Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 139

Văn bản gốc(Tây Tạng)

Trang 7 / 15 (50.000 ký tự/trang)
་བུ་ཆེན་པོའི་མཚན་ཡིན་ནོ། །དགེ་སློང་དག་སྐྱེས་བུ་ཆེན་པོ་ནི་རྗེ་ངར་རི་དགས་ཨེ་ནྱ་ཡའི་ལྟ་བུ་སྟེ། དགེ་སློང་དག་འདི་ནི་སྐྱེས་བུ་ཆེན་པོའི་སྐྱེས་བུ་ཆེན་པོའི་མཚན་ཡིན་ནོ། །དགེ་སློང་དག་སྐྱེས་བུ་ཆེན་པོའི་ལུས་མ་བཏུད་པ་སྟེ། ལུས་མ་བཏུད་པ་ལགས་པས་པུས་མོར་

སླེབས་ཤིང་། ཀུན་ཏུ་སླེབས་པ་སྟེ། དགེ་སློང་དག་འདི་ནི་སྐྱེས་བུ་ཆེན་པོའི་སྐྱེས་བུ་ཆེན་པོའི་མཚན་ཡིན་ནོ། །དགེ་སློང་དག་སྐྱེས་བུ་ཆེན་པོ་ནི་མདོམས་ཀྱི་སྦ་བ་སྦུབས་སུ་ནུབ་པ་སྟེ། དཔེར་ན་གླང་པོ་ཆེ་ཅང་ཤེས་སམ། རྟ་ཅང་ཤེས་སྐྱིད་དེ་བར་འདུག་པའི་
ལྟ་བུར་དེའི་མདོམས་ཀྱི་སྦ་བ་སྦུབས་སུ་ནུབ་སྟེ། དགེ་སློང་དག་འདི་ནི་སྐྱེས་བུ་ཆེན་པོའི་སྐྱེས་བུ་ཆེན་པོའི་མཚན་ཡིན་ནོ། །དགེ་སློང་དག་སྐྱེས་བུ་ཆེན་པོ་ནི་ཤིང་ནྱ་གྲོ་དྷ་ལྟར་ཆུ་ཞེང་གབ་པ་སྟེ། ལུས་ཇི་ཙམ་ལ་འདོམ་གྱི་ཚད་ཀྱང་དེ་ཙམ་ལ། འདོམ་གྱི་ཚད་ཇི་ཙམ་པ་ལུས་
ཀྱི་ཚད་ཀྱང་དེ་ཙམ་སྟེ། དགེ་སློང་དག་འདི་ནི་སྐྱེས་བུ་ཆེན་པོའི་སྐྱེས་བུ་ཆེན་པོའི་མཚན་ཡིན་ནོ། །དགེ་སློང་དག་སྐྱེས་བུ་ཆེན་པོ་ནི་ལུས་ཀྱི་སྤུ་གྱེན་དུ་ཕྱོགས་པ་དང་། དགེ་སློང་དག་སྐྱེས་བུ་ཆེན་པོ་ནི་སྤུ་རེ་རེ་ནས་སྐྱེ་བ་སྟེ། ལུས་ཀྱི་སྤུ་རྣམས་རེ་རེ་ནས་སྐྱེ་ཞིང་འཇམ་ལ་རེག་ན་བདེ་བ་
དང་། མཐོན་མཐིང་དུ་འདུག་པ་དང་། འཁྱིལ་བ་དང་། གཡས་ཕྱོགས་སུ་འཁྱིལ་བ་སྟེ། དགེ་སློང་དག་འདི་ནི་སྐྱེས་བུ་ཆེན་པོའི་སྐྱེས་བུ་ཆེན་པོའི་མཚན་ཡིན་ནོ། །དགེ་སློང་དག་སྐྱེས་བུ་ཆེན་པོའི་ལུས་ཀྱི་པགས་པ་གསེར་འདྲ་བས་ན་གསེར་གྱི་མདོག་ཅན་ཡིན་ཏེ། དགེ་སློང་
དག་འདི་ནི་སྐྱེས་བུ་ཆེན་པོའི་སྐྱེས་བུ་ཆེན་པོའི་མཚན་ཡིན་ནོ། །དགེ་སློང་དག་སྐྱེས་བུ་ཆེན་པོ་ནི་འོད་འདོམ་གང་དང་ལྡན་ཏེ། དགེ་སློང་དག་འདི་ནི་སྐྱེས་བུ་ཆེན་པོའི་སྐྱེས་བུ་ཆེན་པོའི་མཚན་ཡིན་ནོ། །དགེ་སློང་དག་སྐྱེས་བུ་ཆེན་པོ་ནི་ལུས་ཀྱི་པགས་པ་སྲབ་པ་སྟེ། པགས་པ་
སྲབ་པས་ན་ལུས་ལ་རྡུལ་དང་དྲི་མས་མི་ཆགས་ཏེ། དགེ་སློང་དག་འདི་ནི་སྐྱེས་བུ་ཆེན་པོའི་སྐྱེས་བུ་ཆེན་པོའི་མཚན་ཡིན་ནོ། །དགེ་སློང་དག་སྐྱེས་བུ་ཆེན་པོ་ནི་བདུན་ཤིན་ཏུ་མཐོ་བ་སྟེ། ལུས་ཀྱི་བདུན་མཐོ་བར་གྱུར་པ་ནི་ལག་པ་གཉིས་དང་། རྐང་པ་གཉིས་དང་། ཐལ་
གོང་གཉིས་དང་། ལྟག་པ་སྟེ། དགེ་སློང་དག་འདི་ནི་སྐྱེས་བུ་ཆེན་པོའི་སྐྱེས་བུ་ཆེན་པོའི་མཚན་ཡིན་ནོ། །དགེ་སློང་དག་སྐྱེས་བུ་ཆེན་པོ་ནི་ཐལ་གོང་རྒྱས་པ་སྟེ། དགེ་སློང་དག་འདི་ནི་སྐྱེས་བུ་ཆེན་པོའི་སྐྱེས་བུ་ཆེན་པོའི་མཚན་ཡིན་ནོ། །དགེ་སློང་དག་སྐྱེས་བུ་ཆེན་པོ་ནི་

རོ་སྟོད་སེང་གེ་འདྲ་བ་སྟེ། དགེ་སློང་དག་འདི་ནི་སྐྱེས་བུ་ཆེན་པོའི་སྐྱེས་བུ་ཆེན་པོའི་མཚན་ཡིན་ནོ། །དགེ་སློང་དག་སྐྱེས་བུ་ཆེན་པོ་ནི་ལུས་ཆེ་ཞིང་དྲང་བ་སྟེ། དགེ་སློང་དག་འདི་ནི་སྐྱེས་བུ་ཆེན་པོའི་སྐྱེས་བུ་ཆེན་པོའི་མཚན་ཡིན་ནོ། །དགེ་སློང་དག་སྐྱེས་བུ་ཆེན་པོ་ནི་དཔུང་མགོ་ཤིན་ཏུ་
ཟླུམ་པ་སྟེ། དགེ་སློང་དག་འདི་ནི་སྐྱེས་བུ་ཆེན་པོའི་སྐྱེས་བུ་ཆེན་པོའི་མཚན་ཡིན་ནོ། །དགེ་སློང་དག་སྐྱེས་བུ་ཆེན་པོ་ནི་སོ་བཞི་བཅུ་ཡོད་པ་སྟེ། དགེ་སློང་དག་འདི་ནི་སྐྱེས་བུ་ཆེན་པོའི་སྐྱེས་བུ་ཆེན་པོའི་མཚན་ཡིན་ནོ། །དགེ་སློང་དག་སྐྱེས་བུ་ཆེན་པོ་ནི་སོ་མཉམ་པ་སྟེ། དགེ་སློང་
དག་འདི་ནི་སྐྱེས་བུ་ཆེན་པོའི་སྐྱེས་བུ་ཆེན་པོའི་མཚན་ཡིན་ནོ། །དགེ་སློང་དག་སྐྱེས་བུ་ཆེན་པོ་ནི་སོ་ཐགས་བཟང་བ་སྟེ། དགེ་སློང་དག་འདི་ནི་སྐྱེས་བུ་ཆེན་པོའི་སྐྱེས་བུ་ཆེན་པོའི་མཚན་ཡིན་ནོ། །དགེ་སློང་དག་སྐྱེས་བུ་ཆེན་པོ་ནི་མཆེ་བ་ཤིན་ཏུ་དཀར་བ་སྟེ། དགེ་སློང་དག་འདི་ནི་
སྐྱེས་བུ་ཆེན་པོའི་སྐྱེས་བུ་ཆེན་པོའི་མཚན་ཡིན་ནོ། །དགེ་སློང་དག་སྐྱེས་བུ་ཆེན་པོ་ནི་འགྲམ་པ་སེང་གེ་འདྲ་བ་སྟེ། དགེ་སློང་དག་འདི་ནི་སྐྱེས་བུ་ཆེན་པོའི་སྐྱེས་བུ་ཆེན་པོའི་མཚན་ཡིན་ནོ། །དགེ་སློང་དག་སྐྱེས་བུ་ཆེན་པོ་ནི་རོ་བྲོ་བའི་མཆོག་བརྙེས་པ་སྟེ། དགེ་སློང་དག་འདི་ནི་
སྐྱེས་བུ་ཆེན་པོའི་སྐྱེས་བུ་ཆེན་པོའི་མཚན་ཡིན་ནོ། །དགེ་སློང་དག་སྐྱེས་བུ་ཆེན་པོ་ནི་ལྕེ་རིང་ཞིང་སྲབ་པ་སྟེ། ལྕེ་རིང་ཞིང་སྲབ་པས་ན་ཁ་ནས་ཕྱུང་ན་ལྕེས་སྐྲའི་མཚམས་སུ་ཐུག་པར་ཁ་ཐམས་ཅད་ཁེབས་ཏེ། དགེ་སློང་དག་འདི་ནི་སྐྱེས་བུ་ཆེན་པོའི་སྐྱེས་བུ་ཆེན་པོའི་མཚན་ཡིན་ནོ། །
དགེ་སློང་དག་སྐྱེས་བུ་ཆེན་པོ་ནི་ཚངས་པའི་དབྱངས་བྱ་ཀ་ལ་པིང་ཀའི་ལྟར་སྒྲ་སྙན་ཅིང་རྔ་བོ་ཆེའི་སྒྲ་ལྟ་བུ་དང་ལྡན་པ་སྟེ། དགེ་སློང་དག་འདི་ནི་སྐྱེས་བུ་ཆེན་པོའི་སྐྱེས་བུ་ཆེན་པོའི་མཚན་ཡིན་ནོ། །དགེ་སློང་དག་སྐྱེས་བུ་ཆེན་པོ་ནི་མིག་མཐོན་མཐིང་ལྟ་བུ་སྟེ། དགེ་སློང་དག་འདི་ནི་
སྐྱེས་བུ་ཆེན་པོའི་སྐྱེས་བུ་ཆེན་པོའི་མཚན་ཡིན་ནོ། །དགེ་སློང་དག་སྐྱེས་བུ་ཆེན་པོ་ནི་བའི་རྫི་མ་ལྟ་བུ་དང་ལྡན་ཏེ། དགེ་སློང་དག་འདི་ནི་སྐྱེས་བུ་ཆེན་པོའི་སྐྱེས་བུ་ཆེན་པོའི་མཚན་ཡིན་ནོ། །དགེ་སློང་དག་སྐྱེས་བུ་ཆེན་པོ་ནི་མགོ་བོ་གཙུག་ཏོར་དང་ལྡན་པ་སྟེ། དགེ་སློང་དག་འདི་ནི་

སྐྱེས་བུ་ཆེན་པོའི་སྐྱེས་བུ་ཆེན་པོའི་མཚན་ཡིན་ནོ། །དགེ་སློང་དག་སྐྱེས་བུ་ཆེན་པོ་ནི་སྨིན་མཚམས་སུ་མཛོད་སྤུ་སྐྱེས་པ་དཀར་ཞིང་འཇམ་ལ་རེག་ན་བདེ་བ་དང་། གཡས་སུ་འཁྱིལ་པ་དང་ལྡན་ཏེ། དགེ་སློང་དག་འདི་ནི་སྐྱེས་བུ་ཆེན་པོའི་སྐྱེས་བུ་ཆེན་
པོའི་མཚན་ཡིན་ནོ། །དགེ་སློང་དག་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ནི་དེ་དག་ཡིན་ཏེ། སྐྱེས་བུ་ཆེན་པོའི་མཚན་དེ་དག་དང་ལྡན་ན་རྣམ་པ་གཉིས་སུ་འགྱུར་གྱི་གཞན་དུ་མི་འགྱུར་ཏེ། གལ་ཏེ་ཁྱིམ་པར་འདུག་ཅིང་ཁྱིམ་ན་གནས་ན་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོ་མཐའ་
བཞིར་རྒྱལ་བ་ཆོས་ཀྱི་རྒྱལ་པོ་ཆོས་དང་ལྡན་པ་རིན་པོ་ཆེ་སྣ་བདུན་དང་ལྡན་པར་འགྱུར་རོ། །དེའི་རིན་པོ་ཆེ་སྣ་བདུན་ནི་འདི་ལྟ་བུ་ཡིན་ཏེ། འདི་ལྟ་སྟེ། འཁོར་ལོ་རིན་པོ་ཆེ་དང་། གླང་པོ་རིན་པོ་ཆེ་དང་། རྟ་རིན་པོ་ཆེ་དང་། ནོར་བུ་རིན་པོ་ཆེ་དང་། བུད་མེད་རིན་པོ་ཆེ་དང་། ཁྱིམ་བདག་
རིན་པོ་ཆེ་དང་། བདུན་པ་སྟེ། བློན་པོ་རིན་པོ་ཆེའོ། །དེའི་བུ་ནི་སྟོང་ཐམ་པ་ཡོད་དེ། དཔའ་བ་རྟུལ་ཕོད་པ་ཡན་ལག་མཆོག་གི་གཟུགས་དང་ལྡན་པ་ཕ་རོལ་གྱི་སྡེ་རབ་ཏུ་འཇོམས་པ་ཤ་སྟག་གོ། །དེ་ནི་རྒྱ་མཚོ་ལ་ཐུག་པའི་ས་ཆེན་པོ་མ་ལུས་པ་གནོད་པར་སྡོ་བ་མེད་ཅིང་འཚེ་བ་མེད་
པ་འདི་ཉིད་ཆད་པ་མེད་ཅིང་མཚོན་གྱིས་བདའ་བ་མེད་ལ་ཆོས་དང་མཐུན་ཞིང་སྙོམས་པས་ལེགས་པར་ཕབ་སྟེ་གནས་སོ། །གལ་ཏེ་སྐྲ་དང་ཁ་སྤུ་རྣམས་བྲེགས་ཏེ་གོས་ངུར་སྨྲིག་དག་བགོས་ནས། དད་པས་ཁྱིམ་ནས་ཁྱིམ་མེད་པར་ལེགས་པ་ཁོ་ནར་རབ་ཏུ་བྱུང་ན་ནི་འཇིག་རྟེན་
འདིར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་ཏེ། རྒྱ་ཆེར་གྲགས་པར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ཏེ། བདེ་བར་གཤེགས་པས་དེ་སྐད་གསུངས་ནས། སྟོན་པས་གཞན་ཡང་འདི་སྐད་ཅེས་
བཀའ་སྩལ་ཏོ། །ཐུབ་ཆེན་བདག་ཉིད་རབ་བསྒོམས་པ། །ལུས་ཀྱི་ཐ་མ་འཛིན་པ་ཡི། །ལུས་ཀྱི་མཚན་རྣམས་ཡོད་པ་དག །ང་ཡིས་རབ་ཏུ་བཤད་པར་བྱ། །དེ་ཡི་རྐང་པ་ཤིན་ཏུ་གནས། །ས་ལ་མཉམ་པར་གནོན་པ་ཡིན། །དེ་ཡི་རྐང་གཉིས་འོག་མཐིལ་ན། །འཁོར་ལོ་

རབ་ཏུ་དབྱིབས་ལེགས་ཡོད། །ལག་སོར་ཡང་ནི་རིང་བ་སྟེ། །རྐང་པ་རྟིང་པ་ཡངས་པར་ལྡན། །ལག་དང་རྐང་པ་དྲ་བར་འབྲེལ། །ཤིང་བལ་ལྟ་བུར་འཇམ་པ་ཡིན། །དེ་ཡི་ལོང་མོའི་ཚིགས་མི་མངོན། །མི་མཆོག་རྗེ་ངར་ཨེ་ནེ་ཡ། །ལུས་ནི་ཐུར་དུ་མ་བཏུད་པར། །ལག་
གིས་པུས་མོའི་ལྷ་ངར་སླེབས། །མདོམས་ཀྱི་སྦ་བ་སྦུབས་སུ་ནུབ། །ནྱ་གྲོ་དྷ་ལྟར་ཆུ་ཞེང་གབ། །ལུས་སྤུ་རྣམས་ནི་གྱེན་དུ་ཕྱོགས། །དེ་སྤུ་གཡས་ཕྱོགས་རེ་རེ་འཁྱིལ། །གསེར་གྱི་ཁ་དོག་འདྲ་བ་དང་། །འདོམ་གང་འོད་ནི་ཀུན་ནས་འཁོར། །ལུས་ཀྱི་པགས་པ་སྲབ་
པ་དང་། །དེ་ཡི་བདུན་པོ་མཐོ་བ་ཡིན། །སྒྲོག་རུས་དག་ཀྱང་ཤ་ཡིས་གང་། །རོ་སྟོད་སེང་གེ་འདྲ་བ་ཡིན། །ལུས་ནི་ཆེ་ཞིང་དྲང་བ་དང་། །དེ་ཡི་ཕྲག་པ་དབྱིབས་ཀྱང་ལེགས། །སོ་ནི་བཞི་བཅུ་ཡོད་པ་སྟེ། །ཡོངས་སུ་ཚང་ཞིང་ཉམས་པ་མེད། །མཉམ་ཞིང་ཐགས་ཀྱང་
བཟང་བ་སྟེ། །དེ་ཡི་སོ་རྣམས་དབྱིབས་ཀྱང་ལེགས། །མཆེ་བ་རབ་དཀར་སེང་གེའི་འགྲམ། །རོ་རྣམས་བྲོ་བའི་མཆོག་རྙེད་པ། །ལྕེ་ནི་རིང་ཞིང་སྲབ་པ་སྟེ། །ཚངས་པའི་དབྱངས་དང་ལྡན་པ་ཡིན། །མིག་ནི་མཐིན་མཐོང་བ་རྫི་མ། །དེ་ཡི་མགོ་ནི་གཙུག་ཏོར་ལྡན། །
དེ་ནི་སྨིན་མཚམས་མཛོད་སྤུ་ཡོད། །དུང་ལྟར་དཀར་ཞིང་མཛེས་པ་ཡིན། །ཐུབ་ཆེན་བདག་ཉིད་རབ་བསྒོམས་པ། །ལུས་ཀྱི་ཐ་མ་འཛིན་པ་ཡི། །ལུས་ལ་མཚན་རྣམས་ཡོད་པ་ནི། །སུམ་ཅུ་རྩ་གཉིས་དེ་དག་ཡིན། །གང་གི་ལུས་ལ་མཚན་རྟགས་རྣམས། །སུམ་ཅུ་རྩ་
གཉིས་ལྡན་གྱུར་པ། །དེ་ལྟ་བུ་ནི་རྒྱལ་གྱུར་ནས། །ས་ཡི་སྟེང་ནི་འདུལ་བར་བྱེད། །ཡང་ན་བྱང་ཆུབ་མཆོག་ཀྱང་འཐོབ། །དྲན་དང་ལྡན་ཞིང་བུ་མང་ལ། །ནད་མེད་ཤིན་ཏུ་མཁས་པར་འགྱུར། །ཟས་དང་སྐོམ་དང་བགོ་བ་དང་། །མལ་ཆ་སྟན་རྣམས་རྙེད་པར་འགྱུར། །
དེ་ནི་མི་ཕྱེད་འཁོར་དང་ལྡན། །ལུས་ཅན་ཀུན་གྱི་ཡིད་དུ་འོང་། །དེ་ལྟ་བུ་ནི་ལྷ་མི་རྣམས། །རྗེས་སུ་མཐུན་པར་བྱེད་པར་འགྱུར། །དེ་ལྟ་བུ་ཡི་མི་དག་ནི། །ཆོས་ཀྱི་དབང་གིས་མཆོག་ཡིན་ནོ། །མི་མཉམ་པ་དང་ཟླ་མེད་དང་། །མཚུངས་མེད་རྣམ་པར་འདྲེན་པར་འགྱུར། །བཅོམ་

ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །ཅིའི་ཕྱིར་བྱང་ཆུབ་སེམས་དཔའ་སྐྱེས་བུ་ཆེན་པོའི་མཚན་རྐང་པ་ཤིན་ཏུ་གནས་པ་ཐོབ་ཅེ་ན།
སྨྲས་པ། བྱང་ཆུབ་སེམས་དཔས་ནི་སྔོན་གྱི་སྲིད་པ་དང་། སྔོན་གྱི་གནས་དང་། སྔོན་གྱི་ལུས་དང་། སྔོན་གྱི་བདག་ཉིད་ཐོབ་པ་དང་། སྔོན་གྱི་ཚེ་རབས་གཞན་དག་དང་། འདས་པ་དང་། ཟད་པ་དང་། འགགས་པ་དང་། བྲལ་བ་དང་། རྣམ་པར་གྱུར་པ་དང་། ཡོངས་
སུ་ཟད་པ་དག་ཏུ་དགེ་བའི་ཆོས་འདི་ལྟ་སྟེ། བདེན་པ་འམ། ཚུལ་ཁྲིམས་སམ། གཏོང་བ་འམ། བརྟུལ་ཞུགས་སམ། ཡི་དམ་གང་དང་གང་ཡང་དག་པར་བླངས་ཏེ་གནས་པར་གྱུར་ཀྱང་རུང་སྟེ། དེ་ཚུལ་ཁྲིམས་དང་། བརྟུལ་ཞུགས་དང་། ཡི་དམ་དེ་ལ་ཡི་དམ་
དམ་པོར་གྱུར་ཅིང་ཡི་དམ་བརྟན་པོར་གྱུར་ཏོ། །ཡི་དམ་བརྟེན་པོར་གྱུར་ནས་ཀྱང་མི་གཡོ་ཀུན་ནས་མི་གཡོ། ཀུན་ཏུ་རབ་ཏུ་མི་གཡོའོ། །མི་འགུལ། ཀུན་ཏུ་མི་འགུལ་ཀུན་ཏུ་རབ་ཏུ་མི་འགུལ་ལོ། །མི་འཁྲུགས། ཀུན་ཏུ་མི་འཁྲུགས། ཀུན་ཏུ་རབ་ཏུ་མི་འཁྲུགས་
སོ། །མི་འཕྲོགས། ཀུན་ཏུ་མི་འཕྲོགས། ཀུན་ཏུ་རབ་ཏུ་མི་འཕྲོགས་ཏེ། དེ་ལས་དེ་དང་། ཡང་དག་པར་བླངས་པ་དེ་ལྟ་བུ་དང་། ཡང་དག་པར་བཟུང་བ་དེ་ལྟ་བུས་ལུས་ཞིག་ནས་དགའ་ལྡན་གྱི་ལྷ་རྣམས་དང་སྐལ་བ་མཉམ་པར་སྐྱེའོ། །དེ་དེར་སྐྱེས་ནས་རིང་པོ་མ་
ལོན་པར་དགའ་ལྡན་གྱི་རིས་ཀྱི་ལྷ་སྔར་སྐྱེས་པ་རྣམས་ལས་ལྷའི་གནས་གསུམ་གྱིས་འཕགས་ཏེ། གསུམ་གང་ཞེ་ན། འདི་ལྟ་སྟེ། ལྷའི་ཚེ་དང་། ལྷའི་ཁ་དོག་དང་། ལྷའི་གྲགས་པས་འཕགས་སོ། །དེ་དེར་ཚེའི་ཚད་ཇི་ཙམ་པ་དེ་སྲིད་དུ་གནས་ནས་དེ་ནས་ཤི་འཕོས་ནས་ཁམས་འདིར་
མི་རྣམས་དང་སྐལ་བ་མཉམ་པར་སྐྱེའོ། །དེ་འདིར་རྒྱལ་པོའི་ཕོ་བྲང་ངམ། མདུན་ན་འདོན་གྱི་ཁྱིམ་དུ་སྐྱེ་བར་འགྱུར་ཏེ། དེར་བྱང་ཆུབ་སེམས་དཔའ་དེས་སྐྱེས་བུ་ཆེན་པོའི་མཚན་རྐང་པ་ཤིན་ཏུ་གནས་པ་རྙེད་པར་འགྱུར་རོ། །དེའི་སྔ་ལྟས་ནི་འདི་ཡིན་ཏེ། གལ་ཏེ་ཁྱིམ་པར་

འདུག་ཅིང་ཁྱིམ་ན་གནས་ན་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོ་མཐའ་བཞིར་རྒྱལ་བ་ཆོས་ཀྱི་རྒྱལ་པོ་ཆོས་དང་ལྡན་པ། རིན་པོ་ཆེ་སྣ་བདུན་དང་ལྡན་པར་འགྱུར་རོ། །དེའི་རིན་པོ་ཆེ་སྣ་བདུན་ནི་འདི་ལྟ་བུ་ཡིན་ཏེ། འདི་ལྟ་སྟེ། འཁོར་ལོ་རིན་པོ་ཆེ་ནས་བདུན་པ་སྟེ། བློན་པོ་རིན་པོ་
ཆེའི་བར་རྣམས་སོ། །དེའི་བུ་ནི་སྟོང་ཐམ་པ་ཡོད་དེ། དཔའ་བ་རྟུལ་ཕོད་པ་ཡན་ལག་མཆོག་གི་གཟུགས་དང་ལྡན་པ། ཕ་རོལ་གྱི་སྡེ་རབ་ཏུ་འཇོམས་པ་ཤ་སྟག་གོ། །དེ་ནི་རྒྱ་མཚོ་ལ་ཐུག་པའི་ས་ཆེན་པོ་མ་ལུས་པ་གནོད་པར་སྡོ་བ་མེད་ཅིང་འཚེ་བ་མེད་པ་འདི་ཉིད་ཆད་པ་མེད་
ཅིང་མཚོན་གྱིས་བདའ་བ་མེད་ལ་ཆོས་དང་མཐུན་ཤིང་སྙོམས་པས་ལེགས་པར་ཕབ་སྟེ་གནས་ལ། རྒྱལ་སྲིད་དེ་ལས་དགྲ་འམ། ཕྱིར་རྒོལ་བ་འམ། རྒྱལ་པོ་དོ་ཟླ་འམ། སའི་བདག་པོའམ། རྒྱལ་རིགས་ཀྱིས་མི་གཡོ། ཀུན་ཏུ་མི་གཡོ། ཀུན་ཏུ་རབ་ཏུ་མི་གཡོའོ། །མི་
འགུལ། ཀུན་ཏུ་མི་འགུལ། ཀུན་ཏུ་རབ་ཏུ་མི་འགུལ་ལོ། །མི་འཁྲུགས། ཀུན་ཏུ་མི་འཁྲུགས། ཀུན་ཏུ་རབ་ཏུ་མི་འཁྲུགས་སོ། །མི་འཕྲོགས། ཀུན་ཏུ་མི་འཕྲོགས། ཀུན་ཏུ་རབ་ཏུ་མི་འཕྲོགས་སོ། །བཙུན་མོའི་འཁོར་དང་། གཞོན་ནུ་རྣམས་དང་། བློན་པོ་རྣམས་
དང་། གཙོ་བོ་དང་། དམག་གི་རུ་དང་། གྲོང་མི་དང་། ཡུལ་མི་རྣམས་ཀྱིས་བཀུར་སྟིར་བྱེད། བླ་མར་བྱེད། རི་མོར་བྱེད། མཆོད་པར་བྱེད་དོ། །གལ་ཏེ་སྐྲ་དང་ཁ་སྤུ་རྣམས་བྲེགས་ཏེ་གོས་ངུར་སྨྲིག་དག་བགོས་ནས། དད་པས་ཁྱིམ་ནས་ཁྱིམ་མེད་པ་ལེགས་པ་ཁོ་ནར་རབ་
ཏུ་བྱུང་ན་ནི་འཇིག་རྟེན་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་ཏེ། སྒྲ་ཆེར་གྲགས་པར་འགྱུར་རོ་ཞེས་གསུངས་ཏེ། དེ་དགེ་སློང་གི་ཚུལ་དེས་དགེ་སྦྱོང་ངམ། བྲམ་ཟེའམ། ལྷ་འམ། བདུད་དམ། ཚངས་པའམ། གཞན་
སུ་ཡང་རུང་བས་ཆོས་དང་མཐུན་པས་མི་གཡོ། ཀུན་ཏུ་མི་གཡོ། ཀུན་ཏུ་རབ་ཏུ་མི་གཡོའོ། །མི་འགུལ། ཀུན་ཏུ་མི་འགུལ། ཀུན་ཏུ་རབ་ཏུ་མི་འགུལ་ལོ། །མི་འཁྲུགས། ཀུན་ཏུ་མི་འཁྲུགས། ཀུན་ཏུ་རབ་ཏུ་མི་འཁྲུགས་སོ། །མི་འཕྲོགས། ཀུན་ཏུ་མི་འཕྲོགས།

ཀུན་ཏུ་རབ་ཏུ་མི་འཕྲོགས་སོ། །དགེ་སློང་རྣམས་དང་། དགེ་སློང་མ་རྣམས་དང་། དགེ་བསྙེན་རྣམས་དང་། དགེ་བསྙེན་མ་རྣམས་དང་། ལྷ་རྣམས་དང་། ཀླུ་རྣམས་དང་། ལྷ་མ་ཡིན་རྣམས་དང་། ནམ་མཁའ་ལྡིང་རྣམས་དང་། དྲི་ཟ་རྣམས་
དང་། མིའམ་ཅི་རྣམས་དང་། ལྟོ་འཕྱེ་ཆེན་པོ་རྣམས་དང་། གནོད་སྦྱིན་རྣམས་དང་། སྲིན་པོ་རྣམས་དང་། མི་རྣམས་དང་། མི་མ་ཡིན་པ་རྣམས་ཀྱིས་བཀུར་སྟིར་བྱེད། བླ་མར་བྱེད། རི་མོར་བྱེད། མཆོད་པར་བྱེད་དེ། འདི་ནི་དེའི་སྔ་ལྟས་ཡིན་ནོ། །འདི་ལ་ཆོས་ཉིད་ནི་འདི་
ཡིན་ཏེ། དེ་ལ་འདི་སྐད་ཅེས་བྱའོ། །གང་ཚེ་བདེ་གཤེགས་ཞབས་ནི་ཤིན་ཏུ་གནས་པ་ཡི། །མཚན་ནི་གང་གིས་བརྙེས་གྱུར་དེ་དག་མཉན་པར་གྱིས། །བདེ་བ་དང་ནི་ཚུལ་ཁྲིམས་བརྟུལ་ཞུགས་གཏོང་བ་དང་། །ཆོས་དགེ་བདེ་བ་སྐྱེད་པ་གཞན་རྣམས་གང་ཡིན་པ། །
ཉིད་ཀྱིས་ཡང་དག་བླངས་ཏེ་བརྟན་པོར་གནས་གྱུར་དེས། །གོམ་པ་བརྟན་པོར་ལྷུན་པོ་བཞིན་དུ་གཡོ་བ་མེད། །ཅིའི་ཕྱིར་བྱང་ཆུབ་སེམས་དཔས་སྐྱེས་བུ་ཆེན་པོའི་མཚན་རྐང་པ་གཉིས་ཀྱི་འོག་མཐིལ་ནས་འཁོར་ལོ་སྐྱེ་བ་ཐོབ་ཅེ་ན། སྨྲས་པ། བྱང་ཆུབ་སེམས་དཔས་ནི་སྔོན་
གྱི་སྲིད་པ་ཞེས་བྱ་བ་ནས། རྒྱས་པར་སྔོན་གྱི་སྐྱེ་བ་གཞན་དག་གི་བར་དང་། འདས་པ་དང་། ཟད་པ་དང་། འགགས་པ་དང་། བྲལ་བ་དང་། རྣམ་པར་གྱུར་པ་དང་། ཡོངས་སུ་ཟད་པ་དག་ཏུ་ཕ་མ་དང་། ཉེ་དུ་དང་། རྒན་རབས་དང་། བླ་མ་ལྟ་བུ་རྣམས་དང་། གཞན་
དགེ་སྦྱོང་དང་། བྲམ་ཟེ་གནོད་པར་བྱ་བ་མ་ཡིན་པ་རྣམས་དང་། གནོད་པར་བྱ་བ་ལ་མི་དགའ་བ་གང་ཡིན་པ་དེ་དག་དང་། ཐ་ན་བྱ་དང་། རི་དགས་ཡན་ཆད་ལ་ཡང་ཆོས་དང་མཐུན་པར་བསྲུང་བ་དང་། བསྐྱབ་པ་དང་། སྦ་བ་བྱས་ལ། དེ་ནས་སྙིང་བརྩེ་བ་ཅན་གྱི་ཚུལ་ཁྲིམས་
ཀྱང་ཡང་དག་པར་བླངས་ཏེ་གནས་པར་གྱུར་ཏོ། །དེ་ལས་དེ་དང་། ཡང་དག་པར་བླངས་པ་དེ་ལྟ་བུ་དང་། ཡང་དག་པར་བཟུང་བ་དེ་ལྟ་བུས་ལུས་ཞིག་ནས་དགའ་ལྡན་གྱི་ལྷ་རྣམས་དང་སྐལ་བ་མཉམ་པར་སྐྱེའོ། །དེ་དེར་སྐྱེས་ནས་རིང་པོ་མ་ལོན་པར་དགའ་ལྡན་གྱི་རིས་ཀྱི་ལྷ་སྔར་

སྐྱེས་པ་རྣམས་ལས་ལྷའི་གནས་གསུམ་གྱིས་འཕགས་ཏེ་ཞེས་བྱ་བ་ནས་རྒྱས་པར་སྦྱར་ཏེ། དེ་དེ་ནས་ཤི་འཕོས་ནས་ཁམས་འདིར་མི་རྣམས་དང་སྐལ་བ་མཉམ་པར་སྐྱེའོ་ཞེས་བྱ་བའི་བར་དུ་སྦྱར་རོ། །དེ་འདིར་རྒྱལ་པོའི་ཕོ་བྲང་ངམ། མདུན་ན་འདོན་གྱི་ཁྱིམ་དུ་སྐྱེ་བར་འགྱུར་ཏེ།
དེར་བྱང་ཆུབ་སེམས་དཔའ་དེས་སྐྱེས་བུ་ཆེན་པོའི་མཚན་རྐང་པ་གཉིས་ཀྱི་འོག་གི་མཐིལ་འཁོར་ལོ་འབྱུང་བ་ཐོབ་པར་འགྱུར་རོ། །དེའི་སྔ་ལྟས་ནི་འདི་ཡིན་ཏེ། གལ་ཏེ་ཁྱིམ་པར་འདུག་ཅིང་ཁྱིམ་ན་གནས་ན་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོ་མཐའ་བཞིར་རྒྱལ་བ་ཞེས་བྱ་བ་ནས།
རྒྱས་པར་ཆོས་དང་མཐུན་ཞིང་སྙོམས་པས་ལེགས་པར་ཕབ་སྟེ་གནས་སོ་ཞེས་བྱ་བའི་བར་དུ་སྦྱར་ཏེ། ལྷའི་འཁོར་ལོ་རིན་པོ་ཆེ་ཐོབ་པར་འགྱུར་ལ། དེ་ནས་གླིང་བཞི་ལེགས་པར་ཕབ་ཏེ་གླིང་བཞིར་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་དབང་བྱེད་དོ། །བཙུན་མོའི་འཁོར་དང་། གཞོན་
ནུ་རྣམས་ཞེས་བྱ་བ་ནས་རྒྱས་པར་རི་མོར་བྱེད། མཆོད་པར་བྱེད་ཅེས་བྱ་བའི་བར་དུ་སྦྱར་རོ། །གལ་ཏེ་སྐྲ་དང་། ཁ་སྤུ་རྣམས་བྲེགས་ཏེ་ཞེས་བྱ་བ་ནས། རབ་ཏུ་བྱུང་ན་ནི། འཇིག་རྟེན་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་ཏེ།
སྒྲ་ཆེར་གྲགས་པར་འགྱུར་བའི་བར་དུ་གསུངས་ཏེ། འཕགས་པའི་ལམ་ཡན་ལག་བརྒྱད་པ་བརྙེས་པར་གྱུར་ལ། དེས་ན་ཉོན་མོངས་པ་ཐམས་ཅད་སྤངས་ནས་ཆོས་ཐམས་ཅད་ལ་སྒྲིབ་པ་མེད་པའི་ཡེ་ཤེས་བརྙེས་པར་གྱུར་ཏེ། དགེ་སློང་རྣམས་དང་། དགེ་སློང་མ་རྣམས་ཞེས་བྱ་བ་
ནས་རྒྱས་པར་རི་མོར་བྱེད། མཆོད་པར་བྱེད་ཅེས་བྱ་བའི་བར་དུ་སྦྱར་ཏེ། འདི་ནི་དེའི་སྔ་ལྟས་ཡིན་ནོ། །འདི་ལ་ཆོས་ཉིད་ནི་འདི་ཡིན་ཏེ། དེ་ལ་འདི་སྐད་ཅེས་བྱའོ། །ཕ་མ་དང་ནི་གཉེན་རྣམས་དང་། །དེ་བཞིན་གཞན་ཡང་བླ་མ་གང་། །རི་དགས་བྱ་རྣམས་དེ་བཞིན་ཏེ། །ཆོས་དང་མཐུན་པས་བསྲུང་བྱས་
པ། །དགེ་བ་དེ་ཡི་རྣམ་སྨིན་གྱིས། །རྩིབས་སྟོང་བཅས་དང་ལྟེ་བར་བཅས། །མུ་ཁྱུད་བཅས་པའི་འཁོར་ལོ་དག །རྐང་པ་གཉིས་ཀྱི་མཐིལ་དུ་བྱུང་། །ཅིའི་ཕྱིར་བྱང་ཆུབ་སེམས་དཔས་སྐྱེས་བུ་ཆེན་པོའི་མཚན་སོར་མོ་རིང་བ་དང་། རྐང་པའི་རྟིང་པ་ཡངས་པ་དང་། ལུས་ཆེ་

ཞིང་དྲང་བ་གསུམ་ཐོབ་ཅེ་ན། སྨྲས་པ། བྱང་ཆུབ་སེམས་དཔས་ནི། སྔོན་གྱི་སྲིད་པ་ཞེས་བྱ་བ་ནས་རྒྱས་པར་སྦྱར་ཏེ། སྲོག་ཆགས་འབྱུང་བ་སེམས་ཅན་ཐམས་ཅད་ཐ་ན་སྲོག་ཆགས་གྲོག་སྦུར་ཡན་ཆད་ཀྱི་ཕྱིར་སྲོག་གཅོད་པ་སྤངས་ཏེ། སྲོག་
གཅོད་པ་ལས་ཕྱིར་ལོག་ནས། དབྱུག་པ་སྤངས་ཤིང་མཚོན་ཆ་སྤངས་སྟེ་ངོ་ཚ་ཤེས་ཤིང་སྙིང་རྗེ་དང་ལྡན་པས་སྲོག་གཅོད་པ་སྤངས་པ་དང་། གཞན་ཡང་བྱང་ཆུབ་སེམས་དཔས་མ་བྱིན་པར་ལེན་པ་སྤངས་ཏེ་མ་བྱིན་པར་ལེན་པ་ལས་ཕྱིར་ལོག་ནས། བྱིན་པ་ལེན་པ་དང་། བྱིན་
པ་ལ་དགའ་བ་དང་། བྱིན་པ་དང་། བཏང་བ་དང་། བོར་བ་འདོད་པ་དང་། མི་རྐུ་བ་དང་། གཙང་མར་གྱུར་པ་དང་། དག་པ་དང་། གཙང་མས་བདག་ཉིད་བསྲུངས་ཏེ། མ་བྱིན་པར་ལེན་པ་སྤངས་ནས་མ་བྱིན་པར་ལེན་པ་ལས་སེམས་ཡོངས་སུ་དག་པར་བྱས་པར་གྱུར་པ་
དང་། གཞན་ཡང་བྱང་ཆུབ་སེམས་དཔས་ཕ་མ་དང་། ཉེ་དུ་དང་། རྒན་རབས་དང་། བླ་མ་ལྟ་བུ་རྣམས་དང་། གཞན་ཡང་དགེ་སྦྱོང་དང་། བྲམ་ཟེ་ཁ་ན་མ་ཐོ་བ་མེད་པ་དང་། ཁ་ན་མ་ཐོ་བ་མེད་པ་ལ་དགའ་བ་གང་ཡིན་པ་དེ་དག་ལ་གསོང་པོར་སྨྲ་བ་དང་། ཕྱག་འཚལ་བ་
དང་། ལངས་ཏེ་སྟན་སྟོབས་པར་བྱེད་དེ། དེ་ལས་དེ་དང་ཡང་དག་པར་བླངས་པ་དེ་ལྟ་བུ་དང་། ཡང་དག་པར་བཟུང་བ་དེ་ལྟ་བུས་ལུས་ཞིག་ནས་དགའ་ལྡན་གྱི་ལྷ་རྣམས་དང་སྐལ་བ་མཉམ་པར་སྐྱེའོ། །དེ་དེར་སྐྱེས་ནས་རིང་པོ་མ་ལོན་པར་དགའ་ལྡན་གྱི་རིས་ཀྱི་ལྷ་སྔར་སྐྱེས་
པ་རྣམས་ལས་ལྷའི་གནས་གསུམ་གྱིས་འཕགས་ཏེ་ཞེས་བྱ་བ་ནས་རྒྱས་པར་སྦྱར་ཏེ། དེ་དེ་ནས་ཤི་འཕོས་ནས་ཁམས་འདིར་མི་རྣམས་དང་སྐལ་བ་མཉམ་པར་སྐྱེའོ་ཞེས་བྱ་བའི་བར་དུ་སྦྱར་རོ། །དེ་འདིར་རྒྱལ་པོའི་ཕོ་བྲང་ངམ། མདུན་ན་འདོན་གྱི་ཁྱིམ་དུ་སྐྱེ་བར་འགྱུར་ཏེ།
དེར་བྱང་ཆུབ་སེམས་དཔའ་དེས། སྐྱེས་བུ་ཆེན་པོའི་མཚན་སོར་མོ་རིང་བ་དང་། རྐང་པའི་རྟིང་པ་ཡངས་པ་དང་། ལུས་ཆེ་ཞིང་དྲང་བ་ཐོབ་པར་འགྱུར་རོ། །དེའི་སྔ་ལྟས་ནི་འདི་ཡིན་ཏེ། གལ་ཏེ་ཁྱིམ་པར་འདུག་ཅིང་ཁྱིམ་ན་གནས་ན་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོ་མཐའ་བཞིར་

རྒྱལ་བ་ཞེས་བྱ་བ་ནས་རྒྱས་པར་སྦྱར་ཏེ། ཚེ་རིང་ཞིང་ཡུན་རིང་དུ་གནས་པར་འགྱུར་བ་དང་། བཀུར་སྟིར་བྱེད། བླ་མར་བྱེད། རི་མོར་བྱེད། མཆོད་པར་བྱེད་ཅེས་བྱ་བའི་བར་དུ་རྒྱས་པར་སྦྱར་རོ། །གལ་ཏེ་སྐྲ་དང་། ཁ་སྤུ་བྲེགས་ཏེ་ཞེས་བྱ་བ་ནས། རབ་ཏུ་བྱུང་ན་ནི་འཇིག་
རྟེན་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་ཏེ། སྒྲ་ཆེར་གྲགས་པར་འགྱུར་རོ་ཞེས་བྱ་བའི་བར་དུ་གསུངས་ཏེ། བཅོམ་ལྡན་འདས་ཀྱིས་བཞེད་ན་བསྐལ་པ་འམ། བསྐལ་པ་ལས་ལྷག་པར་ཡང་སྐུ་ཚེ་རིང་ཞིང་ཡུན་རིང་དུ་
གནས་པར་འགྱུར་བ་དང་། བཀུར་སྟིར་བྱེད། བླ་མར་བྱེད་ཅེས་བྱ་བའི་བར་དུ་རྒྱས་པར་སྦྱར་ཏེ། འདི་ནི་དེའི་སྔ་ལྟས་ཡིན་ནོ། །འདི་ལ་ཆོས་ཉིད་ནི་འདི་ཡིན་ཏེ། དེ་ལ་འདི་སྐད་ཅེས་བྱའོ། །གང་ཚེ་རྒྱལ་བ་སོར་མོ་རིང་བར་གྱུར་པ་དང་། །ཞབས་ཀྱི་རྟིང་ཡངས་སྐུ་ཆེ་
དྲང་བར་གྱུར་པ་ནི། །སྲོག་ཆགས་སྲོག་གཅོད་པ་ལས་སླར་ནི་ལོག་གྱུར་དང་། །མ་བྱིན་པ་དང་རྐུ་བ་སྤངས་པར་གྱུར་པ་དང་། །དགེ་སྦྱོང་བྲམ་ཟེ་རྣམས་ལ་གསོང་བོར་སྨྲ་བ་དང་། །དེས་ནི་བླ་མ་རྣམས་ལ་ལྡང་ཞིང་སྟན་བྱིན་པའི། །ལས་དགེ་བདེ་བ་སྐྱེད་པ་རྣམ་
སྨིན་དགེ་བ་དེ། །སྐྱེ་བ་གཞན་དག་ཏུ་ནི་སྟོན་པ་མཛད་པའི་ཕྱིར། །སྟོན་པ་དེ་ལ་ལས་ཀྱི་རྣམ་སྨིན་དེ་འདྲ་བའི། །མཚན་རྣམས་སྐུ་ལས་བྱུང་སྟེ་གསུམ་དང་གསུམ་དུ་སྦྱར། །ཅིའི་ཕྱིར་བྱང་ཆུབ་སེམས་དཔས་སྐྱེས་བུ་ཆེན་པོའི་མཚན་ལག་པ་དང་རྐང་པ་དྲ་བ་དང་ལྡན་
པ་ཐོབ་ཅེ་ན། སྨྲས་པ། བྱང་ཆུབ་སེམས་དཔས་ནི་སྔོན་གྱི་སྲིད་པ་ཞེས་བྱ་བ་ནས་རྒྱས་པར་སྦྱར་ཏེ། བསྡུ་བའི་དངོས་པོ་བཞིས་འཁོར་བསྡུས་ཏེ། འདི་ལྟ་སྟེ། སྦྱིན་པ་དང་། སྙན་པར་སྨྲ་བ་དང་། དོན་སྤྱོད་པ་དང་། དོན་མཐུན་པས་སོ། །དེ་ལས་དེ་དང་ཡང་དག་
པར་བླངས་པ་དེ་ལྟ་བུ་དང་། ཡང་དག་པར་གཟུང་བ་དེ་ལྟ་བུས་ལུས་ཞིག་ནས་དགའ་ལྡན་གྱི་ལྷ་རྣམས་དང་སྐལ་བ་མཉམ་པར་སྐྱེའོ་ཞེས་བྱ་བ་ནས་རྒྱས་པར་སྦྱར་ཏེ། དེ་དེ་ནས་ཤི་འཕོས་ནས་ཁམས་འདིར་མི་རྣམས་དང་སྐལ་བ་མཉམ་པར་སྐྱེའོ་ཞེས་བྱ་བའི་བར་དུ་སྦྱར་རོ། །

དེ་འདིར་རྒྱལ་པོའི་ཕོ་བྲང་ངམ། མདུན་ན་འདོན་གྱི་ཁྱིམ་དུ་སྐྱེ་བར་འགྱུར་ཏེ། དེར་བྱང་ཆུབ་སེམས་དཔའ་དེས། སྐྱེས་བུ་ཆེན་པོའི་མཚན་ལག་པ་དང་རྐང་པ་དྲ་བ་དང་ལྡན་པ་ཐོབ་པར་འགྱུར་རོ། །དེའི་སྔ་ལྟས་ནི་འདི་ཡིན་ཏེ། གལ་ཏེ་ཁྱིམ་པར་
འདུག་ཅིང་ཁྱིམ་ན་གནས་ན་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོ་མཐའ་བཞིར་རྒྱལ་བ་ཞེས་བྱ་བ་ནས་རྒྱས་པར་སྦྱར་ཏེ། བཙུན་མོའི་འཁོར་དང་། གཞོན་ནུ་རྣམས་དང་། བློན་པོ་རྣམས་དང་། གཙོ་བོ་དང་། དམག་གི་རུ་དང་། གྲོང་མི་དང་། ཡུལ་གྱི་མི་རྣམས་
ཀྱིས་བསྟེན་པ་དང་། བཀུར་སྟི་བྱེད་པ་ནས་རྒྱས་པར་སྦྱར་རོ། །གལ་ཏེ་སྐྲ་དང་ཁ་སྤུ་རྣམས་བྲེགས་ཏེ་གོས་ངུར་སྨྲིག་དག་བགོས་ནས། དད་པས་ཁྱིམ་ནས་ཁྱིམ་མེད་པར་ལེགས་པ་ཁོ་ནར་རབ་ཏུ་བྱུང་ན་ནི་འཇིག་རྟེན་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་
པར་རྫོགས་པའི་སངས་རྒྱས་སུ་འགྱུར་ཏེ། སྒྲ་ཆེར་གྲགས་པར་འགྱུར་རོ་ཞེས་གསུངས་ཏེ། དགེ་སློང་རྣམས་དང་། དགེ་སློང་མ་རྣམས་དང་། དགེ་བསྙེན་རྣམས་དང་། དགེ་བསྙེན་མ་རྣམས་དང་། གཞན་མུ་སྟེགས་ཅན་དང་། དགེ་སྦྱོང་དང་། བྲམ་ཟེ་དང་།
སྤྱོད་པ་པ་དང་། ཀུན་ཏུ་རྒྱུ་རྣམས་ཀྱིས་བསྟེན་པ་དང་། བཀུར་སྟི་བྱེད། བླ་མར་བྱེད་ཅེས་བྱ་བ་ནས་རྒྱས་པར་སྦྱར་ཏེ། འདི་ནི་དེའི་སྔ་ལྟས་ཡིན་ནོ། །འདི་ལ་ཆོས་ཉིད་ནི་འདི་ཡིན་ཏེ། དེ་ལ་འདི་སྐད་ཅེས་བྱའོ། །གང་གི་ལག་པ་རྐང་པ་ལ། །དྲ་བར་ལྡན་པ་ཡོངས་
རྫོགས་པ། །ངང་པའི་རྒྱལ་པོ་ཇི་ལྟ་བར། །སྐྱེས་བུ་མཆོག་ཀྱང་དེ་དང་འདྲ། །འདིར་ནི་སེམས་ཅན་རྣམས་ལ་ཡང་། །སྦྱིན་དང་སྙན་པར་སྨྲ་བ་དང་། །དོན་སྤྱོད་དང་ནི་དོན་མཐུན་པ། །དེ་དང་དེ་ལ་ཅི་རིགས་པར། །བསྡུ་བའི་དངོས་པོ་བཞི་རྣམས་ཀྱིས། །སྔོན་གྱིས་བསྡུས་
པར་གྱུར་པས་ན། །ལས་ཀྱི་རྣམ་པར་སྨིན་པ་དེས། །ལག་དང་རྐང་པ་དྲ་བར་ལྡན། །ཅིའི་ཕྱིར་བྱང་ཆུབ་སེམས་དཔས་སྐྱེས་བུ་ཆེན་པོའི་མཚན་ལག་པ་དང་རྐང་པ་འཇམ་ཞིང་གཞོན་ཤ་ཆགས་པ་ཐོབ་ཅེ་ན། སྨྲས་པ། བྱང་ཆུབ་སེམས་དཔས་ནི་སྔོན་གྱི་སྲིད་པ་ཞེས་བྱ་

བ་ནས་རྒྱས་པར་སྦྱར་ཏེ། ཕ་མ་དང་། ཉེ་དུ་དང་། རྒན་རབས་དང་། བླ་མ་ལྟ་བུ་རྣམས་དང་། གཞན་ཡང་དགེ་སྦྱོང་དང་། བྲམ་ཟེ་གནོད་པར་བྱ་བ་མ་ཡིན་པ་དང་། གནོད་པར་བྱ་བ་ལ་མི་དགའ་བ་གང་ཡིན་པ་དེ་དག་ལ་ལུས་བསྐུ་ཞིང་དྲིལ་བ་དང་། ཁྲུས་བྱ་བ་དང་།
མར་དང་། ཏིལ་མར་རྣམས་ཀྱིས་དད་པའི་སེམས་ཀྱིས་རང་གི་ལག་གིས་བྱི་དོར་བྱས་ཏེ། དེ་ལས་དེ་དང་ཡང་དག་པར་བླངས་པ་དེ་ལྟ་བུ་དང་། ཡང་དག་པར་བཟུང་བ་དེ་ལྟ་བུས་ལུས་ཞིག་ནས་དགའ་ལྡན་གྱི་ལྷ་རྣམས་དང་སྐལ་བ་མཉམ་པར་སྐྱེའོ་ཞེས་བྱ་བ་ནས་རྒྱས་པར་སྦྱར་ཏེ།
དེ་དེ་ནས་ཤི་འཕོས་ནས་ཁམས་འདིར་མི་རྣམས་དང་སྐལ་བ་མཉམ་པར་སྐྱེའོ་ཞེས་བྱ་བ་ནས་རྒྱས་པར་སྦྱར་རོ། །དེར་བྱང་ཆུབ་སེམས་དཔའ་དེས་སྐྱེས་བུ་ཆེན་པོའི་མཚན་ལག་པ་དང་རྐང་པ་འཇམ་ཞིང་གཞོན་ཤ་ཆགས་པ་ཐོབ་པར་འགྱུར་རོ། །དེའི་སྔ་ལྟས་ནི་འདི་ཡིན་ཏེ།
གལ་ཏེ་ཁྱིམ་པར་འདུག་ཅིང་ཁྱིམ་ན་གནས་ན་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོ་མཐའ་བཞིར་རྒྱལ་བ་ཞེས་བྱ་བ་ནས་རྒྱས་པར་སྦྱར་ཏེ། ལུས་བསྐུ་ཞིང་དྲིལ་བ་དང་། ཁྲུས་བྱ་བ་དང་། མར་དང་ཏིལ་མར་རྙེད་ཅེས་བྱ་བ་དང་། བཀུར་སྟི་བྱེད། བླ་མར་བྱེད་ཅེས་བྱ་བ་ནས་
རྒྱས་པར་སྦྱར་རོ། །གལ་ཏེ་སྐྲ་དང་ཁ་སྤུ་རྣམས་བྲེགས་ཏེ་གོས་ངུར་སྨྲིག་དག་བགོས་ནས། དད་པས་ཁྱིམ་ནས་ཁྱིམ་མེད་པར་ལེགས་པ་ཁོ་ནར་རབ་ཏུ་བྱུང་ན་ནི་འཇིག་རྟེན་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་ཏེ། སྒྲ་ཆེར་
གྲགས་པར་འགྱུར་རོ་ཞེས་གསུངས་ཏེ། ལུས་བསྐུ་ཞིང་དྲིལ་བ་དང་། ཁྲུས་བྱ་བ་དང་། མར་དང་། ཏིལ་མར་རྣམས་རྙེད་ཅེས་བྱ་བ་དང་། བཀུར་སྟི་བྱེད། བླ་མར་བྱེད་ཅེས་བྱ་བ་ནས་རྒྱས་པར་སྦྱར་ཏེ། འདི་ནི་དེའི་སྔ་ལྟས་ཡིན་ནོ། །འདི་ལ་ཆོས་ཉིད་ནི་འདི་ཡིན་ཏེ།
དེ་ལ་འདི་སྐད་ཅེས་བྱའོ། །ཤིང་བལ་གྱི་ནི་འདའ་བ་ལྟར། །ལག་པ་རྐང་པ་འཇམ་པ་དང་། །རེག་ན་བདེ་བར་འགྱུར་བ་ཡི། །མཚན་དེ་གང་གིས་ཐོབ་ཅེ་ན། །བསྐུ་ཞིང་དྲིལ་དང་ཁྲུས་བྱས་གང་། །མར་དང་ཏིལ་མར་སྦྱིན་པ་དང་། །དེས་ན་དེ་ཡི་རྐང་ལག་ནི། །འཇམ་ཞིང་

རེག་ན་བདེ་བ་ཡིན། །ཅིའི་ཕྱིར་བྱང་ཆུབ་སེམས་དཔས་སྐྱེས་བུ་ཆེན་པོའི་མཚན་རྐང་པ་ལོང་མོའི་ཚིགས་མི་མངོན་པ་དང་། ལུས་ཀྱི་སྤུ་གྱེན་དུ་ཕྱོགས་པ་གཉིས་ཐོབ་ཅེ་ན། སྨྲས་པ། བྱང་ཆུབ་སེམས་དཔས་ནི་སྔོན་གྱི་སྲིད་པ་ཞེས་བྱ་བ་ནས་རྒྱས་པར་
སྦྱར་ཏེ། དགེ་བའི་ཆོས་འདི་ལྟ་སྟེ། བདེ་བ་འམ། ཚུལ་ཁྲིམས་སམ། གཏོང་བ་འམ། བརྟུལ་ཞུགས་སམ། ཡི་དམ་གང་དང་གང་ཡང་དག་པར་བླངས་ཏེ་གནས་པར་གྱུར་ཀྱང་རུང་སྟེ། དེ་ལན་འགའ་ཡང་དམའ་བས་ཆོག་པར་མི་འཛིན་ཅིང་། ཆེས་གོང་ནས་གོང་དུ་
ཁྱད་པར་ཤིན་ཏུ་འདོད་པས་ཆེར་གནས་ཏེ། དེ་ལས་དེ་དང་། ཡང་དག་པར་བླངས་པ་དེ་ལྟ་བུ་དང་། ཡང་དག་པར་བཟུང་བ་དེ་ལྟ་བུས་ལུས་ཞིག་ནས་དགའ་ལྡན་གྱི་ལྷ་རྣམས་དང་སྐལ་བ་མཉམ་པར་སྐྱེའོ། །དེ་ནས་ཤི་འཕོས་ནས་ཁམས་འདིར་ནི་མི་རྣམས་དང་སྐལ་བ་
མཉམ་པར་སྐྱེའོ་ཞེས་བྱ་བ་ནས་རྒྱས་པར་སྦྱར་ཏེ། དེར་བྱང་ཆུབ་སེམས་དཔའ་དེས་སྐྱེས་བུ་ཆེན་པོའི་མཚན་རྐང་པ་ལོང་མོའི་ཚིགས་མི་མངོན་པ་དང་། ལུས་ཀྱི་སྤུ་གྱེན་དུ་ཕྱོགས་པ་གཉིས་ཐོབ་པར་འགྱུར་རོ། །དེའི་སྔ་ལྟས་ནི་འདི་ཡིན་ཏེ། གལ་ཏེ་ཁྱིམ་པར་འདུག་
ཅིང་ཁྱིམ་ན་གནས་ན་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོ་མཐའ་བཞིར་རྒྱལ་བ་ཞེས་བྱ་བ་ནས་རྒྱས་པར་སྦྱར་ཏེ། གྲོང་རྣམས་དང་། གྲོང་ཁྱེར་རྣམས་དང་། ལྗོངས་རྣམས་ཀྱིས་འཕེལ་བར་འགྱུར་བ་དང་། བཀུར་སྟི་བྱེད། བླ་མར་བྱེད་ཅེས་བྱ་བ་ནས་རྒྱས་པར་སྦྱར་རོ། །
གལ་ཏེ་སྐྲ་དང་ཁ་སྤུ་རྣམས་བྲེགས་ཏེ་ཞེས་བྱ་བ་ནས། རབ་ཏུ་བྱུང་ན་ནི་འཇིག་རྟེན་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་ཏེ། སྒྲ་ཆེར་གྲགས་པར་འགྱུར་རོ་ཞེས་བྱ་བའི་བར་དུ་གསུངས་སོ། །ངེས་པར་འབྱུང་བ་དང་། དབེན་
པ་ལས་སྐྱེས་པའི་དགེ་བའི་ཆོས་རྣམས་ཀྱིས་འཕེལ་བ་དང་། བཀུར་སྟི་བྱེད་ཅེས་བྱ་བ་ནས་རྒྱས་པར་སྦྱར་ཏེ། འདི་ནི་དེའི་སྔ་ལྟས་ཡིན་ནོ། །འདི་ལ་ཆོས་ཉིད་ནི་འདི་ཡིན་ཏེ། དེ་ལ་འདི་སྐད་ཅེས་བྱའོ། །གང་ཚེ་བདེ་གཤེགས་ཞབས་ཀྱི་ལོང་མོའི་ཚིགས་མི་མངོན། །

གང་ཚེ་དེ་ཡི་སྤུ་རྣམས་གྱེན་དུ་ཕྱོགས་གྱུར་པ། །བདེན་པ་དང་ནི་ཚུལ་ཁྲིམས་བརྟུལ་ཞུགས་གཏོང་བ་དང་། །ཆོས་དགེ་བདེ་བ་བསྐྱེད་པ་གཞན་རྣམས་གང་ཡིན་པ། །དེ་དག་གོང་ནས་གོང་དུ་ཁྱད་པར་འདོད་བྱེད་ཅིང་། །བཟང་ཞིང་དཀར་བ་རྣམས་ཀྱིས་ཆོག་པར་མི་འཛིན་
པ། །དེས་ན་དེ་ནི་དེར་ཡང་ཁྱད་པར་ཐོབ་པར་འགྱུར། །དེ་ཕྱིར་དེ་ཡི་ལུས་ལ་མཚན་ནི་རྣམ་གཉིས་འབྱུང་། །ཅིའི་ཕྱིར་བྱང་ཆུབ་སེམས་དཔས་སྐྱེས་བུ་ཆེན་པོའི་མཚན་རྗེ་ངར་རི་དགས་ཨེ་ནེ་ཡའི་ལྟ་བུ་ཐོབ་ཅེ་ན། སྨྲས་པ། བྱང་ཆུབ་སེམས་དཔས་ནི་སྔོན་གྱི་སྲིད་པ་
ཞེས་བྱ་བ་ནས་རྒྱས་པར་སྦྱར་ཏེ། གུས་པས་ཆོས་བླངས་པ་དང་། གཟུང་བ་དང་། འཛིན་དུ་བཅུག་པ་དང་། བཀླགས་པ་དང་། གཞན་ཡང་བྱང་ཆུབ་སེམས་དཔས་སེམས་ཅན་སྐྱེ་བའི་ཆོས་ཅན་རྣམས་ཀྱི་སྐྱེ་བ་སྤོང་བའི་ཕྱིར་ཆོས་སྟོན་པ་དང་། སེམས་ཅན་རྒ་བའི་
ཆོས་ཅན་རྣམས་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པའི་ཆོས་ཅན་རྣམས་ཀྱི་འཁྲུག་པ་སྤོང་བའི་ཕྱིར་ཆོས་སྟོན་པ་དང་། གཞན་ཡང་བྱང་ཆུབ་སེམས་དཔས་ཕ་མ་དང་།
ཉེ་དུ་དང་། རྒན་རབས་དང་། བླ་མ་ལྟ་བུ་རྣམས་དང་། གཞན་ཡང་དགེ་སྦྱོང་དང་། བྲམ་ཟེ་གནོད་པར་བྱ་བ་མ་ཡིན་པ་དང་། གནོད་པར་བྱ་བ་ལ་མི་དགའ་བ་གང་ཡིན་པ་དེ་དག་གི་ཆོས་དང་མཐུན་པའི་ཕྲིན་རྣམས་དུས་བཞིན་དུ་བསྐྱལ་ཏེ། དེ་ལས་དེ་དང་ཡང་དག་
པར་བླངས་པ་དེ་ལྟ་བུ་དང་། ཡང་དག་པར་བཟུང་བ་དེ་ལྟ་བུས་ལུས་ཞིག་ནས་དགའ་ལྡན་གྱི་ལྷ་རྣམས་དང་སྐལ་བ་མཉམ་པར་སྐྱེའོ་ཞེས་བྱ་བ་ནས་རྒྱས་པར་སྦྱར་རོ། །དེ་དེ་ནས་ཤི་འཕོས་ནས་ཁམས་འདིར་མི་རྣམས་དང་སྐལ་བ་མཉམ་པར་སྐྱེའོ་ཞེས་བྱ་བའི་བར་དུ་རྒྱས་པར་
སྦྱར་ཏེ། དེར་བྱང་ཆུབ་སེམས་དཔའ་དེས་སྐྱེས་བུ་ཆེན་པོའི་མཚན་རྗེ་ངར་རི་དགས་ཨེ་ནེ་ཡའི་ལྟ་བུ་ཐོབ་པར་འགྱུར་རོ། །དེའི་སྔ་ལྟས་ནི་འདི་ཡིན་ཏེ། གལ་ཏེ་ཁྱིམ་པར་འདུག་ཅིང་ཁྱིམ་ན་གནས་ན་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོ་མཐའ་བཞིར་རྒྱལ་བ་ཞེས་བྱ་བ་ནས་

རྒྱས་པར་སྦྱར་ཏེ། དྲན་པ་དང་ལྡན་པའི་མཆོག་དང་། །བློ་གྲོས་དང་ལྡན་པའི་མཆོག་དང་། བཀུར་སྟི་བྱེད། བླ་མར་བྱེད་ཅེས་བྱ་བ་ནས་རྒྱས་པར་སྦྱར་རོ། །གལ་ཏེ་སྐྲ་དང་ཁ་སྤུ་རྣམས་བྲེགས་ཏེ་ཞེས་བྱ་བ་ནས། རབ་ཏུ་བྱུང་ནས་འཇིག་
རྟེན་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་ཏེ། སྒྲ་ཆེར་གྲགས་པར་འགྱུར་རོ་ཞེས་བྱ་བའི་བར་དུ་གསུངས་ཏེ། དྲན་པ་དང་ལྡན་པའི་མཆོག་དང་། བློ་གྲོས་དང་ལྡན་པའི་མཆོག་དང་། བཀུར་སྟི་བྱེད། བླ་མར་བྱེད་
ཅེས་བྱ་བ་ནས་རྒྱས་པར་སྦྱར་ཏེ། འདི་ནི་དེའི་སྔ་ལྟས་ཡིན་ནོ། །འདི་ལ་ཆོས་ཉིད་ནི་འདི་ཡིན་ཏེ། དེ་ལ་འདི་སྐད་ཅེས་བྱའོ། །གང་ཚེ་བདེ་བར་གཤེགས་པའི་རྗེ་ངར་ནི། །ཨེ་ནེ་ཡའི་འདྲ་གུས་པས་ཆོས་འཛིན་དང་། །འགྲོ་ལ་ཕན་ཕྱིར་ཆོས་རྣམས་སྟོན་པ་དང་། །མང་པོ་རྣམས་ལ་
ཐུགས་བརྩེ་དོན་མཛད་དང་། །ཕ་དང་མ་དང་དགེ་སྦྱོང་བྲམ་ཟེ་ཡི། །ཕྲིན་གྱི་བྱ་བ་སླན་ཆད་མཛད་གྱུར་པ། །ལས་དགེ་བདེ་བ་སྐྱེད་པར་བྱེད་པ་འདི། །ཚེ་རབས་གཞན་དུ་སྟོན་པ་དེ་མཛད་དེ། །ལས་ཀྱི་རྣམ་པར་སྨིན་པ་དེ་ཉིད་ཀྱིས། །རྗེ་ངར་ཨེ་ནེ་ཡ་ཡི་ལྟ་བུར་གྱུར། །ཅིའི་ཕྱིར་བྱང་ཆུབ་
སེམས་དཔས་སྐྱེས་བུ་ཆེན་པོའི་མཚན་ཤིང་ནྱ་གྲོ་དྷ་ལྟ་བུར་ཆུ་ཞེང་གབ་པ་དང་། ལུས་མ་བཏུད་པར་ལག་པས་པུས་མོའི་ལྷ་ངར་སླེབས་པ་གཉིས་ཐོབ་ཅེ་ན། སྨྲས་པ། བྱང་ཆུབ་སེམས་དཔས་ནི་སྔོན་གྱི་སྲིད་པ་ཞེས་བྱ་བ་ནས་རྒྱས་པར་སྦྱར་ཏེ། གནོད་པར་མི་བྱེད་པའི་རང་བཞིན་ཅན་དུ་གྱུར་
པས་དེས་སུ་ལ་ཡང་ལུས་དང་ངག་དང་ཡིད་ཀྱིས་གནོད་པར་མ་བྱས་པ་དང་། གཞན་ཡང་བྱང་ཆུབ་སེམས་དཔའ་ཟས་ལ་ཚོད་རིག་པར་གྱུར་ཏེ། རན་པར་བྱེད་ཅིང་ལྟོ་མི་ཆེ་བ་དང་། ལྟོ་འདུན་མི་བྱེད་ཅིང་ལྟོ་འདུན་གྱི་སྦྱོར་བ་ལ་མི་བརྩོན་པ་དང་། གཞན་ཡང་བྱང་ཆུབ་སེམས་དཔས་ནི་འདི་
ལྟ་སྟེ། ཟས་དང་། སྐོམ་དང་། བཅའ་བ་དང་། བཟའ་བ་དང་། གོས་དང་། སྤོས་དང་། མེ་ཏོག་ཕྲེང་དང་། བྱུག་པ་དང་། མལ་ཆ་དང་། སྟན་དང་། གནས་དང་། མར་མེའི་སྦྱིན་པ་རྣམས་རང་གི་ལག་གིས་གུས་པ་དང་། བརྙས་པ་མེད་པར་དུས་སུ་སྦྱིན་པ་དང་། གཞན་ཡང་བྱང་

ཆུབ་སེམས་དཔས་ཕ་མ་དང་། ཉེ་དུ་དང་། རྒན་རབས་དང་། བླ་མ་ལྟ་བུ་རྣམས་དང་། གཞན་དགེ་སྦྱོང་དང་། བྲམ་ཟེ་གནོད་པར་བྱ་བ་མ་ཡིན་པ་དང་། གནོད་པར་བྱ་བ་ལ་མི་དགའ་བ་གང་ཡིན་པ་དེ་དག་ན་བ་དང་། སྡུག་ཅིང་ཕོངས་པ་རྣམས་དང་། ནད་ཚབས་ཆེ་བ་རྣམས་ལ་མཐུན་པའི་སྨན་
རྣམས་དང་། ཕན་པའི་ཟས་རྣམས་དང་། རྐྱེན་དུ་འཚམ་པའི་གཡོག་རྣམས་བྱིན་ཏེ། དེ་ལས་དེ་དང་། ཡང་དག་པར་བླངས་པ་དེ་ལྟ་བུ་དང་། ཡང་དག་པར་བཟུང་བ་དེ་ལྟ་བུས་ལུས་ཞིག་ནས་དགའ་ལྡན་གྱི་ལྷ་རྣམས་དང་སྐལ་བ་མཉམ་པར་སྐྱེའོ་ཞེས་བྱ་བ་ནས་རྒྱས་པར་སྦྱར་ཏེ། དེ་དེ་ནས་ཤི་འཕོས་
ནས་ཁམས་འདིར་མི་རྣམས་དང་སྐལ་བ་མཉམ་པར་སྐྱེའོ་ཞེས་བྱ་བའི་བར་དུ་རྒྱས་པར་སྦྱར་ཏེ། དེར་བྱང་ཆུབ་སེམས་དཔའ་དེས་སྐྱེས་བུ་ཆེན་པོའི་མཚན་ཤིང་ནྱ་གྲོ་དྷ་ལྟར་ཆུ་ཞིང་གབ་པ་དང་། ལུས་མ་བཏུད་པར་ལག་པས་པུས་མོའི་ལྷ་ངར་སླེབས་པ་གཉིས་ཐོབ་པར་འགྱུར་རོ། །དེའི་སྔ་ལྟས་
ནི་འདི་ཡིན་ཏེ། གལ་ཏེ་ཁྱིམ་པར་འདུག་ཅིང་ཁྱིམ་ན་གནས་ན་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོ་མཐའ་བཞིར་རྒྱལ་བ་ཞེས་བྱ་བ་ནས་རྒྱས་པར་སྦྱར་ཏེ། གནོད་པ་མེད་ཅིང་ནད་མེད་པའི་རང་བཞིན་ཅན་དང་། བཀུར་སྟི་བྱེད། བླ་མར་བྱེད་ཅེས་བྱ་བ་ནས་རྒྱས་པར་སྦྱར་རོ། །གལ་ཏེ་སྐྲ་དང་ཁ་སྤུ་
རྣམས་བྲེགས་ཏེ། གོས་ངུར་སྨྲིག་དག་བགོས་ནས་ཞེས་བྱ་བ་ནས་རབ་ཏུ་བྱུང་ན་ནི། འཇིག་རྟེན་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་ཏེ། སྒྲ་ཆེར་གྲགས་པར་འགྱུར་རོ་ཞེས་བྱ་བའི་བར་དུ་གསུངས་ཏེ། གནོད་པ་མེད་ཅིང་ནད་མེད་པའི་རང་
བཞིན་ཅན་དང་། བཀུར་སྟི་བྱེད། བླ་མར་བྱེད་ཅེས་བྱ་བའི་བར་དུ་རྒྱས་པར་སྦྱར་ཏེ། འདི་ནི་དེའི་སྔ་ལྟས་ཡིན་ནོ། །འདི་ལ་ཆོས་ཉིད་ནི་འདི་ཡིན་ཏེ། དེ་ལ་འདི་སྐད་ཅེས་བྱའོ། །ཆུ་ཞིང་གབ་པ་ནྱ་གྲོ་དྷ། །ལྗོན་པ་ཆེན་པོ་སྡོང་པོར་ལྡན། །ཡལ་ག་ལོ་མ་ཕུན་སུམ་ཚོགས། །སྐྱེས་བུ་མཆོག་
ནི་དེ་དང་འདྲ། །ལུས་ནི་ཐུར་དུ་མ་བཏུད་པར། །གྱེན་དུ་ལངས་ཏེ་འདུག་བཞིན་དུ། །པུས་མོའི་ལྷ་ང་གཉི་ག་ཡང་། །ལག་པ་གཉིས་ཀྱིས་ཀུན་དུ་སླེབས། །ལུས་དང་ངག་དང་དེ་བཞིན་ཡིད་ཀྱིས་ཀྱང་། །འཇིག་རྟེན་སུ་ལ་འང་གནོད་པ་ཡོང་མི་བྱེད། །དེ་བཞིན་མཁས་པ་ཟས་ལ་རན་པར་བྱེད། །

དེས་ནི་དེ་དང་དེ་ལ་ཚོད་ཀྱང་རིག །གུས་པར་དུས་སུ་བརྙས་པ་མེད་པར་ནི། །སྔོན་གྱི་སྐྱེ་བར་སྦྱིན་པ་དག་ཀྱང་བྱིན། །ཟས་དང་སྐོམ་དང་དེ་བཞིན་གོས་རྣམས་དང་། །སྤོས་དང་མེ་ཏོག་ཕྲེང་དང་བྱུག་པ་དང་། །བདུག་པ་ཕྱེ་མ་དེ་བཞིན་མལ་ཆ་དང་། །བཞོན་པ་དེ་བཞིན་
གནས་དང་མར་མེ་དང་། །ནད་ཀྱི་གསོས་དང་སྨན་རྣམས་ཕ་མ་དང་། །དགེ་སྦྱོང་བྲམ་ཟེ་རྣམས་ལ་སྔོན་བྱིན་ཏེ། །ལས་དགེ་བདེ་བ་སྐྱེད་པར་བྱེད་པ་འདི། །ཚེ་རབས་གཞན་དུ་སྟོན་པ་དེས་མཛད་དེས། །ལས་ཀྱི་རྣམ་པར་སྨིན་པ་དེ་ཡིས་ནི། །སྟོན་པའི་སྐུ་ལ་མཚན་ནི་འདི་གཉིས་བྱུང་། །ཅིའི་ཕྱིར་
བྱང་ཆུབ་སེམས་དཔས་སྐྱེས་བུ་ཆེན་པོའི་མཚན་མདོམས་ཀྱི་སྦ་བ་སྦུབས་སུ་ནུབ་པ་ཐོབ་ཅེ་ན། སྨྲས་པ། བྱང་ཆུབ་སེམས་དཔས་ནི་སྔོན་གྱི་སྲིད་པ་ཞེས་བྱ་བ་ནས་རྒྱས་པར་སྦྱར་ཏེ། ཕ་མ་དང་། ཉེ་དུ་དང་། རྒན་རབས་དང་། བླ་མ་ལྟ་བུ་རྣམས་དང་། གཞན་དགེ་སྦྱོང་དང་། བྲམ་ཟེ་གནོད་པར་བྱ་
བ་མ་ཡིན་པ་དང་། གནོད་པར་བྱ་བ་ལ་མི་དགའ་བ་གང་ཡིན་པ་དེ་དག་གྲོང་དང་། ཞིང་གང་ནས་སྤྱུགས་པ་དང་སྤངས་པ་དེ་དག་ཕྱིར་ཆུད་པར་བྱ་བའི་ཕྱིར་ཤིན་ཏུ་སྤྲོ་བ་དྲག་པོ་བྱས་པ་དང་། གཞན་ཡང་བྱང་ཆུབ་སེམས་དཔས་ནི་བྱ་བ་དང་། དོན་ལ་གསོལ་བ་བཏབ་པ་གང་ཡིན་པ་རྣམས་དང་། ཕོངས་
པ་བྱུང་ངོ་ཅོག་ཏུ་དེ་དག་བསྒྲལ་བ་དང་། ཀུན་དུ་བསྒྲལ་བ་དང་། ཀུན་དུ་རབ་ཏུ་བསྒྲལ་བའི་ཕྱིར་ཤིན་ཏུ་སྤྲོ་བ་དྲག་པོ་བྱས་ཏེ། དེ་གུས་པར་བྱེད་པ་དང་། རྟག་ཏུ་བྱེད་པ་དང་། གཞན་ཡང་བྱང་ཆུབ་སེམས་དཔའ་ངོ་ཚ་ཤེས་པ་དང་། ཁྲེལ་ཡོད་པར་གྱུར་པ་དང་། གཅེར་བུ་རྣམས་འགེབས་པར་བྱེད་པ་ཡིན་
ཏེ། དེ་ལས་དེ་དང་། ཡང་དག་པར་བླངས་པ་དེ་ལྟ་བུ་དང་། ཡང་དག་པར་བཟུང་བ་དེ་ལྟ་བུས་ལུས་ཞིག་ནས་དགའ་ལྡན་གྱི་ལྷ་རྣམས་དང་སྐལ་བ་མཉམ་པར་སྐྱེའོ་ཞེས་བྱ་བ་ནས་རྒྱས་པར་སྦྱར་རོ། །དེ་དེ་ནས་ཤི་འཕོས་ནས་ཁམས་འདིར་མི་རྣམས་དང་སྐལ་བ་མཉམ་པར་སྐྱེའོ་ཞེས་བྱ་བའི་བར་དུ་རྒྱས་
པར་སྦྱར་ཏེ། དེར་བྱང་ཆུབ་སེམས་དཔའ་དེས་སྐྱེས་བུ་ཆེན་པོའི་མཚན་མདོམས་ཀྱི་སྦ་བ་སྦུབས་སུ་ནུབ་པ་ཐོབ་པར་འགྱུར་རོ། །དེའི་སྔ་ལྟས་ནི་འདི་ཡིན་ཏེ། གལ་ཏེ་ཁྱིམ་པར་འདུག་ཅིང་ཁྱིམ་ན་གནས་ན་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོ་མཐའ་བཞིར་རྒྱལ་བ་ཞེས་བྱ་བ་ནས་རྒྱས་པར་སྦྱར་ཏེ། བཙུན་

མོའི་འཁོར་དང་། གཞོན་ནུ་རྣམས་དང་། བློན་པོ་རྣམས་དང་། གཙོ་བོ་དང་། དམག་གི་རུ་དང་། གྲོང་མི་རྣམས་དང་། ཡུལ་གྱི་མི་རྣམས་ཀྱིས་བསྲུང་བ་དང་། སྲུང་དུ་བཅུག་པར་འགྱུར་བ་དང་། བཀུར་སྟི་བྱེད། བླ་མར་བྱེད་ཅེས་བྱ་བ་ནས་རྒྱས་པར་སྦྱར་རོ། །གལ་ཏེ་སྐྲ་དང་ཁ་སྤུ་རྣམས་
བྲེགས་ཏེ་གོས་ངུར་སྨྲིག་དག་བགོས་ནས་ཞེས་བྱ་བ་ནས་རབ་ཏུ་བྱུང་ན་ནི་འཇིག་རྟེན་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་ཏེ། སྒྲ་ཆེར་གྲགས་པར་འགྱུར་རོ་ཞེས་བྱ་བའི་བར་དུ་གསུངས་ཏེ། དགེ་སློང་རྣམས་དང་། དགེ་སློང་མ་རྣམས་དང་། དགེ་
བསྙེན་རྣམས་དང་། དགེ་བསྙེན་མ་རྣམས་ཀྱིས་བསྲུང་བ་དང་། སྲུང་དུ་བཅུག་པར་འགྱུར་བ་དང་། བཀུར་སྟི་བྱེད། བླ་མར་བྱེད་ཅེས་བྱ་བའི་བར་དུ་རྒྱས་པར་སྦྱར་ཏེ། འདི་ནི་དེའི་སྔ་ལྟས་ཡིན་ནོ། །འདི་ལ་ཆོས་ཉིད་ནི་འདི་ཡིན་ཏེ། དེ་ལ་འདི་སྐད་ཅེས་བྱའོ། །ཅི་ཡི་རྒྱུས་ན་མི་མཆོག་གི །མདོམས་
ཀྱི་སྦ་བ་སྦུབས་སུ་ནུབ། །སྤངས་དང་དེ་ཡི་ཐད་དུ་འོངས། །གང་ཡིན་དེ་ནི་སྔོན་བྱས་དང་། །གཅེར་བུ་རྣམས་ནི་བཀབ་པ་དང་། །ངོ་ཚ་ཤེས་དང་ཁྲེལ་ཡོད་པ། །དེས་ནི་སྦུབས་སུ་ནུབ་པར་འགྱུར། །ཅིའི་ཕྱིར་བྱང་ཆུབ་སེམས་དཔས་སྐྱེས་བུ་ཆེན་པོའི་མཚན་ལུས་ཀྱི་པགས་པ་སྲབ་པ་དང་། སྤུ་རེ་རེ་ནས་
སྐྱེ་བ་གཉིས་ཐོབ་ཅེ་ན། སྨྲས་པ། བྱང་ཆུབ་སེམས་དཔའ་ནི་སྔོན་གྱི་སྲིད་པ་ཞེས་བྱ་བ་ནས་རྒྱས་པར་སྦྱར་ཏེ། དགེ་སྦྱོང་དང་། བྲམ་ཟེ་གསལ་བ་དང་། ཡིད་གཞུངས་པ་དང་། མཁས་པ་དང་། ཡོངས་སུ་རྫོགས་པར་བྱེད་པ་གང་ཡིན་པ་དེ་དག་གི་ཐད་དུ་སོང་ནས་བསྟེན་ཅིང་བསྙེན་ཏེ་བསྙེན་བཀུར་
བྱས་ནས། དགེ་བའི་ལས་ནི་གང་ཡིན། མི་དགེ་བའི་ལས་ནི་གང་ཡིན། ཁ་ན་མ་ཐོ་བ་མེད་པ་དང་། ཁ་ན་མ་ཐོ་བ་དང་བཅས་པ་ནི་གང་ཡིན། གང་བྱས་ན་ནི་ལེགས་པར་འགྱུར་ཏེ། སྡིག་པར་མི་འགྱུར་ཞེས་དྲིས་ཤིང་དྲི་བའི་བྱ་བ་བྱས་ཏེ། དེ་དག་ལས་ཐོས་ནས་དེ་དང་དེ་བཞིན་ཉིད་དུ་བྱས་པ་
དང་། གཞན་ཡང་བྱང་ཆུབ་སེམས་དཔའ་ནི་རྟོག་པར་བྱེད་ཅིང་སེམས་པའི་རང་བཞིན་ཅན་དུ་གྱུར་པ་དང་། གཞན་ཡང་བྱང་ཆུབ་སེམས་དཔའ་ནི་རྟོག་པར་བྱེད་པ་ཡིན་ཏེ། ཕ་མ་དང་། ཉེ་དུ་དང་། རྒན་རབས་དང་། བླ་མ་ལྟ་བུ་རྣམས་དང་། གཞན་དགེ་སྦྱོང་དང་། བྲམ་ཟེ་གནོད་པར་

བྱ་བ་མ་ཡིན་པ་དང་། གནོད་པར་བྱ་བ་ལ་མི་དགའ་བ་གང་ཡིན་པ་དེ་དག་ལ་དགབ་པ་དང་། ཁྲུས་བྱ་བ་དང་། མཉེ་བ་བྱས་པ་དང་། ས་ཕྱོགས་མི་གཙང་བ་རྣམས་གཙང་བར་བྱས་ཏེ། དག་པར་བྱས་ཤིང་ཕྱག་དར་བྱས་ནས་ཕྱག་དར་རྣམས་བོར་ཏེ། དེ་ལས་དེ་དང་
ཡང་དག་པར་བླངས་པ་དེ་ལྟ་བུ་དང་། ཡང་དག་པར་བཟུང་བ་དེ་ལྟ་བུས་ལུས་ཞིག་ནས་དགའ་ལྡན་གྱི་ལྷ་རྣམས་དང་སྐལ་བ་མཉམ་པར་སྐྱེའོ་ཞེས་བྱ་བ་ནས་རྒྱས་པར་སྦྱར་རོ། །དེ་དེ་ནས་ཤི་འཕོས་ནས་ཁམས་འདིར་མི་རྣམས་དང་སྐལ་བ་མཉམ་པར་སྐྱེའོ་ཞེས་བྱ་བའི་བར་དུ་རྒྱས་པར་སྦྱར་ཏེ། དེར་
བྱང་ཆུབ་སེམས་དཔའ་དེས་སྐྱེས་བུ་ཆེན་པོའི་མཚན་ལུས་ཀྱི་པགས་པ་སྲབ་པ་དང་། སྤུ་རེ་རེ་ནས་སྐྱེ་བ་གཉིས་འཐོབ་པར་འགྱུར་རོ། །དེའི་སྔ་ལྟས་ནི་འདི་ཡིན་ཏེ། གལ་ཏེ་ཁྱིམ་པར་འདུག་ཅིང་ཁྱིམ་ན་གནས་ན་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོ་མཐའ་བཞིར་རྒྱལ་བ་ཞེས་བྱ་བ་ནས་རྒྱས་
པར་སྦྱར་ཏེ། དྲན་པ་དང་ལྡན་པ་དང་། བློ་གྲོས་དང་ལྡན་པར་འགྱུར་ཞིང་དྲན་པ་དང་ལྡན་པའི་མཆོག་དང་བློ་གྲོས་དང་ལྡན་པའི་མཆོག་ཏུ་འགྱུར་བ་དང་། བཀུར་སྟི་བྱེད། བླ་མར་བྱེད་ཅེས་བྱ་བའི་བར་དུ་སྦྱར་རོ། །གལ་ཏེ་སྐྲ་དང་ཁ་སྤུ་རྣམས་བྲེགས་ཏེ། གོས་ངུར་སྨྲིག་དག་བགོས་
ནས་ཞེས་བྱ་བ་ནས། རབ་ཏུ་བྱུང་ན་ནི་འཇིག་རྟེན་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་ཏེ། སྒྲ་ཆེར་གྲགས་པར་འགྱུར་རོ་ཞེས་བྱ་བའི་བར་དུ་གསུངས་ཏེ། དྲན་པ་དང་ལྡན་པ་དང་། བློ་གྲོས་དང་ལྡན་པར་འགྱུར་ཞིང་། དྲན་པ་དང་ལྡན་
པའི་མཆོག་དང་། བློ་གྲོས་དང་ལྡན་པའི་མཆོག་ཏུ་འགྱུར་བ་དང་། བཀུར་སྟི་བྱེད། བླ་མར་བྱེད་ཅེས་བྱ་བའི་བར་དུ་རྒྱས་པར་སྦྱར་ཏེ། འདི་ནི་དེའི་སྔ་ལྟས་ཡིན་ནོ། །འདི་ལ་ཆོས་ཉིད་ནི་འདི་ཡིན་ཏེ། དེ་ལ་འདི་སྐད་ཅེས་བྱའོ། །གང་གིས་འདིར་ནི་སྟོན་པའི་པགས་པ་སྲབ། །གང་ཚེ་སྤུ་
རྣམས་རེ་རེར་སྐྱེ་བར་འགྱུར། །མཁས་བརྟགས་མང་དུ་ཐོས་པ་བསྟེན་པ་དང་། །རྟོགས་པར་བྱེད་ཅིང་སེམས་པར་གྱུར་པ་དང་། །ས་ཕྱོགས་རྣམས་ཀྱང་གཙང་མར་བྱས་པ་དང་། །བསྐུ་ཞིང་དྲིལ་དང་ཁྲུས་རྣམས་བྱས་པ་སྟེ། །ལས་དགེ་བདེ་བ་སྐྱེད་པར་བྱེད་པ་འདི། །ཚེ་རབས་

གཞན་དག་ཏུ་ནི་སྟོན་པས་མཛད། །ལས་ཀྱི་རྣམ་སྨིན་དེས་ན་རྒྱལ་བ་ཡི། །པགས་པ་སྲབ་ཅིང་སྤུ་རྣམས་རེ་རེར་སྐྱེ། །ཅིའི་ཕྱིར་བྱང་ཆུབ་སེམས་དཔས་སྐྱེས་བུ་ཆེན་པོའི་མཚན་གསེར་གྱི་ཁ་དོག་དང་། འོད་འདོམ་གང་བ་གཉིས་ཐོབ་ཅེ་ན། སྨྲས་པ། བྱང་ཆུབ་སེམས་དཔས་ནི་སྔོན་
གྱི་སྲིད་པ་དང་། སྔོན་གྱི་གནས་དང་། སྔོན་གྱི་ལུས་དང་། སྔོན་གྱི་བདག་ཉིད་ཐོབ་པ་དང་། སྔོན་གྱི་ཚེ་རབས་གཞན་དག་དང་། འདས་པ་དང་། ཟད་པ་དང་། འགགས་པ་དང་། བྲལ་བ་དང་། རྣམ་པར་གྱུར་པ་དང་། ཡོངས་སུ་ཟད་པ་དག་ཏུ་ཕ་མ་དང་། ཉེ་དུ་དང་། རྒན་རབས་དང་། བླ་མ་ལྟ་བུ་རྣམས་
དང་། གཞན་དགེ་སྦྱོང་དང་། བྲམ་ཟེ་གནོད་པར་བྱ་བ་མ་ཡིན་པ་དང་། གནོད་པར་བྱ་བ་ལ་མི་དགའ་བ་གང་ཡིན་པ་དེ་དག་ལ་བཅའ་བ་དང་བཟའ་བ་ཞིམ་པོ་རྣམས་བྱིན་པ་དང་། ཁང་ཁྱིམ་བཟང་པོ་རྣམས་དང་། གདིང་བ་དང་། བགོ་བ་དང་། ཟས་དང་། སྐོམ་དང་། བཅའ་བ་དང་།
བཟའ་བ་དང་། གོས་དང་། སྤོས་དང་། བྱུག་པ་དང་། མལ་ཆ་དང་། སྟན་དང་། གནས་དང་། མར་མེ་བཟང་པོ་རྣམས་ཀྱིས་སེམས་ཀྱི་རྒྱུད་རྣམ་པར་དག་པས་ཆོས་རྣམ་པར་དག་པ་དང་ལྡན་པའི་སེམས་ཅན་རྣམས་ལ་བྱ་བ་བྱས་པ་དང་། གཞན་ཡང་བྱང་ཆུབ་སེམས་དཔའ་ཁྲོ་བ་མེད་ཅིང་
ཁྲོ་གཉེར་དང་བྲལ་བར་འགྱུར་ཏེ། དེ་ལས་དེ་དང་། ཡང་དག་པར་བླངས་པ་དེ་ལྟ་བུ་དང་། ཡང་དག་པར་བཟུང་བ་དེ་ལྟ་བུས་ལུས་ཞིག་ནས་དགའ་ལྡན་གྱི་ལྷ་རྣམས་དང་སྐལ་བ་མཉམ་པར་སྐྱེའོ། །དེ་དེར་སྐྱེས་ནས་རིང་པོ་མ་ལོན་པར་དགའ་ལྡན་གྱི་རིས་ཀྱི་ལྷ་སྔར་སྐྱེས་པ་རྣམས་ལས་ལྷའི་
གནས་གསུམ་གྱིས་འཕགས་ཏེ། གསུམ་གང་ཞེ་ན། འདི་ལྟ་སྟེ། ལྷའི་ཁ་དོག་དང་། ལྷའི་གྲགས་པས་འཕགས་སོ། །དེ་དེར་ཚེའི་ཚད་ཇི་ཙམ་པ་དེ་སྲིད་དུ་གནས་ཏེ། དེ་དེར་ཚེ་ཚད་ཇི་ཙམ་པ་དེ་སྲིད་དུ་གནས་ནས་དེ་ནས་ཤི་འཕོས་ཏེ་ཁམས་འདིར་མི་རྣམས་དང་སྐལ་བ་མཉམ་པར་སྐྱེའོ། །དེ་
འདིར་རྒྱལ་པོའི་ཕོ་བྲང་ངམ། མདུན་ན་འདོན་གྱི་ཁྱིམ་དུ་སྐྱེ་བར་འགྱུར་ཏེ། དེར་བྱང་ཆུབ་སེམས་དཔའ་དེས་སྐྱེས་བུ་ཆེན་པོའི་མཚན་གསེར་གྱི་མདོག་དང་། འོད་འདོམ་གང་བ་གཉིས་ཐོབ་པར་འགྱུར་རོ། །དེའི་སྔ་ལྟས་ནི་འདི་ཡིན་ཏེ། གལ་ཏེ་ཁྱིམ་པར་འདུག་ཅིང་ཁྱིམ་ན་གནས་ན་ནི་

འཁོར་ལོས་སྒྱུར་བའི་རྒྱལ་པོ་མཐའ་བཞིར་རྒྱལ་བ་ཆོས་ཀྱི་རྒྱལ་པོ་ཆོས་དང་ལྡན་པ། རིན་པོ་ཆེ་སྣ་བདུན་དང་ལྡན་པར་འགྱུར་རོ། །དེའི་རིན་པོ་ཆེ་སྣ་བདུན་ནི་འདི་ལྟ་བུ་ཡིན་ཏེ། འདི་ལྟ་སྟེ། འཁོར་ལོ་རིན་པོ་ཆེ་ནས། བདུན་པ་སྟེ། བློན་པོ་རིན་པོ་ཆེའི་བར་
རྣམས་སོ། །དེའི་བུ་ནི་སྟོང་ཐམ་པ་ཡོད་དེ། དཔའ་བ་རྟུལ་ཕོད་པ་ཡན་ལག་མཆོག་གི་གཟུགས་དང་ལྡན་པ་ཕ་རོལ་གྱི་སྡེ་རབ་ཏུ་འཇོམས་པ་ཤ་སྟག་གོ། །དེ་ནི་རྒྱ་མཚོ་ལ་ཐུག་པའི་ས་ཆེན་པོ་མ་ལུས་པ་གནོད་པར་སྔོ་བ་མེད་ཅིང་འཚེ་བ་མེད་པ་འདི་ཉིད་ཆད་པ་མེད་ཅིང་མཚོན་གྱིས་བདའ་བ་མེད་
ལ་ཆོས་དང་མཐུན་ཞིང་སྙོམས་པས་ལེགས་པར་ཕབ་སྟེ་གནས་ལ། དེ་གསེར་གྱི་མདོག་དེ་དང་། འོད་འདོམ་གང་བ་དེས་ཡ་མཚན་དུ་གྱུར་པ་དང་། བཙུན་མོའི་འཁོར་དང་། གཞོན་ནུ་རྣམས་དང་། བློན་པོ་རྣམས་དང་། གཙོ་བོ་དང་། དམག་གི་རུ་དང་། གྲོང་མི་དང་ཡུལ་གྱི་མི་རྣམས་ཀྱིས་
གཅེས་པར་བྱེད། བཀུར་སྟི་བྱེད། བླ་མར་བྱེད། རི་མོར་བྱེད། མཆོད་པར་བྱེད་དོ། །གལ་ཏེ་སྐྲ་དང་ཁ་སྤུ་རྣམས་བྲེགས་ཏེ་གོས་ངུར་སྨྲིག་དག་བགོས་ནས། དད་པས་ཁྱིམ་ནས་ཁྱིམ་མེད་པར་ལེགས་པ་ཁོ་ནར་རབ་ཏུ་བྱུང་ན་ནི་འཇིག་རྟེན་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་
རྫོགས་པའི་སངས་རྒྱས་སུ་འགྱུར་ཏེ། སྒྲ་ཆེར་གྲགས་པར་འགྱུར་རོ་ཞེས་གསུངས་ཏེ། དེ་གསེར་གྱི་མདོག་དེ་དང་། འོད་འདོམ་གང་བ་དེས་དགེ་སློང་རྣམས་དང་། དགེ་སློང་མ་རྣམས་དང་། དགེ་བསྙེན་རྣམས་དང་། དགེ་བསྙེན་མ་རྣམས་དང་། ལྷ་རྣམས་དང་། ཀླུ་རྣམས་དང་། ལྷ་མ་
ཡིན་རྣམས་དང་། ནམ་མཁའ་ལྡིང་རྣམས་དང་། དྲི་ཟ་རྣམས་དང་། མི་འམ་ཅི་རྣམས་དང་། ལྟོ་འཕྱེ་ཆེན་པོ་རྣམས་དང་། གནོད་སྦྱིན་རྣམས་དང་། སྲིན་པོ་རྣམས་དང་། མི་རྣམས་དང་། མི་མ་ཡིན་པ་རྣམས་ཀྱིས་གཅེས་པར་བྱེད། བཀུར་སྟི་བྱེད། བླ་མར་བྱེད། རི་མོར་བྱེད། མཆོད་
པར་བྱེད་དེ། འདི་ནི་དེའི་སྔ་ལྟས་ཡིན་ནོ། །འདི་ལ་ཆོས་ཉིད་ནི་འདི་ཡིན་ཏེ། དེ་ལ་འདི་སྐད་ཅེས་བྱའོ། །གང་གིས་སྔོན་ནི་གསེར་གྱི་མདོག་ཅན་གྱུར། །འདོམ་གང་འོད་ནི་བར་སྣང་ཉི་མ་བཞིན། །བགོ་བ་སྐོམ་དང་ཁ་ཟས་ཞིམ་པོ་དག །སྔོན་གྱི་ཚེ་རབས་དག་ཏུ་བྱིན་པ་དང་། །སྔོན་གྱི་

ཚེ་རབས་དག་ཏུ་སྟོན་པ་ནི། །ཁྲོ་བ་མེད་ཅིང་ཁྲོ་གཉེར་བྲལ་གྱུར་ཏེ། །ལས་དགེ་བདེ་བ་སྐྱེད་པ་བྱེད་པ་འདི། །ཚེ་རབས་གཞན་དག་ཏུ་ནི་སྟོན་པས་མཛད། །ལས་ཀྱི་རྣམ་པར་སྨིན་པ་དེ་ཡིས་ན། །གསེར་གྱི་མདོག་ཅན་འདོམ་གང་འོད་དང་ལྡན།། །།རྒྱུ་གདགས་པ། བམ་
པོ་གཉིས་པ། ཅིའི་ཕྱིར་བྱང་ཆུབ་སེམས་དཔས་སྐྱེས་བུ་ཆེན་པོའི་མཚན་ལུས་ཀྱི་བདུན་མཐོ་བ་ཐོབ་ཅེ་ན། སྨྲས་པ། བྱང་ཆུབ་སེམས་དཔས་ནི་སྔོན་གྱི་སྲིད་པ་ཞེས་བྱ་བ་ནས་རྒྱས་པར་སྦྱར་ཏེ། དགེ་སྦྱོང་དང་། བྲམ་ཟེ་རྣམས་དང་། བཀྲེས་པ་དང་། སྡུག་ཕོངས་པ་རྣམས་དང་། སློང་
བ་རྣམས་ལ་སྦྱིན་པ་མཐོ་བ་འདི་ལྟ་སྟེ། ཟས་དང་། སྐོམ་དང་། བཅའ་བ་དང་། བཟའ་བ་དང་། གོས་དང་། སྤོས་དང་། མེ་ཏོག་ཕྲེང་དང་། བྱུག་པ་དང་། མལ་ཆ་དང་། སྟན་དང་། གནས་དང་། མར་མེ་དག་བྱིན་ཏེ། སེམས་ཀྱི་རྒྱུད་རྒྱ་ཆེན་པོས་རྣམ་པར་དག་པ་དང་ལྡན་པའི་
སེམས་ཅན་རྣམས་ལ་བྱ་བ་བྱས་ཏེ། དེ་ལས་དེ་དང་། ཡང་དག་པར་བླངས་པ་དེ་ལྟ་བུ་དང་། ཡང་དག་པར་བཟུང་བ་དེ་ལྟ་བུས་ལུས་ཞིག་ནས་དགའ་ལྡན་གྱི་ལྷ་རྣམས་དང་སྐལ་བ་མཉམ་པར་སྐྱེའོ་ཞེས་བྱ་བ་ནས་རྒྱས་པར་སྦྱར་རོ། །དེ་དེ་ནས་ཤི་འཕོས་ནས་ཁམས་འདིར་མི་རྣམས་དང་སྐལ་
བ་མཉམ་པར་སྐྱེའོ་ཞེས་བྱ་བའི་བར་དུ་རྒྱས་པར་སྦྱར་ཏེ། དེར་བྱང་ཆུབ་སེམས་དཔའ་དེས་སྐྱེས་བུ་ཆེན་པོའི་མཚན་ལུས་ཀྱི་བདུན་མཐོ་བ་ཐོབ་པར་འགྱུར་རོ། །དེའི་སྔ་ལྟས་ནི་འདི་ཡིན་ཏེ། གལ་ཏེ་ཁྱིམ་པར་འདུག་ཅིང་ཁྱིམ་ན་གནས་ན་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོ་མཐའ་བཞིར་རྒྱལ་བ་ཞེས་
བྱ་བ་ནས་རྒྱས་པར་སྦྱར་ཏེ། དེའི་གྲོང་དང་། གྲོང་ཁྱེར་དང་། ལྗོངས་རྣམས་དང་། མཛོད་དང་། བང་མཛོད་ལ་སོགས་པ་མཐོ་བར་འགྱུར་བ་དང་། བཀུར་སྟི་བྱེད། བླ་མར་བྱེད་ཅེས་བྱ་བའི་བར་དུ་རྒྱས་པར་སྦྱར་རོ། །གལ་ཏེ་སྐྲ་དང་ཁ་སྤུ་རྣམས་བྲེགས་ཏེ་གོས་ངུར་སྨྲིག་དག་བགོས་
ནས་ཞེས་བྱ་བ་ནས། རབ་ཏུ་བྱུང་ན་ནི་འཇིག་རྟེན་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་ཏེ། སྒྲ་ཆེར་གྲགས་པར་འགྱུར་རོ་ཞེས་བྱ་བའི་བར་དུ་གསུངས་ཏེ། དེའི་མངོན་པར་འབྱུང་བ་དང་། དབེན་པ་ལས་སྐྱེས་པའི་དགེ་བའི་ཆོས་རྣམས་

དང་། བསམ་གཏན་དང་། རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་དང་། ཡིད་ལ་བྱེད་པའི་ཁྱད་པར་མཐོ་བར་འགྱུར་བ་དང་། བཀུར་སྟི་བྱེད། བླ་མར་བྱེད་ཅེས་བྱ་བའི་བར་དུ་རྒྱས་པར་སྦྱར་ཏེ། འདི་ནི་དེའི་སྔ་ལྟས་ཡིན་ནོ། །འདི་
ལ་ཆོས་ཉིད་ནི་འདི་ཡིན་ཏེ། དེ་ལ་འདི་སྐད་ཅེས་བྱའོ། །ལོ་གྲངས་དྲུག་ཅུ་ལོན་པའི་གླང་པོ་ལྟར། །སྔ་ན་གང་གིས་བདུན་ནི་མཐོ་བར་གྱུར། །ལག་པ་རྐང་པ་དེ་བཞིན་ཐལ་གོང་དང་། །ལྟག་པར་གང་གིས་མཚན་རྣམས་བྱུང་བར་གྱུར། །དེས་ནི་སྔོན་གྱི་སྐྱེ་བར་སྦྱིན་པ་བྱིན། །དགེ་སློང་
རྣམས་དང་དེ་བཞིན་བྲམ་ཟེ་ལ། །དགབ་པ་དང་ནི་སྐོམ་དང་ཟས་མང་བྱིན། །དེ་བཞིན་འདྲོན་དང་སློངས་དང་སྡུག་ཕོངས་ལ། །ཟས་དང་སྐོམ་དང་དེ་བཞིན་གོས་རྣམས་དང་། །སྤོས་དང་མེ་ཏོག་ཕྲེང་དང་བྱུག་པ་དང་། །བདུག་པ་ཕྱེ་མ་དེ་བཞིན་རོལ་མོའི་སྒྲ། །མར་མེ་དག་དང་
གནས་དང་མལ་ཆ་བྱིན། །ལས་དགེ་བདེ་བ་སྐྱེད་པར་བྱེད་པ་འདི། །ཚེ་རབས་གཞན་དག་ཏུ་ནི་སྟོན་པས་མཛད། །ལས་ཀྱི་རྣམ་པར་སྨིན་པ་དེ་ཡིས་ན། །བཅོམ་ལྡན་དེ་ཡི་བདུན་ནི་མཐོ་བར་གྱུར། །ཅིའི་ཕྱིར་བྱང་ཆུབ་སེམས་དཔས་སྐྱེས་བུ་ཆེན་པོའི་མཚན་རོ་སྟོད་སེང་གེའི་འདྲ་བ་དང་། ཐལ་
གོང་རྒྱས་པ་དང་། དཔུང་མགོ་ཤིན་ཏུ་ཟླུམ་པ་གསུམ་ཐོབ་ཅེ་ན། སྨྲས་པ། བྱང་ཆུབ་སེམས་དཔས་ནི་སྔོན་གྱི་སྲིད་པ་ཞེས་བྱ་བ་ནས་རྒྱས་པར་སྦྱར་ཏེ། ནན་གྱིས་འཛིན་པར་མི་བྱེད་པ་དང་། མཆོག་ཏུ་འཛིན་པ་མེད་པ་དང་། ཉེས་པར་བསམས་པ་ལེགས་པར་འདོར་བ་དང་དངན་ཐེན་བྱེད་ཅིང་སྨྲ་
བར་མི་བྱེད་པ་དང་། གཞན་ཡང་བྱང་ཆུབ་སེམས་དཔས་དགེ་སྦྱོང་དང་། བྲམ་ཟེ་མཁས་པ་དེ་དང་དེ་དག་ལ་བརྗོད་པར་བྱ་བའི་རྣམ་གྲངས་སྣ་ཚོགས་སྟོན་ཏེ། གནང་བར་བྱ་བ་དག་ལ་རྗེས་སུ་གནང་བ་དང་། གཞན་ཡང་བྱང་ཆུབ་སེམས་དཔས་རྒྱལ་པོ་བྱེད་དམ། བློན་པོ་བྱེད་པ་ན་བདེ་བར་བྱས་
པ་དང་། དགེ་བའི་བྱེད་པའི་གཙོ་བོར་གྱུར་ཅིག་གཙོ་བོར་བསྒོ་བ་བྱས་ཏེ། དེ་ལས་དེ་དང་། ཡང་དག་པར་བླངས་པ་དེ་ལྟ་བུ་དང་། ཡང་དག་པར་བཟུང་བ་དེ་ལྟ་བུས་ལུས་ཞིག་ནས་དགའ་ལྡན་གྱི་ལྷ་རྣམས་དང་སྐལ་བ་མཉམ་པར་སྐྱེའོ་ཞེས་བྱ་བ་ནས་རྒྱས་པར་སྦྱར་རོ། །དེ་དེ་ནས་ཤི་འཕོས་ནས་

ཁམས་འདིར་མི་རྣམས་དང་སྐལ་བ་མཉམ་པར་སྐྱེའོ་ཞེས་བྱ་བའི་བར་དུ་རྒྱས་པར་སྦྱར་ཏེ། དེར་བྱང་ཆུབ་སེམས་དཔའ་དེས་སྐྱེས་བུ་ཆེན་པོའི་མཚན་རོ་སྟོད་སེང་གེའི་འདྲ་བ་དང་། ཐལ་གོང་རྒྱས་པ་དང་། དཔུང་མགོ་ཤིན་ཏུ་ཟླུམ་པ་གསུམ་ཐོབ་པར་འགྱུར་རོ། །དེའི་སྔ་ལྟས་ནི་འདི་ཡིན་ཏེ།
གལ་ཏེ་ཁྱིམ་པར་འདུག་ཅིང་ཁྱིམ་ན་གནས་ན་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོ་མཐའ་བཞིར་རྒྱལ་བ་ཞེས་བྱ་བ་ནས་རྒྱས་པར་སྦྱར་ཏེ། བདེ་བར་བྱས་པ་དང་། དགེ་བ་བྱེད་པའི་གཙོ་བོར་གྱུར་ཅིང་གཙོ་བོར་བསྐོར་བ་བྱས་པ་དང་། བཀུར་སྟི་བྱེད། བླ་མར་བྱེད་ཅེས་བྱ་བའི་བར་དུ་རྒྱས་པར་སྦྱར་རོ། །
གལ་ཏེ་སྐྲ་དང་ཁ་སྤུ་རྣམས་བྲེགས་ཏེ་གོས་ངུར་སྨྲིག་དག་བགོས་ནས་ཞེས་བྱ་བ་ནས་རབ་ཏུ་བྱུང་ན་ནི་འཇིག་རྟེན་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་ཏེ། སྒྲ་ཆེར་གྲགས་པར་འགྱུར་རོ་ཞེས་བྱ་བའི་བར་དུ་གསུངས་ཏེ། བདེ་བར་བྱས་པ་དང་། དགེ་བ་
བྱེད་པའི་གཙོ་བོར་གྱུར་ཅིང་གཙོ་བོར་བསྐོ་བ་བྱས་པ་དང་། བཀུར་སྟི་བྱེད། བླ་མར་བྱེད་ཅེས་བྱ་བའི་བར་དུ་རྒྱས་པར་སྦྱར་ཏེ། འདི་ནི་དེའི་སྔ་ལྟས་ཡིན་ནོ། །འདི་ལ་ཆོས་ཉིད་ནི་འདི་ཡིན་ཏེ། །དེ་ལ་འདི་སྐད་ཅེས་བྱའོ། །ནགས་ཁུང་སེང་གེའི་རྒྱལ་པོ་ཇི་བཞིན་དུ། །གང་གི་རོ་སྟོད་སེང་གེ་འདྲ་
བར་གྱུར། །སྔོན་ནི་ཐལ་གོང་ཤིན་ཏུ་རྒྱས་གྱུར་དང་། །དཔུང་མགོ་ཡང་ནི་ཤིན་ཏུ་ཟླུམ་པར་གྱུར། །ནན་གྱིས་མི་འཛིན་མཆོག་ཏུ་འཛིན་པ་མེད། །ཉེས་པར་བསམས་པ་ལེགས་སྤོང་བརྟུལ་ཞུགས་བཟང་། །དགེ་སྦྱོང་བྲམ་ཟེ་རྣམས་ཀྱིས་བཟོད་པར་བྱེད། །དེས་ནི་གནང་བར་བྱ་བའི་ཆོས་རྣམས་
གང་། །བདེ་བར་བྱེད་དང་དགེ་བའི་གཙོ་བོ་གང་། །དེ་དང་དེ་ཡང་གཙོ་བོར་བསྐོ་བར་གྱུར། །ལས་དགེ་བདེ་བ་སྐྱེད་པར་བྱེད་པ་འདི། །ཚེ་རབས་གཞན་དག་ཏུ་ནི་སྟོན་པས་མཛད། །ལས་ཀྱི་རྣམ་སྨིན་དེས་ན་སྟོན་པ་ཡིན། །སྐུ་ལ་མཚན་ནི་འདི་གསུམ་བྱུང་བར་གྱུར། །ཅིའི་ཕྱིར་བྱང་ཆུབ་སེམས་དཔས་
སྐྱེས་བུ་ཆེན་པོའི་མཚན་སོ་བཞི་བཅུ་དང་། སོ་མཉམ་པ་དང་། སོ་ཐགས་བཟང་བ་གསུམ་ཐོབ་ཅེ་ན། སྨྲས་པ། བྱང་ཆུབ་སེམས་དཔས་ནི་སྔོན་གྱི་སྲིད་པ་ཞེས་བྱ་བ་ནས་རྒྱས་པར་སྦྱར་ཏེ། ཕྲ་མའི་ཚིག་སྤངས་ཤིང་ཕྲ་མའི་ཚིག་ལས་སླར་ལོག་སྟེ། ཚུ་རོལ་བ་རྣམས་ཀྱི་ཚིག་ཐོས་ན་ཚུ་རོལ་བ་

རྣམས་དབྱེ་བའི་ཕྱིར་ཕ་རོལ་བ་རྣམས་ལ་མ་བསྙད་ལ། ཕ་རོལ་བ་རྣམས་ཀྱི་ཚིག་ཐོས་ན་ཡང་ཕ་རོལ་པ་རྣམས་དབྱེ་བའི་ཕྱིར་ཚུ་རོལ་པ་རྣམས་ཀྱི་ཐད་དུ་འོངས་ཏེ་མ་བསྙད་དོ། །དེ་ལྟར་བྱེ་བ་རྣམས་གཅིག་ཏུ་སྡུད་པ་དང་། འདུས་པ་རྣམས་ལ་རྗེས་སུ་དགའ་བ་དང་མཐུན་པར་
དགའ་ཞིང་མཐུན་པར་མོས་ཏེ་མཐུན་པར་གྱུར་པའི་ཚིག་སྨྲ་བ་དང་། གཞན་ཡང་བྱང་ཆུབ་སེམས་དཔས་སེམས་ཅན་བྱེ་བ་རྣམས་དང་། ཀུན་ཏུ་བྱེ་བ་རྣམས་དང་། རྣམ་པར་བྱེ་བ་རྣམས་དང་། སྡུམས་མ་བྱས་པ་རྣམས་ཀྱི་སྡུམས་བྱས་ཤིང་མཐུན་པར་བྱས་ཏེ། ཡང་དག་པར་དགའ་བར་བྱས་ནས་མཐུན་
པ་དང་འདུས་པ་དེ་དག་གིས་དགའ་ཞིང་མངོན་པར་དགའ་ལ་དེས་གདུང་བར་མི་བྱེད་ཅིང་ཡོངས་སུ་ཡི་ཆད་པར་མི་བྱེད་དེ། དེ་ལས་དེ་དང་། ཡང་དག་པར་བླངས་པ་དེ་ལྟ་བུ་དང་། ཡང་དག་པར་བཟུང་བ་དེ་ལྟ་བུས་ལུས་ཞིག་ནས་དགའ་ལྡན་གྱི་ལྷ་རྣམས་དང་སྐལ་བ་མཉམ་པར་སྐྱེའོ་ཞེས་བྱ་བ་ནས་རྒྱས་པར་
སྦྱར་རོ། །དེ་དེ་ནས་ཤི་འཕོས་ནས་ཁམས་འདིར་མི་རྣམས་དང་སྐལ་བ་མཉམ་པར་སྐྱེའོ་ཞེས་བྱ་བའི་བར་དུ་སྦྱར་ཏེ། དེར་བྱང་ཆུབ་སེམས་དཔའ་དེས་སྐྱེས་བུ་ཆེན་པོའི་མཚན་སོ་བཞི་བཅུ་དང་། སོ་མཉམ་པ་དང་། སོ་ཐགས་བཟང་བ་གསུམ་ཐོབ་པར་འགྱུར་རོ། །དེའི་སྔ་ལྟས་ནི་འདི་ཡིན་ཏེ།
གལ་ཏེ་ཁྱིམ་པར་འདུག་ཅིང་ཁྱིམ་ན་གནས་ན་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོ་མཐའ་བཞིར་རྒྱལ་བ་ཞེས་བྱ་བ་ནས་རྒྱས་པར་སྦྱར་ཏེ། མི་ཕྱེད་པའི་འཁོར་དང་ལྡན་པ་དང་། བཀུར་སྟི་བྱེད། བླ་མར་བྱེད་ཅེས་བྱ་བའི་བར་དུ་རྒྱས་པར་སྦྱར་རོ། །གལ་ཏེ་སྐྲ་དང་ཁ་སྤུ་རྣམས་བྲེགས་ཏེ། གོས་
ངུར་སྨྲིག་དག་བགོས་ནས་ཞེས་བྱ་བ་ནས་རབ་ཏུ་བྱུང་ན་ནི་འཇིག་རྟེན་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་ཏེ། སྒྲ་ཆེར་གྲགས་པར་འགྱུར་རོ་ཞེས་བྱ་བའི་བར་དུ་གསུངས་ཏེ། མི་ཕྱེད་པའི་འཁོར་དང་ལྡན་པ་དང་། བཀུར་སྟི་བྱེད། བླ་མར་བྱེད་ཅེས་
བྱ་བའི་བར་དུ་རྒྱས་པར་སྦྱར་ཏེ། འདི་ནི་དེའི་སྔ་ལྟས་ཡིན་ནོ། །འདི་ལ་ཆོས་ཉིད་ནི་འདི་ཡིན་ཏེ། དེ་ལ་འདི་སྐད་ཅེས་བྱའོ། །གང་གིས་སོ་ནི་བཞི་བཅུར་གྱུར་པ་དང་། །སོ་མཉམ་པ་དང་ཐགས་ནི་བཟང་པོར་གྱུར། །གལ་ཏེ་ཕྲ་མ་དབྱེན་དུ་འགྱུར་བའི་ཚིག །དབྱེ་བར་བྱེད་པ་རྣམ་པར་སྤོང་བ་

དང་། །སྔོན་ནི་རྣམ་པར་སྨིན་དང་མཐུན་པར་བྱས། །དེ་ནི་འདུས་པ་རྣམས་ཀྱིས་དེ་བཞིན་དགའ། །དེ་བཞིན་དུ་ནི་མགུ་ཞིང་རངས་པར་གྱུར། །ལས་དགེ་བདེ་བ་སྐྱེད་པར་བྱེད་པ་འདི། །ཚེ་རབས་གཞན་དག་ཏུ་ནི་སྟོན་པས་མཛད། །ལས་ཀྱི་རྣམ་པར་སྨིན་པ་དེ་ཡིས་ན། །སྟོན་པའི་སྐུ་ལ་མཚན་
གསུམ་བྱུང་བར་གྱུར། །ཅིའི་ཕྱིར་བྱང་ཆུབ་སེམས་དཔས་སྐྱེས་བུ་ཆེན་པོའི་མཚན་མཆེ་བ་ཤིན་ཏུ་དཀར་བ་ཐོབ་ཅེ་ན། སྨྲས་པ། བྱང་ཆུབ་སེམས་དཔས་ནི་སྔོན་གྱི་སྲིད་པ་ཞེས་བྱ་བ་ནས་རྒྱས་པར་སྦྱར་ཏེ། འདོད་པ་ན་སྤྱོད་པའི་བྱམས་པ་ཐོབ་ནས་སེམས་ཅན་ཐམས་ཅད་ལ་བྱམས་པའི་
སེམས་ཀྱིས་ཁྱབ་པར་བྱས་པ་དང་། གཞན་ཡང་བྱང་ཆུབ་སེམས་དཔའ་ནི་རྟོག་པར་བྱེད་ཅིང་སེམས་པའི་རང་བཞིན་ཅན་དུ་གྱུར་ཏེ། དེ་ལས་དེ་དང་། ཡང་དག་པར་བླངས་པ་དེ་ལྟ་བུ་དང་། ཡང་དག་པར་བཟུང་བ་དེ་ལྟ་བུས་ལུས་ཞིག་ནས་དགའ་ལྡན་གྱི་ལྷ་རྣམས་དང་སྐལ་བ་མཉམ་པར་སྐྱེའོ་
ཞེས་བྱ་བ་ནས་རྒྱས་པར་སྦྱར་རོ། །དེ་དེ་ནས་ཤི་འཕོས་ནས་ཁམས་འདིར་མི་རྣམས་དང་སྐལ་བ་མཉམ་པར་སྐྱེའོ་ཞེས་བྱ་བའི་བར་དུ་རྒྱས་པར་སྦྱར་ཏེ། དེར་བྱང་ཆུབ་སེམས་དཔའ་དེས་སྐྱེས་བུ་ཆེན་པོའི་མཚན་མཆེ་བ་ཤིན་ཏུ་དཀར་བ་ཐོབ་པར་འགྱུར་རོ། །དེའི་སྔ་ལྟས་ནི་འདི་ཡིན་ཏེ། གལ་ཏེ་
ཁྱིམ་པར་འདུག་ཅིང་ཁྱིམ་ན་གནས་ན་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོ་མཐའ་བཞིར་རྒྱལ་བ་ཞེས་བྱ་བ་ནས་རྒྱས་པར་སྦྱར་ཏེ། དེ་མཆེ་བ་ཤིན་ཏུ་དཀར་བ་དེས་གཅེས་པར་བྱེད། བཀུར་སྟི་བྱེད། བླ་མར་བྱེད་ཅེས་བྱ་བའི་བར་དུ་སྦྱར་རོ། །གལ་ཏེ་སྐྲ་དང་ཁ་སྤུ་རྣམས་བྲེགས་ཏེ་གོས་ངུར་སྨྲིག་
དག་བགོས་ནས་དད་པས་ཁྱིམ་ནས་ཁྱིམ་མེད་པར་ལེགས་པ་ཁོ་ནར་རབ་ཏུ་བྱུང་ན་ནི། འཇིག་རྟེན་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་ཏེ། སྒྲ་ཆེར་གྲགས་པར་འགྱུར་རོ་ཞེས་བྱ་བའི་བར་དུ་གསུངས་ཏེ། དེ་མཆེ་བ་ཤིན་ཏུ་དཀར་བ་དེས་
གཅེས་པར་བྱེད་བཀུར་སྟི་བྱེད། བླ་མར་བྱེད་ཅེས་བྱ་བའི་བར་དུ་རྒྱས་པར་སྦྱར་ཏེ། འདི་ནི་དེའི་སྔ་ལྟས་ཡིན་ནོ། །འདི་ལ་ཆོས་ཉིད་ནི་འདི་ཡིན་ཏེ། དེ་ལ་འདི་སྐད་ཅེས་བྱའོ། །སྔོན་ནི་གང་གིས་མཆེ་བ་རབ་དཀར་བའི། །མཚན་ནི་གང་གིས་ཐོབ་གྱུར་དེ་ཉོན་ཅིག །འདོད་པ་དག་ན་སྤྱོད་པའི་

བྱམས་པ་ཐོབ། །རྟོག་པར་བྱེད་དང་སེམས་པར་གྱུར་པ་དེས། །ལས་དགེ་བདེ་བ་སྐྱེད་པར་བྱེད་པ་འདི། །ཚེ་རབས་གཞན་དག་ཏུ་ནི་སྟོན་པས་མཛད། །ལས་ཀྱི་རྣམ་པར་སྨིན་པ་དེ་ཡིས་ན། །བཅོམ་ལྡན་མཆེ་བ་ཤིན་ཏུ་དཀར་བར་གྱུར། །ཅིའི་ཕྱིར་བྱང་ཆུབ་
སེམས་དཔས་སྐྱེས་བུ་ཆེན་པོའི་མཚན་འགྲམ་པ་སེང་གེ་འདྲ་བ་ཐོབ་ཅེ་ན། སྨྲས་པ། བྱང་ཆུབ་སེམས་དཔས་ནི་སྔོན་གྱི་སྲིད་པ་ཞེས་བྱ་བ་ནས་རྒྱས་པར་སྦྱར་ཏེ། སེམས་ཀྱིས་འདི་ལྟ་བུའི་ཡི་དམ་དུ་བཅས་ཏེ་བདག་ལ་སུ་ཡང་རུང་བ་ཅི་སློང་ཡང་དེ་བདག་ལ་ཡོད་ན་བདག་གིས་དེ་ལ་སྦྱིན་པར་བྱ་སྟེ།
མ་བྱིན་གྱི་བར་དུ་ཕྱིར་གཏང་བར་མི་བྱའོ་སྙམ་སྟེ། དེ་ལས་དེ་དང་། ཡང་དག་པར་བླངས་པ་དེ་ལྟ་བུ་དང་། ཡང་དག་པར་བཟུང་བ་དེ་ལྟ་བུས་ལུས་ཞིག་ནས་དགའ་ལྡན་གྱི་ལྷ་རྣམས་དང་སྐལ་བ་མཉམ་པར་སྐྱེའོ་ཞེས་བྱ་བ་ནས་རྒྱས་པར་སྦྱར་རོ། །དེ་དེ་ནས་ཤི་འཕོས་ནས་ཁམས་འདིར་མི་རྣམས་
དང་སྐལ་བ་མཉམ་པར་སྐྱེའོ་ཞེས་བྱ་བའི་བར་དུ་རྒྱས་པར་སྦྱར་ཏེ། དེར་བྱང་ཆུབ་སེམས་དཔའ་དེས་སྐྱེས་བུ་ཆེན་པོའི་མཚན་འགྲམ་པ་སེང་གེའི་འདྲ་བ་ཐོབ་པར་འགྱུར་རོ། །དེའི་སྔ་ལྟས་ནི་འདི་ཡིན་ཏེ། གལ་ཏེ་ཁྱིམ་པར་འདུག་ཅིང་ཁྱིམ་ན་གནས་ན་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོ་མཐའ་
བཞིར་རྒྱལ་བ་ཞེས་བྱ་བ་ནས་རྒྱས་པར་སྦྱར་ཏེ། ཅི་འདོད་པ་དང་། ཅི་བསམས་པ་དང་། ཅི་སྒྲུབ་པ་དེ་དག་ཐམས་ཅད་རྫོགས་པར་ཐོབ་པར་འགྱུར་བ་དང་། བཀུར་སྟི་བྱེད། བླ་མར་བྱེད་ཅེས་བྱ་བའི་བར་དུ་རྒྱས་པར་སྦྱར་རོ། །གལ་ཏེ་སྐྲ་དང་ཁ་སྤུ་རྣམས་བྲེགས་ཏེ་གོས་ངུར་སྨྲིག་དག་བགོས་
ནས། དད་པས་ཁྱིམ་ནས་ཁྱིམ་མེད་པར་ལེགས་པ་ཁོ་ནར་རབ་ཏུ་བྱུང་ན་ནི་འཇིག་རྟེན་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་ཏེ། སྒྲ་ཆེར་གྲགས་པར་འགྱུར་རོ་ཞེས་བྱ་བའི་བར་དུ་གསུངས་ཏེ། དེ་ཅི་བཞེད་པ་དང་། ཅི་དགོངས་པ་དང་།
ཅི་སྒྲུབ་པ་དེ་དག་ཐམས་ཅད་རྫོགས་པར་ཐོབ་པར་གྱུར་པ་དང་། བཀུར་སྟི་བྱེད། བླ་མར་བྱེད་ཅེས་བྱ་བའི་བར་དུ་རྒྱས་པར་སྦྱར་ཏེ། འདི་ནི་དེའི་སྔ་ལྟས་ཡིན་ནོ། །འདི་ལ་ཆོས་ཉིད་ནི་འདི་ཡིན་ཏེ། དེ་ལ་འདི་སྐད་ཅེས་བྱའོ། །སྔོན་གྱི་ཚེ་རབས་གཞན་དུ་སྟོན་པ་ཡི། །ཐུགས་ཀྱིས་ཐུགས་

དམ་བཅས་པ་འདི་ཡིན་ཏེ། །བདག་ལ་སུ་ཡང་རུང་བ་ཅི་སློང་ཡང་། །དེ་ནི་བདག་གིས་མ་བྱིན་མི་བཏང་སྙམ། །དེ་ལྟར་བརྟུལ་ཞུགས་དམ་པ་རྣམ་པ་གསུམ། །མཚན་རྫོགས་དེ་ཡི་དགོངས་པར་ལྡན་པ་ཡིས། །སྔོན་གྱི་ཚེ་རབས་གཞན་དུ་བླངས་པར་གྱུར། །ལས་ཀྱི་རྣམ་སྨིན་དེས་
ན་དྲང་སྲོང་ཆེ། །རྒྱལ་བའི་འགྲམ་པ་སེང་གེའི་འདྲ་བར་གྱུར། །ཅིའི་ཕྱིར་བྱང་ཆུབ་སེམས་དཔས་སྐྱེས་བུ་ཆེན་པོའི་མཚན་རོ་བྲོ་བའི་མཆོག་ཐོབ་ཅེ་ན། སྨྲས་པ། བྱང་ཆུབ་སེམས་དཔས་ནི་སྔོན་གྱི་སྲིད་པ་ཞེས་བྱ་བ་ནས་རྒྱས་པར་སྦྱར་ཏེ། ཐོ་འཚམས་པ་མེད་པའི་རང་བཞིན་ཅན་དུ་གྱུར་ནས།
དེས་སེམས་ཅན་སུ་ལ་ཡང་ལག་པའམ། བོང་བའམ། དབྱུག་པའམ། མཚོན་ཆའམ། བསྣུན་པར་བྱ་བ་གང་ཡང་རུང་བས་ཐོ་འཚམས་པ་མ་བྱས་པ་དང་། གཞན་ཡང་བྱང་ཆུབ་སེམས་དཔས་ཕ་མ་དང་། ཉེ་དུ་དང་། རྒན་རབས་དང་། བླ་མ་ལྟ་བུ་རྣམས་དང་། གཞན་དགེ་སྦྱོང་དང་། བྲམ་ཟེ་
གནོད་པར་བྱ་བ་མ་ཡིན་པ་དང་། གནོད་པར་བྱ་བ་ལ་མི་དགའ་བ་གང་ཡིན་པ་དེ་དག་ལ་མཐུན་པའི་སྨན་རྣམས་དང་། ཕན་པའི་ཟས་རྣམས་དང་། འཚམ་པའི་གཡོག་བྱིན་ཏེ། དེ་ལས་དེ་དང་། ཡང་དག་པར་བླངས་པ་དེ་ལྟ་བུ་དང་། ཡང་དག་པར་བཟུང་བ་དེ་ལྟ་བུས་ལུས་ཞིག་ནས་དགའ་ལྡན་གྱི་
ལྷ་རྣམས་དང་སྐལ་བ་མཉམ་པར་སྐྱེའོ་ཞེས་བྱ་བ་ནས་རྒྱས་པར་སྦྱར་རོ། །དེ་དེ་ནས་ཤི་འཕོས་ནས་ཁམས་འདིར་མི་རྣམས་དང་སྐལ་བ་མཉམ་པར་སྐྱེའོ་ཞེས་བྱ་བའི་བར་དུ་རྒྱས་པར་སྦྱར་ཏེ། དེར་བྱང་ཆུབ་སེམས་དཔའ་དེས་སྐྱེས་བུ་ཆེན་པོའི་མཚན་རོ་བྲོ་བའི་མཆོག་ཐོབ་པར་འགྱུར་རོ། །དེའི་སྔ་
ལྟས་ནི་འདི་ཡིན་ཏེ། གལ་ཏེ་ཁྱིམ་པར་འདུག་ཅིང་ཁྱིམ་ན་གནས་ན་ནི། འཁོར་ལོས་སྒྱུར་བའི་རྒྱལ་པོ་མཐའ་བཞིར་རྒྱལ་བ་ཞེས་བྱ་བ་ནས་རྒྱས་པར་སྦྱར་ཏེ། གནོད་པ་ཆུང་ཞིང་ནད་མེད་པའི་རང་བཞིན་ཅན་དུ་འགྱུར་བ་དང་། བཀུར་སྟི་བྱེད། བླ་མར་བྱེད་ཅེས་བྱ་བའི་བར་དུ་རྒྱས་པར་སྦྱར་
རོ། །གལ་ཏེ་སྐྲ་དང་ཁ་སྤུ་རྣམས་བྲེགས་ཏེ། གོས་ངུར་སྨྲིག་དག་བགོས་ནས་དད་པས་ཁྱིམ་ནས་ཁྱིམ་མེད་པར་ལེགས་པ་ཁོ་ནར་རབ་ཏུ་བྱུང་ན་ནི་འཇིག་རྟེན་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་ཏེ། སྒྲ་ཆེར་གྲགས་པར་འགྱུར་རོ་ཞེས་བྱ་

བའི་བར་དུ་གསུངས་ཏེ། གནོད་པ་ཆུང་ཞིང་ནད་མེད་པའི་རང་བཞིན་ཅན་དུ་འགྱུར་བ་དང་། བཀུར་སྟི་བྱེད། བླ་མར་བྱེད་ཅེས་བྱ་བའི་བར་དུ་རྒྱས་པར་སྦྱར་ཏེ། །འདི་ནི་དེའི་སྔ་ལྟས་ཡིན་ནོ། །འདི་ལ་ཆོས་ཉིད་ནི་འདི་ཡིན་ཏེ། དེ་ལ་འདི་སྐད་ཅེས་བྱའོ། །
དེ་ཡི་ལུས་ལ་རོ་རྣམས་བྲོ་བའི་མཆོག །སྔོན་ནི་འཁོར་བའི་ཚེ་ན་གང་ལས་གྱུར། །ལག་པའམ་ཡང་ན་དབྱུག་པའམ་མཚོན་ཆ་ཡིས། །སེམས་ཅན་སུ་ལའང་གནོད་པར་མ་བྱས་ལ། །ཕ་མ་དང་ནི་དགེ་སྦྱོང་བྲམ་ཟེ་རྣམས། །སྔོན་ནི་ནད་ཀྱི་གསོས་སྨན་དག་ཀྱང་བྱིན། །ལས་དགེ་
བདེ་བ་སྐྱེད་པར་བྱེད་པ་འདི། །ཚེ་རབས་གཞན་དག་ཏུ་ནི་སྟོན་པས་མཛད། །ལས་ཀྱི་རྣམ་པར་སྨིན་པ་དེ་ཡིས་ན། །བཅོམ་ལྡན་རོ་རྣམས་བྲོ་བའི་མཆོག་དང་ལྡན། །ཅིའི་ཕྱིར་བྱང་ཆུབ་སེམས་དཔས་སྐྱེས་བུ་ཆེན་པོའི་མཚན་ལྕེ་རིང་ཞིང་སྲབ་པ་དང་། མགོ་གཙུག་ཏོར་དང་ལྡན་པ་
གཉིས་ཐོབ་ཅེ་ན། སྨྲས་པ། བྱང་ཆུབ་སེམས་དཔས་ནི་སྔོན་གྱི་སྲིད་པ་ཞེས་བྱ་བ་ནས་རྒྱས་པར་སྦྱར་ཏེ། བདག་ཉིད་ཀྱང་སྲོག་གཅོད་པ་སྤངས་ཤིང་སྲོག་གཅོད་པ་ལས་ཕྱིར་ལོག་ལ། གཞན་དག་ཀྱང་སྲོག་གཅོད་པ་སྤོང་བ་ཡང་དག་པར་འཛིན་དུ་བཅུག་པ་དང་། བདག་ཉིད་ཀྱང་མ་བྱིན་
པར་ལེན་པ་དང་། འདོད་པས་ལོག་པར་གཡེམ་པ་དང་། བརྫུན་དུ་སྨྲ་བ་དང་། འབྲུའི་ཆང་དང་། བཅོས་པའི་ཆང་མྱོས་པར་འགྱུར་བ་བག་མེད་པའི་གནས་སྤོང་བ་ཡང་དག་པར་འཛིན་དུ་འཇུག་པར་བྱེད་དེ། དེ་ལས་དེ་དང་། ཡང་དག་པར་བླངས་པ་དེ་ལྟ་བུ་དང་། ཡང་དག་པར་བཟུང་བ་དེ་
ལྟ་བུས་ལུས་ཞིག་ནས་དགའ་ལྡན་གྱི་ལྷ་རྣམས་དང་སྐལ་བ་མཉམ་པར་སྐྱེའོ་ཞེས་བྱ་བ་ནས་རྒྱས་པར་སྦྱར་རོ། །དེ་དེ་ནས་ཤི་འཕོས་ནས་ཁམས་འདིར་མི་རྣམས་དང་སྐལ་བ་མཉམ་པར་སྐྱེའོ་ཞེས་བྱ་བའི་བར་དུ་རྒྱས་པར་སྦྱར་ཏེ། དེར་བྱང་ཆུབ་སེམས་དཔའ་དེས་སྐྱེས་བུ་ཆེན་པོའི་མཚན་ལྕེ་རིང་ཞིང་
སྲབ་པ་དང་། མགོ་གཙུག་ཏོར་དང་ལྡན་པ་གཉིས་ཐོབ་པར་འགྱུར་རོ། །དེའི་སྔ་ལྟས་ནི་འདི་ཡིན་ཏེ། གལ་ཏེ་ཁྱིམ་པར་འདུག་ཅིང་ཁྱིམ་ན་གནས་ན་ནི། འཁོར་ལོས་སྒྱུར་བའི་རྒྱལ་པོ་མཐའ་བཞིར་རྒྱལ་བ་ཞེས་བྱ་བ་ནས་རྒྱས་པར་སྦྱར་ཏེ། ལྕེ་རིང་ཞིང་སྲབ་པ་དང་། མགོ་གཙུག་ཏོར་དང་ལྡན་པ་

དེས་གཅེས་པར་བྱེད། བཀུར་སྟི་བྱེད། བླ་མར་བྱེད་ཅེས་བྱ་བའི་བར་དུ་རྒྱས་པར་སྦྱར་རོ། །གལ་ཏེ་སྐྲ་དང་ཁ་སྤུ་རྣམས་བྲེགས་ཏེ་གོས་ངུར་སྨྲིག་དག་བགོས་ནས། དད་པས་ཁྱིམ་ནས་ཁྱིམ་མེད་པར་ལེགས་པ་ཁོ་ནར་རབ་ཏུ་བྱུང་ན་ནི་འཇིག་རྟེན་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་
དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་ཏེ། སྒྲ་ཆེར་གྲགས་པར་འགྱུར་རོ་ཞེས་བྱ་བའི་བར་དུ་གསུངས་ཏེ། དེ་ལྕེ་རིང་ཞིང་སྲབ་པ་དང་། མགོ་གཙུག་ཏོར་དང་ལྡན་པ་དེས་གཅེས་པར་བྱེད། བཀུར་སྟི་བྱེད། བླ་མར་བྱེད་ཅེས་བྱ་བའི་བར་དུ་རྒྱས་པར་སྦྱར་ཏེ། འདི་ནི་དེའི་སྔ་ལྟས་
ཡིན་ནོ། །འདི་ལ་ཆོས་ཉིད་ནི་འདི་ཡིན་ཏེ། དེ་ལ་འདི་སྐད་ཅེས་བྱའོ། །གང་ཚེ་རྒྱལ་བའི་དབུ་ནི་གཙུག་ཏོར་ལྡན། །ལྗགས་ཀྱང་རིང་ཞིང་སྲབ་པར་གང་ལས་གྱུར། །སྲོག་ཆགས་མ་བསད་མ་བྱིན་མ་བླངས་དང་། །འདོད་ན་ལོག་པར་མ་སྤྱོད་བརྫུན་མ་བྱས། །ཆང་བཏུང་བ་ཡང་རྟག་
ཏུ་སྤང་བྱས་ནས། །མང་པོ་གཞན་རྣམས་ཀྱང་ནི་དེ་ལ་བཙུད། །ལས་དགེ་བདེ་བ་སྐྱེད་པར་བྱེད་པ་འདི། །ཚེ་རབས་གཞན་དག་ཏུ་ནི་སྟོན་པས་མཛད། །ལས་ཀྱི་རྣམ་སྨིན་དེས་ན་རྒྱལ་བ་ཡི། །ལྗགས་ཀྱང་རིང་ཞིང་སྲབ་ལ་གཙུག་ཏོར་ལྡན། །ཅིའི་ཕྱིར་བྱང་ཆུབ་སེམས་དཔས་སྐྱེས་བུ་ཆེན་
པོའི་མཚན་ཚངས་པའི་དབྱངས་ཐོབ་ཅེ་ན། སྨྲས་པ། བྱང་ཆུབ་སེམས་དཔས་ནི་སྔོན་གྱི་སྲིད་པ་ཞེས་བྱ་བ་ནས་རྒྱས་པར་སྦྱར་ཏེ། ཚིག་རྩུབ་པོ་སྤངས་ནས་ཚིག་རྩུབ་པོ་ལས་ཕྱིར་ལྡོག་སྟེ། དེ་ཞེ་གཅོད་པའི་ཚིག་རྩུབ་པོ་དང་། གཞན་གྱིས་མི་བཟོད་པ་དང་། གཞན་ཚིག་པ་ཟ་བར་འགྱུར་
བ་དང་། སྐྱེ་བོ་མང་པོའི་ཡིད་དུ་མི་འཐད་པ་དང་། སྐྱེ་བོ་མང་པོ་མི་དགའ་བ་དང་། སྐྱེ་བོ་མང་པོའི་ཡིད་དུ་མི་འོང་བ་དང་། མཉམ་པར་གཞག་པ་མ་ཡིན་པ་དང་། ཏིང་ངེ་འཛིན་དུ་མི་འགྱུར་བ་གང་ཡིན་པ་དེ་ལྟ་བུའི་ཚིག་རྣམས་སྤངས་ནས། ཚིག་སྙན་པ་དང་། རྣར་སྙན་པ་དང་། ཡིད་ལ་
འབབ་པ་དང་། དགའ་བར་བྱེད་པ་དང་། ཕོ་བྲང་འཁོར་གྱི་སྐད་དང་། སྙན་ཅིང་འཇེབས་པ་དང་། གསལ་བ་དང་། བརྡ་ཕྲད་པ་དང་། མཉན་པར་འོས་པ་དང་། རྟེན་པ་མེད་པ་དང་། མི་མཐུན་པ་མེད་པ་དང་། སྐྱེ་བོ་མང་པོའི་འདོད་པ་དང་། སྐྱེ་བོ་མང་པོའི་ཡིད་དུ་འཐད་པ་དང་། སྐྱེ་

བོ་མང་པོ་དགའ་བ་དང་། སྐྱེ་བོ་མང་པོའི་ཡིད་དུ་འོང་བ་དང་། ཤིན་ཏུ་མཉམ་པར་གཞག་པ་དང་། ཏིང་ངེ་འཛིན་དུ་འགྱུར་བ་གང་ཡིན་པ་ལྟ་བུའི་ཚིག་རྣམས་སྨྲ་བར་བྱེད་དོ། །གཞན་ཡང་བྱང་ཆུབ་སེམས་དཔས་ཚིག་ཀྱལ་པ་སྤངས་ནས་ཚིག་ཀྱལ་པ་ལས་
སླར་ལོག་སྟེ། དེ་དུས་སུ་སྨྲ་བ་དང་། བདེན་པར་སྨྲ་བ་དང་། དོན་ཡོད་པར་སྨྲ་བ་དང་། བརྟགས་ཏེ་སྨྲ་བ་དང་། གཏན་ཚིགས་དང་བཅས་པ་དང་། གདམས་ངག་དང་བཅས་པ་དང་། རིགས་པ་དང་མཉམ་པར་གཞག་པ་དང་། ཆོས་དང་ལྡན་པ་དང་། དོན་དང་ལྡན་པ་དང་། མ་འདྲེས་
པའི་ཚིག་རྗོད་པར་བྱེད་དེ། དེ་ལས་དེ་དང་ཡང་དག་པར་བླངས་པ་དེ་ལྟ་བུ་དང་། ཡང་དག་པར་བཟུང་བ་དེ་ལྟ་བུས་ལུས་ཞིག་ནས་དགའ་ལྡན་གྱི་ལྷ་རྣམས་དང་སྐལ་བ་མཉམ་པར་སྐྱེའོ་ཞེས་བྱ་བ་ནས་རྒྱས་པར་སྦྱར་རོ། །དེ་དེ་ནས་ཤི་འཕོས་ནས་ཁམས་འདིར་མི་རྣམས་དང་སྐལ་བ་མཉམ་པར་སྐྱེའོ་ཞེས་
བྱ་བའི་བར་དུ་རྒྱས་པར་སྦྱར་ཏེ། དེར་བྱང་ཆུབ་སེམས་དཔའ་དེས་སྐྱེས་བུ་ཆེན་པོའི་མཚན་ཚངས་པའི་དབྱངས་ཐོབ་པར་འགྱུར་རོ། །དེའི་སྔ་ལྟས་ནི་འདི་ཡིན་ཏེ། གལ་ཏེ་ཁྱིམ་པར་འདུག་ཅིང་ཁྱིམ་ན་གནས་ན་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོ་མཐའ་བཞིར་རྒྱལ་བ་ཞེས་བྱ་བ་ནས་རྒྱས་པར་སྦྱར་
ཏེ། དེ་ཚངས་པའི་དབྱངས་དེས་གཅེས་པར་བྱེད། བཀུར་སྟི་བྱེད། བླ་མར་བྱེད་ཅེས་བྱ་བའི་བར་དུ་རྒྱས་པར་སྦྱར་རོ། །གལ་ཏེ་སྐྲ་དང་ཁ་སྤུ་རྣམས་བྲེགས་ཏེ་གོས་ངུར་སྨྲིག་དག་བགོས་ནས། དད་པས་ཁྱིམ་ནས་ཁྱིམ་མེད་པར་ལེགས་པ་ཁོ་ནར་རབ་ཏུ་བྱུང་ན་ནི་འཇིག་རྟེན་དུ་དེ་བཞིན་
གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་ཏེ། སྒྲ་ཆེར་གྲགས་པར་འགྱུར་རོ་ཞེས་བྱ་བའི་བར་དུ་གསུངས་ཏེ། དེ་ཚངས་པའི་དབྱངས་དེས་གཅེས་པར་བྱེད། བཀུར་སྟི་བྱེད། བླ་མར་བྱེད་ཅེས་བྱ་བའི་བར་དུ་རྒྱས་པར་སྦྱར་ཏེ། འདི་ནི་དེའི་སྔ་ལྟས་ཡིན་
ནོ། །འདི་ལ་ཆོས་ཉིད་ནི་འདི་ཡིན་ཏེ། དེ་ལ་འདི་སྐད་ཅེས་བྱའོ། །ཚངས་པའི་དབྱངས་ནི་རྔ་སྒྲའི་གདངས་ཀྱིས་མཚན། །གང་གིས་འཐོབ་པར་འགྱུར་བ་མཉན་པར་གྱིས། །འཇམ་པོར་སྨྲ་ཞིང་རྩུབ་པ་རྣམ་པར་སྤངས། །དགའ་བ་སྨྲ་ཞིང་མི་དགའ་སྨྲ་མི་བྱེད། །ཀྱལ་པའི་ཚིག་

ནི་སྤངས་པར་གྱུར་པ་དང་། །དུས་སུ་དོན་དང་ཆོས་ནི་སྨྲ་བར་བྱེད། །ལས་དགེ་བདེ་བ་སྐྱེད་པར་བྱེད་པ་འདི། །ཚེ་རབས་གཞན་དག་ཏུ་ནི་སྟོན་པས་མཛད། །ལས་ཀྱི་རྣམ་སྨིན་དེས་ན་བདེ་བར་གཤེགས། །དྲང་སྲོང་ཆེན་པ
Luận tạng Tây Tạng (Tengyur) — Tập 139 | Tra cứu Kinh điển | Tàng Kinh Việt