Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 139
Văn bản gốc(Tây Tạng)
Trang 2 / 15 (50.000 ký tự/trang)
ང་ན་དེ་མི་མ་ཡིན་པ་ རྣམས་ཀྱི་རླུང་གི་མཐུས་ཕྱི་རོལ་དུ་གཏོར་རོ། །དེའི་ཁོ་ར་ཁོར་ཡུག་ན་གསེར་གྱི་བྲག་བྱ་སྐྱིབས་ཅན་བརྒྱ་སྟོང་ཡོད་དོ། །དེ་དག་ཐམས་ཅད་ཀྱང་དབྱིབས་ལེགས་ཤིང་བལྟ་ན་སྡུག་ལ་མཛེས་པ་སྟེ། དེ་དག་གི་ནང་ནས་གཞི་རྣམས་ཀྱང་དབྱིབས་ལེགས་ཤིང་བལྟ་ན་སྡུག་ལ། མཛེས་ པ་གསེར་གྱི་ཕྱེ་མ་བདལ་ཞིང་ཙནྡན་གྱི་ཆུས་ཆག་ཆག་བཏབ་པ། དེ་དག་ཏུ་ཡང་ཡིད་དུ་མི་འོང་བ་ཤིང་ངམ། གསེག་མ་འམ། གང་ཅི་ཡང་རུང་བ་དག་ལྷུང་ན། དེ་མི་མ་ཡིན་པ་རྣམས་ཀྱི་རླུང་གི་མཐུས་ཕྱི་རོལ་དུ་འདོར་རོ། །དེའི་ལམ་སྲིད་དུ་དཔག་ཚད་ཉི་ཤུ། ཞེང་དུ་དཔག་ ཚད་ཕྱེད་དང་གཉིས་ཡོད་པ་དབྱིབས་ལེགས་ཤིང་བལྟ་ན་སྡུག་ལ་མཛེས་པ་གསེར་གྱི་ཕྱེ་མ་བདལ་ཞིང་ཙནྡན་གྱི་ཆུས་ཆག་ཆག་བཏབ་པ་ཞིག་ཡོད་དེ། དེ་ཡང་ཡིད་དུ་མི་འོང་བ་ཤིང་ངམ་གསེག་མའམ། གང་ཅི་ཡང་རུང་བ་དག་ལྷུང་ན་དེ་མི་མ་ཡིན་པ་རྣམས་ཀྱི་རླུང་གི་མཐུས་ཕྱི་རོལ་ དུ་འདོར་རོ། །བྲག་བྱ་སྐྱིབས་ལྷ་མ་ཡིན་གྱི་ངོས་དེའི་བྱང་ཕྱོགས་དཔག་ཚད་ཉི་ཤུ་ན་ཤིང་སཱ་ལའི་རྒྱལ་པོ་ཆེན་པོ་རབ་ཏུ་བརྟན་པ་ཞེས་བྱ་བ་སཱ་ལའི་ཕྲེང་བ་རིམ་པ་བདུན་གྱིས་བསྐོར་བ་ཞིག་ཡོད་དོ། །སཱ་ལའི་རྒྱལ་པོ་རབ་ཏུ་བརྟན་པ་དེའི་རྩ་བ་ནི་འདོམ་བཅུ་བཞི་ཐུར་དུ་ཟུག་གོ། །སཱ་ལའི་ ཕྲེང་བ་དང་པོའི་རྩ་བ་ནི་འདོམ་བཅུ་གསུམ་ཐུར་དུ་ཟུག་གོ། །གཉིས་པའི་ནི་བཅུ་གཉིས་སོ། །གསུམ་པའི་ནི་བཅུ་གཅིག་གོ། །བཞི་པའི་ནི་བཅུའོ། །ལྔ་པའི་ནི་དགུའོ། །དྲུག་པའི་ནི་བརྒྱད་དོ། །སཱ་ལའི་ཕྲེང་བ་བདུན་པའི་རྩ་བ་ནི་འདོམ་བདུན་ཐུར་དུ་ཟུག་གོ། །སཱ་ལའི་རྒྱལ་པོ་རབ་ ཏུ་བརྟན་པ་དེའི་ཡལ་ག་དང་། ལོ་མ་དང་ཡལ་ག་རྣམས་གང་ཡིན་པ་དེ་ནི་སཱ་ལའི་ཕྲེང་བ་དང་པོ་ལ་ཐུག་གོ། །སཱ་ལའི་ཕྲེང་བ་དང་པོ་ནི་ཡལ་ག་དང་ལོ་མ་དང་ཡལ་ག་གང་ཡིན་པ་དེ་ནི་གཉིས་པ་ལའོ། །གཉིས་པའི་གང་ཡིན་པ་དེ་ནི་གསུམ་པ་ལའོ། །གསུམ་པའི་གང་ཡིན་པ་དེ་ནི་བཞི་ པ་ལའོ། །བཞི་པའི་གང་ཡིན་པ་དེ་ནི་ལྔ་པ་ལའོ། །ལྔ་པའི་གང་ཡིན་པ་དེ་ནི་དྲུག་པ་ལའོ། །དྲུག་པའི་གང་ཡིན་པ་དེ་ནི་བདུན་པ་ལའོ། །སཱ་ལའི་ཕྲེང་བ་བདུན་པའི་ཡལ་ག་དང་། ལོ་མ་དང་ཡལ་ག་གང་ཡིན་པ་དེ་ནི་ནམ་མཁའ་ཁྱབ་པར་འདུག་གོ། །དེའི་ནང་གི་ས་གཞི་ཡང་ དབྱིབས་ལེགས་ཤིང་བལྟ་ན་སྡུག་ལ། མཛེས་པ་གསེར་གྱི་ཕྱེ་མ་བདལ་ཞིང་ཙནྡན་གྱི་ཆུས་ཆག་ཆག་བཏབ་པ་སྟེ། དེ་ཡང་ཡིད་དུ་མི་འོང་བ་ཤིང་ངམ་གསེག་མ་འམ། གང་ཅི་ཡང་རུང་བ་དག་ལྷུང་ན་ནི་དེ་མི་མ་ཡིན་པ་རྣམས་ཀྱི་རླུང་གི་མཐུས་ཕྱི་རོལ་ཏུ་འདོར་ རོ། །དེའི་ལམ་སྲིད་དུ་དཔག་ཚད་ཉི་ཤུ། ཞེང་དུ་དཔག་ཚད་ཕྱེད་དང་གཉིས་ཡོད་པ། དབྱིབས་ལེགས་ཤིང་བལྟ་ན་སྡུག་ལ་མཛེས་པ་ཞིག་ཡོད་དོ། །དེར་ཡང་ཡིད་དུ་མི་འོང་བ་ཤིང་ངམ་གསེག་མའམ་གང་ཅི་ཡང་རུང་བ་དག་ལྷུང་ན་དེ་མི་མ་ཡིན་པ་རྣམས་ཀྱི་རླུང་གི་མཐུས་ཕྱི་རོལ་ དུ་འདོར་རོ། །སཱ་ལའི་རྒྱལ་པོ་རབ་ཏུ་བརྟན་པའི་ཤར་ཕྱོགས་དཔག་ཚད་ཉི་ཤུ་ན། རྫིང་བུ་དལ་གྱིས་འབབ་ཅེས་བྱ་བ་ཆུར་དཔག་ཚད་ལྔ་བཅུ། ཞེང་དུ་ཡང་དཔག་ཚད་ལྔ་བཅུ་སྟེ། མཐའ་སྐོར་དུ་དཔག་ཚད་ཉིས་བརྒྱ་ཡོད་པ། དབྱིབས་ལེགས་ཤིང་བལྟ་ན་སྡུག་ལ་མཛེས་པ་ཆུ་ བསིལ་ཞིང་ཆུ་སྦྲང་རྩི་ལྟ་བུས་གང་བ། མེ་ཏོག་ཨུཏྤ་ལ་དང་། པདྨ་དང་། ཀུ་མུ་ཏ་དང་། པདྨ་དཀར་པོས་ཁེབས་པ་ཞིག་ཡོད་དོ། །རྫིང་བུ་དལ་གྱིས་འབབ་པ་དེའི་ནང་གི་པདྨའི་ལོ་མ་རྣམས་ཆེ་ཞིང་མཆོག་ཏུ་ཆེ་སྟེ། འདི་ལྟ་སྟེ། བ་ལང་གི་ཀོ་བ་ཙམ་མོ། །པདྨའི་སྡོང་བུ་རྣམས་ཆེ་ཞིང་མཆོག་ ཏུ་ཆེ་སྟེ། འདི་ལྟ་སྟེ། གཤོལ་མདའ་ཙམ་མོ། །པདྨའི་མེ་ཏོག་རྣམས་ཆེ་ཞིང་མཆོག་ཏུ་ཆེ་སྟེ། འདི་ལྟ་སྟེ། ཤིང་རྟའི་འཕང་ལོ་ཙམ་མོ། །པདྨའི་རྩ་བ་རྣམས་ཆེ་ཞིང་མཆོག་ཏུ་ཆེ་སྟེ། འདི་ལྟ་སྟེ། སྐྱེས་བུ་ཆེན་པོའི་བརླ་ཙམ་མོ། །རོ་མངར་ཞིང་མཆོག་ཏུ་མངར་སྟེ། འདི་ལྟ་སྟེ། སྦྲང་ བུའི་སྦྲང་རྩི་མ་བསྐོལ་བ་བཞིན་ནོ། །བཅད་ན་ཡང་འོ་མ་འཛག་གོ། །རྫིང་བུ་དལ་གྱིས་འབབ་ཀྱི་ཁོ་ར་ཁོར་ཡུག་ན་རྫིང་བུ་བརྒྱད་སྟོང་ཡོད་དེ། དེ་དག་ཐམས་ཅད་ཀྱང་དབྱིབས་ལེགས་ཤིང་བལྟ་ན་སྡུག་ལ་མཛེས་པ་ཆུ་བསིལ་ཞིང་སྦྲང་རྩི་ལྟ་བུས་གང་ངོ་། །དེ་དག་གི་ནང་གི་པདྨའི་ལོ་མ་ རྣམས་ཀྱང་ཆེ་ཞིང་མཆོག་ཏུ་ཆེ་སྟེ། འདི་ལྟ་སྟེ། བ་ལང་གི་ཀོ་བ་ཙམ་མོ། །པདྨའི་སྡོང་བུ་རྣམས་ཆེ་ཞིང་མཆོག་ཏུ་ཆེ་སྟེ། འདི་ལྟ་སྟེ། གཤོལ་མདའ་ཙམ་མོ། །པདྨའི་མེ་ཏོག་རྣམས་ཆེ་ཞིང་མཆོག་ཏུ་ཆེ་སྟེ། འདི་ལྟ་སྟེ། ཤིང་རྟའི་འཕང་ལོ་ཙམ་མོ། །པདྨའི་རྩ་བ་རྣམས་ཆེ་ཞིང་ མཆོག་ཏུ་ཆེ་སྟེ། འདི་ལྟ་སྟེ། སྐྱེས་བུ་ཆེན་པོའི་བརླ་ཙམ་མོ། །རོ་མངར་ཞིང་མཆོག་ཏུ་མངར་ཏེ། འདི་ལྟ་སྟེ། སྦྲང་བུའི་སྦྲང་རྩི་མ་བསྐོལ་བ་བཞིན་ནོ། །བཅད་ན་ཡང་འོ་མ་འཛག་གོ། །དེའི་ལམ་སྲིད་དུ་དཔག་ཚད་ཉི་ཤུ། ཞིང་དུ་དཔག་ཚད་ཕྱེད་དང་གཉིས་ཡོད་པ། དབྱིབས་ལེགས་ཤིང་བལྟ་ན་སྡུག་ལ་མཛེས་པ་གསེར་གྱི་ཕྱེ་མ་བདལ་ཞིང་ཙནྡན་གྱི་ཆུས་ཆག་ཆག་བཏབ་པ་ཞིག་ཡོད་དེ། དེར་ཡང་ཡིད་དུ་མི་འོང་བ་ཤིང་ངམ། གསེག་མ་འམ། གང་ཅི་ཡང་རུང་བ་དག་ལྷུང་ན་དེ་མི་མ་ཡིན་པ་རྣམས་ཀྱི་རླུང་གི་མཐུས་ཕྱི་རོལ་དུ་འདོར་རོ། ། སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་གླང་པོ་ཆེའི་རྒྱལ་པོ་གཡུལ་ངོར་ཆས་པ་རབ་ཏུ་བརྟན་པ་ཞེས་བྱ་བ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་ཞིག་ཡོད་དེ། མེ་ཏོག་ཀུ་མུ་ཏའི་མདོག་ལྟར་ཐལ་ཀར་དུ་འདུག་ལ། ཡན་ལག་བདུན་ཤིན་ཏུ་ལེགས་པར་གནས་པ་སྟེ། དེ་མགོ་བོ་ཡང་དབྱིབས་ལེགས་ཤིང་བལྟ་ན་སྡུག་ལ་མཛེས་པ་སྟེ། སྔོ་ཞིང་སྲོག་ཆགས་ལྷམ་བུ་ཆུག་ཤེར་གྱི་མདོག་ལྟར་དབུས་དམར་ལ་མཆེ་བ་དྲུག་ཡོད་དེ། གླང་པོ་ཆེ་རབ་ཏུ་བརྟན་པ་སྲིད་དུ་དཔག་ཚད་ཕྱེད་དང་གསུམ། ཞེང་དུ་དཔག་ཚད་གཅིག་འཕང་དུ་དཔག་ཚད་ཕྱེད་ དང་གཉིས། མཐའ་སྐོར་དུ་དཔག་ཚད་བདུན་ཡོད་དོ། །དེའི་འཁོར་གླང་པོ་ཆེ་བརྒྱད་སྟོང་ཡོད་དོ། །དེ་ཐམས་ཅད་ཀྱང་གཟུགས་བཟང་ཞིང་བལྟ་ན་སྡུག་པ་མཛེས་པ། མེ་ཏོག་ཀུ་མུ་ཏའི་མདོག་ལྟར་ཐལ་ཀར་དུ་འདུག་ཅིང་ཡན་ལག་བདུན་ཤིན་ཏུ་ལེགས་པར་གནས་པ་སྟེ། དེ་ དག་གི་མགོ་བོ་ཡང་དབྱིབས་ལེགས་ཤིང་བལྟ་ན་སྡུག་ལ་མཛེས་པ་སྟེ། སྔོ་ཞིང་སྲོག་ཆགས་ལྷམ་བུ་ཆུ་གཤེར་གྱི་མདོག་ལྟར་དབུས་དམར་ལ་མཆེ་བ་དྲུག་ཡོད་པ་ཤ་སྟག་སྟེ། གླང་པོ་ཆེའི་རྒྱལ་པོ་རབ་ཏུ་བརྟན་པ་དེ་འཁོར་དང་བཅས་པ་དགུན་ཟླ་བ་བཞི་ནི་བྲག་བྱ་ སྐྱིབས་ལྷ་མ་ཡིན་གྱི་ངོས་ཀྱི་ནང་ན་གནས་ཤིང་འཁོད་དོ། །དཔྱིད་ཟླ་བ་བཞི་ནི་ཤིང་སཱ་ལའི་རྒྱལ་པོ་རབ་ཏུ་བརྟན་པའི་ནང་ན་གནས་ཤིང་འཁོད་དོ། །དབྱར་ཟླ་བ་བཞི་ནི་རྫིང་བུ་དལ་གྱིས་འབབ་ཀྱི་ནང་ན་གནས་ཤིང་འཁོད་དོ། །གང་གི་ཚེ་གླང་པོ་ཆེའི་རྒྱལ་པོ་རབ་ཏུ་བརྟན་ པ་བྲག་བྱ་སྐྱིབས་ལྷ་མ་ཡིན་གྱི་ངོས་ཀྱི་ནང་ན་གནས་ཤིང་འདུག་པ་དེའི་ཚེ་ནི་གླང་པོ་ཆེ་བརྒྱད་སྟོང་པོ་རྣམས་འདི་ལྟ་སྟེ། གླང་པོ་ཆེའི་རྒྱལ་པོ་རབ་ཏུ་བརྟན་པ་སྲུང་བ་དང་སྦ་བ་དང་མཛེས་པར་བྱ་བའི་ཕྱིར་བྲག་བྱ་སྐྱིབས་བརྒྱད་སྟོང་གི་ནང་ན་ཉེ་བར་གནས་ཤིང་འཁོད་ དོ། །གང་གི་ཚེ་གླང་པོ་ཆེའི་རྒྱལ་པོ་རབ་ཏུ་བརྟན་པ་བྲག་བྱ་སྐྱིབས་ལྷ་མ་ཡིན་གྱི་ངོས་ཀྱི་ནང་ན་གནས་ཤིང་སཱ་ལའི་རྒྱལ་པོ་རབ་ཏུ་བརྟན་པའི་ནང་དུ་འགྲོ་བ་ན། རེས་འགའ་ནི་ཐ་མལ་པའི་ཚུལ་གྱིས་འགྲོའོ། །རེས་འགའ་ནི་འདི་ལྟ་སྟེ། ལྷ་དང་ལྷའི་བུ་རྫུ་འཕྲུལ་ཆེ་ཞིང་གང་ཡང་རུང་བ་ དང་འདྲ་བར་བདག་ཉིད་མངོན་པར་སྤྲུལ་ནས་གླང་པོ་ཆེ་ཐམས་ཅད་ཀྱི་ནང་ན་དབང་ཆེ་བར་གྲགས་པ་གང་ཡིན་པ་དེ་ཉིད་ཀྱི་མགོ་བོ་འམ། རྒྱབ་ཏུ་ཞོན་ཏེ་སིལ་སྙན་དང་ཕེག་རྡོབ་པ་དག་ཆེར་བྱེད་ཅིང་འགྲོའོ། །གང་གི་ཚེ་གླང་པོ་ཆེའི་རྒྱལ་པོ་རབ་ཏུ་བརྟན་པའི་ནང་ན་གནས་ཤིང་འདུག་པ་དེའི་ཚེ་ནི་ གླང་པོ་ཆེ་བརྒྱད་སྟོང་པོ་འདི་དག་ཀྱང་འདི་ལྟ་སྟེ། གླང་པོ་ཆེའི་རྒྱལ་པོ་རབ་ཏུ་བརྟན་པ་སྲུང་བ་དང་། སྤ་བ་དང་། མཛེས་པར་བྱ་བའི་ཕྱིར་ཤིང་སཱ་ལའི་ཕྲེང་བ་རིམ་པ་བདུན་པོ་དག་གི་ནང་ན་ཁ་ནང་དུ་བལྟས་ཤིང་འཁོད་དོ། །ཤིང་སཱ་ལའི་ཕྲེང་བ་དང་པོའི་ནང་ན་འདུག་པ་གང་ཡིན་པ་དེ་དག་ ཀྱང་ཁ་ནང་དུ་བལྟས་ཏེ་འཁོད་དོ། །གཉིས་པའི་ནང་ན་འདུག་པ་གང་ཡིན་པ་དེ་དག་ཀྱང་ཁ་ནང་དུ་ལྟའོ། །གསུམ་པའི་ནང་དུ་འདུག་པ་གང་ཡིན་པ་དེ་དག་ཀྱང་ཁ་ནང་དུ་ལྟའོ། །བཞི་པའི་ནང་དུ་འདུག་པ་དེ་དག་ཀྱང་ཁ་ནང་དུ་ལྟའོ། །ལྔ་པའི་ནང་ན་འདུག་པ་གང་ཡིན་པ་དེ་དག་ཀྱང་ ཁ་ནང་དུ་ལྟའོ། །དྲུག་པའི་ནང་ན་འདུག་པ་གང་ཡིན་པ་དེ་དག་ཀྱང་ཁ་ནང་དུ་ལྟའོ། །བདུན་པའི་ནང་ན་འདུག་པ་གང་ཡིན་པ་དེ་དག་ཀྱང་ཁ་ནང་དུ་བལྟས་ཏེ་འཁོད་དོ། །གང་གི་ཚེ་གླང་པོ་ཆེའི་རྒྱལ་པོ་རབ་ཏུ་བརྟན་པ་ཤིང་སཱ་ལའི་རྒྱལ་པོ་རབ་ཏུ་བརྟན་པ་ནས་རྫིང་བུ་དལ་གྱིས་འབབ་པར་ འགྲོ་བ་ན། རེས་འགའ་ནི་ཐ་མལ་པའི་ཚུལ་གྱིས་འགྲོའོ། །རེས་འགའ་ནི་འདི་ལྟ་སྟེ། ལྷ་འམ་ལྷའི་བུ་རྫུ་འཕྲུལ་ཆེ་ཞིང་མཐུ་ཆེ་བ་གང་ཡང་རུང་བ་དང་འདྲ་བར་བདག་ཉིད་མངོན་པར་སྤྲུལ་ནས་གླང་པོ་ཆེ་དེ་དག་ཐམས་ཅད་ཀྱི་ནང་ན་དབང་ཆེ་བར་གྲགས་པ་གང་ཡིན་པ་དེ་ཉིད་ཀྱི་མགོ་ འམ། རྒྱབ་ཏུ་ཞོན་ཏེ་སིལ་སྙན་དང་ཕེག་རྡོབ་པ་དག་རྒྱ་ཆེར་བྱེད་ཅིང་འགྲོའོ། །གང་གི་ཚེ་གླང་པོ་ཆེའི་རྒྱལ་པོ་རབ་ཏུ་བརྟན་པ་རྫིང་བུ་དལ་གྱིས་འབབ་ཀྱི་ནང་དུ་ཞུགས་ནས་རྩེ་ཞིང་དགའ་ལ་དགའ་དགུར་སྤྱོད་པ་དེའི་ཚེ་གླང་པོ་ཆེ་བརྒྱད་སྟོང་པོ་དེ་དག་འདི་ལྟ་སྟེ། གླང་པོ་ཆེའི་རྒྱལ་པོ་རབ་ཏུ་བརྟན་ པ་དེ་སྲུང་བ་དང་། སྦ་བ་དང་། མཛེས་པར་བྱ་བའི་ཕྱིར་རྫིང་བུ་དལ་གྱིས་འབབ་ཀྱི་མཐའ་ཁོ་ར་ཁོར་ཡུག་ནས་བསྐོར་ཏེ་ཁ་ནང་དུ་བལྟས་ཤིང་འཁོད་དོ། །གང་གི་ཚེ་གླང་པོ་ཆེའི་རྒྱལ་པོ་རབ་ཏུ་བརྟན་པ་རྫིང་བུ་དལ་གྱིས་འབབ་ཀྱི་ནང་ནས་རྩེ་ཞིང་དགའ་ལ་དགའ་མགུར་སྤྱད་ནས་ཕྱིར་བྱུང་བ་དེའི་ཚེ་ནང་ ན་གླང་པོ་ཆེ་དབང་ཆེ་བར་གྲགས་པ་གང་ཡིན་པ་དེ་རྫིང་བུ་དལ་གྱིས་འབབ་ཀྱི་ནང་དུ་ཞུགས་ནས་པདྨའི་རྩ་བ་རྣམས་བླངས་ཏེ། ཤིན་ཏུ་བཀྲུས་ཤིང་རབ་ཏུ་བཤལ་ནས་གླང་པོ་ཆེའི་རྒྱལ་པོ་རབ་ཏུ་བརྟན་པ་ལ་འབུལ་ལོ། །གང་གི་ཚེ་གླང་པོ་ཆེའི་རྒྱལ་པོ་རབ་ཏུ་བརྟན་པས་ཟོས་ཤིང་འཐུངས་ཏེ་ འགྲངས་པར་གྱུར་པ་དེའི་ཚེ་གླང་པོ་ཆེ་གཞན་བརྒྱད་སྟོང་པོ་དེ་དག་ཀྱང་རྫིང་བུ་བརྒྱད་སྟོང་གི་ནང་ན་རྫིང་བུ་རེ་རེ་ཞུགས་ན་རྩེ་ཞིང་དགའ་ལ་དགའ་དགུར་སྤྱོད་དོ། །པདྨའི་རྩ་བ་དག་བླངས་ནས་ཤིན་ཏུ་བཀྲུས་ཤིང་རབ་ཏུ་བཤལ་ཏེ་ཟའོ། །སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་གླང་པོ་ཆེ་རྒྱལ་པོ་ གཡུལ་ངོར་སྤྱད་པ་རབ་ཏུ་བསྟན་པའི་མཐུ་ནི་དེ་ཙམ་མོ། །སེམས་ཅན་ཐམས་ཅད་ནི་སྲུང་མ་དང་བཅས་ཤིང་སྲུང་བ་དང་། སྐྱོབ་པ་དང་སྦེད་པ་དང་། མི་འབྲལ་སྟེ། སེམས་ཅན་གང་དབང་ཆུང་བར་གྲགས་ཤིང་བསོད་ནམས་ཆུང་ལ། གཟི་བརྗིད་ཆུང་བ་དེ་དག་ནི་བརྒྱ་ཕྲག་མང་པོ་དང་། སྟོང་ཕྲག་ མང་པོ་ལ་གཅིག་སྲུང་སྟེ། དཔེར་ན་བ་ལང་ངམ་ལུག་བརྒྱ་ཕྲག་མང་པོ་དང་སྟོང་ཕྲག་མང་པོ་ལ་གཅིག་སྲུང་བ་དེ་བཞིན་དུ། སེམས་ཅན་གང་དབང་ཆུང་བར་གྲགས་ཤིང་བསོད་ནམས་ཆུང་ལ། གཟི་བརྗིད་ཆུང་བ་དེ་དག་ནི་བརྒྱ་ཕྲག་མང་པོ་དང་། སྟོང་ཕྲག་མང་པོ་ལ་གཅིག་བསྲུང་ངོ་། ། སེམས་ཅན་གང་དབང་ཆེ་བར་གྲགས་ཤིང་བསོད་ནམས་ཆེ་ལ་གཟི་བརྗིད་ཆེ་བ་དེ་དག་ནི་བརྒྱ་ཕྲག་མང་པོ་དང་། སྟོང་ཕྲག་མང་པོ་དག་གིས་གཅིག་ཏུ་བསྲུང་སྟེ། དཔེར་ན་འཁོར་ལོས་སྒྱུར་བའི་རྒྱལ་པོའམ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ ལ་བརྒྱ་ཕྲག་མང་པོ་དང་། སྟོང་ཕྲག་མང་པོ་དག་གིས་གཅིག་ཏུ་སྲུང་བ་དེ་བཞིན་དུ་སེམས་ཅན་གང་དབང་ཆེ་བར་གྲགས་ཤིང་བསོད་ནམས་ཆེ་ལ་གཟི་བརྗིད་ཆེ་བ་དེ་དག་ལ་བརྒྱ་ཕྲག་མང་པོ་དང་། སྟོང་ཕྲག་མང་པོ་དག་གིས་གཅིག་ཏུ་སྲུང་ངོ་། །འདིར་སྨྲས་པ། ཇི་སྟེ་སེམས་ཅན་ཐམས་ཅད་སྲུང་མ་དང་བཅས་ཤིང་སྲུང་བ་དང་། སྐྱོབ་པ་དང་། སྦེད་པ་དང་མི་འབྲལ་ན་ཅིའི་ཕྱིར་འཚེ་བ་ཡོད་པར་འགྱུར། སྨྲས་པ། སྲུང་མ་མཐུ་ཆུང་བ་ཞིག་ཡིན་ན་དེ་ལ་ཟིལ་གྱིས་གནོན་པ་ལ་འཚེ་བ་ཡོད་དོ། །སྲུང་མ་བག་མེད་ཅིང་བག་མེད་པར་གནས་པ་ ཞིག་ཡིན་ན་ནི་བག་མེད་པའི་རྒྱུ་ལས་ཀྱང་འཚེ་བ་རྣམས་ཡོད་དོ། །སྲུང་མ་གཉིས་ལྷན་ཅིག་མཐུན་པར་གྱུར་པས་ཀྱང་ཟིལ་གྱིས་མནན་ནས་འཚེ་བར་བྱེད་དོ། །མི་རྣམས་ཆོས་མ་ཡིན་པ་སྤྱོད་ཅིང་མི་རིགས་པ་སྤྱོད་པ་ཞིག་ཡིན་ན་དེ་དག་གིས་ཆོས་མ་ཡིན་པ་སྤྱོད་པ་དང་། མི་རིགས་པ་ སྤྱོད་པ་ལས་ཀྱང་འཚེ་བ་ཡོད་དོ།། །།འཇིག་རྟེན་གཞག་པ། བམ་པོ་གསུམ་པ། སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་མི་རྣམས་ཀྱི་སྲུང་མ་འདི་ལྟ་སྟེ། ལམ་པོ་ཆེ་དང་། སྲང་དང་། བཞི་མདོ་དང་། སུམ་མདོ་དང་། དྲི་འཚོང་བའི་གནས་རྣམས་དང་། མེ་ཏོག་ ཕྲེང་བ་འཚོང་བའི་གནས་རྣམས་དང་། ཟོང་དགྲམ་པའི་གནས་རྣམས་དང་། བཏུང་བ་འཚོང་བའི་གནས་རྣམས་དང་། རྟག་ཏུ་མྱོས་པའི་གནས་རྣམས་དང་། གསོད་བྱེད་ཀྱི་གནས་སུ་བཀོད་པ་དག་ཡོད་དེ། ཟླ་བ་ཕྱེད་ཀྱི་ཚེས་བརྒྱད་ལ་རྒྱལ་པོ་ཆེན་པོ་བཞི་པོ་དག་གི་གཡོག་ཞོ་ཤས་ འཚོ་བ་རྣམས་ཀྱིས་ལམ་པོ་ཆེ་དང་། སྲང་དང་། བཞི་མདོ་དང་། སུམ་མདོ་དང་། དྲི་འཚོང་བའི་གནས་རྣམས་དང་། མེ་ཏོག་གི་ཕྲེང་བ་འཚོང་བའི་གནས་རྣམས་དང་། ཟོང་དགྲམ་པའི་གནས་རྣམས་དང་། བཏུང་བ་འཚོང་བའི་གནས་རྣམས་དང་། རྟག་ཏུ་མྱོས་པའི་གནས་རྣམས་དང་། གསོད་བྱེད་ཀྱི་གནས་རྣམས་ན་སུ་ཞིག་འདུག་ཅེས་འཇིག་རྟེན་འདི་ཐམས་ཅད་བྱུལ་ཏེ། ཅི་སྟེ་དེ་དག་གིས་སྐྱེན་པར་ཚོར་ན་ནི་དེ་དག་གནས་མཐོན་པོ་ལ་འགོད་དོ། །ཇི་སྟེ་དེ་དག་གིས་སྐྱེན་པར་མ་ཚོར་བ་ན་ནི་དེ་དག་གནས་དམའ་བ་ལ་འགོད་དོ། །ཟླ་བ་ཕྱེད་ཀྱི་ཚེས་བཅུ་བཞི་ལ་ནི་རྒྱལ་པོ་ཆེན་ པོ་བཞི་པོ་དེ་དག་གི་བུ་རྣམས་ཀྱི་ལམ་པོ་ཆེ་དང་། སྲང་དང་། བཞི་མདོ་དང་། སུམ་མདོ་དང་། དྲི་འཚོང་བའི་གནས་རྣམས་དང་། མེ་ཏོག་གི་ཕྲེང་བ་འཚོང་བའི་གནས་རྣམས་དང་། ཟོང་དགྲམ་པའི་གནས་རྣམས་དང་། བཏུང་བ་འཚོང་བའི་གནས་རྣམས་དང་། རྟག་ཏུ་མྱོས་པའི་གནས་ རྣམས་དང་། གསོད་བྱེད་ཀྱི་གནས་རྣམས་ན་སུ་ཞིག་འདུག་ཅེས་འཇིག་རྟེན་འདི་ཐམས་ཅད་བྱུལ་ཏེ། ཅི་སྟེ་དེ་དག་གིས་སྐྱེན་པར་ཚོར་ན་ནི། དེ་དག་གནས་མཐོན་པོ་ལ་འགོད་དོ། །ཅི་སྟེ་དེ་དག་གིས་སྐྱེན་པར་མ་ཚོར་ན་ནི་དེ་དག་གནས་དམའ་བ་ལ་འགོད་དོ། །ཟླ་བ་ཕྱེད་ཀྱི་ཚེ་བཅྭ་ལྔ་ལ་ ནི་རྒྱལ་པོ་ཆེན་པོ་བཞི་པོ་དེ་དག་ཉིད་ཀྱི་ལམ་པོ་ཆེ་དང་། སྲང་དང་། བཞི་མདོ་དང་། སུམ་མདོ་དང་། དྲི་འཚོང་བའི་གནས་རྣམས་དང་། མེ་ཏོག་གི་ཕྲེང་བ་འཚོང་བའི་གནས་རྣམས་དང་། ཟོང་དགྲམ་པའི་གནས་རྣམས་དང་། བཏུང་བ་འཚོང་བའི་གནས་རྣམས་དང་། རྟག་ཏུ་མྱོས་པའི་གནས་ རྣམས་དང་། གསོད་བྱེད་ཀྱི་གནས་རྣམས་ན་སུ་ཞིག་འདུག་ཅེས་འཇིག་རྟེན་འདི་ཐམས་ཅད་བྱུལ་ཏེ། ཅི་སྟེ་དེ་དག་གིས་སྐྱེན་པར་ཚོར་ན་ནི། དེ་དག་གནས་མཐོན་པོ་ལ་འགོད་དོ། །ཅི་སྟེ་དེ་དག་གིས་སྐྱེན་པར་མ་ཚོར་ན་ནི་དེ་དག་གནས་དམའ་བ་ལ་འགོད་དོ། །བཅོམ་ལྡན་འདས་ཀྱིས་ཀྱང་ འདི་སྐད་དུ་དགེ་སློང་དག་ཟླ་བ་ཕྱེད་ཀྱི་ཚེས་བརྒྱད་ལ་ནི་རྒྱལ་པོ་ཆེན་པོ་བཞི་པོ་དག་གི་ཞོ་ཤས་འཚོ་བ་རྣམས་ནི་ཅི་མི་དང་མི་མ་ཡིན་པའི་འཇིག་རྟེན་ན་མར་འཛིན་པ་དང་། ཕར་འཛིན་པ་དང་། དགེ་སྦྱོང་དུ་འཛིན་པ་དང་། བྲམ་ཟེར་འཛིན་པ་དང་། རིགས་ཀྱི་ནང་ན་རྒན་རབས་ལ་རིམ་གྲོ་བྱེད་པ་དང་། དོན་བྱེད་པ་དང་། བྱ་བའི་རིགས་པ་བྱེད་པ་དང་། བསོད་ནམས་བྱེད་པ་དང་། ཚེ་འདི་དང་ཚེ་ཕྱི་མ་ལ་ཁ་ན་མ་ཐོ་བ་རྣམས་ཀྱིས་འཇིགས་པར་ལྟ་བ་དང་། སྦྱིན་པ་དག་སྦྱིན་ཞིང་བསོད་ནམས་དག་བྱེད་པ་དང་། གསོ་སྦྱོང་ལ་ཉེ་བར་གནས་པ་དང་། ཚུལ་ཁྲིམས་ཡང་དག་པར་བླངས་ ནས་འདུག་པ་དག་མང་ངམ་ཞེས་འཇིག་རྟེན་འདི་ཐམས་ཅད་དུ་ཉུལ་ལོ། །ཟླ་བ་ཕྱེད་ཀྱི་ཚེས་བཅུ་བཞི་ལ་ནི་རྒྱལ་པོ་ཆེན་པོ་བཞི་པོ་དག་གི་བུ་རྣམས་ཅི་མི་དང་མི་མ་ཡིན་པའི་འཇིག་རྟེན་ན་མར་འཛིན་པ་དང་། ཕར་འཛིན་པ་དང་། དགེ་སྦྱོང་དུ་འཛིན་པ་དང་། བྲམ་ཟེར་འཛིན་པ་དང་། རིགས་ཀྱི་ ནང་ན་རྒན་རབས་ལ་རིམ་གྲོ་བྱེད་པ་དང་། དོན་བྱེད་པ་དང་། བྱ་བའི་རིགས་པ་བྱེད་པ་དང་། བསོད་ནམས་བྱེད་པ་དང་། ཚེ་འདི་དང་ཚེ་ཕྱི་མ་ལ་ཁ་ན་མ་ཐོ་བ་རྣམས་ཀྱིས་འཇིགས་པར་ལྟ་བ་དང་། སྦྱིན་པ་དག་སྦྱིན་ཞིང་། བསོད་ནམས་དག་བྱེད་པ་དང་། གསོ་ སྦྱོང་ལ་ཉེ་བར་གནས་པ་དང་། ཚུལ་ཁྲིམས་ཡང་དག་པར་བླངས་ནས་འདུག་པ་དག་མང་ངམ་ཞེས་འཇིག་རྟེན་འདི་དག་ཐམས་ཅད་ཉུལ་ལོ། །ཟླ་བ་ཕྱེད་ཀྱི་ཚེས་བཅྭ་ལྔ་ལ་ནི་རྒྱལ་པོ་ཆེན་པོ་བཞི་པོ་དེ་དག་ཉིད་ཅི་མི་དང་མི་མ་ཡིན་པའི་འཇིག་རྟེན་ན་མར་འཛིན་པ་དང་། ཕར་འཛིན་པ་དང་། དགེ་སྦྱོང་དུ་འཛིན་པ་དང་། བྲམ་ཟེར་འཛིན་པ་དང་། རིགས་ཀྱི་ནང་ན་རྒན་རབས་ལ་རིམ་གྲོ་བྱེད་པ་དང་། དོན་བྱེད་པ་དང་། བྱ་བའི་རིགས་པ་བྱེད་པ་དང་། བསོད་ནམས་བྱེད་པ་དང་། ཚེ་འདི་དང་ཚེ་ཕྱི་མ་ལ་ཁ་ན་མ་ཐོ་བ་རྣམས་ཀྱིས་འཇིགས་པར་ལྟ་བ་དང་། སྦྱིན་པ་དག་སྦྱིན་ཞིང་བསོད་ ནམས་དག་བྱེད་པ་དང་། གསོ་སྦྱོང་ལ་ཉེ་བར་གནས་པ་དང་། ཚུལ་ཁྲིམས་ཡང་དག་པར་བླངས་ནས་འདུག་པ་དག་མང་ངམ་ཞེས་འཇིག་རྟེན་འདི་ཐམས་ཅད་ཉུལ་ལོ། །ཅི་སྟེ་མི་དང་མི་མ་ཡིན་པའི་འཇིག་རྟེན་ན་མར་མི་འཛིན་པ་དང་། ཕར་མི་འཛིན་པ་དང་། དགེ་སྦྱོང་དུ་མི་འཛིན་པ་དང་། བྲམ་ཟེར་མི་འཛིན་པ་དང་། རིགས་ཀྱི་ནང་ན་རྒན་རབས་ལ་རིམ་གྲོ་མི་བྱེད་པ་དང་། དོན་མི་བྱེད་པ་དང་། བྱ་བའི་རིགས་པ་དག་མི་བྱེད་པ་དང་། བསོད་ནམས་མི་བྱེད་པ་དང་། ཚེ་འདི་དང་ཚེ་ཕྱི་མ་ལ་ཁ་ན་མ་ཐོ་བ་རྣམས་ཀྱིས་འཇིགས་པར་མི་ལྟ་བ་དང་། སྦྱིན་པ་དག་མི་སྦྱིན་ཞིང་བསོད་ ནམས་དག་མི་བྱེད་པ་དང་། གསོ་སྦྱོང་ལ་ཉེ་བར་མི་གནས་པ་དང་། ཚུལ་ཁྲིམས་ཡང་དག་པར་བླངས་ཏེ། མི་འདུག་པ་དག་མང་ན་ནི་རྒྱལ་པོ་ཆེན་པོ་བཞི་པོ་རྣམས་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ལྷའི་འདུན་ས་ཆོས་བཟངས་སུ་འདུས་ཤིང་འཁོད་པའི་ནང་དུ་སོང་ནས་འདི་སྐད་དུ་ གྲོགས་པོ་དག་འདི་ཤེས་པར་གྱིས་ཤིག །མི་དང་མི་མ་ཡིན་པའི་འཇིག་རྟེན་ན་མར་མི་འཛིན་པ་དང་། ཕར་མི་འཛིན་པ་དང་། དགེ་སྦྱོང་དུ་མི་འཛིན་པ་དང་། བྲམ་ཟེར་མི་འཛིན་པ་དང་། རིགས་ཀྱི་ནང་ན་རྒན་རབས་ལ་རིམ་གྲོ་མི་བྱེད་པ་དང་། དོན་མི་བྱེད་པ་དང་། བྱ་བའི་རིགས་ པ་དག་མི་བྱེད་པ་དང་། བསོད་ནམས་མི་བྱེད་པ་དང་། ཚེ་འདི་དང་ཚེ་ཕྱི་མ་ལ་ཁ་ན་མ་ཐོ་བ་རྣམས་ཀྱིས་འཇིགས་པར་མི་ལྟ་བ་དང་། སྦྱིན་པ་དག་མི་སྦྱིན་ཞིང་བསོད་ནམས་དག་མི་བྱེད་པ་དང་། གསོ་སྦྱོང་ལ་ཉེ་བར་མི་གནས་པ་དང་། ཚུལ་ཁྲིམས་ཡང་དག་པར་བླངས་ཏེ་མི་འདུག་པ་དག་ མང་ངོ་ཞེས་བསྙད་དོ། །དེ་དག་ལས་ཐོས་ནས་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཡི་མ་རངས་ཤིང་མི་མགུ་བར་གྱུར་ནས་ཡི་མ་རངས་པ་ཉིད་ཀྱང་ཕྱིར་ཟློག་པར་བྱེད་དེ། །ཀྱེ་མ་གྲོགས་པོ་དག་འདི་ལྟར་མི་དང་མི་མ་ཡིན་པའི་འཇིག་རྟེན་ན་མར་མི་འཛིན་པ་དང་། ཕར་མི་འཛིན་པ་དང་། དགེ་སྦྱོང་དུ་མི་འཛིན་པ་དང་། བྲམ་ཟེར་མི་འཛིན་པ་དང་། རིགས་ཀྱི་ནང་ན་རྒན་རབས་ལ་རིམ་གྲོར་མི་བྱེད་པ་དང་། དོན་མི་བྱེད་པ་དང་། བྱ་བའི་རིགས་པ་མི་བྱེད་པ་དང་། བསོད་ནམས་མི་བྱེད་པ་དང་། ཚེ་འདི་དང་ཚེ་ཕྱི་མ་ལ་ཁ་ན་མ་ཐོ་བ་རྣམས་ཀྱིས་འཇིགས་པར་མི་ལྟ་བ་དང་། སྦྱིན་པ་དག་མི་སྦྱིན་ཞིང་བསོད་ནམས་དག་མི་བྱེད་པ་དང་། གསོ་སྦྱོང་ལ་ཉེ་བར་མི་གནས་པ་དང་། ཚུལ་ཁྲིམས་ཡང་དག་པར་བླངས་ཏེ། མི་འདུག་པ་མང་བ་ནི་མི་རྣམས་ཀྱི་ཆོས་མཛེས་པ་མ་ཡིན་ནོ། །རྐྱེན་དུ་བབ་པ་མ་ཡིན་ནོ། །ལེགས་པ་མ་ཡིན་ནོ། །དགེ་བ་མ་ཡིན་ནོ། །དེ་ ལྟར་ན་ལྷ་རྣམས་ཀྱི་ཚོགས་ནི་ཡོངས་སུ་འགྲིབ་པར་འགྱུར་ལ། ལྷ་མ་ཡིན་རྣམས་ཀྱི་ཚོགས་ནི་མངོན་པར་འཕེལ་བར་འགྱུར་རོ་ཞེས་ཟློས་སོ། །ཇི་སྟེ་མི་དང་མི་མ་ཡིན་པའི་འཇིག་རྟེན་ན་མར་འཛིན་པ་དང་། ཕར་འཛིན་པ་དང་། དགེ་སྦྱོང་དུ་འཛིན་པ་དང་། བྲམ་ཟེར་འཛིན་པ་དང་། རིགས་ཀྱི་ ནང་ན་རྒན་རབས་ལ་རིམ་གྲོ་བྱེད་པ་དང་། དོན་བྱེད་པ་དང་། བྱ་བའི་རིགས་པ་བྱེད་པ་དང་། བསོད་ནམས་བྱེད་པ་དང་། ཚེ་འདི་དང་ཚེ་ཕྱི་མ་དང་ཁ་ན་མ་ཐོ་བ་རྣམས་ཀྱིས་འཇིགས་པར་ལྟ་བ་དང་། སྦྱིན་པ་དག་སྦྱིན་ཞིང་བསོད་ནམས་དག་བྱེད་པ་དང་། གསོ་སྦྱོང་ལ་ཉེ་བར་གནས་པ་དང་། ཚུལ་ ཁྲིམས་ཡང་དག་པར་བླངས་ནས་འདུག་པ་དག་མང་ན་ནི་རྒྱལ་པོ་ཆེན་པོ་བཞི་པོ་རྣམས་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ལྷའི་མདུན་ས་ཆོས་བཟངས་དུ་འདུས་ཤིང་འཁོད་པའི་ནང་དུ་སོང་ནས་འདི་སྐད་དུ་གྲོགས་པོ་དག་འདི་ཤེས་པར་གྱིས་ཤིག །མི་དང་མི་མ་ཡིན་པའི་འཇིག་རྟེན་ན་མར་འཛིན་པ་དང་། ཕར་འཛིན་པ་དང་། དགེ་སྦྱོང་དུ་འཛིན་པ་དང་། བྲམ་ཟེར་འཛིན་པ་དང་། རིགས་ཀྱི་ནང་ན་རྒན་རབས་ལ་རིམ་གྲོ་བྱེད་པ་དང་། དོན་བྱེད་པ་དང་། བྱ་བའི་རིགས་པ་བྱེད་པ་དང་། བསོད་ནམས་བྱེད་པ་དང་། ཚེ་འདི་དང་ཚེ་ཕྱི་མ་ལ་ཁ་ན་མ་ཐོ་བ་རྣམས་ཀྱིས་འཇིགས་པར་ ལྟ་བ་དང་། སྦྱིན་པ་དག་སྦྱིན་ཞིང་བསོད་ནམས་དག་བྱེད་པ་དང་། གསོ་སྦྱོང་ལ་ཉེ་བར་གནས་པ་དང་། ཚུལ་ཁྲིམས་ཡང་དག་པར་བླངས་ནས་འདུག་པ་དག་མང་ངོ་ཞེས་བསྙད་ན་ནི་དེ་དག་ལས་ཐོས་ནས་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཡི་རངས་ཤིང་མགུ་བར་གྱུར་ནས་ཡི་རངས་པ་ཉིད་ ཀྱང་ཟློས་པར་བྱེད་དེ། ཀྱེ་མའོ་གྲོགས་པོ་དག་འདི་ལྟར་མི་དང་མི་མ་ཡིན་པའི་འཇིག་རྟེན་ན་མར་འཛིན་པ་དང་། ཕར་འཛིན་པ་དང་། དགེ་སྦྱོང་དུ་འཛིན་པ་དང་། བྲམ་ཟེར་འཛིན་པ་དང་། རིགས་ཀྱི་ནང་ན་རྒན་རབས་ལ་རིམ་གྲོ་བྱེད་པ་དང་། དོན་བྱེད་པ་དང་། བྱ་བའི་རིགས་པ་བྱེད་ པ་དང་། བསོད་ནམས་བྱེད་པ་དང་། ཚེ་འདི་དང་ཚེ་ཕྱི་མ་ལ་ཁ་ན་མ་ཐོ་བ་རྣམས་ཀྱིས་འཇིགས་པར་ལྟ་བ་དང་། སྦྱིན་པ་དག་སྦྱིན་ཞིང་བསོད་ནམས་དག་བྱེད་པ་དང་། གསོ་སྦྱོང་ལ་ཉེ་བར་གནས་པ་དང་། ཚུལ་ཁྲིམས་ཡང་དག་པར་བླངས་ནས་འདུག་པ་དག་མང་བ་ནི་མི་རྣམས་ཀྱི་ཆོས་ མཛེས་སོ། །རྐྱེན་དུ་བབ་བོ། །ལེགས་སོ། །དགེའོ། །དེ་ལྟར་ན་ལྷ་རྣམས་ཀྱི་ཚོགས་ནི་མངོན་པར་འཕེལ་བར་འགྱུར་ལ། ལྷ་མ་ཡིན་གྱི་ཚོགས་ནི་ཡོངས་སུ་འགྲིབ་པར་འགྱུར་རོ་ཞེས་ཟློས་སོ། །དེ་ནས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་ལྷའི་འཁོར་རབ་ཏུ་དགའ་ལ་བདེ་ཞིང་ ཡིད་བདེ་བ་སྐྱེས་པར་རིག་ནས། དེའི་ཚེ་ཚིགས་སུ་བཅད་དེ་སྨྲས་པ། འདི་ནི་ཟླ་ཕྱེད་ཚེས་བརྒྱད་དང་། །དེ་བཞིན་བཅུ་བཞི་བཅོ་ལྔ་དང་། །ཆོ་འཕྲུལ་གྱི་ནི་ཟླ་ཕྱེད་ལ་འང་། །གསོ་སྦྱོང་ཡན་ལག་བརྒྱད་པ་ལ། །ཤིན་ཏུ་མཉམ་གཞག་གནས་བྱེད་འདིར། །ང་ཅི་འདྲ་བར་དེ་བཞིན་འགྱུར། ། དགེ་སློང་དག་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་གང་འདི་སྐད་དུ། འདིར་ནི་ཟླ་ཕྱེད་ཚེས་བརྒྱད་དང་། །དེ་བཞིན་བཅུ་བཞི་བཅོ་ལྔ་དང་། །ཆོ་འཕྲུལ་གྱི་ནི་ཟླ་ཕྱེད་ལའང་། །གསོ་སྦྱོང་ཡན་ལག་བརྒྱད་པ་ལ། །ཤིན་ཏུ་མཉམ་གཞག་གནས་བྱེད་འདིར། །ང་ཅི་འདྲ་བར་དེ་བཞིན་འགྱུར། །ཞེས་ ཚིགས་སུ་བཅད་པ་སྨྲས་པ་དེ་ནི་ཉེས་པར་སྨྲས་པ་ཡིན་གྱི་ལེགས་པར་སྨྲས་པ་མ་ཡིན་ནོ། །ཉེས་པར་བསྟོད་པ་ཡིན་གྱི། ལེགས་པར་བསྟོད་པ་མ་ཡིན་ནོ། །ཉེས་པར་བརྗོད་པ་ཡིན་གྱི་ལེགས་པར་བརྗོད་པ་མ་ཡིན་ནོ། །དགེ་སློང་དག་དེ་ཅིའི་ཕྱིར་ཞེ་ན། ལྷའི་དབང་པོ་བརྒྱ་བྱིན་ དེ་ནི་འདོད་ཆགས་དང་བཅས་པ། ཞེ་སྡང་དང་བཅས་པ། གཏི་མུག་དང་བཅས་པ་སྟེ། སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུགས་པ་རྣམས་ལས་ཡོངས་སུ་མ་གྲོལ་ཞིང་ སྡུག་བསྔལ་ལས་ཡོངས་སུ་མ་གྲོལ་ལོ་ཞེས་ང་སྨྲའོ། །དེ་བས་ན་དེས་གང་འདི་སྐད་དུ། འདིར་ནི་ཟླ་ཕྱེད་ཚེས་བརྒྱད་དང་། །དེ་བཞིན་བཅུ་བཞི་བཅོ་ལྔ་དང་། །ཆོ་འཕྲུལ་གྱི་ནི་ཟླ་ཕྱེད་ལ་འང་། །གསོ་སྦྱོང་ཡན་ལག་བརྒྱད་པ་དང་། །ཤིན་ཏུ་མཉམ་གཞག་གནས་བྱེད་འདིར། ། ང་ཅི་འདྲ་བ་དེ་བཞིན་འགྱུར། །ཞེས་ཚིགས་སུ་བཅད་པས་སྨྲས་པ་འདི་ཉེས་པར་སྨྲས་པ་ཡིན་གྱི་ལེགས་པར་སྨྲས་པ་མ་ཡིན་ནོ། །ཉེས་པར་བསྟོད་པ་ཡིན་གྱི་ལེགས་པར་བསྟོད་པ་མ་ཡིན་ནོ། །ཉེས་པར་བརྗོད་པ་ཡིན་གྱི་ལེགས་པར་བརྗོད་པ་མ་ཡིན་ནོ། །དགེ་སློང་དག་དགེ་སློང་གང་དགྲ་ བཅོམ་པ་ཡིན་ཞིང་ཟག་པ་ཟད་པ། བྱ་བ་བྱས་པ། བྱེད་པ་བྱས་པ། ཁུར་བོར་བ། བདག་གི་དོན་རྗེས་སུ་ཐོབ་པ། སྲིད་པ་ཀུན་ཏུ་སྦྱོར་བ། ཡོངས་སུ་ཟད་པ། ཡང་དག་པའི་ཤེས་པས་སེམས་ཤིན་ཏུ་རྣམ་པར་གྲོལ་བ་དེས་ནི་གང་འདི་སྐད་དུ། འདིར་ནི་ཟླ་ཕྱེད་ཚེས་བརྒྱད་དང་། །དེ་བཞིན་ བཅུ་བཞི་བཅོ་ལྔ་དང་། །ཆོ་འཕྲུལ་གྱི་ནི་ཟླ་ཕྱེད་ལའང་། །གསོ་སྦྱོང་ཡན་ལག་བརྒྱད་པ་ལ། །ཤིན་ཏུ་མཉམ་གཞག་གནས་བྱེད་འདིར། །ང་ཅི་འདྲ་བར་དེ་བཞིན་འགྱུར། །ཞེས་ཚིགས་སུ་བཅད་པ་འདི་སྨྲས་ན་ལེགས་པར་སྨྲས་པ་ཡིན་ཏེ་ཉེས་པར་སྨྲས་པ་མ་ཡིན་ནོ། །ལེགས་པར་བསྟོད་པ་ ཡིན་ཏེ། །ཉེས་པར་བསྟོད་པ་མ་ཡིན་ནོ། །ལེགས་པར་བརྗོད་པ་ཡིན་ཏེ་ཉེས་པར་བརྗོད་པ་མ་ཡིན་ནོ། །དགེ་སློང་དག་དེ་ཅིའི་ཕྱིར་ཞེ་ན། དགེ་སློང་དེ་ནི་འདོད་ཆགས་དང་བྲལ་བ། ཞེ་སྡང་དང་བྲལ་བ། གཏི་མུག་དང་བྲལ་བ་སྟེ། སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་རྣམས་ལས་ཡོངས་སུ་གྲོལ་ཞིང་སྡུག་བསྔལ་ལས་ཡོངས་སུ་གྲོལ་བའོ་ཞེས་སྨྲ་སྟེ། དེ་བས་ན་དེས་ནི་གང་འདི་སྐད་དུ། འདིར་ནི་ཟླ་ཕྱེད་ཚེས་བརྒྱད་དང་། །དེ་བཞིན་བཅུ་བཞི་བཅོ་ ལྔ་དང་། །ཆོ་འཕྲུལ་གྱི་ནི་ཟླ་ཕྱེད་ལའང་། །གསོ་སྦྱོང་ཡན་ལག་བརྒྱད་པ་ལ། །ཤིན་ཏུ་མཉམ་གཞག་གནས་བྱེད་འདིར། །ང་ཅི་འདྲ་བར་དེ་བཞིན་འགྱུར། །ཞེས་ཚིགས་སུ་བཅད་པ་འདི་སྨྲས་ན་ལེགས་པར་སྨྲས་པ་ཡིན་ཏེ། ཉེས་པར་སྨྲས་པ་མ་ཡིན་ནོ། །ལེགས་པར་བསྟོད་ པ་ཡིན་ཏེ་ཉེས་པར་བསྟོད་པ་མ་ཡིན་ནོ། །ལེགས་པར་བརྗོད་པ་ཡིན་ཏེ་ཉེས་པར་བརྗོད་པ་མ་ཡིན་ནོ་ཞེས་གསུངས་སོ། །འཛམ་བུའི་གླིང་གི་ཁོ་ར་ཁོར་ཡུག་ན། འཁོར་ལོས་སྒྱུར་བའི་རྒྱལ་པོའི་ལམ་དཔག་ཚད་གཅིག་ཏུ་གསེར་གྱི་བྱེ་མ་བདལ་ཏེ། རྒྱ་མཚོ་ཆེན་པོའི་ཆུས་པུས་ མོ་ནུབ་པ་ཙམ་དུ་ཡོངས་སུ་ཁྱབ་པོ། །གང་གི་ཚེ་འཁོར་ལོས་སྒྱུར་བའི་རྒྱལ་པོ་འཇིག་རྟེན་དུ་འབྱུང་བའི་ཚེ་རྒྱ་མཚོ་ཆེན་པོ་དཔག་ཚད་གཉིས་ཀྱི་བར་དུ་ཆུ་སྐམ་ཞིང་མེད་པར་འགྱུར་ཏེ། འཁོར་ལོས་སྒྱུར་བའི་རྒྱལ་པོ་གང་ནས་གླིང་དུ་འགྲོ་བ་དེ་ནི་འཁོར་ལོས་སྒྱུར་བའི་ལམ་ཡིན་ནོ། །བཅོམ་ ལྡན་འདས་ཀྱིས་ཀྱང་འདི་སྐད་དུ། དགེ་སློང་དག་སྔོན་བྱུང་བ་འཁོར་ལོས་སྒྱུར་བའི་རྒྱལ་པོས་གླང་པོ་རིན་པོ་ཆེ་བརྟག་པར་འདོད་པས་ཉི་མ་ཤར་བའི་དུས་ཀྱི་ཚེ་གླང་པོ་རིན་པོ་ཆེ་ལ་ཞོན་ནས་ས་ཆེན་པོ་རྒྱ་མཚོ་ལ་ཐུག་པ་འདི་ཉིད་བསྐོར་ཏེ། རྒྱལ་པོའི་ཕོ་བྲང་ནས་འཁོར་དེ་ཉིད་དུ་སོང་ནས་ ཁྱེའུ་སུས་ཀྱི་བྱ་བ་བྱེད་དོ། །དགེ་སློང་དག་གཞན་ཡང་འཁོར་ལོས་སྒྱུར་བའི་རྒྱལ་པོས་རྟ་རིན་པོ་ཆེ་བརྟག་པར་འདོད་པས་ཉི་མ་ཤར་བའི་དུས་ཀྱི་ཚེ་རྟ་རིན་པོ་ཆེ་ལ་ཞོན་ནས་ས་ཆེན་པོ་རྒྱ་མཚོ་ལ་ཐུག་པ་འདི་ཉིད་བསྐོར་ཏེ། རྒྱལ་པོའི་ཕོ་བྲང་འཁོར་དེ་ཉིད་དུ་སོང་ནས་ཁྱེའུ་སུས་ཀྱི་བྱ་བ་བྱེད་དོ། ། ཞེས་གསུངས་སོ། །བསྡུས་པའི་མདོ་ལ། རི་དང་སྐྱེ་གནས་དག་དང་ནི། །ནམ་མཁའ་ལྡིང་དང་ཉོ་ཚོང་དང་། །གྲང་བ་དག་ནི་ལྔ་པར་བྱས། །དུས་ཚིགས་ཀྱང་ནི་ཐ་མ་ཡིན། །འཇིག་རྟེན་གཞག་པ་ལས་ཚིགས་དྲུག་པའོ། །མདོ་ལ། །སྲུང་མ་ལྷའི་གྲོང་ཁྱེར་སྲང་རྣམས་རྒྱལ་ བྱེད་པ། །ཆོས་བཟངས་རྒྱུ་བའི་ལམ་དང་འོབས་དང་སྐྱེད་མོས་ཚལ། །ས་གཞི་དང་ནི་ཡོངས་འདུ་རྡོ་དང་གླང་ཆེན་རྣམས། །ལྷ་མ་ཡིན་རྣམས་ཀྱི་ཡང་དེ་དང་འདྲ་བ་ཡིན། །ལྷའི་གྲོང་ཁྱེར་དང་ལྷ་མ་ཡིན་གྱི་གྲོང་གི་བར་དུ་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་སྲུང་མ་རྣམ་པ་ལྔ་བཀོད་ པ་ལ་འདི་ལྟ་སྟེ། ཆུ་ན་གནས་པའི་ཀླུ་རྣམས་དང་། ལག་ན་གཞོང་ཐོགས་ཀྱི་ལྷ་རྣམས་དང་། ཕྲེང་ཐོགས་ཀྱི་ལྷ་རྣམས་དང་། རྟག་ཏུ་མྱོས་ཀྱི་ལྷ་རྣམས་དང་། རྒྱལ་པོ་ཆེན་པོ་བཞི་རྣམས་སོ། །གང་གི་ཚེ་ལྷ་མ་ཡིན་རྣམས་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་དང་། ལྷན་ཅིག་ཏུ་ གཡུལ་འགྱེད་པར་འདོད་པར་གྱུར་པ་དེའི་ཚེ། དཔུང་གི་ཚོགས་ཡན་ལག་བཞི་པ་འདི་ལྟ་སྟེ། གླང་པོ་ཆེའི་ཚོགས་དང་། རྟའི་ཚོགས་དང་། ཤིང་རྟའི་ཚོགས་དང་། དཔུང་བུ་ཆུང་གི་ཚོགས་རྣམས་གོ་ཆ་གྱོན་ནོ། །གོ་ཆ་རྣམ་པ་བཞི་གྱོན་པ་ལ་འདི་ལྟ་སྟེ། གསེར་ལས་བྱས་པ་དང་། དངུལ་ལས་བྱས་པ་དང་། བཻ་ཌཱུརྱ་ལས་བྱས་པ་དང་། ཤེལ་ལས་བྱས་པ་རྣམས་སོ། །གོ་ཆ་རྣམ་པ་བཞི་གསེར་ལས་བྱས་པ་དང་། དངུལ་ལས་བྱས་པ་དང་། བཻ་ཌཱུརྱ་ལས་བྱས་པ་དང་། ཤེལ་ལས་བྱས་པ་རྣམས་བགོས་ནས། མཚོན་ཆ་བཞི་ལ་འདི་ལྟ་སྟེ། རལ་གྲི་དང་། མདུང་ དང་། འཕང་མདུང་དང་། གཞུ་རྣམས་སོ། །མཚོན་ཆ་རྣམ་པ་བཞི་རལ་གྲི་དང་། མདུང་དང་། འཕང་མདུང་དང་། གཞུ་རྣམས་བླངས་ནས་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་དང་འགྱེད་པའི་ཕྱིར་ལྷ་མ་ཡིན་གྱི་གྲོང་ཁྱེར་ནས་བྱུང་ངོ་། །ལྷ་མ་ཡིན་དེ་དག་གི་དཔུང་གི་ཚོགས་ཡན་ལག་ བཞི་པ་གླང་པོ་ཆེའི་ཚོགས་དང་། རྟའི་ཚོགས་དང་། ཤིང་རྟའི་ཚོགས་དང་། དཔུང་བུ་ཆུང་གི་ཚོགས་རྣམས་ཀྱིས་གོ་ཆ་བགོས་ཏེ། གོ་ཆ་རྣམ་པ་བཞི་གསེར་ལས་བྱས་པ་དང་། དངུལ་ལས་བྱས་པ་དང་། བཻ་ཌཱུརྱ་ལས་བྱས་པ་དང་། ཤེལ་ལས་བྱས་པ་རྣམས་བགོས་ནས། མཚོན་ཆ་རྣམ་པ་བཞི་རལ་གྲི་དང་། མདུང་དང་། འཕང་མདུང་དང་། གཞུ་རྣམས་བླངས་ཏེ། སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་དང་འགྱེད་པའི་ཕྱིར་ལྷ་མ་ཡིན་གྱི་གྲོང་ཁྱེར་ནས་བྱུང་བ་དེ་དག་ཆུ་ན་གནས་པའི་ཀླུ་རྣམས་ཀྱིས་མཐོང་ངོ་། །མཐོང་ནས་ཆུ་ན་གནས་པའི་ཀླུ་རྣམས་ཀྱང་དཔུང་གི་ ཚོགས་ཡན་ལག་བཞི་པ་འདི་ལྟ་སྟེ། གླང་པོ་ཆེའི་ཚོགས་དང་། རྟའི་ཚོགས་དང་། ཤིང་རྟའི་ཚོགས་དང་། དཔུང་བུ་ཆུང་གི་ཚོགས་རྣམས་ཀྱང་གོ་ཆ་བགོས་ཏེ་གོ་ཆ་རྣམ་པ་བཞི་གསེར་ལས་བྱས་པ་དང་། དངུལ་ལས་བྱས་པ་དང་། བཻ་ཌཱུརྱ་ལས་བྱས་པ་ དང་། ཤེལ་ལས་བྱས་པ་རྣམས་བགོས་ནས། མཚོན་ཆ་རྣམ་པ་བཞི་རལ་གྲི་དང་། མདུང་དང་། འཕང་མདུང་དང་། གཞུ་རྣམས་བླངས་ཏེ། ལྷ་མ་ཡིན་རྣམས་དང་། ལྷན་ཅིག་ཏུ་གཡུལ་འགྱེད་དོ། །དེར་ཇི་སྟེ་ཀླུ་རྣམས་རྒྱལ་ཏེ། ལྷ་མ་ཡིན་རྣམས་ཕམ་པར་གྱུར་ན་ནི་ཀླུ་རྣམས་ ཀྱིས་ལྷ་མ་ཡིན་ཐུབ་ཅིང་རྡུགས་པར་བྱས་ཏེ་ཕམ་པར་བྱས་ཤིང་རྒྱབ་ཀྱིས་ཕྱོགས་པར་བྱས་ནས་ལྷ་མ་ཡིན་གྱི་གྲོང་ཁྱེར་དུ་འགྲོ་བར་འགྱུར་རོ། །ཇི་སྟེ་ལྷ་མ་ཡིན་རྣམས་རྒྱལ་ཏེ། ཀླུ་རྣམས་ཕམ་ན་ནི་ལྷ་མ་ཡིན་རྣམས་ཀྱིས་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་སྲུང་མ་དང་པོ་ཀླུ་ རྣམས་ཐུབ་ཅིང་རྡུགས་པར་བྱས་ཏེ། ཕམ་པར་བྱས་ནས་རྒྱབ་ཀྱིས་ཕྱོགས་པར་བྱས་ནས། རྒྱ་མཚོ་ཆེན་པོ་ནས་རིའི་རྒྱལ་པོ་རི་རབ་ཀྱི་བང་རིམ་དང་པོ་གང་ན་ལག་ན་གཞོང་ཐོགས་ཀྱི་ལྷ་རྣམས་འཁོད་པར་བརྗེ་ཞིང་འགྲོའོ། །དེ་ནས་ལག་ན་གཞོང་ཐོགས་ཀྱི་ལྷ་རྣམས་དང་། ཆུ་ན་གནས་ པའི་ཀླུ་རྣམས་དང་། སྲུང་མ་གཉིས་གཅིག་ཏུ་འདུས་པར་གྱུར་ནས། ལྷ་མ་ཡིན་དང་ལྷན་ཅིག་ཏུ་གཡུལ་འགྱེད་དོ། །དེར་ཇི་སྟེ་སྲུང་མ་གཉིས་རྒྱལ་ཏེ། ལྷ་མ་ཡིན་རྣམས་ཕམ་ན་ནི། སྲུང་མ་གཉིས་ཀྱིས་ལྷ་མ་ཡིན་རྣམས་ཐུབ་ཅིང་རྡུགས་པར་བྱས་ཏེ། ཕམ་པར་བྱས་ཤིང་རྒྱབ་ ཀྱིས་ཕྱོགས་པར་བྱས་ནས་ལྷ་མ་ཡིན་གྱི་གྲོང་ཁྱེར་དུ་འགྲོ་བར་འགྱུར་རོ། །ཇི་སྟེ་ལྷ་མ་ཡིན་རྣམས་རྒྱལ་ཏེ། སྲུང་མ་གཉིས་ཕམ་ན་ནི་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་སྲུང་མ་གཉིས་ལྷ་མ་ཡིན་རྣམས་ཀྱིས་ཐུབ་ཅིང་རྡུགས་པར་བྱས་ཏེ། ཕམ་པར་བྱས་ཤིང་རྒྱབ་ཀྱིས་ཕྱོགས་པར་ བྱས་ནས། རིའི་རྒྱལ་པོ་རི་རབ་ཀྱི་བང་རིམ་དང་པོ་ནས་བང་རིམ་གཉིས་པ་ལག་ན་ཕྲེང་ཐོགས་ཀྱི་ལྷ་རྣམས་འཁོད་པར་བརྗེ་ཞིང་འགྲོའོ། །དེ་ནས་ཕྲེང་ཐོགས་ཀྱི་ལྷ་རྣམས་དང་། ལག་ན་གཞོང་ཐོགས་ཀྱི་ལྷ་རྣམས་དང་། ཆུ་ན་གནས་པའི་ཀླུ་རྣམས་དང་། སྲུང་མ་གསུམ་པོ་རྣམས་ གཅིག་ཏུ་འདུས་པར་གྱུར་ནས་ལྷ་མ་ཡིན་རྣམས་དང་ལྷན་ཅིག་ཏུ་གཡུལ་འགྱེད་དོ། །དེར་ཇི་སྟེ་སྲུང་མ་གསུམ་པོ་རྣམས་རྒྱལ་ཏེ། ལྷ་མ་ཡིན་རྣམས་ཕམ་ན་ནི་སྲུང་མ་གསུམ་པོ་དག་གིས་ལྷ་མ་ཡིན་རྣམས་ཐུབ་ཅིང་རྡུགས་པར་བྱས་ཏེ། ཕམ་པར་བྱས་ཤིང་རྒྱབ་ཀྱིས་ ཕྱོགས་པར་བྱས་ནས་ལྷ་མ་ཡིན་གྱི་གྲོང་ཁྱེར་དུ་འགྲོ་བར་འགྱུར་རོ། །ཇི་སྟེ་ལྷ་མ་ཡིན་རྣམས་རྒྱལ་ཏེ། སྲུང་མ་གསུམ་པོ་རྣམས་ཕམ་ན་ནི་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་སྲུང་མ་གསུམ་པོ་རྣམས་ལྷ་མ་ཡིན་རྣམས་ཀྱིས་ཐུབ་ཅིང་རྡུགས་པར་བྱས་ཏེ། ཕམ་པར་བྱས་ཤིང་རྒྱབ་ ཀྱིས་ཕྱོགས་པར་བྱས་ནས། རིའི་རྒྱལ་པོ་རི་རབ་ཀྱི་བང་རིམ་གཉིས་པ་ནས་བང་རིམ་གསུམ་པ་གང་ན་རྟག་ཏུ་མྱོས་པའི་ལྷ་རྣམས་འཁོད་པར་བརྗེ་ཞིང་འགྲོའོ། །དེ་ནས་རྟག་ཏུ་མྱོས་པའི་ལྷ་རྣམས་དང་། ཕྲེང་ཐོགས་ཀྱི་ལྷ་རྣམས་དང་། ལག་ན་གཞོང་ཐོགས་ཀྱི་ལྷ་རྣམས་དང་། ཆུ་ན་ གནས་པའི་ཀླུ་རྣམས་དང་། སྲུང་མ་རྣམ་པ་བཞི་པོ་རྣམས་གཅིག་ཏུ་འདུས་པར་གྱུར་ནས་ལྷ་མ་ཡིན་རྣམས་དང་ལྷན་ཅིག་ཏུ་གཡུལ་འགྱེད་དོ། །དེར་ཇི་སྟེ་སྲུང་མ་བཞི་པོ་རྣམས་རྒྱལ་ཏེ། ལྷ་མ་ཡིན་རྣམས་ཕམ་ན་ནི་སྲུང་མ་བཞི་པོ་རྣམས་ཀྱིས་ལྷ་མ་ཡིན་རྣམས་ཐུབ་ཅིང་རྡུགས་ པར་བྱས་ཏེ། ཕམ་པར་བྱས་ཤིང་རྒྱབ་ཀྱིས་ཕྱོགས་པར་བྱས་ནས་ལྷ་མ་ཡིན་གྱི་གྲོང་ཁྱེར་དུ་འགྲོ་བར་འགྱུར་རོ། །ཇི་སྟེ་ལྷ་མ་ཡིན་རྣམས་རྒྱལ་ཏེ། སྲུང་མ་བཞི་པོ་རྣམས་ཕམ་ན་ནི་སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས་ཀྱི་སྲུང་མ་བཞི་པོ་དག་ལྷ་མ་ཡིན་རྣམས་ཀྱིས་ཐུབ་ཅིང་རྡུགས་པར་བྱས་ཏེ། ཕམ་ པར་བྱས་ཤིང་རྒྱབ་ཀྱིས་ཕྱོགས་པར་བྱས་ནས། རིའི་རྒྱལ་པོ་རི་རབ་ཀྱི་བང་རིམ་གསུམ་པ་ནས་བང་རིམ་བཞི་པ་གང་ན་རྒྱལ་པོ་ཆེན་པོ་བཞི་རྣམས་འཁོད་པར་བརྗེ་ཞིང་འགྲོའོ། །དེ་ནས་རྒྱལ་པོ་ཆེན་པོ་བཞི་པོ་རྣམས་དང་། རྟག་ཏུ་མྱོས་པའི་ལྷ་རྣམས་དང་། ཕྲེང་ཐོགས་ཀྱི་ལྷ་རྣམས་དང་ ལག་ན་གཞོང་ཐོགས་ཀྱི་ལྷ་རྣམས་དང་། ཆུ་ན་གནས་པའི་ཀླུ་རྣམས་དང་། སྲུང་མ་ལྔ་པོ་རྣམས་གཅིག་ཏུ་འདུས་པར་གྱུར་ནས་ལྷ་མ་ཡིན་རྣམས་དང་ལྷན་ཅིག་ཏུ་གཡུལ་འགྱེད་དོ། །དེ་ཇི་སྟེ་སྲུང་མ་ལྔ་པོ་རྣམས་རྒྱལ་ཏེ། ལྷ་མ་ཡིན་རྣམས་ཕམ་ན་ནི་སྲུང་མ་ལྔ་པོ་རྣམས་ཀྱིས་ལྷ་མ་ཡིན་ རྣམས་ཐུབ་ཅིང་རྡུགས་པར་བྱས་ཏེ། ཕམ་པར་བྱས་ཤིང་རྒྱབ་ཀྱིས་ཕྱོགས་པར་བྱས་ནས་ལྷ་མ་ཡིན་གྱི་གྲོང་ཁྱེར་དུ་འགྲོ་བར་འགྱུར་རོ། །ཇི་སྟེ་ལྷ་མ་ཡིན་རྣམས་རྒྱལ་ཏེ་སྲུང་མ་ལྔ་པོ་རྣམས་ཕམ་ན་ནི་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་སྲུང་མ་ལྔ་པོ་རྣམས་ལྷ་ མ་ཡིན་རྣམས་ཀྱིས་ཐུབ་ཅིང་རྡུགས་པར་བྱས་ཏེ། ཕམ་པར་བྱས་ཤིང་རྒྱབ་ཀྱིས་ཕྱོགས་པར་བྱས་ནས། རིའི་རྒྱལ་པོ་རི་རབ་ཀྱི་བང་རིམ་བཞི་པ་ནས་སྟེང་གི་གཞི་གང་ན་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་འཁོད་པར་བརྗེ་ཞིང་འགྲོའོ། །དེ་ནས་རྒྱལ་པོ་ཆེན་པོ་བཞི་ལྷ་རྣམས་ ཀྱིས་ལྷའི་དབང་པོ་བརྒྱ་བྱིན་གང་ན་བ་དེར་སོང་སྟེ་ཕྱིན་ནས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་སྨྲས་སོ། །ཀཽ་ཤི་ཀ་གང་བདག་ཅག་སྲུང་མ་ལྔ་པོ་རྣམས་ལྷ་མ་ཡིན་རྣམས་ཀྱིས་ཐུབ་ཅིང་རྡུགས་པར་བྱས་ཏེ། ཕམ་པར་བྱས་ཤིང་རྒྱབ་ཀྱིས་ཕྱོགས་པར་བྱས་ནས་རིའི་ རྒྱལ་པོ་རི་རབ་ཀྱི་བང་རིམ་གྱི་སྟེང་གི་གཞིར་བརྗེས་ཏེ་མཆིས་པར་མཁྱེན་པར་མཛོད་ཅིག །ཀཽ་ཤི་ཀ་ད་ལྟར་གང་གི་དུས་ལ་བབ་པར་དགོངས་ཤིག །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་རྒྱལ་པོ་ཆེན་པོ་བཞི་རྣམས་ཀྱི་ལྟར་མཉན་ནས་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ལ་སྨྲས་པ། གྲོགས་ པོ་དག་གང་སྲུང་མ་ལྔ་པོ་རྣམས་ལྷ་མ་ཡིན་རྣམས་ཀྱིས་ཐུབ་ཅིང་རྡུགས་པར་བྱས་ཏེ། ཕམ་པར་བྱས་ཤིང་རྒྱབ་ཀྱིས་ཕྱོགས་པར་བྱས་ཤིང་རིའི་རྒྱལ་པོ་རི་རབ་ཀྱི་སྟེང་གི་གཞིར་བརྗེས་ཏེ། འོངས་པ་ཤེས་པར་གྱིས་ཤིག །གྲོགས་པོ་དག་ད་ལྟར་གང་གི་དུས་ལ་བབ་པ་སོམས་ཤིག་ དེ་ནས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་གླང་པོ་ཆེའི་རྒྱལ་པོ་རབ་ཏུ་བརྟན་པ་ལ་བསམས་སོ། །དེ་ནས་གླང་པོ་ཆེའི་རྒྱལ་པོ་རབ་ཏུ་བརྟན་པས་ལྷའི་དབང་པོ་བརྒྱ་བྱིན་གྱི་མཚན་མོ་རྟོགས་ནས། དཔེར་ན་སྐྱེས་བུ་སྟོབས་དང་ལྡན་པ་ལག་པ་བསྐུམ་པ་ལས་བརྐྱང་པ་འམ། བརྐྱང་བ་ལས་ བསྐུམ་པ་བཞིན་དུ་གླང་པོ་ཆེའི་རྒྱལ་པོ་རབ་ཏུ་བརྟན་པ་འཛམ་བུའི་གླིང་ནས་མི་སྣང་བར་བྱས་ཏེ། སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་ནང་དུ་སོང་ངོ་། །སོང་ནས་མགོ་སུམ་ཅུ་རྩ་གཉིས་མངོན་པར་སྤྲུལ་ཏེ། མགོ་རེ་རེ་ལ་མཆེ་བ་དྲུག་དྲུག །མཆེ་བ་རེ་རེ་ལ་རྫིང་བུ་བདུན་བདུན། རྫིང་བུ་ རེ་རེ་ལ་པདྨ་བདུན་བདུན། པདྨ་རེ་རེ་ལ་སྡོང་བུ་བདུན་བདུན། སྡོང་བུ་རེ་རེ་ལ་ལྷའི་བུ་མོ་བདུན་བདུན། ལྷའི་བུ་མོ་རེ་རེ་ལ་གཡོག་མོ་བདུན་བདུན། གཡོག་མོ་རེ་རེ་ལ་སིལ་སྙན་བདུན་བདུན་མངོན་པར་སྤྲུལ་ཏེ། མགོ་དེ་དག་ཐམས་ཅད་ཀྱི་ནང་ན་ཁྱད་པར་དུ་འཕགས་པ་གང་ཡིན་པ་ དེ་ལ་ལྷའི་དབང་པོ་བརྒྱ་བྱིན་ཞོན་ནོ། །དེ་ལས་གཞན་པའི་མགོ་ལྷག་མ་རྣམས་ལ་ནི་ཉེ་བའི་དབང་པོ་སུམ་ཅུ་རྩ་གཉིས་པོ་རྣམས་ཞོན་ནོ། །དེ་ལས་གཞན་པའི་གླང་པོ་ཆེ་རྣམས་ལ་ནི་དེ་ལས་གཞན་པའི་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཞོན་ནོ། །དེ་ཤིན་ཏུ་མགྱོགས་ཏེ། དཔེར་ན་འཇིག་ པའི་རླུང་ངམ། འཆགས་པའི་རླུང་བཞིན་ཏེ། དེ་ལྟར་ན་ལྷ་འམ་ལྷའི་བུ་མོ་སུ་ཡང་འདི་སྐད་དུ་འདི་ནི་བདག་གི་མདུན་དུ་འགྲོའོ་ཞེ་འམ་ཕྱི་ནས་འོང་ངོ་སྙམ་དུ་སེམས་པ་མེད་དོ། །དེ་ནས་གླང་པོ་ཆེའི་རྒྱལ་པོ་རབ་ཏུ་བརྟན་པ་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་གྲོང་ཁྱེར་ལྷོ་ཕྱོགས་ཀྱི་སྒོ་ནས་ བྱུང་སྟེ། དེ་ནས་སྐྱེད་མོས་ཚལ་རྩུབ་འགྱུར་ཚལ་དུ་ཕྱིན་ནས། རྫུ་འཕྲུལ་མངོན་པར་འདུ་བྱེད་པ་དེ་བཏང་སྟེ། འདི་ལྟ་སྟེ་ལྷ་འམ། ལྷའི་བུ་རྫུ་འཕྲུལ་ཆེ་ཞིང་མཐུ་ཆེ་བ་གང་ཡང་རུང་བ་དང་འདྲ་བར་བདག་ཉིད་མངོན་པར་སྤྲུལ་ཏེ། སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་དང་ལྷན་ཅིག་ཏུ་ལྷའི་འདོད་ པའི་ཡོན་ཏན་ལྔ་ལ་འབྱོར་ཅིང་ལྡན་པར་འགྱུར་ཏེ། རྩེ་ཞིང་དགའ་ལ་དགའ་དགུར་སྤྱོད་དོ། །རང་གི་ལས་ཀྱི་འབྲས་བུ་ཉམས་སུ་མྱོང་ངོ་། །ཇི་ཙམ་དུ་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་སྐྱེད་མོས་ཚལ་རྩུབ་འགྱུར་ཚལ་དུ་རྩེ་ཞིང་དགའ་ལ་དགའ་དགུར་སྤྱོད་པ་དེ་ཙམ་དུ་ལུས་ཀྱང་རྩུབ་པར་འགྱུར་ ལ། སེམས་ཀྱང་རྩུབ་བར་འགྱུར་ཏེ། དེ་དག་ལུས་རྩུབ་པ་དང་། སེམས་རྩུབ་པ་དང་། གཡུལ་འགྱེད་པ་ལ་མངོན་པར་མོས་པར་གྱུར་ནས་དཔུང་གི་ཚོགས་ཡན་ལག་བཞི་པ་འདི་ལྟ་སྟེ། གླང་པོ་ཆེའི་ཚོགས་དང་། རྟའི་ཚོགས་དང་། ཤིང་རྟའི་ཚོགས་དང་། དཔུང་བུ་ཆུང་གི་ཚོགས་ རྣམས་གོ་ཆ་གྱོན་ཏེ། དཔུང་གི་ཚོགས་ཡན་ལག་བཞི་པ་གླང་པོ་ཆེའི་ཚོགས་དང་། རྟའི་ཚོགས་དང་། ཤིང་རྟའི་ཚོགས་དང་། དཔུང་བུ་ཆུང་གི་ཚོགས་རྣམས་ཀྱི་གོ་ཆ་རྣམ་པ་བཞི་འདི་ལྟ་སྟེ། གསེར་ལས་བྱས་པ་དང་། དངུལ་ལས་བྱས་པ་དང་། བཻ་ཌཱུརྱ་ལས་བྱས་པ་དང་། ཤེལ་ ལས་བྱས་པ་རྣམས་བགོས་སོ། །མཚོན་ཆ་རྣམ་པ་བཞི་འདི་ལྟ་སྟེ། རལ་གྲི་དང་། མདུང་དང་། འཕང་མདུང་དང་། གཞུ་རྣམས་སོ། །མཚོན་ཆ་རྣམ་པ་བཞི་རལ་གྲི་དང་། མདུང་དང་། འཕང་མདུང་དང་། གཞུ་རྣམས་བླངས་ནས་ལྷ་མ་ཡིན་རྣམས་ དང་ལྷན་ཅིག་ཏུ་གཡུལ་འགྱེད་དོ། །ཇི་སྟེ་ལྷ་མ་ཡིན་རྣམས་རྒྱལ་ཏེ། ལྷ་རྣམས་ཕམ་ན་ནི་ལྷ་མ་ཡིན་རྣམས་ཀྱིས་ལྷ་རྣམས་ཐུབ་ཅིང་རྡུགས་པར་བྱས་ཏེ། ཕམ་པར་བྱས་ཤིང་རྒྱབ་ཀྱིས་ཕྱོགས་པར་བྱས་ནས་ཤིང་རྟ་བྱང་ཕྱོགས་སུ་ལྷའི་གྲོང་ཁྱེར་གང་ན་བ་དེར་ཕྱིར་ལྡོག་གོ། །འོན་ ཀྱང་ལྷ་མ་ཡིན་རྣམས་ལྷ་རྣམས་ཀྱི་ཕྱི་བཞིན་དུ་སྙེགས་པར་བྱེད་ནས་དེར་ལྷ་རྣམས་འདི་སྙམ་དུ་སེམས་ཏེ། འདི་ལྟར་ལྷ་མ་ཡིན་འདི་དག་བདག་ཅག་གི་ཕྱི་བཞིན་དུ་སྙེགས་པ་ལས་ན་ཡང་ལན་གཉིས་སུ་གཡུལ་འགྱེད་པར་འདོད་དོ་སྙམ་དུ་ཤེས་ནས་ལྷ་རྣམས་ཕྱིར་ལོག་སྟེ། ལྷ་མ་ཡིན་རྣམས་ དང་ལྷན་ཅིག་ཏུ་གཡུལ་འགྱེད་དོ། །ཇི་སྟེ་ལན་གཉིས་སུ་ཡང་ལྷ་མ་ཡིན་རྣམས་རྒྱལ་ཏེ། ལྷ་རྣམས་ཕམ་ན་ནི་ལྷ་མ་ཡིན་རྣམས་ཀྱིས་ལྷ་རྣམས་ཐུབ་ཅིང་རྡུགས་པར་བྱས་ཏེ། ཕམ་པར་བྱས་ཤིང་རྒྱབ་ཀྱིས་ཕྱོགས་པར་བྱས་ནས་ཤིང་རྟ་བྱང་ཕྱོགས་སུ་ལྷའི་གྲོང་ཁྱེར་གང་ན་བར་ཕྱིར་ ལྡོག་གོ། །འོན་ཀྱང་ལྷ་མ་ཡིན་རྣམས་ལྷ་རྣམས་ཀྱི་ཕྱི་བཞིན་དུ་སྙེགས་པར་བྱེད་ན་ནི་དེར་ལྷ་རྣམས་འདི་སྙམ་དུ་སེམས་ཏེ། འདི་ལྟར་ལྷ་མ་ཡིན་འདི་དག་བདག་ཅག་གི་ཕྱི་བཞིན་དུ་སྙེགས་པ་ལས་ན་ཡང་ལན་གསུམ་དུ་གཡུལ་འགྱེད་པར་འདོད་དོ་སྙམ་དུ་ཤེས་ནས་ལྷ་རྣམས་ཕྱིར་ ལོག་སྟེ། ལྷ་མ་ཡིན་རྣམས་དང་ལྷན་ཅིག་ཏུ་གཡུལ་འགྱེད་དོ། །ཇི་སྟེ་ལྷ་མ་ཡིན་རྣམས་འབའ་ཞིག་རྒྱལ་ཏེ། ལྷ་རྣམས་ཕམ་ན་ནི་ལྷ་མ་ཡིན་རྣམས་ཀྱིས་ལྷ་རྣམས་ཐུབ་ཅིང་རྡུགས་པར་བྱས་ཏེ། ཕམ་པར་བྱས་ཤིང་རྒྱབ་ཀྱིས་ཕྱོགས་པར་བྱས་ནས་ལྷའི་གྲོང་ཁྱེར་དུ་འཇུག་གོ། ། ལྷའི་གྲོང་ཁྱེར་དུ་ཞུགས་ནས་སྒོ་རྣམས་བཅད་དེ། ལྷ་རྣམས་ལ་ལྷ་མ་ཡིན་རྣམས་ཀྱིས་མི་ཚུགས་ཀྱང་འཇིགས་ཤིང་སྐྲག་པ་དང་ལྡན་པའི་སེམས་ཀྱིས་ཤས་ཆེར་གནས་སོ། །འོན་ཀྱང་ལྷ་མ་ཡིན་རྣམས་ཀྱིས་དེར་མི་བརྫི་བཞིན་དུ་ལྷ་མ་ཡིན་རྣམས་ཀྱང་འདི་ལྟར་ལྷ་རྣམས་ནི་ལྷའི་གྲོང་ཁྱེར་ན་ འདུག་ཀྱང་འཇིགས་ཤིང་སྐྲག་པ་དང་ལྡན་པའི་སེམས་ཀྱིས་ཤས་ཆེར་གནས་མོད་ཀྱི། བདག་ཅག་གིས་དེར་མི་བརྫིའོ་སྙམ་དུ་ཤེས་པའི་མཐོང་བ་འཇུག་གོ། །ཇི་སྟེ་ལྷ་རྣམས་རྒྱལ་ཏེ། ལྷ་མ་ཡིན་རྣམས་ཕམ་ན་ནི་ལྷ་རྣམས་ཀྱིས་ལྷ་མ་ཡིན་རྣམས་ཐུབ་ཅིང་རྡུགས་པར་བྱས་ཏེ། ཕམ་ པར་བྱས་ཤིང་རྒྱབ་ཀྱིས་ཕྱོགས་པར་བྱས་ནས་ཤིང་རྟ་ལྷོ་ཕྱོགས་སུ་ལྷ་མ་ཡིན་གྱི་གྲོང་ཁྱེར་གང་ན་བར་ཕྱིར་ལྡོག་གོ། །འོན་ཀྱང་ལྷ་རྣམས་ལྷ་མ་ཡིན་རྣམས་ཀྱི་ཕྱི་བཞིན་དུ་སྙེགས་པར་བྱེད་ན་ནི། དེ་ལྟར་ལྷ་མ་ཡིན་རྣམས་འདི་སྙམ་དུ་སེམས་ཏེ། འདི་ལྟར་ལྷ་འདི་དག་བདག་ཅག་ གི་ཕྱི་བཞིན་དུ་སྙེགས་པ་ལས་ན་ཡང་ལན་གཉིས་སུ་གཡུལ་འགྱེད་པར་འདོད་དོ་སྙམ་དུ་ཤེས་ནས་ལྷ་མ་ཡིན་རྣམས་ཕྱིར་ལྡོག་ཏེ། ལྷ་རྣམས་དང་ལྷན་ཅིག་གཡུལ་འགྱེད་དོ། །ཇི་སྟེ་ལན་གཉིས་སུ་ཡང་ལྷ་རྣམས་རྒྱལ་ཏེ། ལྷ་མ་ཡིན་རྣམས་ཕམ་ན་ནི་ལྷ་རྣམས་ཀྱིས་ལྷ་མ་ཡིན་རྣམས་ཐུབ་ ཅིང་རྡུགས་པར་བྱས་ཏེ། ཕམ་པར་བྱས་ཤིང་རྒྱབ་ཀྱིས་ཕྱོགས་པར་བྱས་ནས། ཤིང་རྟ་ལྷོ་ཕྱོགས་སུ་ལྷ་མ་ཡིན་གྱི་གྲོང་ཁྱེར་གང་ན་བར་ཕྱིར་ལྡོག་གོ། །འོན་ཀྱང་ལྷ་རྣམས་ལྷ་མ་ཡིན་རྣམས་ཀྱི་ཕྱི་བཞིན་དུ་སྙེགས་པར་བྱེད་ན་ནི། དེར་ལྷ་མ་ཡིན་རྣམས་འདི་སྙམ་དུ་སེམས་ཏེ། འདི་ ལྟར་ལྷ་འདི་དག་བདག་ཅག་གི་ཕྱི་བཞིན་དུ་སྙེགས་པ་ལས་ན་ལན་གསུམ་དུ་གཡུལ་འགྱེད་པར་འདོད་དོ་སྙམ་དུ་ཤེས་ནས་ལྷ་མ་ཡིན་རྣམས་ཕྱིར་ལོག་སྟེ། ལྷ་རྣམས་དང་ལྷན་ཅིག་ཏུ་གཡུལ་འགྱེད་དོ། །ཇི་སྟེ་ལན་གསུམ་དུ་ལྷ་རྣམས་འབའ་ཞིག་རྒྱལ་ཏེ། ལྷ་མ་ཡིན་རྣམས་ཕམ་ན་ནི་ ལྷ་རྣམས་ཀྱིས་ལྷ་མ་ཡིན་རྣམས་ཐུབ་ཅིང་རྡུགས་པར་བྱས་ཏེ། ཕམ་པར་བྱས་ཤིང་རྒྱབ་ཀྱིས་ཕྱོགས་པར་བྱས་ནས། ལྷ་མ་ཡིན་གྱི་གྲོང་ཁྱེར་དུ་འཇུག་གོ། །ལྷ་མ་ཡིན་གྱི་གྲོང་དུ་ཞུགས་ནས་སྒོ་རྣམས་བཅད་དོ། །ལྷ་མ་ཡིན་རྣམས་ལ་ལྷ་རྣམས་ཀྱིས་མི་ཚུགས་ཀྱང་འཇིགས་ཤིང་ སྐྲག་པ་དང་ལྡན་པའི་སེམས་ཀྱིས་ཤས་ཆེར་གནས་སོ། །འོན་ཀྱང་ལྷ་རྣམས་ཀྱིས་དེར་མི་བརྫི་བཞིན་དུ་ལྷ་རྣམས་ཀྱང་འདི་ལྟར་ལྷ་མ་ཡིན་རྣམས་ནི་ལྷ་མ་ཡིན་གྱི་གྲོང་ཁྱེར་ན་འདུག་ཀྱང་། འཇིགས་ཤིང་སྐྲག་པ་དང་ལྡན་པའི་སེམས་ཀྱིས་ཤས་ཆེར་གནས་མོད་ཀྱི། བདག་ཅག་གིས་ནི་དེར་མི་ བརྫིའོ་སྙམ་དུ་ཤེས་པའི་མཐོང་བ་འཇུག་གོ། །བཅོམ་ལྡན་འདས་ཀྱིས་ཀྱང་འདི་སྐད་དུ། དགེ་སློང་དག་སྔོན་བྱུང་བ་ལྷ་དང་ལྷ་མ་ཡིན་གཡུལ་དུ་ཞུགས་པ་ལྷ་མ་ཡིན་རྣམས་རྒྱལ་ཏེ། ལྷ་རྣམས་ཕམ་ན་ནི་ལྷ་མ་ཡིན་རྣམས་ཀྱིས་ལྷ་རྣམས་ཐུབ་ཅིང་རྡུགས་ པར་བྱས་ཏེ། ཕམ་པར་བྱས་ཤིང་རྒྱབ་ཀྱིས་ཕྱོགས་པར་བྱས་ནས། ཤིང་རྟ་བྱང་ཕྱོགས་སུ་ལྷའི་གྲོང་ཁྱེར་གང་ན་བར་ཕྱིར་ལྡོག་གོ། །འོན་ཀྱང་ལྷ་མ་ཡིན་རྣམས་ལྷ་རྣམས་ཀྱི་ཕྱི་བཞིན་དུ་སྙེགས་པར་བྱེད་ན་ནི། དེར་ལྷ་རྣམས་འདི་སྙམ་དུ་སེམས་ཏེ། འདི་ལྟར་ལྷ་མ་ཡིན་འདི་ དག་བདག་ཅག་གི་ཕྱི་བཞིན་དུ་སྙེགས་པ་ལས་ན་ཡང་ལན་གཉིས་སུ་གཡུལ་འགྱེད་པར་འདོད་དོ་ཤེས་ནས་ལྷ་རྣམས་ཕྱིར་ལོག་སྟེ། ལྷ་མ་ཡིན་རྣམས་དང་ལྷན་ཅིག་ཏུ་གཡུལ་འགྱེད་དོ། །ཇི་སྟེ་ལན་གཉིས་སུ་ཡང་ལྷ་མ་ཡིན་རྣམས་རྒྱལ་ཏེ། ལྷ་རྣམས་ཕམ་ན་ནི་ལྷ་མ་ཡིན་ རྣམས་ཀྱིས་ལྷ་རྣམས་ཐུབ་ཅིང་རྡུགས་པར་བྱས་ཏེ། ཕམ་པར་བྱས་ཤིང་རྒྱབ་ཀྱིས་ཕྱོགས་པར་བྱས་ནས། ཤིང་རྟ་བྱང་ཕྱོགས་སུ་ལྷའི་གྲོང་ཁྱེར་གང་ན་བར་ཕྱིར་ལྡོག་གོ། །འོན་ཀྱང་ལྷ་མ་ཡིན་རྣམས་ཀྱིས་ཕྱི་བཞིན་དུ་སྙེགས་པར་བྱེད་ན་ནི་དེར་ལྷ་རྣམས་འདི་སྙམ་དུ་སེམས་ཏེ། འདི་ལྟར་ལྷ་མ་ཡིན་འདི་དག་བདག་ཅག་གི་ཕྱི་བཞིན་དུ་སྙེགས་པ་ལས་ན་ཡང་ལན་གསུམ་དུ་གཡུལ་འགྱེད་པར་འདོད་དོ་སྙམ་དུ་ཤེས་ནས་ལྷ་རྣམས་ཕྱིར་ལྡོག་སྟེ། ལྷ་མ་ཡིན་རྣམས་དང་ལྷན་ཅིག་ཏུ་གཡུལ་འགྱེད་དོ། །དགེ་སློང་དག་ཇི་སྟེ་ལྷ་མ་ཡིན་རྣམས་འབའ་ཞིག་རྒྱལ་ཏེ། ལྷ་རྣམས་ཕམ་ན་ནི་ལྷ་མ་ཡིན་རྣམས་ཀྱིས་ལྷ་རྣམས་ཐུབ་ཅིང་རྡུགས་པར་བྱས་ཏེ། ཕམ་པར་བྱས་ཤིང་རྒྱབ་ཀྱིས་ཕྱོགས་པར་བྱས་ནས། ལྷའི་གྲོང་ཁྱེར་མཆོག་ཏུ་འཇུག་གོ། །ལྷའི་གྲོང་ཁྱེར་དུ་ཞུགས་ནས་སྒོ་རྣམས་བཅད་དོ། །ལྷ་རྣམས་ལ་ལྷ་མ་ཡིན་རྣམས་ཀྱིས་མི་ ཚུགས་ཀྱང་འཇིགས་ཤིང་སྐྲག་པ་དང་ལྡན་པའི་སེམས་ཀྱིས་ཤས་ཆེར་གནས་སོ། །འོན་ཀྱང་ལྷ་མ་ཡིན་རྣམས་ཀྱིས་དེར་མི་བརྫི་བཞིན་དུ་ལྷ་མ་ཡིན་རྣམས་ཀྱང་འདི་ལྟར་ལྷ་རྣམས་ནི་ལྷའི་གྲོང་ཁྱེར་ན་འདུག་ཀྱང་འཇིགས་ཤིང་སྐྲག་པ་དང་ལྡན་པའི་སེམས་ཀྱིས་ཤས་ཆེར་གནས་མོད་ཀྱི། བདག་ཅག་གིས་ནི་དེར་མི་བརྫིའོ་སྙམ་དུ་ཤེས་པའི་མཐོང་བ་འཇུག་གོ། །དགེ་སློང་དག་འདི་ལྟར་སྔ་མ་འདས་པའི་དུས་ན། ལྷ་དང་ལྷ་མ་ཡིན་གཡུལ་དུ་ཞུགས་པ་ན་ལྷ་རྣམས་རྒྱལ་ཏེ། ལྷ་མ་ཡིན་རྣམས་ཕམ་ན་ནི་ལྷ་རྣམས་ཀྱིས་ལྷ་མ་ཡིན་རྣམས་ཐུབ་ཅིང་རྡུགས་པར་བྱས་ཏེ། ཕམ་པར་བྱས་ཤིང་རྒྱབ་ཀྱིས་ཕྱོགས་པར་བྱས་ནས། ཤིང་རྟ་ལྷོ་ཕྱོགས་སུ་ལྷ་མ་ཡིན་གྱི་གྲོང་ཁྱེར་གང་ན་བར་ཕྱིར་ལྡོག་གོ། །འོན་ཀྱང་ལྷ་རྣམས་ལྷ་མ་ཡིན་རྣམས་ཀྱི་ཕྱི་བཞིན་དུ་སྙེགས་པར་བྱེད་ན་ནི་དེར་ལྷ་མ་ཡིན་རྣམས་འདི་སྙམ་དུ་སེམས་ཏེ། འདི་ལྟར་ལྷ་འདི་དག་བདག་ཅག་གི་ཕྱི་ བཞིན་དུ་སྙེགས་པ་ལས་ན་ཡང་ལན་གཉིས་སུ་གཡུལ་འགྱེད་པར་འདོད་དོ་སྙམ་དུ་ཤེས་ནས། ལྷ་མ་ཡིན་རྣམས་ཕྱིར་ལྡོག་སྟེ། ལྷ་རྣམས་དང་ལྷན་ཅིག་ཏུ་གཡུལ་འགྱེད་དོ། །ཇི་སྟེ་ལན་གཉིས་སུ་ཡང་ལྷ་རྣམས་རྒྱལ་ཏེ། ལྷ་མ་ཡིན་རྣམས་ཕམ་ན་ནི་ལྷ་རྣམས་ཀྱིས་ལྷ་མ་ཡིན་རྣམས་ ཐུབ་ཅིང་རྡུགས་པར་བྱས་ཏེ་ཕམ་པར་བྱས་ཤིང་། རྒྱབ་ཀྱིས་ཕྱོགས་པར་བྱས་ནས་ཤིང་རྟ་ལྷོ་ཕྱོགས་སུ་ལྷ་མ་ཡིན་གྱི་གྲོང་ཁྱེར་གང་ན་བར་ཕྱིར་ལྡོག་གོ། །འོན་ཀྱང་ལྷ་རྣམས་ལྷ་མ་ཡིན་རྣམས་ཀྱི་ཕྱི་བཞིན་དུ་སྙེགས་པར་བྱེད་ན་ནི་དེར་ལྷ་མ་ཡིན་རྣམས་འདི་སྙམ་དུ་སེམས་ཏེ། འདི་ལྟར་ལྷ་ འདི་དག་བདག་ཅག་གི་ཕྱི་བཞིན་དུ་སྙེགས་པ་ལས་ན་ཡང་ལན་གསུམ་དུ་གཡུལ་འགྱེད་པར་འདོད་དོ་སྙམ་དུ་ཤེས་ནས། ལྷ་མ་ཡིན་རྣམས་ཕྱིར་ལོག་སྟེ་ལྷ་རྣམས་དང་ལྷན་ཅིག་ཏུ་གཡུལ་འགྱེད་དོ། །ཇི་སྟེ་ལན་གསུམ་དུ་ལྷ་རྣམས་འབའ་ཞིག་རྒྱལ་ཏེ། ལྷ་མ་ཡིན་རྣམས་ཕམ་ན་ནི་ ལྷ་རྣམས་ཀྱིས་ལྷ་མ་ཡིན་རྣམས་ཐུབ་ཅིང་རྡུགས་པར་བྱས་ཏེ། ཕམ་པར་བྱས་ཤིང་རྒྱབ་ཀྱིས་ཕྱོགས་པར་བྱས་ནས་ལྷ་མ་ཡིན་གྱི་གྲོང་ཁྱེར་དུ་འཇུག་གོ། །ལྷ་མ་ཡིན་གྱི་གྲོང་ཁྱེར་དུ་ཞུགས་ནས་སྒོ་རྣམས་བཅད་དེ། ལྷ་མ་ཡིན་རྣམས་ལ་ལྷ་རྣམས་ཀྱིས་མི་ཚུགས་ཀྱང་འཇིགས་ ཤིང་སྐྲག་པ་དང་ལྡན་པའི་སེམས་ཀྱིས་ཤས་ཆེར་གནས་སོ། །འོན་ཀྱང་ལྷ་རྣམས་ཀྱིས་དེར་མི་བརྫི་བཞིན་དུ་ལྷ་རྣམས་ཀྱང་འདི་ལྟར་ལྷ་མ་ཡིན་རྣམས་ནི་ལྷ་མ་ཡིན་གྱི་གྲོང་ཁྱེར་ན་འདུག་ཀྱང་འཇིགས་ཤིང་སྐྲག་པ་དང་ལྡན་པའི་སེམས་ཀྱིས་ཤས་ཆེར་གནས་མོད་ཀྱི། བདག་ཅག་གིས་ ནི་དེར་མི་བརྫིའོ་སྙམ་དུ་ཤེས་པའི་མཐོང་བ་འཇུག་གོ། །དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན་དེ་ལྟ་བུར་གྱུར་པའི་ཚེ། འདི་སྐད་དུ། གང་ཚེ་ལྷ་དང་ལྷ་མིན་ལྷན་ཅིག་ཏུ། །གཉི་ག་འདུས་ཤིང་གཡུལ་ནི་འགྱེད་པ་ན། །ཤིང་རྟ་པ་ནི་ཉི་ཟླ་མཚུངས་ མེད་དེ། །ལྷ་ཡི་ཤིང་རྟ་པ་ནི་མཆོག་ཡིན་ནོ། །ཞེས་ཀྱང་བྱའོ། །རིའི་རྒྱལ་པོ་རི་རབ་ཀྱི་སྟེང་གི་གཞི་ནི་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་གྲོང་ཁྱེར་བལྟ་ན་སྡུག་ཅེས་བྱ་བ་ཆུར་དཔག་ཚད་ཉིས་སྟོང་ལྔ་བརྒྱ། ཞེང་དུ་ཡང་ཉིས་སྟོང་ལྔ་བརྒྱ། མཐའ་སྐོར་དུ་དཔག་ཚད་ཁྲི་ཡོད་པ། དབྱིབས་ལེགས་ཤིང་བལྟ་ན་སྡུག་ལ་མཛེས་པ་ཞིག་ཡོད་དེ། གསེར་གྱི་ར་བས་བསྐོར་ཏེ་ར་བའི་འཕང་དུ་ནི་དཔག་ཚད་ཕྱེད་དང་གསུམ་ཡོད་དོ། །ར་བ་དེ་ལ་རྩིག་སྐྱབས་རྣམ་པ་བཞི་ལས་བྱས་པ་ཡོད་དེ། གསེར་ལས་བྱས་པ་དང་། དངུལ་ལས་བྱས་པ་དང་། བཻ་ཌཱུརྱ་ལས་བྱས་ པ་དང་། ཤེལ་ལས་བྱས་པ་རྣམས་སོ། །གྱེན་དུ་འཕང་བའི་མདའ་ཡབ་དང་། ཐུར་དུ་འཕང་བའི་མདའ་ཡབ་དང་། ཟམ་པ་བརྒྱུད་མ་རྣམ་པ་བཞི་ཡོད་དེ། །གསེར་ལས་བྱས་པ་དང་། དངུལ་ལས་བྱས་པ་དང་། བཻ་ཌཱུརྱ་ལས་བྱས་པ་དང་། ཤེལ་ལས་བྱས་པ་རྣམས་སོ། ། དེའི་ནང་གི་ས་གཞི་དབྱིབས་ལེགས་ཤིང་བལྟ་ན་སྡུག་ལ་མཛེས་ཏེ། བྲིས་ཤིང་ལེགས་པར་བྲིས་པ་ཚོན་སྣ་བརྒྱ་རྩ་གཅིག་གིས་བྲིས་པ་སྟེ། འཇམ་ཞིང་ཤིན་ཏུ་འཇམ་པ་ནི་དཔེར་ན་ཤིང་བལ་གྱི་འདབ་མ་འམ་རས་བལ་གྱི་འདབ་མ་བཞིན་དུ། རྐང་པ་བཞག་ན་ནི་ནེམས་ཞེས་བྱེད་དེ། རྐང་པ་བཏེག་ན་ནི་པར་ཞེས་བྱེད་དེ། མེ་ཏོག་མན་ད་ར་བ་མང་པོས་པུས་མོ་ནུབ་པ་ཙམ་དུ་ཡོངས་སུ་ཁེབས་ཏེ། རླུང་གི་མཐུས་མེ་ཏོག་རྙིང་པ་རྣམས་ནི་འཐོར། མེ་ཏོག་གསར་པ་རྣམས་ནི་ལེགས་པར་བཀྲམ་སྟེ། འདི་སྐད་དུ། ལྷ་རྣམས་བསོད་ནམས་དབང་གི་མཐུ་སྟོབས་ ཀྱིས། །ལྷ་ཡི་གྲོང་ཁྱེར་དག་ན་རླུང་ཆེན་ལྡང་། །མེ་ཏོག་རྙིང་པ་རྣམས་ནི་འདོར་བར་བྱེད། །མེ་ཏོག་གསར་པ་རྣམས་ནི་ལེགས་པར་དགྲམ། །ཞེས་ཀྱང་བྱའོ། །ལྷའི་གྲོང་ཁྱེར་དེ་ནི་སྒོ་སྟོང་དུ་གཅིག་གིས་མ་ཚང་བ་ཡོད་དོ། །སྒོ་གཅིག་གི་ཡང་འཕང་དུ་ནི་དཔག་ཚད་ཕྱེད་དང་གསུམ། ཞེང་དུ་ནི་དཔག་ཚད་ཕྱེད་དང་གཉིས་ཡོད་དོ། །སྒོ་རེ་རེ་ལ་ཡང་སྐར་མའི་གཟུགས་སུ་བྱས་པ་བཞི་བཞི་ཡོད་དེ། གསེར་ལས་བྱས་པ་དང་། དངུལ་ལས་བྱས་པ་དང་། བཻ་ཌཱུརྱ་ལས་བྱས་པ་དང་། ཤེལ་ལས་བྱས་པ་རྣམས་སོ། །ཟླ་བ་ཕྱེད་པ་ལྟ་བུར་ཡོངས་སུ་གྲུབ་པ་དང་། བ་ལང་གི་མགོ་ལྟ་བུ་དང་། མེ་ལོང་རྣམས་ཀྱང་གསེར་ལས་བྱས་པ་དང་། དངུལ་ལས་བྱས་པ་དང་། བཻ་ཌཱུརྱ་ལས་བྱས་པ་དང་། ཤེལ་ལས་བྱས་པ་བཞི་ཡོད་དེ། དབྱིབས་ལེགས་ཤིང་བལྟ་ན་སྡུག་ལ་མཛེས་པ་ཡིན་ནོ། །སྒོ་རེ་རེ་ལ་ཡང་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་སྲུང་ བའི་ཕྱིར་དང་། བསྒྲུབ་པའི་ཕྱིར་དང་། མཛེས་པར་བྱ་བའི་ཕྱིར་སྲུང་མ་གོ་ཆ་བགོས་ཤིང་མཚོན་ཆ་ཐོགས་པ་ལྔ་བརྒྱ་བཀོད་དོ། །སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་ལམ་སྲང་སྲིད་དུ་དཔག་ཚད་ཉིས་སྟོང་ལྔ་བརྒྱ་ཡོད་ལ་ཞེང་དུ་དཔག་ཚད་བཅུ་གཉིས་ཡོད་དོ། །དབྱིབས་ལེགས་ ཤིང་བལྟ་ན་སྡུག་པ་མཛེས་པ་གསེར་གྱི་བྱེ་མ་བདལ་ཞིང་ཙནྡན་གྱི་ཆུས་ཆག་ཆག་བཏབ་པ་ཞིག་ཡོད་དོ། །སྲང་དེའི་གློ་གཡས་གཡོན་ན་རྫིང་བུ་བྱས་པའི་རྫིང་བུ་དེ་དག་གསེར་ལས་བྱས་པ་དང་། དངུལ་ལས་བྱས་པ་དང་། བཻ་ཌཱུརྱ་ལས་བྱས་པ་དང་། ཤེལ་ལས་བྱས་པའི་ཕ་ གུ་རྣམ་པ་བཞི་བརྩིགས་སོ། །རྫིང་བུ་དེ་དག་གི་ཕྱོགས་བཞི་ན་ཐེམ་སྐས་བྱས་པ་ཡོད་དེ། ཐེམ་སྐས་དེ་དག་འདི་ལྟ་སྟེ། གསེར་ལས་བྱས་པ་དང་། དངུལ་ལས་བྱས་པ་དང་། བཻ་ཌཱུརྱ་ལས་བྱས་པ་དང་། ཤེལ་ལས་བྱས་པའི་ཕ་གུ་རྣམ་པ་བཞི་བརྩིགས་སོ། །རྫིང་བུ་དེ་དག་ གི་ལན་ཀན་གསེར་ལས་བྱས་པ་དང་། དངུལ་ལས་བྱས་པ་དང་། བཻ་ཌཱུརྱ་ལས་བྱས་པ་དང་། ཤེལ་ལས་བྱས་པ་བཞི་ཀུན་ནས་བསྐོར་ཏེ། གསེར་གྱི་ལན་ཀན་གྱི་གཏན་མ་དང་། གདང་བུ་དང་གཟུངས་གཟེར་ནི་དངུལ་ལས་བྱས་སོ། །དངུལ་གྱི་ནི་གསེར་ལས་བྱས་སོ། །བཻ་ཌཱུརྱའི་ ཤེལ་ལས་བྱས་སོ། །ཤེལ་གྱི་ལན་ཀན་གྱི་གཏན་མ་དང་། གདོང་བུ་དང་། གཟུངས་གཟེར་ནི་བཻ་ཌཱུརྱ་ལས་བྱས་ཏེ། དབྱིབས་ལེགས་ཤིང་བལྟ་ན་སྡུག་ལ་མཛེས་སོ། །རྫིང་བུ་དེ་དག་ཀྱང་ཆུ་བསིལ་ཞིང་ཆུ་སྦྲང་རྩི་ལྟ་བུས་གང་སྟེ། མེ་ཏོག་ཨུཏྤལ་དང་། པདྨ་དང་། ཀུ་མུ་ཏ་དང་། པདྨ་དཀར་པོས་ཡོངས་སུ་ཁེབས་ཏེ། དེ་དག་ལ་ནི་ཆུ་ནས་སྐྱེས་པའི་བྱ་སྣ་ཚོགས་སྐད་སྙན་ཅིང་འཇེབས་པ་དང་། སྐད་ཡིད་དུ་འོང་བ་དང་། སྐད་མཉེན་པ་དང་། འདོད་དགུར་སྒྱུར་བའི་གཟུགས་ཅན་རྣམས་སྐད་སྙན་པ་འབྱིན་ནོ། །རྫིང་བུ་དེ་དག་གི་ཉེ་ འཁོར་ན་མེ་ཏོག་གི་ཤིང་དང་། འབྲས་བུའི་ཤིང་སྣ་ཚོགས་པ་རྣམས་ལེགས་པར་སྐྱེས་ཤིང་དབྱིབས་ལེགས་ལ་ཡོངས་སུ་གྲུབ་སྟེ། མེ་ཏོག་ཕྲེང་བར་བཀོད་པ་བཞིན་དུ་གྱུར་པ་ནི་དཔེར་ན་མེ་ཏོག་ཕྲེང་རྒྱུད་དང་། མེ་ཏོག་ཕྲེང་རྒྱུད་ཀྱི་སློབ་མ་མཁས་པས་མེ་ཏོག་གི་ཕྲེང་བ་ཐ་གུ་ལ་ བརྒྱུས་པ་དང་། མེ་ཏོག་གི་རྣ་རྒྱན་ལེགས་པར་བྱས་པ་བཞིན་ཏེ། ཐང་ལས་སྐྱེས་པའི་བྱ་སྣ་ཚོགས་སྐད་སྙན་ཅིང་འཇེབས་པ་དང་། སྐད་ཡིད་དུ་འོང་བ་དང་། སྐད་མཉེན་པ་དང་། འདོད་དགུར་སྒྱུར་བའི་གཟུགས་ཅན་རྣམས་སྐད་སྙན་པ་འབྱིན་ཏོ། །དེ་དག་གི་ཉེ་འཁོར་ན་ དཔག་བསམ་གྱི་ཤིང་སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་རྣམ་པ་བཞི་ཡོད་དོ། །གཞག་གོས་སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་རྣམ་པ་བཞི་ཡོད་དོ། །དཔག་བསམ་ཤིང་ལས་བྱུང་བའི་གོས་སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་རྣམ་པ་བཞི་ཡོད་དོ། །རྒྱན་སྣ་ཚོགས་ལག་རྒྱན་དང་། རྐང་རྒྱན་དང་། རྒྱན་སྣང་བ་དང་། མི་སྣང་བ་རྣམས་འབྱུང་བའི་ཤིང་དག་ཡོད་དོ། །ལྷའམ་ལྷའི་བུ་མོ་དག་གིས་ཇི་ལྟ་བུར་འདོད་པའི་སེམས་བསྐྱེད་མ་ཐག་ཏུ་དེ་ལྟ་བུར་དེ་དག་གི་ལག་ཏུ་འོང་བར་འགྱུར་རོ། །རོལ་ མོའི་ཆ་བྱད་སྣ་ཚོགས་པི་ཝང་དང་། གླིང་བུ་དང་། པི་ཝང་རྒྱུད་གསུམ་པ་དང་། འཁར་རྔ་དང་། ཧམ་ཤང་རྣམས་འབྱུང་བའི་ཤིང་དག་ཡོད་དེ། ལྷ་འམ་ལྷའི་བུ་མོ་རྣམས་ཀྱིས་ཇི་ལྟ་བུར་འདོད་པར་སེམས་བསྐྱེད་མ་ཐག་ཏུ་དེ་ལྟ་བུར་དེ་དག་གི་ལག་ཏུ་འོང་བར་འགྱུར་རོ། །བདུད་ རྩི་རྣམ་པ་བཞི་དང་། སྦྲང་རྩི་དང་། སྦྲང་ཆང་གི་བཏུང་བ་དག་ཀྱང་ཡོད་དོ། །ཡང་ཐོག་རྣམས་དང་། ཁང་པ་བརྩེགས་པ་རྣམས་དང་། ཁྱིམ་རྣམས་དང་། ཁང་བཟངས་རྣམས་དང་། བསིལ་ཁང་རྣམས་དང་། ལྟད་མོ་ལྟ་བའི་ས་རྣམས་དང་། ཟམ་པ་རྣམས་བུད་མེད་ཀྱི་ཚོགས་ ཀྱིས་མཛེས་པར་བྱས་ཤིང་ལྷའི་བུ་མོ་མང་པོས་བརྟེན་པ་དང་། སིལ་སྙན་དང་། ཕེག་རྡོབ་པ་དག་གི་སྒྲ་སྙན་པ་སྒྲོགས་པ་དང་། དྲི་སྣ་ཚོགས་ཀྱིས་ལེགས་པར་བསྒོས་པ་དང་། ཁ་ཟས་དང་བཏུང་བ་དག་ཀྱང་ཡོད་དོ། །དེ་ན་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་འཁོར་དང་ བཅས་པ་རྩེ་ཞིང་དགའ་ལ་དགའ་དགུར་སྤྱོད་དོ། །རང་གི་ལས་ཀྱི་འབྲས་བུ་ཉམས་སུ་མྱོང་ངོ་།། །།འཇིག་རྟེན་གཞག་པ། བམ་པོ་བཞི་པ། ལྷའི་གྲོང་ཁྱེར་གྱི་ནང་ན་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱི་ཁང་བཟངས་རྣམ་པར་རྒྱལ་བ་ཞེས་བྱ་བ་ཆུར་དཔག་ཚད་ཉིས་ བརྒྱ་ལྔ་བཅུ། ཞེང་དུ་ཡང་དཔག་ཚད་ཉིས་བརྒྱ་ལྔ་བཅུ། མཐའ་སྐོར་དུ་དཔག་ཚད་སྟོང་ཡོད་པ། དབྱིབས་ལེགས་ཤིང་བལྟ་ན་སྡུག་ལ་མཛེས་པ་ཞིག་ཡོད་དོ། །ལྷའི་གྲོང་ཁྱེར་ལས་དཔག་ཚད་ཕྱེད་དང་ལྔས་གྱེན་དུ་འཕགས་སོ། །ཁང་བཟངས་རྣམ་པར་རྒྱལ་བ་དེའི་རྨང་རྟེན་ རྣམ་པ་བཞི་ལས་བྱས་པ་ལ་འདི་ལྟ་སྟེ། གསེར་ལས་བྱས་པ་དང་། དངུལ་ལས་བྱས་པ་དང་། བཻ་ཌཱུརྱ་ལས་བྱས་པ་དང་། ཤེལ་ལས་བྱས་པ་རྣམས་སོ། །ཁང་བཟངས་རྣམ་པར་རྒྱལ་བའི་ཐེམ་པ་རྣམ་པ་བཞི་བཀོད་པ་ལ་འདི་ལྟ་སྟེ། གསེར་ལས་བྱས་པ་དང་། དངུལ་ལས་ བྱས་པ་དང་། བཻ་ཌཱུརྱ་ལས་བྱས་པ་དང་། ཤེལ་ལས་བྱས་པ་རྣམས་སོ། །ཁང་བཟངས་རྣམ་པར་རྒྱལ་བའི་ཀ་བ་རྣམ་པ་བཞི་གཙུགས་པ་ལ་འདི་ལྟ་སྟེ། གསེར་ལས་བྱས་པ་དང་། དངུལ་ལས་བྱས་པ་དང་། བཻ་ཌཱུརྱ་ལས་བྱས་པ་དང་། ཤེལ་ལས་བྱས་པ་རྣམས་སོ། །གསེར་ ལས་བྱས་པའི་ཀ་ཏན་དང་། ཀ་ཞུ་དང་། བྲེ་ཕུལ་དང་། གདུང་རྣམས་དངུལ་ལས་བྱས་སོ། །དངུལ་གྱི་ནི་གསེར་ལས་བྱས་སོ། །བཻ་ཌཱུརྱའི་ནི་ཤེལ་ལས་བྱས་སོ། །ཤེལ་གྱི་ཀ་ཏན་དང་། ཀ་ཞུ་དང་། བྲེ་ཕུལ་དང་གདུང་རྣམས་བཻ་ཌཱུརྱ་ལས་བྱས་སོ། །ཁང་བཟངས་རྣམ་པར་རྒྱལ་ བ་དེའི་ཕྱམ་རྟེན་རྣམ་པ་བཞི་ལས་བྱས་པ་དག་ཡོད་དོ། །འདི་ལྟ་སྟེ། གསེར་ལས་བྱས་པ་དང་། དངུལ་ལས་བྱས་པ་དང་། བཻ་ཌཱུརྱ་ལས་བྱས་པ་དང་། ཤེལ་ལས་བྱས་པ་རྣམས་སོ། །ཁང་བཟངས་རྣམ་པར་རྒྱལ་བ་ལ་ཐེམ་སྐས་རྣམ་པ་བཞི་ལས་བྱས་པ་དག་ཡོད་དོ། །འདི་ལྟ་སྟེ། གསེར་ལས་བྱས་པ་དང་། དངུལ་ལས་བྱས་པ་དང་། བཻ་ཌཱུརྱ་ལས་བྱས་པ་དང་། ཤེལ་ལས་བྱས་པའི་ཕ་གུ་རྣམ་པ་བཞི་བརྩིགས་སོ། །ཁང་བཟངས་རྣམ་པར་རྒྱལ་བ་ལ་ལན་ཀན་གསེར་ལས་བྱས་པ་དང་། དངུལ་ལས་བྱས་པ་དང་། བཻ་ཌཱུརྱ་ལས་བྱས་ པ་དང་། ཤེལ་ལས་བྱས་པ་རྣམ་པ་བཞིས་ཀུན་ནས་བསྐོར་ཏེ། གསེར་གྱི་ལན་ཀན་གྱི་གཏན་མ་དང་། གདང་བུ་དང་། གཟུངས་གཟེར་ནི་དངུལ་ལས་བྱས་སོ། །དངུལ་གྱི་ནི་གསེར་ལས་བྱས་པ་དང་། བཻ་ཌཱུརྱའི་ནི་ཤེལ་ལས་བྱས་སོ། །ཤེལ་གྱི་གཏན་མ་དང་། གདང་བུ་དང་། གཟུངས་ གཟེར་ནི་བཻ་ཌཱུརྱ་ལས་བྱས་སོ། །བར་གྱི་མདོ་ལ། རྨང་རྟེན་ཐེམ་པ་ཀ་བ་དང་། །ཕྱམ་རྟེན་དང་ནི་སྟོབས་ལྡན་ཕྱམ། །འཁོར་ས་དང་ནི་སྤང་ལེབ་ཁང་། །ཡ་ཕུབས་དག་ནི་ཐ་མ་ཡིན། །ཁང་བཟངས་རྣམ་པར་རྒྱལ་བ་ལ་བ་གམ་བརྒྱད་ཡོད་དོ། །བ་གམ་རེ་རེ་ལ་ཡང་ཁང་པ་བརྩེགས་ པ་བདུན་བདུན་ཡོད་དོ། །ཁང་པ་བརྩེགས་པ་རེ་རེ་ལ་ཡང་གནས་ཁང་བདུན་བདུན། གནས་ཁང་རེ་རེ་ལ་ཡང་ལྷའི་བུ་མོ་བདུན་བདུན། ལྷའི་བུ་མོ་རེ་རེ་ལ་ཡང་གཡོག་མོ་བདུན་བདུན། གཡོག་མོ་རེ་རེ་ལ་སིལ་སྙན་བདུན་བདུན་ཡོད་དོ། །ཁང་བཟངས་རྣམ་པར་རྒྱལ་བའི་ནང་ན་རྫིང་ བུ་བྱས་པ་ཡོད་དོ། །རྫིང་བུ་དེ་ལ་ཆུར་དཔག་ཚད་ལྔ་བཅུ། ཞེང་དུ་ཡང་དཔག་ཚད་ལྔ་བཅུ། མཐའ་སྐོར་དུ་དཔག་ཚད་ཉིས་བརྒྱ་ཡོད་དོ། །རྫིང་བུ་དེའི་ཕྱོགས་བཞི་ན་ཐེམ་སྐས་བྱས་པ་དག་ཡོད་དོ། །ཐེམ་སྐས་དེ་དག་ཀྱང་། འདི་ལྟ་སྟེ། གསེར་ལས་བྱས་པ་དང་། དངུལ་ལས་ བྱས་པ་དང་། བཻ་ཌཱུརྱ་ལས་བྱས་པ་དང་། ཤེལ་ལས་བྱས་པའི་ཕ་གུ་རྣམ་པ་བཞི་བརྩིགས་སོ། །རྫིང་བུ་དེའི་ཕྱོགས་བཞི་ཡང་ལན་ཀན་གྱིས་ཀུན་ནས་བསྐོར་ཏེ། ལན་ཀན་རྣམ་པ་བཞི་དག་གིས་སྔ་མ་བཞིན་དུ། དབྱིབས་ལེགས་ཤིང་བལྟ་ན་སྡུག་ལ་མཛེས་པ། བསིལ་ཞིང་ཆུ་ སྦྲང་རྩི་ལྟ་བུས་གང་སྟེ་མེ་ཏོག་ཨུཏྤ་ལ་དང་། པདྨ་དང་། ཀུ་མུ་ཏ་དང་། པདྨ་དཀར་པོས་ཡོངས་སུ་ཁེབས་ལ། ཆུ་ནས་སྐྱེས་པའི་བྱ་སྣ་ཚོགས་སྐད་སྙན་ཅིང་འཇེབས་པ་དང་། སྐད་ཡིད་དུ་འོང་བ་དང་། སྐད་མཉེན་པ་དང་། འདོད་དགུར་སྒྱུར་བའི་གཟུགས་ཅན་རྣམས་སྐད་སྙན་ པ་འབྱིན་ཏོ། །རྫིང་བུ་དེའི་ཉེན་འཁོར་ན་མེ་ཏོག་གི་ཤིང་། འབྲས་བུའི་ཤིང་རྣམ་པ་སྣ་ཚོགས་ཡོད་པ་རྣམས་ལེགས་པར་སྐྱེས་ཤིང་དབྱིབས་ལེགས་ལ་ཡོངས་སུ་གྲུབ་པ་སྟེ། མེ་ཏོག་ཕྲེང་བས་བཀོད་པ་བཞིན་དུ་གྱུར་པ་ནི་དཔེར་ན་མེ་ཏོག་ཕྲེང་རྒྱུད་དམ། མེ་ཏོག་ཕྲེང་རྒྱུད་ ཀྱི་སློབ་མ་མཁས་པས་མེ་ཏོག་ཕྲེང་བ་ཐ་གུ་ལ་བརྒྱུས་པ་དང་། མེ་ཏོག་གི་རྣ་རྒྱན་ལེགས་པར་བྱས་པ་བཞིན་ཏེ། ཐང་ལས་སྐྱེས་པའི་བྱ་སྣ་ཚོགས་སྐད་སྙན་ཅིང་འཇེབས་པ་དང་། སྐད་ཡིད་དུ་འོང་བ་དང་། སྐད་མཉེན་པ་དང་། འདོད་དགུར་སྒྱུར་བའི་གཟུགས་ཅན་རྣམས་ སྐད་སྙན་ཅིང་འབྱིན་ཏོ། །དཔག་བསམ་གྱི་ཤིང་སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་རྣམ་པ་བཞི་ཡོད་དོ། །གཞག་གོས་སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་རྣམ་པ་བཞི་ཡོད་དོ། །དཔག་བསམ་ཤིང་ལས་བྱུང་བའི་གོས་སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་རྣམ་པ་བཞི་ཡོད་དོ། །རྒྱན་སྣ་ཚོགས་ལག་རྒྱན་དང་། རྐང་རྒྱན་དང་། རྒྱན་སྣང་བ་དང་། མི་སྣང་བ་དག་འབྱུང་བའི་ཤིང་རྣམས་ཡོད་དོ། །རོལ་མོའི་ཆ་བྱད་སྣ་ཚོགས་འདི་ལྟ་སྟེ། པི་ཝང་དང་། གླིང་བུ་དང་། པི་ཝང་རྒྱུད་གསུམ་པ་དང་། འཁར་རྔ་དང་། ཧམ་ཤང་རྣམས་འབྱུང་བའི་ཤིང་དག་ཡོད་དེ། ལྷ་དང་ལྷའི་བུ་མོ་རྣམས་ཀྱིས་ཇི་ལྟ་བུར་འདོད་པར་སེམས་བསྐྱེད་མ་ཐག་ཏུ་དེ་ལྟ་བུར་དེ་དག་གི་ལག་ཏུ་འོང་བར་འགྱུར་རོ། །བདུད་རྩི་རྣམ་པ་བཞི་དང་། སྦྲང་རྩི་དང་སྦྲང་ཆང་གི་བཏུང་བ་དག་ཀྱང་ཡོད་དོ། །ཡང་ཐོག་ རྣམས་དང་། ཁང་པ་བརྩེགས་པ་རྣམས་དང་། ཁྱིམ་རྣམས་དང་། ཁང་བཟངས་རྣམས་དང་། བསིལ་ཁང་རྣམས་དང་། ལྟད་མོ་ལྟ་བའི་ས་རྣམས་དང་། ཟམ་པ་རྣམས་བུད་མེད་ཀྱི་ཚོགས་ཀྱིས་མཛེས་པར་བྱས་ཤིང་ལྷའི་བུ་མོ་མང་པོས་བརྟེན་པ་དང་། སིལ་སྙན་དང་། ཕེག་རྡོབ་པ་དག་གི་སྒྲ་སྙན་པ་སྒྲོགས་པ་དང་། དྲི་སྣ་ཚོགས་ཀྱིས་ལེགས་པར་བསྒོས་པ་དང་། ཁ་ཟས་དང་། བཏུང་བ་དང་ལྡན་པ་དག་ཀྱང་ཡོད་དོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་འཁོར་དང་བཅས་པ་རྩེ་ཞིང་དགའ་ལ་དགའ་དགུར་སྤྱོད་དོ། །རང་གི་ལས་ཀྱི་འབྲས་བུ་ཉམས་ སུ་མྱོང་ངོ་། །ལྷའི་གྲོང་ཁྱེར་གྱི་ཤར་ལྷོའི་མཚམས་ན་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་ལྷའི་འདུན་ས་ཆོས་བཟངས་ཞེས་བྱ་བ་ཡོད་དེ། ཆུར་དཔག་ཚད་སུམ་བརྒྱ། ཞེང་དུ་དཔག་ཚད་སུམ་བརྒྱ་མཐའ་སྐོར་དུ་དཔག་ཚད་དགུ་བརྒྱ་ཡོད་དེ། ལྷའི་གྲོང་ ཁྱེར་ལས་དཔག་ཚད་ཕྱེད་དང་བཞིས་འཕགས་སོ། །ལྷའི་མདུན་ས་ཆོས་བཟངས་ཀྱི་ས་གཞི་དང་། ཡང་ཐོག་དང་། ཀ་བ་དང་། སྤྱི་འདུས་ཀྱི་གདུང་དང་། ཡང་ཐོག་གི་རྩེ་བཞི་དང་། ཕྱམ་གཟུམ་དང་། ཕྱམ་དགུ་པོ་ཐམས་ཅད་ཤེལ་ལས་བྱས་པ་དབྱིབས་ལེགས་ཤིང་བལྟ་ན་ སྡུག་ལ་མཛེས་པ་སྟེ། ལན་ཀན་གསེར་ལས་བྱས་པ་དང་། དངུལ་ལས་བྱས་པ་དང་། བཻ་ཌཱུརྱ་ལས་བྱས་པ་དང་། ཤེལ་ལས་བྱས་པ་རྣམ་པ་བཞིས་ཀུན་ནས་བསྐོར་ཏེ། །དེ་ལ་སྒོ་དང་། ཡ་ཕུབས་དང་། གྷ་ན་དང་། ཡང་ཐོག་གི་རྩེ་བཞི་དང་། ལུ་ན་དང་། ཕྱམ་དགུ་པོ་ཡོད་དེ། ཕུམ་དགུ་པོ་རེ་རེ་ལ་ཡང་ཀ་བ་བཅུ་དྲུག་གིས་བརྟེན་ཏོ། །རྒྱུ་བའི་ལམ་ནི་རིམ་པ་བདུན་ཡོད་དོ། །དེའི་དབུས་སུ་བཻ་ཌཱུརྱ་ལས་བྱས་པའི་ཀ་བ་ཟུར་བརྒྱད་པ། གསལ་ཞིང་འཕན་མེད་ལ་རིགས་དང་ལྡན་པ་ཞིག་ཡོད་དེ། སྐྲའི་རྩེ་མོ་ཙམ་གྱི་ཁང་པ་བརྩེགས་པའི་སྤྱི་འདུས་ཀྱི་རྟེན་ལ་མི་རེག་ གོ། །དེའི་འོག་ན་ལྷའི་དབང་པོ་བརྒྱ་བྱིན་གྱི་གསེར་གྱི་ཁྲི་བཟང་པོ་དང་། སུམ་ཅུ་རྩ་གསུམ་པའི་ལྷ་ལྷག་མ་རྣམས་ཀྱི་ཁྲི་བཤམས་པ་ཡོད་དོ། །དེར་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་འདུས་ཤིང་འཁོད་ནས་ལྷ་རྣམས་དང་། མི་རྣམས་ཀྱི་དོན་དང་། ཆོས་སེམས་ཤིང་སྤྱོད་དེ། ཡོངས་ སུ་རྟོགས་པར་བྱེད་དོ། །ལྷའི་གྲོང་ཁྱེར་ནས་རྒྱུ་བའི་ལམ་སྲིད་དུ་དཔག་ཚད་བཅུ་གཉིས། ཞེང་དུ་ཡང་དཔག་ཚད་བཅུ་གཉིས་པ་དབྱིབས་ལེགས་ཤིང་བལྟ་ན་སྡུག་ལ་མཛེས་པ། གསེར་གྱི་བྱེ་མ་བདལ་ཞིང་ཙནྡན་གྱི་ཆུས་ཆག་ཆག་བཏབ་པ་ཞིག་ཡོད་དེ། དེའི་གློ་གཡས་གཡོན་ ན་མེ་ཏོག་གི་ཤིང་དང་། འབྲས་བུའི་ཤིང་སྣ་ཚོགས་ཡོད་པ་རྣམས་ལེགས་པར་སྐྱེས་ཏེ། དབྱིབས་ལེགས་ལ་ཡོངས་སུ་གྲུབ་པ་སྟེ། མེ་ཏོག་ཕྲེང་བར་བཀོད་པ་བཞིན་དུ་གྱུར་པ་ནི་དཔེར་ན་མེ་ཏོག་ཕྲེང་རྒྱུད་དམ། མེ་ཏོག་ཕྲེང་རྒྱུད་ཀྱི་སློབ་མ་མཁས་པས་མེ་ཏོག་གི་ཕྲེང་བ་ཐ་གུ་ ལ་བརྒྱུས་པ་དང་། མེ་ཏོག་གི་རྣ་རྒྱན་ལེགས་པར་བྱས་པ་བཞིན་ཏེ། ཐང་ལས་སྐྱེས་པའི་བྱ་སྣ་ཚོགས་སྐད་སྙན་ཅིང་འཇེབས་པ་དང་། སྐད་ཡིད་དུ་འོང་བ་དང་། སྐད་སྙན་པ་དང་། འདོད་དགུར་སྒྱུར་བའི་གཟུགས་ཅན་རྣམས་སྐད་སྙན་པ་འབྱིན་ཏོ། །ལྷའི་གྲོང་ཁྱེར་འོབས་བདུན་ རིམ་གྱིས་ཀུན་ནས་བསྐོར་ཏེ། འོབས་དེ་དག་ཀྱང་ཟབས་དང་། རྒྱར་དཔག་ཚད་གཅིག་ཙམ་ཡོད་དེ། ཕ་གུ་གསེར་ལས་བྱས་པ་དང་། དངུལ་ལས་བྱས་པ་དང་། བཻ་ཌཱུརྱ་ལས་བྱས་པ་དང་། ཤེལ་ལས་བྱས་པ་རྣམ་པ་བཞིས་བརྩིགས་པ་ན། ཆུ་བསིལ་ཞིང་ཆུ་སྦྲང་རྩི་ལྟ་བུས་ གང་སྟེ། མེ་ཏོག་ཨུཏྤ་ལ་དང་། པདྨ་དང་། ཀུ་མུ་ཏ་དང་། པདྨ་དཀར་པོས་ཡོངས་སུ་ཁེབས་ལ། ཆུ་ལས་སྐྱེས་པའི་བྱ་སྣ་ཚོགས་སྐད་སྙན་ཅིང་འཇེབས་པ་དང་། སྐད་ཡིད་དུ་འོང་བ་དང་། སྐད་སྙན་པ་དང་། འདོད་དགུར་སྒྱུར་བའི་གཟུགས་ཅན་རྣམས་སྐད་སྙན་པ་འབྱིན་ཏོ། ། འོབས་དེ་དག་ན་ཆུ་ཀ་དང་། རྒྱུ་མོ་གུང་དང་། འབྲུ་སྣ་ཚོགས་རྣམས་བྱས་པ་དག་ཡོད་དེ། སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཆུའི་རྩེད་མོ་ལ་རྩེ་ཞིང་དགའ་ལ་དགའ་དགུར་སྤྱོད་དོ། །འོབས་དེ་དག་གི་ཉེ་འཁོར་ན་མེ་ཏོག་གི་ཤིང་དང་། འབྲས་བུའི་ཤིང་སྣ་ཚོགས་ཡོད་པ་རྣམས་ལེགས་ པར་ཡོངས་སུ་གྲུབ་པ་སྟེ། མེ་ཏོག་ཕྲེང་བར་བཀོད་པ་བཞིན་དུ་གྱུར་པ་ནི་དཔེར་ན་མེ་ཏོག་ཕྲེང་རྒྱུད་དམ། མེ་ཏོག་ཕྲེང་རྒྱུད་ཀྱི་སློབ་མ་མཁས་པས་མེ་ཏོག་ཕྲེང་བ་ཐ་གུ་ལ་བརྒྱུས་པ་དང་། མེ་ཏོག་གི་རྣ་རྒྱན་ལེགས་པར་བྱས་པ་བཞིན་ཏེ། ཐང་ལས་སྐྱེས་པའི་བྱ་སྣ་ཚོགས་སྐད་སྙན་ ཅིང་འཇེབས་པ་དང་། སྐད་ཡིད་དུ་འོང་བ་དང་། སྐད་མཉེན་པ་དང་། འདོད་དགུར་སྒྱུར་བའི་གཟུགས་ཅན་རྣམས་སྐད་སྙན་པ་འབྱིན་ཏོ། །དེ་ན་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་འཁོར་དང་བཅས་པ་རྩེ་ཞིང་དགའ་ལ་དགའ་དགུར་སྤྱོད་དེ། རང་གི་ལས་ཀྱི་འབྲས་བུ་ཉམས་སུ་མྱོང་ངོ་། ། ལྷའི་གྲོང་ཁྱེར་གྱི་ཤར་ཕྱོགས་དཔག་ཚད་ཉི་ཤུ་ན་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་སྐྱེད་མོས་ཚལ་ཤིང་རྟ་སྣ་ཚོགས་ཅན་ཞེས་བྱ་བ་ཞིག་ཡོད་དེ། ཆུར་དཔག་ཚད་ཉིས་བརྒྱ་ལྔ་བཅུ། ཞེང་དུ་ཡང་དཔག་ཚད་ཉིས་བརྒྱ་ལྔ་བཅུ། མཐའ་སྐོར་དུ་དཔག་ཚད་སྟོང་ཡོད་པ། དབྱིབས་ལེགས་ ཤིང་བལྟ་ན་སྡུག་ལ་མཛེས་པ། གསེར་གྱི་ར་བས་ཀུན་ནས་བསྐོར་ཏེ། ར་བ་དེའི་འཕང་དུ་དཔག་ཚད་གཅིག་ཡོད་ལ། ར་བ་དེ་ལ་རྩིག་སྐྱབས་གསེར་ལས་བྱས་པ་དང་། དངུལ་ལས་བྱས་པ་དང་། བཻ་ཌཱུརྱ་ལས་བྱས་པ་དང་། ཤེལ་ལས་བྱས་པ་རྣམ་པ་བཞི་ ཡོད་དོ། །གྱེན་དུ་འཕང་བ་དང་། མཐུར་དུ་འཕང་བའི་མདའ་ཡབ་དང་། ཟམ་པ་རྒྱུ་བ་རྣམ་པ་བཞི་ཡོད་དེ། གསེར་ལས་བྱས་པ་དང་། དངུལ་ལས་བྱས་པ་དང་། བཻ་ཌཱུརྱ་ལས་བྱས་པ་དང་། ཤེལ་ལས་བྱས་པ་རྣམས་སོ། །དེའི་ནང་གི་ས་གཞི་ནི་དབྱིབས་ལེགས་ཤིང་བལྟ་ན་ སྡུག་ལ་མཛེས་པར་བྲིས་ཤིང་ལེགས་པར་བྲིས་པ། ཚོན་སྣ་བརྒྱ་རྩ་གཅིག་གིས་བྲིས་པ་སྟེ། འཇམ་ཤིང་ཤིན་ཏུ་འཇམ་པ་ནི་དཔེར་ན་ཤིང་བལ་གྱི་འདའ་བའམ། རས་བལ་གྱི་འདའ་བ་བཞིན་དུ། རྐང་པ་བཞག་ན་ནི་ནེམས་ཞེས་བྱེད་རྐང་པ་བཏེག་ན་པར་ཞེས་བྱེད་ལ། མེ་ ཏོག་མན་ད་ར་བ་མང་པོས་པུས་མོ་ནུབ་པ་ཙམ་དུ་ཡོངས་སུ་ཁེབས་ཏེ། རླུང་གི་མཐུས་མེ་ཏོག་རྙིང་པ་རྣམས་ནི་འཐོར། མེ་ཏོག་གསར་པ་རྣམས་ནི་ལེགས་པར་འགྲེམས་ཏེ། འདི་སྐད་དུ། ལྷ་རྣམས་བསོད་ནམས་དབང་གི་རྐྱེན་གྱིས་ན། །ཤིང་རྟ་སྣ་ཚོགས་ཅན་ན་རླུང་ཆེན་ལྡང་། ། མེ་ཏོག་རྙིང་པ་རྣམས་ནི་འཐོར་བར་བྱེད། །མེ་ཏོག་གསར་པ་རྣམས་ནི་ལེགས་པར་འགྲེམས། །ཞེས་ཀྱང་བྱའོ། །སྐྱེད་མོས་ཚལ་ཤིང་རྟ་སྣ་ཚོགས་ཅན་གྱི་ནང་ན་རྫིང་བུ་ཞིག་ཡོད་དེ། ཆུར་དཔག་ཚད་ལྔ་བཅུ། ཞེང་དུ་ཡང་དཔག་ཚད་ལྔ་བཅུ། མཐའ་སྐོར་དུ་དཔག་ཚད་ཉིས་ བརྒྱ་ཡོད་དེ། རྫིང་བུ་དེ་ཡང་གསེར་ལས་བྱས་པ་དང་། དངུལ་ལས་བྱས་པ་དང་། བཻ་ཌཱུརྱ་ལས་བྱས་པ་དང་། ཤེལ་ལས་བྱས་པའི་ཕ་གུ་རྣམ་པ་བཞིས་བརྩིགས་སོ། །རྫིང་བུ་དེའི་ཕྱོགས་བཞི་ན་ཐེམ་སྐས་བྱས་པ་ཡོད་དེ། ཐེམ་སྐས་དེ་དག་ཀྱང་གསེར་ལས་བྱས་པ་དང་། དངུལ་ ལས་བྱས་པ་དང་། བཻ་ཌཱུརྱ་ལས་བྱས་པ་དང་། ཤེལ་ལས་བྱས་པའི་ཕ་གུ་རྣམ་པ་བཞིས་བརྩིགས་སོ། །རྫིང་བུ་དེའི་ལན་ཀན་གསེར་ལས་བྱས་པ་དང་། དངུལ་ལས་བྱས་པ་དང་། བཻ་ཌཱུརྱ་ལས་བྱས་པ་དང་། ཤེལ་ལས་བྱས་པ་རྣམ་པ་བཞིས་ཀུན་ནས་བསྐོར་ཏེ། ཆུ་བསིལ་བ་དང་། ཆུ་ སྦྲང་རྩི་ལྟ་བུས་གང་ཞིང་། མེ་ཏོག་ཨུཏྤ་ལ་དང་། པདྨ་དང་། ཀུ་མུ་ཏ་དང་། པདྨ་དཀར་པོས་ཡོངས་སུ་ཁེབས་ལ། ཆུ་ནས་སྐྱེས་པའི་བྱ་སྣ་ཚོགས་སྐད་སྙན་ཅིང་འཇེབས་པ་དང་། སྐད་ཡིད་དུ་འོང་བ་དང་། སྐད་མཉེན་པ་དང་། འདོད་དགུར་སྒྱུར་བའི་གཟུགས་ཅན་རྣམས་སྐད་སྙན་ པ་འབྱིན་ཏོ། །རྫིང་བུ་དེའི་ཉེ་འཁོར་ན་མེ་ཏོག་གི་ཤིང་དང་། འབྲས་བུའི་ཤིང་ཡོད་པ་རྣམས་ལེགས་པར་སྐྱེས་ཤིང་དབྱིབས་ལེགས་ལ་ཡོངས་སུ་གྲུབ་པ་སྟེ། མེ་ཏོག་ཕྲེང་བར་བཀོད་པ་བཞིན་དུ་གྱུར་པ་ནི་དཔེར་ན་མེ་ཏོག་ཕྲེང་རྒྱུད་དམ། མེ་ཏོག་ཕྲེང་རྒྱུད་ཀྱི་སློབ་མ་མཁས་པས་མེ་ཏོག་ གི་ཕྲེང་བ་ཐ་གུ་ལ་བརྒྱུས་པ་དང་མེ་ཏོག་གི་རྣ་རྒྱན་ལེགས་པར་བྱས་པ་བཞིན་ཏེ། ཐང་ལས་སྐྱེས་པའི་བྱ་སྣ་ཚོགས་སྐད་སྙན་ཅིང་འཇེབས་པ་དང་། སྐད་ཡིད་དུ་འོང་བ་དང་། སྐད་སྙན་པ་དང་། འདོད་དགུར་སྒྱུར་བའི་གཟུགས་ཅན་རྣམས་སྐད་སྙན་པ་འབྱིན་ཏོ། །དཔག་བསམ་གྱི་ ཤིང་སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་རྣམ་པ་བཞི་ཡོད་དོ། །གཞག་གོས་སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་རྣམ་པ་བཞི་ཡོད་དོ། །དཔག་བསམ་ཤིང་ལས་བྱུང་བའི་གོས་སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་རྣམ་པ་བཞི་ ཡོད་དོ། །རྒྱན་སྣ་ཚོགས་ལག་རྒྱན་དང་། རྐང་རྒྱན་དང་། རྒྱན་སྣང་བ་དང་། མི་སྣང་བ་དག་འབྱུང་བའི་ཤིང་དག་ཡོད་དོ། །རོལ་མོའི་ཆ་བྱད་སྣ་ཚོགས་འདི་ལྟ་སྟེ། པི་ཝང་དང་། གླིང་བུ་དང་། པི་ཝང་རྒྱུད་གསུམ་པ་དང་། འཁར་རྔ་དང་། ཧམ་ཤང་རྣམས་འབྱུང་བའི་ཤིང་དག་ཡོད་ དོ། །ལྷ་འམ་ལྷའི་བུ་མོ་རྣམས་ཀྱིས་ཇི་ལྟ་བུར་འདོད་པར་སེམས་བསྐྱེད་མ་ཐག་ཏུ་དེ་ལྟ་བུར་དེ་དག་གི་ལག་ཏུ་འོང་བར་འགྱུར་རོ། །བདུད་རྩི་རྣམ་པ་བཞི་དང་། སྦྲང་རྩི་དང་། སྦྲང་ཆང་གི་བཏུང་བ་དག་ཀྱང་ཡོད་དོ། །ཡང་ཐོག་རྣམས་དང་ཁང་པ་བརྩེགས་པ་རྣམས་དང་། ཁྱིམ་རྣམས་དང་ ཁང་བཟངས་རྣམས་དང་། བསིལ་ཁང་རྣམས་དང་། ལྟད་མོ་ལྟ་བའི་ས་རྣམས་དང་། ཟམ་པ་རྣམས་བུད་མེད་ཀྱི་ཚོགས་ཀྱིས་མཛེས་པར་བྱས་ཤིང་། ལྷའི་བུ་མོ་མང་པོས་བརྟེན་པ་དང་། སིལ་སྙན་དང་། ཕེག་རྡོབ་པ་དག་གི་སྒྲ་སྙན་པ་སྒྲོགས་པ་དང་། དྲི་སྣ་ཚོགས་ཀྱིས་ལེགས་པར་ བསྒོས་པ་དང་། ཁ་ཟས་དང་། བཏུང་བ་དང་ལྡན་པ་དག་ཡོད་དེ། དེ་ན་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་འཁོར་དང་བཅས་པ་རྩེ་ཞིང་དགའ་ལ་དགའ་དགུར་སྤྱོད་དོ། །རང་གི་ལས་ཀྱི་འབྲས་བུ་ཉམས་སུ་མྱོང་ངོ་། །དེའི་ལམ་ཆུར་དཔག་ཚད་ཉི་ཤུ། ཞེང་དུ་དཔག་ ཚད་ཕྱེད་དང་གཉིས་པ་དབྱིབས་ལེགས་ཤིང་བལྟ་ན་སྡུག་ལ་མཛེས་པ་གསེར་གྱི་ཕྱེ་མ་བདལ་ཞིང་ཙནྡན་གྱི་ཆུས་ཆག་ཆག་བཏབ་པ་ཡོད་དེ། དེའི་གློ་གཡས་གཡོན་ན་མེ་ཏོག་གི་ཤིང་དང་། འབྲས་བུའི་ཤིང་སྣ་ཚོགས་ཡོད་པ་རྣམས་ལེགས་པར་སྐྱེས་ཤིང་དབྱིབས་ལེགས་ལ་ཡོངས་སུ་ གྲུབ་པ་སྟེ། མེ་ཏོག་ཕྲེང་བར་བཀོད་པ་བཞིན་དུ་གྱུར་པ་ནི་དཔེར་ན། མེ་ཏོག་ཕྲེང་རྒྱུད་དམ། མེ་ཏོག་ཕྲེང་རྒྱུ