་མ་འཆར་ཀར་ཐང་ཅིག་ཙམ། །ཕྱོགས་བཅུ་དག་ཏུ་ལམ་མེར་སྣང་། །གསེར་གྱི་རི་བོ་བདུན་པོ་ཡིས། །རོལ་མཚོ་བདུན་པོ་ཀུན་ནས་བསྐོར། །རི་རྣམས་གཙོ་བོ་རི་རབ་ནི། །རྩེ་མོ་
བྲིས་པ་བཞིན་དུ་འཕགས། །རིའི་རྒྱལ་པོ་རི་རབ་ཀྱི་ཤར་ཕྱོགས། རིའི་རྒྱལ་པོ་གཉའ་ཤིང་འཛིན་གྱི་སྟེང་ན། རྒྱལ་པོ་ཡུལ་འཁོར་སྲུང་གི་ཕོ་བྲང་ཡུལ་འཁོར་སྲུང་ཞེས་བྱ་བ་ཞིག་ཡོད་དེ། ཆུར་དཔག་ཚད་ཉིས་བརྒྱ་ལྔ་བཅུ། ཞེང་དུ་ཡང་དཔག་ཚད་ཉིས་བརྒྱ་ལྔ་བཅུ། མཐའ་སྐོར་དུ་

དཔག་ཚད་སྟོང་ཡོད་ལ། དབྱིབས་ལེགས་ཤིང་བལྟ་ན་སྡུག་ལ་མཛེས་པ་གསེར་གྱི་ར་བས་བསྐོར་ཏེ། ར་བའི་འཕང་དུ་དཔག་ཚད་ཕྱེད་ཡོད་དོ། །ར་བ་དེ་ལ་རྩིག་སྐྱབས་གསེར་ལས་བྱས་པ་དང་། དངུལ་ལས་བྱས་པ་དང་། བཻ་ཌཱུརྱ་ལས་བྱས་པ་དང་། ཤེལ་
ལས་བྱས་པ་རྣམ་པ་བཞི་ཡོད་དེ། མདའ་ཡབ་དང་ཟམ་པ་རྣམ་པ་བརྒྱུད་མ་བཞི་ཡོད་དེ། དེའི་ནང་གི་ས་གཞི་དབྱིབས་ལེགས་ཤིང་བལྟ་ན་སྡུག་ལ་མཛེས་པ་སྟེ། བྲིས་ཤིང་ལེགས་པར་བྲིས་པ་ཚོན་སྣ་བརྒྱ་རྩ་གཅིག་གིས་བྲིས་པ་སྟེ། འཇམ་ཞིང་ཤིན་ཏུ་འཇམ་པ་ནི་དཔེར་ན་ཤིང་བལ་
གྱི་འདའ་བ་འམ། རས་བལ་གྱི་འདའ་བ་བཞིན་ཏེ། རྐང་པ་བཞག་ན་ནི་ནེམས་ཞེས་བྱེད། རྐང་པ་བཏེགས་ན་ནི་པར་ཞེས་བྱེད་ལ། མེ་ཏོག་མན་ད་ར་བ་དག་གིས་པུས་མོ་ནུབ་པ་ཙམ་དུ་ཡོངས་སུ་ཁེབས་ཏེ། མི་མ་ཡིན་པ་རྣམས་ཀྱི་རླུང་གི་མཐུས་མེ་ཏོག་རྙིང་པ་རྣམས་ནི་འདོར་མེ་ཏོག་གསར་
པ་རྣམས་ནི་ལེགས་པར་འགྲེམས་ཏེ། འདི་སྐད་དུ། ཡུལ་འཁོར་སྲུང་གི་བསོད་ནམས་དབང་གི་མཐུས། །ཡུལ་འཁོར་སྲུང་གི་གྲོང་ཁྱེར་རླུང་ཆེན་ལྡང་། །མེ་ཏོག་རྙིང་པ་རྣམས་ནི་འདོར་བར་བྱེད། །མེ་ཏོག་གསར་པ་རྣམས་ནི་ལེགས་པར་འགྲེམས། །ཞེས་ཀྱང་བྱའོ། །དེའི་ནང་ན་ལམ་སྲང་
ཆུར་དཔག་ཚད་ཉིས་བརྒྱ་ལྔ་བཅུ། ཞེང་དུ་ཡང་དཔག་ཚད་ཕྱེད་དང་གཉིས་པ་ཞིག་ཡོད་དེ། དབྱིབས་ལེགས་ཤིང་བལྟ་ན་སྡུག་ལ་མཛེས་པ་གསེར་གྱི་ཕྱེ་མ་བདལ་ཞིང་ཙནྡན་གྱི་ཆུས་ཆག་ཆག་བཏབ་པ། དེའི་གློ་གཡས་གཡོན་ན་རྫིང་བུ་བྱས་པ་དག་ཡོད་དེ། རྫིང་བུ་དེ་དག་འདི་ལྟ་སྟེ། གསེར་
ལས་བྱས་པ་དང་། དངུལ་ལས་བྱས་པ་དང་། བཻ་ཌཱུརྱ་ལས་བྱས་པ་དང་། ཤེལ་ལས་བྱས་པའི་ཕ་གུ་རྣམ་པ་བཞིས་བརྩིགས་སོ། །རྫིང་བུ་དེ་དག་གི་ཕྱོགས་བཞི་ན་ཐེམ་སྐས་བྱས་པ་དག་ཡོད་དེ། ཐེམ་སྐས་དེ་དག་ཀྱང་འདི་ལྟ་སྟེ། གསེར་ལས་བྱས་པ་དང་། དངུལ་ལས་བྱས་པ་དང་། བཻ་ཌཱུརྱ་
ལས་བྱས་པ་དང་། ཤེལ་ལས་བྱས་པའི་ཕ་གུ་རྣམ་པ་བཞིས་བརྩིགས་སོ། །རྫིང་བུ་དེ་དག་ལན་ཀན་རྣམ་པ་བཞིས་བསྐོར་ཏེ། དབྱིབས་ལེགས་ཤིང་བལྟ་ན་སྡུག་ལ་མཛེས་པ། ཆུ་བསིལ་ཞིང་ཆུ་སྦྲང་རྩི་ལྟ་བུས་གང་སྟེ། མེ་ཏོག་ཨུཏྤལ་དང་། པདྨ་དང་། ཀུ་མུ་ཏ་དང་། པདྨ་དཀར་པོས་

ཡོངས་སུ་ཁེབས་ལ་ཆུ་ནས་སྐྱེས་པའི་བྱ་སྣ་ཚོགས་སྐད་སྙན་ཅིང་འཇེབས་པ་དང་། སྐད་སྙན་ཡིད་དུ་འོང་བ་དང་། སྐད་མཉེན་པ་དང་། འདོད་དགུར་སྒྱུར་བའི་གཟུགས་ཅན་དག་སྐད་སྙན་པ་འབྱིན་ཏོ། །རྫིང་བུ་དེ་དག་གི་ཉེ་འཁོར་ན་མེ་ཏོག་གི་ཤིང་དང་། འབྲས་བུའི་ཤིང་ཡོད་པ་རྣམས་
ལེགས་པར་སྐྱེས་ཤིང་དབྱིབས་ལེགས་ལ་ཡོངས་སུ་གྲུབ་པ་སྟེ། མེ་ཏོག་ཕྲེང་བར་བཀོད་པ་བཞིན་དུ་གྱུར་པ་ནི། དཔེར་ན་མེ་ཏོག་ཕྲེང་རྒྱུད་དམ། མེ་ཏོག་ཕྲེང་རྒྱུད་ཀྱི་སློབ་མ་མཁས་པས་མེ་ཏོག་ཕྲེང་བ་ཐ་གུ་ལ་བརྒྱུས་པ་དང་། མེ་ཏོག་གི་རྣ་རྒྱན་ལེགས་པར་བྱས་པ་བཞིན་ཏེ། ཐང་ལས་སྐྱེས་
པའི་བྱ་སྣ་ཚོགས་སྐད་སྙན་ཅིང་འཇེབས་པ་དང་། སྐད་ཡིད་དུ་འོང་བ་དང་། སྐད་མཉེན་པ་དང་། འདོད་དགུར་སྒྱུར་བའི་གཟུགས་ཅན་དག་སྐད་སྙན་པ་འབྱིན་ཏོ། །དེ་དག་གི་ཉེ་འཁོར་ན་དཔག་བསམ་གྱི་ཤིང་སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་རྣམ་པ་བཞི་ཡོད་དོ། །བཞག་
གོས་སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་རྣམ་པ་བཞི་ཡོད་དོ། །དཔག་བསམ་ཤིང་ལས་བྱུང་བའི་གོས་སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་རྣམ་པ་བཞི་ཡོད་དོ། །ལག་རྒྱན་དང་། རྐང་རྒྱན་དང་། རྒྱན་སྣང་བ་དང་མི་སྣང་བ་རྣམས་འབྱུང་བའི་ཤིང་རྣམ་པ་
བཞི་ཡོད་དེ། ལྷ་འམ་ལྷའི་བུ་མོ་དག་གིས་ཇི་ལྟ་བུར་འདོད་པར་སེམས་བསྐྱེད་མ་ཐག་ཏུ་དེ་ལྟ་བུར་དེ་དག་གི་ལག་ཏུ་འོང་བར་འགྱུར་རོ། །རོལ་མོའི་ཆ་སྤྱད་སྣ་ཚོགས་པི་ཝང་དང་། གླིང་བུ་དང་། པི་ཝང་རྒྱུད་གསུམ་པ་དང་། ཁར་རྔ་དང་། ཧམ་ཤང་རྣམས་འབྱུང་བའི་ཤིང་དག་ཡོད་
དེ། ལྷ་འམ་ལྷའི་བུ་མོ་རྣམས་ཀྱིས་ཇི་ལྟ་བུར་འདོད་པ་སེམས་བསྐྱེད་མ་ཐག་ཏུ་དེ་ལྟ་བུར་དེ་དག་གི་ལག་ཏུ་འོང་བར་འགྱུར་རོ། །བདུད་རྩི་རྣམ་པ་བཞི་དང་། སྦྲང་རྩི་དང་སྦྲང་ཆང་གི་བཏུང་བ་དག་ཀྱང་ཡོད་དོ། །ཡང་ཏོག་རྣམས་དང་། ཁང་པ་བརྩེགས་པ་དང་། ཁྱིམ་རྣམས་དང་། ཁང་
བཟངས་རྣམས་དང་། བསིལ་ཁང་རྣམས་དང་། ལྟད་མོ་ལྟ་བའི་ས་རྣམས་དང་། ཟམ་པ་རྣམས་བུད་མེད་ཀྱི་ཚོགས་ཀྱིས་མཛེས་པར་བྱས་ཤིང་ལྷའི་བུ་མོ་མང་པོས་བརྟེན་པ་དང་། སིལ་སྙན་དང་། ཕེག་རྡོབ་པ་དག་གི་སྒྲ་སྙན་པ་སྒྲོགས་པ་དང་། དྲི་སྣ་ཚོགས་ཀྱིས་ལེགས་པར་བསྒོས་

པ་དང་། ཁ་ཟས་དང་བཏུང་བ་དང་ལྡན་པ་ཡོད་དོ། །དེ་ན་རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་འཁོར་དང་བཅས་པ་རྩེ་ཞིང་དགའ་ལ་དགའ་དགུར་སྤྱོད་དེ། རང་གི་ལས་ཀྱི་འབྲས་བུ་ཉམས་སུ་མྱོང་ངོ་། །རིའི་རྒྱལ་པོ་རི་རབ་ཀྱི་ལྷོ་ཕྱོགས་རིའི་རྒྱལ་པོ་གཉའ་ཤིང་
འཛིན་གྱི་སྟེང་ན་རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོའི་ཕོ་བྲང་འཁོར་འཕགས་པར་སྐྱེས་ཞེས་བྱ་བ་ཞིག་ཡོད་དེ། ཆུར་དཔག་ཚད་ཉིས་བརྒྱ་ལྔ་བཅུ། ཞེང་དུ་ཡང་དཔག་ཚད་ཉིས་བརྒྱ་ལྔ་བཅུ། མཐའ་སྐོར་དུ་དཔག་ཚད་སྟོང་ཡོད་ལ། དབྱིབས་ལེགས་ཤིང་བལྟ་ན་སྡུག་ལ་མཛེས་པ་སྟེ། གསེར་
གྱི་ར་བས་བསྐོར་ལ། ར་བའི་འཕང་དུ་དཔག་ཚད་ཕྱེད་ཡོད་དེ། སྔ་མ་བཞིན་དུ་རྒྱས་པར་བརྗོད་པར་བྱའོ། །རིའི་རྒྱལ་པོ་རི་རབ་ཀྱི་ནུབ་ཕྱོགས་རིའི་རྒྱལ་པོ་གཉའ་ཤིང་འཛིན་གྱི་སྟེང་ན་རྒྱལ་པོ་ཆེན་པོ་མིག་མི་བཟང་གི་ཕོ་བྲང་འཁོར་སྣ་ཚོགས་གཟུགས་ཞེས་བྱ་བ་ཡོད་དེ། ཆུར་དཔག་ཚད་
ཉིས་བརྒྱ་ལྔ་བཅུ། ཞེང་དུ་ཡང་དཔག་ཚད་ཉིས་བརྒྱ་ལྔ་བཅུ། མཐའ་སྐོར་དུ་དཔག་ཚད་སྟོང་ཡོད་ལ། དབྱིབས་ལེགས་ཤིང་བལྟ་ན་སྡུག་ལ་མཛེས་པ་སྟེ། སྔ་མ་བཞིན་དུ་ཐམས་ཅད་བརྗོད་པར་བྱའོ། །རིའི་རྒྱལ་པོ་རི་རབ་ཀྱི་བྱང་ཕྱོགས་རིའི་རྒྱལ་པོ་གཉའ་ཤིང་འཛིན་གྱི་སྟེང་ན་རྒྱལ་པོ་ཆེན་
པོ་རྣམ་ཐོས་ཀྱི་བུའི་ཕོ་བྲང་ལྕང་ལོ་ཅན་ཞེས་བྱ་བ་ཞིག་ཡོད་དེ། ཆུར་དཔག་ཚད་ཉིས་བརྒྱ་ལྔ་བཅུ། ཞེང་དུ་ཡང་དཔག་ཚད་ཉིས་བརྒྱ་ལྔ་བཅུ། མཐའ་སྐོར་དུ་དཔག་ཚད་སྟོང་ཡོད་ལ། དབྱིབས་ལེགས་ཤིང་བལྟ་ན་སྡུག་ལ་མཛེས་པ་སྟེ། སྔ་མ་བཞིན་དུ་ཐམས་ཅད་བརྗོད་པར་བྱའོ། །དྲི་ཟ་
དག་གི་བདག་པོའི་རྒྱལ། །ཤར་ཕྱོགས་རྣམས་ནི་སྐྱོང་བྱེད་པ། །རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་། །གྲོང་ཁྱེར་ཡུལ་འཁོར་སྲུང་ན་གནས། །གྲུལ་བུམ་དག་གི་བདག་པོའི་རྒྱལ། །ལྷོ་ཕྱོགས་པ་རྣམས་སྐྱོང་བར་བྱེད། །རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོ། །གྲོང་ཁྱེར་འཕགས་པར་སྐྱེས་ན་
གནས། །ཀླུ་རྣམས་ཀྱི་ནི་བདག་པོའི་རྒྱལ། །ནུབ་ཀྱི་ཕྱོགས་རྣམས་སྐྱོང་བར་བྱེད། །རྒྱལ་པོ་ཆེན་པོ་མིག་མི་བཟང་། །གྲོང་ཁྱེར་སྣ་ཚོགས་གཟུགས་ན་གནས། །གནོད་སྦྱིན་རྣམས་ཀྱི་བདག་པོའི་རྒྱལ། །བྱང་གི་ཕྱོགས་རྣམས་སྐྱོང་བྱེད་པ། །རྒྱལ་པོ་ཆེན་པོ་རྣམ་ཐོས་བུ། །གྲོང་ཁྱེར་

ལྕང་ལོ་ཅན་ན་གནས། །ཤར་ཕྱོགས་ན་ནི་ཡུལ་འཁོར་སྲུང་། །ལྷོ་ཕྱོགས་ན་ནི་འཕགས་སྐྱེས་པོ། །ནུབ་ཕྱོགས་ན་ནི་མིག་མི་བཟང་། །བྱང་ཕྱོགས་ན་ནི་རྣམ་ཐོས་བུ། །རྒྱལ་པོ་ཆེན་པོ་འདི་བཞི་དག །འཇིག་རྟེན་སྐྱོང་བ་གཟི་བརྗིད་ལྡན། །ཕྱོགས་བཞི་དག་ནི་སྐྱོང་བ་སྟེ། །རྫུ་
འཕྲུལ་ཆེ་ལ་སྟོབས་ཀྱང་ཆེ། །དེ་དག་ཚོགས་ནི་གསུམ་པོ་རྣམས། །བསྲུང་བའི་ཕྱིར་ནི་སྤྲོ་བ་སྟེ། །སུམ་ཅུ་རྩ་གསུམ་ལྷ་རྣམས་དང་། །སངས་རྒྱས་བདེ་བ་གཟིགས་རྣམས་དང་། །འཁོར་ལོ་ཆོས་བཞིན་བསྐོར་བ་ཡི། །ལྗོངས་ཀྱི་བདག་པོ་གང་ཡིན་པ། །འཁོར་ལོས་སྒྱུར་བ་དེ་ལ་ཡང་། །
བསྲུང་བའི་ཕྱིར་ནི་སྤྲོ་བ་ཡིན། །རིའི་རྒྱལ་པོ་རི་རབ་ཀྱི་ཤར་ཕྱོགས་ཀྱི་ཕྱི་རོལ་གྱི་རྒྱ་མཚོ་ཆེན་པོ་ན་ཤར་གྱི་ལུས་འཕགས་ཞེས་བྱ་བའི་གླིང་ནི་རྒྱ་ཆེ་ལ་ཕྱི་རོལ་ཟླ་གམ་ལྟར་གྲུབ་པ་ཡོད་དོ། །དཔག་ཚད་བརྒྱད་ཁྲི་ནི་ཐུར་དུ་གསེར་གྱི་ས་གཞི་ཆེན་པོ་ལ་བརྟེན་ཏོ། །སྟེང་ནི་ཆུ་དང་མཉམ་པར་འདུག་
སྟེ། ཤར་གྱི་ལུས་འཕགས་པོའི་གླིང་གི་ངོས་ནང་གི་རིང་པོ་གང་ཡིན་པ་དེ་ལ་དཔག་ཚད་ཉིས་སྟོང་ཡོད་དོ། །ནང་གི་ཐུང་ངུ་གང་ཡིན་པ་དེ་ལ་ནི་དཔག་ཚད་སུམ་བརྒྱ་ལྔ་བཅུ་ཡོད་དོ། །མཐའ་སྐོར་དུ་དཔག་ཚད་དྲུག་སྟོང་སུམ་བརྒྱ་ལྔ་བཅུ་ཡོད་དོ། །དབྱིབས་ལེགས་ཤིང་བལྟ་ན་སྡུག་ལ་མཛེས་
པ་ས་ལས་གྲུབ་པ་སྟེ། དེ་ན་ཤར་གྱི་ལུས་འཕགས་པོའི་མི་རྣམས་ཀྱི་གྲོང་དང་། གྲོང་རྡལ་དང་། གྲོང་ཁྱེར་དང་། ཡུལ་འཁོར་དང་། ཕོ་བྲང་འཁོར་རྣམས་གནས་སོ། །རིའི་རྒྱལ་པོ་རི་རབ་ཀྱི་ལྷོ་ཕྱོགས་ཀྱི་ཕྱི་རོལ་གྱི་རྒྱ་མཚོ་ཆེན་པོ་ན་འཛམ་བུའི་གླིང་ཞེས་བྱ་བའི་གླིང་ནང་རྒྱ་ཆེ་ལ་ཕྱི་རོལ་
ཤིང་རྟའི་དབྱིབས་ལེགས་པར་གྲུབ་པ་ཡོད་དེ། དཔག་ཚད་བརྒྱད་ཁྲི་ནི་ཐུར་དུ་གསེར་གྱི་ས་གཞི་ཆེན་པོ་ལ་བརྟེན་ཏོ། །སྟེང་ནི་ཆུ་དང་མཉམ་པར་འདུག་སྟེ། འཛམ་བུ་གླིང་གི་ངོས་ནང་གི་རིང་པོ་གང་ཡིན་པ་དེ་ལ་ནི་དཔག་ཚད་ཉིས་སྟོང་ཡོད་དོ། །ནང་གི་ཐུང་ངུ་གང་ཡིན་པ་དེ་ལ་ནི་དཔག་
ཚད་ཕྱེད་དང་བཞི་ཡོད་དོ། །མཐའ་སྐོར་དུ་དཔག་ཚད་དྲུག་སྟོང་དང་ཕྱེད་དང་བཞི་ཡོད་དེ། དབྱིབས་ལེགས་ཤིང་བལྟ་ན་སྡུག་ལ་མཛེས་པ་ས་ལས་གྲུབ་པ་སྟེ། དེ་ན་འཛམ་བུའི་གླིང་གི་མི་རྣམས་ཀྱི་གྲོང་དང་། གྲོང་རྡལ་དང་། གྲོང་ཁྱེར་དང་། ཡུལ་འཁོར་དང་། ཕོ་བྲང་འཁོར་

རྣམས་གནས་སོ། །རིའི་རྒྱལ་པོ་རི་རབ་ཀྱི་ནུབ་ཕྱོགས་ཀྱི་ཕྱི་རོལ་གྱི་རྒྱ་མཚོ་ཆེན་པོ་ན་ནུབ་བ་ལང་སྤྱོད་ཅེས་བྱ་བའི་གླིང་ནང་རྒྱ་ཆེ་ལ་ཕྱི་རོལ་ཀུན་ནས་ཟླུམ་པོར་གྲུབ་པ་ཡོད་དེ། དཔག་ཚད་བརྒྱད་ཁྲི་ནི་ཐུར་དུ་གསེར་གྱི་ས་གཞི་ཆེན་པོ་ལ་བརྟེན་ཏོ། །སྟེང་ནི་ཆུ་དང་མཉམ་
པར་འདུག་སྟེ། ནུབ་ཀྱི་བ་ལང་སྤྱོད་ཀྱི་གླིང་གི་རྒྱར་ནི་དཔག་ཚད་ཉིས་སྟོང་ལྔ་བརྒྱ། མཐའ་སྐོར་དུ་ནི་དཔག་ཚད་བདུན་སྟོང་ལྔ་བརྒྱ་ཡོད་དེ། དབྱིབས་ལེགས་ཤིང་བལྟ་ན་སྡུག་ལ་མཛེས་པ་ས་ལས་གྲུབ་པ་སྟེ། དེ་ན་ནུབ་ཀྱི་བ་ལང་སྤྱོད་པའི་མི་རྣམས་ཀྱི་གྲོང་དང་། གྲོང་རྡལ་དང་། གྲོང་ཁྱེར་
དང་། ཡུལ་འཁོར་དང་། རྒྱལ་པོའི་ཕོ་བྲང་འཁོར་རྣམས་གནས་སོ། །རིའི་རྒྱལ་པོ་རི་རབ་ཀྱི་བྱང་ཕྱོགས་ཀྱི་ཕྱི་རོལ་གྱི་རྒྱ་མཚོ་ཆེན་པོ་ན་བྱང་གི་སྒྲ་མི་སྙན་ཞེས་བྱ་བའི་གླིང་ན་རྒྱ་ཆེ་ལ་ཕྱི་རོལ་གྲུ་བཞི་ལྷམ་པར་གྲུབ་པ་ཡོད་དོ། །དཔག་ཚད་བརྒྱད་ཁྲི་ནི་ཐུར་དུ་གསེར་གྱི་ས་གཞི་ཆེན་པོ་ལ་
བརྟེན་ཏོ། །སྟེང་ནི་ཆུ་དང་མཉམ་པར་འདུག་སྟེ། བྱང་གི་སྒྲ་མི་སྙན་གྱི་གླིང་གི་ཆུར་དཔག་ཚད་ཉིས་སྟོང་། ཞེང་དུ་ཡང་དཔག་ཚད་ཉིས་སྟོང་། མཐའ་སྐོར་དུ་དཔག་ཚད་བརྒྱད་སྟོང་ཡོད་དེ། དབྱིབས་ལེགས་ཤིང་བལྟ་ན་སྡུག་ལ་མཛེས་པ་ས་ལས་གྲུབ་པ་སྟེ། དེ་ན་བྱང་གི་སྒྲ་མི་
སྙན་པའི་མི་རྣམས་གནས་སོ། །གླིང་ཕྲན་བརྒྱད་ཡོད་པ་ལ་འདི་ལྟ་སྟེ། ལུས་དང་ལུས་འཕགས་དང་། རྔ་ཡབ་དང་རྔ་ཡབ་གཞན་དང་། གཡོ་ལྡན་དང་ཉེ་བའི་གཡོ་ལྡན་དང་། སྒྲ་མི་སྙན་དང་སྒྲ་མི་སྙན་གྱི་ཟླ་རྣམས་སོ། །གླིང་ཕྲན་བརྒྱད་པོ་འདི་དག་གི་ནང་ན་བདུན་ལ་ནི་མི་རྣམས་སོ། །
གཅིག་ལ་ནི་མི་མ་ཡིན་པ་རྣམས་གནས་སོ། །རྒྱལ་ཆེན་བཞི་པའི་ལྷ་རྣམས་ནི་འོག་མ་ལ་ཤེས་པའི་མཐོང་བ་འཇུག་གི །གོང་མ་ལ་མ་ཡིན་ཏེ། རྫུ་འཕྲུལ་ལམ་གཞན་གྱི་མཐུ་ནི་མ་གཏོགས་སོ། །དེ་བཞིན་དུ་སུམ་ཅུ་རྩ་གསུམ་པ་རྣམས་དང་། འཐབ་བྲལ་བ་རྣམས་དང་། དགའ་
ལྡན་པ་རྣམས་དང་། འཕྲུལ་དགའ་བ་རྣམས་དང་། གཞན་འཕྲུལ་དབང་བྱེད་པ་རྣམས་དང་། ཚངས་རིས་པ་རྣམས་དང་། ཚངས་པའི་འདུན་ན་འདོན་པ་རྣམས་དང་། ཚངས་པ་ཆེན་པོ་པ་རྣམས་དང་། འོད་ཆུང་བ་རྣམས་དང་། ཚད་མེད་འོད་པ་རྣམས་དང་། འོད་གསལ་བ་རྣམས་

དང་། དགེ་ཆུང་བ་རྣམས་དང་། ཚད་མེད་དགེ་བ་རྣམས་དང་། དགེ་རྒྱས་པ་རྣམས་དང་། སྤྲིན་མེད་པ་རྣམས་དང་། བསོད་ནམས་སྐྱེས་པ་རྣམས་དང་། འབྲས་བུ་ཆེ་བ་རྣམས་དང་། མི་ཆེ་བ་རྣམས་དང་། མི་གདུང་བ་རྣམས་དང་། གྱ་ནོམ་སྣང་བ་རྣམས་དང་། ཤིན་ཏུ་མཐོང་བ་
པ་རྣམས་ཀྱང་འོག་མ་ལ་ཤེས་པའི་མཐོང་བ་འཇུག་གི། གོང་མ་ལ་མ་ཡིན་ཏེ། རྫུ་འཕྲུལ་ལམ་གཞན་གྱི་མཐུ་ནི་མ་གཏོགས་སོ། །འོག་མིན་གྱི་ལྷ་རྣམས་ནི་ཐམས་ཅད་དུ་ཤེས་པའི་མཐོང་བ་འཇུག་གོ། །མནར་མེད་པའི་སེམས་ཅན་དམྱལ་བ་ཆེན་པོའི་འོག་གི་གཞི་ནི་འདི་ནས་ཐུར་དུ་
དཔག་ཚད་བཞི་ཁྲི་ལ་འཇུག་གོ། །མནར་མེད་པའི་སེམས་ཅན་དམྱལ་བ་ཆེན་པོའི་སྟེང་གི་ངོས་ནི་འདི་ནས་ཐུར་དུ་དཔག་ཚད་ཉི་ཁྲི་ལ་ཐུག་གོ། །དེའི་སྟེང་ན་སེམས་ཅན་དམྱལ་བ་ཆེན་པོ་རབ་ཏུ་ཚ་བ་འདུག་གོ། །དེའི་སྟེང་ན་སེམས་ཅན་དམྱལ་བ་ཆེན་པོའི་ཚ་བ་འདུག་གོ། །དེའི་སྟེང་
ན་སེམས་ཅན་དམྱལ་བ་ཆེན་པོ་ངུ་འབོད་ཆེན་པོ་འདུག་གོ། །དེའི་སྟེང་ན་སེམས་ཅན་དམྱལ་བ་ཆེན་པོ་ངུ་འབོད་འདུག་གོ། །དེའི་སྟེང་ན་སེམས་ཅན་དམྱལ་བ་ཆེན་པོ་བསྡུས་གཞོམ་འདུག་གོ། །དེའི་སྟེང་ན་སེམས་ཅན་དམྱལ་བ་ཆེན་པོ་ཐིག་ནག་འདུག་གོ། །དེའི་སྟེང་ན་སེམས་
ཅན་དམྱལ་བ་ཆེན་པོ་ཡང་སོས་འདུག་སྟེ། སེམས་ཅན་དམྱལ་བ་ཆེན་པོ་བརྒྱད་པོ་འདི་དག་ནི་མཐོན་དམན་དུ་རིམ་པར་གནས་ལ། ལྷག་པའི་འཁོར་བཅུ་དྲུག་བཅུ་དྲུག་ཡོད་དོ། །འདི་ནས་དཔག་ཚད་བཞི་ཁྲིའི་སྟེང་ན་ནི་རྒྱལ་ཆེན་བཞི་པའི་ལྷ་རྣམས་འདུག་གོ། །རྒྱལ་ཆེན་པའི་
ལྷ་རྣམས་ཡན་ཆད་ནས། དང་པོ་ཡན་ཆད་ཀྱི་ཚད་ཇི་ཙམ་པ་དེ་སྲིད་ན་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་འདུག་གོ། །དེ་བཞིན་དུ་རྒྱས་པར་བྱ་སྟེ། དང་པོ་ཡན་ཆད་ཇི་ཙམ་པ་དེ་སྲིད་ན་གྱ་ནོམ་སྣང་གི་ལྷ་རྣམས་འདུག་གོ། །གྱ་ནོམ་སྣང་བའི་ལྷ་ཡན་ཆད་ནས་དང་པོ་ཡན་ཆད་ཀྱི་ཚད་ཇི་
ཙམ་པ་དེ་སྲིད་ན་ཤིན་ཏུ་མཐོང་བའི་ལྷ་རྣམས་འདུག་གོ། །ཤིན་ཏུ་མཐོང་བའི་ལྷ་རྣམས་ཡན་ཆད་ནས་དང་པོ་ཡན་ཆད་ཀྱི་ཚད་ཇི་ཙམ་པ་དེ་སྲིད་ན་འོག་མིན་གྱི་ལྷ་རྣམས་འདུག་གོ། །སྤྲིན་ནི་བརྒྱད་ཡོད་དེ། སྤྲིན་ནང་གི་མཐོན་པོ་གང་ཡིན་པ་དེའི་འཕང་དུ་ནི་དཔག་ཚད་ཕྱེད་དང་གཉིས་

ཡོད་དོ། །གཉིས་པ་ནི་དཔག་ཚད་གཅིག་དང་དཔག་ཚད་བཞི་ཆ་གཅིག་གོ། །གསུམ་པ་ནི་དཔག་ཚད་གཅིག་གོ། །བཞི་པ་ནི་དཔག་ཚད་གཅིག་ལས་བཞི་ཆ་གཅིག་མེད་པའོ། །ལྔ་པ་ནི་དཔག་ཚད་ཕྱེད་དོ། །དྲུག་པ་ནི་རྒྱང་གྲགས་གཅིག་གོ། །
བདུན་པ་ནི་རྒྱང་གྲགས་ཕྱེད་དོ། །བརྒྱད་པ་ནི་རྒྱང་གྲགས་ཀྱི་བཞི་ཆ་གཅིག་གོ། །འཇིག་རྟེན་གཞག་པ་ལས་ཚིགས་བཅུ་གསུམ་པའོ།། །།གླེང་གཞི་ནི་མཉན་དུ་ཡོད་པ་ན་སྟེ། དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་གནོད་པར་
འགྱུར་བ་དང་། གནོད་པར་འགྱུར་བ་མ་ཡིན་པའི་ཆོས་རྣམས་བཤད་ཀྱིས་དེ་ཉོན་ལ་ལེགས་པར་ཤིན་ཏུ་ཡིད་ལ་བྱོས་ཤིག་དང་ངས་བཤད་དོ། །གནོད་པར་འགྱུར་བའི་ཆོས་རྣམས་གང་ཞེ་ན། སྐྱེས་པ་འམ། བུད་མེད་གང་ཡང་རུང་སྟེ། འཆལ་བའི་ཚུལ་ཁྲིམས་དང་། སྡིག་པའི་
ཆོས་ཅན་ལུས་ཀྱི་ཉེས་པར་སྤྱོད་པ་དང་ལྡན་པ་དང་། ངག་གི་ཉེས་པར་སྤྱོད་པ་དང་ལྡན་པ་དང་། ཡིད་ཀྱི་ཉེས་པར་སྤྱོད་པ་དང་ལྡན་པ་དེ་ནི་གང་གི་ཚེ་ནད་ཀྱིས་ཐེབས་ཤིང་སྡུག་བསྔལ་བར་གྱུར་ལ་ནད་ཚབས་ཆེན་པོས་བཏབ་ནས་ཁྲིའུ་ལ་འདུག་གམ། ཁྲི་ལ་འདུག་གམ། ས་ལ་
འདུག་གམ། ཉལ་ཡང་རུང་སྟེ། ལུས་ཀྱི་ཚོར་བ་སྡུག་བསྔལ་ཞིང་མི་བཟད་ལ་རྩུབ་ཅིང་ཚ་བ་དང་ཡིད་དུ་མི་འོང་བ་སྲོག་གཅོད་པར་བྱེད་པ་རྣམས་ཀྱིས་ཐེབས་ན། དེ་ལ་སྔོན་གྱི་ལུས་ཀྱི་ཉེས་པར་སྤྱོད་པ་འམ། ངག་གི་ཉེས་པར་སྤྱོད་པ་འམ། ཡིད་ཀྱི་ཉེས་པར་སྤྱོད་པ་ཡང་རུང་སྟེ།
གང་བྱུང་བ་དེའི་ཚེ་དེ་ལ་དམིགས་པར་འགྱུར་ཞིང་ཆེར་དམིགས་ལ་མངོན་པར་དམིགས་པར་འགྱུར་ཏེ། དཔེར་ན་ཕྱེ་མ་རེད་ཀྱི་དུས་སུ་རི་ཆེན་པོ་རྣམས་སམ། རིའི་རྩེ་མོ་རྣམས་ཀྱི་གྲིབ་མ་ཤོད་དུ་འབབ་ཅིང་ཆེར་འབབ་སྟེ། མངོན་པར་འབབ་པར་འགྱུར་བ་དེ་བཞིན་དུ་དེ་ལ་སྔོན་གྱི་ལུས་ཀྱི་ཉེས་
པར་སྤྱོད་པ་འམ། ངག་གི་ཉེས་པར་སྤྱོད་པ་འམ། ཡིད་ཀྱི་ཉེས་པར་སྤྱོད་པ་ཡང་རུང་སྟེ། གང་བྱུང་བ་དེའི་ཚེ་ལ་དམིགས་པར་འགྱུར་ཞིང་ཆེར་དམིགས་ལ་མངོན་པར་དམིགས་པར་འགྱུར་ཏེ། དེ་འདི་སྙམ་དུ། ཀྱི་ཧུད་བདག་གིས་སྡིག་པ་འདི་ལྟ་སྟེ། ལུས་དང་ངག་དང་ཡིད་ཀྱིས་བྱས་

སོ། །ཀྱི་ཧུད་བདག་གི་བསོད་ནམས་འདི་ལྟ་སྟེ། ལུས་དང་ངག་དང་ཡིད་ཀྱིས་མ་བྱས་སོ། །སྡིག་པ་རྣམས་བྱས་པ་དང་། བརླང་པོ་རྣམས་བྱས་པ་དང་། གདུག་པ་རྣམས་བྱས་པ་དང་། བསོད་ནམས་དག་མ་བྱས་པ་དང་། དགེ་བ་དག་མ་བྱས་པ་དང་། འཇིགས་པ་དང་སྐྲག་པ་རྣམས་
ཀྱི་སྐྱབས་མ་བྱས་པ་རྣམས་ཀྱི་འགྲོ་བ་གང་ཡིན་པའི་འགྲོ་བ་དེ་དག་ཏུ་ཚེ་ཕྱི་མ་ལ་འགྲོ་བར་འགྱུར་རོ་སྙམ་དུ་སེམས་ཏེ་དེ་འགྱོད་པར་འགྱུར་རོ། །དགེ་སློང་དག་འགྱོད་བཞིན་དུ་འཆི་བ་ནི་ལེགས་པ་མ་ཡིན་ནོ། །དུས་བྱེད་པ་ནི་ལེགས་པ་མ་ཡིན་ནོ། །ཚེ་ཕྱི་མ་ནི་ལེགས་པ་མ་ཡིན་ཏེ། དེས་
ལུས་ཀྱི་ཉེས་པར་སྤྱོད་པ་སྤྱད་ཅིང་ངག་དང་ཡིད་ཀྱི་ཉེས་པར་སྤྱོད་པ་སྤྱད་ནས་དེའི་རྒྱུ་དང་དེའི་རྐྱེན་གྱིས་ལུས་དང་བྲལ་ཏེ་ཤི་བའི་འོག་ཏུ་ངན་སོང་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་རྣམས་སུ་སྐྱེ་བར་འགྱུར་ཏེ། འདི་ནི་གནོད་པར་འགྱུར་བའི་ཆོས་རྣམས་ཞེས་བྱའོ། །གནོད་པར་
འགྱུར་བ་མ་ཡིན་པའི་ཆོས་རྣམས་གང་ཞེ་ན། སྐྱེས་པ་འམ་བུད་མེད་གང་ཡང་རུང་སྟེ། ཚུལ་ཁྲིམས་ཅན་དང་། དགེ་བའི་ཆོས་ཅན་ལུས་ཀྱི་ལེགས་པར་སྤྱོད་པ་དང་ལྡན་པ་དང་། ངག་གི་ལེགས་པར་སྤྱོད་པ་དང་ལྡན་པ་དང་། ཡིད་ཀྱི་ལེགས་པར་སྤྱོད་པ་དང་ལྡན་པ་དེ་ནི་གང་གི་ཚེ་ནད་ཀྱིས་
ཐེབས་ཤིང་སྡུག་བསྔལ་བར་གྱུར་ལ། ནད་ཚབས་ཆེན་པོས་བཏབ་ནས་ཁྲིའུ་ལ་འདུག་གམ། ཁྲི་ལ་འདུག་གམ། ས་ལ་འདུག་གམ། ཉལ་ཡང་རུང་སྟེ། ལུས་ཀྱི་ཚོར་བ་སྡུག་བསྔལ་ཞིང་མི་བཟད་ལ་རྩུབ་ཅིང་ཚ་བ་དང་ཡིད་དུ་མི་འོང་ཞིང་སྲོག་གཅོད་པར་བྱེད་པ་རྣམས་ཀྱིས་ཐེབས་ན།
དེ་ལ་སྔོན་ལུས་ཀྱི་ལེགས་པར་སྤྱོད་པ་འམ། ངག་གི་ལེགས་པར་སྤྱོད་པ་འམ། ཡིད་ཀྱི་ལེགས་པར་སྤྱོད་པ་ཡང་རུང་སྟེ། གང་བྱུང་བ་དེའི་ཚེ་དེ་ལ་དམིགས་པར་འགྱུར་ཞིང་ཆེར་དམིགས་ལ་མངོན་པར་དམིགས་པར་འགྱུར་ཏེ། དཔེར་ན་ཕྱེ་མ་རེད་ཀྱི་དུས་སུ་རི་ཆེན་པོ་རྣམས་སམ། རིའི་རྩེ་
མོ་རྣམས་ཀྱི་གྲིབ་མ་ཤོད་དུ་འབབ་ཅིང་ཆེར་འབབ་པ་སྟེ། མངོན་པར་འབབ་པར་འགྱུར་བ་དེ་བཞིན་དུ་དེ་ལ་སྔོན་གྱི་ལུས་ཀྱི་ལེགས་པར་སྤྱོད་པ་འམ། ངག་གི་ལེགས་པར་སྤྱོད་པ་འམ། ཡིད་ཀྱི་ལེགས་པར་སྤྱོད་པ་ཡང་རུང་སྟེ། གང་བྱུང་བ་དེའི་ཚེ་དེ་ལ་དམིགས་ཤིང་ཆེར་དམིགས་

ལ་མངོན་པར་དམིགས་པར་འགྱུར་ཏེ། དེ་འདི་སྙམ་དུ་ཀྱེ་མ་བདག་གིས་བསོད་ནམས་འདི་ལྟ་སྟེ། ལུས་དང་ངག་དང་ཡིད་ཀྱིས་བྱས་སོ། །ཀྱེ་མ་བདག་གི་སྡིག་པ་འདི་ལྟ་སྟེ། ལུས་དང་ངག་དང་ཡིད་ཀྱིས་མ་བྱས་སོ། །བསོད་ནམས་དག་བྱས་པ་དང་།
དགེ་བ་དག་བྱས་པ་དང་། འཇིགས་པ་དང་སྐྲག་པ་རྣམས་ཀྱི་སྐྱབས་བྱས་ཤིང་སྡིག་པ་རྣམས་མ་བྱས་པ་དང་། བརླང་པོ་རྣམས་མ་བྱས་པ་དང་། གདུག་པ་རྣམས་མ་བྱས་པའི་འགྲོ་བའི་གང་ཡིན་པའི་འགྲོ་བ་དེ་དག་ཏུ་ཚེ་ཕྱི་མ་ལ་འགྲོ་བར་འགྱུར་རོ་སྙམ་དུ་སེམས་ཏེ་འགྱོད་པ་མེད་པར་
འགྱུར་རོ། །དགེ་སློང་དག་འགྱོད་པ་མེད་པར་འཆི་བ་ནི་ལེགས་སོ། །དུས་བྱེད་པ་ནི་ལེགས་སོ། །ཚེ་ཕྱི་མ་ནི་ལེགས་ཏེ། དེ་ལུས་ཀྱི་ལེགས་པར་སྤྱོད་པ་སྤྱད་ཅིང་ངག་དང་ཡིད་ཀྱི་ལེགས་པར་སྤྱོད་པ་སྤྱད་ནས། དེའི་རྒྱུ་དང་དེའི་རྐྱེན་གྱིས་ལུས་དང་བྲལ་ཏེ་ཤི་བའི་འོག་ཏུ་བདེ་འགྲོ་མཐོ་
རིས་ཀྱི་འཇིག་རྟེན་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་ཏེ། འདི་ནི་གནོད་པར་འགྱུར་བ་མ་ཡིན་པའི་ཆོས་རྣམས་ཞེས་བྱའོ། །དགེ་སློང་དག་གནོད་པར་འགྱུར་བ་དང་། གནོད་པར་འགྱུར་བ་མ་ཡིན་པའི་ཆོས་རྣམས་བཤད་པར་བྱའོ་ཞེས་ངས་སྨྲས་པ་གང་ཡིན་པ་དེ་ནི་བཤད་པ་འདི་ཡིན་ནོ། །
བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ཏེ། བདེ་བར་གཤེགས་པས་དེ་སྐད་ཅེས་གསུངས་ནས། གཞན་ཡང་སྟོན་པས་འདི་སྐད་དུ། མི་རིགས་འཚོ་བའི་མི་རྣམས་ཀྱིས། །འདི་ནི་གནོད་འགྱུར་རྣམས་བྱས་པའི། །འགྲོ་བ་ཕྱི་མ་གང་ཡིན་པའི། །དམྱལ་འགྲོ་དེ་དག་ང་ལས་
ཉོན། །ཡང་སོས་དང་ནི་ཐིག་ནག་དང་། །བདུད་གཞོམ་དང་ནི་ངུ་འབོད་གཉིས། །གཞན་ཡང་མནར་མེད་ཆེན་པོ་དང་། །ཚ་བ་དང་ནི་རབ་ཏུ་ཚ། །དམྱལ་བ་བརྒྱད་པོ་འདི་དག་ནི། །ཐར་བར་དཀའ་བར་བསྟན་པ་སྟེ། །བརླང་བའི་ལས་བྱས་རྣམས་ཀྱིས་གང་། །རེ་རེའི་འཁོར་ནི་བཅུ་
དྲུག་ཡོད། །ཆ་བཞི་དང་ནི་སྒོ་བཞིར་ལྡན། །ཆ་ཡི་ཚད་ནི་རྣམ་པར་བྱེད། །ལྕགས་ཀྱི་ར་བས་ཀུན་ནས་བསྐོར། །ལྕགས་ཀྱིས་སུ་ནི་ཤིན་ཏུ་ཁེབས། །ལྕགས་ཀྱི་ས་གཞི་རབ་ཚ་བ། །འབར་ཞིང་གཟི་བརྗིད་ལྡན་པ་སྟེ། །དཔག་ཚད་བརྒྱ་ཕྲག་དུ་མར་ཡང་། །མེ་ལྕེ་དག་ནི་

མཆེད་པར་གནས། །འཇུངས་པར་འདུལ་བ་དྲག་པོ་སྟེ། །མེ་ལྕེ་ལྡན་ཞིང་བསྙེན་པར་དཀའ། །དེ་དག་བ་སྤུ་སློང་བའི་གཟུགས། །འཇིགས་ཤིང་འཇིགས་བྱེད་སྡུག་བསྔལ་བ། །དྲང་སྲོང་དག་དང་སྡོམ་ཅན་དང་། །དཀའ་ཐུབ་ཅན་དང་ཁ་ཟེར་བ། །རྐང་པ་མཐོ་ཞིང་སྤྱིའུ་ཚུགས་
སུ། །དམྱལ་བ་དེར་ནི་ལྟུང་བར་འགྱུར། །དབང་པོ་ཉམས་པ་དེ་དག་འཚེད། །ཉ་ནི་སྐམ་ལ་བབ་པ་བཞིན། །དེ་ལྟར་ཉེས་བྱས་ལས་བྱེད་པ། །ཉིན་མཚན་དུ་ནི་ཆོ་ངེས་འདེབས། །དེ་ནི་སྒྲ་ཆེན་རབ་ཏུ་སྒྲོགས། །འཕང་མདུང་གིས་ཕོག་གླང་ཆེན་བཞིན། །ལུས་ཀྱི་ཉེས་པར་སྤྱད་བྱས་
ཤིང་། །ངག་གི་ཉེས་པར་སྤྱོད་རྣམས་དང་། །ཡིད་ཀྱི་ཉེས་པ་སྤྱད་བྱས་ནས། །སེམས་ཅན་དམྱལ་བ་རྣམས་སུ་སྐྱེ། །ཞེས་གསུངས་སོ། །སེམས་ཅན་དམྱལ་བ་ཆེན་པོ་ཡང་སོས་ཞེས་བྱ་བ་ལ་ཅིའི་ཕྱིར་སེམས་ཅན་དམྱལ་བ་ཆེན་པོ་ཡང་སོས་ཞེས་བྱ་ཞེ་ན། སྨྲས་པ། སེམས་ཅན་
དམྱལ་བ་ཆེན་པོ་ཡང་སོས་སུ་སེམས་ཅན་གང་སྐྱེས་པ་དང་། ཀུན་ཏུ་སྐྱེས་པ་དང་། བྱུང་བ་དང་། ཀུན་ཏུ་བྱུང་བ་དང་། ཕྱིན་པ་དང་། མངོན་པར་གྲུབ་པ་དང་། འཐོན་པར་གྱུར་པའི་སེམས་ཅན་དེ་དག་གི་སྡིག་པ་མི་དགེ་བའི་ལས་དེའི་རྣམ་པར་སྨིན་པས་ལྕགས་ཀྱི་རལ་གྲི་རྣོ་ཞིང་ཤིན་ཏུ་རྣོ་ལ་
སྤུ་གྱེན་ཀར་ཆོད་པ་དག་ལག་ཏུ་འོང་བར་འགྱུར་རོ། །སེམས་ཅན་དེ་དག་ཀྱང་སེམས་ཅན་གཅིག་གིས་གཅིག་མཐོང་ན་ཤས་ཆེར་སྡང་བའི་སེམས་དང་གསད་པའི་སེམས་ཉེ་བར་གནས་པར་འགྱུར་ཏེ། དཔེར་ན་རྔོན་པས་དགོན་པའི་རི་དྭགས་མཐོང་ན་ཤས་ཆེར་སྡང་བའི་སེམས་དང་གསད་པའི་
སེམས་ཉེ་བར་གནས་པར་འགྱུར་བ་དེ་བཞིན་དུ། སེམས་ཅན་དེ་དག་སེམས་ཅན་གཅིག་གིས་གཅིག་མཐོང་ན་ཤས་ཆེར་སྡང་བའི་སེམས་དང་། གསད་པའི་སེམས་ཉེ་བར་གནས་པར་འགྱུར་ཏེ། དེ་དག་རལ་གྲི་དེ་དག་གིས་གཅིག་ལ་གཅིག་ཀུན་ཏུ་གཅོད་ཅིང་ཀུན་ཏུ་འབིགས་ཏེ། ཀུན་ཏུ་
གཏུབ་ཅིང་ཀུན་ཏུ་གཤེག་པར་བྱེད་དོ། །ཀུན་ཏུ་བཅད་ཅིང་ཀུན་ཏུ་ཕུག་སྟེ། ཀུན་ཏུ་གཏུབ་ཅིང་ཀུན་ཏུ་གཤེགས་ནས་གང་གི་ཚེ་གཅིག་གིས་གཅིག་བསད་དེ། ཤི་བར་གྱུར་པ་དེའི་ཚེ་ཕྱོགས་གཅིག་ཏུ་འདུའོ། །དུས་གཞན་ཞིག་ན་སེམས་ཅན་དམྱལ་བ་ཆེན་པོ་ཡང་སོས་སུ་རླུང་

བསིལ་བ་ལྡང་བ་དེའི་དུས་ཀྱང་ཡོད་ལ་དེའི་སྐབས་ཀྱང་ཡོད་དེ། འདི་སྐད་དུ་སེམས་ཅན་ཁྱེད་རྣམས་ཡང་སོས་པར་གྱུར་ཅིག །སེམས་ཅན་ཁྱེད་རྣམས་ཡང་སོས་པར་གྱུར་ཅིག་ཅེས་སྒྲ་ཡང་གྲགས་པར་འགྱུར་ཏེ། དེ་ནས་སེམས་ཅན་དེ་དག་ཡང་འཚོ་བར་
འགྱུར་རོ། །དེ་ནས་ཡང་སེམས་ཅན་དེ་དག་གི་སྡིག་པ་མི་དགེ་བའི་ལས་དེའི་རྣམ་པར་སྨིན་པས་ལྕགས་ཀྱི་རལ་གྲི་དག་ལག་ཏུ་འོང་བར་འགྱུར་རོ། །དེ་ནས་ཡང་སེམས་ཅན་དེ་དག་ཀྱང་སེམས་ཅན་གཅིག་གིས་གཅིག་མཐོང་ན་ཤས་ཆེར་སྡང་བའི་སེམས་དང་གསད་པའི་སེམས་ཉེ་བར་
གནས་པར་འགྱུར་ཏེ། དཔེར་ན་རྔོན་པས་དགོན་པའི་རི་དྭགས་མཐོང་ན་ཤས་ཆེར་སྡང་བའི་སེམས་དང་གསད་པའི་སེམས་ཉེ་བར་གནས་པར་འགྱུར་བ་དེ་བཞིན་དུ། སེམས་ཅན་དེ་དག་སེམས་ཅན་གཅིག་གིས་གཅིག་མཐོང་ན་ཤས་ཆེར་སྡང་བའི་སེམས་དང་གསད་པའི་སེམས་ཉེ་བར་
གནས་པར་འགྱུར་ཏེ། དེ་དག་རལ་གྲི་དེ་དག་གཅིག་གིས་གཅིག་ལ་ཀུན་ཏུ་གཅོད་ཅིང་འབིགས་ཏེ། ཀུན་ཏུ་གཏུབ་ཅིང་ཀུན་དུ་གཤེག་པར་བྱེད་དོ། །ཀུན་ཏུ་བཅད་ཅིང་ཀུན་ཏུ་ཕུག་སྟེ། ཀུན་ཏུ་གཏུབ་ཅིང་ཀུན་ཏུ་གཤེགས་ནས་གང་གི་ཚེ་གཅིག་གིས་གཅིག་བསད་དེ་ཤི་བར་གྱུར་
པ་དེའི་ཕྱོགས་གཅིག་ཏུ་འདུའོ། །གཞན་ཡང་སེམས་ཅན་དམྱལ་བ་ཆེན་པོ་ཡང་སོས་སུ་སེམས་ཅན་གང་སྐྱེས་པ་དང་། ཀུན་ཏུ་སྐྱེས་པ་དང་། བྱུང་བ་དང་། ཀུན་ཏུ་བྱུང་བ་དང་། ཕྱིན་པ་དང་། མངོན་པར་གྲུབ་པ་དང་། འཐོན་པར་གྱུར་པའི་སེམས་ཅན་དེ་དག་གི་སྡིག་པ་མི་དགེ་
བའི་ལས་དེའི་རྣམ་པར་སྨིན་པས་ལྕགས་ཀྱི་ཤང་ལང་རྣོ་ཞིང་ཤིན་ཏུ་རྣོ་ལ་སྤུ་གྱེན་ཀར་ཆོད་པ་དག་ལག་ཏུ་འོང་བར་འགྱུར་རོ། །སེམས་ཅན་དེ་དག་ཀྱང་སེམས་ཅན་གཅིག་གིས་གཅིག་མཐོང་ན་ཤས་ཆེར་སྡང་བའི་སེམས་ཅན་གསད་པའི་སེམས་ཉེ་བར་གནས་པར་འགྱུར་ཏེ་སྔ་མ་བཞིན་ནོ། །
དེ་དག་ཤང་ལང་དེ་དག་གིས་གཅིག་གིས་གཅིག་ལ་ཀུན་ཏུ་གཅོད་ཅིང་ཀུན་ཏུ་འབིགས་ཏེ། ཀུན་ཏུ་གཏུབ་ཅིང་ཀུན་ཏུ་གཤེག་པར་བྱེད་དོ། །ཀུན་ཏུ་བཅད་ཅིང་ཀུན་ཏུ་ཕུག་སྟེ། ཀུན་ཏུ་གཏུབས་ཤིང་ཀུན་ཏུ་གཤགས་ནས་སྔ་མ་བཞིན་ཏེ། གང་གི་ཚེ་ཤི་བར་གྱུར་པ་དེའི་ཚེ་ཕྱོགས་གཅིག་

ཏུ་འདུའོ། །དགེ་སློང་དག་སེམས་ཅན་དམྱལ་བ་ཆེན་པོ་ཡང་སོས་སུ་རླུང་བསིལ་བ་ལྡང་བ་དེའི་དུས་ཀྱང་ཡོད་ལ་དེའི་སྐབས་ཀྱང་ཡོད་དེ། འདི་སྐད་དུ་སེམས་ཅན་ཁྱེད་རྣམས་ཡང་སོས་པར་གྱུར་ཅིག །སེམས་ཅན་ཁྱེད་རྣམས་ཡང་སོས་པར་གྱུར་ཅིག་ཅེས་སྒྲ་ཡང་གྲག་པར་འགྱུར་ཏེ།
དེ་ནས་སེམས་ཅན་དེ་དག་ཡང་འཚོ་བར་འགྱུར་རོ། །དེ་ནས་ཡང་སེམས་ཅན་དེ་དག་གི་སྡིག་པ་མི་དགེ་བའི་ལས་དེའི་རྣམ་པར་སྨིན་པས་ལྕགས་ཀྱི་ཤང་ལང་རྣོ་ཞིང་ཤིན་ཏུ་རྣོ་ལ། སྤུ་གྱེན་ཀར་ཆོད་པ་དག་ལག་ཏུ་འོང་བར་འགྱུར་རོ། །སེམས་ཅན་དེ་དག་ཀྱང་སེམས་ཅན་གཅིག་གིས་
གཅིག་མཐོང་ན་སྔ་མ་བཞིན་དུ་གསད་པའི་སེམས་ཉེ་བར་གནས་པར་འགྱུར་ཏེ། དེ་དག་ཤང་ལང་དེ་དག་གིས་གཅིག་ལ་གཅིག་ཀུན་ཏུ་གཅོད་ཅིང་ཀུན་དུ་འབིགས་ལ། ཀུན་ཏུ་གཏུབས་ཤིང་ཀུན་ཏུ་གཤེག་པར་བྱེད་དེ། སྔ་མ་བཞིན་དུ་ཤི་བར་གྱུར་ནས་ཕྱོགས་གཅིག་ཏུ་འདུའོ། །
གཞན་ཡང་སེམས་ཅན་དམྱལ་བ་ཆེན་པོ་ཡང་སོས་སུ་སེམས་ཅན་གང་སྐྱེས་པ་དང་། ཀུན་ཏུ་སྐྱེས་པ་དང་། བྱུང་བ་དང་། ཀུན་ཏུ་བྱུང་བ་དང་། ཕྱིན་པ་དང་། མངོན་པར་གྲུབ་པ་དང་། འཐོན་པར་གྱུར་པའི་སེམས་ཅན་དེ་དག་གི་སྡིག་པ་མི་དགེ་བའི་ལས་དེའི་རྣམ་པར་སྨིན་པས་ལྕགས་ཀྱི་
ཆུ་གྲི་ལག་ཏུ་འོང་བར་འགྱུར་རོ། །སེམས་ཅན་དེ་དག་ཀྱང་སེམས་ཅན་གཅིག་གིས་གཅིག་མཐོང་ན་ཤས་ཆེར་སྡང་བའི་སེམས་དང་གསད་པའི་སེམས་ཉེ་བར་གནས་པར་འགྱུར་ཏེ། སྔ་མ་བཞིན་ནོ། །དེ་དག་ཆུ་གྲི་དེ་དག་གིས་གཏུབ་ཅིང་རབ་ཏུ་གཏུབ་ལ་ཀུན་ཏུ་རབ་ཏུ་གཏུབ་པར་བྱེད་དོ། །
གཏུབས་ཤིང་རབ་ཏུ་གཏུབས་ལ་ཀུན་ཏུ་རབ་ཏུ་གཏུབས་ནས་གང་གི་ཚེ་གཅིག་གིས་གཅིག་བསད་དེ་ཤི་བར་གྱུར་པ