Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 139

Văn bản gốc(Tây Tạng)

Trang 4 / 15 (50.000 ký tự/trang)
ང་ཞིག་ཡང་དག་པར་བླངས་ཏེ། འཁོད་པར་བྱ་སྙམ་དུ་སེམས་སོ། །དེ་དག་འདི་སྙམ་དུ་ཀྱེ་བདག་ཅག་ནི་
བརྫུན་དུ་སྨྲ་བ་ཡིན་གྱི། བདག་ཅག་གིས་བརྫུན་དུ་སྨྲ་བ་སྤང་བར་བྱའོ་ཞེས་ནས་དེ་དག་བརྫུན་དུ་སྨྲ་བ་སྤོང་ངོ་། །ཚེ་ལོ་བརྒྱ་པའི་མི་བརྫུན་དུ་སྨྲ་བ་སྤོང་བ་དེ་དག་གི་བུ་དང་བུ་མོ་བཙས་པ་རྣམས་ཚེ་ལོ་ཉིས་བརྒྱ་ཐུབ་པར་གྱུར་ཏེ། དེ་དག་ལས་ཁ་ཅིག་ནི་ཚེ་ལོ་ཉིས་བརྒྱ་ལྔ་བཅུ་ཐུབ་པར་གྱུར་ཏོ། །
ཚེ་ལོ་ཉིས་བརྒྱ་ལྔ་བཅུ་པའི་མི་རྣམས་འདི་སྙམ་དུ་ཀྱེ་དགེ་བའི་ཆོས་རྣམས་ཡང་དག་པར་བླངས་པའི་ཕྱིར་ཚེ་ཡང་ནུར་ལ། ཁ་དོག་དང་སྟོབས་དང་བདེ་བ་དང་ལོངས་སྤྱོད་ཀྱང་འཕེལ་བར་སྣང་གི་བདག་ཅག་གིས་ཡང་ལྷག་པར་དགེ་བའི་ཆོས་འགའ་ཞིག་ཡང་དག་པར་བླངས་ཏེ་འཁོད་པར་བྱ་ན།
བདག་ཅག་གིས་དགེ་བའི་ཆོས་གང་ཞིག་ཡང་དག་པར་བླངས་ཏེ་འཁོད་པར་བྱ་སྙམ་དུ་སེམས་སོ། །དེ་དག་འདི་སྙམ་དུ་ཀྱེ་བདག་ཅག་ནི་ཕྲ་མ་ཅན་ཡིན་གྱི། བདག་ཅག་གིས་ཕྲ་མ་སྤང་བར་བྱའོ་ཞེས་ནས་དེ་དག་ཕྲ་མ་སྤོང་ངོ་། །ཚེ་ལོ་ཉིས་བརྒྱ་ལྔ་བཅུ་པའི་མི་ཕྲ་མ་སྤོང་བ་དེ་དག་གི་བུ་དང་བུ་མོ་

བཙས་པ་རྣམས་ཚེ་ལོ་ལྔ་བརྒྱ་ཐུབ་པར་གྱུར་ཏེ། ཚེ་ལོ་ལྔ་བརྒྱ་པའི་མི་རྣམས་ཀྱེ་དགེ་བའི་ཆོས་རྣམས་ཡང་དག་པར་བླངས་པའི་ཕྱིར་ཚེ་ཡང་ནུར་ལ། ཁ་དོག་དང་སྟོབས་དང་བདེ་བ་དང་ལོངས་སྤྱོད་ཀྱང་འཕེལ་བར་སྣང་གི། བདག་ཅག་གིས་ཡང་
ལྷག་པར་དགེ་བའི་ཆོས་འགའ་ཞིག་ཡང་དག་པར་བླངས་ཏེ་འཁོད་པར་བྱ་ན། བདག་ཅག་གིས་དགེ་བའི་ཆོས་གང་ཞིག་ཡང་དག་པར་བླངས་ཏེ་འཁོད་པར་བྱ་སྙམ་དུ་སེམས་སོ། །དེ་དག་འདི་སྙམ་དུ་ཀྱེ་བདག་ཅག་ནི་ཚིག་རྩུབ་པོ་སྨྲ་བ་ཡིན་གྱི། བདག་ཅག་གིས་ཚིག་རྩུབ་པོ་སྤང་བར་བྱའོ་ཞེས་
ནས་དེ་དག་ཚིག་རྩུབ་པོ་སྤོང་ངོ་། །ཚེ་ལོ་ལྔ་བརྒྱ་པའི་མི་ཚིག་རྩུབ་པོ་སྤོང་བ་དེ་དག་གི་བུ་དང་བུ་མོ་བཙས་པ་རྣམས་ཚེ་ལོ་སྟོང་ཐུབ་པར་གྱུར་ཏོ། །ཚེ་ལོ་སྟོང་ཐུབ་པའི་མི་རྣམས་འདི་སྙམ་དུ་ཀྱེ་དགེ་བའི་ཆོས་རྣམས་ཡང་དག་པར་བླངས་པའི་ཕྱིར་ཚེ་ཡང་ནུར་ལ། ཁ་དོག་དང་སྟོབས་དང་བདེ་བ་དང་
ལོངས་སྤྱོད་དག་ཀྱང་འཕེལ་བར་སྣང་གི། བདག་ཅག་གིས་ཡང་ལྷག་པར་དགེ་བའི་ཆོས་འགའ་ཞིག་ཡང་དག་པར་བླངས་ཏེ་འཁོད་པར་བྱ་ན། བདག་ཅག་གིས་དགེ་བའི་ཆོས་གང་ཞིག་ཡང་དག་པར་བླངས་ཏེ་འཁོད་པར་བྱ་སྙམ་དུ་སེམས་སོ། །དེ་དག་འདི་སྙམ་དུ་ཀྱེ་བདག་ཅག་ནི་ཚིག་
འཁྱལ་པ་ཅན་ཡིན་གྱི། བདག་ཅག་གིས་ཚིག་འཁྱལ་པ་སྤོང་ངོ་། །ཚེ་ལོ་སྟོང་པའི་མི་ཚིག་འཁྱལ་པ་སྤོང་བ་དེ་དག་གི་བུ་དང་བུ་མོ་བཙས་པ་རྣམས་ཚེ་ལོ་ཉིས་སྟོང་ཐུབ་པར་འགྱུར་ཏེ། དེ་དག་ལས་ཁ་ཅིག་ནི་ཚེ་ལོ་ཉིས་སྟོང་ལྔ་བརྒྱ་ཐུབ་པར་གྱུར་ཏོ། །ཚེ་ལོ་ཉིས་སྟོང་ལྔ་བརྒྱ་པའི་མི་
རྣམས་འདི་སྙམ་དུ་ཀྱེ་དགེ་བའི་ཆོས་རྣམས་ཡང་དག་པར་བླངས་པའི་ཕྱིར་ཚེ་ཡང་ནུར་ལ། ཁ་དོག་དང་སྟོབས་དང་བདེ་བ་དང་ལོངས་སྤྱོད་དག་ཀྱང་འཕེལ་བར་སྣང་གི། བདག་ཅག་གིས་ཡང་ལྷག་པར་དགེ་བའི་ཆོས་འགའ་ཞིག་ཡང་དག་པར་བླངས་ཏེ་འཁོད་པར་བྱ་ན། བདག་ཅག་གིས་
དགེ་བའི་ཆོས་གང་ཞིག་ཡང་དག་པར་བླངས་ཏེ་འཁོད་པར་བྱ་སྙམ་དུ་སེམས་སོ། །དེ་དག་འདི་སྙམ་དུ་ཀྱེ་བདག་ཅག་ནི་བརྣབ་སེམས་ཅན་ཡིན་གྱི། བདག་ཅག་གིས་བརྣབ་སེམས་སྤང་བར་བྱའོ་ཞེས་ནས་དེ་དག་བརྣབས་སེམས་སྤོང་ངོ་། །ཚེ་ལོ་ཉིས་སྟོང་ལྔ་བརྒྱ་པའི་མི་བརྣབ་སེམས་

སྤོང་བ་དེ་དག་གི་བུ་དང་བུ་མོ་བཙས་པ་རྣམས་ཚེ་ལོ་ལྔ་སྟོང་ཐུབ་པར་འགྱུར་ཏེ། ཚེ་ལོ་ལྔ་སྟོང་པའི་མི་རྣམས་འདི་སྙམ་དུ་ཀྱེ་དགེ་བའི་ཆོས་རྣམས་ཡང་དག་པར་བླངས་པའི་ཕྱིར་ཚེ་ཡང་ནུར་ལ། ཁ་དོག་དང་སྟོབས་དང་བདེ་བ་དང་། ལོངས་སྤྱོད་དག་ཀྱང་འཕེལ་བར་སྣང་གི། བདག་ཅག་གིས་
ཡང་ལྷག་པར་དགེ་བའི་ཆོས་འགའ་ཞིག་ཡང་དག་པར་བླངས་ཏེ་འགོད་པར་བྱ་ན། བདག་ཅག་གིས་དགེ་བའི་ཆོས་གང་ཞིག་ཡང་དག་པར་བླངས་ཏེ་འཁོད་པར་བྱ་སྙམ་དུ་སེམས་སོ། །དེ་དག་འདི་སྙམ་དུ་ཀྱེ་བདག་ཅག་ནི་གནོད་སེམས་ཅན་ཡིན་གྱི། བདག་གིས་གནོད་སེམས་སྤང་བར་
བྱའོ་ཞེས་ནས་དེ་དག་གནོད་སེམས་སྤོང་ངོ་། །ཚེ་ལོ་ལྔ་སྟོང་པའི་མི་གནོད་སེམས་སྤོང་བ་དེ་དག་གི་བུ་དང་བུ་མོ་བཙས་པ་རྣམས་ཚེ་ལོ་ཁྲི་ཐུབ་པར་གྱུར་ཏོ།། །།འཇིག་རྟེན་གཞག་པ། བམ་པོ་དྲུག་པ། ཚེ་ལོ་ཁྲི་པའི་མི་རྣམས་འདི་སྙམ་དུ་ཀྱེ་དགེ་བའི་ཆོས་རྣམས་
ཡང་དག་པར་བླངས་པའི་ཕྱིར་ཚེ་ཡང་ནུར་ལ། ཁ་དོག་དང་སྟོབས་དང་བདེ་བ་དང་། ལོངས་སྤྱོད་དག་ཀྱང་འཕེལ་བར་སྣང་གི། བདག་ཅག་གིས་ཡང་ལྷག་པར་དགེ་བའི་ཆོས་འགའ་ཞིག་ཡང་དག་པར་བླངས་ཏེ་འཁོད་པར་བྱ་ན། བདག་ཅག་གིས་དགེ་བའི་ཆོས་གང་ཞིག་ཡང་དག་
པར་བླངས་ཏེ་འཁོད་པར་བྱ་སྙམ་དུ་སེམས་སོ། །དེ་དག་འདི་སྙམ་དུ་བདག་ཅག་ནི་ལོག་པར་ལྟ་བ་ཅན་ཡིན་གྱི། བདག་གིས་ལོག་པར་ལྟ་བ་སྤང་བར་བྱའོ་ཞེས་ནས་དེ་དག་ལོག་པར་ལྟ་བ་སྤོང་ངོ་། །ཚེ་ལོ་ཁྲི་པའི་མི་ལོག་པར་ལྟ་བ་སྤོང་བ་དེ་དག་གི་བུ་དང་བུ་མོ་བཙས་པ་རྣམས་ཚེ་ལོ་ཉི་ཁྲི་
ཐུབ་པར་གྱུར་ཏོ། །ཚེ་ལོ་ཉི་ཁྲི་པའི་མི་རྣམས་འདི་སྙམ་དུ་ཀྱེ་དགེ་བའི་ཆོས་རྣམས་ཡང་དག་པར་བླངས་པའི་ཕྱིར་ཚེ་ཡང་ནུར་ལ། ཁ་དོག་དང་སྟོབས་དང་བདེ་བ་དང་ལོངས་སྤྱོད་དག་ཀྱང་འཕེལ་བར་སྣང་གི། བདག་ཅག་གིས་ཡང་ལྷག་པར་དགེ་བའི་ཆོས་འགའ་ཞིག་ཡང་དག་པར་
བླངས་ཏེ་འཁོད་པར་བྱ་ན། བདག་ཅག་གིས་དགེ་བའི་ཆོས་གང་ཞིག་ཡང་དག་པར་བླངས་ཏེ་འཁོད་པར་བྱ་སྙམ་དུ་སེམས་སོ། །དེ་དག་འདི་སྙམ་དུ་ཀྱེ་བདག་ཅག་ནི་ཆོས་མ་ཡིན་པའི་ཆགས་པས་ཆགས་པ་དང་། མི་རིགས་པའི་འདོད་པས་ཟིལ་གྱིས་ནོན་པ་དང་། ལོག་པའི་ཆོས་དང་

ལྡན་པ་ཡིན་གྱི། བདག་ཅག་གིས་ཆོས་འདི་གསུམ་སྤང་བར་བྱའོ་ཞེས་ནས་དེ་དག་ཆོས་གསུམ་སྤོང་ངོ་། །ཚེ་ལོ་ཉི་ཁྲི་པའི་མི་རྣམས་གསུམ་པོ་དེ་དག་སྤོང་བ་དེ་དག་གི་བུ་དང་བུ་མོ་བཙས་པ་རྣམས་ཚེ་ལོ་བཞི་ཁྲི་ཐུབ་པར་གྱུར་ཏོ། །ཚེ་ལོ་བཞི་ཁྲི་བའི་མི་རྣམས་
འདི་སྙམ་དུ་ཀྱེ་དགེ་བའི་ཆོས་རྣམས་ཡང་དག་པར་བླངས་པའི་ཕྱིར་ཚེ་ཡང་ནུར་ལ། ཁ་དོག་དང་སྟོབས་དང་བདེ་བ་དང་ལོངས་སྤྱོད་དག་ཀྱང་འཕེལ་བར་སྣང་གི། བདག་ཅག་གིས་ཡང་ལྷག་པར་དགེ་བའི་ཆོས་འགའ་ཞིག་ཡང་དག་པར་བླངས་ཏེ་འཁོད་པར་བྱ་ན། བདག་ཅག་གིས་དགེ་
བའི་ཆོས་གང་ཞིག་ཡང་དག་པར་བླངས་ཏེ་འཁོད་པར་བྱ་སྙམ་དུ་སེམས་སོ། །དེ་དག་འདི་སྙམ་དུ་ཀྱེ་བདག་ཅག་ནི་མར་མི་འཛིན་པ། ཕར་མི་འཛིན་པ། དགེ་སྦྱོང་དུ་མི་འཛིན་པ། བྲམ་ཟེར་མི་འཛིན་པ། རིགས་ཀྱི་ནང་ན་རྒན་རབས་ལ་རིམ་གྲོ་མི་བྱེད་པ་ཡིན་གྱི། བདག་ཅག་གིས་མར་
འཛིན་པ་དང་། ཕར་འཛིན་པ་དང་། དགེ་སྦྱོང་དུ་འཛིན་པ་དང་། བྲམ་ཟེར་འཛིན་པ་དང་། རིགས་ཀྱི་ནང་ན་རྒན་རབས་ལ་རིམ་གྲོ་བྱའོ་ཞེས་ནས་དེ་དག་མར་འཛིན་པ་དང་། ཕར་འཛིན་པ་དང་། དགེ་སྦྱོང་དུ་འཛིན་པ་དང་། བྲམ་ཟེར་འཛིན་པ་དང་། རིགས་ཀྱི་ནང་ན་རྒན་རབས་ལ་རིམ་
གྲོ་བྱེད་པ་དེ་དག་གི་བུ་དང་བུ་མོ་བཙས་པ་རྣམས་ཚེ་ལོ་བརྒྱད་ཁྲི་ཐུབ་པར་གྱུར་ཏོ། །ཚེ་ལོ་བརྒྱད་ཁྲི་པའི་མི་རྣམས་འཛམ་བུའི་གླིང་འདི་ཉིད་ན་འབྱོར་པ་དང་རྒྱས་པ་དང་བདེ་བ་དང་ལོ་ལེགས་པར་འགྱུར་ཞིང་སྐྱེ་བོ་དང་མི་མང་པོས་གང་ངོ་། །ཚེ་ལོ་བརྒྱད་ཁྲི་བའི་མི་རྣམས་ཀྱི་གྲོང་དང་གྲོང་
རྡལ་དང་ཡུལ་འཁོར་དང་རྒྱལ་པོའི་ཕོ་བྲང་འཁོར་རྣམས་ཀྱི་བར་བྱ་གག་འཕུར་བས་སླེབས་པ་ཙམ་དུ་འགྱུར་རོ། །ཚེ་ལོ་བརྒྱད་ཁྲི་པའི་མི་རྣམས་ཀྱི་བུ་མོ་བཙས་ནས་ལོ་ལྔ་བརྒྱ་ལོན་ན་ཁྱིམ་ཐབ་ལ་བཏོང་སྟེ། དཔེར་ན་ད་ལྟར་གྱི་མི་རྣམས་ཀྱི་བུ་མོ་བཙས་ནས་ལོ་བཅོ་ལྔའམ་བཅུ་དྲུག་
ལོན་ན་ཁྱིམ་ཐབ་ལ་གཏོང་བ་དེ་བཞིན་དུ། ཚེ་ལོ་བརྒྱད་ཁྲི་པའི་མི་རྣམས་ཀྱི་བུ་མོ་བཙས་ནས་ལོ་ལྔ་བརྒྱ་ལོན་ན་ཁྱིམ་ཐབ་ལ་གཏོང་ངོ་། །ཚེ་ལོ་བརྒྱད་ཁྲི་བའི་མི་རྣམས་ཀྱི་ནང་ནི་རྣམ་པ་གསུམ་ཡོད་དེ་འདོད་པ་དང་། ཟས་མི་ཟ་བ་དང་། རྒ་བ་རྣམས་ཡིན་ནོ། །ཚེ་ལོ་བརྒྱད་ཁྲི་བའི་མི་

རྣམས་ཀྱི་འབྲུ་རྣམས་ནི་ཆེ་ཞིང་མཆོག་ཏུ་ཆེ་སྟེ། དཔེར་ན་ཨིནྡྲ་བེ་ནུའི་འབྲས་བུ་བཞིན་ཏེ། རྒྱལ་ཞིང་མཆོག་ཏུ་རྒྱལ་ལ་སྙེ་མ་གཅིག་པུ་ལས་ཀྱང་བྲེ་བོ་བཞི་འབྱུང་ངོ་། །བཅོམ་ལྡན་འདས་ཀྱིས་ཀྱང་མུ་ཁྱུད་བརྟན་ལུང་བསྟན་པ་ལས་འདི་སྐད་དུ། དགེ་སློང་དག་མི་རྣམས་ནི་སྡིག་པ་
མི་དགེ་བའི་ཆོས་འདི་དག་ཉིད་ཡང་དག་པར་འཛིན་པའི་ཕྱིར་ཚེ་ལོ་བཅུ་པར་འགྱུར་རོ། །ཚེ་ལོ་བཅུ་པའི་མི་རྣམས་ཀྱི་ནང་ན་གང་ཡུན་རིང་དུ་འཚོ་བ་དེས་ལོ་བཅུ་ཐུབ་སྟེ་སྔ་མ་བཞིན་དུ། ཚེ་ལོ་བརྒྱད་ཁྲི་ཐུབ་པའི་མི་རྣམས་ནི་འཛམ་བུའི་གླིང་འདི་ཉིད་ན་འབྱོར་པ་དང་རྒྱས་པ་དང་བདེ་བ་དང་ལོ་
ལེགས་པར་འགྱུར་ཞིང་སྐྱེ་བོ་དང་མི་མང་པོས་གང་ངོ་། །ཚེ་ལོ་བརྒྱད་ཁྲི་བའི་མི་རྣམས་ཀྱི་གྲོང་དང་གྲོང་རྡལ་དང་ཡུལ་འཁོར་དང་། རྒྱལ་པོའི་ཕོ་བྲང་འཁོར་རྣམས་ཀྱི་བར་བྱ་གག་འཕུར་བས་སླེབས་པ་ཙམ་དུ་འགྱུར་རོ། །ཚེ་ལོ་བརྒྱད་ཁྲི་བའི་མི་རྣམས་ཀྱི་བུ་མོ་བཙས་ནས་ལོ་ལྔ་བརྒྱ་ལོན་
པ་ཡང་སྔ་མ་བཞིན་ནོ། །ཚེ་ལོ་བརྒྱད་ཁྲི་པའི་མི་རྣམས་ཀྱི་ནད་རྣམ་པ་གསུམ་ཡོད་དེ། འདོད་པ་དང་། ཟས་མི་ཟ་བ་དང་། རྒ་བ་རྣམས་ཡིན་ནོ་ཞེས་གསུངས་སོ། །གང་གི་ཚེ་ནད་ཀྱི་བར་གྱི་བསྐལ་པ་འོང་དུ་ཆ་ཞིང་འབྱུང་དུ་ཉེ་བར་གྱུར་པ་དེའི་ཚེ་མི་རྣམས་ཀྱི་ཚེ་ལོ་བཅུ་ཐུབ་པར་འགྱུར་ཏེ།
ཚེ་ལོ་བཅུ་པའི་མི་རྣམས་ཀྱི་ནང་ན་གང་ཡུན་རིང་དུ་འཚོ་བ་དེས་ལོ་བཅུ་ཐུབ་སྟེ། རྒྱས་པར་རིང་དུ་གང་འཚོ་བ་དང་བུ་མོ་དང་། །གོས་དང་ཟས་དང་ནུབ་པར་འགྱུར་བ་དང་། །རྒྱན་རྣམས་དང་ནི་བཀུར་དང་སྡང་བ་དང་། །ཞེས་མདོའི་ཚིགས་སུ་བཅད་པ་སྨོས་པར་བྱའོ། །ཚེ་ལོ་བཅུ་པའི་མི་རྣམས་
ཆོས་མ་ཡིན་པ་སྤྱོད་ཅིང་མི་རིགས་པར་བྱེད་དོ། །དེ་དག་ཆོས་མ་ཡིན་པ་སྤྱོད་ཅིང་མི་རིགས་པ་བྱེད་པས་མི་མ་ཡིན་པ་རྣམས་འཁྲུགས་ནས་ནད་དང་། གནོད་པ་དང་། ནད་འགོ་བ་རྣམས་གཏོང་སྟེ། དེར་འདི་ལྟ་སྟེ་མི་མང་པོ་ནད་ཀྱིས་འཆི་བར་འགྱུར་རོ། །དེའི་ཚེ་གང་སུ་ཡང་རུང་སྟེ་ཤི་བ་དེ་དག་
ཐམས་ཅད་ལུས་དང་བྲལ་ནས་སེམས་ཅན་དམྱལ་བར་སྐྱེ་བར་འགྱུར་རོ། །ནད་ཀྱི་བར་གྱི་བསྐལ་པ་དེ་ཡང་ཟླ་བ་བདུན་དང་ཉིན་ཞག་བདུན་ཁོ་ནར་ཟད་དེ། ཟླ་བ་བདུན་དང་ཉིན་ཞག་བདུན་གྱིས་མཐར་ཐུག་པར་བརྗོད་པར་བྱའོ། །དེ་ནས་མི་དེ་དག་འདི་སྙམ་དུ་བདག་ཅག་ཆོས་མ་ཡིན་པར་སྤྱོད་ཅིང་

མི་རིགས་པར་བྱེད་པ་འདི་དང་། སྡུག་བསྔལ་ལ་ཞུགས་པ་འདིས་གཉེན་འདུན་ཟད་ཅིང་ནོར་ཟད་ལ་ལོངས་སྤྱོད་ཟད་པར་གྱུར་གྱི། བདག་ཅག་གིས་དགེ་བའི་ཆོས་འགའ་ཞིག་ཡང་དག་པར་བླངས་ཏེ་འཁོད་པར་བྱ་ན། དགེ་བའི་ཆོས་གང་ཞིག་ཡང་དག་པར་
བླངས་ཏེ་འཁོད་པར་བྱ་སྙམ་དུ་སེམས་སོ། །དེ་དག་འདི་སྙམ་དུ་ཀྱེ་བདག་ཅག་ནི་སྲོག་གཅོད་པ་ཡིན་གྱི། བདག་ཅག་གིས་སྲོག་གཅོད་པ་སྤོང་བར་བྱའོ་ཞེས་ནས་དེ་དག་སྲོག་གཅོད་པ་སྤོང་ངོ་། །ཚེ་ལོ་བཅུ་པའི་མི་སྲོག་གཅོད་པ་སྤང་བ་དེ་དག་གི་བུ་དང་བུ་མོ་བཙས་པ་རྣམས་ཚེ་ལོ་ཉི་ཤུ་
ཐུབ་པར་གྱུར་པ་ནས་རྒྱས་པར་ཚེ་ལོ་བརྒྱད་ཁྲི་བའི་མི་རྣམས་འཛམ་བུའི་གླིང་འདི་ཉིད་ན་འབྱོར་པ་དང་། རྒྱས་པ་དང་། བདེ་བ་དང་ལོ་ལེགས་པར་འགྱུར་ཞིང་སྐྱེ་བོ་དང་མི་མང་པོས་གང་བ་དང་། བུ་མོ་ལོ་ལྔ་བརྒྱ་ལོན་པའི་བར་དུ་སྔ་མ་བཞིན་ནོ། །ནད་རྣམ་པ་གསུམ་ཡོད་པ་ནས་འབྲུ་རྣམས་
ཆེ་ཞིང་མཆོག་ཏུ་ཆེ་སྟེ། དཔེར་ན་ཨིནྡྲ་བེ་ནུའི་འབྲས་བུ་བཞིན་ཏེ། རྒྱལ་ཞིང་མཆོག་ཏུ་རྒྱལ་ལ་སྙེ་མ་གཅིག་པུ་ལས་ཀྱང་བྲེ་བོ་བཞི་འབྱུང་བའི་བར་དུ་རྒྱས་པར་བྱའོ། །གང་གི་ཚེ་མུ་གེའི་བར་གྱི་བསྐལ་པ་འོང་དུ་ཆ་ཞིང་འབྱུང་དུ་ཉེ་བར་གྱུར་པ་དེའི་ཚེ་མི་རྣམས་ཀྱི་ཚེ་ལོ་བཅུ་ཐུབ་པར་འགྱུར་ཏེ། ཚེ་
ལོ་བཅུ་པའི་མི་རྣམས་ཀྱི་ནང་ན་གང་ཡུན་རིང་དུ་འཚོ་བ་དེས་ལོ་བཅུ་ཐུབ་པ་ན། ཚེ་ལོ་བཅུ་པའི་མི་རྣམས་ཆོས་མ་ཡིན་པ་སྤྱོད་ཅིང་མི་རིགས་པ་བྱེད་པའི་བར་དུ་རྒྱས་པར་བྱའོ། །དེ་དག་ཆོས་མ་ཡིན་པ་སྤྱོད་ཅིང་མི་རིགས་པར་བྱེད་པས་ལྷས་དུས་དུས་སུ་ཆར་གྱི་རྒྱུན་ལེགས་པར་མི་འབེབས་ཏེ། མུ་གེ་དང་།
ཚེགས་ཆེན་པོ་དང་། དགོན་པ་དང་། ཐུར་མས་འཚོ་བ་དང་། རྗུད་པ་དང་། རུས་པ་དཀར་པོ་འབྱུང་བར་འགྱུར་ཏེ། མུ་གེ་ཞེས་བྱ་བ་ནི་དེའི་ཚེ་སློང་བ་རྣམས་ཀྱིས་སློང་མོ་རྙེད་པར་དཀའ་སྟེ། དེ་བས་ན་མུ་གེ་ཞེས་བྱའོ། །ཚེགས་ཆེན་པོ་ཞེས་བྱ་བ་ནི་དེའི་ཚེ་མི་རྣམས་རྩོལ་བ་ཆེན་པོ་དང་། འབད་པ་ཆེན་པོ་
དང་། བཤམ་པ་ཆེན་པོ་དང་། ལུས་གཟེར་བ་ཆེན་པོས་ཟས་དང་གོས་སྒྲུབ་པར་བྱེད་དེ། དེ་བས་ན་ཚེགས་ཆེན་པོ་ཞེས་བྱའོ། །དགོན་པ་ཞེས་བྱ་བ་ནི་ཇི་ལྟར་དེ་ལྟར་འབྲོག་ཆེན་པོའི་དགོན་པ་དང་། ཆུའི་དགོན་པ་དང་། ཆོམ་རྐུན་གྱི་དགོན་པ་ཡོད་པ་དེ་བཞིན་དུ། དེའི་ཚེ་བཟའ་བ་དང་། བཏུང་བ་དང་།

བགོ་བའི་དགོན་པ་ཆེན་པོ་ཡོད་དེ། དེ་བས་ན་དགོན་པ་ཞེས་བྱའོ། །རྗུད་པ་ཞེས་བྱ་བ་ནི་ད་ལྟར་གྱི་འགྱེལ་བ་ཞེས་བྱ་བ་ཡིན་པ་དེའི་དུས་ན་རྗུད་པ་ཞེས་བྱ་སྟེ། དེའི་ཚེ་མི་དེ་དག་བཀྲེས་པ་དང་། ཉམ་ཆུང་བ་དང་ལྡན་པས་ས་ལ་འགྱེལ་ཏོ། །འགྱེལ་ནས་ཀྱང་ལྡང་མི་ནུས་སོ། །གཞན་ཡང་
སུ་ཡང་སློང་ནུས་པ་མེད་པ་དེ་དག་དེ་ཉིད་དུ་འཆི་བར་འགྱུར་རོ། །རྗུད་པ་དེས་མི་དེ་ཤི་བས་ན་མིང་རྗུད་པ་རྗུད་པ་ཞེས་བྱ་བར་གྱུར་ཏོ། །གཞན་ཡང་རྗུད་པའི་མིང་ནི་གབ་ཙེ་བ་ལ་ཡང་བྱ་སྟེ། དེའི་ཚེ་མི་དེ་དག་གིས་འབྲུ་སྣ་ཚོགས་དང་། འབྲས་རྣམས་གབ་ཙེའི་ནང་དུ་བཅུག་སྟེ། འདི་སྐྱེ་བོ་ཕྱི་མ་
རྣམས་ཀྱི་འབྲུའི་ས་བོན་དུ་བྱའོ་ཞེས་ནས་འཆི་བར་འགྱུར་རོ། །དེ་བས་ན་རྗུད་པ་ཞེས་བྱའོ། །ཐུར་མས་འཚོ་བ་ཞེས་བྱ་བ་དེའི་ཚེ་ན་མི་རྣམས་ཀྱི་ས་ལས་ས་བོན་གང་སྐྱེད་པ་དེ་དག་འབྲུ་ཆུང་བའམ། འབྲས་བུ་གཅིག་པུ་འབྱུང་བར་འགྱུར་བ་དང་། གཞན་ཡང་ཚེ་ཐུང་བའི་མི་རྣམས་བཟའ་མི་
རིམ་གྱིས་ཐུར་མ་འདྲིམ་སྟེ་དེ་རིང་ནི་ཇོ་བོས་གསོལ་གྱི་སང་ནི་ཇོ་མོས་གསོལ་ལོ། །དེ་རིང་ནི་ཇོ་ཅོས་གསོལ་གྱི་སང་ནི་ཇོ་ཅོ་ལྕམ་གསོལ་ལོ་ཞེས་བྱ་བ་དང་། གཞན་ཡང་དེའི་ཚེ་མི་རྣམས་འབྲས་ཀྱི་བང་བ་དང་། འབྲུའི་བང་བ་དག་ནས་འབྲུ་སྣ་ཚོགས་ཀྱི་འབྲུ་ཐུར་མས་བྲུས་ཏེ། ཆུ་མང་པོ་
དང་རྫ་མའི་ནང་དུ་བླུགས་ནས་བསྐོལ་ཏེ། འཐུང་བས་དེའི་ཕྱིར་ཐུར་མས་འཚོ་བ་ཞེས་བྱའོ། །རུས་པ་དཀར་པོ་ཞེས་བྱ་བ་ནི་དེའི་ཚེ་མི་རྣམས་བཀྲེས་ཤིང་ཉམ་ཆུང་བ་དང་ལྡན་བཞིན་དུ་འཆི་བ་དེ་དག་གི་རུས་པ་དེ་དག་རྩུབ་ཅིང་སྣུམ་བག་མེད་པ་དང་། གཞན་ཡང་དེའི་ཚེ་མི་རྣམས་ཀྱིས་རུས་
པ་དེ་དག་བསྡུས་ཏེ། ཆུ་མང་པོ་དང་རྫ་མའི་ནང་དུ་བླུགས་ནས་རུས་པའི་ཁུ་བ་བསྐོལ་ཏེ་འཐུང་བས་དེའི་ཕྱིར་རུས་པ་དཀར་པོ་ཞེས་བྱའོ། །དེ་དག་ལ་སོགས་པ་རྣམ་གྲངས་མང་པོ་རྣམས་བརྗོད་པར་བྱའོ། །དེའི་ཚེ་མུ་གེ་ཆེན་པོའི་བར་གྱི་བསྐལ་པ་དེ་དེ་ལྟ་བུར་འགྱུར་ཏེ། དེའི་ཚེ་གང་
སུ་ཡང་རུང་སྟེ་ཤི་བ་དེ་དག་ཐམས་ཅད་ཡི་དགས་སུ་སྐྱེ་བར་འགྱུར་རོ། །མུ་གེའི་བར་གྱི་བསྐལ་པ་དེ་ཡང་ལོ་བདུན་དང་། ཟླ་བ་བདུན་དང་། ཉིན་ཞག་བདུན་ཁོ་ནར་ཟད་དེ། ལོ་བདུན་དང་། ཟླ་བ་བདུན་དང་ཉིན་ཞག་བདུན་འདས་ནས་མཐར་ཐུག་པར་བརྗོད་པར་བྱའོ། །དེར་མི་གང་མུ་གེའི་

བར་གྱི་བསྐལ་པས་འདོག་ཅིང་འཛེམ་པར་གྱུར་ལ་སྨོད་ཅིང་རྣམ་པར་སྨོད་པ་དེ་དག་ལས་ཁ་ཅིག་ཆུ་ཀླུང་ཆེན་པོ་དང་། མཚོ་ཆེན་པོ་དང་། རྫིང་ཆེན་པོ་དག་དང་། ལུ་མ་ཆེན་པོ་དག་དང་། ལྟེང་ཀ་དག་ཏུ་སོང་ནས་ཁྲེ་རྒོད་དང་། ཨུཏྤ་ལའི་རྩ་བ་དག་གིས་འཚོ་ཞིང་
འདུག་སྟེ། ལོ་བདུན་དང་། ཟླ་བ་བདུན་དང་། ཉིན་ཞག་བདུན་ལོན་ནས་གྲོང་དང་གྲོང་རྡལ་དང་། ཡུལ་འཁོར་དང་། རྒྱལ་པོའི་ཕོ་བྲང་འཁོར་དག་ཏུ་ཕྱིར་ལྡོག་སྟེ། སེམས་ཅན་དེ་དག་གཅིག་གིས་གཅིག་མཐོང་ནས་ཤས་ཆེར་བྱམས་པ་དང་། སྡུག་པ་དང་། གུས་པ་དང་། སྙིང་བརྩེ་
བའི་སེམས་ཉེ་བར་གནས་པར་འགྱུར་ཏེ། འདི་སྐད་དུ་ཀྱེ་མ་སེམས་ཅན་གསོན་པོ་མཐོང་ངོ་། །ཀྱེ་མ་སེམས་ཅན་གསོན་པོ་མཐོང་ངོ་ཞེས་ཀྱང་འཛེར་ཏོ། །དཔེར་ན་ད་ལྟར་གྱི་མི་རྣམས་ཀྱི་མ་ལ་བུ་ཞེས་བྱ་བ་ནས་དེ་བཞིན་དུ་ཚེ་ལོ་བཅུ་པའི་མི་རྣམས་ཀྱེ་མ་སེམས་ཅན་གསོན་པོ་མཐོང་ངོ་ཞེས་བྱ་
བའི་བར་དུ་སྔ་མ་བཞིན་ནོ། །དེ་དག་ནི་འདི་སྙམ་དུ་བདག་ཅག་ཆོས་མ་ཡིན་པ་སྤྱོད་པ་འདི་དང་། མི་རིགས་པ་བྱེད་པ་དང་། སྡུག་བསྔལ་ལ་ཞུགས་པ་འདིས་ཞེས་བྱ་བ་སྔ་མ་བཞིན་ནོ། །བདག་ཅག་གིས་དགེ་བའི་ཆོས་འགའ་ཞིག་ཡང་དག་པར་བླངས་ཏེ་འཁོད་པར་བྱ་ན་དགེ་བའི་ཆོས་
གང་ཞིག་ཡང་དག་པར་བླངས་ཏེ་འཁོད་པར་བྱ་སྙམ་ནས་དེ་དག་འདི་སྙམ་དུ་ཀྱེ་བདག་ཅག་ནི་སྲོག་གཅོད་པ་ཡིན་གྱི། བདག་ཅག་གིས་སྲོག་གཅོད་པ་སྤང་ངོ་ཞེས་ནས་དེ་དག་སྲོག་གཅོད་པ་སྤོང་ངོ་། །ཚེ་ལོ་བཅུ་པའི་མི་སྲོག་གཅོད་པ་སྤོང་བ་དེ་དག་གི་བུ་དང་བུ་མོ་བཙས་པ་རྣམས་ཚེ་ལོ་ཉི་ཤུ་
ཐུབ་པར་གྱུར་ཏོ་ཞེས་བྱ་བ་ནས། སྔ་མ་བཞིན་དུ་ཚེ་ལོ་བརྒྱད་ཁྲི་བའི་མི་རྣམས་ཀྱི་འབྲུ་རྣམས་ཆེ་ཞིང་མཆོག་ཏུ་ཆེ་བ་ནི་དཔེར་ན། ཨིནྡྲ་བེ་ནུའི་འབྲས་བུ་བཞིན་ཏེ། རྒྱལ་ཞིང་མཆོག་ཏུ་རྒྱལ་བ་སྙེ་མ་གཅིག་པུ་ལས་ཀྱང་བྲེ་བོ་བཞི་འབྱུང་བའི་བར་དུ་རྒྱས་པར་བྱའོ། །གང་གི་ཚེ་མེས་འཇིག་
པ་འོང་དུ་ཆ་ཞིང་འབྱུང་དུ་ཉེ་བར་གྱུར་པ་དེའི་ཚེ་མི་རྣམས་ཚེ་ལོ་བརྒྱད་ཁྲི་ཐུབ་པར་འགྱུར་རོ། །ཚེ་ལོ་བརྒྱད་ཁྲི་པའི་མི་རྣམས་འཛམ་བུའི་གླིང་འདི་ཉིད་ན་འབྱོར་བ་དང་། ལེགས་པར་འགྱུར་ཞིང་སྐྱེ་བོ་དང་མི་མང་པོས་གང་ངོ་། །ཚེ་ལོ་བརྒྱད་ཁྲི་བའི་མི་རྣམས་ཞེས་བྱ་བ་ནས་སྔ་མ་བཞིན་དུ་སྙེ་མ་

གཅིག་པུ་ལས་བྲེ་བོ་བཞི་འབྱུང་ཞེས་བྱ་བའི་བར་དུ་རྒྱས་པར་བྱའོ། །སེམས་ཅན་དམྱལ་བ་དག་ནས་སེམས་ཅན་རྣམས་འཆི་འཕོ་ལ་སྐྱེ་བ་ནི་མེད་པ་དེའི་དུས་ཀྱང་ཡོད་ལ་དེའི་སྐབས་ཀྱང་ཡོད་དེ། གང་གི་ཚེ་སེམས་ཅན་དམྱལ་བ་དག་ནས་སེམས་ཅན་རྣམས་འཆི་འཕོ་ལ་སྐྱེ་བ་མེད་ན་དེ་
ཙམ་གྱིས་ན་འཇིག་རྟེན་འདི་བར་གྱི་བསྐལ་པ་ཉི་ཤུར་ཆགས་པར་གནས་པ་དེ་མཐར་ཐུག་པར་བརྗོད་པར་བྱའོ། །སེམས་ཅན་དམྱལ་བར་སེམས་ཅན་འགའ་ཡང་མ་ལུས་པར་འགྱུར་བ་དེའི་དུས་ཀྱང་ཡོད་ལ་དེའི་སྐབས་ཀྱང་ཡོད་དེ། གང་གི་ཚེ་སེམས་ཅན་དམྱལ་བར་སེམས་ཅན་འགའ་ཡང་མ་
ལུས་པར་གྱུར་ན། དེ་ཙམ་གྱིས་ན་འཇིག་རྟེན་འདི་ལྟ་སྟེ། སེམས་ཅན་དམྱལ་བ་འཇིག་པར་འགྱུར་བ་ཞིག་པར་བརྗོད་པར་བྱའོ། །སེམས་ཅན་དམྱལ་བ་ཇི་ལྟ་བ་དེ་བཞིན་དུ་དུད་འགྲོ་དང་། ཡི་དགས་སུ་སེམས་ཅན་འགའ་ཡང་མ་ལུས་པར་འགྱུར་བ་དེའི་དུས་ཀྱང་ཡོད་ལ་དེའི་སྐབས་
ཀྱང་ཡོད་དོ་ཞེས་བྱ་བའི་བར་དུ་སྔ་མ་བཞིན་ཏེ། དེས་ན་འཇིག་རྟེན་གྱི་བར་གྱི་བསྐལ་པ་ཉི་ཤུར་འཇིག་པ་དེ་བྱུང་བར་བརྗོད་པར་བྱའོ། །འཛམ་བུའི་གླིང་ན་སེམས་ཅན་གང་ཡང་རུང་བ་ཞིག་ལུང་མེད་པར་ཆོས་ཉིད་ཀྱིས་འཐོབ་པའི་བསམ་གཏན་དང་པོ་ལ་མཉམ་པར་འཇོག་སྟེ། དེ་
ཏིང་ངེ་འཛིན་དེ་ལས་ལངས་ནས་ཀྱེ་མ་དབེན་པ་ལས་སྐྱེས་པའི་དགའ་བ་དང་། བདེ་བ་ནི་བདེའོ། །ཀྱེ་མ་དབེན་པ་ལས་སྐྱེས་པའི་དགའ་བ་དང་བདེ་བ་ནི་བདེའོ་ཞེས་སྒྲ་བརྗོད་ཅིང་དབྱངས་སྒྲོགས་པར་བྱེད་དེ། སྒྲ་དེ་ཚིགས་ཆུང་ངུས་འཛམ་བུའི་གླིང་ཐམས་ཅད་དུ་ཁྱབ་པར་འགྲོ་ལ། དེ་ནས་
དེ་ལས་གཞན་པའི་སེམས་ཅན་དག་གིས་ཀྱང་སྒྲ་དེ་ཐོས་ནས་ཆོས་ཉིད་ཀྱིས་འཐོབ་པའི་བསམ་གཏན་དང་པོ་ལ་མཉམ་པར་འཇོག་པ་དེའི་དུས་ཀྱང་ཡོད་ལ་དེའི་སྐབས་ཀྱང་ཡོད་དོ། །འཛམ་བུའི་གླིང་ན་སེམས་ཅན་གང་དག་འཆི་འཕོ་ལ་སྐྱེ་བ་ནི་མེད་པ་དེའི་དུས་ཀྱང་ཡོད་ལ་དེའི་སྐབས་ཀྱང་ཡོད་དོ། །
འཛམ་བུའི་གླིང་དུ་སེམས་ཅན་འགའ་ཡང་མ་ལུས་པར་འགྱུར་བ་དེའི་དུས་ཀྱང་ཡོད་ལ་དེའི་སྐབས་ཀྱང་ཡོད་དེ། གང་གི་ཚེ་འཛམ་བུའི་གླིང་ན་སེམས་ཅན་འགའ་ཡང་མ་ལུས་པར་ན་དེ་ཙམ་གྱིས་ན་འཇིག་རྟེན་འདི་འདི་ལྟ་སྟེ། སེམས་ཅན་དམྱལ་བ་འཇིག་པར་འགྱུར་བ་དང་། དུད་འགྲོ་འཇིག་

པར་འགྱུར་བ་དང་། ཡི་དགས་འཇིག་པར་འགྱུར་བ་དང་། འཛམ་བུའི་གླིང་འཇིག་པར་འགྱུར་བ་ཞིག་པར་བརྗོད་པར་བྱའོ། །འཛམ་བུའི་གླིང་ཇི་ལྟ་བ་བཞིན་དུ་ཤར་གྱི་ལུས་འཕགས་དང་། ནུབ་ཀྱི་བ་ལང་སྤྱོད་ཀྱང་དེ་དང་འདྲའོ། །བྱང་གི་སྒྲ་མི་སྙན་ན་སེམས་ཅན་གང་
དག་འཆི་འཕོ་ལ་སྐྱེ་བ་ནི་མེད་པ་དེའི་དུས་ཀྱང་ཡོད་ལ་དེའི་སྐབས་ཀྱང་ཡོད་དོ། །བྱང་གི་སྒྲ་མི་སྙན་གྱི་སེམས་ཅན་འགའ་ཡང་མ་ལུས་པར་འགྱུར་བ་དེའི་དུས་ཀྱང་ཡོད་ལ་དེའི་སྐབས་ཀྱང་ཡོད་དོ། །གང་གི་ཚེ་བྱང་གི་སྒྲ་མི་སྙན་དུ་སེམས་ཅན་གཅིག་ཀྱང་མ་ལུས་པར་གྱུར་ན། དེ་ཙམ་གྱིས་ན་
འཇིག་རྟེན་འདི་འདི་ལྟ་སྟེ། སེམས་ཅན་དམྱལ་བ་འཇིག་པར་འགྱུར་བ་དང་། ཡི་དྭགས་འཇིག་པར་འགྱུར་བ་དང་། མི་འཇིག་པར་འགྱུར་བ་ཞིག་པར་བརྗོད་པར་བྱའོ། །རྒྱལ་ཆེན་བཞི་པའི་ལྷ་རྣམས་ཀྱི་ནང་ན་སེམས་ཅན་གང་ཡང་རུང་བ་ཞིག་ལུང་མེད་པར་ཆོས་ཉིད་ཀྱིས་འཐོབ་པའི་བསམ་
གཏན་དང་པོ་ལ་མཉམ་པར་འཇོག་སྟེ། དེ་ཏིང་ངེ་འཛིན་དེ་ལས་ལངས་ནས་ཀྱེ་མ་དབེན་པ་ལས་སྐྱེས་པའི་དགའ་བ་དང་བདེ་བ་ནི་བདེའོ། །ཀྱེ་མ་དབེན་པ་ལས་སྐྱེས་པའི་དགའ་བ་དང་བདེ་བ་ནི་བདེའོ། །ཞེས་སྒྲ་བརྗོད་ཅིང་དབྱངས་སྒྲོགས་པར་བྱེད་དེ། སྒྲ་དེ་ཚེགས་ཆུང་ངུས་རྒྱལ་ཆེན་
བཞི་པའི་ལྷ་རྣམས་ཀྱི་ནང་དུ་ཁྱབ་པར་འགྲོ་ལ། དེ་ནས་དེ་ལས་གཞན་པའི་སེམས་ཅན་དག་གིས་ཀྱང་སྒྲ་དེ་ཐོས་ནས་ཆོས་ཉིད་ཀྱིས་འཐོབ་པའི་བསམ་གཏན་དང་པོ་ལ་མཉམ་པར་འཇོག་པ་དེའི་དུས་ཀྱང་ཡོད་ལ་དེའི་སྐབས་ཀྱང་ཡོད་དོ། །རྒྱལ་ཆེན་བཞི་པའི་ལྷ་རྣམས་འཆི་འཕོ་ལ་སྐྱེ་བ་ནི་མེད་པ་
སྟེ་དེའི་དུས་ཀྱང་ཡོད་ལ་དེའི་སྐབས་ཀྱང་ཡོད་དོ། །རྒྱལ་ཆེན་བཞི་པའི་ལྷ་རྣམས་ལ་སེམས་ཅན་འགའ་ཡང་མ་ལུས་པར་འགྱུར་བ་དེའི་དུས་ཀྱང་ཡོད་ལ་དེའི་སྐབས་ཀྱང་ཡོད་དོ། །གང་གི་ཚེ་རྒྱལ་ཆེན་བཞི་པའི་ལྷ་རྣམས་ལ་སེམས་ཅན་འགའ་ཡང་མ་ལུས་པར་གྱུར་ན་དེ་ཙམ་གྱིས་ན་
འཇིག་རྟེན་འདི་ལྟ་སྟེ། སེམས་ཅན་དམྱལ་བ་འཇིག་པར་འགྱུར་བ་དང་། དུད་འགྲོ་འཇིག་པར་འགྱུར་བ་དང་། ཡི་དགས་འཇིག་པར་འགྱུར་བ་དང་། མི་འཇིག་པར་འགྱུར་བ་དང་། རྒྱལ་ཆེན་བཞི་པའི་ལྷ་རྣམས་འཇིག་པར་འགྱུར་བ་ཞིག་པར་བརྗོད་པར་བྱའོ། །རྒྱལ་ཆེན་བཞི་པའི་ལྷ་

རྣམས་ཇི་ལྟ་བ་བཞིན་དུ་སུམ་ཅུ་རྩ་གསུམ་པ་དང་། འཐབ་བྲལ་བ་དང་། དགའ་ལྡན་པ་དང་། འཕྲུལ་དགའ་བ་དང་། གཞན་འཕྲུལ་དབང་བྱེད་པ་རྣམས་ཀྱང་དེ་དང་འདྲའོ། །གང་གི་ཚེ་གཞན་འཕྲུལ་དབང་བྱེད་དུ་སེམས་ཅན་འགའ་ཡང་མ་ལུས་པར་གྱུར་ན། དེ་ཙམ་གྱིས་ན་འཇིག་
རྟེན་འདི་འདི་ལྟ་སྟེ། འདོད་པའི་ཁམས་འཇིག་པར་འགྱུར་བ་ཞིག་པར་བརྗོད་པར་བྱའོ། །ཚངས་པའི་འཇིག་རྟེན་དུ་སེམས་ཅན་གང་ཡང་རུང་བ་ཞིག་ལུང་མེད་པར་ཆོས་ཉིད་ཀྱིས་འཐོབ་པའི་བསམ་གཏན་གཉིས་པ་ལ་མཉམ་པར་འཇོག་སྟེ། དེ་ཏིང་ངེ་འཛིན་དེ་ལས་ལངས་ནས་ཀྱེ་མ་ཏིང་ངེ་
འཛིན་ལས་སྐྱེས་པའི་དགའ་བ་དང་བདེ་བ་དང་ཞི་བ་ནི་བདེའོ། །ཀྱེ་མ་ཏིང་ངེ་འཛིན་ལས་སྐྱེས་པའི་དགའ་བ་དང་བདེ་བ་དང་ཞི་བ་ནི་བདེའོ་ཞེས་སྒྲ་བརྗོད་ཅིང་དབྱངས་སྒྲོགས་པར་བྱེད་དེ། སྒྲ་དེ་ཚེགས་ཆུང་ངུས་ཚངས་པའི་འཇིག་རྟེན་ཐམས་ཅད་དུ་ཁྱབ་པར་འགྲོ་ལ། དེ་ནས་དེ་ལས་
གཞན་པའི་སེམས་ཅན་རྣམས་ཀྱིས་སྒྲ་དེ་ཐོས་ནས་བསམ་གཏན་གཉིས་པ་ལ་མཉམ་པར་འཇོག་པ་དེའི་དུས་ཀྱང་ཡོད་ལ་དེའི་སྐབས་ཀྱང་ཡོད་དོ། །ཚངས་པའི་འཇིག་རྟེན་ནས་སེམས་ཅན་རྣམས་འཆི་འཕོ་ལ་སྐྱེ་བ་ནི་མེད་པ་དེའི་དུས་ཀྱང་ཡོད་ལ་དེའི་སྐབས་ཀྱང་ཡོད་དོ། །ཚངས་པའི་འཇིག་
རྟེན་དུ་སེམས་ཅན་འགའ་ཡང་མ་ལུས་པར་འགྱུར་བ་དེའི་དུས་ཀྱང་ཡོད་ལ་དེའི་སྐབས་ཀྱང་ཡོད་དོ། །གང་གི་ཚེ་ཚངས་པའི་འཇིག་རྟེན་དུ་སེམས་ཅན་འགའ་ཡང་མ་ལུས་པར་གྱུར་ན་དེ་ཙམ་གྱིས་ན་འཇིག་རྟེན་འདི་འདི་ལྟ་སྟེ། ཚངས་པའི་འཇིག་རྟེན་འཇིག་པར་འགྱུར་བ་ཞིག་པར་བརྗོད་པར་
བྱས་ཏེ་འཇིག་རྟེན་འདི་སྟོངས་པར་འགྱུར་རོ། །ལྷ་ཡང་དུས་དུས་སུ་ཆར་གྱི་རྒྱུན་ལེགས་པར་མི་འབེབས་ཏེ། ལྷ་རྣམས་དུས་དུས་སུ་ཆར་གྱི་རྒྱུན་ལེགས་པར་མི་འབེབས་པས་ས་ཆེན་པོ་འདི་ལ་ས་བོན་གྱི་ཚོགས་དང་། ཤིང་གི་ཚོགས་དང་། སྨན་དང་། རྩྭ་དང་། འབྲས་བུའི་ཤིང་གང་
ཡིན་པ་དེ་དག་ཐམས་ཅད་སྐམ་པར་འགྱུར་ཞིང་མ་རུང་བར་འགྱུར་ཏེ་མེད་པར་འགྱུར་རོ། །ཡུན་རིང་མོ་ཞིག་འདས་ནས་ཉི་མ་གཉིས་པ་འཇིག་རྟེན་དུ་འབྱུང་བ་དེའི་དུས་ཀྱང་ཡོད་ལ་དེའི་སྐབས་ཀྱང་ཡོད་དོ། །ཉི་མ་གཉིས་པ་འཇིག་རྟེན་དུ་བྱུང་བས་ས་ཆེན་པོ་འདི་ན་ལྟེང་ཀ་ཆུང་ངུ་དང་། ལྟེང་ཀ་ཆེན་

པོ་ཡོད་པ་དེ་དག་ཐམས་ཅད་སྐམ་པར་འགྱུར་ཞིང་མ་རུང་བར་འགྱུར་ཏེ་མེད་པར་འགྱུར་རོ། །ཡུན་རིང་མོ་ཞིག་འདས་ནས་ཉི་མ་གསུམ་པ་འཇིག་རྟེན་དུ་འབྱུང་བ་དེའི་དུས་ཀྱང་ཡོད་ལ་དེའི་སྐབས་ཀྱང་ཡོད་དོ། །ཉི་མ་གསུམ་པ་འཇིག་རྟེན་དུ་འབྱུང་བས་ས་ཆེན་
པོ་འདི་ན་ཆུ་ཀླུང་ཆུང་ངུ་དང་། ཆུ་ཀླུང་ཆེན་པོ་ཡོད་པ་གང་ཡིན་པ་དེ་དག་ཐམས་ཅད་སྐམ་པར་འགྱུར་ཞིང་མ་རུང་བར་འགྱུར་ཏེ་མེད་པར་འགྱུར་རོ། །ཡུན་རིང་མོ་ཞིག་འདས་ནས་ཉི་མ་བཞི་པ་འཇིག་རྟེན་དུ་འབྱུང་བ་དེའི་དུས་ཀྱང་ཡོད་ལ་དེའི་སྐབས་ཀྱང་ཡོད་དོ། །ཉི་མ་བཞི་པ་འཇིག་རྟེན་དུ་བྱུང་
བས་མཚོ་མ་དྲོས་པ་ཞེས་བྱ་བའི་མཚོ་ཆེན་པོ་གང་ནས་ཀླུང་བཞི་ལ་འདི་ལྟ་སྟེ། གང་གཱ་དང་། སིནྡྷུ་དང་། སི་ཏ་དང་། པཀྵུ་རྣམས་འབྱུང་བའི་མཚོ་ཆེན་པོ་དེ་ཡང་དེའི་ཚེ་སྐམ་པར་འགྱུར་ཞིང་མ་རུང་བར་འགྱུར་ཏེ་མེད་པར་འགྱུར་རོ། །ཡུན་རིང་མོ་ཞིག་འདས་ནས་ཉི་མ་ལྔ་པ་འཇིག་རྟེན་དུ་འབྱུང་
བར་འགྱུར་བ་དེའི་དུས་ཀྱང་ཡོད་ལ་དེའི་སྐབས་ཀྱང་ཡོད་དོ། །ཉི་མ་ལྔ་པ་འཇིག་རྟེན་དུ་བྱུང་བས་རྒྱ་མཚོ་ཆེན་པོའི་ཆུ་དཔག་ཚད་བརྒྱ་སྐམ་པར་འགྱུར་ཞིང་མ་རུང་བར་འགྱུར་ཏེ་མེད་པར་འགྱུར་རོ། །ཆུ་དཔག་ཚད་གཉིས་དང་། གསུམ་དང་། བཞི་དང་། ལྔ་དང་། དྲུག་དང་། བདུན་
དག་ཀྱང་སྐམ་པར་འགྱུར་ཞིང་མ་རུང་བར་འགྱུར་ཏེ་མེད་པར་འགྱུར་རོ། །ཉི་མ་ལྔ་པ་འཇིག་རྟེན་དུ་འབྱུང་བས་རྒྱ་མཚོ་ཆེན་པོའི་ཆུ་དཔག་ཚད་བདུན་སྟོང་ལུས་པར་འགྱུར་ཞིང་། དཔག་ཚད་དྲུག་སྟོང་དང་། ལྔ་སྟོང་དང་། བཞི་སྟོང་དང་། སུམ་སྟོང་དང་། ཉིས་སྟོང་དང་། ཆིག་སྟོང་ལུས་
པར་འགྱུར་རོ། །ཉི་མ་ལྔ་པ་འཇིག་རྟེན་དུ་བྱུང་བས་རྒྱ་མཚོ་ཆེན་པོའི་ཆུ་དཔག་ཚད་བདུན་བརྒྱ་ལུས་པར་འགྱུར་ཞིང་། དཔག་ཚད་དྲུག་བརྒྱ་དང་། ལྔ་བརྒྱ་དང་། བཞི་བརྒྱ་དང་། སུམ་བརྒྱ་དང་། ཉིས་བརྒྱ་དང་། ཆིག་བརྒྱ་ལུས་པར་འགྱུར་རོ། །ཉི་མ་ལྔ་པ་འཇིག་རྟེན་དུ་བྱུང་བས་རྒྱ་མཚོ་
ཆེན་པོའི་ཆུ་དཔག་ཚད་བདུན་ལུས་པར་འགྱུར་ཞིང་། དཔག་ཚད་དྲུག་དང་། ལྔ་དང་། བཞི་དང་། གསུམ་དང་། གཉིས་དང་། གཅིག་ལུས་པར་འགྱུར་རོ། །ཉི་མ་ལྔ་པ་འཇིག་རྟེན་དུ་བྱུང་བས་རྒྱ་མཚོ་ཆེན་པོའི་ཆུ་རྒྱང་གྲགས་བདུན་ཙམ་ལུས་པར་འགྱུར་ཞིང་རྒྱང་གྲགས་དྲུག་དང་། ལྔ་

དང་། བཞི་དང་། གསུམ་དང་། གཉིས་དང་། གཅིག་ལུས་པར་འགྱུར་ཞིང་། ཉི་མ་ལྔ་པ་འཇིག་རྟེན་དུ་བྱུང་བས་རྒྱ་མཚོ་ཆེན་པོའི་ཆུ་ཏཱ་ལ་བདུན་ཙམ་ལུས་པར་འགྱུར་ཞིང་ཏཱ་ལ་དྲུག་དང་། ལྔ་དང་། བཞི་དང་། གསུམ་དང་། གཉིས་དང་། གཅིག་ཙམ་ལུས་པར་འགྱུར་རོ། །ཉི་མ་ལྔ་
པ་འཇིག་རྟེན་དུ་བྱུང་བས་རྒྱ་མཚོ་ཆེན་པོའི་ཆུ་མི་འགྲེང་བདུན་ཙམ་ལུས་པར་འགྱུར་ཞིང་མི་འགྲེང་དྲུག་དང་། ལྔ་དང་། བཞི་དང་། གསུམ་དང་། གཉིས་དང་། གཅིག་ཙམ་ལུས་པར་འགྱུར་རོ། །ཉི་མ་ལྔ་པ་འཇིག་རྟེན་དུ་བྱུང་བས་ཆུ་ལྐོག་མར་ཕྱིན་པ་ཙམ་ལུས་པར་འགྱུར་ཞིང་མཆན་
ཁུང་ཙམ་དང་། ལྟེ་བ་ཙམ་དང་། སྟ་ཟུར་ཙམ་དང་། བརླ་ཙམ་དང་། རྗེ་ངར་ཙམ་དང་། ལོང་བུ་ཙམ་ནུབ་པའི་ཆུ་ལུས་པར་འགྱུར་རོ། །ཉི་མ་ལྔ་པ་འཇིག་རྟེན་དུ་བྱུང་བས་ཆུ་གཏན་ནས་སྐམ་པར་འགྱུར་ཞིང་མ་ལུས་པར་འགྱུར་ལ་མེད་པར་འགྱུར་ཏེ། མཐར་མཛུབ་མོ་གཤེར་བར་བྱ་བ་
ཙམ་ཡང་མེད་དོ། །ཡུན་རིང་མོ་ཞིག་འདས་ནས་ཉི་མ་དྲུག་པ་འཇིག་རྟེན་དུ་འབྱུང་བར་འགྱུར་བ་དེའི་དུས་ཀྱང་ཡོད་ལ་དེའི་སྐབས་ཀྱང་ཡོད་དོ། །ཉི་མ་དྲུག་པ་འཇིག་རྟེན་དུ་བྱུང་བས་ས་ཆེན་པོ་འདི་དང་། རིའི་རྒྱལ་པོ་རི་རབ་ལ་དུ་བ་འཐུལ་ཅིང་རབ་ཏུ་འཐུལ་ལ། ཀུན་ཏུ་རབ་ཏུ་འཐུལ་ཏེ་
དཔེར་ན་རྫ་མཁན་སོ་བཏང་བ་དེས་ཐོག་མ་མེ་བཏང་བ་ན་དུ་བ་འཐུལ་ཞིང་རབ་ཏུ་འཐུལ་ལ་ཀུན་ཏུ་རབ་ཏུ་འཐུལ་བ་དེ་བཞིན་དུ་ཉི་མ་དྲུག་པ་འཇིག་རྟེན་དུ་བྱུང་བས་ས་ཆེན་པོ་འདི་དང་རིའི་རྒྱལ་པོ་རི་རབ་ལ་དུ་བ་འཐུལ་ཞིང་རབ་ཏུ་འཐུལ་ལ། དུ་བ་ཀུན་ཏུ་རབ་ཏུ་འཐུལ་ལོ། །ཡུན་རིང་མོ་ཞིག་
འདས་ནས། ཉི་མ་བདུན་པ་འཇིག་རྟེན་དུ་འབྱུང་བ་དེའི་དུས་ཀྱང་ཡོད་ལ་དེའི་སྐབས་ཀྱང་ཡོད་དོ། །ཉི་མ་བདུན་པ་འཇིག་རྟེན་དུ་བྱུང་བས་ས་ཆེན་པོ་འདི་དང་རིའི་རྒྱལ་པོ་རི་རབ་འབར་ནས་མེ་ལྕེ་གཅིག་ཏུ་གྱུར་ཅིང་སྲེག་སྟེ། དཔེར་ན་ཤིང་ཁུར་བཅུ་ལ་བརྟེན་ནས། ཉི་ཤུ་འམ།
སུམ་ཅུ་འམ། བཞི་བཅུ་འམ། །ལྔ་བཅུ་འམ། ཤིང་ཁུར་བརྒྱའམ། ཤིང་ཁུར་སྟོང་ངམ། ཤིང་ཁུར་བརྒྱ་སྟོང་ལ་བརྟེན་ཏེ། མེའི་ཕུང་པོ་ཆེན་པོ་རབ་ཏུ་འབར་བ་དེ་བཞིན་དུ་ཉི་མ་བདུན་པ་འཇིག་རྟེན་དུ་བྱུང་བས་ས་ཆེན་པོ་འདི་དག་རིའི་རྒྱལ་པོ་རི་རབ་འབར་ཞིང་རབ་ཏུ་འབར་

ལ། ཀུན་ཏུ་རབ་ཏུ་འབར་ནས་མེ་ལྕེ་གཅིག་ཏུ་གྱུར་ཅིང་སྲེག་གོ། །ས་ཆེན་པོ་འདི་དང་རིའི་རྒྱལ་པོ་རི་རབ་དེ་འབར་ཞིང་རབ་ཏུ་འབར་ལ། ཀུན་དུ་རབ་ཏུ་འབར་ཏེ་མེ་ལྕེ་གཅིག་ཏུ་གྱུར་ཅིང་བསྲེགས་པའི་མེ་ལྕེ་རླུང་གིས་གྱེན་དུ་ཁྱེར་ནས་ཚངས་པའི་གཞལ་
མེད་ཁང་སྟོང་པ་རྣམས་ཀྱི་བར་དུ་སྲེག་ཅིང་འགྲོ་སྟེ། འོད་གསལ་གྱི་ལྷའི་རིས་ནས་སེམས་ཅན་གང་སྐྱེས་ནས་རིང་པོར་མ་ལོན་ལ། འཇིག་རྟེན་འདི་འཇིག་པའི་རྒྱུས་ལ་མི་མཁས་ཤིང་འཆགས་པའི་རྒྱུས་ལ་མི་མཁས་པ་དེ་དག་གིས་མེ་ལྕེ་དེ་མཐོང་ནས་མེ་ལྕེ་འདི་ཚངས་པའི་གཞལ་
མེད་ཁང་སྟོང་པའི་བར་དུ་བསྲེགས་ནས་འདི་ཉིད་དུ་མི་འོང་གྲང་ཞེས་མི་དགའ་ཞིང་སྐྱོ་བར་འགྱུར་རོ། །དེ་ལ་འོད་གསལ་གྱི་ལྷའི་རིས་ན་སེམས་ཅན་གང་སྔོན་སྐྱེས་པ་འཇིག་རྟེན་འདི་འཇིག་པའི་རྒྱུས་ལ་མཁས་ཤིང་འཆགས་པའི་རྒྱུས་ལ་མཁས་པ་དེ་དག་ནི་སེམས་ཅན་འཇིགས་པ་དེ་དག་
གི་གྲོགས་པོ་དག་མ་འཇིགས་ཤིག། མ་འཇིགས་ཤིག །མེ་ལྕེ་འདི་ནི་སྔོན་ཡང་ཚངས་པའི་གཞལ་མེད་ཁང་སྟོང་པའི་བར་དུ་བསྲེགས་ནས་ཕྱིར་དེ་ཉིད་དུ་མི་སྣང་བར་གྱུར་ཏོ། །ད་ལྟར་ཡང་མེ་ལྕེ་འདི་ནི་ཚངས་པའི་གཞལ་མེད་ཁང་སྟོང་པའི་བར་དུ་བསྲེགས་ནས་དེ་ཉིད་དུ་མི་སྣང་བར་འགྱུར་རོ་
ཞེས་དབུགས་འབྱིན་པར་བྱེད་དོ། །ཉི་མ་བདུན་པ་འཇིག་རྟེན་དུ་བྱུང་བས་རིའི་རྒྱལ་པོ་རི་རབ་ཀྱི་རྩེ་མོ་དཔག་ཚད་བརྒྱ་འཇིག་ཅིང་རབ་ཏུ་འཇིག་ལ། མ་རུང་བར་འགྱུར་ཏེ་མེད་པར་འགྱུར་རོ། །རྩེ་མོ་དཔག་ཚད་ཉིས་བརྒྱ་དང་། སུམ་བརྒྱ་དང་། བཞི་བརྒྱ་དང་། ལྔ་བརྒྱ་དང་། དྲུག་བརྒྱ་དང་།
བདུན་བརྒྱ་ཡང་འཇིག་ཅིང་རབ་ཏུ་འཇིག་ལ་མ་རུང་བར་འགྱུར་ཏེ། ས་ཆེན་པོ་འདི་དང་། རིའི་རྒྱལ་པོ་རི་རབ་བསྲེགས་ཤིང་ཚིག་པའི་དུ་བ་ཡང་མེད་ལ་ཐལ་བའི་ལྷག་མ་ཡང་མེད་དེ། དཔེར་ན་མར་རམ་འབྲུ་མར་ཡང་རུང་སྟེ། ནམ་ལ་བསྲེགས་ཤིང་ཚིག་པའི་དུ་བ་ཡང་མེད་ཐལ་བའི་ལྷག་མ་
ཡང་མེད་པ་དེ་བཞིན་དུ། ས་ཆེན་པོ་འདི་དང་། རིའི་རྒྱལ་པོ་རི་རབ་བསྲེགས་ཤིང་ཚིག་པའི་དུ་བ་ཡང་མེད། ཐལ་བའི་ལྷག་མ་ཡང་མེད་དོ། །འདི་སྐད་དུ། དུས་ཀྱི་ཚེ་ན་འཚོ་བའི་འཇིག་རྟེན་འདིར། །སྤྲིན་རྣམས་ཆུ་ནི་ཅུང་ཟད་གཏོང་མི་བྱེད། །ཉི་མ་གཅིག་པུས་རྩྭ་དང་གེལ་བ་

དང་། །སྨན་དང་ས་བོན་ཤིང་མང་ཟད་པར་བྱེད། །ཉི་མ་གཉིས་པས་ལྟེང་ཀ་ཆུང་ངུའི་ཚོགས། །དེ་བཞིན་ཆུ་ཀླུང་ཆུང་ངུ་སྐམ་པར་འགྱུར། །ལྟེང་ཀ་ཆེན་པོའི་ཚོགས་དང་ཀླུང་ཆེན་གྱི། །ཆུ་རྣམས་ཉི་མ་གསུམ་པས་མེད་པར་བྱེད། །མི་མ་ཡིན་གནས་མཚོ་ནི་རྒྱ་ཆེ་བ། །མ་དྲོས་ཞེས་
བྱ་ཤིན་ཏུ་ཡིད་འོང་ཞིང་། །གཙང་མའི་ཆུ་ཡིས་ཤིན་ཏུ་གང་བ་ནི། །ཉི་མ་བཞི་པ་ཡིས་ནི་སྐམ་པར་འགྱུར། །རིན་ཆེན་མང་པོས་གང་ཞིང་རབ་འཇིགས་ལ། །སེམས་ཅན་ཚོགས་ཆེན་དག་ན་གནས་གྱུར་པ། །རྒྱ་མཚོ་དག་ནི་ཉི་མ་ལྔ་རྣམས་ཀྱིས། །ཡོངས་སུ་གདུངས་པས་མ་ལུས་
སྐམ་པར་འགྱུར། །ས་དང་གངས་དང་དེ་བཞིན་རི་རབ་དང་། །གསེར་གྱི་རི་དབང་རྒྱ་ཆེན་བདུན་པོ་དང་། །ཉི་མ་དྲུག་པོ་དག་གིས་རབ་གདུངས་པས། །ཀུན་ནས་དུད་པ་ཤིན་ཏུ་མཐོན་པོར་བྱེད། །གང་ཚེ་ཉི་མ་བདུན་པ་ཤར་གྱུར་ཅིང་། །འདིར་ནི་འོད་ཟེར་དྲ་བ་རབ་གཏོང་བ། །དེ་ཡི་ཚེ་ན་
ས་དང་རི་རྣམས་ཀུན། །ཤིན་ཏུ་རབ་ཏུ་འབར་བར་འགྱུར་ཞེའོ། །འོད་ཟེར་དྲ་བ་རབ་མཛེས་ལྡན་པ་ཡི། །ཉི་མ་དེ་བདུན་རྣམ་པར་རྒྱུ་ཞེའོ། །ས་འདི་དང་ནི་དེ་བཞིན་གསེར་གྱི་གཞི། །སེམས་ཅན་དམྱལ་བརྒྱད་རི་རྣམས་ཐམས་ཅད་དང་། །འོད་ལྡན་ལྷ་རྣམས་ཀྱི་ནི་ཁང་པ་དང་། །འདོད་
པ་ཀུན་གྱི་གནས་སུ་སོང་ནས་ཀྱང་། །འདོད་པའི་ལྷ་མང་ཤིན་ཏུ་ཡིད་འོང་བྲལ། །ཚངས་པའི་གནས་རྣམས་ཤིན་ཏུ་སྲེག་པར་བྱེད། །ཇི་སྐད་སྨྲས་བཞིན་མ་ལུས་ཀུན་བསྲེགས་ནས། །དུས་མཐའི་ཉི་མ་གཟི་བརྗིད་ཆེ་ལྡན་པ། །དེ་དག་ཉིད་ཀྱང་དབང་ནི་མེད་འགྱུར་ཞིང་། །མི་རྟག་
པས་ནི་བཅོམ་ནས་ཞིག་པར་འགྱུར། །དེ་ལྟར་ལྷུན་པོ་རྒྱ་མཚོ་ཆེ་དང་ས། །དེ་བཞིན་མཐོ་རིས་ཟད་འགྱུར་ཤེས་ནས་ནི། །སྐྱེ་བོ་དམ་པ་དག་གིས་བརྟེན་པའི་ཕྱིར། །འཕགས་པའི་གནས་ལ་རྟག་ཏུ་བློ་ཞོག་ཤིག །ཅེས་ཀྱང་བྱའོ། །བཅོམ་ལྡན་འདས་ཀྱིས་ཀྱང་ཉི་མ་བདུན་ལུང་བསྟན་
པ་ལས་འདི་སྐད་དུ། དགེ་སློང་དག་འདུ་བྱེད་ཐམས་ཅད་ནི་མི་རྟག་པ། མི་བརྟན་པ། དབུགས་འབྱིན་པ་མ་ཡིན་པ་སྟེ། འགྱུར་བའི་ཆོས་ཅན་ནོ། །དགེ་སློང་དག་འདུ་བྱེད་ཐམས་ཅད་ཀྱིས་ནི་ཡེ་ཆོག་གོ། །སྐྱོ་བར་བྱས་ན་ལེགས་སོ། །མ་ཆགས་པར་བྱས་ན་ལེགས་སོ། །རྣམ་

པར་ཐར་པ་བྱས་ན་ལེགས་སོ། །དགེ་སློང་དག་གང་ཡུན་རིང་མོ་ཞིག་འདས་ན་ཆར་མི་འབབ་པ་དེའི་དུས་ཀྱང་ཡོད་ལ་དེའི་སྐབས་ཀྱང་ཡོད་དོ། །ཆར་མི་འབབ་པས་ས་ཆེན་པོ་འདི་ལ་ས་བོན་གྱི་ཚོགས་དང་། ཤིང་གི་ཚོགས་དང་། སྨན་དང་རྩྭ་དང་འབྲས་བུའི་ཤིང་
གང་ཡིན་པ་དེ་དག་ཐམས་ཅད་སྐམ་པར་འགྱུར་ཞིང་མ་རུང་བར་འགྱུར་ལ། དགེ་སློང་དག་དེ་ལྟར་ན་འདུ་བྱེད་ཐམས་ཅད་ནི་མི་རྟག་པའོ། །དེ་ལྟར་ན་མི་བརྟེན་པའོ། །དེ་ལྟར་ན་དབུགས་འབྱིན་པ་མ་ཡིན་ནོ། །དེ་ལྟར་ན་འགྱུར་བའི་ཆོས་ཅན་ཡིན་ནོ། །དགེ་སློང་དག་འདུ་བྱེད་ཐམས་ཅད་ཀྱིས་
ནི་ཡེ་ཆོག་གོ། །སྐྱོ་བར་བྱས་ན་ལེགས་སོ། །མ་ཆགས་པར་བྱས་ན་ལེགས་སོ། །རྣམ་པར་ཐར་པ་བྱས་ན་ལེགས་སོ། །དགེ་སློང་དག་གང་ཡུན་རིང་མོ་ཞིག་འདས་ནས་ཞེས་བྱ་བ་ནས་དེའི་དུས་ཀྱང་ཡོད་ལ་དེའི་སྐབས་ཀྱང་ཡོད་དོ་ཞེས་བྱ་བའི་བར་དུ་གསུངས་ཏེ། སྔ་མ་བཞིན་དུ་མདོ་
ཐམས་ཅད་བརྗོད་པར་བྱའོ། །འཇིག་རྟེན་འདི་ཡང་ཚིག་ལ་ནམ་མཁའ་ལ་ཡང་རླུང་ལྡང་བར་འགྱུར་རོ། །དེ་ཙམ་གྱིས་ན་འཇིག་རྟེན་འདི་བར་གྱི་བསྐལ་པ་ཉི་ཤུར་འཇིག་པ་དེ་མཐར་ཐུག་པར་བརྗོད་པར་བྱའོ། །གང་གི་ཚེ་འཇིག་རྟེན་འདི་བར་གྱི་བསྐལ་པ་ཉི་ཤུར་ཞིག་ནས་གནས་པར་འགྱུར་བ་དེ་ཡང་
བྱུང་བར་བརྗོད་པར་བྱའོ། །ཡུན་རིང་མོ་ཞིག་འདས་ནས་ནམ་མཁའ་ལ་རླུང་འཇམ་པོ་ལྡང་བ་དེའི་དུས་ཀྱང་ཡོད་ལ་དེའི་སྐབས་ཀྱང་ཡོད་དེ། དེ་ཙམ་གྱིས་ན་འཇིག་རྟེན་གྱི་ཁམས་འདི་བར་གྱི་བསྐལ་པ་ཉི་ཤུར་ཞིག་ནས་གནས་པ་སྟེ། མཐར་ཐུག་པར་བརྗོད་པར་བྱའོ། །གང་གི་ཚེ་འཇིག་རྟེན་འདི་བར་
གྱི་བསྐལ་པ་ཉི་ཤུར་འཆགས་པ་དེ་ཡང་འབྱུང་བར་བརྗོད་པར་བྱའོ། །དེ་དག་ཀྱང་རྒྱས་པར་གྱུར་ཅིང་སྟུག་པོར་གྱུར་པ་དེ་ནི་རླུང་གི་དཀྱིལ་འཁོར་ཡིན་ཏེ། རྔམས་སུ་དཔག་ཚད་ས་ཡ་གཅིག་དང་དྲུག་འབུམ་ཡོད་དོ། །རྒྱར་ནི་གྲངས་མེད་ཚད་མེད་དེ། ཤིན་དུ་བརྟན་ཞིང་སྲ་བ་དེ་ལ་ཚན་པོ་ཆེ་
ཆེན་པོ་དང་། རབ་གནོན་དང་། སྲེད་མེད་ཀྱི་བུའི་སྟོབས་ཀྱང་བདལ་བར་འགྱུར་ལ་རྡོ་རྗེས་ཀྱང་མི་ཕྱེད་དོ། །ཡུན་རིང་མོ་ཞིག་འདས་ནས་རླུང་གི་དཀྱིལ་འཁོར་དེའི་སྟེང་དུ་ཆུའི་རྒྱུན་ཤིང་རྟའི་སྲོག་ཤིང་ཙམ་གྱི་ཆར་འབབ་པ་དེའི་དུས་ཀྱང་ཡོད་ལ་དེའི་སྐབས་ཀྱང་ཡོད་དོ། །རླུང་གི་དཀྱིལ་འཁོར་གང་ཡིན་

པ་དེ་དག་གིས་ཆུ་དེ་དག་ཡོངས་སུ་འཛིན་ཅིང་ཀུན་ནས་རྟེན་ལ་མེད་པར་ཡང་མི་བྱེད་པ་དེ་ནི་ཆུའི་དཀྱིལ་འཁོར་ཞེས་བྱ་སྟེ། རྔམས་སུ་དཔག་ཚད་ས་ཡ་གཅིག་དང་དཔག་ཚད་འབུམ་ཉི་ཁྲི་ཡོད་དོ། །རྒྱར་ནི་དཔག་ཚད་ས་ཡ་གཅིག་དང་། ཉིས་འབུམ་དང་། དཔག་ཚད་བཞི་བརྒྱ་ལྔ་བཅུ་
ཡོད་དོ། །མཐའ་སྐོར་དུ་ནི་དཔག་ཚད་ས་ཡ་ཕྲག་གསུམ་དང་། དྲུག་འབུམ་དང་། དཔག་ཚད་སུམ་བརྒྱ་ལྔ་བཅུ་ཡོད་དོ། །ཡུན་རིང་མོ་ཞིག་འདས་ནས་ཆུའི་དཀྱིལ་འཁོར་དེའི་སྟེང་དུ་རླུང་ལྡང་བ་དེའི་དུས་ཀྱང་ཡོད་ལ་དེའི་སྐབས་ཀྱང་ཡོད་དོ། །དེ་དག་གིས་ཆུ་དེ་དག་ཀུན་དུ་སྡུད་ཅིང་ཀུན་
ཏུ་འཐས་པར་བྱེད་དོ། །ཀུན་དུ་བསྡུས་ཤིང་ཀུན་དུ་འཐས་པར་བྱས་ནས་གཅིག་ཏུ་བསྡུས་ཏེ། ཐུར་དུ་ཟུག་པར་བྱེད་ཅིང་སྟེང་ནི་ཆུ་དང་མཉམ་པར་འཇོག་སྟེ། དེ་ནི་གསེར་གྱི་ས་གཞི་ཆེན་པོ་ཡིན་ཏེ། རྔམས་སུ་དཔག་ཚད་སུམ་འབུམ་ཉི་ཁྲི་ཡོད་དོ། །རྒྱར་དཔག་ཚད་ས་ཡ་གཅིག་དང་།
ཉིས་འབུམ་དང་། དཔག་ཚད་བཞི་འབུམ་བཅུ་ཡོད་དོ། །མཐའ་སྐོར་དུ་ནི་དཔག་ཚད་ས་ཡ་ཕྲག་གསུམ་དང་། དྲུག་འབུམ་དང་། སུམ་འབུམ་བཅུ་ཡོད་དོ། །ཡུན་རིང་མོ་ཞིག་འདས་ནས་གསེར་གྱི་ས་གཞི་ཆེན་པོ་དེའི་སྟེང་དུ་ཆུའི་རྒྱུན་ཤིང་རྟའི་སྲོག་ཤིང་ཙམ་གྱི་ཆར་འབབ་པ་དེའི་དུས་
ཀྱང་ཡོད་ལ་དེའི་སྐབས་ཀྱང་ཡོད་དོ། །གསེར་གྱི་ས་གཞི་ཆེན་པོ་དེས་ཆུ་དེ་དག་ཡོངས་སུ་འཛིན་ཅིང་ཀུན་ནས་རྟེན་ལ་མེད་པར་ཡང་མི་བྱེད་པ་དེ་ནི་ཆུའི་རྒྱ་མཚོ་ཆེན་པོ་ཡིན་ནོ། །ཆུའི་རྒྱ་མཚོ་ཆེན་པོ་དེའི་སྟེང་དུ་ནང་དུ་བལྟས་པ་དང་ཕྱི་རོལ་དུ་བལྟས་པའི་རླུང་ཁོ་ར་ཁོར་ཡུག་ནས་གྲུ་བཞིར་ལྡང་
བ་དེའི་དུས་ཀྱང་ཡོད་ལ་དེའི་སྐབས་ཀྱང་ཡོད་དོ། །དེ་དག་གིས་ཆུ་དེ་དག་ཀུན་དུ་སྡུད་ཅིང་ཀུན་ཏུ་འཐས་པར་བྱེད་དོ། །ཀུན་དུ་བསྡུས་ཤིང་ཀུན་དུ་འཐས་པར་བྱས་ནས་གཅིག་ཏུ་འདུས་པར་བྱས་ཏེ། ཐུར་དུ་ཡང་ཟུག་པར་བྱེད་དེ་གྱེན་དུ་ཡང་འབྱུང་བར་བྱེད་དོ། །དེ་ནི་རིའི་རྒྱལ་པོ་རི་རབ་ཅེས་
བྱ་བ་ཡིན་ཏེ། དཔག་ཚད་བརྒྱད་ཁྲི་ནི་ཆུའི་འོག་གསེར་གྱི་ས་གཞི་ཆེན་པོ་ལ་བརྟེན་ཏོ། །དཔག་ཚད་བརྒྱད་ཁྲི་ནི་ཆུ་ལས་གྱེན་དུ་འཕགས་ཏེ། དེའི་འཕང་དུ་དཔག་ཚད་འབུམ་དྲུག་ཁྲི་ཡོད་དོ། །ཆུར་དཔག་ཚད་བརྒྱད་ཁྲི་ཡོད་ལ་ཞེང་དུ་ཡང་དཔག་ཚད་བརྒྱད་ཁྲི་ཡོད་དོ། །མཐའ་སྐོར་དུ་

དཔག་ཚད་སུམ་འབུམ་ཉི་ཁྲི་ཡོད་ལ། དབྱིབས་ལེགས་ཤིང་བལྟ་ན་སྡུག་ལ་མཛེས་པ་སྟེ། རིན་པོ་ཆེ་སྣ་བཞི་ལས་གྲུབ་པ་ཡིན་ནོ། །ཆུའི་རྒྱ་མཚོ་ཆེན་པོ་གང་ཡིན་པ་དེའི་སྟེང་དུ་ནང་དུ་བལྟས་པ་དང་། ཕྱི་རོལ་དུ་བལྟས་པའི་རླུང་ཁོ་ར་ཁོར་ཡུག་ནས་གྲུ་བཞིར་
ལྡང་བ་དེའི་དུས་ཀྱང་ཡོད་ལ་དེའི་སྐབས་ཀྱང་ཡོད་དེ། དེ་དག་གིས་ཆུ་དེ་དག་ཀུན་ཏུ་སྡུད་ཅིང་ཀུན་ཏུ་འཐས་པར་བྱེད་དོ། །ཀུན་ཏུ་བསྡུས་ཤིང་ཀུན་དུ་འཐས་པར་བྱས་ནས་ཐུར་དུ་ཡང་ཟུག་པར་བྱེད་ཅིང་། གྱེན་དུ་ཡང་འབྱུང་བར་བྱེད་དོ། །དེ་ནི་རིའི་རྒྱལ་པོ་གཉའ་ཤིང་འཛིན་ཞེས་བྱ་བ་
ཡིན་ཏེ། དཔག་ཚད་བརྒྱད་ཁྲི་ནི་ཆུའི་འོག་གསེར་གྱི་ས་གཞི་ཆེན་པོ་ལ་བརྟེན་ཏོ། །དཔག་ཚད་བཞི་ཁྲི་ནི་ཆུ་ལས་གྱེན་དུ་འཕགས་སོ། །ཞེང་དུ་ཡང་དེ་དང་འདྲ་སྟེ། དབྱིབས་ལེགས་ཤིང་བལྟ་ན་སྡུག་ལ་མཛེས་པ་གསེར་ལས་གྲུབ་པ་ཡིན་ནོ། །ཡུན་རིང་མོ་ཞིག་འདས་ནས་
ཆུའི་རྒྱ་མཚོ་ཆེན་པོ་དེའི་སྟེང་དུ་ནང་དུ་བལྟས་པ་དང་། ཕྱི་རོལ་དུ་བལྟས་པའི་རླུང་ཁོ་ར་ཁོར་ཡུག་ནས་གྲུ་བཞིར་ལྡང་བ་དེའི་དུས་ཀྱང་ཡོད་ལ་དེའི་སྐབས་ཀྱང་ཡོད་དེ། དེ་དག་གིས་ཆུ་དེ་དག་ཀུན་དུ་སྡུད་པར་བྱེད་ཅིང་ཀུན་དུ་འཐས་པར་བྱེད་དོ། །ཀུན་དུ་བསྡུས་ཤིང་ཀུན་དུ་འཐས་པར་བྱས་
ནས་ཐུར་དུ་ཡང་ཟུག་པར་བྱས་ནས་གྱེན་དུ་ཡང་འབྱུང་བར་བྱེད་དོ། །དེ་ནི་རིའི་རྒྱལ་པོ་གཤོལ་མདའ་འཛིན་ཞེས་བྱ་བ་ཡིན་ཏེ། དཔག་ཚད་བརྒྱད་ཁྲི་ནི་ཆུའི་འོག་གསེར་གྱི་ས་གཞི་ཆེན་པོ་ལ་བརྟེན་ཏོ། །དཔག་ཚད་ཉི་ཁྲི་ནི་ཆུ་ལས་གྱེན་དུ་འཕགས་སོ། །ཞེང་དུ་ཡང་དེ་དང་འདྲ་སྟེ། དབྱིབས་
ལེགས་ཤིང་བལྟ་ན་སྡུག་ལ་མཛེས་པ་གསེར་ལས་གྲུབ་པ་ཡིན་ནོ། །ཡུན་རིང་མོ་ཞིག་འདས་ནས། ཆུའི་རྒྱ་མཚོ་ཆེན་པོ་དེའི་སྟེང་དུ་ནང་དུ་བལྟས་པ་དང་། ཕྱི་རོལ་དུ་བལྟས་པའི་རླུང་ཁོ་ར་ཁོར་ཡུག་ན་གྲུ་བཞིར་ལྡང་བ་དེའི་དུས་ཀྱང་ཡོད་ལ་དེའི་སྐབས་ཀྱང་ཡོད་དོ། །དེ་དག་གི་ཆུ་དེ་དག་
ཀུན་དུ་སྡུད་པར་བྱེད་ཅིང་ཀུན་དུ་འཐས་པར་བྱེད་དེ། ཀུན་དུ་བསྡུས་ཤིང་ཀུན་ཏུ་འཐས་པར་བྱས་ནས། ཐུར་དུ་ཡང་ཟུག་པར་བྱེད་ཅིང་གྱེན་དུ་ཡང་འབྱུང་བར་བྱེད་དོ། །དེ་ནི་རིའི་རྒྱལ་པོ་སེང་ལྡེང་ཅན་ཞེས་བྱ་བ་ཡིན་ཏེ། དཔག་ཚད་བརྒྱད་ཁྲི་ནི་ཆུའི་འོག་གསེར་གྱི་ས་གཞི་ཆེན་པོ་ལ་བརྟེན་

ཏོ། །དཔག་ཚད་ཁྲི་ནི་ཆུ་ལས་གྱེན་དུ་འཕགས་སོ། །ཞེང་དུ་ཡང་དེ་དང་འདྲ་སྟེ། དབྱིབས་ལེགས་ཤིང་བལྟ་ན་སྡུག་ལ་མཛེས་པ་གསེར་ལས་གྲུབ་པ་ཡིན་ནོ། །ཡུན་རིང་མོ་ཞིག་འདས་ནས་ཆུའི་རྒྱ་མཚོ་ཆེན་པོ་དེའི་སྟེང་དུ་ནང་དུ་བལྟས་པ་དང་། ཕྱི་རོལ་དུ་བལྟས་པའི་རླུང་ཁོ་ར་
ཁོར་ཡུག་ནས་གྲུ་བཞིར་ལྡང་བ་དེའི་དུས་ཀྱང་ཡོད་ལ་དེའི་སྐབས་ཀྱང་ཡོད་དེ། དེ་དག་གིས་ཆུ་དེ་དག་ཀུན་དུ་སྡུད་པར་བྱེད་ཅིང་ཀུན་ཏུ་འཐས་པར་བྱེད་དོ། །ཀུན་དུ་བསྡུས་ཤིང་ཀུན་དུ་འཐས་པར་བྱས་ནས་ཐུར་དུ་ཡང་ཟུག་པར་བྱེད་ཅིང་གྱེན་དུ་ཡང་འབྱུང་བར་བྱེད་དོ། །དེ་ནི་རིའི་རྒྱལ་པོ་
བལྟ་ན་སྡུག་ཅེས་བྱ་བ་ཡིན་ཏེ། དཔག་ཚད་བརྒྱད་ཁྲི་ནི་ཆུའི་འོག་གསེར་གྱི་ས་གཞི་ཆེན་པོ་ལ་བརྟེན་ཏོ། །དཔག་ཚད་ལྔ་སྟོང་ནི་ཆུ་ལས་གྱེན་དུ་འཕགས་སོ། །ཞེང་དུ་ཡང་དེ་དང་འདྲ་སྟེ། དབྱིབས་ལེགས་ཤིང་བལྟ་ན་སྡུག་ལ་མཛེས་པ་གསེར་ལས་གྲུབ་པ་ཡིན་ནོ། །ཡུན་རིང་མོ་
ཞིག་འདས་ནས། ཆུའི་རྒྱ་མཚོ་ཆེན་པོའི་སྟེང་དུ་ནང་དུ་བལྟས་པ་དང་། ཕྱི་རོལ་ཏུ་བལྟས་པའི་རླུང་ཁོ་ར་ཁོར་ཡུག་ནས་གྲུ་བཞིར་ལྡང་བ་དེའི་དུས་ཀྱང་ཡོད་ལ་དེའི་སྐབས་ཀྱང་ཡོད་དོ། །དེ་དག་གིས་ཆུ་དེ་དག་ཀུན་དུ་སྡུད་ཅིང་ཀུན་དུ་འཐས་པར་བྱེད་དོ། །ཀུན་དུ་བསྡུས་ཤིང་ཀུན་དུ་
འཐས་པར་བྱས་ནས་ཐུར་དུ་ཡང་ཟུག་པར་བྱེད་ཅིང་གྱེན་དུ་ཡང་འབྱུང་བར་བྱེད་དོ། །དེ་ནི་རིའི་རྒྱལ་པོ་རྟ་རྣ་རི་ཞེས་བྱ་བ་ཡིན་ཏེ། དཔག་ཚད་བརྒྱད་ཁྲིའི་ནི་ཆུའི་འོག་གསེར་གྱི་ས་གཞི་ཆེན་པོ་ལ་བརྟེན་ཏོ། །དཔག་ཚད་ཉིས་སྟོང་ལྔ་བརྒྱ་ནི་ཆུ་ལས་གྱེན་དུ་འཕགས་སོ། །ཞེང་དུ་ཡང་དེ་
དང་འདྲ་སྟེ། དབྱིབས་ལེགས་ཤིང་བལྟ་ན་སྡུག་ལ་མཛེས་པ་གསེར་ལས་གྲུབ་པ་ཡིན་ནོ། །ཡུན་རིང་མོ་ཞིག་འདས་ནས་ཆུའི་རྒྱ་མཚོ་ཆེན་པོ་དེའི་སྟེང་དུ་ནང་དུ་བལྟས་པ་དང་། ཕྱི་རོལ་དུ་བལྟས་པའི་རླུང་ཁོ་ར་ཁོར་ཡུག་ནས་གྲུ་བཞིར་ལྡང་བ་དེའི་དུས་ཀྱང་ཡོད་ལ་དེའི་སྐབས་ཀྱང་
ཡོད་དོ། །དེ་དག་གི་ཆུ་དེ་དག་ཀུན་ཏུ་སྡུད་ཅིང་ཀུན་ཏུ་འཐས་པར་བྱེད་དོ། །ཀུན་དུ་བསྡུས་ཤིང་ཀུན་དུ་འཐས་པར་བྱས་ནས་ཐུར་དུ་ཡང་ཟུག་པར་བྱེད་ཅིང་གྱེན་དུ་ཡང་འབྱུང་བར་བྱེད་དོ། །དེ་ནི་རིའི་རྒྱལ་པོ་རྣམ་པར་འདུད་ཅེས་བྱ་བ་ཡིན་ཏེ། དཔག་ཚད་བརྒྱད་ཁྲི་ནི་ཆུའི་འོག་གསེར་

གྱི་ས་གཞི་ཆེན་པོ་ལ་བརྟེན་ཏོ། །དཔག་ཚད་སྟོང་ཉིས་བརྒྱ་ལྔ་བཅུ་ནི་ཆུ་ལས་གྱེན་དུ་འཕགས་སོ། །ཞེང་དུ་ཡང་དེ་དང་འདྲ་སྟེ་དབྱིབས་ལེགས་ཤིང་བལྟ་ན་སྡུག་ལ་མཛེས་པ་གསེར་ལས་གྲུབ་པ་ཡིན་ནོ། །ཡུན་རིང་མོ་ཞིག་འདས་ནས་ཆུའི་རྒྱ་མཚོ་ཆེན་པོའི་སྟེང་དུ་
ནང་དུ་བལྟས་པ་དང་། ཕྱི་རོལ་དུ་བལྟས་པའི་རླུང་ཁོ་ར་ཁོར་ཡུག་ནས་གྲུ་བཞིར་ལྡང་བ་དེའི་དུས་ཀྱང་ཡོད་ལ་དེའི་སྐབས་ཀྱང་ཡོད་དོ། །དེ་དག་གི་ཆུ་དེ་དག་ཀུན་དུ་སྡུད་ཅིང་ཀུན་དུ་འཐས་པར་བྱེད་དོ། །ཀུན་དུ་བསྡུས་ཤིང་ཀུན་དུ་འཐས་པར་བྱས་ནས། ཐུར་དུ་ཡང་ཟུག་པར་བྱེད་ཅིང་གྱེན་དུ་འབྱུང་
བར་བྱེད་དོ། །དེ་ནི་རིའི་རྒྱལ་པོ་མུ་ཁྱུད་འཛིན་ཞེས་བྱ་བ་ཡིན་ཏེ། དཔག་ཚད་བརྒྱད་ཁྲི་ནི་ཆུའི་འོག་གསེར་གྱི་ས་གཞི་ཆེན་པོ་ལ་བརྟེན་ཏོ། །དཔག་ཚད་དྲུག་བརྒྱ་ཉི་ཤུ་རྩ་ལྔ་ནི་ཆུ་ལས་གྱེན་དུ་འཕགས་སོ། །ཞེང་དུ་ཡང་དེ་དང་འདྲ་སྟེ་དབྱིབས་ལེགས་ཤིང་བལྟ་ན་སྡུག་ལ་མཛེས་པ་གསེར་
ལས་བྱས་པ་ཡིན་ནོ། །ཡུན་རིང་མོ་ཞིག་འདས་ནས་ཆུའི་རྒྱ་མཚོ་ཆེན་པོ་དེའི་སྟེང་དུ་ནང་དུ་བལྟས་པ་དང་། ཕྱི་རོལ་དུ་བལྟས་པའི་རླུང་ཁོ་ར་ཁོར་ཡུག་ནས་ཟླུམ་པོར་ལྡང་བ་དེའི་དུས་ཀྱང་ཡོད་ལ་དེའི་སྐབས་ཀྱང་ཡོད་དོ། །དེ་དག་གི་ཆུ་དེ་དག་ཀུན་དུ་སྡུད་ཅིང་ཀུན་དུ་འཐས་
པར་བྱེད་དོ། །ཀུན་དུ་བསྡུས་ཤིང་ཀུན་དུ་འཐས་པར་བྱས་ནས་ཐུར་དུ་ཡང་ཟུག་པར་བྱེད་ཅིང་གྱེན་དུ་ཡང་འབྱུང་བར་བྱེད་དོ། །དེ་ནི་རིའི་རྒྱལ་པོ་ཁོ་ར་ཁོར་ཡུག་གི་རི་ཞེས་བྱ་བ་ཡིན་ཏེ། དཔག་ཚད་བརྒྱད་ཁྲི་ནི་ཆུའི་འོག་གསེར་གྱི་ས་གཞི་ཆེན་པོ་ལ་བརྟེན་ཏོ། །དཔག་ཚད་སུམ་བརྒྱ་རྩ་
ཕྱེད་དང་བཅུ་གསུམ་ནི་ཆུ་ལས་གྱེན་དུ་འཕགས་སོ། །ཞེང་དུ་ཡང་དེ་དང་འདྲ་སྟེ། དབྱིབས་ལེགས་ཤིང་བལྟ་ན་སྡུག་ལ་མཛེས་པ་ལྕགས་ལས་གྲུབ་པ་ཡིན་ནོ། །ཡུན་རིང་མོ་ཞིག་འདས་ན་ཆུའི་རྒྱ་མཚོ་ཆེན་པོ་དེའི་སྟེང་དུ་རིའི་རྒྱལ་པོ་རི་རབ་ཀྱི་ལྷོ་ཕྱོགས་ཀྱི་ཕྱི་རོལ་གྱི་རྒྱ་མཚོ་ཆེན་པོར་ནང་དུ་
བལྟས་པ་དང་། ནང་རྒྱ་ཆེ་བ་དང་། ཕྱི་རོལ་དུ་བལྟས་པ་དང་། ཤིང་རྟའི་དབྱིབས་ལྟ་བུའི་རླུང་ཁོ་ར་ཁོར་ཡུག་ནས་ལྡང་བ་དེའི་དུས་ཀྱང་ཡོད་ལ་དེའི་སྐབས་ཀྱང་ཡོད་དོ། །དེ་དག་གིས་ཆུ་དེ་དག་ཀུན་དུ་སྡུད་ཅིང་ཀུན་ཏུ་འཐས་པར་བྱེད་དོ། །ཀུན་ཏུ་བསྡུས་ཤིང་ཀུན་དུ་འཐས་པར་བྱས་ནས་གཅིག་

ཏུ་འདུས་པར་བྱས་ཏེ། ཐུར་དུ་ཡང་ཟུག་པར་བྱེད་ཅིང་སྟེང་ནི་ཆུ་དང་མཉམ་པར་འཇོག་སྟེ། དེ་ནི་ལྷོ་འཛམ་བུའི་གླིང་ཞེས་བྱ་བ་ཡིན་ཏེ། དཔག་ཚད་བརྒྱད་ཁྲི་ནི་ཆུའི་འོག་གསེར་གྱི་ས་གཞི་ཆེན་པོ་ལ་བརྟེན་ཏོ། །སྟེང་ནི་ཆུ་དང་མཉམ་པར་འདུག་སྟེ། དེའི་ངོས་ནང་གི་རིང་པོ་གང་ཡིན་པ་དེ་
ལ་ནི་དཔག་ཚད་ཉིས་སྟོང་ཡོད་དོ། །ངོས་ནང་གི་ཐུང་ངུ་གང་ཡིན་པ་དེ་ལ་ནི་དཔག་ཚད་ཕྱེད་དང་བཞི་ཡོད་ལ། མཐའ་སྐོར་དུ་དཔག་ཚད་དྲུག་སྟོང་དང་དཔག་ཚད་ཕྱེད་དང་བཞི་ཡོད་དེ། དབྱིབས་ལེགས་ཤིང་བལྟ་ན་སྡུག་ལ་མཛེས་པ་ས་ལས་གྲུབ་པ་ཡིན་ནོ། །ཡུན་རིང་མོ་ཞིག་འདས་
ནས་ཆུའི་རྒྱ་མཚོ་ཆེན་པོ་དེའི་སྟེང་རིའི་རྒྱལ་པོ་རི་རབ་ཀྱི་ཤར་ཕྱོགས་ཀྱི་ཕྱི་རོལ་གྱི་རྒྱ་མཚོ་ཆེན་པོར་ནང་དུ་བལྟས་ཤིང་། ཕྱི་རོལ་རྒྱ་ཆེ་བའི་རླུང་ཁོ་ར་ཁོར་ཡུག་ན་ཟླ་གམ་ལྟ་བུར་གྲུབ་ཅིང་ལྡང་བ་དེའི་དུས་ཀྱང་ཡོད་ལ་དེའི་སྐབས་ཀྱང་ཡོད་དོ། །དེ་དག་གིས་ཆུ་དེ་དག་ཀུན་དུ་སྡུད་པར་བྱེད་
ཅིང་ཀུན་དུ་འཐས་པར་བྱེད་དོ། །ཀུན་དུ་བསྡུས་ཤིང་ཀུན་དུ་འཐས་པར་བྱས་ནས་གཅིག་ཏུ་འདུས་པར་བྱས་ཏེ། ཐུར་དུ་ཡང་ཟུག་པར་བྱེད་ཅིང་སྟེང་ནི་ཆུ་དང་མཉམ་པར་འཇོག་སྟེ། དེ་ནི་ཤར་གྱི་ལུས་འཕགས་ཀྱི་གླིང་ཞེས་བྱ་བ་ཡིན་ཏེ། དཔག་ཚད་བརྒྱད་ཁྲི་ནི་ཆུའི་འོག་གསེར་གྱི་ས་
གཞི་ཆེན་པོ་ལ་བརྟེན་ཏོ། །སྟེང་ནི་ཆུ་དང་མཉམ་པར་འདུག་སྟེ། དེའི་ངོས་ནང་གི་རིང་པོ་གང་ཡིན་པ་དེ་ལ་ནི་དཔག་ཚད་ཉིས་སྟོང་ཡོད་དོ། །ངོས་ནང་གི་ཐུང་ངུ་དེ་ལ་ནི་དཔག་ཚད་སུམ་བརྒྱ་ལྔ་བཅུ་ཡོད་ལ། མཐའ་སྐོར་དུ་དཔག་ཚད་དྲུག་སྟོང་དང་དཔག་ཚད་སུམ་བརྒྱ་ལྔ་བཅུ་ཡོད་
དོ། །དབྱིབས་ལེགས་ཤིང་བལྟ་ན་སྡུག་ལ་མཛེས་པ་ས་ལས་གྲུབ་པ་ཡིན་ནོ། །ཡུན་རིང་མོ་ཞིག་འདས་ནས་ཆུའི་རྒྱ་མཚོ་ཆེན་པོ་དེའི་སྟེང་རིའི་རྒྱལ་པོ་རི་རབ་ཀྱི་ནུབ་ཕྱོགས་ཀྱི་ཕྱི་རོལ་རྒྱ་མཚོ་ཆེན་པོར་ནང་དུ་བལྟས་པ་དང་། ཕྱི་རོལ་དུ་བལྟས་པའི་རླུང་ཁོ་ར་ཁོར་ཡུག་ནས་
ཟླུམ་པོར་ལྡང་བ་དེའི་དུས་ཀྱང་ཡོད་ལ་དེའི་སྐབས་ཀྱང་ཡོད་དེ། དེ་དག་གིས་ཆུ་དེ་དག་ཀུན་དུ་སྡུད་ཅིང་ཀུན་ཏུ་འཐས་པར་བྱེད་དོ། །ཀུན་དུ་བསྡུས་ཤིང་ཀུན་ཏུ་འཐས་པར་བྱས་ནས་གཅིག་ཏུ་འདུས་པར་བྱས་ཏེ། ཐུར་དུ་ཡང་ཟུག་པར་བྱེད་ཅིང་སྟེང་ནི་ཆུ་དང་མཉམ་པར་འཇོག་གོ། །དེ་ནི་ནུབ་ཀྱི་བ་ལང་

སྤྱོད་ཅེས་བྱ་བའི་གླིང་ཡིན་ཏེ། དཔག་ཚད་བརྒྱད་ཁྲི་ནི་ཆུའི་འོག་གསེར་གྱི་ས་གཞི་ཆེན་པོ་ལ་བརྟེན་ཏོ། །སྟེང་ནི་ཆུ་དང་མཉམ་པར་འདུག་སྟེ། ཆུར་དཔག་ཚད་ཉིས་སྟོང་ལྔ་བརྒྱ། ཞེང་དུ་ཡང་དཔག་ཚད་ཉིས་སྟོང་ལྔ་བརྒྱ་ཡོད་ལ་མཐའ་སྐོར་དུ་དཔག་ཚད་བདུན་
སྟོང་ལྔ་བརྒྱ་ཡོད་དེ། དབྱིབས་ལེགས་ཤིང་བལྟ་ན་སྡུག་ལ་མཛེས་པ་ས་ལས་གྲུབ་པ་ཡིན་ནོ། །ཡུན་རིང་མོ་ཞིག་འདས་ནས་ཆུའི་རྒྱ་མཚོ་ཆེན་པོ་དེའི་སྟེང་རིའི་རྒྱལ་པོ་རི་རབ་ཀྱི་བྱང་ཕྱོགས་ཀྱི་ཕྱི་རོལ་གྱི་རྒྱ་མཚོ་ཆེན་པོར་ནང་དུ་བལྟས་པ་དང་། ཕྱི་རོལ་དུ་བལྟས་པའི་རླུང་ཁོ་ར་ཁོར་ཡུག་ནས་
གྲུ་བཞིར་ལྡང་བ་དེའི་དུས་ཀྱང་ཡོད་ལ་དེའི་སྐབས་ཀྱང་ཡོད་དོ། །དེ་དག་གི་ཆུ་དེ་དག་ཀུན་དུ་སྡུད་ཅིང་ཀུན་དུ་འཐས་པར་བྱེད་དོ། །ཀུན་དུ་བསྡུས་ཤིང་ཀུན་དུ་འཐས་པར་བྱས་ནས་གཅིག་ཏུ་འདུས་པར་བྱས་ཏེ། ཐུར་དུ་ཟུག་པར་བྱེད་ཅིང་སྟེང་ནི་ཆུ་དང་མཉམ་པར་གཞོག་གོ། །དེ་ནི་བྱང་གི་སྒྲ་
མི་སྙན་ཞེས་བྱ་བའི་གླིང་ཡིན་ཏེ། དཔག་ཚད་བརྒྱད་ཁྲི་ནི་ཆུའི་འོག་གསེར་གྱི་ས་གཞི་ཆེན་པོ་ལ་བརྟེན་ཏོ། །སྟེང་ནི་ཆུ་དང་མཉམ་པར་འདུག་སྟེ། ཆུར་དཔག་ཚད་ཉིས་སྟོང་ཞེང་དུ་ཡང་དཔག་ཚད་ཉིས་སྟོང་ཡོད་ལ། མཐའ་སྐོར་དུ་དཔག་ཚད་བརྒྱད་སྟོང་ཡོད་དོ། །དབྱིབས་ལེགས་ཤིང་
བལྟ་ན་སྡུག་ལ་མཛེས་པ་ས་ལས་གྲུབ་པ་ཡིན་ནོ། །ཡུན་རིང་མོ་ཞིག་འདས་ནས་ནམ་མཁའ་ལ་ཚངས་པའི་གཞལ་མེད་ཁང་སྟོང་པར་ལེགས་པར་གནས་པར་འགྱུར་བ་དེའི་དུས་ཀྱང་ཡོད་ལ་དེའི་སྐབས་ཀྱང་ཡོད་དོ། །དེ་ནས་སེམས་ཅན་ཚེ་ཟད་ཅིང་ལས་ཟད་ལ་བསོད་ནམས་ཟད་ནས་འོད་གསལ་གྱི་
ལྷའི་རིས་ནས་ཚེ་འཕོས་ཏེ། ཚངས་པའི་གཞལ་མེད་ཁང་སྟོང་པའི་ནང་དུ་སྐྱེ་བར་འགྱུར་རོ། །དེ་ནས་སེམས་ཅན་གཞན་ཡང་ཚེ་ཟད་ཅིང་ལས་ཟད་ལ་བསོད་ནམས་ཟད་ནས་འོད་གསལ་གྱི་ལྷའི་རིས་ནས་ཤི་འཕོས་ཏེ། ཚངས་པའི་འདུན་ན་འདོན་པའི་ལྷར་སྐྱེ་བར་འགྱུར་རོ། །དེ་ནས་ཚངས་
པའི་རིས་སུ་སྐྱེའོ། །དེ་ནས་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ཀྱི་བར་དུ་སྐྱེ་བར་འགྱུར་ཏེ། དེ་ཙམ་གྱིས་ན་འཇིག་རྟེན་ནི་བར་གྱི་བསྐལ་པ་ཉི་ཤུར་འཆགས་པ་དེ་མཐར་ཐུག་པར་བརྗོད་པར་བྱའོ། །དེ་ནས་འཇིག་རྟེན་འདི་བར་གྱི་བསྐལ་པ་ཉི་ཤུར་ཆགས་ནས་གནས་པ་དེ་ཡང་འབྱུང་བར་བརྗོད་

པར་བྱའོ། །ཡུན་རིང་མོ་ཞིག་འདས་ནས་ཆུའི་རྒྱ་མཚོ་ཆེན་པོ་དེའི་སྟེང་དུ་ཆུའི་རྒྱུན་ཤིང་རྟའི་སྲོག་ཤིང་ཙམ་གྱི་ཆར་འབབ་པ་དེའི་དུས་ཀྱང་ཡོད་ལ་དེའི་སྐབས་ཀྱང་ཡོད་དོ། །དེས་རོལ་མཚོ་རྣམས་ཀྱང་གང་བར་བྱེད་ལ་གླིང་རྣམས་ཀྱང་ཆུ་དང་མཉམ་པར་གཞོག་སྟེ། ས་ཆེན་པོ་འདི་ཆུ་གཅིག་
ཅིང་རྒྱ་མཚོ་གཅིག་ཏུ་འགྱུར་བར་བྱེད་དོ། །ས་ཆེན་པོ་ཆུ་གཅིག་ཅིང་རྒྱ་མཚོ་གཅིག་ཏུ་གྱུར་པའི་སྟེང་དུ་རླུང་གིས་སྤྲིས་མ་ཀུན་དུ་སྡུད་ཅིང་ཀུན་དུ་འཐས་པར་བྱེད་དོ། །ལེགས་པར་གནས་པར་བྱེད་ཅིང་ཀུན་དུ་བདལ་ཏེ། དཔེར་ན་འོ་མ་བསྐོལ་ཏེ་བསྒྲངས་པའི་སྟེང་དུ་རླུང་གིས་སྤྲིས་མ་ཀུན་དུ་སྡུད་
ཅིང་ཀུན་དུ་འཐས་པར་བྱེད་དེ། ལེགས་པར་གནས་པར་བྱེད་ཅིང་ཀུན་དུ་བདལ་བ་དེ་བཞིན་དུ་ས་ཆེན་པོ་ཆུ་གཅིག་ཅིང་རྒྱ་མཚོ་གཅིག་ཏུ་གྱུར་པའི་སྟེང་དུ་རླུང་གིས་སྤྲིས་མ་ཀུན་དུ་སྡུད་ཅིང་ཀུན་དུ་འཐས་པར་བྱེད་དེ། ལེགས་པར་གནས་པར་བྱེད་ཅིང་ཀུན་དུ་བདལ་ཏེ། དེ་ནི་སའི་བཅུད་ཁ་དོག་
ཕུན་སུམ་ཚོགས་པ་དང་། དྲི་ཕུན་སུམ་ཚོགས་པ་དང་། རོ་ཕུན་སུམ་ཚོགས་པ་ཡིན་ཏེ། ཁ་དོག་ནི་དཔེར་ན་མར་སར་བཞིན་ནོ། །རོ་ནི་དཔེར་ན་སྦྲང་བུའི་སྦྲང་རྩི་མ་བསྐོལ་བ་བཞིན་ནོ། །དེ་ནས་སེམས་ཅན་གཞན་ཚེ་ཟད་ཅིང་ལས་ཟད་ལ་བསོད་ནམས་ཟད་པས་འོད་གསལ་གྱི་ལྷའི་
རིས་ནས་ཤི་འཕོས་ནས་འཇིག་རྟེན་འདིར་སྐྱེ་བར་འགྱུར་རོ། །དེ་དག་འདིར་གཟུགས་བཟང་བ་དང་ཡིད་ལས་སྐྱེས་པ་དང་། མ་ཉམས་པ་དང་། དབང་པོ་ཚང་བ་དང་། ཡན་ལག་དང་ཉིང་ལག་ཐམས་ཅད་དང་ལྡན་པ་དང་། བཟང་བ་དང་། མདོག་སྡུག་པ་དང་། དགའ་བའི་བཟའ་བ་དང་
དགའ་བའི་ཟས་དང་། རང་ལས་འོད་འབྱུང་བ་དང་། ནམ་མཁའ་ལ་འགྲོ་བ་དང་། ཚེ་རིང་ཞིང་ཡུན་རིང་པོར་གནས་སོ། །དེའི་ཚེ་ན་ཉི་མ་དང་། ཟླ་བ་འདི་གཉིས་འཇིག་རྟེན་དུ་མི་འབྱུང་ངོ་། །རྒྱུ་སྐར་རྣམས་ཀྱང་མི་འབྱུང་ངོ་། །དུས་ཚིགས་དང་། ལོ་རྣམས་ཀྱང་མི་འབྱུང་ངོ་། །ཟླ་བ་དང་
ཟླ་བ་ཕྱེད་རྣམས་མི་འབྱུང་ངོ་། །མཚན་མོ་དང་ཉིན་མོ་རྣམས་མི་འབྱུང་ངོ་། །སྐད་ཅིག་དང་ཐང་ཅིག་དང་ཡུད་ཙམ་རྣམས་མི་འབྱུང་། སྐྱེས་པ་དང་། བུད་མེད་ཀྱང་མེད་དེ། གཞན་དུ་ན་སེམས་ཅན་སེམས་ཅན་ཞེས་བྱ་བའི་མིང་འབའ་ཞིག་འབྱུང་ངོ་།། །།འཇིག་རྟེན་གཞག་པ།

བམ་པོ་བདུན་པ། དེ་ནས་སེམས་ཅན་བསྐལ་པའི་རང་བཞིན་གཞན་ཞིག་གིས་སའི་བཅུད་མཛུབ་མོའི་ཐོར་ཏོས་བླངས་ཏེ་མྱངས་སོ། །ཇི་ཙམ་དུ་མྱོང་བར་བྱེད་པ་དེ་ཙམ་དུ་སྲེད་པར་འགྱུར་རོ། །ཇི་ཙམ་དུ་སྲེད་པར་གྱུར་པ་དེ་ཙམ་དུ་ཁམ་གྱིས་ཟ་བར་བྱེད་དོ། །སེམས་
ཅན་གཞན་དག་གིས་ཀྱང་སེམས་ཅན་དེ་དག་སའི་བཅུད་མཛུབ་མོའི་ཐོར་ཏོས་བླངས་ཏེ་མྱོང་བར་བྱེད་པ་མཐོང་ངོ་། །མཐོང་ནས་སེམས་ཅན་དེ་དག་གིས་ཀྱང་སའི་བཅུད་མཛུབ་མོའི་ཐོར་ཏོས་ས་བླངས་ཏེ་མྱོང་བར་བྱེད་དོ། །ཇི་ཙམ་དུ་མྱོང་བར་བྱེད་པ་དེ་ཙམ་དུ་སྲེད་པར་གྱུར་ཏོ། །ཇི་ཙམ་དུ་སྲེད་པར་
གྱུར་པ་དེ་ཙམ་དུ་ཁམ་གྱིས་ཟ་བར་བྱེད་དོ། །སེམས་ཅན་དེ་དག་གིས་སའི་བཅུད་ཁམ་གྱིས་ཟོས་པ་དེས་ན་དེ་དག་གི་ལུས་ལ་མཁྲང་བ་དང་ལྕི་བ་ཞུགས་པར་གྱུར་ཏོ། །འོད་དང་ཁ་དོག་གི་མདོག་གང་ཡིན་པ་དེ་ནི་མེད་པར་གྱུར་ཏེ། འཇིག་རྟེན་དུ་མུན་པ་བྱུང་བར་གྱུར་ཏོ། །ཆོས་ཉིད་ཀྱིས་ན་
འཇིག་རྟེན་དུ་མུན་པ་བྱུང་ན་ཉི་མ་དང་ཟླ་བ་འདི་གཉིས་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །རྒྱུ་སྐར་རྣམས་དང་། མཚན་མོ་དང་ཉིན་མོ་རྣམས་དང་། དུས་ཚིགས་དང་ལོ་རྣམས་དང་། སྐད་ཅིག་དང་ཐང་ཅིག་དང་ཡུད་ཙམ་རྣམས་འཇིག་རྟེན་དུ་འབྱུང་བར་འགྱུར་རོ། །དེ་ནས་སེམས་ཅན་དེ་དག་གི་
ཤར་ཕྱོགས་ནས་ཉི་མའི་དཀྱིལ་འཁོར་འཆར་བ་ན་དེ་དག་འདི་སྐད་དུ་ལྷའི་འོད་དེ་ཉིད་འདི་རེ། ལྷའི་འོད་དེ་ཉིད་འདི་རེ་ཞེས་ནས་མིང་ཉིན་པར་ཉིན་པར་ཞེས་བྱ་བར་གྱུར་ཏོ། །དེ་ནས་སེམས་ཅན་དེ་དག་གི་ནུབ་ཕྱོགས་སུ་ཉི་མའི་དཀྱིལ་འཁོར་ནུབ་པ་ན་དེ་དག་འདི་སྐད་དུ་ལྷའི་འོད་དེ་ཉིད་དམར་པོར་
གྱུར་པ་འདི་རེ། ལྷའི་འོད་དེ་ཉིད་དམར་པོར་གྱུར་པ་འདི་རེ་ཞེས་ནས་མཚན་མོ་མཚན་མོ་ཞེས་བྱ་བའི་གྲངས་སུ་བགྲང་ངོ་། །དེ་ནས་སེམས་ཅན་དེ་དག་གི་ཤར་ཕྱོགས་ནས་ཟླ་བའི་དཀྱིལ་འཁོར་ཤར་བ་དང་སེམས་ཅན་འདི་སྐད་དུ་མུན་པ་བཀྲ་བར་བྱེད་དོ། །མུན་པ་བཀྲ་བར་བྱེད་དོ་ཞེས་ནས་ཟླ་
བ་ཟླ་བ་ཞེས་བྱ་བའི་གྲངས་སུ་བགྲང་ངོ་། །དེ་ནས་སེམས་ཅན་དེ་དག་གི་ཤར་ཕྱོགས་ནས་ཡང་ཉི་མའི་དཀྱིལ་འཁོར་འཆར་བ་ན། དེ་དག་འདི་སྙམ་དུ་ལྷའི་འོད་དེ་ཉིད་འཁོར་བ་འདི་རེ། ལྷའི་འོད་དེ་ཉིད་འཁོར་བ་འདི་རེ་ཞེས་ནས་ཉི་མ་ཉི་མ་ཞེས་བྱ་བའི་མིང་འབྱུང་ངོ་། །དེ་དག་བཟའ་བ་

དང་། ཁ་ཟས་དེ་ཟ་ལ། ཚེ་རིང་ཞིང་ཡུན་རིང་དུ་གནས་སོ། །དེ་དག་གི་ནང་ན་ཁ་ཟས་ཆེས་མང་དུ་ཟ་བ་དེ་ནི་ཁ་དོག་ངན་པར་འགྱུར་རོ། །གང་ཁ་ཟས་ཆེས་ཉུང་ངུ་ཟ་བ་དེ་ནི་ཁ་དོག་བཟང་བར་འགྱུར་རོ། །དེ་ལྟར་ཁ་ཟས་སྣ་ཚོགས་ཀྱི་རྐྱེན་གྱིས་ཁ་དོག་སྣ་ཚོགས་ཡོད་པར་གྱུར་ཏོ། །ཁ་དོག་སྣ་
ཚོགས་ཡོད་པར་གྱུར་པས། ཀྱེ་སེམས་ཅན་ང་ནི་ཁ་དོག་བཟང་བ་ཡིན་ནོ། །ཁྱོད་ནི་ཁ་དོག་ངན་པ་ཡིན་ནོ་ཞེས་སེམས་ཅན་གྱིས་སེམས་ཅན་ལ་བརྙས་པར་གྱུར་ཏོ། །ཁ་དོག་གི་མངོན་པའི་ང་རྒྱལ་ཅན་དེ་དག་གིས་སྡིག་པ་མི་དགེ་བའི་ཆོས་དེ་དག་ཉིད་ཡང་དག་པར་བླངས་པའི་ཕྱིར་
སའི་བཅུད་ནུབ་པར་གྱུར་ཏོ། །དེ་ནས་སེམས་ཅན་དེ་དག་འདུས་ཤིང་ཚོགས་ནས་མྱ་ངན་བྱེད་ཅིང་ཡི་ཆད་ལ་སྨྲེ་སྔགས་འདོན་ཏེ། འདི་སྐད་དུ། ཀྱེ་ཧུད་སའི་བཅུད་ཀྱེ་ཧུད་སའི་བཅུད་ཅེས་ཀྱང་འཛེར་ཏེ། དཔེར་ན་ད་ལྟར་གྱི་མི་རྣམས་ཀྱི་ཁ་ཟས་བཟང་པོ་མངར་བ་འགའ་ཞིག་རྙེད་ན་སྔོན་གྱི་
ཡི་གེ་དང་། ཚིག་དང་། མིང་དེ་དག་རྗེས་སུ་སློབ་པར་བྱེད་དེ། འདི་སྐད་དུ་ཀྱེ་ཧུད་བྲོ་བ་ཀྱེ་ཧུད་བྲོ་བ་ཞེས་ཟེར་བ་དེ་བཞིན་དུ། སེམས་ཅན་དེ་དག་འདུས་ཤིང་ཚོགས་ནས་མྱ་ངན་བྱེད་ཅིང་ཡི་ཆད་ལ་སྨྲེ་སྔགས་འདོན་ཏེ། འདི་སྐད་དུ་ཀྱེ་ཧུད་སའི་བཅུད་ཀྱེ་ཧུད་སའི་བཅུད་ཅེས་འཛེར་ཏེ།
འོན་ཀྱང་སྨྲས་པ་འདིའི་དོན་ནི་འདི་ཡིན་ནོ། །སྨྲས་པ་འདིའི་དོན་ནི་འདི་ཡིན་ནོ་ཞེས་སྨྲས་པ་དེའི་དོན་ཡང་མི་ཤེས་སོ། །སའི་བཅུད་ནུབ་པར་གྱུར་པ་ན་སེམས་ཅན་དེ་དག་གིས་སའི་ཞག་ཁ་དོག་ཕུན་སུམ་ཚོགས་པ་དང་། དྲི་ཕུན་སུམ་ཚོགས་པ་དང་། རོ་ཕུན་སུམ་ཚོགས་པ་བྱུང་བར་གྱུར་
ཏེ། ཁ་དོག་ནི་དཔེར་ན་དོང་ཀའི་མེ་ཏོག་བཞིན་ནོ། །རོ་ནི་དཔེར་ན་སྦྲང་མའི་སྦྲང་རྩི་མ་བསྐོལ་བ་བཞིན་ནོ། །དེ་དག་བཟའ་བ་དེ་དང་། ཁ་ཟས་དེ་ཟ་ལ་ཚེ་རིང་ཞིང་ཡུན་རིང་མོར་གནས་སོ། །དེ་དག་གི་ནང་ན་གང་ཁ་ཟས་ཆེས་མང་དུ་ཟ་བ་དེ་ནི་ཁ་དོག་ངན་པར་འགྱུར་རོ། །གང་ཁ་ཟས་
ཆེས་ཉུང་ངུ་ཟ་བ་དེ་ནི་ཁ་དོག་བཟང་བར་འགྱུར་རོ། །དེ་ལྟར་ཁ་ཟས་སྣ་ཚོགས་ཀྱི་རྐྱེན་གྱིས་ཁ་དོག་སྣ་ཚོགས་ཡོད་པར་འགྱུར་རོ། །ཁ་དོག་སྣ་ཚོགས་ཡོད་པར་གྱུར་པས། ཀྱེ་སེམས་ཅན་ང་ནི་ཁ་དོག་བཟང་བ་ཡིན་ནོ། །ཁྱོད་ནི་ཁ་དོག་ངན་པ་ཡིན་ནོ་ཞེས་སེམས་ཅན་གྱིས་སེམས་

ཅན་ལ་བརྙས་པར་གྱུར་ཏོ། །ཁ་དོག་གི་མངོན་པའི་ང་རྒྱལ་ཅན་དེ་དག་གིས་ཡང་སྡིག་པ་མི་དགེ་བའི་ཆོས་དེ་དག་ཉིད་ཡང་དག་པར་བླངས་པའི་ཕྱིར་སའི་ཞག་ཀྱང་ནུབ་པར་གྱུར་ཏོ། །དེ་ནས་སེམས་ཅན་དེ་དག་འདུས་ཤིང་ཚོགས་ནས་མྱ་ངན་བྱེད་ཅིང་ཡི་
ཆད་ལ་སྨྲེ་སྔགས་འདོན་ཏེ། འདི་སྐད་དུ་ཀྱེ་མ་ཀྱི་ཧུད་ཀྱེ་མ་ཀྱི་ཧུད་ཅེས་འཛེར་ཏེ། དཔེར་ན་ད་ལྟར་གྱི་མི་རྣམས་ལས་ལ་ལ་ཞིག་ནད་ཡུན་རིང་པོའི་རིམས་ཀྱིས་བཏབ་པ་ན་སྔོན་གྱི་ཡི་གེ་དང་། ཚིག་དང་མིང་དེ་དག་རྗེས་སུ་སློབ་སྟེ། འདི་སྐད་དུ་ཀྱེ་མ་ཀྱི་ཧུད་ཀྱེ་མ་ཀྱི་ཧུད་ཅེས་ཟེར་བ་དེ་
བཞིན་དུ། སེམས་ཅན་དེ་དག་འདུས་ཤིང་ཚོགས་ཞེས་བྱ་བ་ནས། སྨྲེ་སྔགས་འདོན་པའི་བར་དུ་སྟེ། འོན་ཀྱང་སྨྲས་པ་འདིའི་དོན་ནི་འདི་ཡིན་ནོ། །སྨྲས་པ་འདིའི་དོན་ནི་འདི་ཡིན་ནོ་ཞེས་སྨྲས་པ་དེའི་དོན་ཡང་མི་ཤེས་སོ། །ས་ཞག་ནུབ་པར་གྱུར་པ་ན་སེམས་ཅན་དེ་དག་ལྡུམ་
བུའི་ཚལ་ཁ་དོག་ཕུན་སུམ་ཚོགས་པ་དང་། དྲི་ཕུན་སུམ་ཚོགས་པ་དང་། རོ་ཕུན་སུམ་ཚོགས་པ་དང་། ཁ་དོག་ནི་དཔེར་ན་ཀ་དམ་བུ་ཀའི་མེ་ཏོག་བཞིན་ནོ། །རོ་ནི་དཔེར་ན་སྦྲང་མའི་སྦྲང་རྩི་མ་བསྐོལ་བ་བཞིན་ཏེ། དེ་དག་བཟའ་བ་དེ་དང་ཁ་ཟས་དེ་ཟ་ལ་ཚེ་རིང་ཞིང་ཡུན་རིང་དུ་གནས་སོ། །
དེ་དག་གི་ནང་ན་ཁ་ཟས་ཆེས་མང་དུ་ཟ་བ་དེ་ནི་ཁ་དོག་ངན་པར་འགྱུར་རོ། །གང་ཁ་ཟས་ཆེས་ཉུང་ངུ་ཟ་བ་དེ་ནི་ཁ་དོག་བཟང་བར་འགྱུར་རོ། །དེ་ལྟར་ཁ་དོག་སྣ་ཚོགས་ཀྱི་རྐྱེན་གྱིས་ཁ་དོག་སྣ་ཚོགས་ཡོད་པར་གྱུར་ཏོ། །ཁ་དོག་སྣ་ཚོགས་ཡོད་པར་གྱུར་པས། ཀྱེ་སེམས་ཅན་ང་ནི་ཁ་དོག་བཟང་
བ་ཡིན་ནོ། །ཁྱོད་ནི་ཁ་དོག་ངན་པ་ཡིན་ནོ་ཞེས་སེམས་ཅན་གྱིས་སེམས་ཅན་ལ་བརྙས་པར་གྱུར་ཏོ། །ཁ་དོག་གི་མངོན་པའི་ང་རྒྱལ་ཅན་དེ་དག་གིས་ཡང་སྡིག་པ་མི་དགེ་བའི་ཆོས་དེ་དག་ཉིད་ཡང་དག་པར་བླངས་པའི་ཕྱིར། ལྡུམ་བུའི་ཚལ་ཡང་ནུབ་པར་གྱུར་ཏེ། ལྡུམ་བུའི་ཚལ་ནུབ་པར་
གྱུར་ནས་དེ་ནས་སེམས་ཅན་དེ་དག་འདུས་ཤིང་ཚོགས་ནས། མྱ་ངན་བྱེད་ཅིང་ཡི་ཆད་ལ་སྨྲེ་སྔགས་འདོན་ཏེ། འདི་སྐད་དུ་ཕར་སོང་ཕར་སོང་ཞེས་འཛེར་ཏེ། དཔེར་ན་ད་ལྟར་གྱི་མི་རྣམས་ལ་ལ་ཞིག་ཚིག་དྲག་པོའི་བརྒྱད་བཀག་གིས་སྤྱོ་བར་འདོད་པ་ན་སྔོན་གྱི་ཡི་གེ་དང་ཚིག་དང་མིང་དེ་

དག་རྗེས་སུ་སློབ་སྟེ། འདི་སྐད་དུ་ཕར་སོང་ཞེས་ཟེར་བ་དེ་བཞིན་དུ། སེམས་ཅན་དེ་དག་འདུས་ཤིང་ཚོགས་ནས་མྱ་ངན་བྱེད་ཅིང་ཡི་ཆད་ལ་སྨྲེ་སྔགས་འདོན་ཏེ། ཕར་སོང་ཕར་སོང་ཞེས་འཛེར་ཏོ། །འོན་ཀྱང་སྨྲས་པ་འདིའི་དོན་ནི་འདི་ཡིན་ནོ། །སྨྲས་པ་འདིའི་དོན་ནི་འདི་ཡིན་ནོ། །
ཞེས་སྨྲས་པ་དེའི་དོན་ཡང་མི་ཤེས་སོ། །ལྡུམ་བུའི་ཚལ་ནུབ་པར་གྱུར་པ་ན་སེམས་ཅན་དེ་དག་གིས་མ་རྨོས་མ་བཏབ་པའི་འབྲས་སཱ་ལུའི་འབྲུ་ཁ་དོག་ཕུན་སུམ་ཚོགས་པ་དང་། དྲི་ཕུན་སུམ་ཚོགས་པ་དང་། རོ་ཕུན་སུམ་ཚོགས་པ་བྱུང་བར་གྱུར་ཏེ། གཟེགས་མ་མེད་ཅིང་ཕུབ་མ་མེད་
པ་དག་ཅིང་གཙང་སྟེ། སོར་བཞི་ཙམ་ལ་ཡོངས་སུ་གཡོགས་པ་མེད་པ་དེ་ན། ནང་བརྔས་ན་ནུབ་སྐྱེ་ནུབ་བརྔས་ན་ནང་སྐྱེའོ། །དེ་ལྟར་བརྔས་ཤིང་བརྔས་ཤིང་སྐྱེ་ལ་བརྔས་པར་ཡང་མི་མངོན་ཏེ། དེ་དག་བཟའ་བ་དེ་དང་། ཁ་ཟས་དེ་ཟ་ལ་ཚེ་རིང་ཞིང་ཡུན་རིང་དུ་གནས་སོ། །གང་གི་ཕྱིར་
སེམས་ཅན་དེ་དག་གིས་མ་རྨོས་མ་བཏབ་པའི་འབྲས་སཱ་ལུའི་འབྲུ་དེ་དག་རིམ་གྱིས་ཡོངས་སུ་ལོངས་སྤྱོད་པས་དེའི་ཕྱིར་དེ་དག་གི་དབང་པོ་ཐ་དད་པ་བྱུང་བར་གྱུར་ཏོ། །ཁ་ཅིག་ནི་མོའི་དབང་པོ་ཁ་ཅིག་ཕོའི་དབང་པོ་བྱུང་སྟེ། དེ་མོའི་དབང་པོ་ཅན་གང་ཡིན་པ་དག་དང་། ཕོའི་དབང་པོ་ཅན་གང་
ཡིན་པ་དེ་དག་གཅིག་ལ་གཅིག་མིག་གིས་མིག་ཚུགས་སུ་ལྟའོ། །ཇི་ཙམ་དུ་མིག་གིས་མིག་ཚུགས་སུ་ལྟ་བ་དེ་ཙམ་དུ་ཀུན་དུ་ཆགས་སོ། །ཇི་ཙམ་དུ་ཀུན་དུ་ཆགས་པ་དེ་ཙམ་དུ་ངོ་ཚ་མི་ཤེས་སོ། །ཇི་ཙམ་དུ་ངོ་ཚ་མི་ཤེས་པ་དེ་ཙམ་དུ་ལོག་པ་ལ་ཞུགས་སོ། །སེམས་ཅན་གཞན་དག་
གིས་ཀྱང་སེམས་ཅན་ལོག་པ་ལ་ཞུགས་པ་དེ་མཐོང་ངོ་། །མཐོང་ནས་ཀྱང་རྡུལ་གྱིས་འཐོར་ཞིང་བོང་བ་དང་གསེག་མ་དང་གྱོ་མོ་དག་ཀྱང་འཕེན་ཏེ། འདི་སྐད་དུ་ངན་ཅིང་བླུན་པའི་སེམས་ཅན་མི་བྱ་བ་བྱེད་པ། ད་སེམས་ཅན་གྱིས་སེམས་ཅན་སུན་འབྱུང་བ་ག་ལ་སྲིད་ཅེས་འཛེར་ཏེ། དཔེར་ན་ད་
ལྟར་གྱི་མི་རྣམས་བག་མ་ལེན་པ་དང་གཉེན་འདུན་རྣམས་ཀྱིས་མེ་ཏོག་གམ། འབྲས་ཡོས་སམ། ཙནྡན་གྱི་ཕྱེ་མ་དག་གིས་གཏོར་ཏེ། འདི་སྐད་དུ། སྲུ་སྐྱིད་པར་གྱུར་ཅིག །སྲུ་སྐྱིད་པར་གྱུར་ཅིག་ཅེས་ཀྱང་འཛེར་ཏེ། དེ་བཞིན་དུ་སེམས་ཅན་དེ་དག་གཅིག་ལ་གཅིག་སེམས་ཅན་ལོག་

པ་ལ་ཞུགས་པ་མཐོང་ནས་སྔ་མ་བཞིན་དུ་སེམས་ཅན་སུན་འབྱུང་བ་ག་ལ་སྲིད་ཅེས་འཛེར་ཏོ། །དེ་ལྟར་ན་སྔོན་ཆོས་མ་ཡིན་པར་གྲགས་པ་གང་ཡིན་པ་དེ་ནི་ད་ལྟར་གྱི་མི་རྣམས་ཀྱི་ཆོས་སུ་གྲགས་སོ། །སྔོན་ཆོས་མ་ཡིན་པར་གྲགས་པ་དེ་ནི་ད་ལྟར་གྱི་བསྔགས་
པར་གྱུར་ཏོ། །གང་གི་ཕྱིར་སེམས་ཅན་དེ་དག་སྡིག་པ་དང་། དམ་པའི་ཆོས་མ་ཡིན་པ་དེ་ལ་ཞེན་ཅིང་འཛུད་པར་བྱེད་དོ། །ངེས་པར་ཞུགས་པ་དེས་ན་ཕྱོགས་གཅིག་ཏུ་སོང་སྟེ་ཁྱིམ་བྱ་བ་ལ་ཞུགས་ཤིང་རྩོམ་པར་གྱུར་ཏེ། འདིར་བདག་ཅག་གཉིས་ཀྱི་མི་བྱའོ་ཞེས་ཟེར་བ་ལས་ཁྱིམ་ཁྱིམ་
ཞེས་བྱ་བའི་མིང་བྱུང་ངོ་། །དེ་དག་ཕྱེ་མ་རེད་ཟ་བར་འདོད་པའི་ཕྱིར་ནི་ཕྱེ་མ་རེད་སཱ་ལུ་ལེན་ཏོ། །ནང་པར་འདོད་པའི་ཕྱིར་ནི་ནང་པར་ལེན་ཏོ། །དེ་དག་སེམས་ཅན་ལེ་ལོ་ཅན་གཞན་དག་གིས། སེམས་ཅན་དེ་ལ་འདི་སྐད་དུ་ཀྱེ་སེམས་ཅན་ཚུར་ཤོག བདག་ཅག་གཉིས་སཱ་ལུ་ལེན་དུ་འདོང་ངོ་། །
ཞེས་སྨྲས་སོ། །དེས་འདི་སྐད་དུ། ཀྱེ་སེམས་ཅན་ཁྱོད་བདག་ཅག་སཱ་ལུ་བླང་བའི་ཕྱིར་ནན་ཏན་བྱོས་ཤིག །ངས་ནི་ནང་པར་གྱི་སཱ་ལུ་ནུབ་མོ་བླངས་ཟིན་ཏོ་ཞེས་སྨྲས་སོ། །དེ་ནས་སེམས་ཅན་དེ་འདི་སྙམ་དུ་ནང་པར་གྱི་སཱ་ལུ་ཕྱེ་མ་རེད་ལེན་པ་འདི་ནི་ལེགས་པ་ཡིན་ནོ། །འདི་ནི་ཤིན་ཏུ་
ལེགས་པ་ཡིན་གྱི། བདག་ཅག་གིས་ཡང་ཞག་གཉིས་དང་ཞག་གསུམ་དང་བདུན་གྱི་བར་གྱི་སཱ་ལུ་བླང་བར་བྱའོ་སྙམ་ནས་ཞག་བདུན་གྱི་སཱ་ལུ་བླངས་སོ། །གང་གི་ཕྱིར་དེ་དག་གིས་མ་རྨོས་མ་བཏབ་པའི་འབྲས་སཱ་ལུའི་འབྲུ་ཀུན་དུ་བསགས་པའི་ཚུལ་གྱིས་ལོངས་སྤྱད་པས། ལོངས་
སྤྱད་པ་དེས་ན་སཱ་ལུ་དེ་ལས་གཟེགས་མ་དང་ཕུབ་མ་ཡང་བྱུང་བར་གྱུར། བརྔས་སོ་ཅོག་ཀྱང་མི་སྐྱེ་ལ་བརྔས་པར་ཡང་མངོན་པར་གྱུར་ཏེ། སཱ་ལུ་རྣམས་ཕུང་པོ་ཕུང་པོར་བཞག་གོ། །དེ་ནས་སེམས་ཅན་དེ་དག་འདུས་ཤིང་ཚོགས་ནས་མྱ་ངན་བྱེད་ཅིང་ཡི་ཆད་ལ་སྨྲེ་སྔགས་འདོན་ཏེ། ཀྱེ་བདག་
ཅག་སྔོན་གྱི་གཟུགས་བཟང་ཞིང་ཡིད་ལ་སྐྱེས་པ་དང་། མ་ཉམས་ཤིང་དབང་པོ་ཚང་བ་ཡན་ལག་དང་ཉིང་ལག་ཐམས་ཅད་དང་ལྡན་ཏེ། རང་ལས་འོད་འབྱུང་བ་དང་། ནམ་མཁའ་ལ་འགྲོ་བ་དང་། བཟང་ཞིང་མདོག་སྡུག་པ་དང་། དགའ་བའི་བཟའ་བ་རྣམས་དང་དགའ་བའི་ཟས་རྣམས་ཟ་ལ་

ཚེ་རིང་ཞིང་ཡུན་རིང་དུ་གནས་ཏེ། བདག་ཅག་ལས་གང་ཁ་ཟས་ཆེས་མང་དུ་ཟ་བ་དེ་ནི་ཁ་དོག་ངན་པར་འགྱུར་ལ། གང་ཁ་ཟས་ཆེས་ཉུང་ངུ་ཟ་བ་དེ་ནི་ཁ་དོག་བཟང་བར་འགྱུར་ཞིང་། དེ་ལྟར་ཁ་ཟས་སྣ་ཚོགས་ཀྱི་རྐྱེན་གྱིས་ཁ་དོག་ཀྱང་སྣ་ཚོགས་ཡོད་པར་འགྱུར་ཏེ། ཁ་དོག་སྣ་ཚོགས་
ཡོད་པར་གྱུར་པས། ཀྱེ་སེམས་ཅན་ང་ནི་ཁ་དོག་བཟང་བ་ཡིན་ནོ། །ཁྱོད་ནི་ཁ་དོག་ངན་པ་ཡིན་ནོ་ཞེས་སེམས་ཅན་གྱིས་སེམས་ཅན་ལ་བརྙས་པར་གྱུར་ལ་བདག་ཅག་ཁ་དོག་གི་མངོན་པའི་ང་རྒྱལ་ཅན་རྣམས་ཀྱིས་སྡིག་པ་མི་དགེ་བའི་ཆོས་དེ་དག་ཉིད་ཡང་དག་པར་བླངས་པའི་ཕྱིར་སའི་བཅུད་
ནུབ་པར་གྱུར་ནས། ས་ཞག་ཁ་དོག་ཕུན་སུམ་ཚོགས་པ་དང་། དྲི་ཕུན་སུམ་ཚོགས་པ་དང་། རོ་ཕུན་སུམ་ཚོགས་པ་བྱུང་བར་གྱུར་ཏེ། ཁ་དོག་ནི་དཔེར་ན་དོང་ཀའི་མེ་ཏོག་བཞིན་ནོ། །རོ་ནི་དཔེར་ན་སྦྲང་མའི་སྦྲང་རྩི་མ་བསྐོལ་བ་བཞིན་ཏེ། བདག་ཅག་བཟའ་བ་དེ་དང་ཁ་ཟས་དེ་ཟ་ལ་ཚེ་
རིང་ཞིང་ཡུན་རིང་དུ་གནས་ཏེ། བདག་ཅག་ལས་ཁ་ཟས་ཆེས་མང་དུ་ཟ་བ་དེ་ནི་ཁ་དོག་ངན་པར་འགྱུར་ལ། གང་ཁ་ཟས་ཆེས་ཉུང་ངུ་ཟ་བ་དེ་ནི་ཁ་དོག་བཟང་བར་འགྱུར་རོ། །དེ་ལྟར་ཁ་ཟས་སྣ་ཚོགས་ཀྱི་རྐྱེན་གྱིས་ཁ་དོག་སྣ་ཚོགས་ཡོད་པར་གྱུར་ཏོ། །ཁ་དོག་སྣ་ཚོགས་ཡོད་པར་
གྱུར་པས། ཀྱེ་སེམས་ཅན་ང་ནི་ཁ་དོག་བཟང་བ་ཡིན་ནོ། །ཁྱོད་ནི་ཁ་དོག་ངན་པ་ཡིན་ནོ་ཞེས་སེམས་ཅན་གྱིས་སེམས་ཅན་ལ་བརྙས་པར་གྱུར་ཏེ། བདག་ཅག་ཁ་དོག་གི་མངོན་པའི་ང་རྒྱལ་ཅན་རྣམས་ཀྱིས་ཡང་སྡིག་པ་མི་དགེ་བའི་ཆོས་དེ་དག་ཉིད་ཡང་དག་པར་བླངས་པའི་ཕྱིར་ས་ཞག་
ནུབ་པར་གྱུར་ནས། ལྡུམ་བུའི་ཚལ་ཁ་དོག་ཕུན་སུམ་ཚོགས་པ་དང་། དྲི་ཕུན་སུམ་ཚོགས་པ་དང་། རོ་ཕུན་སུམ་ཚོགས་པ་བྱུང་བར་གྱུར་ཏོ། །ཁ་དོག་ནི་དཔེར་ན་ཀ་དམ་བུ་ཀའི་མེ་ཏོག་བཞིན་ལ། རོ་ནི་དཔེར་ན་སྦྲང་བུའི་སྦྲང་རྩི་མ་བསྐོལ་བ་བཞིན་ཏེ། བདག་ཅག་བཟའ་བ་དེ་དང་
ཁ་ཟས་དེ་དག་ཟ་ལ་ཚེ་རིང་ཞིང་ཡུན་རིང་དུ་གནས་ཏེ། བདག་ཅག་ལས་གང་ཁ་ཟས་ཆེས་མང་དུ་ཟ་བ་དེ་ནི་ཁ་དོག་ངན་པར་གྱུར་ལ་གང་ཁ་ཟས་ཆེས་ཉུང་ངུ་ཟ་བ་དེ་ནི་ཁ་དོག་བཟང་བར་གྱུར་ཏེ། དེ་ལྟར་ཁ་ཟས་སྣ་ཚོགས་ཀྱི་རྐྱེན་ཀྱིས་ཁ་དོག་སྣ་ཚོགས་ཡོད་པར་འགྱུར་ལ། ཁ་དོག་སྣ་

ཚོགས་ཡོད་པར་གྱུར་པས་ཀྱེ་སེམས་ཅན་ང་ནི་ཁ་དོག་བཟང་བ་ཡིན་ནོ། །ཁྱོད་ནི་ཁ་དོག་ངན་པ་ཡིན་ནོ་ཞེས་སེམས་ཅན་གྱིས་སེམས་ཅན་ལ་བརྙས་པར་གྱུར་ཏེ། བདག་ཅག་ཁ་དོག་གི་མངོན་པའི་ང་རྒྱལ་ཅན་རྣམས་ཀྱིས་སྡིག་པ་མི་དགེ་བའི་ཆོས་དེ་དག་ཉིད་ཡང་
དག་པར་བླངས་པའི་ཕྱིར་ལྡུམ་བུའི་ཚལ་ནུབ་པར་གྱུར་ཏེ། མ་རྨོས་མ་བཏབ་པའི་འབྲས་སཱ་ལུའི་འབྲུ་ཁ་དོག་ཕུན་སུམ་ཚོགས་པ་དང་། དྲི་ཕུན་སུམ་ཚོགས་པ་དང་། རོ་ཕུན་སུམ་ཚོགས་པ་བྱུང་བར་གྱུར་ཏེ། གཟེགས་མ་མེད་ཅིང་ཕུབ་མ་མེད་ལ་དག་ཅིང་གཙང་སྟེ། སོར་བཞི་ཙམ་ལ་ཡོངས་སུ་
གཡོགས་པ་མེད་པ་དེ་ནང་བརྔས་ན་ནུབ་སྐྱེ། ནུབ་བརྔས་ན་ནང་སྐྱེ་བ་དང་། དེ་ལྟར་བརྔས་ཤིང་སྐྱེ་ལ་བརྔས་པར་ཡང་མི་མངོན་ཏེ། བདག་ཅག་བཟའ་བ་དེ་དང་ཁ་ཟས་དེ་ལ་ཟ་ལ་ཚེ་རིང་ཞིང་ཡུན་རིང་དུ་གནས་ཏེ། གང་གི་ཕྱིར་བདག་ཅག་གིས་མ་རྨོས་མ་བཏབ་པའི་འབྲས་སཱ་ལའི་འབྲུ་ཀུན་དུ་
བསགས་པའི་ཚུལ་གྱིས་ལོངས་སྤྱོད་པས་ལོངས་སྤྱོད་པ་དེས་ན་སཱ་ལུ་དེ་ལས་གཟེགས་མ་དང་ཕུབ་མ་ཡང་བྱུང་བར་གྱུར། བརྔས་སོ་ཅོག་ཀྱང་མི་སྐྱེ་ལ་བརྔས་པ་ཡང་མངོན་པར་གྱུར་ཏེ། སཱ་ལུ་རྣམས་ཕུང་པོ་ཕུང་པོར་བཞག་གོ། །ད་ནི་བདག་ཅག་གིས་འདི་ནི་ཁྱོད་ཀྱིའོ། །འདི་ནི་ངའི་འོ་
ཞེས་ཞིང་རྣམས་གཞལ་ཞིང་བགོས་ལ། མུ་ཐུག་བྲིའོ་ཞེས་ནས་དེ་དག་འདི་ནི་ཁྱོད་ཀྱིའོ། །འདི་ནི་ངའི་འོ་ཞེས་ཞིང་རྣམས་འཇལ་ཞིང་བཀྱེད་མུ་ཐུག་འདྲིའོ། །དེ་ནས་སེམས་ཅན་གཞན་ཞིག་གིས་བདག་གི་སཱ་ལུ་ཡོད་བཞིན་དུ་གཞན་གྱི་སཱ་ལུ་མ་བྱིན་པར་བླངས་སོ། །སེམས་ཅན་གཞན་
ཞིག་གིས་སེམས་ཅན་དེ་བདག་གི་སཱ་ལུ་ཡོད་བཞིན་དུ་གཞན་གྱི་སཱ་ལུ་མ་བྱིན་པར་ལེན་པ་མཐོང་ངོ་། །མཐོང་ནས་ཀྱང་འདི་སྐད་དུ། ངན་ཞིང་བླུན་པའི་སེམས་ཅན་ཁྱོད་ནི་མི་བྱ་བ་བྱེད་པའོ། །ཀྱེ་སེམས་ཅན་བདག་གི་སཱ་ལུ་ཡོད་བཞིན་དུ་གཞན་གྱི་སཱ་ལུ་མ་བྱིན་པར་ལེན་པ་དག་ག་ལ་སྲིད། ཀྱེ་
སེམས་ཅན་ཁྱོད་སོང་ལ་ད་ཕྱིན་ཆད་དེ་ལྟར་མ་བྱེད་ཅིག་ཅེས་སྨྲས་སོ། །དེ་ནས་སེམས་ཅན་དེས་བདག་གི་སཱ་ལུ་ཡོད་བཞིན་དུ་ལན་གཉིས་ལན་གསུམ་དུ་གཞན་གྱི་སཱ་ལུ་མ་བྱིན་པར་བླངས་སོ། །སེམས་ཅན་དེ་དག་གི་སཱ་ལུ་ཡོད་བཞིན་དུ་ལན་གཉིས་ལན་གསུམ་དུ་མ་བྱིན་པར་ལེན་པ་སེམས་ཅན་

དེས་མཐོང་ངོ་། །མཐོང་ནས་ཀྱང་འདི་སྐད་དུ། ངན་ཞིང་བླུན་པའི་སེམས་ཅན་ཁྱོད་ནི་མི་བྱ་བ་བྱེད་པའོ། །ཀྱེ་སེམས་ཅན་ཁྱོད་བདག་གི་སཱ་ལུ་ཡོད་བཞིན་དུ་གཞན་གྱི་སཱ་ལུ་མ་བྱིན་པར་ལེན་པ་དག་ག་ལ་སྲིད་ཅེས་སྨྲས་ཏེ། དེའི་ལག་པ་གཉིས་ནས་ཀྱང་བཟུང་ནས་དེ་ཚུར་འདྲེན་ཕར་འདྲེན་ལ་དེའི་ཚེ་
འཁོར་གྱི་ནང་དུ་ཡང་བཀུག་སྟེ། སེམས་ཅན་དག་གང་སེམས་ཅན་འདིས་བདག་གི་སཱ་ལུ་ཡོད་བཞིན་དུ་གཞན་གྱི་སཱ་ལུ་མ་བྱིན་པར་བླངས་པ་ཤེས་པར་གྱིས་ཤིག་ཅེས་སྨྲས་སོ། །དེ་ནས་སེམས་ཅན་དེ་དག་གིས་སེམས་ཅན་དེ་ལ་འདི་སྐད་དུ་ངན་ཞིང་བླུན་པའི་སེམས་ཅན་ཁྱོད་ནི་མི་བྱ་བ་བྱེད་པའོ། །
ཁྱོད་བདག་གི་སཱ་ལུ་ཡོད་བཞིན་དུ་གཞན་གྱི་སཱ་ལུ་མ་བྱིན་པར་ལེན་པ་དག་ག་ལ་སྲིད། ཀྱེ་སེམས་ཅན་ཁྱོད་སོང་ལ་ཕྱིན་ཆད་དེ་ལྟར་མ་བྱེད་ཅིག་ཅེས་སྨྲས་སོ། །དེ་ནས་དེས་སེམས་ཅན་དག་གང་སེམས་ཅན་འདིས་སཱ་ལུའི་ཕྱིར་བདག་ཚུར་དྲངས་ཕར་དྲངས་ཏེ། འཁོར་གྱི་ནང་དུ་ཡང་བཀུག་པ་ཤེས་
པར་གྱིས་ཤིག། དེ་ནས་སེམས་ཅན་དེ་དག་གིས་སེམས་ཅན་དེ་ལ་འདི་སྐད་དུ། ཀྱེ་སེམས་ཅན་ཁྱོད་ཀྱིས་སཱ་ལུའི་ཕྱིར་སེམས་ཅན་ཚུར་དྲངས་ཕར་དྲངས་ལ་འཁོར་གྱི་ནང་དུ་ཡང་བཀུག་སྟེ་ཅི་བྱ། ཀྱེ་སེམས་ཅན་ཁྱོད་སོང་ལ་ཕྱིན་ཆད་དེ་ལྟར་མ་བྱེད་ཅིག་ཅེས་སྨྲས་སོ། །དེ་ནས་སེམས་ཅན་དེ་དག་
འདི་སྙམ་དུ་སཱ་ལུའི་ཕྱིར་འདྲེན་པ་དང་འཁོར་གྱི་ནང་དུ་ཡང་འགུགས་པ་དག་སྣང་གི། བདག་ཅག་འདུས་ལ་བདག་ཅག་གིས་ནང་ན་སེམས་ཅན་གང་ཆེས་གཟུགས་བཟང་བ་དང་། ཆེས་བལྟ་ན་སྡུག་པ་དང་། ཆེས་མཛེས་པ་དང་། ཆེས་དབང་ཆེ་བར་གྲགས་པ་དེ་བདག་ཅག་གིས་ཞིང་གི་དཔོན་པོར་
བསྐོས་ནས། བདག་ཅག་ལ་དུས་དུས་སུ་ཆད་པས་བཅད་པའི་རིགས་པ་གང་ཡིན་པ་རྣམས་ལ་ནི་ཆད་པས་གཅོད་པར་འགྱུར། ཕན་གདགས་པའི་རིགས་པ་རྣམས་ལ་ནི་ཕན་འདོགས་པར་འགྱུར་ཏེ། གང་བདག་ཅག་གི་ཞིང་རྣམས་ལས་སྐྱེས་པ་དེ་ལས་བདག་ཅག་གིས་དུས་དུས་སུ་
ཆོས་བཞིན་བྱེད་ཐོག་ཤས་སྦྱིན་པར་བྱའོ་སྙམ་དུ་བསམས་སོ། །ད