Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 139

Văn bản gốc(Tây Tạng)

Trang 8 / 15 (50.000 ký tự/trang)
ོའི་ཚངས་པའི་གསུང་དང་ལྡན། །ཅིའི་ཕྱིར་བྱང་ཆུབ་སེམས་དཔས་
སྐྱེས་བུ་ཆེན་པོའི་མཚན་མིག་མཐོན་མཐིང་ལྟ་བུ་དང་། བའི་རྫི་མ་ལྟ་བུ་གཉིས་ཐོབ་ཅེ་ན། སྨྲས་པ། བྱང་ཆུབ་སེམས་དཔས་ནི་སྔོན་གྱི་སྲིད་པ་ཞེས་བྱ་བ་ནས་རྒྱས་པར་སྦྱར་ཏེ། འདོད་པ་ན་སྤྱོད་པའི་བྱམས་པ་ཐོབ་ལ། དེ་ནི་སེམས་ཅན་དུ་འགྱུར་བར་འདོད་པ་གང་ཡིན་པ་རྣམས་དང་།
དོན་མེད་པར་འགྱུར་བར་འདོད་པ་གང་ཡིན་པ་རྣམས་དང་། ཕན་པར་འདོད་པ་གང་ཡིན་པ་རྣམས་དང་། གནོད་པར་འདོད་པ་གང་ཡིན་པ་རྣམས་དང་། བདེ་བར་འདོད་པ་གང་ཡིན་པ་རྣམས་དང་། མི་བདེ་བར་འདོད་པ་གང་ཡིན་པ་རྣམས་དང་། བདེ་བ་ལ་རེག་པར་འདོད་པ་གང་ཡིན་པ་རྣམས་དང་།
བདེ་བ་ལ་རེག་པར་མི་འདོད་པ་གང་ཡིན་པ་རྣམས་དང་། གྲུབ་པ་དང་བདེ་བར་འདོད་པ་གང་ཡིན་པ་རྣམས་དང་། གྲུབ་པ་དང་བདེ་བར་མི་འདོད་པ་གང་ཡིན་པ་དེ་དག་ཐམས་ཅད་ལ་བྱམས་པའི་མིག་གིས་བལྟས་ཏེ། དཔེར་ན་མས་བུ་གཅིག་པ་སྡུག་པ་དང་། ཕངས་པ་དང་། དགའ་བ་དང་།
ཡིད་དུ་འོང་བ་དང་། བཟོད་ཅིང་མཐོང་ན་མི་མཐུན་པ་མེད་དེ། ཟླ་བ་བརྒྱད་དམ། དགུ་ལོན་གྱི་བར་དུ་མ་ཕྲད་པ་ལས་མཐོང་བར་གྱུར་ན་བྱམས་པའི་མིག་གིས་ལྟ་བ་དེ་བཞིན་དུ། བྱང་ཆུབ་སེམས་དཔས་ཀྱང་སེམས་ཅན་དོན་དུ་འགྱུར་བར་འདོད་པ་གང་ཡིན་པ་ནས་གྲུབ་པ་དང་བདེ་བར་འདོད་པ་
གང་ཡིན་པའི་བར་གྱི་སེམས་ཅན་དེ་དག་ལ་བྱམས་པའི་མིག་གིས་བལྟས་ཏེ། དེ་ལས་དེ་དང་། ཡང་དག་པར་བླངས་པ་དེ་ལྟ་བུ་དང་། ཡང་དག་པར་བཟུང་བ་དེ་ལྟ་བུས་ལུས་ཞིག་ནས་དགའ་ལྡན་གྱི་ལྷ་རྣམས་དང་སྐལ་བ་མཉམ་པར་སྐྱེའོ་ཞེས་བྱ་བ་ནས་རྒྱས་པར་སྦྱར་རོ། །དེ་དེ་ནས་ཤི་
འཕོས་ནས་ཁམས་འདིར་མི་རྣམས་དང་སྐལ་བ་མཉམ་པར་སྐྱེའོ་ཞེས་བྱ་བའི་བར་དུ་རྒྱས་པར་སྦྱར་ཏེ། དེར་བྱང་ཆུབ་སེམས་དཔའ་དེས་སྐྱེས་བུ་ཆེན་པོའི་མཚན་མིག་མཐོན་མཐིང་ལྟ་བུ་དང་། བའི་རྫི་མ་ལྟ་བུ་གཉིས་ཐོབ་པར་འགྱུར་རོ། །དེའི་སྔ་ལྟས་ནི་འདི་ཡིན་ཏེ། གལ་ཏེ་ཁྱིམ་པར་

འདུག་ཅིང་ཁྱིམ་ན་གནས་ན་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོ་མཐའ་བཞིར་རྒྱལ་བ་ཞེས་བྱ་བ་ནས་རྒྱས་པར་སྦྱར་ཏེ། དེ་མིག་མཐོན་མཐིང་ལྟ་བུ་དང་། བའི་རྫི་མ་ལྟ་བུ་དེས་གཅེས་པར་བྱེད། བཀུར་སྟི་བྱེད། བླ་མར་བྱེད་ཅེས་བྱ་བའི་བར་དུ་རྒྱས་པར་
སྦྱར་རོ། །གལ་ཏེ་སྐྲ་དང་ཁ་སྤུ་རྣམས་བྲེགས་ཏེ། གོས་ངུར་སྨྲིག་དག་བགོས་ནས་དད་པས་ཁྱིམ་ནས་ཁྱིམ་མེད་པར་ལེགས་པ་ཁོ་ནར་རབ་ཏུ་བྱུང་ན་ནི་འཇིག་རྟེན་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་ཏེ། སྒྲ་ཆེར་གྲགས་པར་འགྱུར་རོ་ཞེས་
བྱ་བའི་བར་དུ་གསུངས་ཏེ། དེ་མིག་མཐོན་མཐིང་ལྟ་བུ་དང་། བའི་རྫི་མ་ལྟ་བུ་དེས་གཅེས་པར་བྱེད། བཀུར་སྟི་བྱེད། བླ་མར་བྱེད་ཅེས་བྱ་བའི་བར་དུ་རྒྱས་པར་སྦྱར་ཏེ། འདི་ནི་དེའི་སྔ་ལྟས་ཡིན་ནོ། །འདི་ལ་ཆོས་ཉིད་ནི་འདི་ཡིན་ཏེ། དེ་ལ་འདི་སྐད་ཅེས་བྱའོ། །གང་ཚེ་བདེ་
གཤེགས་སྤྱན་ནི་མཐོན་མཐིང་ལྡན། །གང་ཚེ་སྟོན་པ་བ་ཡི་རྫི་མར་ལྡན། །དོན་འདོད་གང་ཡིན་དོན་མེད་འདོད་པ་གང་། །མི་རྣམས་བདེ་རེག་མི་འདོད་གནོད་འདོད་གང་། །ཇི་ལྟར་མ་ནི་བུ་ལ་སྙིང་བརྩེ་བ། །དེ་ལྟར་ཐུབ་པས་འཇིག་རྟེན་ཀུན་ལ་གཟིགས། །ལས་དགེ་བདེ་བ་སྐྱེད་པར་
བྱེད་པ་འདི། །ཚེ་རབས་གཞན་དག་ཏུ་ནི་སྟོན་པས་མཛད། །ལས་ཀྱི་རྣམ་སྨིན་དེས་ན་སྟོན་པ་ཡི། །སྐུ་ལ་མཚན་ནི་རྣམ་གཉིས་བྱུང་བར་གྱུར། །ཅིའི་ཕྱིར་བྱང་ཆུབ་སེམས་དཔས་སྐྱེས་བུ་ཆེན་པོའི་མཚན་སྨིན་མཚམས་ཀྱི་མཛོད་སྤུ་ཐོབ་ཅེ་ན། སྨྲས་པ། བྱང་ཆུབ་སེམས་དཔས་ནི་སྔོན་
གྱི་སྲིད་པ་དང་། སྔོན་གྱི་གནས་དང་། སྔོན་གྱི་ལུས་དང་། སྔོན་གྱི་བདག་ཉིད་ཐོབ་པ་དང་། སྔོན་གྱི་ཚེ་རབས་གཞན་དག་དང་། འདས་པ་དང་། ཟད་པ་དང་། འགགས་པ་དང་། བྲལ་བ་དང་། རྣམ་པར་གྱུར་པ་དང་། ཡོངས་སུ་ཟད་པ་དག་ཏུ་ཕ་མ་དང་། ཉེ་དུ་དང་། རྒན་རབས་དང་།
བླ་མ་ལྟ་བུ་རྣམས་དང་། གཞན་དགེ་སྦྱོང་དང་། བྲམ་ཟེ་གནོད་པར་བྱ་བ་མ་ཡིན་པ་དང་། གནོད་པར་བྱ་བ་ལ་མི་དགའ་བ་གང་ཡིན་པ་དེ་དག་གིས་བསྔགས་པ་དུས་སུ་བདེན་པར་བསྒྲགས་ཏེ། དེ་ལས་དེ་དང་། ཡང་དག་པར་བླངས་པ་དེ་ལྟ་བུ་དང་། ཡང་དག་པར་བཟུང་བ་དེ་ལྟ་བུས་ལུས་

ཞིག་ནས་དགའ་ལྡན་གྱི་ལྷ་རྣམས་དང་སྐལ་བ་མཉམ་པར་སྐྱེའོ། །དེ་དེར་སྐྱེས་ནས་རིང་པོ་མ་ལོན་པར་དགའ་ལྡན་གྱི་རིས་ཀྱི་ལྷ་སྔར་སྐྱེས་པ་རྣམས་ལས་ལྷའི་གནས་གསུམ་གྱིས་འཕགས་ཏེ། གསུམ་གང་ཞེ་ན། འདི་ལྟ་སྟེ། ལྷའི་ཚེ་དང་། ལྷའི་ཁ་དོག་དང་། ལྷའི་གྲགས་
པས་འཕགས་སོ། །དེ་དེར་ཚེའི་ཚད་ཇི་ཙམ་པ་དེ་སྲིད་དུ་གནས་ནས། དེ་ནས་ཤི་འཕོས་ཏེ་ཁམས་འདིར་མི་རྣམས་དང་སྐལ་བ་མཉམ་པར་སྐྱེའོ། །དེ་འདིར་རྒྱལ་པོའི་ཕོ་བྲང་ངམ། མདུན་ན་འདོན་གྱི་ཁྱིམ་དུ་སྐྱེ་བར་འགྱུར་ཏེ། དེར་བྱང་ཆུབ་སེམས་དཔའ་དེས་སྐྱེས་བུ་ཆེན་
པོའི་མཚན་སྨིན་མཚམས་ཀྱི་མཛོད་སྤུ་ཐོབ་པར་འགྱུར་རོ། །དེའི་སྔ་ལྟས་ནི་འདི་ཡིན་ཏེ། གལ་ཏེ་ཁྱིམ་པར་འདུག་ཅིང་ཁྱིམ་ན་གནས་ན་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོ་མཐའ་བཞིར་རྒྱལ་བ་ཆོས་ཀྱི་རྒྱལ་པོ་ཆོས་དང་ལྡན་པ་རིན་པོ་ཆེ་སྣ་བདུན་དང་ལྡན་པར་འགྱུར་རོ། །དེའི་རིན་པོ་ཆེ་
སྣ་བདུན་ནི་འདི་དག་ཡིན་ཏེ། འདི་ལྟ་སྟེ། འཁོར་ལོ་རིན་པོ་ཆེ་དང་། གླང་པོ་རིན་པོ་ཆེ་དང་། རྟ་རིན་པོ་ཆེ་དང་། ནོར་བུ་རིན་པོ་ཆེ་དང་། བུད་མེད་རིན་པོ་ཆེ་དང་། ཁྱིམ་བདག་རིན་པོ་ཆེ་དང་། བདུན་པ་སྟེ། བློན་པོ་རིན་པོ་ཆེའོ། །དེའི་བུ་ནི་སྟོང་ཐམ་པ་ཡོད་དེ། དཔའ་བ་རྟུལ་ཕོད་པ།
ཡན་ལག་མཆོག་གི་གཟུགས་དང་ལྡན་པ་ཕ་རོལ་གྱི་སྡེ་རབ་ཏུ་འཇོམས་པ་ཤ་སྟག་གོ། །དེའི་རྒྱ་མཚོ་ལ་ཐུག་པའི་ས་ཆེན་པོ་མ་ལུས་པ་གནོད་པར་སྔོ་བ་མེད་ཅིང་འཚེ་བ་མེད་པ་འདི་ཉིད་ཆད་པ་མེད་ཅིང་མཚོན་གྱིས་བདའ་བ་མེད་ལ། ཆོས་དང་མཐུན་ཞིང་སྙོམས་པས་ལེགས་པར་ཕབ་སྟེ་གནས་
ལ། གང་གི་ཚེ་འཇིག་རྟེན་དུ་འཁོར་ལོས་སྒྱུར་བའི་རྒྱལ་པོ་བྱུང་བར་གྱུར་པ་ན་སྒྲ་དེ་སྐྱེ་བོ་མང་པོའི་དགའ་བ་ཡིད་དུ་འོང་བར་འགྱུར་ཏེ། སྒྲ་དེ་ཡང་གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ཀྱི་བར་དུ་གྲགས་པར་འགྱུར་ཏེ། བཙུན་མོའི་འཁོར་དང་། གཞོན་ནུ་རྣམས་དང་། བློན་པོ་རྣམས་དང་།
གཙོ་བོ་དང་། དམག་གི་རུ་དང་། གྲོང་མི་དང་། ཡུལ་གྱི་མི་རྣམས་ཀྱིས་བཀུར་སྟི་བྱེད། བླ་མར་བྱེད། རི་མོར་བྱེད། མཆོད་པ་བྱེད་དོ། །གལ་ཏེ་སྐྲ་དང་ཁ་སྤུ་རྣམས་བྲེགས་ཏེ། གོས་ངུར་སྨྲིག་དག་བགོས་ནས། དད་པས་ཁྱིམ་ནས་ཁྱིམ་མེད་པར་ལེགས་པ་ཁོ་ནར་རབ་ཏུ་བྱུང་ན་ནི།

འཇིག་རྟེན་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་ཏེ། སྒྲ་ཆེར་གྲགས་པར་འགྱུར་རོ་ཞེས་གསུངས་ཏེ། གང་གི་ཚེ་འཇིག་རྟེན་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་
རྒྱས་བྱུང་བར་གྱུར་པ་ན་སྒྲ་དེ་སྐྱེ་བོ་མང་པོའི་དགའ་བ་དང་། ཡིད་དུ་འོང་བར་འགྱུར་ཏེ། སྒྲ་དེ་ཡང་འོག་མིན་མན་ཆད་དུ་གྲགས་པར་འགྱུར་ཏེ། དགེ་སློང་རྣམས་དང་། དགེ་སློང་མ་རྣམས་དང་། དགེ་བསྙེན་རྣམས་དང་། དགེ་བསྙེན་མ་རྣམས་དང་། ལྷ་རྣམས་དང་། ཀླུ་རྣམས་དང་། ལྷ་མ་
ཡིན་རྣམས་དང་། ནམ་མཁའ་ལྡིང་རྣམས་དང་། དྲི་ཟ་རྣམས་དང་། མིའམ་ཅི་རྣམས་དང་། ལྟོ་འཕྱེ་ཆེན་པོ་རྣམས་དང་། གནོད་སྦྱིན་རྣམས་དང་། སྲིན་པོ་རྣམས་དང་། མི་རྣམས་དང་། མི་མ་ཡིན་པ་རྣམས་ཀྱིས་བཀུར་སྟི་བྱེད། བླ་མར་བྱེད། རི་མོར་བྱེད། མཆོད་པ་བྱེད་དེ། འདི་
ནི་དེའི་སྔ་ལྟས་ཡིན་ནོ། །འདི་ལ་ཆོས་ཉིད་ནི་འདི་ཡིན་ཏེ། །དེ་ལ་འདི་སྐད་ཅེས་བྱའོ། །དེ་བཞིན་མདངས་ནི་གསེར་མདོག་འདྲ་བ་ཡི། །སྨིན་མའི་མཚམས་སུ་མཛོད་སྤུ་སྐྱེས་པ་དེ། །དག་ཅིང་དཀར་ལ་སྡུག་ཅིང་བཟང་བ་དང་། །མཛེས་ཤིང་དུང་གི་མདོག་དང་འདྲ་བ་སྟེ། །བསྔགས་
པར་འོས་པ་རྣམས་ཀྱིས་བསྔགས་པ་ནི། །བདེན་པར་དུས་སུ་དེ་བཞིན་རིག་པར་བརྗོད། །ལས་དགེ་བདེ་བ་སྐྱེད་པར་བྱེད་པ་འདི། །ཚེ་རབས་གཞན་དག་ཏུ་ནི་སྟོན་པས་མཛད། །ལས་ཀྱི་རྣམ་པར་སྨིན་པ་དེ་ཡིས་ན། །སྨིན་མཚམས་སུ་ནི་མཛོད་སྤུ་སྐྱེས་པར་གྱུར། །ཆོས་མངོན་པར་
གདགས་པའི་བསྟན་བཅོས་རྒྱུ་གདགས་པ་ལས། །མཚན་གྱི་ཕུང་པོ་ཞེས་བྱ་བ་ཕུང་པོ་དང་པོ་རྫོགས་སོ།། །།གླེང་གཞི་ནི་མཉན་དུ་ཡོད་པ་ན་སྟེ། དགེ་སློང་དག་འཁོར་ལོས་སྒྱུར་བའི་རྒྱལ་པོ་འཇིག་རྟེན་དུ་བྱུང་ན་རིན་པོ་ཆེ་སྣ་བདུན་འཇིག་རྟེན་དུ་འབྱུང་བར་འགྱུར་ཏེ། བདུན་
གང་ཞེ་ན། འདི་ལྟ་སྟེ། འཁོར་ལོ་རིན་པོ་ཆེ་དང་། གླང་པོ་རིན་པོ་ཆེ་དང་། རྟ་རིན་པོ་ཆེ་དང་། ནོར་བུ་རིན་པོ་ཆེ་དང་། བུད་མེད་རིན་པོ་ཆེ་དང་། ཁྱིམ་བདག་རིན་པོ་ཆེ་དང་། བདུན་པ་སྟེ། བློན་པོ་རིན་པོ་ཆེའོ། །དགེ་སློང་དག་དེ་ལྟར་ན་འཁོར་ལོས་སྒྱུར་བའི་རྒྱལ་པོ་འཇིག་རྟེན་དུ་བྱུང་

ན་རིན་པོ་ཆེ་སྣ་བདུན་དེ་ལྟ་བུ་དག་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །དགེ་སློང་དག་དེ་བཞིན་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འཇིག་རྟེན་དུ་བྱུང་ན་བྱང་ཆུབ་ཀྱི་ཡན་ལག་རིན་པོ་ཆེ་བདུན་འཇིག་རྟེན་དུ་འབྱུང་བར་འགྱུར་ཏེ། བདུན་གང་ཞེ་ན།
འདི་ལྟ་སྟེ། དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་རིན་པོ་ཆེ་དང་། ཆོས་རྣམ་པར་འབྱེད་པ་དང་། བརྩོན་འགྲུས་དང་། དགའ་བ་དང་། ཤིན་ཏུ་སྦྱངས་པ་དང་། ཏིང་ངེ་འཛིན་དང་། བདུན་པ་སྟེ་བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་རིན་པོ་ཆེའོ། །དགེ་སློང་དག་དེ་ལྟར་ན།
དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འཇིག་རྟེན་དུ་བྱུང་ན་བྱང་ཆུབ་ཀྱི་ཡན་ལག་རིན་པོ་ཆེ་བདུན་པོ་དེ་ལྟ་བུ་དག་འཇིག་རྟེན་དུ་འབྱུང་བར་འགྱུར་རོ་ཞེས་དེ་སྐད་གསུངས་སོ། །ཅིའི་ཕྱིར་འཁོར་ལོས་སྒྱུར་བའི་རྒྱལ་པོས་འཁོར་ལོ་རིན་པོ་ཆེ་ཐོབ་པར་འགྱུར་
ཞེ་ན། སྨྲས་པ། འཁོར་ལོས་སྒྱུར་བའི་རྒྱལ་པོས་ནི་སྔོན་གྱི་སྲིད་པ་ཞེས་བྱ་བ་ནས་རྒྱས་པར་སྦྱར་ཏེ། བདག་ཉིད་ཀྱིས་ཀྱང་སྲོག་གཅོད་པ་སྤངས་ཤིང་སྲོག་གཅོད་པ་ལས་ཕྱིར་ལོག་སྟེ། དབྱུག་པ་སྤངས་ཤིང་མཚོན་ཆ་སྤངས་ལ་ངོ་ཚ་ཤེས་ཤིང་སྙིང་རྗེ་དང་ལྡན་ཏེ། སྲོག་ཆགས་
སུ་གྱུར་པའི་སེམས་ཅན་ཐམས་ཅད་ལས་ཐ་ན་སྲོག་ཆགས་གྲོག་སྦུར་ཡན་ཆད་ཀྱི་སྲོག་གཅོད་པ་ལས་སེམས་ཡོངས་སུ་སྦྱངས་ལ། གཞན་དག་ཀྱང་སྲོག་གཅོད་པ་སྤོང་བ་ཡང་དག་པར་འཛིན་དུ་བཅུག་པ་དང་། བདག་ཉིད་ཀྱིས་ཀྱང་མ་བྱིན་པར་ལེན་པ་དང་། འདོད་པ་ལ་ལོག་པར་
གཡེམ་པ་དང་། བརྫུན་དུ་སྨྲ་བ་དང་། ཕྲ་མ་དང་། ཚིག་རྩུབ་པོ་དང་། ཚིག་ཀྱལ་པ་དང་། བརྣབ་སེམས་དང་། གནོད་སེམས་དང་། ལོག་པར་ལྟ་བ་སྤངས་ནས་ཡང་དག་པའི་ལྟ་བ་ཅན་དུ་གྱུར་ལ། གཞན་དག་ཀྱང་ཡང་དག་པའི་ལྟ་བ་ཡང་དག་པར་འཛིན་དུ་བཅུག་པས་ན། དེ་
གསོ་སྦྱོང་གི་དུས་ཚེས་བཅོ་ལྔ་དེ་ཉིད་ཀྱི་ཚེ་ཁྲུས་བྱས་ནས་གསོ་སྦྱོང་བླངས་ཏེ་བློན་པོའི་ཚོགས་ཀྱིས་བསྐོར་བ་ན། ཉི་མ་འཆར་ཀའི་ཚེ་ཤར་ཕྱོགས་ནས་ལྷའི་འཁོར་ལོ་རིན་པོ་ཆེ་རྩིབས་སྟོང་བ་ལྟེ་བ་དང་བཅས་མུ་ཁྱུད་དང་བཅས་པ་དག་ཅིང་གཙང་ལ་མཁན་བཟོས་མ་བྱས་པ་ལྷ་རྫས་རིལ་

གྱིས་གསེར་ལས་གྲུབ་པ་འབྱུང་བར་འགྱུར་ཏེ། དེར་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བའི་རྒྱལ་པོས་མཐོང་ནས་དེ་འདི་སྙམ་དུ་སེམས་ཏེ། བདག་གིས་སྔོན་གྱི་འཁོར་ལོས་སྒྱུར་བ་རྣམས་ཀྱི་གཏམ་ཐོས་ན། རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བའི་རྒྱལ་པོ་
གང་ལ་གསོ་སྦྱོང་གི་ཚུལ་ཚེས་བཅོ་ལྔ་དེ་ཉིད་ཀྱི་ཚེ་ཁྲུས་བྱས་ནས་གསོ་སྦྱོང་བླངས་ཏེ། བློན་པོའི་ཚོགས་ཀྱིས་བསྐོར་བ་ན། ཉི་མ་འཆར་ཀའི་ཚེ་ཤར་ཕྱོགས་ནས་ལྷའི་འཁོར་ལོ་རིན་པོ་ཆེ་རྩིབས་སྟོང་པ་ལྟེ་བ་དང་བཅས་མུ་ཁྱུད་དང་བཅས་པ་དག་ཅིང་གཙང་ལ་མཁན་བཟོས་མ་བྱས་པ་ལྷ་
རྫས་རིལ་གྱིས་གསེར་ལས་གྲུབ་པ་འབྱུང་བར་འགྱུར་བ་དེའི་འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར་རོ་ཞེས་ཟེར་བ་དང་སྦྱར་ན། བདག་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཡིན་པར་ངེས་སོ་སྙམ་མོ། །དེ་ནས་འཁོར་ལོས་སྒྱུར་བའི་རྒྱལ་པོ་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་
གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། ལྷའི་འཁོར་ལོ་རིན་པོ་ཆེ་ལག་པ་གཉིས་ཀྱིས་བླངས་ནས་ལག་པ་གཡོན་པར་བཞག་སྟེ། ལག་པ་གཡས་པས་ཤར་ཕྱོགས་ལོགས་སུ་ཕུལ་ནས་འདི་སྐད་དུ། འཁོར་ལོ་རིན་པོ་ཆེ་སྔོན་གྱི་འཕགས་པ་འཁོར་ལོས་སྒྱུར་བའི་
ལམ་གང་ཡིན་པ་ལས་རྣམ་པར་རྒྱལ་བར་གྱིས་ཤིག །ཀྱེ་འཁོར་ལོ་རིན་པོ་ཆེ་སྔོན་གྱི་འཕགས་པ་འཁོར་ལོས་སྒྱུར་བའི་ལམ་གང་ཡིན་པ་ལས་རྣམ་པར་རྒྱལ་བར་གྱིས་ཤིག །རྣམ་པར་རྒྱལ་བར་གྱིས་ཤིག་ཅེས་བྱས་ནས་ལྷའི་འཁོར་ལོ་རིན་པོ་ཆེ་སྔོན་གྱི་འཁོར་ལོས་སྒྱུར་བའི་ལམ་
གང་ཡིན་པར་འགྲོ་བར་འགྱུར་རོ། །འཁོར་ལོས་སྒྱུར་བའི་རྒྱལ་པོ་ཡང་དཔུང་གི་ཚོགས་ཡན་ལག་བཞི་པ་དང་ལྷན་ཅིག་ཏུ་ལྷའི་འཁོར་ལོ་རིན་པོ་ཆེ་དེའི་ཕྱི་བཞིན་འགྲོ་བར་འགྱུར་ལ། ལྷའི་འཁོར་ལོ་རིན་པོ་ཆེ་ཕྱོགས་གང་དུ་སྡོད་པ་དེར་འཁོར་ལོས་སྒྱུར་བའི་རྒྱལ་པོ་དཔུང་གི་ཚོགས་ཡན་
ལག་བཞི་པ་དང་ལྷན་ཅིག་ཏུ་མཚན་མོའི་དགོངས་མལ་འདེབས་སོ། །ཤར་ཕྱོགས་ཀྱི་རྒྱལ་ཕྲན་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་འཁོར་ལོས་སྒྱུར་བའི་རྒྱལ་པོ་ག་ལ་བ་དེར་དོང་སྟེ་ལྷགས་ནས་འདི་སྐད་དུ། ལྷ་ཚུར་གཤེགས་ལྷ་གཤེགས་པ་ལེགས་སོ། །ཡུལ་འདི་དག་ནི་ལྷའི་

ལགས་ཏེ། འབྱོར་པ་དང་། རྒྱས་པ་དང་། བདེ་བ་དང་། ལོ་ལེགས་པ་དང་། སྐྱེ་བོ་དང་མི་མང་པོས་གང་བ་ལགས་ཀྱི། འདི་དག་ལྷས་ལེགས་པར་གདུལ་དུ་གསོལ། བདག་ཅག་ནི་ལྷའི་ཞམ་རིང་འཚལ་ལོ་ཞེས་ཟེར་ཏོ། །འཁོར་ལོས་སྒྱུར་བའི་རྒྱལ་པོས་ཀྱང་དེ་དག་ལ་
འདི་སྐད་དུ། ཡུལ་གྱི་གཙོ་བོ་དག་དེ་བས་ན་རང་རང་གི་ཡུལ་འཁོར་ཇི་ལྟ་བ་བཞིན་དུ་ཆོས་དང་མཐུན་པར་ལེགས་པར་ཐུལ་ཅིག །ཆོས་མ་ཡིན་པས་མ་བྱེད་ཅིག །ཡུལ་འཁོར་འདིར་ཆོས་མ་ཡིན་པ་སྤྱོད་པ་དང་། འགལ་བར་བྱེད་པ་སུ་ཡང་གནས་སུ་མ་གཞུག་ཅིག །དེ་ལྟར་བྱེད་
དང་ཁྱེད་ངའི་ཞམ་རིང་བྱེད་པ་ཡིན་ནོ་ཞེས་བསྒོའོ། །དེ་ནས་ལྷའི་འཁོར་ལོ་རིན་པོ་ཆེས་ཤར་ཕྱོགས་ལེགས་པར་བཏུལ་ཏེ་ཤར་ཕྱོགས་ཀྱི་རྒྱ་མཚོ་ཆེན་པོ་ལས་བརྒལ་ནས་ལྷོ་ཕྱོགས་སུ་སྔོན་གྱི་འཕགས་པ་འཁོར་ལོས་སྒྱུར་བའི་ལམ་གང་ཡིན་པ་ལོགས་སུ་འགྲོ་སྟེ། འཁོར་ལོས་
སྒྱུར་བའི་ལམ་དེར་འཁོར་ལོ་རིན་པོ་ཆེ་འགྲོའོ། །འཁོར་ལོས་སྒྱུར་བའི་རྒྱལ་པོ་ཡང་དཔུང་གི་ཚོགས་ཡན་ལག་བཞི་པ་དང་ལྷན་ཅིག་ཏུ་ལྷའི་འཁོར་ལོ་རིན་པོ་ཆེ་དེའི་ཕྱི་བཞིན་འགྲོ་བར་འགྱུར་ལ། ལྷའི་འཁོར་ལོ་རིན་པོ་ཆེ་ཕྱོགས་གང་དུ་སྡོད་པ་དེར་འཁོར་ལོས་སྒྱུར་བའི་རྒྱལ་པོ་དཔུང་གི་
ཚོགས་ཡན་ལག་བཞི་པ་དང་ལྷན་ཅིག་ཏུ་མཚན་མོའི་དགོངས་མལ་འདེབས་སོ། །ལྷོ་ཕྱོགས་ཀྱི་རྒྱལ་ཕྲན་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་ཀྱང་འཁོར་ལོས་སྒྱུར་བའི་རྒྱལ་པོ་ག་ལ་བ་དེར་དོང་སྟེ་ཞེས་བྱ་བ་ནས་རྒྱས་པར་སྔར་ཇི་སྐད་བསྟན་པ་བཞིན་དུ་བརྗོད་པར་བྱའོ། །དེ་ནས་ལྷའི་
འཁོར་ལོ་རིན་པོ་ཆེས་ལྷོ་ཕྱོགས་ལེགས་པར་བཏུལ་ཏེ་ལྷོ་ཕྱོགས་ཀྱི་རྒྱ་མཚོ་ལས་བརྒལ་ནས་ནུབ་ཕྱོགས་སུ་སྔོན་གྱི་འཕགས་པ་འཁོར་ལོས་སྒྱུར་བའི་ལམ་གང་ཡིན་པ་ལོགས་སུ་འགྲོ་སྟེ། འཁོར་ལོས་སྒྱུར་བའི་ལམ་དེར་ལྷའི་འཁོར་ལོ་རིན་པོ་ཆེ་འགྲོའོ། །འཁོར་ལོས་སྒྱུར་བའི་
རྒྱལ་པོ་ཡང་དཔུང་གི་ཚོགས་ཡན་ལག་བཞི་པ་དང་ལྷན་ཅིག་ཏུ་ལྷའི་འཁོར་ལོ་རིན་པོ་ཆེ་དེའི་ཕྱི་བཞིན་དུ་འགྲོ་བར་འགྱུར་ལ། ལྷའི་འཁོར་ལོ་རིན་པོ་ཆེ་ཕྱོགས་གང་དུ་སྡོད་པ་དེར་འཁོར་ལོས་སྒྱུར་བའི་རྒྱལ་པོ་དཔུང་གི་ཚོགས་ཡན་ལག་བཞི་པ་དང་ལྷན་ཅིག་ཏུ་མཚན་མོའི་དགོངས་མལ་འདེབས་

སོ། །ནུབ་ཕྱོགས་ཀྱི་རྒྱལ་ཕྲན་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་ཀྱང་འཁོར་ལོས་སྒྱུར་བའི་རྒྱལ་པོ་ག་ལ་བ་དེར་དོང་སྟེ་ཞེས་བྱ་བ་ནས་རྒྱས་པར་སྔར་ཇི་སྐད་བསྟན་པ་བཞིན་དུ་བརྗོད་པར་བྱའོ། །དེ་ནས་ལྷའི་འཁོར་ལོ་རིན་པོ་ཆེས་ནུབ་ཕྱོགས་ལེགས་པར་
བཏུལ་ཏེ་ནུབ་ཕྱོགས་ཀྱི་རྒྱ་མཚོ་ལས་བརྒལ་ནས། བྱང་ཕྱོགས་སུ་སྔོན་གྱི་འཕགས་པ་འཁོར་ལོས་སྒྱུར་བའི་ལམ་གང་ཡིན་པ་ལོགས་སུ་འགྲོ་སྟེ། འཁོར་ལོས་སྒྱུར་བའི་ལམ་དེར་ལྷའི་འཁོར་ལོ་རིན་པོ་ཆེ་འགྲོའོ། །འཁོར་ལོས་སྒྱུར་བའི་རྒྱལ་པོ་ཡང་དཔུང་གི་ཚོགས་ཡན་ལག་
བཞི་པ་དང་ལྷན་ཅིག་ཏུ་ལྷའི་འཁོར་ལོ་རིན་པོ་ཆེ་དེའི་ཕྱི་བཞིན་འགྲོ་བར་འགྱུར་ལ། ལྷའི་འཁོར་ལོ་རིན་པོ་ཆེ་ཕྱོགས་གང་དུ་སྡོད་པ་དེར་འཁོར་ལོས་སྒྱུར་བའི་རྒྱལ་པོ་དཔུང་གི་ཚོགས་ཡན་ལག་བཞི་པ་དང་ལྷན་ཅིག་ཏུ་མཚན་མོའི་དགོངས་མལ་འདེབས་སོ། །བྱང་ཕྱོགས་ཀྱི་རྒྱལ་
ཕྲན་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་ཀྱང་འཁོར་ལོས་སྒྱུར་བའི་རྒྱལ་པོ་ག་ལ་བ་དེར་དོང་སྟེ་ཞེས་བྱ་བ་ནས་རྒྱས་པར་སྔར་ཇི་སྐད་བསྟན་པ་བཞིན་དུ་བརྗོད་པར་བྱའོ། །དེ་ནས་ལྷའི་འཁོར་ལོ་རིན་པོ་ཆེས་བྱང་ཕྱོགས་ལེགས་པར་བཏུལ་ཏེ་བྱང་ཕྱོགས་ཀྱི་རྒྱ་མཚོ་ཆེན་པོ་ལས་བརྒལ་ནས་རྒྱལ་པོའི་ཕོ་བྲང་
དེ་ཉིད་དུ་འོངས་ཏེ། གདན་ཚོམ་པོའི་སྟེང་ན་སྲོག་ཤིང་ལ་བཞག་པ་བཞིན་དུ་གནས་སོ། །འདི་ལ་ཆོས་ཉིད་ནི་འདི་ཡིན་ཏེ། དེ་ལ་འདི་སྐད་ཅེས་བྱའོ། །སྲོག་གཅོད་པ་ནི་སྤངས་པ་དང་། །མ་བྱིན་ལེན་པ་སྤངས་པ་དང་། །གཞན་གྱི་ཆུང་མ་སྤངས་པ་དང་། །བདེན་སྨྲ་ཕྲ་མ་མི་བྱེད་དང་། །
ཚིག་རྩུབ་སྨྲ་བར་མི་བྱེད་དང་། །དུས་མིན་ཀུན་དུ་སྨྲ་མི་བྱེད། །ནོར་རྣམས་ལ་ནི་བརྣབ་སེམས་མེད། །ལོག་པར་ལྟ་བ་སྤངས་ནས་ཀྱང་། །ཡང་དག་ལྟ་བ་སྤྱོད་པར་གྱུར། །དཀར་པོའི་ལས་ལམ་བཅུ་པོ་རྣམས། །སྔོན་ནི་ཡང་དག་བླངས་པར་གྱུར། །དེས་ན་འཁོར་ལོ་རྩིབས་སྟོང་པ། །ལྟེ་
བར་བཅས་དང་མུ་ཁྱུད་བཅས། །རྒྱལ་པོ་ཡིས་ནི་ཐོབ་པར་གྱུར། །གཞན་ཡང་འཁོར་ལོས་སྒྱུར་བའི་རྒྱལ་པོ་ནི་བཞི་ཡོད་དེ། གང་གི་གསེར་གྱི་འཁོར་ལོ་རིན་པོ་ཆེ་འབྱུང་བར་འགྱུར་བའི་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཡང་ཡོད་དོ། །གང་གི་དངུལ་གྱི་འཁོར་ལོ་འབྱུང་བར་འགྱུར་བའི་འཁོར་ལོས་

སྒྱུར་བའི་རྒྱལ་པོ་ཡང་ཡོད་དོ། །གང་གི་ཟངས་ཀྱི་འཁོར་ལོ་འབྱུང་བར་འགྱུར་བའི་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཡང་ཡོད་དོ། །གང་གི་ལྕགས་ཀྱི་འཁོར་ལོ་འབྱུང་བར་འགྱུར་བའི་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཡང་ཡོད་དོ། །དེ་ལས་འཁོར་ལོས་སྒྱུར་བའི་རྒྱལ་པོ་གང་གི་
གསེར་གྱི་འཁོར་ལོ་རིན་པོ་ཆེ་འབྱུང་བར་འགྱུར་བའི་འཁོར་ལོས་སྒྱུར་བའི་རྒྱལ་པོ་དེས་ནི་སྔོན་གྱི་སྲིད་པ་ཞེས་བྱ་བ་ནས་རྒྱས་པར་སྦྱར་ཏེ། བདག་ཉིད་ཀྱིས་ཀྱང་དགེ་བ་བཅུའི་ལས་ཀྱི་ལམ་རྣམ་པར་དག་པ་ཡང་དག་པར་བླངས་ཏེ་གནས་ལ། གཞན་དག་ཀྱང་དགེ་བ་བཅུའི་ལས་ཀྱི་ལམ་
ཡང་དག་པར་འཛིན་དུ་བཅུག་པས། དེ་གསོ་སྦྱོང་གི་དུས་ཚེས་བཅོ་ལྔ་དེ་ཉིད་ཀྱི་ཚེ་ཁྲུས་བྱས་ནས་གསོ་སྦྱོང་བླངས་ཏེ་བློན་པོའི་ཚོགས་ཀྱིས་བསྐོར་བ་ན། ཉི་མ་འཆར་ཀའི་ཚེ་ཤར་ཕྱོགས་ནས་ལྷའི་འཁོར་ལོ་རིན་པོ་ཆེ་རྩིབས་སྟོང་པ་ལྟེ་བ་དང་བཅས་པ་མུ་ཁྱུད་དང་བཅས་པ་དག་
ཅིང་གཙང་ལ་མཁན་བཟོས་མ་བྱས་པ་ལྷ་རྫས་རིལ་གྱིས་གསེར་ལས་གྲུབ་པ་འབྱུང་བར་འགྱུར་ཏེ། དེར་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བའི་རྒྱལ་པོས་མཐོང་ནས་དེ་འདི་སྙམ་དུ་སེམས་ཏེ། བདག་གིས་སྔོན་གྱི་འཁོར་ལོས་སྒྱུར་བ་རྣམས་ཀྱི་གཏམ་ཐོས་ན། རྒྱལ་རིགས་
སྤྱི་བོ་ནས་དབང་བསྐུར་བའི་རྒྱལ་པོ་གང་ལ་གསོ་སྦྱོང་གི་དུས་ཚེས་བཅོ་ལྔ་དེ་ཉིད་ཀྱི་ཚེ་ཁྲུས་བྱས་ནས་གསོ་སྦྱོང་བླངས་ཏེ་བློན་པོའི་ཚོགས་ཀྱིས་བསྐོར་བ་ན། ཉི་མ་འཆར་ཀའི་ཚེ་ཤར་ཕྱོགས་ནས་ལྷའི་འཁོར་ལོ་རིན་པོ་ཆེ་རྩིབས་སྟོང་པ་ལྟེ་བ་དང་བཅས་མུ་ཁྱུད་དང་བཅས་པ་དག་ཅིང་
གཙང་ལ་མཁན་བཟོས་མ་བྱས་པ། ལྷ་རྫས་རིལ་གྱིས་གསེར་ལས་གྲུབ་པར་འབྱུང་བར་འགྱུར་བ་དེ་འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར་རོ་ཞེས་ཟེར་བ་དང་སྦྱར་ན། བདག་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཡིན་པར་ངེས་སོ་སྙམ་མོ། །དེ་ནས་འཁོར་ལོས་སྒྱུར་བའི་རྒྱལ་པོ་སྟན་
ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། ལྷའི་འཁོར་ལོ་རིན་པོ་ཆེ་ལག་པ་གཉིས་ཀྱིས་བླངས་ནས་ལག་པ་གཡོན་པར་བཞག་སྟེ། ལག་པ་གཡས་པས་ཤར་ཕྱོགས་ལོགས་སུ་ཕུལ་ནས་འདི་སྐད་དུ། འཁོར་ལོ་རིན་

པོ་ཆེ་སྔོན་གྱི་འཕགས་པ་འཁོར་ལོས་སྒྱུར་བའི་ལམ་གང་ཡིན་པ་ལས་རྣམ་པར་རྒྱལ་བར་གྱིས་ཤིག །ཀྱེ་འཁོར་ལོ་རིན་པོ་ཆེ་སྔོན་གྱི་འཕགས་པ་འཁོར་ལོས་སྒྱུར་བའི་ལམ་གང་ཡིན་པ་ལས་རྣམ་པར་རྒྱལ་བར་གྱིས་ཤིག །རྣམ་པར་རྒྱལ་བར་གྱིས་
ཤིག་ཅེས་བྱས་ན། ལྷའི་འཁོར་ལོ་རིན་པོ་ཆེ་སྔོན་གྱི་འཁོར་ལོས་སྒྱུར་བའི་ལམ་གང་ཡིན་པར་འགྲོ་བར་འགྱུར་རོ། །འཁོར་ལོས་སྒྱུར་བའི་རྒྱལ་པོ་ཡང་དཔུང་གི་ཚོགས་ཡན་ལག་བཞི་པ་དང་ལྷན་ཅིག་ཏུ་ལྷའི་འཁོར་ལོ་རིན་པོ་ཆེ་དེའི་ཕྱི་བཞིན་འགྲོ་བར་འགྱུར་ལ། ལྷའི་འཁོར་ལོ་
རིན་པོ་ཆེ་ཕྱོགས་གང་དུ་སྡོད་པ་དེར་འཁོར་ལོས་སྒྱུར་བའི་རྒྱལ་པོ་དཔུང་གི་ཚོགས་ཡན་ལག་བཞི་པ་དང་ལྷན་ཅིག་ཏུ་མཚན་མོའི་དགོངས་མལ་འདེབས་སོ། །ཤར་ཕྱོགས་ཀྱི་རྒྱལ་ཕྲན་རྣམས་ཀྱིས་ཀྱང་འཁོར་ལོས་སྒྱུར་བའི་རྒྱལ་པོ་གཤེགས་སོ་ཞེས་ཐོས་སོ། །ཐོས་ནས་ཀྱང་
མཆོད་ཡོན་ཁྱེར་ནས་འཁོར་ལོས་སྒྱུར་བའི་རྒྱལ་པོ་ག་ལ་བ་དེར་དོང་སྟེ་ལྷགས་ནས་འདི་སྐད་དུ། ཚུར་གཤེགས་ལྷ་གཤེགས་པ་ལེགས་སོ། །ཡུལ་འདི་དག་ནི་ལྷའི་ལགས་ཏེ། འབྱོར་པ་དང་། རྒྱས་པ་དང་། བདེ་བ་དང་། ལོ་ལེགས་པ་དང་། སྐྱེ་བོ་དང་། མི་མང་པོས་
གང་བ་ལགས་ཀྱིས། འདི་དག་ལྷས་ལེགས་པར་གདུལ་དུ་གསོལ། བདག་ཅག་ནི་ལྷའི་ཞམ་རིང་འཚལ་ལོ་ཞེས་འཛེར་ཏོ། །འཁོར་ལོས་སྒྱུར་བའི་རྒྱལ་པོས་ཀྱང་དེ་དག་ལ་འདི་སྐད་དུ། ཡུལ་གྱི་གཙོ་བོ་དག་དེ་བས་ན། རང་རང་གི་ཡུལ་འཁོར་ཇི་ལྟ་བ་བཞིན་དུ་ཆོས་དང་
མཐུན་པར་ལེགས་པར་ཐུལ་ཅིག །ཆོས་མ་ཡིན་པར་མ་བྱེད་ཅིག །ཡུལ་འཁོར་འདིར་ཆོས་མ་ཡིན་པ་སྤྱོད་པ་དང་། འགལ་བར་བྱེད་པ་སུ་ཡང་གནས་སུ་མ་གཞུག་ཤིག །དེ་ལྟར་བྱེད་དང་ཁྱེད་ངའི་ཞམ་རིང་བྱེད་པ་ཡིན་ནོ་ཞེས་བསྒོའོ། །དེ་ནས་ལྷའི་འཁོར་ལོ་རིན་པོ་ཆེ་
ཤར་ཕྱོགས་ལེགས་པར་ཕབ་སྟེ་ཤར་ཕྱོགས་ཀྱི་རྒྱ་མཚོ་ཆེན་པོ་ལས་བརྒལ་ནས་ལྷོ་ཕྱོགས་དང་། ནུབ་ཕྱོགས་དང་། བྱང་ཕྱོགས་ནས་རྒྱས་པར་རྒྱལ་པོའི་ཕོ་བྲང་དེ་ཉིད་ཀྱི་བར་དུ་འོངས་ཏེ། གདན་ཚོམ་པའི་སྟེང་ན་སྲོག་ཤིང་ལ་བཞག་པ་བཞིན་དུ་གནས་སོ། །དེ་ལ་

འཁོར་ལོས་སྒྱུར་བའི་རྒྱལ་པོ་གང་གི་དངུལ་གྱི་འཁོར་ལོ་འབྱུང་བར་འགྱུར་བའི་འཁོར་ལོས་སྒྱུར་བའི་རྒྱལ་པོ་དེས་ནི་སྔོན་གྱི་སྲིད་པ་ཞེས་བྱ་བ་ནས་རྒྱས་པར་སྦྱར་ཏེ། བདག་ཉིད་ཀྱིས་ཀྱང་དགེ་བ་བཅུའི་ལས་ཀྱི་ལམ་ཡང་དག་པར་བླངས་ཏེ་གནས་ལ། གཞན་དག་ཀྱང་དགེ་བ་བཅུའི་
ལས་ཀྱི་ལམ་ཡང་དག་པར་འཛིན་དུ་བཅུག་པས་ན། དེ་ཡང་སྔ་མ་བཞིན་དུ་དེ་གསོ་སྦྱོང་གི་དུས་ཚེས་བཅོ་ལྔ་དེ་ཉིད་ཀྱི་ཚེ་ཁྲུས་བྱས་ནས་གསོ་སྦྱོང་བླངས་ཏེ། བློན་པོའི་ཚོགས་ཀྱིས་བསྐོར་བ་ནས། ཉི་མ་འཆར་ཀའི་ཚེ་ཤར་ཕྱོགས་ནས་ལྷའི་འཁོར་ལོ་རིན་པོ་ཆེ་རྩིབས་སྟོང་པ།
ལྟེ་བ་དང་བཅས་མུ་ཁྱུད་དང་བཅས་པ་དག་ཅིང་གཙང་ལ་མཁན་བཟོས་མ་བྱས་པ། ལྷ་རྫས་རིལ་གྱིས་དངུལ་ལས་གྲུབ་པ་འབྱུང་བར་འགྱུར་ཏེ། དེར་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བའི་རྒྱལ་པོས་མཐོང་ནས་དེ་འདི་སྙམ་དུ་སེམས་ཏེ། བདག་གིས་སྔོན་གྱི་འཁོར་ལོས་སྒྱུར་
བ་རྣམས་ཀྱི་གཏམ་ཐོས་ནས། རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བའི་རྒྱལ་པོ་གང་ལ་གསོ་སྦྱོང་གི་དུས་ཚེས་བཅོ་ལྔ་དེ་ཉིད་ཀྱི་ཚེ། ཁྲུས་བྱས་ནས་གསོ་སྦྱོང་བླངས་ཏེ། བློན་པོའི་ཚོགས་ཀྱིས་བསྐོར་བ་ན། ཉི་མ་འཆར་ཀའི་ཚེ་ཤར་ཕྱོགས་ནས་ལྷའི་འཁོར་ལོ་རིན་པོ་ཆེ་རྩིབས་
སྟོང་པ་ལྟེ་བ་དང་བཅས་མུ་ཁྱུད་དང་བཅས་པ། དག་ཅིང་གཙང་ལ་མཁན་བཟོས་མ་བྱས་པ་ལྷ་རྫས་རིལ་གྱིས་དངུལ་ལས་གྲུབ་པ་འབྱུང་བར་འགྱུར་བ་དེ་འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར་རོ་ཞེས་ཟེར་བ་དང་སྦྱར་ན། བདག་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཡིན་པར་ངེས་སོ་
སྙམ་མོ། །དེ་ནས་འཁོར་ལོས་སྒྱུར་བའི་རྒྱལ་པོ་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། ལྷའི་འཁོར་ལོ་རིན་པོ་ཆེ་ལག་པ་གཉིས་ཀྱིས་བླངས་ནས་ལག་པ་གཡོན་པར་བཞག་སྟེ། ལག་པ་གཡས་པས་ཤར་
ཕྱོགས་ལོགས་སུ་ཕུལ་ནས་འདི་སྐད་དུ། འཁོར་ལོ་རིན་པོ་ཆེ་སྔོན་གྱི་འཕགས་པ་འཁོར་ལོས་སྒྱུར་བའི་ལམ་གང་ཡིན་པ་ལས་རྣམ་པར་རྒྱལ་བར་གྱིས་ཤིག །ཀྱེ་འཁོར་ལོ་རིན་པོ་ཆེ་སྔོན་གྱི་འཕགས་པ་འཁོར་ལོས་སྒྱུར་བའི་ལམ་གང་ཡིན་པ་ལས་རྣམ་པར་རྒྱལ་བར་གྱིས་ཤིག །

རྣམ་པར་རྒྱལ་བར་གྱིས་ཤིག་ཅེས་བྱས་ན་ལྷའི་འཁོར་ལོ་རིན་པོ་ཆེ་སྔོན་གྱི་འཁོར་ལོས་སྒྱུར་བའི་ལམ་གང་ཡིན་པར་འགྲོ་བར་འགྱུར་རོ། །འཁོར་ལོས་སྒྱུར་བའི་རྒྱལ་པོ་ཡང་དཔུང་གི་ཚོགས་ཡན་ལག་བཞི་པ་དང་ལྷན་ཅིག་ཏུ་ལྷའི་འཁོར་ལོ་རིན་པོ་ཆེ་དེའི་
ཕྱི་བཞིན་འགྲོ་བར་འགྱུར་ལ། ལྷའི་འཁོར་ལོ་རིན་པོ་ཆེ་ཕྱོགས་གང་དུ་སྡོད་པ་དེར་འཁོར་ལོས་སྒྱུར་བའི་རྒྱལ་པོ་དཔུང་གི་ཚོགས་ཡན་ལག་བཞི་དང་ལྷན་ཅིག་ཏུ་མཚན་མོའི་དགོངས་མལ་འདེབས་སོ། །ཤར་ཕྱོགས་ཀྱི་རྒྱལ་ཕྲན་རྣམས་ཀྱིས་ཀྱང་འཁོར་ལོས་སྒྱུར་བའི་རྒྱལ་
པོ་གཤེགས་སོ་ཞེས་ཐོས་སོ། །ཐོས་ནས་ཀྱང་འཁོར་ལོས་སྒྱུར་བའི་རྒྱལ་པོའི་ཐད་དུ་འདོང་བར་ནི་མི་བྱེད་ཀྱི། གང་གི་ཚེ་འཁོར་ལོས་སྒྱུར་བ་གཤེགས་པ་དེའི་ཚེ། མཆོད་ཡོན་ཁྱེར་ནས་འཁོར་ལོས་སྒྱུར་བའི་རྒྱལ་པོ་ག་ལ་བ་དེར་དོང་སྟེ་ལྷགས་ནས་འདི་སྐད་དུ། ལྷ་ཚུར་
གཤེགས་ལྷ་གཤེགས་པ་ལེགས་སོ། །ཡུལ་འདི་དག་ནི་ལྷའི་ལགས་ཏེ། འབྱོར་པ་དང་། རྒྱས་པ་དང་། བདེ་བ་དང་། ལོ་ལེགས་པ་དང་། སྐྱེ་བོ་དང་མི་མང་པོས་གང་བ་ལགས་ཀྱིས། འདི་དག་ལྷས་ལེགས་པར་འདུལ་དུ་གསོལ། །བདག་ཅག་ནི་ལྷའི་ཞམ་རིང་
འཚལ་ལོ་ཞེས་འཛེར་ཏོ། །འཁོར་ལོས་སྒྱུར་བའི་རྒྱལ་པོས་ཀྱང་དེ་དག་ལ་འདི་སྐད་དུ། ཡུལ་གྱི་གཙོ་བོ་དག་དེ་བས་ན་རང་རང་གི་ཡུལ་འཁོར་ཇི་ལྟ་བ་བཞིན་དུ་ཆོས་དང་མཐུན་པས་ལེགས་པར་ཐུལ་ཅིག །ཆོས་མ་ཡིན་པས་མ་བྱེད་ཅིག །ཡུལ་འཁོར་འདིར་ཆོས་མ་ཡིན་པ་
སྤྱོད་པ་དང་། འགལ་བར་བྱེད་པ་སུ་ཡང་གནས་སུ་མ་གཞུག་ཤིག །དེ་ལྟར་བྱེད་དང་ཁྱེད་ངའི་ཞམ་རིང་བྱེད་པ་ཡིན་ནོ་ཞེས་བསྒོའོ། །དེ་ནས་ལྷའི་འཁོར་ལོ་རིན་པོ་ཆེས་ཤར་ཕྱོགས་ལེགས་པར་བཏུལ་ཏེ། ཤར་ཕྱོགས་ཀྱི་རྒྱ་མཚོ་ཆེན་པོ་ལས་བརྒལ་ནས། ལྷོ་ཕྱོགས་དང་།
ནུབ་ཕྱོགས་དང་། བྱང་ཕྱོགས་ནས་རྒྱས་པར་རྒྱལ་པོའི་ཕོ་བྲང་དེ་ཉིད་ཀྱི་བར་དུ་འོངས་ཏེ། གདན་ཚོམ་པའི་སྟེང་ན་སྲོག་ཤིང་ལ་བཞག་པ་བཞིན་དུ་གནས་སོ། །དེ་ལ་འཁོར་ལོས་སྒྱུར་བའི་རྒྱལ་པོ་གང་གི་ཟངས་ཀྱི་འཁོར་ལོ་འབྱུང་བར་འགྱུར་བའི་འཁོར་ལོས་སྒྱུར་བའི་རྒྱལ་

པོ་དེས་ནི་སྔོན་གྱི་སྲིད་པ་ཞེས་བྱ་བ་ནས་རྒྱས་པར་སྦྱར་ཏེ། བདག་ཉིད་ཀྱིས་ཀྱང་དགེ་བ་བཅུའི་ལས་ཀྱི་ལམ་ཡང་དག་པར་བླངས་ཏེ་གནས་ལ། གཞན་དག་ཀྱང་དགེ་བ་བཅུའི་ལས་ཀྱི་ལམ་ཡང་དག་པར་འཛིན་དུ་བཅུག་པ་ན། དེ་ལས་ཡང་སྔ་མ་བཞིན་དུ་དེ་གསོ་སྦྱོང་གི་དུས་ཚེས་
བཅོ་ལྔ་དེ་ཉིད་ཀྱི་ཚེ་ཁྲུས་བྱས་ནས་གསོ་སྦྱོང་བླངས་ཏེ། བློན་པོའི་ཚོགས་ཀྱིས་བསྐོར་བ་ན། ཉི་མ་འཆར་ཀའི་ཚེ་ཤར་ཕྱོགས་ནས་ལྷའི་འཁོར་ལོ་རིན་པོ་ཆེ་རྩིབས་སྟོང་པ་ལྟེ་བ་དང་བཅས་མུ་ཁྱུད་དང་བཅས་པ་དག་ཅིང་གཙང་ལ་མཁན་བཟོས་མ་བྱས་པ་ལྷ་རྫས་རིལ་གྱིས་ཟངས་ལས་
གྲུབ་པ་འབྱུང་བར་འགྱུར་ཏེ། དེར་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བའི་རྒྱལ་པོས་མཐོང་ནས་དེ་འདི་སྙམ་དུ་སེམས་ཏེ། བདག་གིས་སྔོན་གྱི་འཁོར་ལོས་སྒྱུར་བ་རྣམས་ཀྱི་གཏམ་ཐོས་ནས། རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བའི་རྒྱལ་པོ་གང་ལ་གསོ་སྦྱོང་གི་དུས་ཚེས་བཅོ་
ལྔ་དེ་ཉིད་ཀྱི་ཚེ། ཁྲུས་བྱས་ནས་གསོ་སྦྱོང་བླངས་ཏེ། བློན་པོའི་ཚོགས་ཀྱིས་བསྐོར་བ་ན། ཉི་མ་འཆར་ཀའི་ཚེ་ཤར་ཕྱོགས་ནས་ལྷའི་འཁོར་ལོ་རིན་པོ་ཆེ་རྩིབས་སྟོང་པ་ལྟེ་བ་དང་བཅས་མུ་ཁྱུད་དང་བཅས་པ། དག་ཅིང་གཙང་ལ་མཁན་བཟོས་མ་བྱས་པ། ལྷ་རྫས་རིལ་གྱིས་
ཟངས་ལས་གྲུབ་པ་འབྱུང་བར་འགྱུར་བ་དེ། འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར་རོ་ཞེས་ཟེར་བ་དང་སྦྱར་ན། བདག་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཡིན་པར་ངེས་སོ་སྙམ་མོ། །དེ་ནས་འཁོར་ལོས་སྒྱུར་བའི་རྒྱལ་པོ་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་
ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། ལྷའི་འཁོར་ལོ་རིན་པོ་ཆེ་ལག་པ་གཉིས་ཀྱིས་བླངས་ནས། ལག་པ་གཡོན་པར་བཞག་སྟེ། ལག་པ་གཡས་པས་ཤར་ཕྱོགས་ལོགས་སུ་ཕུལ་ནས་འདི་སྐད་དུ་འཁོར་ལོ་རིན་པོ་ཆེ་སྔོན་གྱི་འཕགས་པ་འཁོར་ལོས་སྒྱུར་
བའི་ལམ་གང་ཡིན་པ་ལས་རྣམ་པར་རྒྱལ་བར་གྱིས་ཤིག །ཀྱེ་འཁོར་ལོ་རིན་པོ་ཆེ་སྔོན་གྱི་འཕགས་པ་འཁོར་ལོས་སྒྱུར་བའི་ལམ་གང་ཡིན་པ་ལས་རྣམ་པར་རྒྱལ་བར་གྱིས་ཤིག །རྣམ་པར་རྒྱལ་བར་གྱིས་ཤིག་ཅེས་བྱས་ནས། ལྷའི་འཁོར་ལོ་རིན་པོ་ཆེ་སྔོན་གྱི་འཁོར་ལོས་

སྒྱུར་བའི་ལམ་གང་ཡིན་པར་འགྲོ་བར་འགྱུར་རོ། །འཁོར་ལོས་སྒྱུར་བའི་རྒྱལ་པོ་ཡང་དཔུང་གི་ཚོགས་ཡན་ལག་བཞི་པ་དང་ལྷན་ཅིག་ཏུ་ལྷའི་འཁོར་ལོ་རིན་པོ་ཆེ་དེའི་ཕྱི་བཞིན་དུ་འགྲོ་བར་འགྱུར་ལ། ལྷའི་འཁོར་ལོ་རིན་པོ་ཆེ་ཕྱོགས་གང་དུ་སྡོད་པ་དེར་
འཁོར་ལོས་སྒྱུར་བའི་རྒྱལ་པོ་དཔུང་གི་ཚོགས་ཡན་ལག་བཞི་པ་དང་ལྷན་ཅིག་ཏུ་མཚན་མོའི་དགོངས་མལ་འདེབས་སོ། །ཤར་ཕྱོགས་ཀྱི་རྒྱལ་ཕྲན་རྣམས་ཀྱིས་ཀྱང་འཁོར་ལོས་སྒྱུར་བའི་རྒྱལ་པོ་གཤེགས་སོ་ཞེས་ཐོས་སོ། །ཐོས་ནས་ཀྱང་དཔུང་གི་ཚོགས་ཡན་ལག་
བཞི་པ་གླང་པོ་ཆེའི་ཚོགས་དང་། རྟ་པའི་ཚོགས་དང་། ཤིང་རྟའི་ཚོགས་དང་། དཔུང་བུ་ཆུང་གི་ཚོགས་གོ་ཆ་བགོས་ནས་འཁོར་ལོས་སྒྱུར་བའི་རྒྱལ་པོ་དང་། གཡུལ་འགྱེད་པའི་ཕྱིར་འབྱུང་བར་བྱེད་དེ། འཁོར་ལོས་སྒྱུར་བའི་རྒྱལ་པོ་དང་འཐབ་པ་དང་། མཚང་
འདྲུ་བ་དང་། འགྱེད་པ་དང་། རྩོད་པར་བྱེད་ཀྱི། མཚོན་བཟོ་བར་ནི་མི་བྱེད་ཀྱི། དེ་དག་དང་འཐབ་པ་དང་། མཚང་འདྲུ་བ་དང་། འགྱེད་པ་དང་། རྩོད་པས་བྱེ་བྲག་ཕྱེ་ནས་དེའི་འོག་ཏུ་ཆད་པ་མེད་ཅིང་མཚོན་གྱིས་བདའ་བ་མེད་ལ། ཆོས་དང་མཐུན་ཞིང་སྙོམས་པས་ལེགས་པར་
ཕབ་སྟེ་གནས་སོ། །དེ་ནས་ལྷའི་འཁོར་ལོ་རིན་པོ་ཆེས་ཤར་ཕྱོགས་ལེགས་པར་བཏུལ་ཏེ། ཤར་ཕྱོགས་ཀྱི་རྒྱ་མཚོ་ཆེན་པོ་ལས་བརྒལ་ནས། ལྷོ་ཕྱོགས་དང་། ནུབ་ཕྱོགས་དང་། བྱང་ཕྱོགས་ནས། རྒྱས་པར་རྒྱལ་པོའི་ཕོ་བྲང་དེ་ཉིད་ཀྱི་བར་དུ་འོངས་ཏེ། གདན་ཚོམ་པའི་སྟེང་
ན་སྲོག་ཤིང་ལ་བཞག་པ་བཞིན་དུ་གནས་སོ། །དེ་ལ་འཁོར་ལོས་སྒྱུར་བའི་རྒྱལ་པོ་གང་གི་ལྕགས་ཀྱི་འཁོར་ལོ་འབྱུང་བར་འགྱུར་བའི་འཁོར་ལོས་སྒྱུར་བའི་རྒྱལ་པོ་དེས་ནི། སྔོན་གྱི་སྲིད་པ་ཞེས་བྱ་བ་ནས་རྒྱས་པར་སྦྱར་ཏེ། བདག་ཉིད་ཀྱིས་ཀྱང་དགེ་བ་བཅུའི་ལས་ཀྱི་ལམ་ཡང་དག་པར་
བླངས་ཏེ་གནས་ལ། གཞན་དག་ཀྱང་དགེ་བ་བཅུའི་ལས་ཀྱི་ལམ་ཡང་དག་པར་འཛིན་དུ་བཅུག་པས་ན། དེ་ལ་ཡང་སྔ་མ་བཞིན་དུ་དེ་གསོ་སྦྱོང་གི་དུས་ཚེས་བཅོ་ལྔ་དེ་ཉིད་ཀྱི་ཚེ། ཁྲུས་བྱས་ནས་གསོ་སྦྱོང་བླངས་ཏེ། བློན་པོའི་ཚོགས་ཀྱིས་བསྐོར་བ་ན། ཉི་མ་འཆར་ཀའི་ཚེ་ཤར་

ཕྱོགས་ནས་ལྷའི་འཁོར་ལོ་རིན་པོ་ཆེ་རྩིབས་སྟོང་པ་ལྟེ་བ་དང་བཅས་མུ་ཁྱུད་དང་བཅས་པ་དག་ཅིང་གཙང་ལ་མཁན་བཟོས་མ་བྱས་པ། ལྷ་རྫས་རིལ་གྱིས་ལྕགས་ལས་གྲུབ་པ་འབྱུང་བར་འགྱུར་ཏེ། དེར་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བའི་རྒྱལ་པོས་མཐོང་ནས་དེ་འདི་སྙམ་དུ་
སེམས་ཏེ། བདག་གིས་སྔོན་གྱི་འཁོར་ལོས་སྒྱུར་བ་རྣམས་ཀྱི་གཏམ་ཐོས་ན། རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བའི་རྒྱལ་པོ་གང་ལ་གསོ་སྦྱོང་གི་དུས་ཚེས་བཅོ་ལྔ་དེ་ཉིད་ཀྱི་ཚེ། ཁྲུས་བྱས་ནས་གསོ་སྦྱོང་བླངས་ཏེ། བློན་པོའི་ཚོགས་ཀྱིས་བསྐོར་བ་ན། ཉི་མ་འཆར་ཀའི་
ཚེ་ཤར་ཕྱོགས་ནས་ལྷའི་འཁོར་ལོ་རིན་པོ་ཆེ་རྩིབས་སྟོང་པ། ལྟེ་བ་དང་བཅས་པ་དག་ཅིང་གཙང་ལ་མཁན་བཟོས་མ་བྱས་པ། ལྷ་རྫས་རིལ་གྱིས་ལྕགས་ལས་གྲུབ་པ་འབྱུང་བར་འགྱུར་བ་དེ། འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར་རོ་ཞེས་ཟེར་བ་དང་སྦྱར་ན། བདག་ནི་འཁོར་
ལོས་སྒྱུར་བའི་རྒྱལ་པོ་ཡིན་པར་ངེས་སོ་སྙམ་མོ། །དེ་ནས་འཁོར་ལོས་སྒྱུར་བའི་རྒྱལ་པོ་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། ལྷའི་འཁོར་ལོ་རིན་པོ་ཆེ་ལག་པ་གཉིས་ཀྱིས་བླངས་ནས་ལག་པ་གཡོན་པར་
བཞག་སྟེ། ལག་པ་གཡས་པས་ཤར་ཕྱོགས་ལོགས་སུ་ཕུལ་ནས། འདི་སྐད་དུ་འཁོར་ལོ་རིན་པོ་ཆེ་སྔོན་གྱི་འཕགས་པ་འཁོར་ལོས་སྒྱུར་བའི་ལམ་གང་ཡིན་པ་ལས་རྣམ་པར་རྒྱལ་བར་གྱིས་ཤིག །ཀྱེ་འཁོར་ལོ་རིན་པོ་ཆེ་སྔོན་གྱི་འཕགས་པ་འཁོར་ལོས་སྒྱུར་བའི་ལམ་
གང་ཡིན་པ་ལས་རྣམ་པར་རྒྱལ་བར་གྱིས་ཤིག །རྣམ་པར་རྒྱལ་བར་གྱིས་ཤིག་ཅེས་བྱ་བ་ན། ལྷའི་འཁོར་ལོ་རིན་པོ་ཆེ་སྔོན་གྱི་འཁོར་ལོས་སྒྱུར་བའི་ལམ་གང་ཡིན་པར་འགྲོ་བར་འགྱུར་རོ། །འཁོར་ལོས་སྒྱུར་བའི་རྒྱལ་པོ་ཡང་དཔུང་གི་ཚོགས་ཡན་ལག་བཞི་པ་དང་ལྷན་
ཅིག་ཏུ་ལྷའི་འཁོར་ལོ་རིན་པོ་ཆེ་དེའི་ཕྱི་བཞིན་འགྲོ་བར་འགྱུར་ལ་ལྷའི་འཁོར་ལོ་རིན་པོ་ཆེ་ཕྱོགས་གང་དུ་སྡོད་པ་དེར་འཁོར་ལོས་སྒྱུར་བའི་རྒྱལ་པོ་དཔུང་གི་ཚོགས་ཡན་ལག་བཞི་པ་དང་ལྷན་ཅིག་ཏུ་མཚན་མོའི་དགོངས་མལ་འདེབས་སོ། །ཤར་ཕྱོགས་ཀྱི་རྒྱལ་ཕྲན་རྣམས་

ཀྱིས་ཀྱང་། འཁོར་ལོས་སྒྱུར་བའི་རྒྱལ་པོ་གཤེགས་སོ་ཞེས་ཐོས་སོ། །ཐོས་ནས་ཀྱང་དཔུང་གི་ཚོགས་ཡན་ལག་བཞི་པ་གླང་པོ་ཆེའི་ཚོགས་དང་། རྟའི་ཚོགས་དང་། ཤིང་རྟའི་ཚོགས་དང་། དཔུང་བུ་ཆུང་གི་ཚོགས་གོ་ཆ་བསྐོན་ནས།
འཁོར་ལོས་སྒྱུར་བའི་རྒྱལ་པོ་དང་གཡུལ་འགྱེད་པའི་ཕྱིར་འབྱུང་བར་བྱེད་དེ། འཁོར་ལོས་སྒྱུར་བའི་རྒྱལ་པོ་དང་འཐབ་པ་དང་། མཚང་འདྲུ་བ་དང་། འགྱེད་པ་དང་། རྩོད་པར་བྱེད་ཅིང་། མཚོན་བཟོ་བར་བྱེད་ཀྱི། གཅིག་ལ་གཅིག་གསོད་པར་ནི་མི་བྱེད་ཀྱི། དེ་དག་དང་འཐབ་
པ་དང་། འཚང་འདྲུ་བ་དང་། འགྱེད་པ་དང་། རྩོད་པས་བྱེ་བྲག་ཕྱེད་ནས་དེའི་འོག་ཏུ་ཆད་པ་མེད་ཅིང་མཚོན་གྱིས་བདའ་བ་མེད་ལ། ཆོས་དང་མཐུན་ཞིང་སྙོམས་པས་ལེགས་པར་ཕབ་སྟེ་གནས་སོ། །དེ་ནས་ལྷའི་འཁོར་ལོ་རིན་པོ་ཆེས་ཤར་ཕྱོགས་ལེགས་པར་བཏུལ་ཏེ། ཤར་
ཕྱོགས་ཀྱི་རྒྱ་མཚོ་ཆེན་པོ་ལས་བརྒལ་ནས། ལྷོ་ཕྱོགས་དང་། ནུབ་ཕྱོགས་དང་། བྱང་ཕྱོགས་ནས་རྒྱས་པར་རྒྱལ་པོའི་ཕོ་བྲང་དེ་ཉིད་ཀྱི་བར་དུ་འོངས་ཏེ། གདན་ཚོམ་པའི་སྟེང་ན་སྲོག་ཤིང་ལ་བཞག་པ་བཞིན་དུ་གནས་སོ། །འདི་ལ་ཆོས་ཉིད་ནི་འདི་ཡིན་ཏེ། དེ་ལ་འདི་སྐད་ཅེས་
བྱའོ། །གང་ལ་མི་མ་ཡིན་པ་ཡི། །གསེར་གྱི་འཁོར་ལོ་འབྱུང་འགྱུར་བ། །དེ་ནི་ཚུལ་ཁྲིམས་ཡང་དག་བླངས། །ཡོངས་སུ་རྫོགས་ཤིང་ཉམས་པ་མེད། །རྒྱལ་པོ་དེ་ནི་རྫུ་འཕྲུལ་ཆེ། །ས་སྟེང་འདི་ནི་ཐུལ་བར་འགྱུར། །དེ་ལ་རྒྱལ་ཕྲན་ཐམས་ཅད་ཀྱིས། །བསུ་ནས་ཀྱང་ནི་
འདི་སྐད་སྨྲ། །ཚུར་གཤེགས་ལྷ་ནི་གཤེགས་པ་ལེགས། །ཡུལ་འདི་དག་ནི་ལྷ་ཡི་ལགས། །འབྱོར་པ་དང་ནི་རྒྱས་པ་དང་། །བདེ་བ་དང་ནི་ལོ་ལེགས་དང་། །སྐྱེ་བོ་མི་མང་རྣམས་ཀྱིས་གང་། །འདི་དག་ལྷ་ཡིས་གདུལ་དུ་གསོལ། །བདག་ཅག་ལྷ་ཡི་ཞམ་རིང་འཚལ། །རྒྱལ་
པོ་འཁོར་ལོས་སྒྱུར་བ་ཡིས། །དེ་དག་ལ་ནི་འདི་སྐད་བསྒོ། །ཡུལ་གྱི་གཙོ་རྣམས་དེ་བས་ན། །རང་རང་གི་ནི་ཡུལ་འཁོར་རྣམས། །ཆོས་བཞིན་དུ་ནི་གདུལ་བར་གྱིས། །ཆོས་མིན་སྤྱོད་དང་མི་མཐུན་སྤྱོད། །སུ་ཡང་འདིར་ནི་གནས་མ་གཞུག །དེ་ལྟར་བྱེད་ན་ཁྱེད་རྣམས་ཀྱང་། །ང་ཡི་

ཞམ་རིང་བྱེད་པ་ཡིན། །གང་ལ་མི་མ་ཡིན་པ་ཡི། །དངུལ་གྱི་འཁོར་ལོ་འབྱུང་འགྱུར་བ། །དེས་ནི་ཚུལ་ཁྲིམས་ཡང་དག་བླངས། །དེས་ན་སྔ་ནས་དམན་པ་མེད། །རྒྱལ་པོ་དེ་ནི་རྫུ་འཕྲུལ་ཆེ། །ས་སྟེང་འདི་ནི་ཐུལ་བར་འགྱུར། །དེ་ལ་རྒྱལ་ཕྲན་རྣམས་ཀྱིས་ནི། །བསུ་ཞིང་སྨྲ་བར་
མི་བྱེད་དེ། །འོངས་ནས་དེར་ནི་འགྲོ་བ་དང་། །མྱུར་དུ་དེ་དང་མཐུན་པར་བྱེད། །ཚུར་གཤེགས་ལྷ་ནི་གཤེགས་པ་ལེགས། །ཡུལ་ནི་འདི་དག་ཁྱོད་ཀྱི་ལགས། །འདི་དག་ལྷ་ཡིས་གདུལ་དུ་གསོལ། །བདག་ཅག་ཁྱོད་ཀྱི་ཞམ་རིང་འཚལ། །རྒྱལ་པོ་ཆོས་དང་ལྡན་པ་ཡིས། །
དེ་དག་བསྒོ་བ་རྒྱས་པར་སྦྱར། །གང་ལ་མི་མ་ཡིན་པ་ཡི། །ཟངས་ཀྱི་འཁོར་ལོ་འབྱུང་འགྱུར་བའི། །དེས་ནི་ཚུལ་ཁྲིམས་ཡང་དག་བླངས། །སྔ་མ་གཉིས་ལ་དམན་པ་མེད། །རྒྱལ་པོ་དེ་ནི་རྫུ་འཕྲུལ་ཆེ། །ས་སྟེང་འདི་ནི་ཐུལ་བར་འགྱུར། །དེ་ལ་རྒྱལ་ཕྲན་ཐམས་ཅད་ཀྱི། །གཡུལ་
འགྱེད་ཕྱིར་ནི་བསུ་བར་བྱེད། །དེ་དག་དང་ནི་རྩོད་ནས་ཀྱང་། །དེ་ནི་མཚོན་ཆ་བཟོ་བ་མེད། །དེ་ནས་ཆད་པ་མེད་པ་དང་། །མཐུན་པས་ལེགས་པར་གདུལ་བར་འགྱུར། །གང་ལ་མི་མ་ཡིན་པ་ཡི། །ལྕགས་ཀྱི་འཁོར་ལོ་འབྱུང་འགྱུར་བ། །དེས་ནི་ཚུལ་ཁྲིམས་ཡང་དག་བླངས། །སྔ་མ་
དག་ལས་དམན་པ་མེད། །རྒྱལ་པོ་དེ་ནི་རྫུ་འཕྲུལ་ཆེ། །ས་སྟེང་འདི་ནི་ཐུལ་བར་འགྱུར། །དེ་ལ་རྒྱལ་ཕྲན་ཐམས་ཅད་ཀྱིས། །གཡུལ་འགྱེད་ཕྱིར་ནི་བསུ་བར་བྱེད། །དེ་དག་དང་ནི་རྩོད་ནས་ཀྱང་། །སུ་ཡང་གསོད་པར་མི་བྱེད་དེ། །དེ་ནས་ཆད་པ་མེད་པ་དང་། །མཐུན་པས་ལེགས་
པར་གདུལ་བར་འགྱུར།། །།རྒྱུ་གདགས་པ། བམ་པོ་གསུམ་པ། འཁོར་ལོ་རིན་པོ་ཆེ་དེ་ག་ལས་འོངས་ཤེ་ན། སྨྲས་པ། གང་གི་ཚེ་འཁོར་ལོས་སྒྱུར་བའི་རྒྱལ་པོ་འཇིག་རྟེན་དུ་བྱུང་བ་དེའི་ཚེ། ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་ལྷའི་བུ་ལས་ཐམས་ཅད་པ་ལ་
བསྒོ་བ། ལས་ཐམས་ཅད་པ་འཁོར་ལོས་སྒྱུར་བའི་རྒྱལ་པོ་འཇིག་རྟེན་དུ་བྱུང་བ་ཤེས་པར་གྱིས་ལ། དེའི་ལྷའི་འཁོར་ལོ་རིན་པོ་ཆེ་མངོན་པར་སྤྲུལ་པར་གྱིས་ཤིག །དེ་ནས་ལྷའི་བུ་ལས་ཐམས་ཅད་པས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་བསྒོ་བ་བཞིན་དུ་མཉན་ཏེ། ལྷའི་འཁོར་

ལོ་རིན་པོ་ཆེ་རྩིབས་སྟོང་པ་ལྟེ་བ་དང་བཅས་མུ་ཁྱུད་དང་བཅས་པ། རྣམ་པ་ཐམས་ཅད་ཡོངས་སུ་རྫོགས་པ་དག་པ་བཟང་བ། མཁན་བཟོས་མ་བྱས་པ། ལྷ་རྫས་རིལ་གྱིས་གསེར་ལས་གྲུབ་པ་མངོན་པར་སྤྲུལ་ཏོ། །དེ་ནས་ལྷའི་བུ་ལས་ཐམས་ཅད་པས།
ལྷའི་འཁོར་ལོ་རིན་པོ་ཆེ་མངོན་པར་སྤྲུལ་ནས། རྒྱལ་པོ་ཆེན་པོ་བཞི་ལ་བསྒོ་བ། གྲོགས་པོ་དག་འཁོར་ལོས་སྒྱུར་བའི་རྒྱལ་པོ་འཇིག་རྟེན་དུ་བྱུང་བ་ཤེས་པར་གྱིས་ལ་དེ་ལ་ལྷའི་འཁོར་ལོ་རིན་པོ་ཆེ་སྐུར་ཅིག །དེ་ནས་རྒྱལ་པོ་ཆེན་པོ་བཞིས་ལྷའི་བུ་ལས་ཐམས་ཅད་པས་བསྒོ་བ་བཞིན་
དུ་མཉན་ཏེ། ཞོ་ཤས་འཚོ་བ་རྣམས་ལ་བསྒོ་བ། གྲོགས་པོ་དག་འཁོར་ལོས་སྒྱུར་བའི་རྒྱལ་པོ་འཇིག་རྟེན་དུ་བྱུང་བ་ཤེས་པར་གྱིས་ལ། དེ་ལ་ལྷའི་འཁོར་ལོ་རིན་པོ་ཆེ་ཕུལ་ཅིག །དེ་ནས་རྒྱལ་པོ་ཆེན་པོ་བཞིས་བསྒོ་བ་བཞིན་དུ། ཞོ་ཤས་འཚོ་བ་རྣམས་ཀྱིས་མཉན་ནས། འཁོར་
ལོས་སྒྱུར་བའི་རྒྱལ་པོ་ལ་གསོ་སྦྱོང་གི་དུས་ཚེས་བཅོ་ལྔ་དེ་ཉིད་ཀྱི་ཚེ། ཁྲུས་བྱས་ནས་གསོ་སྦྱོང་བླངས་ཏེ། བློན་པོའི་ཚོགས་ཀྱིས་བསྐོར་བ་ན། ཉི་མ་འཆར་ཀའི་ཚེ་ཤར་ཕྱོགས་ནས། ལྷའི་འཁོར་ལོ་རིན་པོ་ཆེ་འབུལ་བར་བྱེད་དོ། །འདི་ལ་ཆོས་ཉིད་ནི་འདི་ཡིན་ཏེ། དེ་ལ་འདི་སྐད་
ཅེས་བྱའོ། །རྫུ་འཕྲུལ་ཆེན་པོ་ལས་ཀུན་ལ། །ལྷ་ཡི་རྒྱལ་པོས་བསྐུལ་ནས་ཀྱང་། །གསེར་གྱི་འཁོར་ལོ་རྩིབས་སྟོང་པ། །ལྟེ་བ་མུ་ཁྱུད་བཅས་པ་སྤྲུལ། །ལྷ་ཡི་བུ་ནི་རྫུ་འཕྲུལ་ཆེ། །ལྷ་རྒྱལ་རྣམས་ཀྱིས་བསྐུལ་ནས་ཀྱང་། །བསོད་ནམས་བྱས་པའི་རྒྱལ་དེ་ལ། །འཁོར་ལོ་
ཡང་ནི་འབུལ་བར་བྱེད། །ལས་ཀྱི་ལམ་བཅུ་དཀར་བ་རྣམས། །སྔོན་ནི་ཡང་དག་བླངས་པར་གྱུར། །དེས་ན་ལས་ནི་ཐམས་ཅད་པས། །སྤྲུལ་པའི་འཁོར་ལོ་རྒྱལ་པོས་ཐོབ། །ཅིའི་ཕྱིར་འཁོར་ལོས་སྒྱུར་བའི་རྒྱལ་པོས་གླང་པོ་རིན་པོ་ཆེ་ཐོབ་ཅེ་ན། སྨྲས་པ། འཁོར་ལོས་སྒྱུར་
བའི་རྒྱལ་པོས་ནི་སྔོན་གྱི་སྲིད་པ་ཞེས་བྱ་བ་ནས་རྒྱས་པར་སྦྱར་ཏེ། ཕ་མ་དང་། ཉེ་དུ་དང་། བླ་མ་ལྟ་བུ་རྣམས་དང་། གཞན་དགེ་སྦྱོང་དང་། བྲམ་ཟེ་གནོད་པར་བྱ་བ་མ་ཡིན་པ་དང་། གནོད་པར་བྱ་བ་ལ་མི་དགའ་བ་གང་ཡིན་པ་དེ་དག་ལ་བདེ་བར་སྦྱར་བ་རྣམ་པ་སྣ་ཚོགས་འདི་ལྟ་སྟེ། གླང་པོ་ཆེའི་

བཞོན་པ་རྣམས་དང་། རྟའི་བཞོན་པ་རྣམས་དང་། ཤིང་རྟའི་བཞོན་པ་རྣམས་དང་། ཁྱོགས་ཀྱི་བཞོན་པ་རྣམས་དང་། །སྨྱིག་མའི་འཁར་བ་རྣམས་དང་། སྦ་འཁར་རྣམས་དང་། ཁྲི་རྣམས་བྱིན་པ་དང་། སྟེགས་འཆར་བཅུག་པ་དང་། གྲུ་དང་ཟམ་པ་རྣམས་དང་། ལྷམ་རྣམས་བྱིན་
པ་དང་། དེ་དག་དང་གཞན་ཡང་བདེ་བའི་བཞོན་པ་རྣམ་པ་སྣ་ཚོགས་བྱིན་ཏེ། རྒྱུ་དེས་ན་འཁོར་ལོས་སྒྱུར་བའི་རྒྱལ་པོས་གླང་པོ་རིན་པོ་ཆེ་ཐོབ་བོ། །གླང་པོ་རིན་པོ་ཆེ་དེ་ཡང་མེ་ཏོག་ཀུ་མུ་དའི་མདོག་ལྟར་ཐལ་ཀར་དུ་འདུག་པ་ལ་ཡན་ལག་བདུན་ལེགས་པར་གནས་པ་སྟེ། གླང་པོ་ཆེའི་
རྒྱལ་པོ་བསྙེན་གནས་ཞེས་བྱའོ། །དེ་ལ་འཁོར་ལོས་སྒྱུར་བའི་རྒྱལ་པོས་མཐོང་ནས་སེམས་དགའ་སྟེ། གླང་པོ་རིན་པོ་ཆེ་འདི་ནི་བཟང་སྟེ། ལན་ཅིག་གིས་དུལ་བར་འགྱུར་རོ་སྙམ་མོ། །དེ་ནས་འཁོར་ལོས་སྒྱུར་བའི་རྒྱལ་པོས་གླང་པོ་ཆེའི་འདུལ་སྦྱོང་མཁན་ལེགས་འགྲོ་ཕོ་ཉས་
བཀུག་ནས་གླང་པོ་ཆེའི་འདུལ་སྦྱོང་མཁན་ལེགས་འགྲོ་ལ་བསྒོ་བ། ལེགས་འགྲོ་ཤེས་པར་གྱིས་ཤིག །གླང་པོ་རིན་པོ་ཆེ་བཟང་པོ་འདི་མྱུར་དུ་འདུལ་སྦྱོང་བྱོས་ལ་འོན་ཅིག །དེ་ནས་གླང་པོ་ཆེའི་འདུལ་སྦྱོང་མཁན་ལེགས་འགྲོས། ལྷ་བཀའ་བཞིན་འཚལ་ཞེས་བྱས་ནས་འཁོར་
ལོས་སྒྱུར་བའི་རྒྱལ་པོས་བསྒོ་བ་བཞིན་དུ་ཉན་ཏེ། གླང་པོ་རིན་པོ་ཆེའི་བརྡ་རྣམས་སློབ་ཏུ་བཅུག་ནས་ཉི་མ་གཅིག་གིས་བརྡ་ཐམས་ཅད་ལོབས་ཏེ། དཔེར་ན་དེ་མ་ཡིན་པའི་གླང་པོ་ཆེ་རྣམས་ལོ་དུ་མ་ལོ་བརྒྱ་ཕྲག་དུ་མས་བརྡ་རྣམས་ལོབས་པ་དེ་བཞིན་དུ་གླང་པོ་རིན་པོ་ཆེས་ཉི་མ་གཅིག་གིས་
བརྡ་ཐམས་ཅད་ལོབས་སོ། །དེ་ནས་གླང་པོ་ཆེའི་འདུལ་སྦྱོང་མཁན་ལེགས་འགྲོས་གླང་པོ་རིན་པོ་ཆེ་ཤིན་ཏུ་དུལ་བར་རིག་ནས། འཁོར་ལོས་སྒྱུར་བའི་རྒྱལ་པོ་ག་ལ་བ་དེར་སོང་སྟེ་ཕྱིན་ནས་འཁོར་ལོས་སྒྱུར་བའི་རྒྱལ་པོ་ལ་འདི་སྐད་ཅེས་གསོལ་ཏོ། །ལྷ་མཁྱེན་པར་མཛད་དུ་གསོལ། །ལྷའི་
གླང་པོ་རིན་པོ་ཆེ་བདག་གིས་བཏུལ་བ་ལགས་ཀྱི། ལྷས་གང་གི་དུས་ལ་བབ་པར་མཁྱེན་པ་བཞིན་དུ་མཛད་པར་གསོལ། དེ་ནས་འཁོར་ལོས་སྒྱུར་བའི་རྒྱལ་པོས་གླང་པོ་རིན་པོ་ཆེ་དེ་སད་པར་འདོད་དེ། ཉི་མ་འཆར་ཀའི་ཚེ་གླང་པོ་རིན་པོ་ཆེ་ལ་ཞོན་ནས། ས་ཆེན་པོ་རྒྱ་མཚོའི་མཐར་ཐུག་

པ་འདི་བསྐོར་ཏེ། རྒྱལ་པོའི་ཕོ་བྲང་དེ་ཉིད་དུ་འོངས་ནས་ཁྱེའུ་སུས་ཟའོ། །འདི་ལ་ཆོས་ཉིད་ནི་འདི་ཡིན་ཏེ། དེ་ལ་འདི་སྐད་ཅེས་བྱའོ། །བདེ་བའི་བཞོན་པ་བྱིན་པ་དང་། །བཞོན་བ་མང་པོ་བྱིན་པ་དང་། །གླང་པོ་རིན་ཆེན་མང་དང་ཁྱོགས། །སྨྱིག་འཁར་སྦ་
འཁར་ཁྲི་རྣམས་དང་། །སྟེགས་ཀྱང་འདོགས་སུ་བཅུག་པ་དང་། །གྲུ་དང་ཟམ་པ་རྣམས་དང་ནི། །ལྷམ་རྣམས་ཀྱང་ནི་བྱིན་པ་དང་། །ཀུན་ཏུ་དགའ་བ་སྣ་ཚོགས་བྱིན། །དེས་ན་རྒྱལ་པོས་གླང་པོ་ཆེ། །ཡན་ལག་བདུན་པོ་ལེགས་གནས་ཐོབ། །གླང་པོ་རིན་པོ་ཆེ་དེ་གང་ལས་འོངས་
ཤེ་ན། སྨྲས་པ། བྱང་ཕྱོགས་ན་གསེར་གྱི་བྲག་ལྷ་མ་ཡིན་གྱི་ངོས་ཞེས་བྱ་བ་བྱ་སྐྱིབས་སུ་འདུག་ལ། ཆུར་དཔག་ཚད་ལྔ་བཅུ། ཞིང་དུ་དཔག་ཚད་ལྔ་བཅུ། མཐའ་སྐོར་དུ་དཔག་ཚད་བརྒྱ་ལྔ་བཅུ། འཕང་དུ་དཔག་ཚད་ཕྱེད་དང་བཞི་ཡོད་པ། གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་
པ་ཞིག་ཡོད་དོ། །དེའི་ཁོ་ར་ཁོར་ཡུག་ན་ཡང་གསེར་གྱི་བྲག་བྱ་སྐྱིབས་བརྒྱད་སྟོང་ཡོད་དེ། དེ་དག་ཐམས་ཅད་ཀྱང་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་ཤ་སྟག་གོ། །དེ་ན་གླང་པོ་ཆེའི་རྒྱལ་པོ་རབ་བརྟན་ཞེས་བྱ་བ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ། མེ་ཏོག་
ཀུ་མུ་དའི་མདོག་ལྟར་ཐལ་ཀར་དུ་འདུག་ལ། ཡན་ལག་བདུན་ལེགས་པར་གནས་པ་སྟེ། དེའི་མགོ་བོ་ཡང་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ། མདོག་སྔོ་ཞིང་སྲོག་ཆགས་ལྷམ་བུ་ཆུ་གཤེར་གྱི་མདོག་ལྟ་བུར་དབུས་དམར་ལ། མཆེ་བ་དྲུག་ཡོད་པ་ཅིག་གནས་སོ། །
དེའི་འཁོར་གླང་པོ་ཆེའི་རྒྱལ་པོ་བརྒྱད་སྟོང་ཡོད་དེ། དེ་དག་ཐམས་ཅད་ཀྱང་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ། མེ་ཏོག་ཀུ་མུ་དའི་མདོག་ལྟར་ཐལ་ཀར་དུ་འདུག་ལ་ཡན་ལག་བདུན་ལེགས་པར་གནས་པ་སྟེ། དེ་དག་གི་མགོ་བོ་ཡང་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་
པ། མདོག་སྔོ་ཞིང་སྲོག་ཆགས་ལྷམ་བུ་ཆུ་གཤེར་གྱི་མདོག་ལྟ་བུ་དབུས་དམར་ལ་མཆེ་བ་དྲུག་ཡོད་པ་ཤ་སྟག་གོ། །གང་གི་ཚེ་འཁོར་ལོས་སྒྱུར་བའི་རྒྱལ་པོ་འཇིག་རྟེན་དུ་འབྱུང་བ་དེའི་ཚེ། ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་གླང་པོ་ཆེའི་རྒྱལ་པོ་རབ་བརྟན་ལ་བསྒོ་བ། རབ་བརྟན་འཁོར་

ལོས་སྒྱུར་བའི་རྒྱལ་པོ་འཇིག་རྟེན་དུ་བྱུང་བ་ཤེས་པར་གྱིས་ལ་དེའི་གླང་པོ་རིན་པོ་ཆེ་ཐོང་ཤིག །དེ་ནས་གླང་པོ་ཆེའི་རྒྱལ་པོ་རབ་བརྟན་གྱིས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་བསྒོ་བ་བཞིན་དུ་མཉན་ནས་བུ་ཐུ་བོ་གཏོང་བར་བྱེད་དོ། །གལ་ཏེ་དེ་ཆེས་སྔར་འཆི་བར་གྱུར་ན་ནི་དེའི་ཚེ་དེས་ཡང་དེའི་འོག་མ་
གཏོང་བར་བྱེད་དོ། །ཇི་སྟེ་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཆེས་སྔར་འཆི་བར་གྱུར་ན་ནི་དེའི་ཚེ་གླང་པོ་རིན་པོ་ཆེ་རང་གི་གནས་སུ་འགྲོ་བར་འགྱུར་རོ། །ཅིའི་ཕྱིར་འཁོར་ལོས་སྒྱུར་བའི་རྒྱལ་པོས་རྟ་རིན་པོ་ཆེ་ཐོབ་ཅེ་ན། སྨྲས་པ། འཁོར་ལོས་སྒྱུར་བའི་རྒྱལ་པོས་ནི་སྔོན་གྱི་སྲིད་པ་ཞེས་བྱ་བ་ནས་
རྒྱས་པར་སྦྱར་ཏེ། ཕ་མ་དང་། ཉེ་དུ་དང་། བླ་མ་ལྟ་བུ་རྣམས་དང་། གཞན་ཡང་དགེ་སྦྱོང་དང་། བྲམ་ཟེ་གནོད་པར་བྱ་བ་མ་ཡིན་པ་དང་། གནོད་པར་བྱ་བ་ལ་མི་དགའ་བ་གང་ཡིན་པ་དེ་དག་ལ་ཅི་རིགས་པར་བདེ་བར་སྦྱར་བ་རྣམ་པ་སྣ་ཚོགས་འདི་ལྟ་སྟེ། གླང་པོ་ཆེའི་བཞོན་པ་རྣམས་དང་
རྟའི་བཞོན་པ་རྣམས་དང་། ཤིང་རྟའི་བཞོན་པ་རྣམས་དང་། ཁྱོགས་ཀྱི་བཞོན་པ་རྣམས་དང་། སྨྱིག་མའི་འཁར་བ་རྣམས་དང་། སྦ་འཁར་རྣམས་དང་། ཁྲི་རྣམས་བྱིན་པ་དང་། སྟེགས་འཆར་བཅུག་པ་དང་། གྲུ་དང་ཟམ་པ་རྣམས་དང་། ལྷམ་རྣམས་བྱིན་པ་དང་། ཀུན་དུ་དགའ་
བར་བྱེད་པ་རྣམས་དང་། གསེར་གྱི་ཁྱོགས་རྣམས་སེམས་དགའ་བས་རང་གི་ལག་ནས་བྱིན་པ་དང་། དེ་དག་དང་གཞན་ཡང་ཡོ་བྱད་རྣམ་པ་སྣ་ཚོགས་ཅི་རིགས་པར་བྱིན་ཏེ། རྒྱུ་དེས་ན་འཁོར་ལོས་སྒྱུར་བའི་རྒྱལ་པོས་རྟ་རིན་པོ་ཆེ་ཐོབ་བོ། །རྟ་རིན་པོ་ཆེ་དེ་ཡང་ཐམས་ཅད་སྔོ་ལ་མགོ་
གནག་ཅིང་ཕུམ་ཕུམ་ཡིད་དུ་འོང་བ་སྟེ། རྟའི་རྒྱལ་པོ་སྤྲིན་གྱི་ཤུགས་ཅན་ཞེས་བྱའོ། །རྟ་དེ་འཁོར་ལོས་སྒྱུར་བའི་རྒྱལ་པོས་མཐོང་ནས་སེམས་དགའ་སྟེ། རྟ་རིན་པོ་ཆེ་འདི་ནི་བཟང་སྟེ། ལན་ཅིག་གིས་དུལ་བར་འགྱུར་རོ་སྙམ་མོ། །དེ་ནས་འཁོར་ལོས་སྒྱུར་བའི་རྒྱལ་
པོས་རྟའི་འདུལ་སྦྱོང་མཁན་ལེགས་འགྲོ་ཕོ་ཉས་བཀུག་ནས་རྟའི་འདུལ་སྦྱོང་མཁན་ལེགས་འགྲོ་ལ་བསྒོ་བ། ལེགས་འགྲོ་ཤེས་པར་གྱིས་ཤིག །རྟ་རིན་པོ་ཆེ་བཟང་པོ་འདི་མྱུར་དུ་འདུལ་སྦྱོང་བྱོས་ལ་འོན་ཅིག །དེ་ནས་རྟའི་འདུལ་སྦྱོང་མཁན་ལེགས་འགྲོས་ལྷ་བཀའ་བཞིན་

འཚལ་ཞེས་བྱས་ནས། འཁོར་ལོས་སྒྱུར་བའི་རྒྱལ་པོས་བསྒོ་བ་བཞིན་དུ་མཉན་ཏེ། རྟ་རིན་པོ་ཆེའི་བརྡ་རྣམས་སློབ་དུ་བཅུག་ནས། ཉི་མ་གཅིག་གིས་བརྡ་ཐམས་ཅད་ལོབས་ཏེ། དཔེར་ན་དེ་མ་ཡིན་པའི་རྟ་རྣམས་ལོ་དུ་མ་ལོ་བརྒྱ་ཕྲག་དུ་མས་
བརྡ་རྣམས་ལོབས་པ་དེ་བཞིན་དུ། རྟ་རིན་པོ་ཆེས་ཉི་མ་གཅིག་གིས་བརྡ་ཐམས་ཅད་ལོབས་སོ། །དེ་ནས་རྟའི་འདུལ་སྦྱོང་མཁན་ལེགས་འགྲོས། རྟ་རིན་པོ་ཆེ་ཤིན་ཏུ་དུལ་བར་རིག་ནས། འཁོར་ལོས་སྒྱུར་བའི་རྒྱལ་པོ་ག་ལ་བ་དེར་སོང་སྟེ་ཕྱིན་ནས་འཁོར་ལོས་སྒྱུར་བའི་རྒྱལ་པོ་ལ་
འདི་སྐད་ཅེས་གསོལ་ཏོ། །ལྷ་མཁྱེན་པར་མཛད་དུ་གསོལ། ལྷའི་རྟ་རིན་པོ་ཆེ་བདག་གིས་བཏུལ་ལགས་ཀྱི། ལྷས་གང་གིས་དུས་ལ་བབ་པར་མཁྱེན་པ་བཞིན་དུ་མཛད་དུ་གསོལ། དེ་ནས་འཁོར་ལོས་སྒྱུར་བའི་རྒྱལ་པོས་རྟ་རིན་པོ་ཆེ་སད་པར་འདོད་དེ་ཞེས་བྱ་བ་ནས་རྒྱས་པར་
སྦྱར་སྟེ། འདི་ལ་ཆོས་ཉིད་ནི་འདི་ཡིན་ཏེ། དེ་ལ་འདི་སྐད་ཅེས་བྱའོ། །སྦྱིན་པ་མང་པོ་བརྒྱན་བྱས་ནས། །ཅི་རིགས་པ་ནི་བྱིན་པར་གྱུར། །གླང་པོ་རྟ་དང་ཤིང་རྟ་ཁྱོགས། །སྨྱིག་འཁར་སྦ་འཁར་ཁྲི་རྣམས་དང་། །སྟེགས་ཀྱང་འདོགས་སུ་བཅུག་པ་དང་། །གྲུ་དང་ཟམ་པ་རྣམས་དང་
ནི། །གསེར་ལས་བྱས་པའི་ཁྱོགས་རྣམས་ཀྱང་། །དགའ་བཞིན་རང་གི་ལག་ནས་བྱིན། །དེས་ན་སྔོ་ཞིང་མགོ་གནག་པའི། །རྟ་ནི་རྒྱལ་པོས་ཐོབ་པར་འགྱུར། །རྟ་རིན་པོ་ཆེ་དེ་ག་ལས་འོངས་ཤེ་ན། སྨྲས་པ། ནུབ་ཕྱོགས་ན་གླིང་ཕྲན་ཁམ་བུ་ཅན་ཞེས་བྱ་བ་ཞིག་ཡོད་དེ། དེ་ན་རྟའི་
རྒྱལ་པོ་སྤྲིན་གྱི་ཤུགས་ཅན་ཞེས་བྱ་བ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ། ཐམས་ཅད་སྔོ་ལ་མགོ་བོ་གནག་ཅིང་ཕུམ་ཕུམ་ཡིད་དུ་འོང་བ་ཞིག་གནས་སོ། །དེའི་འཁོར་རྟའི་རྒྱལ་པོ་ཁྲི་བརྒྱད་སྟོང་ཡོད་དེ། དེ་དག་ཐམས་ཅད་ཀྱང་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་
མཛེས་པ། ཐམས་ཅད་སྔོ་ལ་མགོ་བོ་གནག་ཅིང་ཕུམ་ཕུམ་ཡིད་དུ་འོང་བ་ཤ་སྟག་གོ། །གང་གི་ཚེ་འཁོར་ལོས་སྒྱུར་བའི་རྒྱལ་པོ་འཇིག་རྟེན་དུ་བྱུང་བ་དེའི་ཚེ། ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་རྟའི་རྒྱལ་པོ་སྤྲིན་གྱི་ཤུགས་ཅན་ལ་བསྒོ་བ། སྤྲིན་གྱི་ཤུགས་ཅན་འཁོར་ལོས་

སྒྱུར་བའི་རྒྱལ་པོ་འཇིག་རྟེན་དུ་བྱུང་བ་ཤེས་པར་གྱིས་ལ་དེའི་རྟ་རིན་པོ་ཆེ་ཐང་ཤིག །དེ་ནས་རྟའི་རྒྱལ་པོ་སྤྲིན་གྱི་ཤུགས་ཅན་གྱིས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་བསྒོ་བ་བཞིན་དུ། མཉན་ནས་བུ་ཐུ་བོ་གཏོང་བར་བྱེད་དེ། གལ་ཏེ་དེ་ཆེས་སྔར་འཆི་བར་གྱུར་ན་ནི་དེའི་ཚེ་དེས་ཡང་དེའི་འོག་
མ་གཏོང་བར་བྱེད་དོ། །ཇི་སྟེ་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཆེས་སྔར་འཆི་བར་གྱུར་ན་ནི། དེའི་ཚེ་རྟ་རིན་པོ་ཆེ་དེ་རང་གི་གནས་སུ་འགྲོ་བར་འགྱུར་རོ། །ཅིའི་ཕྱིར་འཁོར་ལོས་སྒྱུར་བའི་རྒྱལ་པོས་ནོར་བུ་རིན་པོ་ཆེ་ཐོབ་ཅེ་ན། སྨྲས་པ། འཁོར་ལོས་སྒྱུར་བའི་རྒྱལ་པོས་ནི་སྔོན་གྱི་སྲིད་
པ་ཞེས་བྱ་བ་ནས་རྒྱས་པར་སྦྱར་ཏེ། ཕ་མ་དང་། ཉེ་དུ་དང་། བླ་མ་ལྟ་བུ་རྣམས་དང་། གཞན་དགེ་སྦྱོང་དང་། བྲམ་ཟེ་གནོད་པར་བྱ་བ་མ་ཡིན་པ་དང་། གནོད་པར་བྱ་བ་ལ་མི་དགའ་བ་གང་ཡིན་པ་དེ་དག་ལ་མུན་པ་སྣང་བ་མེད་པ་མུན་གནག་མར་མེ་མེད་པར་མར་མེའི་འབྲུ་མར་དང་།
མར་མེའི་སྙིང་པོ་དང་། མར་མེའི་སྣོད་རྣམས་བྱིན་པ་དང་། སྒྲོན་མ་རྣམས་དང་། མར་མེ་རྣམས་དང་། སྣང་བ་རྣམས་བྱས་ནས་མུན་པ་ཆེན་པོ་མེད་པར་བྱས་ཏེ། དེ་བས་ན་འཁོར་ལོས་སྒྱུར་བའི་རྒྱལ་པོས་ནོར་བུ་རིན་པོ་ཆེ་ཐོབ་བོ། །ནོར་བུ་རིན་པོ་ཆེ་དེ་ཡང་བཻ་ཌཱུཪྻ་ཟུར་བརྒྱད་པ། བཟང་པོ་
རགས་པ་ཆེ་བ། དག་ཅིང་རྙོག་པ་མེད་པ། རྣམ་པར་གསལ་བ་སྟེ། འཁོར་ལོས་སྒྱུར་བའི་རྒྱལ་པོའི་བཙུན་མོའི་འཁོར་དུ་སྣང་བ་ཅི་ཙམ་དགོས་པ་ཐམས་ཅད་ནོར་བུ་དེའི་འོད་ཀྱིས་བྱེད་དོ། །དེ་ནས་འཁོར་ལོས་སྒྱུར་བའི་རྒྱལ་པོས། ནོར་བུ་རིན་པོ་ཆེ་དེ་སད་པར་འདོད་དེ། དེ་ནས་
མཚན་མོ་མུན་པ་མུན་ནག་ཐིབས་པོ་ཆར་སིམ་བུ་འབབ་ཅིང་། གློག་འགྱུ་བའི་ནང་དུ་ནོར་བུ་རིན་པོ་ཆེ་རྒྱལ་མཚན་གྱི་རྩེ་མོ་ལ་བཏགས་ནས། དཔུང་གི་ཚོགས་ཡན་ལག་བཞི་པ་དང་བཅས་ཏེ། སྐྱེད་མོས་ཚལ་གྱི་ཐོག་ཏུ་སོང་ན། འཁོར་ལོས་སྒྱུར་བའི་རྒྱལ་པོའི་དཔུང་གི་ཚོགས་
ཡན་ལག་བཞི་པ་ཇི་སྙེད་པ་ཐམས་ཅད་དང་། ཉེ་འཁོར་ཁོ་ར་ཁོར་ཡུག་ཏུ་དཔག་ཚད་ཕྱེད་ཚུན་ཆད་ནོར་བུ་དེའི་འོད་ཀྱིས་ཁྱབ་པོ། །འདི་ལ་ཆོས་ཉིད་ནི་འདི་ཡིན་ཏེ། དེ་ལ་འདི་སྐད་ཅེས་བྱའོ། །མུན་པ་སྣང་བ་མེད་པ་དང་། །མུན་གནག་མར་མེ་མེད་པར་ནི། །མར་མེ་ཏིལ་མར་སྙིང་པོ་

རྣམས། །ལྷུག་པར་གཏོང་དང་ལྡན་པས་བྱིན། །གཞན་ཡང་སྣང་དང་གསལ་བ་དང་། །སྒྲོན་མ་འབར་བ་རྣམས་ཀྱང་བྱིན། །དེ་ནས་རྒྱལ་པོས་གསལ་དག་པའི། །བཻ་ཌཱུརྱ་ཡི་ནོར་བུ་ཐོབ། །ནོར་བུ་རིན་པོ་ཆེ་དེ་ག་ལས་འོངས་ཤེ་ན། སྨྲས་པ། གང་
གི་ཚེ་འཁོར་ལོས་སྒྱུར་བའི་རྒྱལ་པོ་འཇིག་རྟེན་དུ་འབྱུང་བ་ན། དེ་ལ་ཀླུ་རྣམས་སམ། ཡང་ན་རྒྱལ་པོ་ཆེན་པོ་བཞིས་འབུལ་བར་བྱེད་དོ། །ཅིའི་ཕྱིར་འཁོར་ལོས་སྒྱུར་བའི་རྒྱལ་པོས་བུད་མེད་རིན་པོ་ཆེ་ཐོབ་ཅེ་ན། སྨྲས་པ། འཁོར་ལོས་སྒྱུར་བའི་རྒྱལ་པོས་ནི། སྔོན་གྱི་སྲིད་པ་ཞེས་བྱ་བ་
ནས་རྒྱས་པར་སྦྱར་ཏེ། དགེ་སྦྱོང་དང་། བྲམ་ཟེ་རྣམས་དང་། བཀྲེན་པ་རྣམས་དང་། སྡུག་ཕོངས་པ་རྣམས་ལ་སྦྱིན་པ་འདི་ལྟ་སྟེ། ཟས་དང་། སྐམ་དང་། བཅའ་བ་དང་། བཟའ་བ་དང་། གོས་དང་། སྤོས་དང་། མེ་ཏོག་ཕྲེང་དང་། བྱུག་པ་དང་། མལ་ཆ་དང་། སྟན་དང་།
གནས་དང་། མར་མེ་རྣམས་བྱིན་ཏེ། རྒྱུ་དེས་ན་འཁོར་ལོས་སྒྱུར་བའི་རྒྱལ་པོས་བུད་མེད་རིན་པོ་ཆེ་ཐོབ་བོ། །བུད་མེད་དེ་ཡང་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ། མིའི་མདོག་ལས་ནི་འདས། ལྷའི་མདོག་ནི་མ་ཐོབ་པ་ཡིན་ཏེ། བཙུན་མོ་དེ་ནི་ཧ་ཅང་ཡང་མི་དཀར། ཧ་ཅང་
ཡང་མི་སྔོ་སྟེ། པགས་པའི་མདོག་པྲི་ཡང་ཀུའི་མེ་ཏོག་ལྟར་འདུག་ལ། ཧ་ཅང་ཡང་མི་རིང་། ཧ་ཅང་ཡང་མི་ཐུང་སྟེ། ལུས་རན་པར་འདུག་པ་དང་། ཧ་ཅང་སྐེམ་པ་ཡང་མ་ཡིན་ཧ་ཅང་ཤ་ཆེ་བ་ཡང་མ་ཡིན་ཏེ། ཤ་རན་ལ་བཙུན་མོ་དེ་གྲང་བའི་དུས་ན་ནི་ལུས་རྣམས་ལ་རེག་ན་དྲོ་བར་འགྱུར་
ལ། ཚ་བའི་དུས་ན་ནི་རེག་ན་བསིལ་བར་འགྱུར་རོ། །བཙུན་མོ་དེའི་སྤུའི་ཁུང་བུ་ཐམས་ཅད་ནས་ཙནྡན་གྱི་དྲི་འབྱུང་ལ། ཁ་ནས་ཨུཏྤ་ལའི་དྲི་འབྱུང་སྟེ། དེ་ནས་འཁོར་ལོས་སྒྱུར་བའི་རྒྱལ་པོའི་སྔོན་དུ་ལྡང་ཞིང་། ཕྱི་ནས་ཉལ་བ་དང་། ཅི་བྱ་བའི་ལུང་མནོད་པ་དང་། མཁས་ཤིང་
ཡིད་དུ་འོང་བར་བྱེད་ལ། སྙན་པར་སྨྲ་བར་བྱེད་དོ། །དེ་ནི་ཡིད་ཀྱི་དགུ་ལ་ཡང་འཁོར་ལོས་སྒྱུར་བའི་རྒྱལ་པོའི་ཡིད་དང་འགལ་བར་མི་བྱེད་ན། ལུས་དང་། ངག་གིས་ལྟ་ག་ལ་བྱེད། བཙུན་མོ་དེ་ནི་གལ་ཏེ་ཁ་ཅིག་གིས་འགྲོ་བ་མཐོང་ན་དེ་དག་འདི་སྙམ་དུ། ཀྱེ་མ་འདི་ཡེ་འགྲོ་ན་ཅི་མ་

རུང་སྙམ་དུ་སེམས་ལ། གལ་ཏེ་འགྲེང་བ་དང་། འདུག་པ་དང་། འཕྲེས་པ་མཐོང་ན་ཡང་དེ་དག་འདི་སྙམ་དུ། ཀྱེ་མ་འདི་ཡེ་འཕྲེས་ན་ཅི་མ་རུང་སྙམ་དུ་སེམས་སོ། །བཙུན་མོ་དེས་ནི་ཇི་ལྟར་པ་ཝ་སངས་ཀྱིས་སྐར་མ་རྣམས་ཟིལ་གྱིས་ནོན་པ་དེ་བཞིན་དུ། བུད་མེད་ཐམས་ཅད་
ཟིལ་གྱིས་ནོན་པར་འདུག་གོ། །བཙུན་མོ་དེ་ནི་བུ་འབྱུང་བར་མི་འགྱུར་རོ། །བུད་མེད་རིན་པོ་ཆེ་སྔར་འཆི་བར་འགྱུར་ལ། འཁོར་ལོས་སྒྱུར་བའི་རྒྱལ་པོ་ཕྱིས་འཆི་བར་འགྱུར་རོ། །བུད་མེད་རིན་པོ་ཆེ་ཐམས་ཅད་ནི་མཐོ་རིས་སུ་ཉེ་བར་འགྲོ་བར་འགྱུར་རོ། །འདི་ལ་ཆོས་ཉིད་ནི་འདི་ཡིན་
ཏེ། དེ་ལ་འདི་སྐད་ཅེས་བྱའོ། །ཟས་དང་སྐོམ་དང་གོས་དང་སྤོས། །མེ་ཏོག་ཕྲེང་དང་བྱུག་པ་རྣམས། །རང་གི་འཁོར་བཅས་དགའ་བཞིན་དུ། །སྔོན་གྱི་སྐྱེ་བ་དག་ཏུ་བྱིན། །ལས་ཀྱི་རྣམ་སྨིན་དེ་ཡིས་ནི། །འཁོར་ལོས་སྒྱུར་བའི་རྒྱལ་པོ་ཡི། །བུད་མེད་མཆོག་ཏུ་བཟང་བ་དང་། །
རྣམ་པ་ཐམས་ཅད་ཕུན་སུམ་ཚོགས། །ཅིའི་ཕྱིར་བུད་མེད་རིན་པོ་ཆེ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་དང་། མིའི་མདོག་ལས་ནི་འདས། ལྷའི་མདོག་ནི་མ་ཐོབ་པར་གྱུར་ཅེ་ན། སྨྲས་པ། བུད་མེད་རིན་པོ་ཆེས་ནི་སྔོན་གྱི་སྲིད་པ་ཞེས་བྱ་བ་ནས་རྒྱས་པར་སྦྱར་ཏེ། སྦྱིན་
པ་རྣམ་པར་དག་པ་དག་བྱིན་ཏེ། རྒྱན་རྣམས་དང་། ཟས་དང་། སྐོམ་དང་། བཅའ་བ་དང་། བཟའ་བ་དང་། གོས་དང་། སྤོས་དང་། མེ་ཏོག་ཕྲེང་དང་། བྱུག་པ་དང་། མལ་ཆ་དང་། སྟན་དང་། གནས་དང་། མར་མེ་རྣམ་པར་དག་པ་བྱིན་ཏེ། རྒྱུ་དེས་ན་བུད་མེད་རིན་པོ་ཆེ་
གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་དང་། མིའི་མདོག་ལས་ནི་འདས། ལྷའི་མདོག་ནི་མ་ཐོབ་པར་གྱུར་ཏོ། །ཅིའི་ཕྱིར་བུད་མེད་རིན་པོ་ཆེ་ཧ་ཅང་ཡང་མི་དཀར་ཧ་ཅང་ཡང་མི་སྔོ་སྟེ། པགས་པའི་མདོག་པྲི་ཡང་ཀུའི་མེ་ཏོག་ལྟར་འདུག་ལ། ཧ་ཅང་ཡང་མི་རིང་། ཧ་
ཅང་ཡང་མི་ཐུང་སྟེ། ལུས་རན་པར་འདུག་པ་དང་། ཧ་ཅང་སྐེམ་པ་ཡང་མ་ཡིན། ཧ་ཅང་ཤ་ཆེ་བ་ཡང་མ་ཡིན་ཏེ་ཤ་རན་པར་གྱུར་ཅེ་ན། སྨྲས་པ། བུད་མེད་རིན་པོ་ཆེས་ནི་སྔོན་གྱི་སྲིད་པ་ཞེས་བྱ་བ་ནས་རྒྱས་པར་སྦྱར་ཏེ། སྦྱིན་པ་ཁ་དོག་ཕུན་སུམ་ཚོགས་པ་དང་། དྲི་ཕུན་སུམ་

ཚོགས་པ་དང་། རོ་ཕུན་སུམ་ཚོགས་པ་རྣམས་རང་གི་ལག་ནས་གུས་པར་བྱས་ཏེ། མ་བརྙས་པར་དུས་སུ་བྱིན་ཏེ། རྒྱུ་དེས་ན་བུད་མེད་རིན་པོ་ཆེ་ཧ་ཅང་ཡང་མི་དཀར། ཧ་ཅང་ཡང་མི་སྔོ་སྟེ། པགས་པའི་མདོག་པྲི་ཡང་ཀུའི་མེ་ཏོག་ལྟར་འདུག་ལ། ཧ་
ཅང་ཡང་མི་རིང་། ཧ་ཅང་ཡང་མི་ཐུང་སྟེ། ལུས་རན་པར་འདུག་པ་དང་། ཧ་ཅང་སྐེམ་པ་ཡང་མ་ཡིན་ཧ་ཅང་ཤ་ཆེ་བ་ཡང་མ་ཡིན་ཏེ། ཤ་རན་པར་གྱུར་ཏོ། །ཅིའི་ཕྱིར་བུད་མེད་རིན་པོ་ཆེ་གྲང་བའི་དུས་ན་ལུས་རྣམས་ལ་རེག་ན་དྲོ་བར་འགྱུར་ཞེ་ན། སྨྲས་པ། བུད་མེད་རིན་པོ་
ཆེས་ནི་སྔོན་གྱི་སྲིད་པ་ཞེས་བྱ་བ་ནས་རྒྱས་པར་སྦྱར་ཏེ། གྲང་ཞིང་མཆོག་ཏུ་གྲང་བའི་དུས་གང་ཡིན་པའི་དགུན་སྨད་ཟླ་བ་གཉིས་འོད་མ་འགས་པར་བྱེད་པའི་རླུང་ལྡང་བ་དེ་ལྟ་བུའི་གྲང་ཞིང་ཤིན་ཏུ་གྲང་བའི་དུས་དགུན་སྨད་ཟླ་བ་གཉིས་འོད་མ་འགས་པར་བྱེད་པའི་རླུང་ལྡང་བ་ན། ཕ་
མ་དང་། ཉེ་དུ་དང་། བླ་མ་ལྟ་བུ་རྣམས་དང་། གཞན་དགེ་སྦྱོང་དང་། བྲམ་ཟེ་གནོད་པར་བྱ་བ་མ་ཡིན་པ་དང་། གནོད་པར་བྱ་བ་ལ་མི་དགའ་བ་གང་ཡིན་པ་དེ་དག་ལ། ཁྱིམ་དྲོན་པོ་རྣམས་དང་། གདིང་བ་དང་། བགོ་བ་དྲོན་པོ་རྣམས་བྱིན་པ་དང་། ཟས་དང་། སྐོམ་དང་།
གོས་དང་། སྤོས་དང་། མེ་ཏོག་ཕྲེང་དང་། བྱུག་པ་དང་། མལ་ཆ་དང་། སྟན་དང་། གནས་དང་། ཞུགས་ལིང་དང་། ཞུགས་ཐབ་རྣམས་དང་། གཞན་ཡང་དྲོ་བའི་ཡོ་བྱད་རྣམ་པ་སྣ་ཚོགས་བྱིན་ཏེ། དེ་བས་ན་བུད་མེད་རིན་པོ་ཆེ་གྲང་བའི་དུས་ན་ལུས་རྣམས་ལ་རེག་ན་དྲོ་
བར་འགྱུར་རོ། །ཅིའི་ཕྱིར་བུད་མེད་རིན་པོ་ཆེ་ཚ་བའི་དུས་ན་ལུས་ལ་རེག་ན་བསིལ་བར་འགྱུར་ཞེ་ན། སྨྲས་པ། བུད་མེད་རིན་པོ་ཆེས་ནི་སྔོན་གྱི་སྲིད་པ་ཞེས་བྱ་བ་ནས་རྒྱས་པར་སྦྱར་ཏེ། ཚ་ཞིང་མཆོག་ཏུ་ཚ་ལ་ལྷག་པར་ཚ་བ་ལ་བབ་སྟེ། མི་བཟད་པར་ཡོངས་སུ་གདུངས་པ་ལ་
བབ་ཅིང་། མི་བཟད་པར་ཡོངས་སུ་གདུངས་པའི་ངོ་ལ་བབ་པ་ན། ཕ་མ་དང་། ཉེ་དུ་དང་། བླ་མ་ལྟ་བུ་རྣམས་དང་། གཞན་དགེ་སྦྱོང་དང་། བྲམ་ཟེ་གནོད་པར་བྱ་བ་མ་ཡིན་པ་དང་། གནོད་པར་བྱ་བ་ལ་མི་དགའ་བ་གང་ཡིན་པ་བདག་ལ་ཁྱིམ་བསིལ་བ་རྣམས་དང་། གདིང་བ་

དང་། བགོ་བ་བསིལ་བ་རྣམས་བྱིན་པ་དང་། ཟས་དང་། སྐོམ་དང་། བཅའ་བ་དང་། བཟའ་བ་དང་། གོས་དང་། སྤོས་དང་། མེ་ཏོག་ཕྲེང་དང་། བྱུག་པ་དང་། མལ་ཆ་དང་། སྟན་དང་། གནས་དང་། ནོར་བུའི་ལམ་དང་། ནོར་བུས་སྤྲས་པའི་ལམ་དང་། ཤིང་
ཏ་མ་ལའི་ཡལ་གའི་བསིལ་ཡབ་དང་། ཏ་མ་ལའི་ལོ་མ་ལས་སྣོད་དུ་བྱས་པ་དེ་ལྟ་བུ་དག་དང་། གཞན་ཡང་བསིལ་བའི་ཡོ་བྱད་རྣམ་པ་སྣ་ཚོགས་བྱིན་ཏེ། རྒྱུ་དེས་ན་བུད་མེད་རིན་པོ་ཆེ་ཚ་བའི་དུས་ན་ལུས་ལ་རེག་ན་བསིལ་བར་འགྱུར་རོ། །ཅིའི་ཕྱིར་བུད་མེད་རིན་པོ་ཆེ་སྤུའི་
ཁུང་བུ་ཐམས་ཅད་ནས་ཙནྡན་གྱི་དྲི་འབྱུང་ལ་ཁ་ནས་ཨུཏྤ་ལའི་དྲི་འབྱུང་ཞེ་ན། སྨྲས་པ། བུད་མེད་རིན་པོ་ཆེས་ནི་སྔོན་གྱི་སྲིད་པ་ཞེས་བྱ་བ་ནས་རྒྱས་པར་སྦྱར་ཏེ། ཕ་མ་དང་། ཉེ་དུ་དང་། བླ་མ་ལྟ་བུ་རྣམས་དང་། གཞན་དགེ་སྦྱོང་དང་། བྲམ་ཟེ་གནོད་པར་བྱ་བ་མ་ཡིན་པ་
དང་། གནོད་པར་བྱ་བ་ལ་མི་དགའ་བ་གང་ཡིན་པ་དེ་དག་ལ་ཨ་ཀ་རུ་དང་། རྒྱ་སྤོས་དང་། གུར་ཀུམ་དང་། ཀ་ལ་ནུ་ས་རི་དང་། ཏ་མ་ལའི་ལོ་མ་དེ་ལྟ་བུ་དག་དང་། གཞན་ཡང་དྲི་ཞིམ་པོ་རྣམས་བྱིན་ཏེ། རྒྱུ་དེས་ན་བུད་མེད་རིན་པོ་ཆེའི་སྤུའི་ཁུང་བུ་ཐམས་ཅད་ནས་ཙནྡན་གྱི་
དྲི་འབྱུང་ལ་ཁ་ནས་ཨུཏྤ་ལའི་དྲི་འབྱུང་ངོ་། །ཅིའི་ཕྱིར་བུད་མེད་རིན་པོ་ཆེ་འཁོར་ལོས་སྒྱུར་བའི་རྒྱལ་པོའི་སྔོན་དུ་ལྡང་ཞིང་ཕྱི་ནས་ཉལ་བ་དང་། ཅི་བྱ་བའི་ལུང་ནོད་པ་དང་། མཁས་ཤིང་ཡིད་དུ་འོང་བར་བྱེད་ལ་སྙན་པར་སྨྲ་བར་བྱེད་ཅེ་ན། སྨྲས་པ། འཁོར་ལོས་སྒྱུར་བའི་རྒྱལ་པོས་
ཡུན་རིང་པོ་ནས་བསྙེན་བཀུར་བྱེད་པ་འཐོབ་པར་འགྱུར་བའི་ལས་དོན་ཡོད་པ་དག་བྱས་ཤིང་བསྩགས་པས་དེ་དག་མངོན་དུ་ཕྱོགས་ཤིང་རྣམ་པར་སྨིན་པ་ཉེ་བར་འོངས་ཏེ། རྒྱུ་དེས་ན་བུད་མེད་རིན་པོ་ཆེ་འཁོར་ལོས་སྒྱུར་བའི་རྒྱལ་པོའི་སྔོན་དུ་ལྡང་ཞིང་ཕྱི་ནས་ཉལ་བ་དང་། ཅི་བྱ་བའི་ལུང་
ནོད་པ་དང་། མཁས་ཤིང་ཡིད་དུ་འོང་བར་བྱེད་ལ་སྙན་པར་སྨྲ་བར་བྱེད་དོ། །ཅིའི་ཕྱིར་བུད་མེད་རིན་པོ་ཆེའི་ཡིད་ཀྱི་དགུ་ལ་ཡང་འཁོར་ལོས་སྒྱུར་བའི་རྒྱལ་པོའི་ཡིད་དང་འགལ་བར་མི་བྱེད་ན་ལུས་དང་། ངག་གིས་ལྟ་ག་ལ་བྱེད་ཅེ་ན། སྨྲས་པ། འཁོར་ལོས་སྒྱུར་བའི་རྒྱལ་པོ་ནི་དབང་

ཆེ་བར་གྲགས་པའི་སེམས་ཅན་ཡིན་པས་ན། དེའི་ཕྱིར་དེ་སེམས་དམན་པའི་མི་ལ་སེམས་འཇུག་པར་མི་འགྱུར་ཏེ། རྒྱུ་དེས་ན་བུད་མེད་རིན་པོ་ཆེ་ཡིད་ཀྱི་དགུ་ལ་ཡང་འཁོར་ལོས་སྒྱུར་བའི་རྒྱལ་པོའི་ཡིད་དང་འགལ་བར་མི་བྱེད་ན་ལུས་དང་། ངག་གིས་
ལྟ་ག་ལ་བྱེད། ཅིའི་ཕྱིར་བུད་མེད་རིན་པོ་ཆེ་གལ་ཏེ་ཁ་ཅིག་གིས་འགྲོ་བ་མཐོང་ན་དེ་དག་འདི་སྙམ་དུ་སེམས་ཏེ། ཀྱེ་མ་འདི་ཡེ་འགྲོ་ན་ཅི་མ་རུང་སྙམ་དུ་སེམས་ལ། གལ་ཏེ་འགྲེང་བ་དང་། འདུག་པ་དང་། འཕྲེས་པ་མཐོང་ན་ཡང་དེ་དག་འདི་སྙམ་དུ་སེམས་ཏེ། ཀྱེ་མ་འདི་ཡེ་
འཕྲེས་པ་ན་ཅི་མ་རུང་སྙམ་དུ་སེམས་ཤེ་ན། སྨྲས་པ། བུད་མེད་རིན་པོ་ཆེས་ནི་སྔོན་གྱི་སྲིད་པ་ཞེས་བྱ་བ་ནས་རྒྱས་པར་སྦྱར་ཏེ། འདོད་པ་ན་སྤྱོད་པའི་བྱམས་པ་ཐོབ་པར་འགྱུར་ཏེ། སེམས་ཅན་དོན་དུ་འདོད་པ་གང་ཡིན་པ་རྣམས་དང་། ཕན་པར་འདོད་པ་རྣམས་དང་། གྲུབ་པ་དང་
བདེ་བར་འདོད་པ་གང་ཡིན་པ་རྣམས་དང་། གནོད་པར་འདོད་པ་གང་ཡིན་པ་རྣམས་དང་། མི་ཕན་པར་འདོད་པ་དང་། གྲུབ་པ་དང་བདེ་བ་མེད་པར་འདོད་པ་གང་ཡིན་པ་དེ་དག་ཐམས་ཅད་ལ་བྱམས་པའི་མིག་གིས་བལྟས་ཏེ། རྒྱུ་དེས་ན་བུད་མེད་རིན་པོ་ཆེ་གལ་ཏེ་ཁ་ཅིག་གིས་འགྲོ་བ་
མཐོང་ན་དེ་དག་འདི་སྙམ་དུ་སེམས་ཏེ། ཀྱེ་མ་འདི་ཡེ་འགྲོ་ན་ཅི་མ་རུང་སྙམ་དུ་སེམས་ལ། གལ་ཏེ་འགྲེང་བ་དང་། འདུག་པ་དང་། འཕྲེས་པ་མཐོང་ན་ཡང་དེ་དག་འདི་སྙམ་དུ་སེམས་ཏེ། ཀྱེ་མ་འདི་ཡེ་འཕྲེས་ན་ཅི་མ་རུང་སྙམ་དུ་སེམས་སོ། །ཅིའི་ཕྱིར་བུད་མེད་རིན་པོ་ཆེས་ཇི་ལྟར་པ་ཝ་
སངས་ཀྱིས་སྐར་མ་གཞན་ཐམས་ཅད་ཟིལ་གྱིས་ནོན་པ་བཞིན་དུ་བུད་མེད་ཐམས་ཅད་ཟིལ་གྱིས་ནོན་པར་འདུག་ཅེ་ན། སྨྲས་པ། བུད་མེད་རིན་པོ་ཆེས་ནི་སྔོན་གྱི་སྲིད་པ་ཞེས་བྱ་བ་ནས་རྒྱས་པར་སྦྱར་ཏེ། བདག་ཉིད་ཀྱིས་ཀྱང་སྲོག་གཅོད་པ་སྤངས་ལ། གཞན་དག་ཀྱང་སྲོག་
གཅོད་པ་སྤོང་བ་ཡང་དག་པར་འཛིན་དུ་བཅུག་པ་དང་། བདག་ཉིད་ཀྱིས་ཀྱང་མ་བྱིན་པར་ལེན་པ་དང་འདོད་པ་ལ་ལོག་པར་གཡེམ་པ་དང་། བརྫུན་དུ་སྨྲ་བ་དང་། འབྲུའི་ཆང་དང་། བཅོས་པའི་ཆང་མྱོས་པར་འགྱུར་བ་བག་མེད་པའི་གནས་སྤངས་ལ། གཞན་དག་ཀྱང་འབྲུའི་ཆང་དང་། བཅོས་

པའི་ཆང་མྱོས་པར་འགྱུར་བ་བག་མེད་པའི་གནས་སྤོང་བ་ཡང་དག་པར་འཛིན་དུ་བཅུག་སྟེ། རྒྱུ་དེས་ན་བུད་མེད་རིན་པོ་ཆེས་ཇི་ལྟར་པ་ཝ་སངས་ཀྱིས་སྐར་མ་རྣམས་ཟིལ་གྱིས་ནོན་པ་བཞིན་དུ། བུད་མེད་ཐམས་ཅད་ཟིལ་གྱིས་ནོན་པར་འདུག་གོ། །ཅིའི་ཕྱིར་བུད་མེད་རིན་པོ་ཆེའི་
བུ་འབྱུང་བར་མི་འགྱུར་ཞེ་ན། སྨྲས་པ། འདི་ལྟ་སྟེ། མངལ་དུ་བུ་འཆགས་པ་དེ་ནི་བུད་མེད་རྣམས་ཀྱི་ནད་ཡིན་ལ། བུད་མེད་རིན་པོ་ཆེས་ནི་ཡུན་རིང་པོ་ནས་ནད་ཉུང་བར་འགྱུར་བའི་ལས་འབྲས་བུ་ཡོད་ཅིང་རྣམ་པར་སྨིན་པ་ཡོད་པ་དག་བྱས་ཤིང་བསགས་ཏེ། དེ་དག་རྣམ་པར་སྨིན་པར་
མངོན་དུ་ཕྱོགས་ཤིང་ཉེ་བར་འོངས་ཏེ། རྒྱུ་དེས་ན་བུད་མེད་རིན་པོ་ཆེའི་བུ་འབྱུང་བར་མི་འགྱུར་རོ། །ཅིའི་ཕྱིར་བུད་མེད་རིན་པོ་ཆེ་སྔར་འཆི་བར་འགྱུར་ལ་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཕྱིས་འཆི་བར་འགྱུར་ཞེ་ན། སྨྲས་པ། བུད་མེད་རིན་པོ་ཆེས་ཡུན་རིང་པོ་ནས་ཁྱིམ་ཐབ་དང་འབྲལ་བར་
མི་འགྱུར་བའི་ལས་འབྲས་བུ་ཡོད་ཅིང་རྣམ་པར་སྨིན་པ་ཡོད་པ་དག་བྱས་ཤིང་བསགས་པས་དེ་དག་རྣམ་པར་སྨིན་པ་མངོན་དུ་ཕྱོགས་ཤིང་ཉེ་བར་འོང་སྟེ། རྒྱུ་དེས་ན་བུད་མེད་རིན་པོ་ཆེ་སྔར་འཆི་བར་འགྱུར་ལ་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཕྱིས་འཆི་བར་འགྱུར་རོ། །ཅིའི་ཕྱིར་བུད་མེད་རིན་པོ་ཆེ་
ཐམས་ཅད་མཐོ་རིས་སུ་ཉེ་བར་འགྲོ་ཞེ་ན། སྨྲས་པ། བུད་མེད་རིན་པོ་ཆེ་དེ་ནི་རང་བཞིན་གྱིས་དགེ་བའི་སྟེང་དུ་དགེ་བ་བཅུའི་ལས་ཀྱི་ལམ་རྣམས་ཡང་དག་པར་བླངས་ཏེ་གནས་པས་ན། དེའི་ཕྱིར་བུད་མེད་རིན་པོ་ཆེ་ཐམས་ཅད་མཐོ་རིས་སུ་ཉེ་བར་འགྲོ་བར་འགྱུར་རོ། །ཅིའི་ཕྱིར་འཁོར་ལོས་
སྒྱུར་བའི་རྒྱལ་པོས་ཁྱིམ་བདག་རིན་པོ་ཆེ་ཐོབ་ཅེ་ན། སྨྲས་པ། འཁོར་ལོས་སྒྱུར་བའི་རྒྱལ་པོས་ནི་སྔོན་གྱི་སྲིད་པ་ཞེས་བྱ་བ་ནས་རྒྱས་པར་སྦྱར་ཏེ། གྲང་ཞིང་མཆོག་ཏུ་གྲང་བ་དང་། ཚ་ཞིང་མཆོག་ཏུ་ཚ་བའི་དུས་གང་ཡིན་པ་དེ་ལྟ་བུའི་གྲང་ཞིང་མཆོག་ཏུ་གྲང་བ་དང་། ཚ་ཞིང་མཆོག་ཏུ་ཚ་
བའི་དུས་དག་ཏུ་ཕ་མ་དང་། ཉེ་དུ་དང་། བླ་མ་ལྟ་བུ་རྣམས་དང་། གཞན་དགེ་སྦྱོང་དང་། བྲམ་ཟེ་གནོད་པར་བྱ་བ་མ་ཡིན་པ་དང་། གནོད་པར་བྱ་བ་ལ་མི་དགའ་བ་གང་ཡིན་པ་དེ་དག་གི་ཐད་དུ་སོང་ནས་མཐུན་པའི་སྨན་རྣམས་དང་། ཕན་པའི་ཟས་རྣམས་དང་། འཚམ་པའི་གཡོག་

རྣམས་བྱིན་ཏེ། དེ་དག་དེ་རྣམས་ཀྱིས་ལོངས་སྤྱད་ནས་ལུས་མ་གཤེར་བ་དང་། གོས་མ་བརླན་པར་དེའི་ཉིན་མཚན་དུ་བདེ་བ་ལ་རེག་པར་གནས་ཏེ། རྒྱུ་དེས་ན་འཁོར་ལོས་སྒྱུར་བའི་རྒྱལ་པོས་ཁྱིམ་བདག་རིན་པོ་ཆེ་ཐོབ་བོ། །ཁྱིམ་བདག་དེ་ཡང་ཕྱུག་
ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་སྟེ། ནོར་རྫས་མང་ཞིང་བདོག་པ་མང་ལ་ནོར་དང་། འབྲུ་དང་། མཛོད་དང་། བང་མཛོད་དང་། རྫས་དང་། ཡོ་བྱད་ཀྱི་ཚོགས་མང་ངོ་། །དེ་ནི་ལས་ཀྱི་རྣམ་པར་སྨིན་པ་ལས་བྱུང་བའི་ལྷའི་མིག་དང་ལྡན་ཏེ། དེས་གཏེར་བདག་པོ་ཡོད་པ་རྣམས་དང་།
བདག་པོ་མེད་པ་རྣམས་དང་། ཆུའི་ནང་ན་ཡོད་པ་རྣམས་དང་། ཐང་ལ་ཡོད་པ་རྣམས་རིང་བ་ཡང་རུང་། ཉེ་བ་ཡང་རུང་སྟེ་མཐོང་ངོ་། །དེ་འཁོར་ལོས་སྒྱུར་བའི་རྒྱལ་པོའི་ཐད་དུ་སོང་ནས་ནོར་ཅི་འདོད་པས་སྐབས་འབྱེད་པར་བྱེད་དེ། ནོར་ལ་ལྷའི་ཐུགས་ལས་ཆུང་བར་མཛད་དུ་གསོལ་
བདག་གིས་ནོར་གྱི་སྒོ་ནས་ལྷའི་ནོར་གྱི་དོན་བསྒྲུབ་པར་འཚལ་ལོ་ཞེས་ཟེར་རོ། །དེ་ནས་འཁོར་ལོས་སྒྱུར་བའི་རྒྱལ་པོས་ཁྱིམ་བདག་རིན་པོ་ཆེ་སད་པར་འདོད་དེ་ཆུ་ལ་འགྲོ་བའི་གྲུར་ཞུགས་ནས་ཆུའི་ནང་ན་འདུག་བཞིན་དུ་ཁྱིམ་བདག་རིན་པོ་ཆེ་ལ་བསྒོ་བ་ཁྱིམ་བདག་ང་ལ་ནོར་དགོས་
སོ། །དེ་ནས་ཁྱིམ་བདག་རིན་པོ་ཆེས་འཁོར་ལོས་སྒྱུར་བའི་རྒྱལ་པོ་ལ་འདི་སྐད་ཅེས་གསོལ་ཏོ། །ལྷ་འོ་ན་ཆབ་གྲུ་འགྲམ་དུ་བཅར་དང་བདག་གིས་ནོར་གྱི་སྒོ་ནས་ལྷའི་ནོར་གྱི་དོན་སྒྲུབ་པར་འཚལ་ལོ། །ཁྱིམ་བདག་ང་ལ་འགྲམ་དུ་ནོར་དགོས་པ་མེད་དོ། །འདི་ཉིད་དུ་ང་ལ་ནོར་
དགོས་སོ། །ལྷ་འོ་ན་ཆབ་གྲུ་སྡོད་དུ་སྩལ་བར་གསོལ། དེ་ནས་འཁོར་ལོས་སྒྱུར་བའི་རྒྱལ་པོས་ཆུའི་ནང་དུ་གྲུ་སྡོད་དུ་བཅུག་གོ། །དེ་ནས་ཁྱིམ་བདག་རིན་པོ་ཆེ་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་གྲུའི་ནང་དུ་བཙུགས་ཏེ། ལག་
པ་གཉིས་ཆུའི་ནང་དུ་བཅུག་ནས་ལྕགས་ཟངས་ཟུང་བཞི་གསེར་དངུལ་རྡུངས་སུ་བྱས་པ་དང་། རྡུངས་སུ་མ་བྱས་པས་གང་བ་ཕྱུང་ནས་འཁོར་ལོས་སྒྱུར་བའི་རྒྱལ་པོ་ལ་ཕུལ་ཏེ། ལྷ་ནོར་འདི་དག་ལགས་ཀྱི། འདི་ལས་ནོར་གྱི་དགོས་པ་མཛད་ནས་ལྷག་མ་འདི་ཉིད་དུ་དོར་བར་

གསོལ། འདི་ལ་ཆོས་ཉིད་ནི་འདི་ཡིན་ཏེ། དེ་ལ་འདི་སྐད་ཅེས་བྱའོ། །ཆར་བབ་ཡུལ་ངན་བྱུང་བ་དང་། །སོས་ཀའི་དུས་ལ་བབ་པའི་ཚེ། །བསུ་བ་བྱས་ནས་སྦྱིན་པ་བྱིན། །སྡུག་ཕོངས་རྣམས་ནི་ཚིམ་པར་བྱེད། །ལོངས་སྤྱད་ནས་ནི་བདེ་བར་གྱུར། །དེས་ན་སློང་བ་རྣམས་ཀྱང་
རངས། །ལས་གྱི་རྣམ་སྨིན་དེ་ཡིས་ན། །ཚོང་དཔོན་ཕྱུག་ཅིང་ནོར་མང་ལ། །ལྷ་ཡི་མིག་ལྡན་རྫུ་འཕྲུལ་ཆེ། །འཁོར་ལོས་སྒྱུར་བས་ཐོབ་པར་གྱུར། །ཅིའི་ཕྱིར་ཁྱིམ་བདག་རིན་པོ་ཆེ་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་སྟེ། ནོར་རྫས་མང་ཞིང་བདོག་པ་མང་ལ་ནོར་དང་། འབྲུ་
དང་། མཛོད་དང་། བང་མཛོད་དང་། རྫས་དང་། ཡོ་བྱད་ཀྱི་ཚོགས་མང་བར་གྱུར་ཅེ་ན། སྨྲས་པ། ཁྱིམ་བདག་རིན་པོ་ཆེས་ནི་སྔོན་གྱི་སྲིད་པ་ཞེས་བྱ་བ་ནས་རྒྱས་པར་སྦྱར་ཏེ། དགེ་སྦྱོང་དང་། བྲམ་ཟེ་རྣམས་དང་། སྡུག་ཕོངས་པ་རྣམས་དང་། འདྲོན་པོ་རྣམས་དང་། སློང་བ་
རྣམས་ལ་སྦྱིན་པ་འདི་ལྟ་སྟེ། ཟས་དང་། སྐོམ་དང་། བཅའ་བ་དང་། བཟའ་བ་དང་། གོས་དང་། སྤོས་དང་། མེ་ཏོག་ཕྲེང་དང་། བྱུག་པ་དང་། མལ་ཆ་དང་། སྟན་དང་། གནས་རྣམས་བྱིན་ཏེ། རྒྱུ་དེས་ན་ཁྱིམ་བདག་རིན་པོ་ཆེ་ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་སྟེ། ནོར་རྫས་
མང་ཞིང་བདོག་པ་མང་ལ་ནོར་དང་། འབྲུ་དང་། མཛོད་དང་། བང་མཛོད་དང་། རྫས་དང་། ཡོ་བྱད་ཀྱི་ཚོགས་མང་བར་གྱུར་ཏོ། །ཅིའི་ཕྱིར་ཁྱིམ་བདག་རིན་པོ་ཆེ་ལས་ཀྱི་རྣམ་པར་སྨིན་པ་ལས་བྱུང་བའི་ལྷའི་མིག་དང་ལྡན་པར་གྱུར་ལ། དེས་གཏེར་རྣམ་པ་སྣ་ཚོགས་བདག་པོ་ཡོད་པ་
རྣམས་དང་། བདག་པོ་མེད་པ་རྣམས་དང་། ཆུའི་ནང་ན་ཡོད་པ་རྣམས་དང་། ཐང་ལ་ཡོད་པ་རྣམས་རིང་བ་ཡང་རུང་། ཉེ་བ་ཡང་རུང་སྟེ་མཐོང་ཞེ་ན། སྨྲས་པ། ཁྱིམ་བདག་རིན་པོ་ཆེས་ནི་སྔོན་གྱི་སྲིད་པ་ཞེས་བྱ་བ་ནས་རྒྱས་པར་སྦྱར་ཏེ། ཕ་མ་དང་། ཉེ་དུ་དང་། བླ་མ་ལྟ་བུ་
རྣམས་དང་། གཞན་དགེ་སྦྱོང་དང་། བྲམ་ཟེ་གནོད་པར་བྱ་བ་མ་ཡིན་པ་དང་། གནོད་པར་བྱ་བ་ལ་མི་དགའ་བ་གང་ཡིན་པ་དེ་དག་ལ། མུན་པ་སྣང་བ་མེད་པ་མུན་ནག་མར་མེ་མེད་པར་མར་མེའི་འབྲུ་མང་དང་། མར་མེའི་སྙིང་པོ་དང་། མར་མེའི་སྣོད་རྣམས་བྱིན་པ་དང་། སྒྲོན་མ་རྣམས་

དང་། མར་མེ་རྣམས་དང་། སྣང་བ་རྣམས་བྱས་ནས། དེ་ལྟ་བུ་དག་དང་། གཞན་ཡང་མུན་པ་ཆེན་པོ་མེད་པར་བྱས་ཏེ། རྒྱུ་དེས་ན་ཁྱིམ་བདག་རིན་པོ་ཆེས་ལས་ཀྱི་རྣམ་པར་སྨིན་པ་ལས་བྱུང་བའི་ལྷའི་མིག་དང་ལྡན་པར་གྱུར་ལ། དེས་གཏེར་རྣམ་པ་སྣ་
ཚོགས་བདག་པོ་ཡོད་པ་རྣམས་དང་། བདག་པོ་མེད་པ་རྣམས་དང་། ཆུའི་ནང་ན་ཡོད་པ་རྣམས་དང་། ཐང་ལ་ཡོད་པ་རྣམས་རིང་བ་ཡང་རུང་། ཉེ་བ་ཡང་རུང་སྟེ་མཐོང་ངོ་། །འདི་ལ་ཆོས་ཉིད་ནི་འདི་ཡིན་ཏེ། དེ་ལ་འདི་སྐད་ཅེས་བྱའོ། །སྔོན་གྱི་ཚེ་རབས་རྣམས་སུ་དད་པས་རང་གི་ལག་
པ་ནས། །ཟས་སྐོམ་གོས་དང་སྤོས་དང་མེ་ཏོག་ཕྲེང་དང་བྱུག་པ་བྱིན། །སྣང་བ་རྣམས་དང་གསལ་བ་རྣམས་དང་སྒྲོན་དང་འབར་བ་བྱས། །དེས་ན་འཁོར་ལོས་སྒྱུར་བའི་རྒྱལ་པོའི་ཁྱིམ་བདག་ཕྱུག་པ་དང་། །ནོར་མང་གོས་དང་ལྡན་ཞིང་ལྷ་ཡི་མིག་དང་ལྡན་པར་གྱུར། །ཅིའི་ཕྱིར་འཁོར་ལོས་
སྒྱུར་བའི་རྒྱལ་པོས་བློན་པོ་རིན་པོ་ཆེ་ཐོབ་ཅེ་ན། སྨྲས་པ། འཁོར་ལོས་སྒྱུར་བའི་རྒྱལ་པོས་ནི། སྔོན་གྱི་སྲིད་པ་ཞེས་བྱ་བ་ནས་རྒྱ