Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 139

Văn bản gốc(Tây Tạng)

Trang 11 / 15 (50.000 ký tự/trang)
ྱིར་སྤྲུལ་པ་ནམ་མཁའ་ལ་འདུག་ཅེ་ན། སྨྲས་པ། སྤྲུལ་པ་པོའི་དབང་གིས་
འགྱུར་ཏེ། སྤྲུལ་པ་པོས་ནམ་མཁའ་དེ་ལ་སྟན་ནམ་འདུག་ས་སྤྲུལ་པར་བྱེད་དེ། རྒྱུ་དེས་ན་སྤྲུལ་པ་ནམ་མཁའ་ལ་འདུག་གོ། །ཅིའི་ཕྱིར་སྤྲུལ་པ་ནམ་མཁའ་ལ་ཉལ་ཞེ་ན། སྨྲས་པ། སྤྲུལ་པ་པོའི་དབང་གིས་འགྱུར་ཏེ། སྤྲུལ་པ་པོས་ནམ་མཁའ་དེ་ལ་མལ་ལམ། ཁྲི་སྤྲུལ་པར་བྱེད་
དེ། རྒྱུ་དེས་ན་སྤྲུལ་པ་ནམ་མཁའ་ལ་ཉལ་ལོ། །རྫུ་འཕྲུལ་གྱི་ཡོན་ཏན་ལྷག་མ་རྣམས་ཀྱང་དེ་བཞིན་དུ་རྟོགས་པར་བྱས་ནས་གཞི་ཇི་ལྟ་བ་བཞིན་དུ་བརྗོད་པར་བྱའོ། །ཆོས་མངོན་པའི་བསྟན་བཅོས་ཆེན་པོ་རྒྱུ་གདགས་པ་ལས་ཚིགས་བཅུ་གསུམ་པའོ།། །།སྡོམ་ནི། མཐོན་དམན་བརྒྱད་
དང་ཆར་མི་འབབ། །འཆར་འབབ་སོ་ག་ཆུ་ཐིགས་དང་། །སེར་བ་ཁ་བ་གློག་དང་འབྲུག །ཕྲུ་བ་དང་ནི་བཞི་དྲུག་བདུན། །ཆར་པ་ཇི་ཙམ་ན་འདུག་སྟེ་འབབ་ཅེ་ན། སྨྲས་པ། སྤྲིན་ནི་བརྒྱད་ཡོད་དོ། །དེ་ལ་སྤྲིན་དང་པོ་ནི་དཔག་ཚད་ཕྱེད་དང་གཉིས་ན་འདུག་གོ། །གཉིས་པ་ནི་རྒྱང་གྲགས་
ལྔའོ། །གསུམ་པ་ནི་དཔག་ཚད་གཅིག་གོ། །བཞི་པ་ནི་རྒྱང་གྲགས་གསུམ་མོ། །ལྔ་པ་ནི་དཔག་ཚད་ཕྱེད་དོ། །དྲུག་པ་ནི་རྒྱང་གྲགས་གཅིག་གོ། །བདུན་པ་ནི་རྒྱང་གྲགས་ཕྱེད་དོ། །བརྒྱད་པ་ནི་རྒྱང་གྲགས་ཀྱི་བཞི་ཆ་གཅིག་ན་འདུག་སྟེ། ཆར་འབབ་བམ་ཡང་ན་མི་འབབ་པོ། །
ཅིའི་ཕྱིར་བསྐལ་པ་དང་པོའི་མི་རྣམས་ཀྱིས་སྤྲིན་དཔག་ཚད་ཕྱེད་དང་གཉིས་སུ་བརྫེས་ཏེ། ས་ཐམས་ཅད་དུ་ཆར་འབབ་ལ། ད་ལྟར་གྱི་མི་རྣམས་ཀྱི་ནི་དམའ་བ་ནས་ཆར་འབབ་ཅེ་ན། སྨྲས་པ། བསྐལ་པ་དང་པོ་པའི་མི་རྣམས་ནི་དབང་ཆེ་བར་གྲགས་པར་འགྱུར་ཏེ། དེ་དག་ལ་ཀླུ་དབང་ཆེ་

བར་གྲགས་པ་དག་སྤྲོ་བར་བྱེད་དེ། དེས་ན་སྤྲིན་དཔག་ཚད་ཕྱེད་དང་གཉིས་སུ་གྱེན་དུ་འཕགས་ནས། ས་ཐམས་ཅད་དུ་ཆར་འབབ་ལ། ད་ལྟར་གྱི་མི་རྣམས་ནི་དབང་ཆུང་བར་གྲགས་པ་ཡིན་ཏེ། དེ་དག་ལ་ནི་ཀླུ་ཡང་དབང་ཆེ་བར་གྲགས་པ་རྣམས་སྤྲོ་བར་བྱེད་དེ། དེས་ན་
ད་ལྟར་དམའ་བ་ནས་ཆར་འབབ་སྟེ། རྒྱུ་དེས་ན་བསྐལ་པ་དང་པོ་པའི་མི་རྣམས་ཀྱི་སྤྲིན་དཔག་ཚད་ཕྱེད་དང་གཉིས་སུ་གྱེན་དུ་འཕགས་ཏེ་ས་ཐམས་ཅད་དུ་ཆར་འབབ་ལ། ད་ལྟར་གྱི་མི་རྣམས་ཀྱི་ནི་དམའ་བ་ནས་ཆར་འབབ་པོ། །ཅིའི་ཕྱིར་ཆར་མི་འབབ་ཅེ་ན། སྨྲས་པ། རྒྱུ་རྣམ་པ་བརྒྱད་
ཀྱིས་ཆར་མི་འབབ་སྟེ། བརྒྱད་གང་ཞེ་ན། སྤྲིན་ཡང་ཡོད་ལ། གློག་ཀྱང་འབྱུང་བ་དང་། འབྲུག་ཀྱང་ཟེར་ལ། ཕྱོགས་བཞི་ནས་ཀྱང་རླུང་ངད་བསིལ་བ་དག་ལྡང་བ་དེའི་དུས་ཀྱང་ཡོད་ལ། དེའི་སྐབས་ཡོད་དེ། ལྟས་པ་རྣམས་ཀྱང་མ་རྟོགས་པར་ཆར་འབབ་པོ་ཞེས་སྟོན་མོད་ཀྱི། འོན་ཀྱང་ས་ཆེན་
པོ་འདི་ལས་མེའི་ཁམས་གྱེན་དུ་འཕགས་ནས་ཆར་པ་དེ་བར་མ་དོར་ཟད་པར་བྱེད་དེ། རྒྱུ་དང་པོ་འདིས་ན་ཆར་མི་འབབ་པོ། །གཞན་ཡང་སྤྲིན་ཡང་ཡོད་ལ། གློག་ཀྱང་འབྱུང་བ་དང་། འབྲུག་ཀྱང་ཟེར་ལ། ཕྱོགས་བཞི་ནས་ཀྱང་རླུང་ངད་བསིལ་བ་དག་ལྡང་བ་དེའི་དུས་
ཀྱང་ཡོད་ལ། དེའི་སྐབས་ཀྱང་ཡོད་དེ། ལྟས་པ་རྣམས་ཀྱང་མ་རྟོགས་པར་ཆར་འབབ་པོ་ཞེས་སྟོན་མོད་ཀྱི་འོན་ཀྱང་ནམ་མཁའ་ལ་རླུང་དྲག་པོ་དག་ལྡང་སྟེ། དེ་དག་གི་ཆར་པ་དེ་དན་དཀའི་དགོན་པ་རྣམས་དང་། ཀ་ལིང་ཀའི་དགོན་པ་རྣམས་དང་། མ་ཏང་ཀའི་དགོན་པ་རྣམས་དང་། དགོན་
པ་སྟོང་པ་རྣམས་ག་ལ་བ་དེར་འདོར་བར་བྱེད་དེ། རྒྱུ་གཉིས་པ་འདིས་ན་ཆར་མི་འབབ་པོ། །གཞན་ཡང་སྤྲིན་ཡང་ཡོད་ལ། གློག་ཀྱང་འབྱུང་བ་དང་། འབྲུག་ཀྱང་ཟེར་ལ། ཕྱོགས་བཞི་ནས་ཀྱང་རླུང་ངད་བསིལ་བ་དག་ལྡང་བ་དེའི་དུས་ཀྱང་ཡོད་ལ། དེའི་སྐབས་ཀྱང་ཡོད་དེ། ལྟས་པ་
རྣམས་ཀྱང་མ་རྟོགས་པར་ཆར་འབབ་བོ་ཞེས་སྟོན་མོད་ཀྱི། འོན་ཀྱང་ལྷ་མ་ཡིན་གྱི་དབང་པོ་སྒྲ་གཅན་གྱིས། ཆར་པ་དེ་དག་ལག་པ་གཉིས་ཀྱིས་བླངས་ནས་རྒྱ་མཚོ་ཆེན་པོར་འདོར་བར་བྱེད་དེ། རྒྱུ་གསུམ་པ་འདིས་ན་ཆར་མི་འབབ་པོ། །གཞན་ཡང་སྤྲིན་ཡང་ཡོད་ལ། གློག་ཀྱང་

འབྱུང་བ་དང་། འབྲུག་ཀྱང་ཟེར་ལ། ཕྱོགས་བཞི་ནས་ཀྱང་རླུང་ངད་བསིལ་བ་དག་ལྡང་བ་དེའི་དུས་ཀྱང་ཡོད་ལ། དེའི་སྐབས་ཀྱང་ཡོད་དེ། ལྟས་པ་རྣམས་ཀྱང་མ་རྟོགས་པར་ཆར་འབབ་པོ་ཞེས་སྟོན་མོད་ཀྱི་འོན་ཀྱང་ཆར་འབེབས་པའི་ལྷའི་བུ་རྣམས་བག་མེད་ཅིང་བག་མེད་པར་གནས་པས་
ཆར་མི་འབབ་སྟེ། རྒྱུ་བཞི་པ་འདིས་ན་ཆར་མི་འབབ་པོ། །གཞན་ཡང་སྤྲིན་ཡང་ཡོད་ལ། གློག་ཀྱང་འབྱུང་བ་དང་། འབྲུག་ཀྱང་ཟེར་ལ། ཕྱོགས་བཞི་ནས་ཀྱང་རླུང་ངད་བསིལ་བ་དག་ལྡང་བ་དེའི་དུས་ཀྱང་ཡོད་ལ་དེའི་སྐབས་ཀྱང་ཡོད་དེ། ལྟས་པ་རྣམས་ཀྱང་མ་རྟོགས་པར་ཆར་འབབ་པོ་
ཞེས་སྟོན་མོད་ཀྱི། འོན་ཀྱང་མི་རྣམས་ཆོས་མ་ཡིན་པ་སྤྱོད་ཅིང་། མི་མཐུན་པར་སྤྱོད་དེ། དེ་དག་ཆོས་མ་ཡིན་པ་སྤྱོད་ཅིང་མི་མཐུན་པ་སྤྱོད་པས་ཆར་མི་འབབ་སྟེ། རྒྱུ་ལྔ་པོ་འདིས་ནི་ཆར་མི་འབབ་པོ། །གཞན་ཡང་རྫུ་འཕྲུལ་གྱིས་ཆར་མི་འབབ་པ་ཡོད་དེ། རྫུ་འཕྲུལ་ཆེ་ཞིང་མཐུ་ཆེ་བ་
འགའི་རྫུ་འཕྲུལ་གྱིས་ཆར་འབབ་པ་ལས་གཅོད་པར་བྱེད་དེ། རྒྱུ་དྲུག་པ་འདིས་ན་ཆར་མི་འབབ་པོ། །གཞན་ཡང་ཆོས་ཉིད་ཀྱིས་ཆར་མི་འབབ་པ་ཡོད་དེ། །ཆར་མི་འབབ་པ་གང་ཡིན་པ་འདི་ནི་འཇིག་རྟེན་གྱི་ཆོས་ཉིད་དེ། རྒྱུ་བདུན་པ་འདིས་ནི་ཆར་མི་འབབ་པོ། །གཞན་ཡང་བདེན་
པས་བསྐུལ་བས་ཆར་མི་འབབ་པ་ཡོད་དེ། རྫུ་འཕྲུལ་ཆེ་ཞིང་མཐུ་ཆེ་བ་འགས་བདེན་པས་བསྐུལ་བས་ཆར་འབབ་པ་ལས་གཅོད་པར་བྱེད་དེ། རྒྱུ་བརྒྱད་པ་འདིས་ན་ཆར་མི་འབབ་པོ། །ཅིའི་ཕྱིར་ཆར་འབབ་ཅེ་ན། སྨྲས་པ། རྒྱུ་རྣམ་པ་བརྒྱད་ཀྱིས་ཆར་འབབ་སྟེ། བརྒྱད་གང་
ཞེ་ན། ཀླུའི་མཐུ་དང་། གནོད་སྦྱིན་གྱི་མཐུ་དང་། གྲུལ་བུམ་གྱི་མཐུ་དང་། ལྷའི་མཐུ་དང་། མིའི་མཐུ་དང་། རྫུ་འཕྲུལ་དང་། ཆོས་ཉིད་དང་། བདེན་པས་བསྐུལ་བར་ཆར་འབབ་སྟེ། རྒྱུ་དེས་ན་ཆར་འབབ་པོ། །ཅིའི་ཕྱིར་སོ་ཀ་དང་། དབྱར་ཆར་ཆེར་འབབ་ཅེ་ན། སྨྲས་པ། དེའི་ཚེ་
ཀླུ་རྣམས་བག་མ་ལེན་པ་དང་། བག་མ་གཏོང་བ་དང་། དགའ་སྟོན་དང་། དུས་སྟོན་དག་བྱེད་དེ། དེ་དག་དགའ་ཞིང་དེ་དང་། དེ་དག་ཏུ་འདོང་བར་བྱེད་དེ། དེ་དག་དགའ་ཞིང་འདོང་བ་ན་ཆར་ཆེར་འབབ་པོ། །གཞན་ཡང་མི་རྣམས་ཀྱིས་དེ་ལྟ་བུར་འགྱུར་བའི་ལས་རྣམས་བྱས་ཤིང་བསྩགས་ཏེ། དེ་

དག་བྱས་ཤིང་བསྩགས་པས་ན་སོ་ག་དང་། དབྱར་ཆར་ཆེར་འབབ་སྟེ། རྒྱུ་དེས་ན་སོ་ཀ་དང་། དབྱར་ཆར་ཆེར་འབབ་པོ། །ཅིའི་ཕྱིར་ཆུའི་ཐིགས་པ་འབབ་ཅེ་ན། སྨྲས་པ། ཕྱོགས་གཉིས་ནས་རླུང་ཆེན་པོ་དག་ལྡང་སྟེ། དེ་དག་གིས་ཆུ་དེ་གཅིག་ཏུ་བསྡུས་པས་ན། དེ་ལ་ཆུའི་
ཐིགས་པར་འགྱུར་རོ། །གཞན་ཡང་མི་རྣམས་ཀྱིས་དེ་ལྟ་བུའི་ལས་རྣམས་བྱས་ཤིང་བསྩགས་ཏེ། དེ་དག་བྱས་ཤིང་བསྩགས་པས་མི་མ་ཡིན་པ་རྣམས་འཁྲུགས་ནས་ཆུའི་ཐིགས་པ་འབེབས་ཏེ། དེས་དེ་དག་ལ་གནོད་པ་ཆེན་པོར་འགྱུར་ཏེ། རྒྱུ་དེས་ན་ཆུའི་ཐིགས་པ་འབབ་པོ། །ཅིའི་ཕྱིར་སེར་
བ་འབབ་ཅེ་ན། སྨྲས་པ། ཕྱོགས་གཉིས་ནས་རླུང་ཤིན་ཏུ་བསིལ་བ་དག་ལྡང་སྟེ། དེ་དག་གིས་ཆུའི་ཁམས་དེ་གཅིག་ཏུ་བསྡུས་ལ་སའི་ཁམས་ཀྱིས་ཀྱང་སྲ་བར་བྱས་ནས་ཁ་བ་འམ། སེར་བར་གྱུར་པ་དེ་རླུང་གིས་ཐུར་དུ་ཕབ་སྟེ། རྒྱུ་དེས་ན་སེར་བ་འབབ་པོ། །ཅིའི་ཕྱིར་གློག་འབྱུང་ཞེ་ན། སྨྲས་
པ། ཕྱོགས་གཉིས་ནས་རླུང་ཤིན་ཏུ་ཚ་བ་དག་ལྡང་སྟེ། དེ་དག་ཐུག་པ་ལས་གློག་འབྱུང་སྟེ། རྒྱུ་དེས་ན་གློག་འབྱུང་ངོ་། །ཅིའི་ཕྱིར་འབྲུག་ཟེར་ཞེ་ན། སྨྲས་པ། ཕྱོགས་གཉིས་ནས་རླུང་ཆེན་པོ་དག་ལྡང་སྟེ། དེ་དག་བརྡབས་པ་ལས་སྒྲ་འབྱུང་སྟེ། རྒྱུ་དེས་ན་འབྲུག་ཟེར་རོ། །ཅིའི་ཕྱིར་ཕྲུ་བ་ལུད་ཅེ་ན།
སྨྲས་པ། འོག་ན་མེ་འཇོམས་པ་འབར་བས་མེའི་ཤས་ཆེ་བར་གྱུར་ལ་མེའི་ཤས་ཆེ་བར་གྱུར་པས་རླུང་གི་ཤས་ཆེ་བར་འགྱུར་རོ། །རླུང་གི་ཤས་ཆེ་བར་གྱུར་པས་ཆུ་ཕྱི་རོལ་དུ་བོ་བར་འགྱུར་ཏེ། རྒྱུ་དེས་ན་ཕྲུ་བ་ལྡུད་དོ། །ཅིའི་ཕྱིར་ཁ་དོག་སྔོ་བར་འགྱུར་ཞེ་ན། སྨྲས་པ། ཆུའི་ཁམས་ཤས་ཆེ་བའི་ཕྱིར་རོ། །
ཅིའི་ཕྱིར་སེར་བ་དང་། དམར་བར་འགྱུར་ཞེ་ན། སྨྲས་པ། མེའི་ཁམས་ཤས་ཆེ་བའི་ཕྱིར་རོ། །ཅིའི་ཕྱིར་དཀར་བར་འགྱུར་ཞེ་ན། སྨྲས་པ། ཁམས་རྣམས་མཉམ་པའི་ཕྱིར་ཏེ། རྒྱུ་དེས་ན་ཁ་དོག་སྔོ་བ་དང་། སེར་བ་དང་། དམར་བ་དང་། དཀར་བར་འགྱུར་རོ། །ཅིའི་ཕྱིར་རོ་ཁ་བ་དང་།
སྐྱུར་བ་དང་། ལན་ཚྭའི་རོ་དང་། ཚ་བ་དང་། བསྐ་བར་འགྱུར་ཞེ་ན། སྨྲས་པ། ཁམས་མཉམ་པའི་ཕྱིར་ཏེ་རྒྱུ་དེས་ན་རོ་ཁ་བ་དང་། སྐྱུར་བ་དང་། ལན་ཚྭའི་རོ་དང་། བསྟ་བར་འགྱུར་རོ། །ཅིའི་ཕྱིར་མངར་བར་འགྱུར་ཞེ་ན། སྨྲས་པ། ཁམས་མཉམ་པའི་ཕྱིར་ཏེ། རྒྱུ་དེས་ན་མངར་བར་

འགྱུར་རོ། །ཅིའི་ཕྱིར་ལྕི་བ་དང་། རྩུབ་པ་དང་། མཁྲང་པ་དང་། སྲ་བར་འགྱུར་ཞེ་ན། སྨྲས་པ། སའི་ཁམས་ཤས་ཆེ་བའི་ཕྱིར་རོ། །ཅིའི་ཕྱིར་མཉེན་པ་དང་། འཇམ་པ་དང་། ལས་སུ་རུང་བར་འགྱུར་ཞེ་ན། སྨྲས་པ། ཆུའི་ཁམས་ཤས་ཆེ་བའི་ཕྱིར་ཏེ། རྒྱུ་དེས་ན་མཉེན་པ་
དང་། འཇམ་པ་དང་། ལས་སུ་རུང་བར་འགྱུར་རོ། །ཆོས་མངོན་པའི་བསྟན་བཅོས་ཆེན་པོ་རྒྱུ་གདགས་པ་ལས་ཚིགས་བཅུ་བཞི་པའོ།། །།སྡོམ་ནི། སྐྱེ་གནས་འགྲོ་བ་ཡོད་པ་དང་། །ཅིའི་ཕྱིར་དམྱལ་སོགས་མཐོ་རིས་དང་། །ལྷ་མོ་མ་ལ་སོགས་པ་དྲུག །འོ་མ་ཁ་སྤུ་རྒྱལ་
དང་གདོལ། །གླེང་གཞི་ནི་མཉན་ཡོད་ན་བཞུགས་ཏེ། སྐྱེ་གནས་ནི་བཞི་ཡོད་དེ། སྒོ་ང་ལས་སྐྱེ་བའི་སྐྱེ་གནས་དང་། མངལ་ནས་སྐྱེ་བ་དང་། དྲོད་གཤེར་ལས་སྐྱེ་བ་དང་། རྫུས་ཏེ་སྐྱེ་བ་སྟེ། འདི་ནི་སྐྱེ་གནས་ཡིན་པར་གསུངས་སོ། །སྒོ་ང་ལས་སྐྱེ་བའི་སྐྱེ་གནས་གང་ཞེ་ན།
སྨྲས་པ། སེམས་ཅན་གང་དག་སྒོ་ང་ལས་སྐྱེ་བ་རྣམས་དང་། སྒོ་ང་ན་འདུག་པ་རྣམས་དང་། སྒོ་ངའི་སྦུབས་ཀྱི་སྤྲིས་གཡོགས་པ་རྣམས་དང་། སྒོ་ངའི་སྦུབས་བརྟོལ་ཏེ་སྐྱེ་ཞིང་ཀུན་དུ་སྐྱེ་ལ། འགྲུབ་ཅིང་མངོན་པར་འགྲུབ་པ་དང་། ཡང་དག་པར་འགྲུབ་ཅིང་འབྱུང་བ་རྣམས་ཏེ། དེ་དག་ཀྱང་གང་
ཞེ་ན། སྨྲས་པ། འདི་ལྟ་སྟེ། ངང་པ་དང་། ཁྲུང་ཁྲུང་དང་། རྨ་བྱ་དང་། ནེ་ཙོ་དང་། རི་སྐེགས་དང་། ཁུ་བྱུག་དང་། ཤང་ཤང་ཏེའུ་ལ་སོགས་པ་དང་། ཀླུ་ཁ་ཅིག་དང་། ནམ་མཁའ་ལྡིང་ཁ་ཅིག་དང་། མི་ཁ་ཅིག་དང་། གཞན་ཡང་སེམས་ཅན་གང་དག་སྒོ་ང་ལས་སྐྱེས་པ་རྣམས་
དང་། སྒོ་ང་ན་འདུག་པ་རྣམས་དང་། སྒོ་ངའི་སྦུབས་ཀྱི་སྤྲིས་གཡོགས་པ་རྣམས་དང་། སྒོ་ངའི་སྦུབས་བརྟོལ་ཏེ་སྐྱེ་ཞིང་ཀུན་དུ་སྐྱེ་ལ། འགྲུབ་ཅིང་མངོན་པར་འགྲུབ་པ་དང་། ཡང་དག་པར་འགྲུབ་ཅིང་འབྱུང་བ་རྣམས་ཏེ། འདི་ནི་སྒོ་ང་ལས་སྐྱེ་བའི་སྐྱེ་གནས་ཞེས་བྱའོ། །མངལ་ནས་སྐྱེ་བའི་སྐྱེ་
གནས་གང་ཞེ་ན། སྨྲས་པ། སེམས་ཅན་གང་དག་མངལ་ནས་སྐྱེ་བ་རྣམས་དང་། མངལ་ན་འདུག་པ་རྣམས་དང་། མངལ་གྱི་སྦུབས་ཀྱིས་གཡོགས་པ་རྣམས་དང་། མངལ་གྱི་སྦུབས་བརྟོལ་ཏེ་སྐྱེ་ཞིང་ཀུན་དུ་སྐྱེ་ལ། འགྲུབ་ཅིང་མངོན་པར་འགྲུབ་པ་དང་། ཡང་དག་པར་འགྲུབ་ཅིང་འབྱུང་བ་

རྣམས་ཏེ། དེ་དག་ཀྱང་གང་ཞེ་ན། འདི་ལྟ་སྟེ། གླང་པོ་ཆེ་དང་། རྟ་དང་། རྔ་མོ་དང་། བ་ལང་དང་། བོང་བུ་དང་། མ་ཧེ་དང་། རི་དགས་དང་། ཕག་ལ་སོགས་པ་དང་། ཀླུ་ཁ་ཅིག་དང་། ནམ་མཁའ་ལྡིང་ཁ་ཅིག་དང་། ཡི་དགས་ཁ་ཅིག་དང་། མི་ཁ་ཅིག་དང་། གཞན་
ཡང་སེམས་ཅན་གང་དག་མངལ་ནས་སྐྱེ་བ་རྣམས་དང་། མངལ་ན་འདུག་པ་རྣམས་དང་། མངལ་གྱི་སྦུབས་ཀྱིས་གཡོགས་པ་རྣམས་དང་། མངལ་གྱི་སྦུབས་བརྟོལ་ཏེ་སྐྱེ་ཞིང་ཀུན་དུ་སྐྱེ་ལ་འགྲུབ་ཅིང་མངོན་པར་འགྲུབ་པ་དང་། ཡང་དག་པར་འགྲུབ་ཅིང་འབྱུང་བ་རྣམས་ཏེ། འདི་ནི་མངལ་
ནས་སྐྱེ་བའི་སྐྱེ་གནས་ཞེས་བྱའོ། །དྲོད་གཤེར་ལས་སྐྱེ་བའི་སྐྱེ་གནས་གང་ཞེ་ན། སྨྲས་པ། སེམས་ཅན་གང་དག་ཕན་ཚུན་གྱི་དྲོད་དང་། ཕན་ཚུན་གྱི་མེ་དང་། ཕན་ཚུན་གྱི་རྡུལ་དང་། ཕན་ཚུན་གྱི་གནོད་པ་དང་། ཕན་ཚུན་བཙིར་བས་ཉལ་ཉིལ་གྱི་ཕུང་པོ་ལ་བརྟེན་ཏམ། སྟོར་
ཁུང་དང་། ཕྱི་སའི་གནས་སམ། ཤ་རུལ་ལམ། ཉ་རུལ་ལམ། ཟན་དྲོན་རུལ་བའམ། རྩྭ་སྟུག་པོའམ། ནགས་ཚལ་སྟུག་པོའམ། རྩྭའི་སྤྱིལ་པོ་འམ། ལོ་མའི་སྤྱིལ་པོ་འམ། ཆུ་རུལ་བ་འམ། ཁྱིམ་གྱི་སང་སེང་ངམ། སྦྲང་བུའི་ཚངས་ལ་བརྟེན་ནས། སྐྱེ་ཞིང་ཀུན་དུ་སྐྱེ་ལ་འགྲུབ་
ཅིང་མངོན་པར་འགྲུབ་པ་དང་། ཡང་དག་པར་འགྲུབ་ཅིང་འབྱུང་བ་རྣམས་ཏེ། དེ་དག་ཀྱང་གང་ཞེ་ན། འདི་ལྟ་སྟེ། སྲིན་བུ་དང་། སྦུར་བུ་དང་། ཕྱེ་མ་ལེབ་དང་། སྦྲང་བུ་མཆུ་རིངས་དང་། ཏིལ་དང་། ཕུབ་མ་དང་། ཤིང་ཟ་བ་ལ་སོགས་པ་དང་། ཀླུ་ཁ་ཅིག་དང་། ནམ་མཁའ་ལྡིང་ཁ་
ཅིག་དང་། མི་ཁ་ཅིག་དང་། གཞན་ཡང་སེམས་ཅན་གང་དག་ཕན་ཚུན་གྱི་དྲོད་དང་། ཕན་ཚུན་གྱི་མེ་དང་། ཕན་ཚུན་གྱི་རྡུལ་དང་། ཕན་ཚུན་གནོད་པ་དང་། ཕན་ཚུན་བཙིར་བས། སྐྱེ་ཞིང་ཀུན་དུ་སྐྱེ་ལ་འགྲུབ་ཅིང་མངོན་པར་འགྲུབ་པ་དང་། ཡང་དག་པར་འགྲུབ་ཅིང་འབྱུང་བ་རྣམས་ཏེ།
འདི་ནི་དྲོད་གཤེར་ལས་སྐྱེ་བའི་སྐྱེ་གནས་ཞེས་བྱའོ། །རྫུས་ཏེ་སྐྱེ་བའི་སྐྱེ་གནས་གང་ཞེ་ན། སྨྲས་པ། སེམས་ཅན་གང་དག་ཡན་ལག་དང་། ཉིང་ལག་ཐམས་ཅད་དང་ལྡན་ཞིང་རྫོགས་པ་དབང་པོ་མ་ཚང་བ་མེད་པ་རྣམས་ཅིག་ཅར་སྐྱེ་ཞིང་ཀུན་དུ་སྐྱེ་ལ་འགྲུབ་ཅིང་མངོན་པར་འགྲུབ་པ་

དང་། ཡང་དག་པར་འགྲུབ་ཅིང་མངོན་པར་འགྲུབ་པ་རྣམས་ཏེ། དེ་དག་ཀྱང་གང་ཞེ་ན། ལྷ་ཐམས་ཅད་དང་། སེམས་ཅན་དམྱལ་བ་པ་ཐམས་ཅད་དང་། བར་མ་དོའི་སྲིད་པ་པ་ཐམས་ཅད་དང་། ཀླུ་ཁ་ཅིག་དང་། ནམ་མཁའ་ལྡིང་ཁ་ཅིག་དང་། ཡི་དགས་ཁ་ཅིག་དང་། མི་ཁ་ཅིག་དང་།
གཞན་ཡང་སེམས་ཅན་གང་དག་ཡན་ལག་དང་། ཉིང་ལག་ཐམས་ཅད་དང་ལྡན་ཞིང་རྫོགས་པ་དབང་པོ་མ་ཚང་བ་མེད་པ་རྣམས་ཅིག་ཅར་སྐྱེ་ཞིང་ཀུན་དུ་སྐྱེ་ལ་འགྲུབ་ཅིང་མངོན་པར་འགྲུབ་པ་དང་། ཡང་དག་པར་འགྲུབ་ཅིང་འབྱུང་བ་རྣམས་ཏེ། འདི་ནི་རྫུས་ཏེ་སྐྱེ་བའི་སྐྱེ་གནས་ཞེས་བྱའོ། །
འགྲོ་བ་ལྔ་ནི་འདི་ལྟ་སྟེ། སེམས་ཅན་དམྱལ་བའི་འགྲོ་བ་དང་། དུད་འགྲོའི་འགྲོ་བ་དང་། ཡི་དགས་ཀྱི་འགྲོ་བ་དང་། ལྷ་དང་མིའོ། །སེམས་ཅན་དམྱལ་བའི་འགྲོ་བ་གང་ཞེ་ན། སྨྲས་པ། སེམས་ཅན་དམྱལ་བ་པ་རྣམས་དང་འདྲ་བར་གྱུར་པ་དང་། གྲོགས་སུ་གྱུར་པ་དང་། སྐལ་བ་
མཉམ་པ་དང་། གནས་ཐོབ་པ་དང་། གཞི་ཐོབ་པ་དང་། སྐྱེ་མཆེད་ཐོབ་པ་དང་། སེམས་ཅན་དམྱལ་བ་པ་དེར་སྐྱེས་པ་རྣམས་ཀྱི་མ་བསྒྲིབས་ལ་ལུང་དུ་མ་བསྟན་པའི་གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་གང་ཡིན་པ་དེ་ཡང་སེམས་ཅན་
དམྱལ་བའི་འགྲོ་བ་ཞེས་བྱའོ། །གཞན་ཡང་ལུས་ཀྱིས་ཉེས་པར་སྤྱོད་པ་དང་། ངག་གིས་ཉེས་པར་སྤྱོད་པ་དང་། ཡིད་ཀྱིས་ཉེས་པར་སྤྱོད་པ་ཆེན་པོ་ཀུན་དུ་བསྟེན་ཞིང་བསྒོམས་ཏེ་མང་དུ་བྱས་པས་སེམས་ཅན་དམྱལ་བར་འགྲོ་ཞིང་སེམས་ཅན་དམྱལ་བ་རྣམས་སུ་སྐྱེ་སྟེ། སེམས་ཅན་
དམྱལ་བ་རྣམས་སུ་ཉིང་མཚམས་སྦྱོར་བ་དེ་ནི་སེམས་ཅན་དམྱལ་བའི་འགྲོ་བ་ཞེས་བྱའོ། །གཞན་ཡང་མིང་དང་རྣམ་པའི་ཚིག་དང་། ཚིག་བླ་དགས་དང་། མིང་དུ་བཏགས་པ་དང་། ཀུན་དུ་རིག་པ་དང་། གདགས་པ་དང་། ཐ་སྙད་ཀྱི་སེམས་ཅན་དམྱལ་བའི་འགྲོ་བ་ཡང་སེམས་
ཅན་དམྱལ་བ་ཞེས་བྱའོ། །དུད་འགྲོའི་འགྲོ་བ་གང་ཞེ་ན། སྨྲས་པ། དུད་འགྲོ་རྣམས་དང་འདྲ་བར་གྱུར་པ་དང་། གྲོགས་སུ་གྱུར་པ་ནས་སྐྱེ་མཆེད་ཐོབ་པའི་བར་དང་། དུད་འགྲོའི་སྐྱེ་གནས་སུ་གྱུར་པ་དེར་སྐྱེས་པ་རྣམས་ཀྱི་མ་བསྒྲིབས་ལ་ལུང་དུ་མ་བསྟན་པའི་གཟུགས་ནས་རྣམ་པར་

ཤེས་པའི་བར་གང་ཡིན་པ་དེ་ཡང་དུད་འགྲོའི་འགྲོ་བ་ཞེས་བྱའོ། །གཞན་ཡང་ལུས་ཀྱི་ལས་དང་། ངག་གི་ལས་དང་། ཡིད་ཀྱི་ལས་ཡོན་པོ་ཀུན་དུ་བསྟེན་ཞིང་བསྒོམས་ཏེ་མང་དུ་བྱས་པས་དུད་འགྲོར་འགྲོ་ཞིང་དུད་འགྲོ་རྣམས་སུ་སྐྱེས་ཏེ་དུད་འགྲོ་རྣམས་སུ་ཉིང་
མཚམས་སྦྱོར་བ་དེ་ནི་དུད་འགྲོའི་འགྲོ་བ་ཞེས་བྱའོ། །གཞན་ཡང་མིང་དང་། རྣམ་པའི་ཚིག་དང་། ཚིག་བླ་དགས་ཞེས་བྱ་བ་ནས་སྔ་མ་བཞིན་དུ་སྦྱར་རོ། །ཡི་དགས་ཀྱི་འགྲོ་བ་གང་ཞེ་ན། སྨྲས་པ། ཡི་དགས་རྣམས་དང་འདྲ་བར་གྱུར་པ་ནས་སྐྱེ་མཆེད་ཐོབ་པའི་བར་གང་ཡིན་པ་དང་། ཡི་དགས་དེར་སྐྱེས་པ་རྣམས་
ཀྱི་མ་བསྒྲིབས་ལ་ལུང་དུ་མ་བསྟན་པའི་གཟུགས་ནས། རྣམ་པར་ཤེས་པའི་བར་གང་ཡིན་པ་དེ་ཡང་ཡི་དགས་ཀྱི་འགྲོ་བ་ཞེས་བྱའོ། །གཞན་ཡང་སེར་སྣ་ཀུན་དུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པས་ཡི་དགས་སུ་འགྲོ་ཞིང་ཡི་དགས་རྣམས་སུ་སྐྱེ་སྟེ་ཡི་དགས་རྣམས་སུ་ཉིང་མཚམས་
སྦྱོར་བ་དེ་ནི་ཡི་དགས་ཀྱི་འགྲོ་བ་ཞེས་བྱའོ། །གཞན་ཡང་མིང་དང་། རྣམ་པའི་ཚིག་དང་། ཚིག་བླ་དགས་ཞེས་བྱ་བ་ནས་སྔ་མ་བཞིན་དུ་སྦྱར་རོ། །ལྷའི་འགྲོ་བ་གང་ཞེ་ན། སྨྲས་པ། ལྷ་རྣམས་དང་འདྲ་བར་གྱུར་པ་ནས་སྐྱེ་མཆེད་ཐོབ་པའི་བར་དང་། ལྷ་དེར་སྐྱེས་པ་རྣམས་ཀྱི་མ་བསྒྲིབས་ལ་
ལུས་དུ་མ་བསྟན་པའི་གཟུགས་ནས། རྣམ་པར་ཤེས་པའི་བར་གང་ཡིན་པ་དེ་ཡང་ལྷའི་འགྲོ་བ་ཞེས་བྱའོ། །གཞན་ཡང་ལུས་ཀྱིས་ལེགས་པར་སྤྱོད་པ་དང་། ངག་གིས་ལེགས་པར་སྤྱོད་པ་དང་། ཡིད་ཀྱིས་ལེགས་པར་སྤྱོད་པ་ཆེན་པོ་ཀུན་དུ་བསྟེན་ཞིང་བསྒོམས་ཏེ་མང་དུ་བྱས་པས་ལྷར་
འགྲོ་ཞིང་ལྷ་རྣམས་ཀྱི་ནང་དུ་སྐྱེ་སྟེ། ལྷ་རྣམས་ཀྱི་ནང་དུ་ཉིང་མཚམས་སྦྱོར་བ་དེ་ནི། ལྷའི་འགྲོ་བ་ཞེས་བྱའོ། །གཞན་ཡང་མིང་དང་རྣམ་པའི་ཚིག་ཅེས་བྱ་བ་ནས་སྔ་མ་བཞིན་དུ་སྦྱར་རོ། །མིའི་འགྲོ་བ་གང་ཞེ་ན། སྨྲས་པ། མི་རྣམས་དང་འདྲ་བར་འགྱུར་བ་དང་། གྲོགས་སུ་གྱུར་པ་དང་།
སྐལ་བ་མཉམ་པ་དང་། གནས་ཐོབ་པ་དང་། གཞི་ཐོབ་པ་དང་། སྐྱེ་མཆེད་ཐོབ་པ་དང་། མི་འདིར་སྐྱེས་པ་རྣམས་ཀྱི་མ་བསྒྲིབས་ལ་ལུང་དུ་མ་བསྟན་པའི་གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་གང་ཡིན་པ་དེ་ཡང་མིའི་འགྲོ་བ་

ཞེས་བྱའོ། །གཞན་ཡང་ལུས་ཀྱིས་ལེགས་པར་སྤྱོད་པ་དང་། ངག་གིས་ལེགས་པར་སྤྱོད་པ་དང་། ཡིད་ཀྱིས་ལེགས་པར་སྤྱོད་པ་ཆུང་ངུ་ཀུན་དུ་བསྟེན་ཞིང་བསྒོམས་ཏེ་མང་དུ་བྱས་པས་མིར་འགྲོ་ཞིང་མི་རྣམས་ཀྱི་ནང་དུ་སྐྱེ་སྟེ། མི་རྣམས་ཀྱི་ནང་དུ་ཉིང་མཚམས་སྦྱོར་བ་དེ་ནི། མིའི་
འགྲོ་བ་ཞེས་བྱའོ། །གཞན་ཡང་མིང་དང་། རྣམ་པའི་ཚིག་དང་། ཚིག་བླ་དགས་དང་། མིང་དུ་བཏགས་པ་དང་། ཀུན་དུ་རིག་པ་དང་། གདགས་པ་དང་། ཐ་སྙད་ཀྱི་མིའི་འགྲོ་བ་ཡང་མིའི་འགྲོ་བ་ཞེས་བྱའོ། །འགྲོ་བ་གང་ལ་སྐྱེ་གནས་དུ་ཡོད་ཅེ་ན། སྨྲས་པ། སེམས་ཅན་དམྱལ་
བ་པ་རྣམས་ནི་རྫུས་ཏེ་སྐྱེ་བའི་སྐྱེ་གནས་གཅིག་པུ་ཡོད་དོ། །དུད་འགྲོ་རྣམས་ལ་སྐྱེ་གནས་དུ་ཡོད་ཅེ་ན། སྨྲས་པ། བཞི་པོ་ཐམས་ཅད་ཡོད་དོ། །ཡི་དགས་རྣམས་ལ་སྐྱེ་གནས་དུ་ཡོད་ཅེ་ན། སྨྲས་པ། རྫུས་ཏེ་སྐྱེ་བ་གཅིག་པུ་ཡོད་དོ། །ལ་ལ་ནི་ཡི་དགས་རྣམས་ལ་མངལ་ནས་སྐྱེ་བ་
ཡང་ཡོད་དོ་ཞེས་ཟེར་བ་ཡང་ཡོད་དེ། ཇི་ལྟ་ཞེ་ན། སྨྲས་པ། དཔེར་ན་ཡི་དགས་མོ་ཞིག་གིས་ཚེ་དང་ལྡན་པ་མཽད་གལ་གྱི་བུའི་མདུན་དུ་ཚིགས་སུ་བཅད་པ་སྨྲས་པ། འདིར་ནི་ཉིན་མོ་བུ་ལྔ་བཙས། །མཚན་མོ་གཞན་ལྔ་བཙས་གྱུར་ནས། །ཟོས་སུ་ཟིན་ཀྱང་དེ་དག་གིས། །བདག་ནི་འགྲངས་པར་མ་
གྱུར་ཏོ། །ཞེས་སྨྲས་པ་ལྟ་བུའོ། །ལྷ་རྣམས་ལ་སྐྱེ་གནས་དུ་ཡོད་ཅེ་ན། སྨྲས་པ། རྫུས་ཏེ་སྐྱེ་བ་གཅིག་པུ་ཡོད་དོ། །མི་རྣམས་ལ་སྐྱེ་གནས་དུ་ཡོད་ཅེ་ན། སྨྲས་པ། བཞི་པོ་ཐམས་ཅད་ཡོད་དོ། །མི་རྣམས་ལ་སྒོ་ང་ལས་སྐྱེ་བའི་སྐྱེ་གནས་ཇི་ལྟར་ཡོད་ཅེ་ན། སྨྲས་པ། དཔེར་ན་འཛམ་
བུའི་གླིང་པའི་ཚོང་པ་མང་པོ་རྒྱ་མཚོའི་འགྲམ་ནས་བསྐོར་བ་རྣམས་ཀྱིས་ཁྲུང་ཁྲུང་གཞོན་ནུ་མ་གཉིས་མཐོང་བ་ལས་གཅིག་ནི་བྲོས། གཅིག་ནི་དེ་དག་གིས་བཟུང་སྟེ། དེ་དག་དེ་དང་ལྷན་ཅིག་ཏུ་འཚོས་ནས། དེ་དག་འཚོས་པའི་རྐྱེན་གྱིས་སྒོ་ང་གཉིས་བྱུང་སྟེ། དེ་གཉིས་སྨིན་ཏེ་བརྟོལ་བ་ལས་
བྱིས་པ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་གཉིས་བྱུང་ནས། བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་སྟེ། དེ་ཉིད་ཀྱིས་བརྩོན་པ་དང་སྦྱོར་བ་དང་། འབད་པ་བྱས་པས་མཆོག་གི་འབྲས་བུ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ཏེ། ཚེ་དང་ལྡན་པ་དེ་གཉིས་རྫུ་འཕྲུལ་ཆེ་

ཞིང་མཐུ་ཆེ་བར་གྱུར་ཏེ། བྲག་དང་ཉེ་བའི་བྲག་ཅེས་བྱ་བར་གྱུར་པ་ལྟ་བུ་དང་། དཔེར་ན་རི་དགས་དགྲའི་བུ་མོ་ས་ག་ལས་སྒོ་ང་སུམ་ཅུ་རྩ་གཉིས་བྱུང་སྟེ། དེ་དག་སྨིན་ཏེ་བརྡོལ་བ་ལས་བྱིས་པ་གཟུགས་བཟང་ཞིང་བལྟ་ན་སྡུག་པ་མཛེས་པ། ཚན་པོ་ཆེ་ཆེན་པོའི་
སྟོབས་དང་ལྡན་པ་སུམ་ཅུ་རྩ་གཉིས་བྱུང་སྟེ། དེ་དག་གིས་ཉེས་པ་འགའ་ཞིག་བྱས་པའི་ཕྱིར་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་སྐྲག་པས་བསད་པ་ལྟ་བུ་དང་། དཔེར་ན་འདས་པའི་དུས་ན་ལྔ་ལེན་གྱི་རྒྱལ་པོའི་བཙུན་མོ་པདྨ་ཅན་ལས་སྒོ་ང་ལྔ་བརྒྱ་བྱུང་སྟེ། དེ་དག་སྨིན་ཏེ་བརྡོལ་བ་ལས་
བྱིས་པ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ། ཚན་པོ་ཆེ་ཆེན་པོའི་སྟོབས་དང་ལྡན་པ་ལྔ་བརྒྱ་བྱུང་སྟེ། དེ་དག་འགའ་ཞིག་ལས་སྐྱོ་བ་སྐྱེས་ནས་སྐྲ་དང་ཁ་སྤུ་རྣམས་བྲེགས་ཏེ་རབ་ཏུ་བྱུང་ནས། དེ་དག་བརྩོན་པ་དང་སྦྱོར་བ་དང་། འབད་པས་རང་སངས་རྒྱས་ཀྱི་བྱང་ཆུབ་མངོན་པར་
སངས་རྒྱས་པ་ལྟ་བུའོ། །དེ་ལ་སོགས་པ་གཞན་དག་ཀྱང་བརྗོད་པར་བྱ་སྟེ། དེ་ལྟར་ན་མི་རྣམས་ལ་སྒོ་ང་ལས་སྐྱེ་བའི་སྐྱེ་གནས་ཡོད་དོ། །མི་རྣམས་ལ་མངལ་ནས་སྐྱེ་བའི་སྐྱེ་གནས་ཇི་ལྟར་ཡོད་ཅེ་ན། སྨྲས་པ། ད་ལྟར་གྱི་མི་རྣམས་ཇི་ལྟ་བ་བཞིན་ཏེ། དེ་ལྟར་ན་མི་རྣམས་ལ་མངལ་
ནས་སྐྱེ་བའི་སྐྱེ་གནས་ཡོད་དོ། །མི་རྣམས་ལ་དྲོད་གཤེར་ལས་སྐྱེ་བའི་སྐྱེ་གནས་ཇི་ལྟར་ཡོད་ཅེ་ན། སྨྲས་པ། དཔེར་ན་རྒྱལ་པོ་ཚངས་པས་བྱིན་གྱི་བྲང་ནས། ཐོར་བུ་འདི་ལྟ་སྟེ། ཤིང་བལ་གྱི་འདའ་བ་འམ། རས་བལ་གྱི་འདའ་བ་ལྟ་བུར་འཇམ་ཞིང་ཤིན་ཏུ་འཇམ་ལ་གནོད་པ་ཅུང་ཟད་
ཀྱང་མེད་པ་ཞིག་བྱུང་སྟེ། དེ་སྨིན་ཏེ་བརྡོལ་བ་ལས་བུ་མོ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་ཞིག་སྐྱེས་ཏེ། ཕུག་རོན་ཕྲེང་ལྡན་ཞེས་བྱ་བར་གྱུར་ནས། དེ་དུས་གཞན་ཞིག་ན་སྐྱེས་ཤིང་དབང་པོ་རྣམས་ཡོངས་སུ་སྨིན་པར་གྱུར་པ་ན། སྔོན་མ་ཐོས་པར་ཚིགས་སུ་བཅད་པ་འདི་ལྟ་བུ་
ཞིག་དྲན་ཏེ། སྨྲས་པ། མཚོན་རྣམས་གང་ནས་ལྡོག་པར་གྱུར། །ལམ་ནི་གང་དུ་ལྡོག་པར་འགྱུར། །བདེ་དང་སྡུག་བསྔལ་འཇིག་རྟེན་ན། །གང་དུ་མ་ལུས་འགག་པར་འགྱུར། །ཞེས་སྨྲས་སོ། །དེ་ནས་བྲམ་ཟེའི་ཁྱེའུ་གཅམ་བུ་མུ་ཅོར་སྨྲ་བ་སྤྱི་བརྟོལ་ཅན་ཞིག་གིས་བུ་མོ་དེ་ལ་འདི་

སྐད་དུ། བུ་མོ་དེ་ནི་ཅི་ཡང་མ་ཡིན་པ་ཞིག་གོ་ཞེས་སྨྲས་ཏེ། དེ་སྐད་སྨྲས་པ་དང་། བུ་མོ་དེ་ཅི་ཡང་མེད་པའི་སྐྱེ་མཆེད་ལ་སྙོམས་པར་ཞུགས་པ་ལྟ་བུ་དང་། དཔེར་ན་རྒྱལ་པོ་གསོ་སྦྱོང་འཕགས་ཀྱི་སྤྱི་བོ་ལས་ཐོར་བུ་འདི་ལྟ་སྟེ། ཤིང་བལ་ལམ། རས་བལ་ལྟ་བུར་འཇམ་ཞིང་ཤིན་ཏུ་འཇམ་ལ་གནོད་
པ་ཅུང་ཟད་ཀྱང་མེད་པ་ཞིག་བྱུང་སྟེ། དེ་སྨིན་ཏེ་བརྡོལ་བ་ལས་བྱིས་པ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་བརྒྱན་པ་ཞིག་སྐྱེས་ཏེ། སྤྱི་བོ་ནས་སྐྱེས་སོ། །སྤྱི་བོ་ནས་སྐྱེས་སོ་ཞེས་ཟེར་ནས། མིང་ང་ལས་ནུ་ང་ལས་ནུ་ཞེས་བྱ་བར་གྱུར་ཏོ། །
བྱིས་པ་དེ་རྫུ་འཕྲུལ་ཆེ་ཞིང་མཐུ་ཆེ་བར་གྱུར་ཏེ། དེས་ཀྱང་གླིང་བཞིར་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་དབང་བྱས་པ་ལྟ་བུ་དང་། དཔེར་ན་རྒྱལ་པོ་ང་ལས་ནུའི་བརླ་གཡས་པ་ལས་ཐོར་བུ་འདི་ལྟ་སྟེ། ཤིང་བལ་ལམ། རས་བལ་ལྟ་བུར་འཇམ་ཞིང་ཤིན་ཏུ་འཇམ་ལ། ཅུང་ཟད་ཀྱང་གནོད་པ་མེད་པ་ཞིག་བྱུང་སྟེ། དེ་སྨིན་ཏེ་
བརྡོལ་བ་ལས་བྱིས་པ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་བརྒྱན་པ་ཞིག་སྐྱེས་ཏེ། རྐང་པ་གཡས་པ་ནས་སྐྱེས་སོ། །རྐང་པ་གཡས་པ་ནས་སྐྱེས་སོ་ཞེས་ཟེར་ནས། མིང་མཛེས་པ་མཛེས་པ་ཞེས་བྱ་བར་གྱུར་ཏོ། །བྱིས་པ་དེ་རྫུ་འཕྲུལ་
ཆེ་ཞིང་མཐུ་ཆེ་བར་གྱུར་ཏེ། དེས་ཀྱང་གླིང་གསུམ་དུ་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་དབང་བྱས་པ་ལྟ་བུ་དང་། དཔེར་ན་རྒྱལ་པོ་མཛེས་པའི་བརླ་གཡོན་པ་ནས་ཐོར་བུ་འདི་ལྟ་སྟེ། ཤིང་བལ་གྱི་འདའ་བ་འམ། རས་བལ་གྱི་འདའ་བ་ལྟ་བུར་འཇམ་ཤིང་ཤིན་ཏུ་འཇམ་ལ། ཅུང་ཟད་ཀྱང་གནོད་པ་མེད་པ་
ཞིག་བྱུང་སྟེ། དེ་སྨིན་ཏེ་བརྡོལ་བ་ལས་བྱིས་པ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་བརྒྱན་པ་ཞིག་སྐྱེས་ཏེ་རྐང་པ་གཡོན་པ་ནས་སྐྱེས་སོ། །རྐང་པ་གཡོན་པ་ནས་སྐྱེས་སོ་ཞེས་ཟེར་ནས། མིང་ཉེ་མཛེས་ཉེ་མཛེས་ཞེས་བྱ་བར་
གྱུར་ཏོ། །བྱིས་པ་དེ་རྫུ་འཕྲུལ་ཆེ་ཞིང་མཐུ་ཆེ་བར་གྱུར་ཏེ། དེས་ཀྱང་གླིང་གཉིས་སུ་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་དབང་བྱས་པ་ལྟ་བུ་དང་། དཔེར་ན་རྒྱལ་པོ་ཉེ་མཛེས་ཀྱི་རྐང་པའི་སྟེང་གི་བོལ་ནས་ཐོར་བུ་འདི་ལྟ་སྟེ། ཤིང་བལ་གྱི་འདའ་བའམ། རས་བལ་གྱི་འདའ་བ་ལྟ་བུར་འཇམ་ཞིང་

ཤིན་ཏུ་འཇམ་ལ། གནོད་པ་ཅུང་ཟད་མེད་པ་ཞིག་བྱུང་སྟེ། དེ་སྨིན་ཏེ་བརྡོལ་བ་ལས་བྱིས་པ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་བརྒྱན་པ་ཞིག་སྐྱེས་ཏེ། རྐང་པའི་སྟེང་གི་བོལ་ནས་སྐྱེས་སོ། །རྐང་པའི་སྟེང་
གི་བོལ་ནས་སྐྱེས་སོ་ཞེས་ཟེར་ནས། མིང་མཛེས་ལྡན་མཛེས་ལྡན་ཞེས་བྱ་བར་གྱུར་ཏོ། །བྱིས་པ་དེ་རྫུ་འཕྲུལ་ཆེ་ཞིང་མཐུ་ཆེ་བར་གྱུར་ནས་དེས་ཀྱང་གླིང་གཅིག་ཏུ་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་དབང་བྱས་པ་ལྟ་བུ་དང་། དཔེར་ན་རྒྱལ་པོ་མཛེས་ལྡན་གྱི་རྐང་པའི་འོག་གི་མཐིལ་ནས་ཐོར་བུ་འདི་ལྟ་
སྟེ། ཤིང་བལ་གྱི་འདའ་བ་དང་། རས་བལ་གྱི་འདའ་བ་ལྟ་བུར་འཇམ་ཞིང་ཤིན་ཏུ་འཇམ་ལ་གནོད་པ་ཅུང་ཟད་ཀྱང་མེད་པ་ཞིག་བྱུང་སྟེ། དེ་སྨིན་ཏེ་བརྡོལ་བ་ལས་བྱིས་པ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་བརྒྱན་པ་ཞིག་སྐྱེས་ཏེ། རྐང་
པའི་འོག་གི་མཐིལ་ནས་སྐྱེས་སོ། །རྐང་པའི་འོག་གི་མཐིལ་ནས་སྐྱེས་སོ་ཞེས་ཟེར་ནས། མིང་མཛེས་ཅན་མཛེས་ཅན་ཞེས་བྱ་བར་གྱུར་ཏོ། །བྱིས་པ་དེ་རྫུ་འཕྲུལ་ཆེ་ཞིང་མཐུ་ཆེ་བར་གྱུར་ཏེ། དེས་ཀྱང་འཛམ་བུའི་གླིང་དུ་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་དབང་བྱས་པ་ལྟ་བུ་དང་། དཔེར་ན་ཡངས་པ་ཅན་ན་
མིང་ཆེན་གྱི་སྐྱེད་མོས་ཚལ་དུ་ཤིང་ཨ་མྲ་ལས་བུ་མོ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་ཞིག་སྐྱེས་ཏེ། མིང་ཨ་མྲས་བསྐྱངས་མ་ཞེས་བྱ་བར་གྱུར་ནས། བུ་མོ་དེ་ཡང་ཚོགས་ཀྱིས་ཚོགས་ཀྱི་སྤྱད་པར་བྱས་པ་ལྟ་བུའོ། །དེ་ལ་སོགས་པ་གཞན་དག་ཀྱང་བརྗོད་པར་བྱ་སྟེ། དེ་ལྟར་ན་མི་
རྣམས་ལ་དྲོད་གཤེར་ལས་སྐྱེ་བའི་སྐྱེ་གནས་ཡོད་དོ། །དེ་རྣམས་ལ་རྫུས་ཏེ་སྐྱེ་བའི་སྐྱེ་གནས་ཇི་ལྟར་ཡོད་ཅེ་ན། སྨྲས་པ། དཔེར་ན་བསྐལ་པ་དང་པོ་པ་ཐམས་ཅད་རྫུས་ཏེ་སྐྱེས་པ་ལྟ་བུ་དང་། དཔེར་ན་དགེ་སློང་མ་དགོན་པ་མ་སྐྲ་བྲེགས་ཤིང་གོས་ངུར་སྨྲིག་གོན་བཞིན་དུ་དགོན་པ་ནས་
བྱུང་བ་ལྟ་བུའོ། །དེ་ལ་སོགས་པ་གཞན་དག་ཀྱང་བརྗོད་པར་བྱ་སྟེ། དེ་ལྟར་ན་མི་རྣམས་ལ་རྫུས་ཏེ་སྐྱེ་བའི་སྐྱེ་གནས་ཡོད་དོ། །ཅིའི་ཕྱིར་སེམས་ཅན་དམྱལ་བ་རྣམས་ཞེས་བྱ་ཞེ་ན། སྨྲས་པ། ཡིད་དུ་འོང་བ་མེད་ཅིང་བདེ་བ་དང་ཡིད་བདེ་བ་དང་བྲལ་བའི་ཕྱིར་རྒྱུ་དེས་ན་སེམས་ཅན་དམྱལ་བ་

རྣམས་ཞེས་བྱའོ། །ཅིའི་ཕྱིར་དུད་འགྲོ་རྣམས་ཞེས་བྱ་ཞེ་ན། སྨྲས་པ། དུད་དེ་འགྲོ་ཞིང་དུད་དེ་འོངས་པས་ན། དེའི་ཕྱིར་དུད་འགྲོ་རྣམས་ཞེས་བྱའོ། །ཅིའི་ཕྱིར་ཡི་དགས་རྣམས་ཞེས་བྱ་ཞེ་ན། སྨྲས་པ། ད་ལྟར་ཡི་དགས་རྣམས་ཀྱི་རྒྱལ་པོ་གཤིན་རྗེ་ཇི་ལྟ་བ་བཞིན་དུ་དེའི་དུས་ན་ཡི་དགས་རྣམས་
ཀྱི་རྒྱལ་པོ་ཕ་ཞེས་བྱ་བར་གྱུར་ཏེ། ཕའི་ཡུལ་དུ་འགྲོའོ། །ཕའི་ཡུལ་ནས་འོང་ངོ་ཞེས་ཟེར་ནས། མིང་ཡི་དགས་ཡི་དགས་ཞེས་བྱ་བར་གྱུར་ཏེ། རྒྱུ་དེས་ན་ཡི་དགས་རྣམས་ཞེས་བྱའོ། །ཅིའི་ཕྱིར་མི་རྣམས་ཞེས་བྱ་ཞེ་ན། སྨྲས་པ། རྒྱལ་པོ་ང་ལས་ནུ་དེས་བསྟན་པའི་མི་རྣམས་ནི་ལས་ཆེན་
པོའོ་ཅོག་བློས་བསྐྱེད་པ་དང་། བསམས་ཏེ་འཇམ་ཞིང་ཉེ་བར་བརྟགས་ནས་བྱེད་པ་དང་། བརྟགས་ཤིང་གཞལ་ཏེ་ཉེ་བར་རྟོག་པར་བྱེད་པས་ན་མི་མི་ཞེས་བྱ་བར་གྱུར་ཏེ། རྒྱུ་དེས་ན་མི་རྣམས་ཞེས་བྱའོ། །ཅིའི་ཕྱིར་ལྷ་རྣམས་ཞེས་བྱ་ཞེ་ན། སྨྲས་པ། འབར་བའི་ཕྱིར་ན་ལྷ་རྣམས་ཞེས་བྱའོ། །
གཞན་ཡང་འགྲོ་བ་རྣམས་དང་། སྐྱེ་བ་རྣམས་དང་། ལུས་ཐོབ་པ་རྣམས་ཀྱི་མཆོག་ཡིན་པས་ན་ལྷ་རྣམས་ཞེས་བྱའོ། །ཅིའི་ཕྱིར་མཐོ་རིས་ཞེས་བྱ་ཞེ་ན། སྨྲས་པ། སེམས་ཅན་དེ་དག་བདེ་བ་དང་ལྡན་ཞིང་སྐྱིད་ལ། གནོད་པ་མེད་ཅིང་། གནོད་པ་མེད་པའི་ཆོས་དང་ལྡན་ཏེ། བདེ་བ་
དང་། ཡིད་བདེ་བ་མཆོག་དང་། གནོད་པ་མེད་པའི་བདེ་བ་དང་། བདེ་བའི་ཚོར་བ་དང་ལྡན་པས་ན་མཐོ་རིས་ཞེས་བྱའོ། །ཅིའི་ཕྱིར་ལྷའི་བུ་མོ་ཞེས་བྱ་ཞེ་ན། སྨྲས་པ། གསལ་ཞིང་རྙོག་པ་མེད་པའི་ཕྱིར་ལྷའི་བུ་མོ་ཞེས་བྱ་བ་དང་། བག་བྱེད་ཅིང་དགའ་བའི་ཤས་ཆེ་བའི་ཕྱིར་ལྷའི་བུ་མོ་ཞེས་
བྱ་སྟེ། རྒྱུ་དེས་ན་ལྷའི་བུ་མོ་རྣམས་ཞེས་བྱའོ།། །།རྒྱུ་གདགས་པ། བམ་པོ་བདུན་པ་སྟེ་ཐ་མ། ཅིའི་ཕྱིར་མ་ཞེས་བྱ་ཞེ་ན་སྨྲས་པ། ནུ་ཞོ་སྣུན་པར་བྱེད་པ་དང་། གསོ་བར་བྱེད་པའི་ཕྱིར་མ་ཞེས་བྱ་བ་དང་། མཁས་ཤིང་བློ་དང་ལྡན་པའི་ཕྱིར་མ་ཞེས་བྱ་སྟེ། རྒྱུ་དེས་ན་མ་ཞེས་བྱའོ། །
ཅིའི་ཕྱིར་ཕ་ཞེས་བྱ་ཞེ་ན། སྨྲས་པ། སྐྱེ་བ་འགྲུབ་པ་ལ་བུ་རྒྱུད་ཀྱི་ལས་དང་འབྲེལ་པའི་རྒྱུ་དང་པོ་དེ་ཡིན་པ་དང་། རྐྱེན་དེ་ཡིན་པས་ན་དེའི་ཕྱིར་ཕ་ཞེས་བྱའོ། །ཅིའི་ཕྱིར་ཞང་པོ་ཞེས་བྱ་ཞེ་ན། སྨྲས་པ། མ་དང་རིགས་གཅིག་ཏུ་འབྲེལ་པས་ན། དེའི་ཕྱིར་ཞང་པོ་ཞེས་བྱའོ། །ཅིའི་ཕྱིར་

ཁུ་བོ་ཞེས་བྱ་ཞེ་ན། སྨྲས་པ། སྐྱེད་པའི་ཕ་ལ་ནི་ཕ་ཞེས་བྱ་སྟེ། འདི་ནི་བདག་གི་ཕའི་ཐབས་སོ། །ཞེས་བྱ་བས་ན་དེའི་ཕྱིར་ཁུ་བོ་ཞེས་བྱའོ། །ཅིའི་ཕྱིར་ཕུ་ནུ་ཞེས་བྱ་ཞེ་ན། སྨྲས་པ། རིགས་ལས་སྐལ་བ་གཅོད་པས་ན་དེའི་ཕྱིར་ཕུ་ནུ་ཞེས་བྱའོ། །ཅིའི་ཕྱིར་
སྲིང་མོ་ཞེས་བྱ་ཞེ་ན། སྨྲས་པ། རིགས་ལས་བཀུར་སྟིར་བྱ་བ་དང་། བླ་མར་བྱ་བ་དང་། རི་མོར་བྱ་བ་དང་། མཆོད་པར་བྱ་བ་དང་། རིམ་གྲོར་བྱ་བའི་སྐལ་བ་དབང་བ་ན། དེའི་ཕྱིར་སྲིང་མོ་ཞེས་བྱའོ། །ཅིའི་ཕྱིར་མ་ལས་འོ་མ་འབྱུང་ལ་ཕ་ལས་མི་འབྱུང་ཞེ་ན། སྨྲས་པ། མའི་མངལ་ནས་སྐྱེ་
བ་དང་འབྲེལ་བར་འགྱུར་གྱི། ཕ་དང་འབྲེལ་བ་མེད་པའི་ཕྱིར་རོ། །གཞན་ཡང་ཆེས་ལྷག་པར་མ་བུ་ལ་བྱམས་ཀྱི་ཕ་ནི་དེ་ལྟ་མ་ཡིན་ཏེ། རྒྱུ་དེས་ན་མ་ལས་འོ་མ་འབྱུང་གི་ཕ་ལས་མི་འབྱུང་ངོ་། །ཅིའི་ཕྱིར་བུད་མེད་ལ་འགྲམ་སྤུ་དང་ཁ་སྤུ་མེད་ཅེ་ན། སྨྲས་པ། མ་ནིང་བཞིན་དུ་དེའི་དབང་པོ་རྣམས་
ཞན་པས་ན། དེའི་ཕྱིར་བུད་མེད་ལ་འགྲམ་སྤུ་དང་ཁ་སྤུ་མེད་དོ། །ཅིའི་ཕྱིར་མ་ནིང་ལ་འགྲམ་སྤུ་དང་ཁ་སྤུ་མེད་ཅེ་ན། སྨྲས་པ། བུད་མེད་བཞིན་དུ་དེའི་དབང་པོ་རྣམས་ཞེན་པས་ན་དེའི་ཕྱིར་འགྲམ་སྤུ་དང་ཁ་སྤུ་མེད་དོ། །ཅིའི་ཕྱིར་རྒྱལ་པོ་ཞེས་བྱ་ཞེ་ན་སྨྲས་པ། ཆོས་དང་། ངང་ཚུལ་དང་།
སྤྱོད་ཚུལ་ཀུན་དུ་སྤྱོད་པས་འཁོར་རངས་པར་བྱེད་པས་ན། དེའི་ཕྱིར་རྒྱལ་པོ་ཞེས་བྱའོ། །ཅིའི་ཕྱིར་རྒྱལ་རིགས་ཞེས་བྱ་ཞེ་ན། སྨྲས་པ། ཞིང་རྣམས་ཀྱི་བདག་པོར་གྱུར་པས་ན་དེའི་ཕྱིར་རྒྱལ་རིགས་ཞེས་བྱའོ། །ཅིའི་ཕྱིར་བྲམ་ཟེ་ཞེས་བྱ་ཞེ་ན། སྨྲས་པ། ཕྱི་རོལ་དུ་སེམས་པས་ན་དེའི་ཕྱིར་
བྲམ་ཟེ་ཞེས་བྱའོ། །ཅིའི་ཕྱིར་རྗེའུ་རིགས་ཞེས་བྱ་ཞེ་ན། སྨྲས་པ། ཉོན་མོངས་པ་རྣམ་པ་སྣ་ཚོགས་དང་ལྡན་པའི་ལས་བྱེད་པས་ན། དེའི་ཕྱིར་རྗེའུ་རིགས་ཞེས་བྱའོ། །ཅིའི་ཕྱིར་དམངས་རིགས་ཞེས་བྱ་ཞེ་ན། སྨྲས་པ། ངན་ལས་བྱེད་པ་དང་། གནོད་པའི་ལས་བྱེད་པས་ན་དེའི་ཕྱིར་དམངས་
རིགས་ཞེས་བྱའོ། །ཅིའི་ཕྱིར་གདོལ་པ་ཞེས་བྱ་ཞེ་ན། སྨྲས་པ། བསྐལ་པ་དང་པོའི་མི་རྣམས་སུ་ཡང་ཕ་རོལ་གྱི་མི་ལེན་པ་ལས་ཕྱིས་མི་ཞིག་གིས་ཕ་རོལ་གྱི་མ་བྱིན་པར་བླངས་ནས་དེ་རྒྱལ་པོའི་སྲུང་མའི་མིས་བཟུང་སྟེ། རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བའི་རྒྱལ་པོ་ལ་ཕུལ་ནས། ལྷ་

མཁྱེན་པར་མཛད་དུ་གསོལ། མི་འདིས་ནི་ཕ་རོལ་གྱི་མ་བྱིན་པར་བླངས་ལགས་སོ། །རྒྱལ་པོས་དེ་དག་ལ་སྨྲས་པ། ཁྱེད་དེང་ལ་མི་འདི་སོད་ཅིག་ཅེས་བྱས་ན། མི་དེ་དག་ལས་སུ་ཡང་མི་དེ་གསད་པར་སྤྲོ་བ་མ་བྱུང་ནས། དེ་དག་ལ་སྤྱི་བོ་ནས་དབང་བསྐུར་བའི་རྒྱལ་པོས་འདི་སྐད་ཅེས་
སྨྲས་ཏེ། སུ་མི་འདི་གསོད་པ་དེ་ལ་ངས་ནོར་གྱི་ཕུང་པོ་ཆེན་པོ་སྦྱིན་ནོ། །དེ་ནས་མི་གཞན་ནོར་དོན་དུ་གཉེར་ཞིང་ནོར་འདོད་ལ་ནོར་ལ་བརྐམ་ཞིང་ནོར་གྱི་ཉེས་སྡིག་ཅན་ཞིག་གིས་མི་དེ་བསད་དོ། །མི་དེ་བསད་ནས་དེ་དག་འདི་སྙམ་སེམས་ཏེ། མི་འདི་ནི་གཏུམ་པོ་ཞིག་སྟེ། འདི་ལྟར་ནོར་དོན་
དུ་གཉེར་བ་དང་། ནོར་འདོད་པ་དང་། ནོར་ལ་བརྐམ་པ་དང་། ནོར་གྱི་ཉེས་སྡིག་གིས་མི་སུན་མ་ཕྱུང་ཞིང་ཉེས་པ་མེད་པ་བསད་ཀྱིས། མི་འདི་ནི་དགོས་པ་མེད་དོ། །མི་འདི་ནི་གཏུམ་པོའོ་ཞེས་ཟེར་ནས་མིང་གདོལ་པ་གདོལ་པ་ཞེས་བྱ་བར་གྱུར་ཏེ། རྒྱུ་དེས་ན་གདོལ་པ་རྣམས་ཞེས་བྱའོ། །
ཆོས་མངོན་པའི་བསྟན་བཅོས་ཆེན་པོ་རྒྱུ་གདགས་པ་ལས་ཚིགས་བཅྭ་ལྔ་པའོ།། །།སྡོམ་ནི། དུད་འགྲོ་སྦྲུལ་དང་གླང་པོ་རྟ། །རྔ་མོ་བ་ལང་ཕྱུགས་དང་གླང་། །རྭ་དང་འཇམ་དང་དྲག་པ་དང་། །ཆུ་གནས་བཀྲེན་པ་ཚིགས་ཀྱི་སྡོམ། །ཅིའི་ཕྱིར་དུད་འགྲོ་ཞེས་བྱ་ཞེ་ན། སྨྲས་པ། སེམས་
ཅན་ལས་ཤིན་ཏུ་གནག་པ་དང་ལྡན་པ་ཞིག་འོད་གསལ་གྱི་ལྷའི་རིས་ནས་ཤི་འཕོས་ནས་འཇིག་རྟེན་གྱི་ཁམས་འདིར་མི་རྣམས་དང་སྐལ་བ་མཉམ་པར་བསྐལ་པ་དང་པོའི་མི་རྣམས་ཀྱི་ནང་དུ་སྐྱེས་སོ། །དེ་འདིར་སྐྱེས་ནས་དེས་ལག་པ་གཉིས་ས་ལ་བཙུགས་ཏེ། དུད་དེ་འགྲོ་བ་ལས་མིང་དུད་འགྲོ་དུད་འགྲོ་ཞེས་
བྱ་བར་གྱུར་ཏེ། རྒྱུ་དེས་ན་དུད་འགྲོ་རྣམས་ཞེས་བྱའོ། །ཅིའི་ཕྱིར་སྦྲུལ་ཞེས་བྱ་ཞེ་ན། སྨྲས་པ། སེམས་ཅན་ལས་ཤིན་ཏུ་གནག་པ་དང་ལྡན་པ་ཞིག་འོད་གསལ་གྱི་ལྷའི་རིས་ནས་ཤི་འཕོས་ནས་འཇིག་རྟེན་གྱི་ཁམས་འདིར་མི་རྣམས་དང་སྐལ་བ་མཉམ་པར་བསྐལ་པ་དང་པོའི་མི་རྣམས་
ཀྱི་ནང་དུ་སྐྱེས་སོ། །དེ་འདིར་སྐྱེས་ནས་ལག་པ་གཉིས་དང་རྐང་པ་གཉིས་མེད་པར་གྱུར་ཏེ། དེ་ལྟོས་འཕྱེ་བར་གྱུར་ནས་དེ་དག་འདི་སྐད་དུ། སེམས་ཅན་འདི་ལྟོས་ཕྱེའོ་སེམས་ཅན་འདི་ལྟོས་ཕྱེའོ་ཞེས་ཟེར་ནས། མིང་ལྟོ་འཕྱེ་ལྟོ་འཕྱེ་ཞེས་བྱ་བར་གྱུར་ཏེ། རྒྱུ་དེས་ན་སྦྲུལ་ཞེས་

བྱའོ། །ཅིའི་ཕྱིར་གླང་པོ་ཆེ་ཞེས་བྱ་ཞེ་ན། སྨྲས་པ། སེམས་ཅན་ལས་ཤིན་ཏུ་གནག་པ་དང་ལྡན་པ་ཞིག་འོད་གསལ་གྱི་ལྷའི་རིས་ནས་ཤི་འཕོས་ནས་འཇིག་རྟེན་གྱི་ཁམས་འདིར་མི་རྣམས་དང་སྐལ་བ་མཉམ་པར་བསྐལ་པ་དང་པོའི་མི་རྣམས་ཀྱི་ནང་དུ་སྐྱེས་ཏེ། དེ་འདིར་
སྐྱེས་ནས་དེས་ལག་པ་གཉིས་ས་ལ་བཙུགས་ཏེ། དེའི་སྣ་ཡང་རིང་པོར་གྱུར་ནས། ལག་པས་འགྲོ་ཞིང་ལག་པས་འོང་བས་མིང་གླང་པོ་ཆེ་གླང་པོ་ཆེ་ཞེས་བྱ་བར་གྱུར་ཏེ། རྒྱུ་དེས་ན་གླང་པོ་ཆེ་རྣམས་ཞེས་བྱའོ། །ཅིའི་ཕྱིར་རྟ་ཞེས་བྱ་ཞེ་ན། སྨྲས་པ། སེམས་ཅན་ལས་ཤིན་ཏུ་གནག་པ་དང་ལྡན་པ་
ཞིག་འོད་གསལ་གྱི་ལྷའི་རིས་ནས་ཤི་འཕོས་ནས་འཇིག་རྟེན་གྱི་ཁམས་འདིར་མི་རྣམས་དང་སྐལ་བ་མཉམ་པར་བསྐལ་པ་དང་པོའི་མི་རྣམས་ཀྱི་ནང་དུ་སྐྱེས་ཏེ། དེ་འདིར་སྐྱེས་ནས་དགོན་པའི་གནས་རྣམས་སུ་རྒྱུ་བར་གྱུར་ཏོ། །དེ་ནས་སེམས་ཅན་དེ་དག་གིས་མཐོང་ནས་འདི་སྐད་དུ་ཀྱེ་སུའི་
ཞེས་བྱས་པ་དང་། སྨྲས་པ། ཀྱེ་འདི་ནི་སུའི་ཡང་མ་ཡིན་ནོ་ཞེས་ཟེར་ནས་མིང་རྟ་རྟ་ཞེས་བྱ་བར་གྱུར་ཏེ། རྒྱུ་དེས་ན་རྟ་རྣམས་ཞེས་བྱའོ། །ཅིའི་ཕྱིར་རྔ་མོ་ཞེས་བྱ་ཞེ་ན། སྨྲས་པ། སེམས་ཅན་ལས་ཤིན་ཏུ་གནག་པ་དང་ལྡན་པ་ཞིག་འོད་གསལ་གྱི་ལྷའི་རིས་ནས་ཤི་འཕོས་ནས་འཇིག་རྟེན་གྱི་ཁམས་
འདིར་མི་རྣམས་དང་སྐལ་བ་མཉམ་པར་བསྐལ་པ་དང་པོའི་མི་རྣམས་ཀྱི་ནང་དུ་སྐྱེས་ཏེ། དེ་འདིར་སྐྱེས་ནས་མཆུ་གཉིས་འཕྱང་ལ་མགྲིན་པ་ཡང་གྱེ་གུ་ཅན་དུ་གྱུར་ནས། དེ་དག་འདི་སྐད་དུ། མཆུ་གཉིས་འཕྱང་ངོ་མཆུ་གཉིས་འཕྱང་ངོ་ཞེས་ཟེར་ནས། དེ་དག་གིས་དེའི་མིང་རྔ་མོ་ཞེས་བཏགས་ཏེ།
རྒྱུ་དེས་ན་རྔ་མོ་རྣམས་ཞེས་བྱའོ། །ཅིའི་ཕྱིར་བ་ལང་ཞེས་བྱ་ཞེ་ན། སྨྲས་པ། སེམས་ཅན་ལས་ཤིན་ཏུ་གནག་པ་དང་ལྡན་པ་ཞིག་འོད་གསལ་གྱི་ལྷའི་རིས་ནས་ཤི་འཕོས་ནས་འཇིག་རྟེན་གྱི་ཁམས་འདིར་མི་རྣམས་དང་སྐལ་བ་མཉམ་པར་བསྐལ་པ་དང་པོའི་མི་རྣམས་ཀྱི་ནང་དུ་སྐྱེས་ཏེ། དེ་འདིར་
སྐྱེས་ནས་ཚོགས་ཀྱི་ནང་ནས་བྱུང་སྟེ། དགོན་པའི་གནས་དག་ན་རྒྱུ་ཞིང་། སེམས་ཅན་དེ་ཚོགས་ཀྱི་ནང་ནས་བྱུང་ནས་དགོན་པའི་གནས་དག་ན་རྒྱུ་ཞིང་ཚོགས་ཀྱི་ནང་ན་མི་གནས་པའི་ཕྱིར་དེའི་མིང་བ་ལང་ཞེས་བྱ་བར་གྱུར་ཏེ། རྒྱུ་དེས་ན་བ་ལང་རྣམས་ཞེས་བྱའོ། །ཅིའི་ཕྱིར་ཕྱུགས་ཞེས་བྱ་ཞེ་ན།

སྨྲས་པ། སེམས་ཅན་ལས་ཤིན་ཏུ་གནག་པ་དང་ལྡན་པ་ཞིག་འོད་གསལ་གྱི་ལྷའི་རིས་ནས་ཤི་འཕོས་ནས་འཇིག་རྟེན་གྱི་ཁམས་འདིར་མི་རྣམས་དང་སྐལ་བ་མཉམ་པར་བསྐལ་པ་དང་པོའི་མི་རྣམས་ཀྱི་ནང་དུ་སྐྱེས་ཏེ། དེ་འདིར་སྐྱེས་ནས་དགོན་པའི་གནས་རྣམས་སུ་རྒྱུ་བ་མི་དེ་དག་གི་གློ་ནས་
འཛིན་ཅིང་། གློ་ནས་འཛིན་པས་ན་མིང་ཕྱུགས་ཞེས་བཏགས་ཏེ་རྒྱུ་དེས་ན་ཕྱུགས་རྣམས་ཞེས་བྱའོ། །ཅིའི་ཕྱིར་གླང་བུ་ཞེས་བྱ་ཞེ་ན། སྨྲས་པ། སེམས་ཅན་ལས་ཤིན་ཏུ་གནག་པ་དང་ལྡན་པ་ཞིག་འོད་གསལ་གྱི་ལྷའི་རིས་ནས་ཤི་འཕོས་ནས་འཇིག་རྟེན་གྱི་ཁམས་འདིར་མི་རྣམས་དང་སྐལ་བ་
མཉམ་པར་བསྐལ་པ་དང་པོའི་མི་རྣམས་ཀྱི་ནང་དུ་སྐྱེས་ཏེ། དེ་འདིར་སྐྱེས་ནས་ཤིན་ཏུ་སྟོབས་ཆེ་ཞིང་ཁལ་ཁྱེར་བའི་ཕྱིར་མིང་གླང་བུ་གླང་བུ་ཞེས་བྱ་བར་གྱུར་ཏེ། རྒྱུ་དེས་ན་གླང་བུ་རྣམས་ཞེས་བྱའོ། །ཅིའི་ཕྱིར་སེམས་ཅན་ཁ་ཅིག་ནི་རྭའི་སྟོབས་དང་ལྡན། ཁ་ཅིག་ནི་སྡེར་མོའི་སྟོབས་དང་
ལྡན། །ཁ་ཅིག་ནི་མཆེ་བའི་སྟོབས་དང་ལྡན་པར་གྱུར་ཅེ་ན། སྨྲས་པ། སེམས་ཅན་གང་དག་སྔོན་མིར་གྱུར་པ་ན་མཚོན་ཆས་བརྒྱན་པ་དང་། མཚོན་ཆ་ལག་ཆར་ཐོགས་པར་གྱུར་ཏེ། དེ་དག་ཉེས་པར་སྤྱོད་པ་ཀུན་དུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པས་དེས་ལུས་ཞིག་ནས་ཤི་བའི་འོག་ཏུ་ངན་
སོང་ངན་འགྲོ་ལོག་པར་ལྷུང་བ་སེམས་ཅན་དམྱལ་བ་རྣམས་སུ་སྐྱེས་ཏེ། དེ་དག་སེམས་ཅན་དམྱལ་བ་རྣམས་ནས་ཤི་འཕོས་ནས་ལས་ཀྱི་ལྷག་མ་ལུས་པ་དེས་དུད་འགྲོ་རྣམས་སུ་སྐྱེ་བར་གྱུར་ཏེ། དེར་ཁ་ཅིག་ནི་རྭའི་སྟོབས་དང་ལྡན། ཁ་ཅིག་ནི་སྡེར་མོའི་སྟོབས་དང་ལྡན། ཁ་ཅིག་ནི་
མཆེ་བའི་སྟོབས་དང་ལྡན་པར་གྱུར་ཏེ། རྒྱུ་དེས་ན་ཁ་ཅིག་ནི་རྭའི་སྟོབས་དང་ལྡན། ཁ་ཅིག་ནི་སྡེར་མོའི་སྟོབས་དང་ལྡན། ཁ་ཅིག་ནི་མཆེ་བའི་སྟོབས་དང་ལྡན་པར་གྱུར་ཏོ། །ཅིའི་ཕྱིར་སྤུ་གཤོར་བར་གྱུར་ཅེ་ན། སྨྲས་པ། སའི་ཁམས་ཀྱི་ཤས་ཆེ་བའི་ཕྱིར་རོ། །གཞན་ཡང་སེམས་ཅན་གང་དག་སྔོན་
མིར་གྱུར་པ་ན་ལུས་ཀྱི་ལས་རྩུབ་པ་དང་། ངག་གི་ལས་རྩུབ་པ་དང་། ཡིད་ཀྱི་ལས་རྩུབ་པ་དེ་དག་ཉེས་པར་སྤྱོད་པ་ཀུན་དུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པ་དེས། ལུས་ཞིག་ནས་ཤི་བའི་འོག་ཏུ་ངན་སོང་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་རྣམས་སུ་སྐྱེས་ཏེ། དེ་དག་དེ་ནས་ཤི་

འཕོས་ནས་གལ་ཏེ་མི་རྣམས་དང་སྐལ་བ་མཉམ་པར་ཁམས་འདིར་སྐྱེས་ན་ཡང་ལས་ཀྱི་ལྷག་མ་ལུས་པ་དེས་སྤུ་གཤོར་བར་གྱུར་ཏོ། །ཅིའི་ཕྱིར་སྤུ་འཇམ་པར་གྱུར་ཅེ་ན། སྨྲས་པ། སེམས་ཅན་གང་དག་སྔོན་མིར་གྱུར་པ་ན་ལུས་ཀྱི་ལས་རྩུབ་པ་མ་བྱས། ངག་
གི་ལས་རྩུབ་པ་མ་བྱས། ཡིད་ཀྱི་ལས་རྩུབ་པ་མ་བྱས་ཏེ། དེ་དག་ལེགས་པར་སྤྱོད་པ་ཀུན་དུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པ་དེས། ལུས་ཞིག་ནས་ཤི་བའི་འོག་ཏུ་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་དུ་ལྷ་རྣམས་ཀྱི་ནང་དུ་སྐྱེས་ཏེ། དེ་ནས་ཤི་འཕོས་ནས་གལ་ཏེ་མི་རྣམས་དང་སྐལ་
བ་མཉམ་པར་ཁམས་འདིར་སྐྱེས་ན་ཡང་ལས་ཀྱི་ལྷག་མ་ལུས་པ་དེས་སྤུ་འཇམ་པར་གྱུར་ཏེ། རྒྱུ་དེས་ན་སྤུ་འཇམ་པར་གྱུར་ཏོ། །ཅིའི་ཕྱིར་དུག་དྲག་པར་འགྱུར་ཞེ་ན། སྨྲས་པ། གནོད་སེམས་ཀྱི་ཤས་ཆེ་བའི་ཕྱིར་རོ། །གཞན་ཡང་སེམས་ཅན་གང་དག་དུག་དྲག་པ་དེ་དག་གི་ནང་ནས་
ཉེ་ཞིང་དུ་བས་ཉེ་བར་ཤི་འཕོས་པ་རྣམས་ཡིན་ཏེ། དེ་དག་ཀྱང་གང་ཞེ་ན། འདི་ལྟ་སྟེ། སྦྲུལ་དང་། སྡིག་པ་དང་། སྦྲང་རྒོད་མདུང་གསུམ་པ་དང་། སྦྲང་རྒོད་མདུང་གསུམ་པ་ཆེན་པོ་དང་། སྲིན་གྱི་མེད་ལ་སོགས་པ་སྟེ། རྒྱུ་དེས་ན་དུག་དྲག་པོར་འགྱུར་རོ། །ཅིའི་ཕྱིར་དུག་དྲག་པོར་མི་
འགྱུར་ཞེ་ན། སྨྲས་པ། གནོད་སེམས་མེད་པའི་ཁམས་ཤས་ཆེ་བའི་ཕྱིར་རོ། །གཞན་ཡང་སེམས་ཅན་གང་དག་དུག་དྲག་པ་མ་ཡིན་པ་དེ་དག་གི་ནང་ནས་ཉེ་ཞིང་དུ་བས་ཉེ་བར་ཤི་འཕོས་པ་རྣམས་ཡིན་ཏེ། དེ་དག་ཀྱང་གང་ཞེ་ན། འདི་ལྟ་སྟེ། དྲང་སྲོང་རྣམས་དང་། རབ་ཏུ་བྱུང་བ་
རྣམས་དང་། ཁྱིམ་བདག་རྣམས་དང་། གཟུགས་དང་། གཟུགས་མེད་པ་ན་སྤྱོད་པའི་ལྷ་རྣམས་ཏེ། རྒྱུ་དེས་ན་དུག་དྲག་པོར་མི་འགྱུར་རོ། །ཅིའི་ཕྱིར་ཆུ་ན་གནས་པའི་སེམས་ཅན་རྣམས་དང་སྐལ་བ་མཉམ་པར་སྐྱེ་བར་འགྱུར་ཞེ་ན། སྨྲས་པ། སེམས་ཅན་གང་དག་སྐོམ་ཞིང་གདུངས་
ལ། སྐམས་ཏེ་ཆུ་འདོད་བཞིན་དུ་འཆི་བ་དེ་དག་ལ་ལུས་ཞིག་ནས་ཆུ་ན་གནས་པའི་སེམས་ཅན་རྣམས་དང་སྐལ་བ་མཉམ་པར་སྐྱེ་བར་འགྱུར་རོ། །ཅིའི་ཕྱིར་བྱ་རྣམས་དང་སྐལ་བ་མཉམ་པར་སྐྱེ་བར་འགྱུར་ཞེ་ན། སྨྲས་པ། སེམས་ཅན་གང་དག་དོག་ཅིང་ཡོངས་སུ་གཟིར་བར་

འགྱུར་ཏེ། གོ་སྐབས་ཡངས་པ་འདོད་བཞིན་དུ་འཆི་བ་དེ་དག་ལུས་ཞིག་ནས་བྱ་རྣམས་དང་སྐལ་བ་མཉམ་པར་སྐྱེ་བར་འགྱུར་རོ། །འགྲོ་བ་དེར་སྨིན་པར་འགྱུར་བའི་ལས་བྱས་ཤིང་བསྩགས་པ་ལས་ཀྱང་འགྱུར་ཏེ། ཆུ་ན་གནས་པ་རྣམས་ལ་ཡང་དེ་བཞིན་དུ་བརྗོད་པར་བྱའོ། །ཅིའི་ཕྱིར་སའི་
ཕྱོགས་བཀྲེན་པ་ཟས་དང་སྐོམ་ཉུང་བ་རྣམས་སུ་སྐྱེ་བར་འགྱུར་ཞེ་ན། སྨྲས་པ། སེམས་ཅན་གང་དག་སྔོན་མིར་གྱུར་པ་ན། ལུས་ཀྱི་ལས་རྩུབ་པོ་དང་། ངག་གི་ལས་རྩུབ་པོ་དང་། ཡིད་ཀྱི་ལས་རྩུབ་པོར་གྱུར་པ་དེ་དག་ཉེས་པར་སྤྱོད་པ་ཀུན་དུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པ་དེས།
ལུས་ཞིག་ནས་ཤི་བའི་འོག་ཏུ་ངན་སོང་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་རྣམས་སུ་སྐྱེ་བར་འགྱུར་ཏེ། གལ་ཏེ་དེ་ནས་ཤི་འཕོས་ནས་ཁམས་འདིར་མི་རྣམས་དང་སྐལ་བ་མཉམ་པར་སྐྱེས་ན་ཡང་ལས་ཀྱི་ལྷག་མ་ལུས་པ་དེས། འདིར་ས་ཕྱོགས་བཀྲེན་པ་ཟས་དང་སྐོམ་ཉུང་བ་
དག་ཏུ་སྐྱེ་བར་འགྱུར་ཏེ། རྒྱུ་དེས་ན་ས་ཕྱོགས་བཀྲེན་པ་ཟས་དང་སྐོམ་ཉུང་བ་དག་ཏུ་སྐྱེ་བར་འགྱུར་རོ། །ཅིའི་ཕྱིར་ས་ཕྱོགས་གཤིན་པ་ཟས་དང་། སྐོམ་མོད་པ་དག་ཏུ་སྐྱེ་བར་འགྱུར་ཞེ་ན། སྨྲས་པ། སེམས་ཅན་གང་དག་སྔོན་མིར་གྱུར་པ་ན། ལུས་ཀྱི་ལས་དྲང་པོ་དང་། ངག་གི་ལས་
དྲང་པོ་དང་། ཡིད་ཀྱི་ལས་དྲང་པོར་གྱུར་པ་དེ་དག་ལེགས་པར་སྤྱོད་པ་ཀུན་དུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པ་དེས། ལུས་ཞིག་ནས་ཤི་བའི་འོག་ཏུ་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་ལྷ་རྣམས་ཀྱི་ནང་དུ་སྐྱེས་པར་གྱུར་ཏེ། གལ་ཏེ་དེ་ནས་ཤི་འཕོས་ནས་ཁམས་འདིར་མི་རྣམས་དང་སྐལ་
བ་མཉམ་པར་སྐྱེ་ན་ཡང་ལས་ཀྱི་ལྷག་མ་ལུས་པ་དེས་འདིར་ས་ཕྱོགས་གཤིན་པ་ཟས་དང་སྐོམ་མོད་པ་དག་ཏུ་སྐྱེ་བར་འགྱུར་ཏེ། རྒྱུ་དེས་ན་ས་ཕྱོགས་གཤིན་པ་ཟས་དང་སྐོམ་མོད་པ་དག་ཏུ་སྐྱེ་བར་འགྱུར་རོ། །ཆོས་མངོན་པའི་བསྟན་བཅོས་དགེ་བ་དང་མི་དགེ་བའི་རྒྱུ་དང་འབྲས་བུ་བསྟན་པ།
རྒྱུ་གདགས་པ་ལས་ཚིགས་བཅུ་དྲུག་པའོ།། །།སྡོམ་ནི། སེམས་དམྱལ་སྦྲུལ་དང་བྱི་བ་ཁྱི། །གླང་ཆེན་རྟ་དང་རྔ་མོ་དང་། །བ་ལང་བོང་བུ་རི་དགས་དང་། །ར་ལུག་ཁྭ་རྣམས་ཚིགས་ཀྱི་སྡོམ། །སེམས་ཅན་དམྱལ་བ་དག་ནས་ཤི་འཕོས་པ་རྣམས་ཀྱི་རྣམ་པ་ནི་གང་དག་ཡིན།

མཚན་མ་ནི་གང་དག་ཡིན། རྟགས་ནི་གང་དག་ཡིན་ཞེ་ན། སྨྲས་པ། སེམས་ཅན་གང་དག་སྐེམ་པ་དང་། ངན་པ་ལ་དགའ་བ་དང་། མདོག་ངན་པ་དང་། འཇིགས་པ་དང་། བག་ཚ་བ་དང་། སྡང་སྐྱེན་པ་དང་། འབྲོས་པ་དང་། ལུས་མདོག་ཚིག་པ་
ལྟར་འདུག་པ་དང་། རྨི་ལམ་ན་མེ་དང་། རལ་གྲི་དང་། མདུང་ཐུང་དང་། མདའ་བོ་ཆེ་དང་། མཚོན་ནས་འབྲས་ལྟ་བུ་དང་། མདེའུ་ཐུང་དང་། ལྕགས་ཟངས་དང་། ཁར་ཟངས་ཀྱི་ནང་དུ་བསྲེགས་པ་རྨི་བ་དེ་དག་ནི་ཉེ་ཞིང་དུ་བས་ཉེ་བར་སེམས་ཅན་དམྱལ་བ་དག་ནས་ཤི་འཕོས་པ་ཡིན་ཏེ། སེམས་ཅན་
དམྱལ་བ་དག་ནས་ཤི་འཕོས་པ་རྣམས་ཀྱི་རྣམ་པ་ནི་དེ་དག་ཡིན་ནོ། །མཚན་མ་ནི་དེ་དག་ཡིན་ནོ། །རྟགས་ནི་དེ་དག་ཡིན་ནོ། །སྦྲུལ་དག་གི་ནང་ནས་ཤི་འཕོས་པ་རྣམས་ཀྱི་རྣམ་པ་ནི་གང་དག་ཡིན། མཚན་མ་ནི་གང་དག་ཡིན། རྟགས་ནི་གང་དག་ཡིན་ཞེ་ན། སྨྲས་པ། སེམས་
ཅན་གང་དག་ཤུགས་མྱུར་ཞིང་མགྱོགས་པ་དང་། རང་བཞིན་གྱིས་གཉིད་ཆེ་བ་དང་། རྒོད་བག་ཅན་དང་། ཁས་བུབ་ཏུ་ཉལ་བ་དང་། ཉལ་བ་ལ་རྟག་པ་དང་། ལྕེ་འབྱིན་པ་དང་། ལྕེ་ལྡག་པ་དང་། ཁྲོ་སྐྱེན་པ་དང་། འཇེམས་པར་འདུག་པ་དང་། ཤས་ཆེར་འདུག་པ་དང་། ཁོན་དུ་འཛིན་
པ་དེ་དག་ནི་ཉེ་ཞིང་དུ་བས་ཉེ་བར་སྦྲུལ་དག་གི་ནང་ནས་ཤི་འཕོས་པ་ཡིན་ཏེ། སྦྲུལ་དག་གི་ནང་ནས་ཤི་འཕོས་པ་རྣམས་ཀྱི་རྣམ་པ་ནི་དེ་དག་ཡིན་ནོ། །མཚན་མ་ནི་དེ་དག་ཡིན་ནོ། །རྟགས་ནི་དེ་དག་ཡིན་ནོ། །བྱི་བ་དག་གི་ནང་ནས་ཤི་འཕོས་པ་རྣམས་ཀྱི་རྣམ་པ་ནི་གང་དག་ཡིན། མཚན་མ་
ནི་གང་དག་ཡིན་རྟགས་ནི་གང་དག་ཡིན་ཞེ་ན། སྨྲས་པ། སེམས་ཅན་གང་དག་ཤུགས་མྱུར་ཞིང་མགྱོགས་པ་དང་། སྤུ་རིང་བ་དང་། སྤུ་མང་བ་དང་། གནོད་པར་བྱེད་པ་དང་། འཚེ་བར་བྱེད་པ་དང་། ཁྱིམ་འབིགས་པ་དང་། མུན་པའི་ནང་དུ་དགའ་བ་དང་། ཁ་ཟས་མྱུར་བ་མྱུར་བར་ཟ་བ་
དང་། ཁ་ཟས་ཉུང་ངུས་ཀྱང་ཆོག་པར་འཛིན་པ་དེ་ནི་ཞི་ཞིང་དུ་བས་ཉེ་བར་བྱི་བ་དག་གི་ནང་ནས་ཤི་འཕོས་པ་ཡིན་ཏེ། བྱི་བ་དག་གི་ནང་ནས་ཤི་འཕོས་པ་རྣམས་ཀྱི་རྣམ་པ་ནི་དེ་དག་ཡིན་ནོ། །མཚན་མ་ནི་དེ་དག་ཡིན་ནོ། །རྟགས་ནི་དེ་དག་ཡིན་ནོ། །ཁྱི་དག་གི་ནང་ནས་ཤི་འཕོས་པ་

རྣམས་ཀྱི་རྣམ་པ་ནི་གང་དག་ཡིན། མཚན་མ་ནི་གང་དག་ཡིན། རྟགས་ནི་གང་དག་ཡིན་ཞེ་ན། སྨྲས་པ། སེམས་ཅན་གང་དག་ཤུགས་མྱུར་ཞིང་མགྱོགས་པ་དང་། སྤུ་རིང་བ་དང་། སྤུ་མང་བ་དང་། སྤུ་གཤོར་བ་དང་། སྙིང་ཉེ་བ་དང་། ཟས་ལ་གདུང་བ་དང་། ངོ་མི་ཤེས་པ་ལ་སྡང་བ་
དེ་དག་ནི་ཉེ་ཞིང་དུ་བས་ཉེ་བར་ཁྱི་དག་གི་ནང་ནས་ཤི་འཕོས་པ་ཡིན་ཏེ། ཁྱི་དག་གི་ནང་ནས་ཤི་འཕོས་པ་རྣམས་ཀྱི་རྣམ་པ་ནི་དེ་དག་ཡིན་ནོ། །མཚན་མ་ནི་དེ་དག་ཡིན་ནོ། །རྟགས་ནི་དེ་དག་ཡིན་ནོ། །གླང་པོ་ཆེ་དག་གི་ནང་ནས་ཤི་འཕོས་པ་རྣམས་ཀྱི་རྣམ་པ་ནི་གང་དག་ཡིན།
མཚན་མ་ནི་གང་དག་ཡིན། རྟགས་ནི་གང་དག་ཡིན་ཞེ་ན། སྨྲས་པ། སེམས་ཅན་གང་དག་ཤུགས་མྱུར་ཞིང་མགྱོགས་པ་དང་། སྤུ་རིང་བ་དང་། སྤུ་མང་བ་དང་། སྤུ་གཤོར་བ་དང་། ལུས་རིང་བ་དང་། ཆེ་བ་དང་། སྟོབས་དང་ལྡན་པ་དང་། ལྟོ་ཆེ་བ་དང་། ལུས་ཀྱི་མདོག་ངན་པ་
དང་། སྣ་རིང་བ་དང་། ཟླན་བ་འབུར་བ་དང་། ཁ་དོག་ལ་དགའ་བ་དང་། རྐང་པ་ཟླུམ་པ་དང་། སོ་དྲུང་མཐོ་བ་དེ་དག་ནི་ཉེ་ཞིང་དུ་བས་ཉེ་བར་གླང་པོ་ཆེ་དག་གི་ནང་ནས་ཤི་འཕོས་པ་ཡིན་ཏེ། གླང་པོ་ཆེ་དག་གི་ནང་ནས་ཤི་འཕོས་པ་རྣམས་ཀྱི་རྣམ་པ་ནི་དེ་དག་ཡིན་ནོ། །མཚན་མ་ནི་
དེ་དག་ཡིན་ནོ། །རྟགས་ནི་དེ་དག་ཡིན་ནོ། །རྟ་དག་གི་ནང་ནས་ཤི་འཕོས་པ་རྣམས་ཀྱི་རྣམ་པ་ནི་གང་དག་ཡིན། མཚན་མ་ནི་གང་དག་ཡིན། རྟགས་ནི་གང་དག་ཡིན་ཞེ་ན། སྨྲས་པ། སེམས་ཅན་གང་དག་ཤུགས་མྱུར་ཞིང་མགྱོགས་པ་དང་། སྤུ་རིང་བ་དང་། སྤུ་མང་
བ་དང་། སྤུ་གཤོར་བ་དང་། རྟ་སྐད་འབྱིན་པ་དང་། བརྒྱན་པ་ལ་དགའ་བ་དང་། ཉོན་མོངས་པའི་ཤས་ཆེ་བ་དེ་དག་ནི་ཉེ་ཞིང་དུབས་ཉེ་བར་རྟ་དག་གི་ནང་ནས་ཤི་འཕོས་པ་ཡིན་ཏེ། རྟ་དག་གི་ནང་ནས་ཤི་འཕོས་པ་རྣམས་ཀྱི་རྣམ་པ་ནི་དེ་
དག་ཡིན་ནོ། །མཚན་མ་ནི་དེ་དག་ཡིན་ནོ། །རྟགས་ནི་དེ་དག་ཡིན་ནོ། །རྔ་མོ་དག་གི་ནང་ནས་ཤི་འཕོས་པ་རྣམས་ཀྱི་རྣམ་པ་ནི་གང་དག་ཡིན། མཚན་མ་ནི་གང་དག་ཡིན། རྟགས་ནི་གང་དག་ཡིན་ཞེ་ན། སྨྲས་པ། སེམས་ཅན་གང་དག་

ཤུགས་མྱུར་ཞིང་མགྱོགས་པ་དང་། སྤུ་རིང་བ་དང་། སྤུ་མང་བ་དང་། སྤུ་གཤོར་བ་དང་། སྟོབས་ཆེ་བ་དང་། སྐྲ་རིང་བ་དང་། མཆུ་འཕྱང་བ་དང་། མགྲིན་པ་གྱེ་གུར་འདུག་པ་དེ་དག་ནི་ཉེ་ཞིང་དུ་བས་ཉེ་བར་རྔ་མོ་དག་གི་ནང་ནས་ཤི་
འཕོས་པ་ཡིན་ཏེ། རྔ་མོ་དག་གི་ནང་ནས་ཤི་འཕོས་པ་རྣམས་ཀྱི་རྣམ་པ་ནི་དེ་དག་ཡིན་ནོ། །མཚན་མ་ནི་དེ་དག་ཡིན་ནོ། །རྟགས་ནི་དེ་དག་ཡིན་ནོ། །བ་ལང་དག་གི་ནང་ནས་ཤི་འཕོས་པ་རྣམས་ཀྱི་རྣམ་པ་ནི་གང་དག་ཡིན། མཚན་མ་ནི་གང་དག་ཡིན། རྟགས་ནི་གང་དག་ཡིན་ཞེ་ན།
སྨྲས་པ། སེམས་ཅན་གང་དག་ཤུགས་མྱུར་ཞིང་མགྱོགས་པ་དང་། སྤུ་རིང་བ་དང་། སྤུ་མང་བ་དང་། སྤུ་གཤོར་བ་དང་། ལྟོ་ཆེ་བ་དང་། སྟོབས་ཆེ་བ་དང་། ལུ་བ་དང་། ཟློས་ཤིང་བལྡད་པ་དང་། མང་དུ་ཟ་བ་དང་། རྭའི་ས་འབུར་བ་དེ་དག་ནི་ཉེ་ཞིང་དུབས་ཉེ་བར་བ་ལང་དག་གི་ནང་ནས་ཤི་འཕོས་པ་
ཡིན་ཏེ། བ་ལང་དག་གི་ནང་ནས་ཤི་འཕོས་པ་རྣམས་ཀྱི་རྣམ་པ་ནི་དེ་དག་ཡིན་ནོ། །མཚན་མ་ནི་དེ་དག་ཡིན་ནོ། །རྟགས་ནི་དེ་དག་ཡིན་ནོ། །བོང་བུ་དག་གི་ནང་ནས་ཤི་འཕོས་པ་རྣམས་ཀྱི་རྣམ་པ་ནི་གང་དག་ཡིན། མཚན་མ་ནི་གང་དག་ཡིན། རྟགས་ནི་གང་དག་ཡིན་ཞེ་ན།
སྨྲས་པ། སེམས་ཅན་གང་དག་ཤུགས་མྱུར་ཞིང་མགྱོགས་པ་དང་། སྤུ་རིང་བ་དང་། སྤུ་མང་བ་དང་། སྤུ་གཤོར་བ་དང་། བུམ་གསུས་པོར་འདུག་པ་དང་། ས་རྐོ་བ་དང་། སྐད་མི་སྙན་པ་དང་། དུང་སྐད་ཅན་དང་། མི་གཙང་བ་འདམ་པ་དེ་དག་ནི་ཉེ་ཞིང་དུབས་ཉེ་བར་བོང་བུ་དག་གི་ནང་
ནས་ཤི་འཕོས་པ་ཡིན་ཏེ། བོང་བུ་དག་གི་ནང་ནས་ཤི་འཕོས་པ་རྣམས་ཀྱི་རྣམ་པ་ནི་དེ་དག་ཡིན་ནོ། །མཚན་མ་ནི་དེ་དག་ཡིན་ནོ། །རྟགས་ནི་དེ་དག་ཡིན་ནོ། །རི་དགས་རྣམས་ཀྱི་ནང་ནས་ཤི་འཕོས་པ་རྣམས་ཀྱི་རྣམ་པ་ནི་གང་དག་ཡིན། མཚན་མ་ནི་གང་དག་ཡིན། རྟགས་
ནི་གང་དག་ཡིན་ཞེ་ན། སྨྲས་པ། སེམས་ཅན་གང་དག་ཤུགས་མྱུར་ཞིང་མགྱོགས་པ་དང་། སྤུ་རིང་བ་དང་། སྤུ་མང་བ་དང་། སྤུ་གཤོར་བ་དང་། འཇིགས་པ་དང་། བག་ཚ་བ་དང་། སྡང་སྐྱེན་པ་དང་། འབྲོས་པ་དང་། དགོན་པར་དགའ་ཞིང་དེར་མངོན་པར་དགའ་བ་

དེ་དག་ནི་ཉེ་ཞིང་དུབས་ཉེ་བར་རི་དགས་དག་གི་ནང་ནས་ཤི་འཕོས་པ་ཡིན་ཏེ། རི་དགས་རྣམས་ཀྱི་ནང་ནས་ཤི་འཕོས་པ་རྣམས་ཀྱི་རྣམ་པ་ནི་དེ་དག་ཡིན་ནོ། །མཚན་མ་ནི་དེ་དག་ཡིན་ནོ། །རྟགས་ནི་དེ་དག་ཡིན་ནོ། །ར་དག་གི་ནང་ནས་ཤི་འཕོས་པ་རྣམས་ཀྱི་རྣམ་པ་ནི་གང་དག་
ཡིན། མཚན་མ་ནི་གང་དག་ཡིན། རྟགས་ནི་གང་དག་ཡིན་ཞེ་ན། སྨྲས་པ། སེམས་ཅན་གང་དག་ཤུགས་མྱུར་ཞིང་མགྱོགས་པ་དང་། སྤུ་རིང་བ་དང་། སྤུ་མང་བ་དང་། སྤུ་གཤོར་བ་དང་། ཤིང་འཆའ་བ་དང་། ཡང་བར་རྒྱུ་བ་དང་། ཉི་མ་ལ་དགའ་བ་དང་། ལྷགས་པ་ལ་སྡར་
བ་དེ་དག་ནི་ཉེ་ཞིང་དུབས་ཉེ་བར་ར་དག་གི་ནང་ནས་ཤི་འཕོས་པ་ཡིན་ཏེ། ར་དག་གི་ནང་ནས་ཤི་འཕོས་པ་རྣམས་ཀྱི་རྣམ་པ་ནི་དེ་དག་ཡིན་ནོ། །མཚན་མ་ནི་དེ་དག་ཡིན་ནོ། །རྟགས་ནི་དེ་དག་ཡིན་ནོ། །ལུག་ངག་གི་ནང་ནས་ཤི་འཕོས་པ་རྣམས་ཀྱི་རྣམ་པ་ནི་གང་དག་ཡིན། མཚན་
མ་ནི་གང་དག་ཡིན། རྟགས་ནི་གང་དག་ཡིན་ཞེ་ན། སྨྲས་པ། སེམས་ཅན་གང་དག་ཤུགས་མྱུར་ཞིང་མགྱོགས་པ་དང་། སྤུ་རིང་བ་དང་། སྤུ་མང་བ་དང་། སྤུ་འཇམ་པ་དང་། རྨོངས་རྟུལ་བ་དང་། ས་རྡུལ་གློང་བར་བྱེད་པ་དང་། མགོ་འཕང་སྨད་དེ་འགྲོ་བ་དང་། སྣབས་མང་བ་
དང་། མི་གཙང་བ་ཀུན་དུ་སྤྱོད་པ་དེ་དག་ནི་ཉེ་ཞིང་དུབས་ཉེ་བར་ལུག་གི་ནང་ནས་ཤི་འཕོས་པ་ཡིན་ཏེ། ལུག་གི་ནང་ནས་ཤི་འཕོས་པ་རྣམས་ཀྱི་རྣམ་པ་ནི་དེ་དག་ཡིན་ནོ། །མཚན་མ་ནི་དེ་དག་ཡིན་ནོ། །རྟགས་ནི་དེ་དག་ཡིན་ནོ། །ཁྭ་དག་གི་ནང་ནས་ཤི་འཕོས་པ་རྣམས་ཀྱི་རྣམ་པ་
ནི་གང་དག་ཡིན། མཚན་མ་ནི་གང་དག་ཡིན། རྟགས་ནི་གང་དག་ཡིན་ཞེ་ན། སྨྲས་པ། སེམས་ཅན་གང་དག་གཅམ་བུ་དང་། མུ་ཅོར་སྨྲ་བ་དང་། སྤྱི་རྟོལ་ཅན་དང་། སྙིང་རིང་བ་དང་། བྱས་པ་མི་གཟོ་བ་དང་། སྙིང་རྗེ་མེད་པ་དང་། དགང་དཀའ་བ་དང་། མ་བྱིན་པར་ལེན་པ་དང་། སྩོགས་
འཇོག་བྱེད་པ་དང་། ཅ་ཅོ་ཅན་དེ་དག་ནི་ཉེ་ཞིང་དུབས་ཉེ་བར་ཁྭ་དག་གི་ནང་ནས་ཤི་འཕོས་པ་ཡིན་ཏེ། ཁྭ་དག་གི་ནང་ནས་ཤི་འཕོས་པ་རྣམས་ཀྱི་རྣམ་པ་ནི་དེ་དག་ཡིན་ནོ། །མཚན་མ་ནི་དེ་དག་ཡིན་ནོ། །རྟགས་ནི་དེ་དག་ཡིན་ནོ། །ཆོས་མངོན་པའི་བསྟན་བཅོས་ཆེན་པོ་རྒྱུ་གདགས་པ་

ལས་ཚིགས་བཅུ་བདུན་པའོ།། །།སྡོམ་ནི། ཕག་དང་སྤྲེའུ་དོམ་རྣམས་དང་། །ཅེ་སྤྱང་སྤྱང་ཀི་འཕར་བ་དྲེད། །གུང་དང་སྟག་དང་སེང་གེ་དང་། །ཀླུ་དང་དེ་བཞིན་དྲི་ཟ་དང་། །ཡི་དགས་དང་ནི་མི་རྣམས་དང་། །ལྷ་རྣམས་ཚིགས་ཀྱི་སྡོམ་དུ་བྱས། །ཕག་དག་
གི་ནང་ནས་ཤི་འཕོས་པ་རྣམས་ཀྱི་རྣམ་པ་ནི་གང་དག་ཡིན། མཚན་མ་ནི་གང་དག་ཡིན། རྟགས་ནི་གང་དག་ཡིན་ཞེ་ན། སྨྲས་པ། སེམས་ཅན་གང་དག་ཤུགས་མྱུར་ཞིང་མགྱོགས་པ་དང་། སྤུ་རིང་བ་དང་། སྤུ་མང་བ་དང་། སྤུ་གཤོར་བ་དང་། བུམ་གསུས་པོར་འདུག་པ་དང་། གདོང་
རིང་བ་དང་། སྣ་འཁོར་ལོ་ལྟར་འདུག་པ་དང་། ས་རྡུལ་གྱི་ནང་དུ་འདྲེ་བ་དང་། ངན་པ་ཟ་བ་དང་། མི་གཙང་བ་ཀུན་དུ་སྤྱོད་པ་དང་། སོ་དྲུང་མཐོ་བ་དེ་དག་ནི་ཉེ་ཞིང་དུ་བས་ཉེ་བར་ཕག་གི་ནང་ནས་ཤི་འཕོས་པ་ཡིན་ཏེ། ཕག་དག་གི་ནང་ནས་ཤི་འཕོས་པ་རྣམས་ཀྱི་རྣམ་པ་ནི་དེ་དག་ཡིན་ནོ། །
མཚན་མ་ནི་དེ་དག་ཡིན་ནོ། །རྟགས་ནི་དེ་དག་ཡིན་ནོ། །སྤྲེའུ་དག་གི་ནང་ནས་ཤི་འཕོས་པ་རྣམས་ཀྱི་རྣམ་པ་ནི་གང་དག་ཡིན། མཚན་མ་ནི་གང་དག་ཡིན། རྟགས་ནི་གང་དག་ཡིན་ཞེ་ན། སྨྲས་པ། སེམས་ཅན་གང་དག་ཤུགས་མྱུར་ཞིང་མགྱོགས་པ་དང་། སྤུ་རིང་བ་དང་། སྤུ་མང་
བ་དང་། སྤུ་འཇམ་པ་དང་། སྤྲེའུ་འདྲ་བ་དང་། དམར་སེར་དུ་འདུག་པ་དང་། ཤིང་ལ་དགའ་བ་དང་། ཤིང་ཏོག་ལ་དགའ་བ་དང་། འཛེག་པ་ལ་དགའ་བ་དང་། ཤིང་ལ་འཛེག་པ་དང་། འཛེགས་ནས་ཀྱང་འཛེག་པ་ལ་ཡུན་རིང་བ་དང་། ཐམས་ཅད་དུ་ཡང་མལ་གཅིག་ལ་མི་འདུག་པ་དེ་
དག་ནི་ཉེ་ཞིང་དུབས་ཉེ་བར་སྤྲེའུ་དག་གི་ནང་ནས་ཤི་འཕོས་པ་ཡིན་ཏེ། སྤྲེའུ་དག་གི་ནང་ནས་ཤི་འཕོས་པ་རྣམས་ཀྱི་རྣམ་པ་ནི་དེ་དག་ཡིན་ནོ། །མཚན་མ་ནི་དེ་དག་ཡིན་ནོ། །རྟགས་ནི་དེ་དག་ཡིན་ནོ། །དོམ་དག་གི་ནང་ནས་ཤི་འཕོས་པ་རྣམས་ཀྱི་རྣམ་པ་ནི་གང་དག་ཡིན། མཚན་མ་ནི་
གང་དག་ཡིན། རྟགས་ནི་གང་དག་ཡིན་ཞེ་ན། སྨྲས་པ། སེམས་ཅན་གང་དག་ཤུགས་མྱུར་ཞིང་མགྱོགས་པ་དང་། སྤུ་རིང་བ་དང་། སྤུ་མང་བ་དང་། སྤུ་གཤོར་བ་དང་། ངམ་སྡུར་ཅན་དང་། ཏུག་རིད་ཅན་དང་། ལུས་འགུལ་བ་དང་། དུ་བ་དང་། ཤིང་ལ་དགའ་

བ་དང་། ཤིང་ཏོག་ལ་དགའ་བ་དང་། འཛེག་པ་ལ་དགའ་བ་དང་། དེ་དག་ནི་ཉེ་ཞིང་དུབས་ཉེ་བར་དོམ་དག་གི་ནང་ནས་ཤི་འཕོས་པ་ཡིན་ཏེ། དོམ་དག་གི་ནང་ནས་ཤི་འཕོས་པ་རྣམས་ཀྱི་རྣམ་པ་ནི་དེ་དག་ཡིན་ནོ། །མཚན་མ་ནི་དེ་དག་ཡིན་ནོ། །རྟགས་ནི་དེ་དག་ཡིན་ནོ། །ཅེ་
སྤྱང་དག་གི་ནང་ནས་ཤི་འཕོས་པ་རྣམས་ཀྱི་རྣམ་པ་ནི་གང་དག་ཡིན། མཚན་མ་ནི་གང་དག་ཡིན། རྟགས་ནི་གང་དག་ཡིན་ཞེ་ན། སྨྲས་པ། སེམས་ཅན་གང་དག་ཤུགས་མྱུར་ཞིང་མགྱོགས་པ་དང་། སྤུ་རིང་བ་དང་། སྤུ་མང་བ་དང་། སྤུ་གཤོར་བ་དང་། གཡོ་བྱེད་པ་དང་། གཡོ་
ཅན་དང་། སྒྱུ་ཅན་དང་། དབྱེན་བྱེད་པ་དང་། མཚང་འདྲུ་བ་དང་། སྤྱོད་ཡུལ་སྤེན་པ་དེ་དག་ནི་ཉེ་ཞིང་དུབས་ཉེ་བར་ཅེ་སྤྱང་དག་གི་ནང་ནས་ཤི་འཕོས་པ་ཡིན་ཏེ། ཅེ་སྤྱང་དག་གི་ནང་ནས་ཤི་འཕོས་པ་རྣམས་ཀྱི་རྣམ་པ་ནི་དེ་དག་ཡིན་ནོ། །མཚན་མ་ནི་དེ་དག་ཡིན་ནོ། །རྟགས་ནི་དེ་
དག་ཡིན་ནོ། །སྤྱང་ཀི་དག་གི་ནང་ནས་ཤི་འཕོས་པ་རྣམས་ཀྱི་རྣམ་པ་ནི་གང་དག་ཡིན། མཚན་མ་ནི་གང་དག་ཡིན། རྟགས་ནི་གང་དག་ཡིན་ཞེ་ན། སྨྲས་པ། སེམས་ཅན་གང་དག་ཤུགས་མྱུར་ཞིང་མགྱོགས་པ་དང་། སྤུ་རིང་བ་དང་། སྤུ་མང་བ་དང་། སྤུ་གཤོར་བ་དང་། གཅམ་པ་
དང་། མུ་ཅོར་སྨྲ་བ་དང་། སྤྱི་བརྟོལ་ཆེ་བ་དང་། སྙིང་བརྩེ་བ་མེད་པ་དང་། སྙིང་རྗེ་མེད་པ་དང་། སྙིང་རིང་བ་དང་། བྱས་པ་མི་གཟོ་བ་དང་། ཤ་ཁྲག་ཟ་ཞིང་འཐུང་བ་དེ་དག་ནི་ཉེ་ཞིང་དུབས་ཉེ་བར་སྤྱང་ཀི་དག་གི་ནང་ནས་ཤི་འཕོས་པ་ཡིན་ཏེ། སྤྱང་ཀི་དག་གི་ནང་ནས་ཤི་འཕོས་པ་རྣམས་ཀྱི་རྣམ་པ་
ནི་དེ་དག་ཡིན་ནོ། །མཚན་མ་ནི་དེ་དག་ཡིན་ནོ། །རྟགས་ནི་དེ་དག་ཡིན་ནོ། །སྤྱང་ཀི་ཇི་ལྟ་བ་བཞིན་དུ་འཕར་བ་དང་། དྲེད་དང་། གུང་རྣམས་ཀྱང་དེ་དང་འདྲ་བར་སྦྱར་རོ། །སྟག་དག་གི་ནང་ནས་ཤི་འཕོས་པ་རྣམས་ཀྱི་རྣམ་པ་ནི་གང་དག་ཡིན། མཚན་མ་ནི་གང་དག་ཡིན། རྟགས་ནི་གང་དག་
ཡིན་ཞེ་ན། སྨྲས་པ། སེམས་ཅན་གང་དག་ཤུགས་མྱུར་ཞིང་མགྱོགས་པ་དང་། སྤུ་རིང་བ་དང་། སྤུ་མང་བ་དང་། སྤུ་གཤོར་བ་དང་། དཔའ་བ་དང་། གཏུམ་པ་དང་། རྩལ་ཆེ་བ་དང་། གཅམ་པ་དང་། མུ་ཅོར་སྨྲ་བ་དང་། སྤྱི་བརྟོལ་ཆེ་བ་དང་། སྙིང་བརྩེ་བ་མེད་པ་དང་། སྙིང་རྗེ་

མེད་པ་དང་། སྙིང་རིང་བ་དང་། བྱས་པ་མི་གཟོ་བ་དང་། ཤ་ཁྲག་ཟ་ཞིང་འཐུང་བ་དེ་དག་ནི་ཉེ་ཞིང་དུབས་ཉེ་བར་སྟག་དག་གི་ནང་ནས་ཤི་འཕོས་པ་ཡིན་ཏེ། སྟག་དག་གི་ནང་ནས་ཤི་འཕོས་པ་རྣམས་ཀྱི་རྣམ་པ་ནི་དེ་དག་ཡིན་ནོ། །མཚན་མ་ནི་དེ་དག་ཡིན་ནོ། །
རྟགས་ནི་དེ་དག་ཡིན་ནོ། །སེང་གེ་དག་གི་ནང་ནས་ཤི་འཕོས་པ་རྣམས་ཀྱི་རྣམ་པ་ནི་གང་དག་ཡིན། མཚན་མ་ནི་གང་དག་ཡིན། རྟགས་ནི་གང་དག་ཡིན་ཞེ་ན། སྨྲས་པ། སེམས་ཅན་གང་དག་ཤུགས་མྱུར་ཤིང་མགྱོགས་པ་དང་། སྤུ་རིང་བ་དང་། སྤུ་མང་བ་དང་། སྤུ་གཤོར་
བ་དང་། དཔའ་བ་དང་། གཏུམ་པ་དང་། སྟོབས་ཆེ་བ་དང་། སྙིང་བརྩེ་བ་མེད་པ་དང་། སྙིང་རྗེ་བ་མེད་པ་དང་། ཤ་ཁྲག་ཟ་ཞིང་འཐུང་བ་དང་། སར་པ་ཟ་བ་དེ་དག་ནི་ཉེ་ཞིང་དུབས་ཉེ་བར་སེང་གེ་དག་གི་ནང་ནས་ཤི་འཕོས་པ་ཡིན་ཏེ། སེང་གེ་དག་གི་ནང་ནས་ཤི་འཕོས་པ་རྣམས་ཀྱི་
རྣམ་པ་ནི་དེ་དག་ཡིན་ནོ། །མཚན་མ་ནི་དེ་དག་ཡིན་ནོ། །རྟགས་ནི་དེ་དག་ཡིན་ནོ། །ཀླུ་དག་གི་ནང་ནས་ཤི་འཕོས་པ་རྣམས་ཀྱི་རྣམ་པ་ནི་གང་དག་ཡིན། མཚན་མ་ནི་གང་དག་ཡིན། རྟགས་ནི་གང་དག་ཡིན་ཞེ་ན། སྨྲས་པ། སེམས་ཅན་གང་དག་ཤུགས་མྱུར་ཞིང་མགྱོགས་པ་
དང་། རང་བཞིན་གྱིས་གཉིད་ཆེ་བ་དང་། ཁས་བུབ་ཏུ་ཉལ་བ་དང་། ཉལ་བ་ལ་རྟག་པ་དང་། ཆུ་ལ་དགའ་བ་དང་། སེར་སྣ་ཆེ་བ་དང་། ཡོ་བྱད་རྣམས་ཀུན་ཏུ་འཛིན་པ་དང་། མི་སྟེར་བའི་རང་བཞིན་ཅན་དེ་དག་ནི་ཉེ་ཞིང་དུབས་ཉེ་བར་ཀླུ་དག་གི་ནང་ནས་ཤི་འཕོས་པ་ཡིན་ཏེ། ཀླུ་དག་གི་
ནང་ནས་ཤི་འཕོས་པ་རྣམས་ཀྱི་རྣམ་པ་ནི་དེ་དག་ཡིན་ནོ། །མཚན་མ་ནི་དེ་དག་ཡིན་ནོ། །རྟགས་ནི་དེ་དག་ཡིན་ནོ། །དྲི་ཟ་དག་གི་ནང་ནས་ཤི་འཕོས་པ་རྣམས་ཀྱི་རྣམ་པ་ནི་གང་དག་ཡིན། མཚན་མ་ནི་གང་དག་ཡིན། རྟགས་ནི་གང་དག་ཡིན་ཞེ་ན། སྨྲས་པ། སེམས་ཅན་
གང་དག་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་དང་། རོལ་མོ་ལ་སྲེད་པ་དང་། སིལ་སྙན་དང་། ཕེག་རྡོབ་པ་ལ་སྤྱོད་པ་དང་། རྩེད་མོ་ལ་སྲེད་པ་དང་། དགའ་དགུར་སྤྱོད་པ་ལ་སྲེད་པ་དེ་དག་ནི་ཉེ་ཞིང་དུབས་ཉེ་བར་དྲི་ཟ་དག་གི་ནང་ནས་ཤི་འཕོས་པ་ཡིན་ཏེ། དྲི་ཟ་དག་

གི་ནང་ནས་ཤི་འཕོས་པ་རྣམས་ཀྱི་རྣམ་པ་ནི་དེ་དག་ཡིན་ནོ། །མཚན་མ་ནི་དེ་དག་ཡིན་ནོ། །རྟགས་ནི་དེ་དག་ཡིན་ནོ། །ཡི་དགས་དག་གི་ནང་ནས་ཤི་འཕོས་པ་རྣམས་ཀྱི་རྣམ་པ་ནི་གང་དག་ཡིན། མཚན་མ་ནི་གང་དག་ཡིན། རྟགས་ནི་གང་དག་ཡིན་ཞེ་ན། སྨྲས་པ། སེམས་ཅན་གང་
དག་སྐེམ་པ་དང་། ངན་པ་ལ་དགའ་བ་དང་། མདོག་ངན་པ་དང་། གསུས་པ་ཆེ་བ་དང་། ཕྲ་མ་ཟེར་བ་དང་། སེར་སྣ་ཆེ་བ་དང་། འཇུངས་པ་དང་། ཡོ་བྱད་རྣམས་ཀུན་ཏུ་འཛིན་པ་དང་། ལག་གིས་ཁ་ཟས་རུལ་བར་བྱེད་པ་དང་། ཁ་ཟས་མང་པོས་ཀྱང་མི་འགྲངས་པ་དེ་དག་ནི་ཉེ་ཞིང་དུ་བས་
ཉེ་བར་ཡི་དགས་དག་གི་ནང་ནས་ཤི་འཕོས་པ་ཡིན་ཏེ། ཡི་དགས་དག་གི་ནང་ནས་ཤི་འཕོས་པ་རྣམས་ཀྱི་རྣམ་པ་ནི་དེ་དག་ཡིན་ནོ། །མཚན་མ་ནི་དེ་དག་ཡིན་ནོ། །རྟགས་ནི་དེ་དག་ཡིན་ནོ། །མི་དག་གི་ནང་ནས་ཤི་འཕོས་པ་རྣམས་ཀྱི་རྣམ་པ་ནི་གང་དག་ཡིན། མཚན་མ་ནི་གང་
དག་ཡིན། རྟགས་ནི་གང་དག་ཡིན་ཞེ་ན། སྨྲས་པ། སེམས་ཅན་གང་དག་ལས་ལ་སྲེད་པ་དང་། བཟོ་ལ་སྲེད་པ་དང་། ཐབས་ཤེས་པ་དང་། ཕ་མ་ལ་གུས་པ་དང་། སྲིད་ཞུ་ཆེ་བ་དང་། རྟོག་པའི་རང་བཞིན་ཅན་དང་། དགེ་བ་གང་ཡིན་པ་ཚོལ་བ་དེ་དག་ནི་ཉེ་ཞིང་དུབས་ཉེ་བར་མི་དག་གི་
ནང་ནས་ཤི་འཕོས་པ་ཡིན་ཏེ། མི་དག་གི་ནང་ནས་ཤི་འཕོས་པ་རྣམས་ཀྱི་རྣམ་པ་ནི་དེ་དག་ཡིན་ནོ། །མཚན་མ་ནི་དེ་དག་ཡིན་ནོ། །རྟགས་ནི་དེ་དག་ཡིན་ནོ། །ལྷ་དག་གི་ནང་ནས་ཤི་འཕོས་པ་རྣམས་ཀྱི་རྣམ་པ་ནི་གང་དག་ཡིན། མཚན་མ་ནི་གང་དག་ཡིན། རྟགས་ནི་གང་དག་ཡིན་ཞེ་ན།
སྨྲས་པ། སེམས་ཅན་གང་དག་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་དང་། ཁ་ན་མ་ཐོ་བ་མེད་པ་དང་། བདེན་པར་སྨྲ་བ་དེ་དག་ནི་ཉེ་ཞིང་དུབས་ཉེ་བར་ལྷ་དག་གི་ནང་ནས་ཤི་འཕོས་པ་ཡིན་ཏེ། ལྷ་དག་གི་ནང་ནས་ཤི་འཕོས་པ་རྣམས་ཀྱི་རྣམ་པ་ནི་དེ་དག་ཡིན་ནོ། །མཚན་མ་ནི་དེ་
དག་ཡིན་ནོ། །རྟགས་ནི་དེ་དག་ཡིན་ནོ། །དེ་རྣམས་དང་ལུས་ཐོབ་པ་གཞན་དག་ཀྱང་རྟོགས་པར་བྱས་ནས་གཞི་ཇི་ལྟ་བ་བཞིན་དུ་བརྗོད་པར་བྱ་སྟེ། ཡི་གེ་མངས་སུ་དོགས་པའི་ཕྱིར་མ་སྨོས་སོ། །ཆོས་མངོན་པའི་བསྟན་བཅོས་ཆེན་པོ་རྒྱུ་གདགས་པ་ལས་ཚིགས་བཅོ་བརྒྱད་

པའོ།། །།སྡོམ་ནི། ཤིང་བཞིན་དང་ནི་ལོ་མར་བཅས། །རས་བལ་དགུན་དང་གྱེ་དགུ་དང་། །དེ་བཞིན་དྲང་པོ་ཕྱོགས་གཅིག་དང་། །འབྱུང་བཅས་འདི་ནི་ཚིགས་མཐའ་རྫོགས། །ཅིའི་ཕྱིར་འཛམ་བུའི་གླིང་པའི་ཤིང་ཐམས་ཅད་ཀྱི་ནང་ནས་ཤིང་འཛམ་
བུ་དེ་དག་གི་མཆོག་ཅེས་བྱ་ཞེ་ན། སྨྲས་པ། འཇིག་རྟེན་འཆགས་པའི་ཚེ་ཁམས་ཀྱི་མཆོག་དང་། སྙིང་པོའི་མཆོག་དང་། བཟང་པོའི་མཆོག་དང་། ཟོང་གི་མཆོག་གང་ཡིན་པ་དེ་ཕྱོགས་དེར་རླུང་གིས་བསྡུས་ནས་དེ་ལས་དེ་གྲུབ་པར་འགྱུར་ཏེ། རྒྱུ་དེས་ན་འཛམ་བུའི་གླིང་གི་
ཤིང་ཐམས་ཅད་ཀྱི་ནང་ནས་ཤིང་འཛམ་བུ་དེ་དག་གི་མཆོག་ཅེས་བྱའོ། །ཅིའི་ཕྱིར་རྒྱ་མཚོའི་འགྲམ་གྱི་ཤིང་ཐམས་ཅད་ཀྱི་ནང་ནས་ཤིང་ཤལ་མ་ལི་མཐོན་པོ་དེ་དག་གི་མཆོག་ཅེས་བྱ་ཞེ་ན། སྨྲས་པ། འཇིག་རྟེན་འཆགས་པའི་ཚེ་ཁམས་ཀྱི་མཆོག་དང་། སྙིང་པོའི་
མཆོག་དང་། བཟང་པོའི་མཆོག་དང་། ཟོང་གི་མཆོག་གང་ཡིན་པ་དེ་ཕྱོགས་དེར་རླུང་གིས་བསྡུས་ནས་དེ་ལས་དེ་གྲུབ་པར་འགྱུར་ཏེ། རྒྱུ་དེས་ན་རྒྱ་མཚོའི་འགྲམ་གྱི་ཤིང་ཐམས་ཅད་ཀྱི་ནང་ནས་ཤིང་ཤལ་མ་ལི་མཐོན་པོ་དེ་དག་གི་མཆོག་ཅེས་བྱའོ། །ཅིའི་ཕྱིར་ལྷ་མ་ཡིན་གྱི་རིས་ཀྱི་ཤིང་
ཐམས་ཅད་ཀྱི་ནང་ནས་ཤིང་པ་ཏ་ལི་སྣ་ཚོགས་ཅན་དེ་དག་གི་མཆོག་ཅེས་བྱ་ཞེ་ན། སྨྲས་པ། འཇིག་རྟེན་འཆགས་པའི་ཚེ་ཁམས་ཀྱི་མཆོག་དང་། སྙིང་པོའི་མཆོག་དང་། བཟང་པོའི་མཆོག་དང་། ཟོང་གི་མཆོག་གང་ཡིན་པ་དེ་ཕྱོགས་དེར་རླུང་དག་གིས་བསྡུས་ནས་དེ་ལས་
དེ་གྲུབ་པར་འགྱུར་ཏེ། རྒྱུ་དེས་ན་ལྷ་མ་ཡིན་གྱི་རིས་ཀྱི་ཤིང་ཐམས་ཅད་ཀྱི་ནང་ན་ཤིང་པ་ཏ་ལི་སྣ་ཚོགས་ཅན་དེ་དག་གི་མཆོག་ཅེས་བྱའོ། །ཅིའི་ཕྱིར་སུམ་ཅུ་རྩ་གསུམ་པའི་ཤིང་ཐམས་ཅད་ཀྱི་ནང་ནས། ཤིང་ཡོངས་འདུ་ས་བརྟོལ་དེ་དག་གི་མཆོག་ཅེས་བྱ་ཞེ་ན། སྨྲས་པ། འཇིག་
རྟེན་འཆགས་པའི་ཚེ་ཁམས་ཀྱི་མཆོག་དང་། སྙིང་པོའི་མཆོག་དང་། བཟང་པོའི་མཆོག་དང་། ཟོང་གི་མཆོག་གང་ཡིན་པ་དེ་ཕྱོགས་དེར་རླུང་གིས་བསྡུས་ནས་དེ་ལས་དེ་གྲུབ་པར་གྱུར་ཏེ། རྒྱུ་དེས་ན་སུམ་ཅུ་རྩ་གསུམ་པའི་ཤིང་ཐམས་ཅད་ཀྱི་ནང་ན་ཤིང་ཡོངས་འདུ་ས་བརྟོལ་དེ་དག་

གི་མཆོག་ཅེས་བྱའོ། །ཅིའི་ཕྱིར་སོ་ག་དང་དབྱར་ཤིང་ཁ་ཅིག་ལོ་མ་ཡོད་པ་དང་། མེ་ཏོག་ཡོད་པ་དང་། འབྲས་བུ་ཡོད་པར་འགྱུར་ལ། ཤིང་ཁ་ཅིག་ནི་ལོ་མ་མེད་པ་དང་། མེ་ཏོག་མེད་པ་དང་། འབྲས་བུ་མེད་པར་འགྱུར་ཞེ་ན། སྨྲས་པ། ཟླ་བ་དྲུག་ཉི་མ་བྱང་ཕྱོགས་ན་འདུག་སྟེ་བྱང་ཕྱོགས་ན་འདུག་པ་ན་
དཔག་ཚད་བཞི་ཁྲི་ནས་ཉི་མའི་འོད་ཟེར་རྣམས་བྱུང་ནས་གླིང་རྣམས་སུ་འབབ་སྟེ། དེ་ནས་རྒྱ་མཚོ་ཆེན་པོའི་ཆུ་བསིལ་བར་འགྱུར་ལ། ཆུ་བསིལ་བ་དེ་ཡང་གླིང་རྣམས་ཀྱི་ནང་དུ་འགྲོ་སྟེ། ཤིང་གང་དག་ཆུ་བསིལ་བ་དེས་བདེ་བར་སྐྱེ་བར་འགྱུར་བའི་ཤིང་དེ་དག་ནི་ལོ་མ་ཡོད་པ་དང་། མེ་
ཏོག་ཡོད་པ་དང་། འབྲས་བུ་ཡོད་པར་འགྱུར་ལ་ཤིང་གང་དག་ཆུ་བསིལ་བ་དེས་བདེ་བར་སྐྱེ་བར་མི་འགྱུར་བ་དེ་དག་ནི་ལོ་མ་མེད་པ་དང་། མེ་ཏོག་མེད་པ་དང་། འབྲས་བུ་མེད་པར་འགྱུར་ཏེ། རྒྱུ་དེས་ན་སོ་ག་དང་དབྱར་ཤིང་ཁ་ཅིག་ལ་ལོ་མ་ཡོད་པ་དང་། མེ་ཏོག་ཡོད་པ་དང་། འབྲས་བུ་
ཡོད་པར་འགྱུར་ལ། ཤིང་ཁ་ཅིག་ནི་ལོ་མ་མེད་པ་དང་། མེ་ཏོག་མེད་པ་དང་། འབྲས་བུ་མེད་པར་འགྱུར་རོ། །ཅིའི་ཕྱིར་དགུན་ཤིང་ཁ་ཅིག་ལོ་མ་ཡོད་པ་དང་། མེ་ཏོག་ཡོད་པ་དང་། འབྲས་བུ་ཡོད་པར་འགྱུར་ལ། ཤིང་ཁ་ཅིག་ནི་ལོ་མ་མེད་པ་དང་། མེ་ཏོག་མེད་པ་དང་། འབྲས་བུ་མེད་པར་འགྱུར་
ཞེ་ན། སྨྲས་པ། ཟླ་བ་དྲུག་ཉི་མ་ལྷོ་ཕྱོགས་ན་འདུག་སྟེ། ལྷོ་ཕྱོགས་ན་འདུག་པ་ན་དཔག་ཚད་བཞི་ཁྲི་ནས་ཉི་མའི་འོད་ཟེར་རྣམས་བྱུང་ནས་རྒྱ་མཚོ་ཆེན་པོར་འབབ་སྟེ། དེས་ན་རྒྱ་མཚོ་ཆེན་པོའི་ཆུའི་དྲོ་བར་འགྱུར་ལ། ཆུ་དྲོན་པོ་དེ་ཡང་གླིང་རྣམས་ཀྱི་ནང་དུ་འགྲོ་སྟེ། ཤིང་གང་དག་ཆུ་དྲོན་
པོ་དེས་བདེ་བར་སྐྱེ་བར་འགྱུར་བའི་ཤིང་དེ་དག་ནི་ལོ་མ་ཡོད་པ་དང་། མེ་ཏོག་ཡོད་པ་དང་། འབྲས་བུ་ཡོད་པར་འགྱུར་ལ། ཤིང་གང་དག་ཆུ་དྲོན་པོ་དེས་བདེ་བར་སྐྱེ་བར་མི་འགྱུར་བ་དེ་དག་ནི་ལོ་མ་མེད་པ་དང་། མེ་ཏོག་མེད་པ་དང་། འབྲས་བུ་མེད་པར་འགྱུར་ཏེ། རྒྱུ་དེས་ན་དགུན་ཤིང་
ཁ་ཅིག་ལོ་མ་ཡོད་པ་དང་། མེ་ཏོག་ཡོད་པ་དང་། འབྲས་བུ་ཡོད་པར་འགྱུར་ལ་ཤིང་ཁ་ཅིག་ནི་ལོ་མ་མེད་པ་དང་། མེ་ཏོག་མེད་པ་དང་། འབྲས་བུ་མེད་པར་འགྱུར་རོ། །ཅིའི་ཕྱིར་རས་བལ་ཞེས་བྱ་ཞེ་ན། སྨྲས་པ། བསྐལ་པ་དང་པོའི་མི་རྣམས་ཀྱི་དཔག་བསམ་ཤིང་ལས་རས་

བྱུང་བ་གང་ཡིན་པ་དེའི་རྒྱུ་མཐུན་པ་ལས་བྱུང་བ་ནི་དེ་ཡིན་ཏེ། རྒྱུ་དེས་ན་རས་བལ་ཞེས་བྱའོ། །ཅིའི་ཕྱིར་དགུན་ཞེས་བྱ་ཞེ་ན། སྨྲས་པ། བསྐལ་པ་དང་པོའི་མི་རྣམས་ཀྱི་ནགས་ཀྱི་ལྡུམ་བུར་གྱུར་པ་གང་ཡིན་པ་དེའི་རྒྱུ་མཐུན་པ་ལས་བྱུང་བ་ནི་དེ་ཡིན་ཏེ། རྒྱུ་དེས་ན་
དགུན་ཞེས་བྱའོ། །ཅིའི་ཕྱིར་ཤིང་ཁ་ཅིག་གྱེ་གུར་འདུག་ལ། ཁ་ཅིག་དྲང་པོར་འདུག་ཅེ་ན། སྨྲས་པ། རླུང་གི་དབང་གིས་འགྱུར་ཏེ། ཤིང་གང་དག་ལ་རླུང་རྣམས་མཐུན་པར་འགྱུར་བ་དེ་དག་ནི་དྲང་པོར་འགྱུར་རོ། །ཤིང་གང་དག་ལ་རླུང་རྣམས་མི་མཐུན་པར་གྱུར་པ་དེ་དག་ནི་གྱེ་གུར་
འདུག་སྟེ། རྒྱུ་དེས་ན་ཤིང་ཁ་ཅིག་གྱེ་གུར་འདུག་ལ། ཁ་ཅིག་དྲང་པོར་འདུག་གོ། །ཅིའི་ཕྱིར་ཆུ་གཅིག་གིས་བརླན་པའི་ས་ཕྱོགས་གཅིག་ཏུ་ཤིང་ཁ་དོག་སྣ་ཚོགས་དང་། རྟགས་སྣ་ཚོགས་དང་། དབྱིབས་སྣ་ཚོགས་སུ་གྱུར་ཏེ། ཁ་དོག་གཅིག་པར་མ་གྱུར། རྟགས་གཅིག་པར་མ་གྱུར། དབྱིབས་
གཅིག་པར་མ་གྱུར་ཞེ་ན། སྨྲས་པ། ས་བོན་གྱི་དབང་གིས་འགྱུར་ཏེ། ས་བོན་ཇི་ལྟར་འདུག་པ་དེ་བཞིན་དུ་ས་ཡང་སའི་བཅུད་ལེན་པར་བྱེད། ཆུ་ཡང་ཆུའི་བཅུད་ལེན་པར་བྱེད། མེ་ཡང་མེའི་བཅུད་ལེན་པར་བྱེད། རླུང་ཡང་རླུང་གི་བཅུད་ལེན་པར་བྱེད་དེ། །རྒྱུ་དེས་ན་ཆུ་གཅིག་གིས་བརླན་པའི་
ས་ཕྱོགས་གཅིག་ཏུ་ཤིང་ཁ་དོག་སྣ་ཚོགས་དང་། རྟགས་སྣ་ཚོགས་དང་། དབྱིབས་སྣ་ཚོགས་སུ་འགྱུར་ཏེ། ཁ་དོག་གཅིག་པར་མ་གྱུར། རྟགས་གཅིག་པར་མ་གྱུར། དབྱིབས་གཅིག་པར་མ་གྱུར་ཏེ། །ཅིའི་ཕྱིར་ཤིང་ཐམས་ཅད་ལ་འབྱུང་པོ་ཡོད་པར་འགྱུར་ཏེ། འབྱུང་པོ་
རྣམས་ཀྱིས་དབེན་པར་མ་གྱུར་ཞེ་ན། སྨྲས་པ། འཇིག་རྟེན་འཆགས་པའི་ཚེ། ཤིང་སྣང་བར་བྱེད་པའི་འབྱུང་པོའི་བདག་པོ་ཞིག་ཙནྡན་གྱི་ཤིང་ཆེན་པོ་ཞིག་ལ་གནས་པར་གྱུར་ཏོ། །འབྱུང་པོ་ལྷག་མ་རྣམས་ནི་དེ་མ་ཡིན་པའི་ཤིང་དེ་དག་ལ་གནས་པར་གྱུར་ཏེ། དེ་དག་གི་ཐོག་མར་
གནས་སུ་བྱས་པས་གཅིག་ནས་གཅིག་ཏུ་བརྒྱུད་དེ་གཞན་དག་ཀྱང་གནས་པར་གྱུར་པ་དང་། འབྱུང་པོ་དག་གི་ཤིང་རྣམས་སྨེ་བག་མེད་པ་དང་། མཆོད་རྟེན་གྱི་གནས་ལྟ་བུ་དང་། གཙང་བ་དང་། ཡིད་དུ་འོང་བ་དང་བསྟེན་པའི་འོས་སུ་བྱས་ཏེ་སྨེ་བག་མེད་པར་གྱུར་པ་དང་། མཆོད་རྟེན་གྱི་

གནས་ལྟ་བུར་གྱུར་པ་དང་། གཙང་བར་གྱུར་པ་དང་། ཡིད་དུ་འོང་བར་གྱུར་པ་དང་། བསྟན་པའི་འོས་སུ་གྱུར་པའི་ཕྱིར་འབྱུང་པོ་དག་གིས་ཤིང་རྣམས་གནས་སུ་བྱས་ཏེ། རྒྱུ་དེས་ན་ཤིང་ཐམས་ཅད་ལ་འབྱུང་པོ་ཡོད་པར་གྱུར་ཏེ། འབྱུང་པོ་རྣམས་ཀྱིས་དབེན་པར་མ་གྱུར་ཏེ། ཆོས་ཀྱི་རིགས་
པའི་སྐབས་བྱ་བ་དང་། དོན་དང་རྒྱུ་དང་འབྲས་བུ་ལ་རྨོངས་པ་ཟློག་པར་བྱེད་པ། བཟང་འགྲོ་ཐོབ་པར་བྱེད་པ། སྡུག་པའི་འབྲས་བུར་འགྱུར་བར་བྱེད་པ། སངས་རྒྱས་དང་། རང་སངས་རྒྱས་དང་། ཉན་ཐོས་ཀྱིས་བརྟགས་པའི་ཆོས་མངོན་པ་གདགས་པའི་བསྟན་བཅོས་རྒྱུ་
གདགས་པ་ལས་ཚིགས་བཅུ་དགུ་པ་རྫོགས་སོ།། །།རྒྱུ་གདགས་པ་རྫོགས་ཏེ་གཉིས་པའོ།། །།རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་པྲཛྙཱ་བར་མ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་བན་དེ་ཡེ་ཤེས་སྡེ་ལ་སྩོགས་པས་བསྒྱུར་ཅིང་ཞུས་ཏེ་
གཏན་ལ་ཕབ་པ།། ༄༅། །རྒྱ་གར་སྐད་དུ། ཀར་མ་པྲཛྙཱཔྟི། བོད་སྐད་དུ། ལས་གདགས་པ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །སྡོམ་ནི། ཆེད་དུ་བྱས་དང་སེམས་པ་དང་། །འདས་པ་དང་ནི་དགེ་བ་དང་། །དམིགས་པ་
དང་ནི་འདོད་པའི་ཁམས། །ཚིགས་སུ་བཅད་དང་ལས་བསྡུ་བ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་མཉན་དུ་ཡོད་པ་ན། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་
དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ང་ནི་ཆེད་དུ་བྱས་ཤིང་བསགས་པའི་རྣམ་པར་སྨིན་པ་ཉམས་སུ་མྱོང་བར་སྟོན་ཏེ། དེ་ཡང་ཚེ་འདི་དང་། སྐྱེས་པའི་འོག་དང་། ལན་གྲངས་གཞན་ལ་མྱོང་བར་འགྱུར་བའོ། །དགེ་སློང་དག་དེ་ལ་ལུས་ཀྱིས་ཆེད་དུ་བྱས་ཤིང་
བསགས་པ། མི་དགེ་བ་སྡུག་བསྔལ་སྐྱེད་པ། རྣམ་པར་སྨིན་པ་སྡུག་བསྔལ་བ་ནི་རྣམ་པ་གསུམ་མོ། །ངག་གི་ནི་རྣམ་པ་བཞིའོ། །ཡིད་ཀྱི་ནི་རྣམ་པ་གསུམ་མོ། །དགེ་སློང་དག་ལུས་ཀྱིས་ཆེད་དུ་བྱས་པའི་ལས་བྱས་ཤིང་བསགས་པ། མི་དགེ་བ་སྡུག་བསྔལ་

བསྐྱེད་པ། རྣམ་པར་སྨིན་པ་སྡུག་བསྔལ་བ་རྣམ་པ་གསུམ་ཇི་ལྟ་བུ་ཡིན་ཞེ་ན། སྲོག་གཅོད་པ་ནི་དྲག་ཅིང་ལག་དམར་བ་བསད་པ་དང་། རབ་ཏུ་བསད་པ་ལ་ཞེན་པ་ངོ་ཚ་མེད་པ། སེམས་ཅན་སྲོག་ཆགས་སུ་གྱུར་པ་ཐམས་ཅད་ལ་ཐ་ན་སྲོག་ཆགས་
གྲོག་སྦུར་ཡན་ཆད་ལ་སྙིང་རྗེ་མེད་པ་ཡིན་ཏེ། དེ་ནི་སྲོག་གཅོད་པ་མ་སྤངས་པ་ཡིན་ནོ། །མ་བྱིན་པར་ལེན་པ་ནི་དེས་གྲོང་ངམ། དགོན་པ་ནས་མ་བྱིན་པར་རྐུན་ཐབས་སུ་བླངས་པ་ཡིན་ཏེ། མ་བྱིན་པར་ལེན་པ་མ་སྤངས་པ་ཡིན་ནོ། །འདོད་པ་ལ་ལོག་པར་གཡེམ་པ་ནི་གཞན་
གྱི་བུད་མེད། གཞན་གྱི་ཆུང་མ་གཞན་གྱིས་ཡོངས་སུ་བཟུང་བ་འདི་ལྟ་སྟེ། མས་བསྲུངས་པ་འམ། ཕས་བསྲུངས་པ་འམ། མིང་པོས་བསྲུངས་པ་འམ། ཕུ་ནུ་མོས་བ