Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 104

Văn bản gốc(Tây Tạng)

Trang 14 / 24 (50.000 ký tự/trang)
ན་མ་ལ་དགའ་བའོ། །བདེ་གཤེགས་གསུང་ནི་ཐོབ་འགྱུར་ན། །ཞེས་བྱ་བ་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱིས་དངོས་
པོ་རང་བཞིན་མེད་པ་དང་། སྐྱེ་བ་མེད་པར་གསུངས་པ་ཐོས་པར་གྱུར་ན་རང་བཞིན་མེད་པ་ལ་འཇིགས་ཤིང་སངས་རྒྱས་ཀྱི་གསུང་སྤོང་བར་བྱེད་པའོ། །ཅིའི་ཕྱིར་ཞེ་ན། ཇི་བཞིན་མི་རྟོག་པ་སྟེ་སྟོང་པ་ཉིད་ལ་གདོད་མ་ནས་སྐྱེ་བ་མེད་པའི་དོན་མ་རྟོགས་པས་ཆད་པའི་དོན་དུ་ཁོང་དུ་ཆུད་ནས་ཞེས་བྱ་
བའི་ཐ་ཚིག་གོ། །ཚུལ་མིན་ཞེས་བྱ་བ་ནི་ཕྱིན་ཅི་ལོག་གི་སྒོ་ནས་ཏེ། ཐབས་མ་ཡིན་པ་ཞེས་བྱ་བའི་ཐ་ཚིག་གོ། །བདེ་བ་ཚོལ་བགྱིད་ཀྱང་ཞེས་བྱ་བ་ནི་མངོན་མཐོ་དང་ངེས་ལེགས་ཀྱི་མཚན་ཉིད་ཅན་གྱིའོ། །དེ་ལྟར་ཀུན་རྫོབ་ཀྱི་བདེན་པ་བསྟན་ནས། བསྟན་པ་ཕྱིན་ཅི་མ་ལོག་པར་རྟོགས་པའི་བློ་
གྲོས་ཅན་རྣམས་ཀྱི་འབྲས་བུ་བསྟན་པའི་སྒོ་ནས་དོན་དམ་པའི་བདེན་པ་བསྟན་པར་བྱ་བའི་ཕྱིར། འཇིག་རྟེན་ཕན་པའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མ་ལོག་བློ་ཡིས་ཞེས་བྱ་བ་ནི་ཀུན་རྫོབ་ཀྱི་བདེན་པ་དང་། དོན་དམ་པའི་བདེན་པའི་དབྱེ་བ་ཤེས་པས་སོ། །ཆོས་འདི་ཐམས་ཅད་རང་
བཞིན་དབེན་པ་སྟེ། །ཞེས་བྱ་བ་ནི་ཆོས་འདི་ཐམས་ཅད་རང་བཞིན་མེད་པ་སྟེ། ཅིའི་ཕྱིར་ཞེ་ན། དེ་ལ་ལན་ནི། མཚན་མས་སྟོང་པ་ཉིད་ཡིན་པའི་ཕྱིར་ཞེས་བྱ་བ་གསུངས་ཏེ། རྒྱུ་མེད་པའི་ཕྱིར་རོ་ཞེས་པའི་དོན་ཏོ། །དོན་དམ་པ་ཞེས་བྱ་བ་ནི་རང་བཞིན་མེད་པའི་རྒྱུ་དང་བྲལ་བ་བརྗོད་དུ་མེད་
པ་གང་ཡིན་པ་དེ་ནི་དོན་དམ་པ་ཡིན་ནོ་ཞེས་པའོ། །དེ་ལྟ་བུ་ཐོས་ནས་ཞེས་གང་བསྟན་པ་ལ་དགའ་བ་སྐྱེ་བ་དེ་དག་བསམས་པ་དང་བསྒོམས་པའི་སྒོ་ནས་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་འགྱུར་བའོ། །དེ་བཞིན་ཏེ་ཞེས་བྱ་བ་ནི་རང་བཞིན་གྱིས་སྟོང་པར་གཟིགས་པའོ། །དབང་པོའི་གྲོང་ནི་

ཞེས་བྱ་བ་ནི་དབང་པོའི་ཚོགས་སོ། །མཇུག་བསྡུ་བ་བསྟན་པར་བྱ་བའི་ཕྱིར། ཀུན་ཀྱང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དངོས་པོ་ཐམས་ཅད་ཕྱིན་ཅི་མ་ལོག་པར་རང་བཞིན་མེད་པར་གཟིགས་པ་ཡིན་ནོ་ཞེས་པའོ། །དེ་ལྟར་ཀུན་རྫོབ་དང་དོན་དམ་པའི་བདེན་པའི་རྣམ་པའི་དབྱེ་བ་བསྟན་
ནས་ཀུན་རྫོབ་ཀྱི་བདེན་པ་བསྟན་པ་ནི་ཐབས་ཡིན་ནོ་ཞེས་བསྟན་པར་བྱ་བའི་ཕྱིར། འདིར་ཐ་སྙད་ཀྱི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཡི་གེ་མེད་པའི་ཞེས་བྱ་བ་ནི་བརྗོད་པ་ཐམས་ཅད་དང་བྲལ་བའོ། །ཆོས་ཞེས་བྱ་བ་ནི་སྟོང་པ་ཉིད་ཅན་རྟོགས་པའི་ཆོས་སོ། །ཉན་པ་གང་དང་སྟོན་པ་
གང་། །ཞེས་བྱ་བ་ནི་བརྗོད་པ་ཐམས་ཅད་ལས་འདས་པ་ལ་ཉན་པ་དང་། སྟོན་པ་དག་མི་སྲིད་པས་སོ། །བརྗོད་དུ་མེད་ལ་སྒྲོ་བཏགས་པས། །འོན་ཀྱང་ཉན་ཅིང་སྟོན་པ་ཡིན། །ཞེས་བྱ་བ་ནི་དོན་དམ་པར་བརྗོད་དུ་མེད་པ་ཡིན་དུ་ཟིན་ཀྱང་ངོ་བོ་ཉིད་ཀྱིས་དབེན་པའི་སྟོང་པ་ཉིད་ལ་བློས་སྒྲོ་བཏགས་ནས་
ཉན་པ་དང་སྟོན་པར་མཛད་པའོ། །ཐ་སྙད་ཀྱི་བདེན་པ་ཁོ་ན་ལ་ཞེས་བྱ་བ་ནི་ཀུན་རྫོབ་ཀྱི་བདེན་པ་ཁོ་ན་ལ་སྟེ། གཞན་དུ་ན་རྗོད་པ་པོ་དང་བརྗོད་པ་ལ་སོགས་པའི་སྤྲོས་པ་མེད་པས་སོ། །བསྟན་བཅོས་ལས་ཞེས་བྱ་བ་ནི་རྩ་བའི་ཤེས་རབ་ལས་སོ། །ཐ་སྙད་ལ་ནི་མ་བརྟེན་པར། །ཞེས་བྱ་བ་ནི་འཇིག་རྟེན་པའི་
ཤེས་པ་དང་། ཤེས་བྱ་དང་། རྗོད་པར་བྱེད་པ་དང་། བརྗོད་པར་བྱ་བའི་མཚན་ཉིད་ཅན་གྱི་སྤྲོས་པ་རྣམས་ཁས་མ་བླངས་ན་དོན་དམ་པའི་བདེན་པ་སྟོན་པར་མི་ནུས་པས། མ་བསྟན་ན་ནི་ཁོང་དུ་ཆུད་པར་མི་ནུས་ལ། དོན་དམ་པའི་བདེན་པ་ཁོང་དུ་མ་ཆུད་ན་ནི་མྱ་ངན་ལས་འདས་པའི་གྲོང་ཁྱེར་ཐོབ་པར་
མི་འགྱུར་ལ། དེས་ན་མྱ་ངན་ལས་འདས་པ་ཐོབ་པའི་ཐབས་ཡིན་པར་ངེས་པས་ཅི་ལྟ་བ་བཞིན་དུ་གནས་པའི་ཀུན་རྫོབ་ཀྱི་བདེན་པ་ཁས་བླང་བར་བྱ་དགོས་ཏེ། ཆུ་དོན་དུ་གཉེར་བས་སྣོད་བཞིན་དུའོ། །དེ་ལ་དོན་དམ་པའི་བདེན་པ་ནི་ཐབས་ལས་བྱུང་བར་གྱུར་ཅིང་ཞེས་བྱ་བ་ནི་དོན་དམ་པའི་བདེན་པ་ནི་
ཐོབ་པར་བྱ་བ་ཅན་ཡིན་པས་ཐབས་ལས་བྱུང་བ་ཡིན་ལ། དོན་དམ་པའི་བདེན་པ་བསྟན་པ་ལ་ཐབས་ལས་བྱུང་བ་ཉིད་དུ་བརྗོད་པ་ནི་ཉེ་བར་བཏགས་པ་ཡིན་ཏེ། དོན་དམ་པའི་བདེན་པ་ཁོང་དུ་ཆུད་པ་ལ་ནི་བསྟན་པ་མ་གཏོགས་པའི་ཐབས་གཞན་མེད་པས་སོ། །ད་ནི་གཞན་གྱིས་དབུ་མ་པ་ལ་ཀུན་

རྫོབ་ཀྱི་བདེན་པའི་རྣམ་གཞག་མི་འཐད་པ་ཉིད་དུ་སྟོན་པ་ནི། འདིར་སྨྲས་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྨྲས་པ་ཞེས་བྱ་བ་ནི་སེམས་ཙམ་པས་སོ། །ཁྱོད་ཀྱིས་ཞེས་བྱ་བ་ནི་དབུ་མ་པས་སོ། །ཁོ་བོ་ཅག་ལ་ཞེས་བྱ་བ་ནི་སེམས་ཙམ་དུ་སྨྲ་བ་རྣམས་ལའོ། །ཤིན་
ཏུ་ལྟོས་པ་མེད་པར་སྨྲ་ན་ཞེས་བྱ་བ་ནི་ཀུན་རྫོབ་དང་དོན་དམ་པའི་བདེན་པ་ལས་ཉམས་པར་བརྗོད་པས་སོ། །ངེད་ཅག་ཀྱང་ཞེས་བྱ་བ་ནི་སེམས་ཙམ་དུ་སྨྲ་བ་རྣམས་ཀྱང་ངོ་། །ཁྱོད་ལ་ཞེས་བྱ་བ་ནི་དབུ་མ་པ་རྣམས་ལའོ། །གཞན་གྱི་ཕྱོགས་སུན་འབྱིན་པ་ཙམ་ལ་མཁས་པར་ཞེས་བྱ་བ་ནི་སེམས་
ཙམ་དུ་སྨྲ་བའི་ཕྱོགས་སུན་འབྱིན་པ་ཙམ་ལ་མཁས་པར་འགྱུར་བའོ། །གཞན་གྱི་ཕྱོགས་སུན་འབྱིན་པ་ཙམ་ལ་མཁས་པ་ཞེས་བྱ་བའི་དོན་དེ་ཉིད་སྟོན་པ་ནི། འཐད་པས་མི་རིགས་པའི་ཕྱིར་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཁོ་བོ་ཅག་གིས་ཀྱང་ཞེས་བྱ་བ་ནི་སེམས་ཙམ་དུ་སྨྲ་བ་རྣམས་ཀྱང་
ངོ་། །ཁྱོད་ལ་གྲགས་པའི་ཞེས་བྱ་བའི་དབུ་མ་པ་རྣམས་ལ་གྲགས་པའོ། །ཇི་སྐད་དུ་སྨྲས་པའི་འཐད་པ་ཁོ་ནས་ཞེས་བྱ་བ་ནི། བདག་ལས་མ་ཡིན་གཞན་ལས་མིན། །ཞེས་བྱ་བ་ལ་སོགས་པ་གནོད་བྱེད་བཀོད་པ་དང་། ཁྱོད་ཀྱི་གཞན་དབང་གང་གིས་འཛིན་པར་འགྱུར། །ཞེས་བྱ་བས་གཞན་
དབང་གང་གིས་འཛིན་པར་འགྱུར། ཡོད་པའི་སྒྲུབ་བྱེད་མེད་པས་སོ། །དེ་ལ་ཅོ་འདྲི་བའི་སྒོ་ནས་ལན་བསྟན་པར་བྱ་བའི་ཕྱིར། གལ་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གལ་ཏེ་ཁྱོད་རངས་པར་འགྱུར་ན་འགྱུར་ལ་རག་ལས་ཏེ་ཁོ་བོ་ཅག་གིས་མངོན་པར་མཐོ་བ་དང་དགེ་བ་ཉིད་དུ་
འགྱུར་རོ་ཞེས་སྦྱར་བར་བྱ་སྟེ། རྒྱུ་མཚན་གང་གིས་རངས་པར་འགྱུར་ན། དེ་ལ་ལན་ནི་སླར་འཕྲོགས་པ་བཞིན་དུ་ཞེས་བྱ་བ་སྨྲས་སོ། །རྫས་ཕྱིར་འཕྲོགས་པའི་བྱ་བས་སོ། །དེ་ཡང་ཇི་ལྟར་ཞེ་ན། དུག་དང་བཅས་པའི་ཟས་བྱིན་ནས་ཞེས་བྱ་བ་གསུངས་སོ། །གང་ལ་ཞེ་ན། ཐོག་མ་མེད་པའི་དུས་
ན་དཀའ་བ་བརྒྱ་ཕྲག་གིས་བསགས་པའི་ནོར་གྱི་ཚོགས་འཕྲོག་པ་པོ་ལ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །མངོན་པར་མཐོ་ཞིང་ཞེས་བྱ་བ་ནི་དགའ་སྟོན་དུ་གྱུར་པའོ། །འདིའི་དོན་ནི་གལ་ཏེ་སེམས་ཙམ་དུ་སྨྲ་བ་རྣམས་ཀྱིས་སེམས་ཙམ་འཕྲོག་པའི་དབུ་མ་པ་རྣམས་ལ་ཀུན་རྫོབ་འཐད་པ་ཁོ་ནས་མི་

རིགས་པའི་ཕྱིར་ཞེས་དབུ་མ་པ་ལ་སྐྱོན་འགེལ་བར་བྱེད་ན་དེ་ནི་ཁོ་བོ་ཅག་འདོད་པ་ཁོ་ན་ཡིན་ནོ་ཞེས་པའོ། །མངོན་པར་མཐོ་བ་དེ་ཉིད་བསྟན་པར་བྱ་བའི་ཕྱིར། འདི་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་གི་ཕྱིར་སེམས་ཙམ་དུ་སྨྲ་བ་ཁྱོད་ཀྱིས་གཞན་གྱི་དབང་གི་དངོས་པོ་འཐད་པས་རིགས་པ་
ཡིན་ནོ་ཞེས་རང་དགར་ཅི་ལྟར་ཁས་ལེན་པ་དེ་བཞིན་དུ་ཁོ་བོ་ཅག་གིས་ཀུན་རྫོབ་ཁས་མ་བླངས་པས་སོ། །འོ་ན་ཅི་ལྟར་ཞེ་ན། འབྲས་ཕྱིར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འཐད་པས་རིགས་པ་མ་ཡིན་ནོ་ཞེས་སྨྲས་པའི་སྒོ་ནས་ཀུན་རྫོབ་འདི་མེད་དུ་ཟིན་ཀྱང་ཡོད་དོ་ཞེས་བརྗོད་པ་ནི་ཀུན་རྫོབ་བཟློག་
པའི་དོན་དུ་སྟེ། །བསྟན་པའི་ཀུན་རྫོབ་ཀྱི་སྒོ་ནས་ཤེས་པ་དང་ཤེས་བྱ་ལ་སོགས་པའི་མཚན་ཉིད་ཅན་གྱི་སྤྲོས་པ་ཐམས་ཅད་བཟློག་པར་འགྱུར་བས་སོ། །དེ་འགྲེལ་པས་བསྟན་པར་བྱ་བའི་ཕྱིར། ཇི་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འཐད་པས་རིགས་པ་ཡིན་ནོ་ཞེས་སྨྲས་པའི་སྒོ་ནས་རང་
དབང་དུ་བྱས་ནས་ཞེས་བྱ་བ་ནི་འཇིག་རྟེན་པ་དོར་ནས་འཐད་པས་རིགས་པ་ཡིན་ནོ་ཞེས་བླངས་ནས་སོ། །རང་གི་གཞུང་ལུགས་ཀྱིས་ཞེས་བྱ་བ་ནི་སེམས་ཙམ་དུ་སྨྲ་བའི་གྲུབ་མཐའ་ལ་བརྟེན་ནས་སོ། །དེ་ལྟར་ཁོ་བོས་ཀུན་རྫོབ་མ་ཡིན་ཏེ། །ཞེས་བྱ་བ་ནི་སེམས་ཙམ་དུ་སྨྲ་བ་བཞིན་དུ་ཁོ་བོས་རང་དབང་ལ་
བརྟན་ནས་ནི་བརྗོད་པ་མ་ཡིན་ནོ་ཞེས་པའོ། །ཡོད་པ་མ་ཡིན་ཡང་ཞེས་བྱ་བ་ནི་འཇིག་རྟེན་པའི་རྗེས་སུ་འབྲངས་ནས་བསྟན་པའི་ཀུན་རྫོབ་པོ། །དེ་ཟློག་པའི་ཐབས་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི་ཀུན་རྫོབ་ཀྱི་བདེན་པ་ལྡོག་པའི་ཐབས་ཡིན་པས་སོ། །ཀུན་རྫོབ་འཇིག་རྟེན་པའི་རྗེས་སུ་འབྲངས་ནས་བསྟན་
པ་ལ་ཁུངས་བསྟན་པར་བྱ་བའི་ཕྱིར། ཇི་སྐད་དུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཇི་ལྟར་ང་དང་ལྷན་ཅིག་རྩོད་ཀྱི་ཞེས་བྱ་བ་ནི་ངའི་ཡུལ་དང་འགལ་བ་དེས་ཁས་བླངས་པས་སོ། །ང་ནི་འཇིག་རྟེན་དང་མི་རྩོད་དེ་ཞེས་བྱ་བ་ནི་དེས་ཁས་བླངས་པས་ཀྱང་ཁས་ལེན་པས་སོ། །དེ་རྒྱས་པར་བསྟན་པར་
བྱ་བའི་ཕྱིར། འཇིག་རྟེན་ན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །གལ་ཏེ་འཇིག་རྟེན་ན་ཀུན་རྫོབ་ཡོད་པར་མ་གྱུར་ན་དེའི་ཚེ་ངས་ཀྱང་ཁས་ལེན་པ་མ་ཡིན་ནོ་ཞེས་བསྟན་པར་བྱ་བའི་ཕྱིར། ཇི་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཕུང་པོ་སྤངས་ནས་ཞེས་བྱ་བ་ནི་གཟུགས་ལ་སོགས་པའི་

ཕུང་པོ་རྣམས་དོར་ནས་སོ། །ཞིར་ཞུགས་པ་ཞེས་བྱ་བ་ནི་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པར་ཞུགས་པའོ། །དགྲ་བཅོམ་པ་རྣམས་ལ་ཞེས་བྱ་བ་ནི་ཟག་པ་ཟད་པ་རྣམས་ལའོ། །ཡོད་པ་ཉིད་མིན་ཞེས་བྱ་བ་ནི་ཀུན་རྫོབ་པོ། །དེ་ལྟར་ན་ཞེས་བྱ་བ་ནི་དགྲ་
བཅོམ་པ་རྣམས་བཞིན་དུའོ། །དེ་བཞིན་དུ་ཞེས་བྱ་བ་ནི་དགྲ་བཅོམ་པ་རྣམས་བཞིན་དུའོ། །འདི་ཞེས་བྱ་བ་ནི་ཀུན་རྫོབ་བོ། །འདིའི་དོན་ནི་གལ་ཏེ་དགྲ་བཅོམ་པ་བཞིན་དུ་འཇིག་རྟེན་པ་རྣམས་ལ་ཡང་ཕུང་པོ་སྣང་བ་མེད་པར་གྱུར་ན་དེའི་ཚེ་འཇིག་རྟེན་པའི་རྗེས་སུ་འབྲངས་ནས་ཀྱང་ཁོ་བོས་ཀུན་
རྫོབ་ཁས་བླང་བར་མི་བྱའོ་ཞེས་པའོ། །དེ་འགྲེལ་པས་བསྟན་པར་བྱ་བའི་ཕྱིར། དགྲ་བཅོམ་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བདག་ཉིད་ཐམས་ཅད་དུ་ཀུན་རྫོབ་ཡོད་པ་མ་ཡིན་པ་ཞེས་བྱ་བ་ནི་ཕུང་པོ་ལྷག་མ་མེད་པར་མྱ་ངན་ལས་འདས་པ་རྣམས་ལ་ཕུང་པོ་རྣམས་རྒྱུན་ཆད་པས་སོ། །
དེ་བཞིན་དུ་ཞེས་བྱ་བའི་བཤད་པ་ནི་དགྲ་བཅོམ་པ་ལ་སོགས་པའི་ཕུང་པོ་ལ་སོགས་པ་བཞིན་དུ་བྱའོ། །འདི་དག་ཅེས་བྱ་བ་ནི་ཀུན་རྫོབ་བོ། །གཞན་ལ་རག་ལས་པ་ཉིད་ཀྱིས་ཞེས་བྱ་བ་ནི་འཇིག་རྟེན་ལ་རག་ལས་པས་སོ། །གང་གིས་ཞེས་བྱ་བ་ནི་འཇིག་རྟེན་པས་སོ། །དེ་ཁོ་ན་ལ་ཞེས་བྱ་བ་ནི་འཇིག་
རྟེན་པ་ལའོ། །གཞན་ལ་ལྟོས་ནས་ནི་མ་ཡིན་ནོ་ཞེས་བྱ་བ་ནི་འཇིག་རྟེན་པ་མ་ཡིན་པ་ལའོ། །གཞན་ལ་ལྟོས་ནས་ནི་མ་ཡིན་ནོ་ཞེས་བྱ་བ་འདིའི་དོན་བསྟན་པར་བྱ་བའི་ཕྱིར། གལ་ཏེ་ཁྱོད་ལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཀུན་རྫོབ་འདི་ཁྱོད་ཀྱིས་འཇིག་རྟེན་ཁོ་ན་དགག་པར་གྱིས་ཤིག་དང་།
ཁོ་བོ་ནི་ཀུན་རྫོབ་འཇིག་རྟེན་པ་ཁོ་ན་ལ་ཞུགས་པས་སོ། །ཁྱོད་ལ་འཇིག་རྟེན་མི་གནོད་ན། །ཞེས་བྱ་བ་ནི་གལ་ཏེ་སེམས་ཙམ་དུ་སྨྲ་བ་ཁྱོད་ལ་སྣང་བཞིན་པའི་ཆོས་རྣམས་ཡོད་པ་མ་ཡིན་པར་ཅི་ལྟར་བསྟན་ཞེས་འཇིག་རྟེན་པའི་གནོད་པ་ཡོད་པར་མི་འགྱུར་ན་ཞེས་པའོ། །དེས་ན་ཁྱོད་དང་འཇིག་རྟེན་
འདིར་ནི་རྩོད་གྱིས་དང་། །ཞེས་བྱ་བ་གསུངས་ཏེ། གལ་ཏེ་འཇིག་རྟེན་གྱི་གནོད་པ་ཡོད་པས་ཀུན་རྫོབ་འགོག་ན་ཁྱོད་དང་འཇིག་རྟེན་དག་ཀུན་རྫོབ་དགག་པའི་དོན་དུ་རྩོད་པར་གྱིས་ཤིག་དང་ཞེས་པའོ། །ཕྱི་ནས་སྟོབས་ལྡན་བདག་གིས་བརྟེན་པར་བྱ། །ཞེས་བྱ་བ་ནི་གཉིས་པོ་དག་རྩོད་པ་ལས་ན་གང་རྒྱལ་

བ་དེ་ལ་བདག་གིས་བརྟེན་པར་བྱ་སྟེ་འཇིག་རྟེན་གྱི་གནོད་པ་ཡོད་པས་འཇིག་རྟེན་རྒྱལ་བར་གྱུར་ན་འཇིག་རྟེན་ཁོ་ན་ལ་བརྟེན་པར་བྱའོ་ཞེས་པའོ། །དེ་འགྲེལ་པས་བསྟན་པར་བྱ་བའི་ཕྱིར། ཁོ་བོ་ཅག་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འཇིག་རྟེན་གྱི་ཀུན་རྫོབ་ལྡོག་པར་བྱ་བའི་ཕྱིར་ཞེས་བྱ་བ་ནི་གང་
འཇིག་རྟེན་ལ་ལྟོས་པའི་ཤེས་པ་དང་ཤེས་བྱ་ལ་སོགས་པའི་མཚན་ཉིད་ཅན་གྱི་སྤྲོས་པ་ཡིན་ལ། དེ་བཟློག་པར་བྱ་བའི་ཆེད་དུ་སྟེ། སྟོང་པ་ཉིད་མངོན་དུ་བྱ་བའི་དོན་དུ་ཞེས་པའོ། །ལྷག་མ་གོ་སླའོ། །ད་ནི་ལུང་གི་གནོད་པ་བསྟན་པར་བྱ་བའི་ཕྱིར། འདིར་སྨྲས་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ།
སྨྲས་པ་ཞེས་བྱ་བ་ནི་སེམས་ཙམ་དུ་སྨྲས་པས་སོ། །ཁྱོད་ཀྱིས་ཞེས་བྱ་བ་ནི་དབུ་མ་པས་སོ། །ལུང་གི་གནོད་པས་འཇིགས་པས་ཞེས་བྱ་བ་ནི། འཆད་པར་འགྱུར་བའི་ལུང་གི་གནོད་པས་འཇིགས་ནས་སོ། །ལུང་གི་གནོད་པ་བསྟན་པར་བྱ་བའི་ཕྱིར། ཇི་སྐད་དུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ།
དེ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའོ། །བརྗོད་པར་བྱ་སྟེ་ཞེས་བྱ་བ་ལ་སོགས་པ་ནི་ལུང་གི་གནོད་པ་སྤང་བར་བྱ་བའི་དོན་དུ་ཅོ་འདྲི་བ་སྔོན་དུ་འགྲོ་བའི་སྒོ་ནས་ལན་སྟོན་པར་བྱེད་པ་ཡིན་ཏེ། བདེ་བར་གཤེགས་པའི་གསུང་གི་ནོར་བུ་ཨནྡ་རྙིལ་ལས་སྦྱར་བའི་མདོ་སྡེའི་ས་གཞི་བསྟར་བ་ལ་ཞེས་བྱ་བ་ནི་བདེ་བར་
གཤེགས་པ་སྟེ་སངས་རྒྱས་བཅོམ་ལྡན་འདས་ཡིན་ལ། གསུང་ནི་ངག་སྟེ་དེ་ཉིད་ནོར་བུ་ཨནྡ་རྙིལ་ཡིན་ལ། དེས་གང་སྦྱར་བ་ནི་མདོ་སྡེའི་ས་གཞི་བསྟར་བ་དེ་ལའོ། །དཔེར་ན་ཁང་པ་འགའ་ཞིག་གི་གཞི་ཁྱད་པར་ཅན་དུ་བྱ་བའི་དོན་དུ་ནོར་བུ་ཨནྡ་རྙིལ་ལས་ས་གཞི་ལེགས་པར་བསྟར་བར་བྱེད་པ་དེ་བཞིན་
དུ་འདིར་ཡང་བཅོམ་ལྡན་འདས་ཀྱི་གསུང་ཉིད་ནོར་བུ་ཨནྡ་རྙིལ་ཡིན་ལ། དེས་སྦྱར་བའི་མདོ་སྡེ་ནི་ས་གཞི་བསྟར་བའོ། །རྣམ་པར་ཤེས་པ་དངོས་པོར་སྨྲ་བའི་ཆུའི་རྣམ་པར་ཡོངས་སུ་གྱུར་པ་ཞེས་བྱ་བ་ནི་རྣམ་པར་ཤེས་པ་དངོས་པོར་ཡོད་དོ་ཞེས་སྨྲ་བ་གང་ཡིན་པ་དེ་ཉིད་ཆུའི་རྣམ་པ་ཅན་དུ་ཡོངས་སུ་འགྱུར་བར་
འཁྲུལ་པ་ཡིན་ལ། དེ་གང་ལ་ཡོད་པ་དེ་ལ་དེ་སྐད་ཅེས་བྱའོ། །ཇི་ལྟར་བཻ་ཌཱུརྱའི་རང་བཞིན་གྱི་ས་གཞི་བསྟར་བ་ལ་འཇིག་རྟེན་པ་རྣམས་ལ་ཆུ་རུ་འཁྲུལ་པ་སྐྱེ་བ་དེ་བཞིན་དུ་སེམས་ཙམ་པ་རྣམས་ལ་མདོ་སྡེ་རྣམས་སུ་རྣམ་པར་ཤེས་པ་དངོས་པོའི་རང་བཞིན་དུ་གསུངས་པ་ཡིན་ནོ་སྙམ་པའི་ཆུར་འཁྲུལ་པ་དང་

མཚུངས་པའི་འཁྲུལ་པ་སྐྱེ་བ་ཡིན་ནོ་ཞེས་པའི་དོན་ཏོ། །དེའི་རང་བཞིན་གྱི་ཁྱད་པར་མ་ཟིན་པར་བྱས་ན་ཞེས་བྱ་བ་ནི་བཻ་ཌཱུརྱའི་ས་གཞི་བསྟར་བར་མ་རྟོགས་པ་དེ་བཞིན་དུ་མདོ་སྡེའི་དོན་ཁོང་དུ་མ་ཆུད་པར་རོ། །རྣམ་པར་ཤེས་པ་དངོས་པོར་སྨྲ་བའི་ཆུ་ཙམ་ཞིག་བཅུ་
བར་འདོད་པས་ཞེས་བྱ་བ་ནི་དཔེར་ན་བཻ་ཌཱུརྱས་བསྟར་བའི་ས་གཞི་ལ་ཆུར་འཁྲུལ་པས་ཆུ་བཅུ་བར་འདོད་པ་འབྱུང་བ་དེ་བཞིན་དུ་མདོ་སྡེ་རྣམས་ལ་སེམས་ཙམ་དུ་སྨྲ་བ་རྣམས་ལ་རྣམ་པར་ཤེས་པ་དངོས་པོ་ཉིད་དུ་ཆུ་ལ་བཅུ་བར་འདོད་པས་འབྱུང་བ་ཡིན་ནོ་ཞེས་པའོ། །རང་གི་བློ་གྲོས་ཀྱི་སའི་
བུམ་པ་སོ་མ་བཏང་བ་བཤལ་ཞིང་སྨྱུགས་ནས་ཞེས་བྱ་བ་ནི་སེམས་ཙམ་དུ་སྨྲ་བའི་རང་གི་བློ་གྲོས་ཉིད་དེ་སའི་བུམ་པ་སོ་མ་བཏང་བ་ཡིན་ཏེ། བློ་གྲོས་ཡོངས་སུ་མ་སྨིན་པས་སོ། །དེ་བཤལ་ཞིང་སྨྱུགས་པས་སོ། །དཔེར་ན་འགའ་ཞིག་བཻ་ཌཱུརྱས་ས་གཞི་བསྟར་བ་ལ་ཆུ་བཅུ་བའི་དོན་དུ་བུམ་པ་
སོ་མ་བཏང་བ་སྨྱུགས་པར་བྱེད་པ་དེ་བཞིན་དུའོ། །དུམ་བུ་རྣམ་པ་བརྒྱར་ཀློག་པ་ན་ཞེས་བྱ་བ་ནི་ས་གཞི་བསྟར་བ་མཁྲེགས་པ་ཡིན་པས་དེ་བུམ་པ་སོ་མ་བཏང་ཡང་སྨྱུགས་པར་བྱེད་ན་དུམ་བུ་བརྒྱར་འགྱུར་བ་སྲིད་པ་ཡིན་ལ། དེ་བཞིན་དུ་སེམས་ཙམ་པའི་རང་གི་བློ་གྲོས་ཀྱིས་རྣམ་པར་ཤེས་
པ་དངོས་པོའི་ཆུ་བཅུ་བར་བྱ་བའི་དོན་དུ་མདོ་སྡེའི་ས་གཞི་བསྟར་བ་ལ་སྨྱུགས་པར་བྱེད་ན་རིགས་པས་མི་འཐད་པའི་ཕྱིར་དུམ་བུ་རྣམ་པ་བརྒྱར་ཀློག་པར་འགྱུར་རོ། །བདག་ཉིད་ཅེས་བྱ་བ་ནི་སེམས་ཙམ་པའི་བདག་ཉིད་དོ། །དེའི་རང་བཞིན་ཤེས་པ་རྣམས་ཀྱི་ཞེས་བྱ་བ་ནི་ཨིནྡྲ་ནཱི་ལ་
མདོ་སྡེའི་ས་གཞི་བསྟར་བའི་རང་བཞིན་ཤེས་པ་རྣམས་ཀྱིའོ། །མདོ་སྡེའི་དགོངས་པ་འདི་ནི་ཞེས་བྱ་བ་ལ་སོགས་པ་ནི་ཁམས་གསུམ་པ་འདི་ནི་སེམས་ཙམ་སྟེ་ཞེས་བྱ་བའི་མདོ་སྡེ་དེར་ནི་ཕྱི་རོལ་གྱི་དོན་བཀག་པའི་སེམས་ཙམ་ཉིད་ཡོད་པ་ཡིན་ནོ་ཞེས་བྱ་བའི་དགོངས་པ་དེ་ལྟར་ན་ཡིན་ནོ་ཞེས་
པའོ། །དགོངས་པའི་ཁྱད་པར་འདྲི་བ་ནི། ཡང་འདིར་མདོའི་དོན་ཅི་ཞིག་ཡིན་ཞེས་བྱ་བ་གསུངས་སོ། །དེ་ལ་ལན་བསྟན་པར་བྱ་བའི་ཕྱིར་དེའི་ཕྱིར་བཤད་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མངོན་གྱུར་ཞེས་བྱ་བ་ལ་སོགས་པ་ནི་བྱང་ཆུབ་སེམས་དཔའ་མངོན་དུ་གྱུར་པ་ལ་མངོན་པར་ཕྱོགས་

པས་སྲིད་གསུམ་སྟེ། ཁམས་གསུམ་སེམས་ཙམ་ཉིད་དུ་རྟོགས་པ་ཡིན་པས་དེ་ལ་དགོངས་པའོ། །དེ་ལ་དགོངས་པ་འདི་ཡིན་ཏེ། བྱང་ཆུབ་སེམས་དཔའ་དེས་བྱེད་པ་པོ་ནི་སེམས་ཙམ་ཡིན་པར་རྟོགས་པ་ཡིན་ཏེ། ཇི་ལྟར་ཁོང་དུ་ཆུད་ཅེ་ན། རྟག་བདག་བྱེད་པ་པོ་བཀག་པར་
རྟོགས་ཕྱིར་ཞེས་བྱ་བ་གསུངས་ཏེ། གཞན་གྱིས་བདག་རྟག་པ་དགེ་བ་དང་མི་དགེ་བ་ལ་སོགས་པའི་བྱེད་པ་པོར་འདོད་པ་དེ་བཀག་ནས་སེམས་ཉིད་བྱེད་པ་ཉིད་དུ་རྟོགས་པ་ཡིན་ནོ་ཞེས་པའོ། །འདིའི་དོན་ནི་ཁམས་གསུམ་པ་ནི་སེམས་ཙམ་སྟེ་ཞེས་གསུངས་པ་དེ་ཕྱི་རོལ་གྱི་དོན་འགེགས་
པ་པ་ལ་གཞོལ་བ་མ་ཡིན་གྱི། འོན་ཀྱང་བདག་ལ་སོགས་པ་རྣམས་བྱེད་པ་པོ་ཡིན་པར་བཀག་ནས་སེམས་ཁོ་ན་བྱེད་པ་པོར་བསྟན་པ་ཡིན་ནོ་ཞེས་པའོ། །སེམས་ཁོ་ན་བྱེད་པ་པོ་ཉིད་དུ་བསྟན་པར་ཅི་ལྟར་ཤེས་ཤེ་ན། དེ་ལ་ལན་བསྟན་པར་བྱ་བའི་ཕྱིར། གང་གི་ཕྱིར་མདོ་དེ་ཉིད་ལས་ཞེས་
བྱ་བ་ལ་སོགས་པ་གསུངས་ཏེ། ལུགས་སུ་བྱུང་བའི་རྣམ་པར་ཞེས་བྱ་བ་ནི་མ་རིག་པའི་རྐྱེན་གྱིས་འདུ་བྱེད་ཡིན་ལ་འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པའོ་ཞེས་བྱ་བ་ལ་སོགས་པའི་ཚུལ་གྱིས་སོ། །སྡུག་བསྔལ་གྱི་ཕུང་པོ་ཞེས་བྱ་བ་ནི་སྡུག་བསྔལ་གྱི་ཚོགས་སོ། །སྡུག་བསྔལ་གྱི་ལྗོན་
པ་ཞེས་བྱ་བ་ནི་ཡང་ནས་ཡང་དུ་འབྲས་བུ་སྡུག་བསྔལ་འབྱིན་པས་སོ། །བྱེད་པ་པོ་དང་ཚོར་བ་པོ་མེད་པར་ཞེས་བྱ་བ་ནི་སྡུག་བསྔལ་གྱི་ཕུང་པོ་འདི་ལ་དགེ་བ་དང་མི་དགེ་བའི་ལས་རྣམས་ལ་བདག་ལ་སོགས་པའི་བྱེད་པ་པོ་གང་ཡང་མེད་པ་དང་། དབང་ཕྱུག་ལ་སོགས་པ་བཞིན་དུ་དགེ་བ་
དང་མི་དགེ་བའི་ཚོར་བ་པོ་མེད་པའོ། །དེ་ཞེས་བྱ་བ་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་སོ་སོར་ཁོང་དུ་ཆུད་པར་བྱེད་པ་པོ་ལའོ། །བྱེད་པ་པོ་ལ་མངོན་པར་ཞེན་པས་ལས་རྣམས་ཡོད་པར་འགྱུར་རོ་ཞེས་བྱ་བ་ནི་གལ་ཏེ་བདག་ལ་སོགས་པ་བྱེད་པ་པོ་འགའ་ཞིག་ཡོད་པར་གྱུར་ན་དེའི་ཚེ་དེ་ལ་
ལྟོས་ནས་བྱ་བ་འཇུག་པར་འགྱུར་བ་ཡིན་ཏེ། བྱ་བ་ཐམས་ཅད་བྱེད་པ་པོ་ལ་རག་ལུས་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར། གང་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་ནི་སེམས་ཙམ་སྟེ་ཞེས་བྱ་བ་ནི་བྱེད་པ་པོ་དང་ཚོར་བ་པོ་དང་བྲལ་བའོ། །རབ་ཏུ་ཕྱེ་སྟེ་ཞེས་བྱ་བ་ནི་ཁམས་དང་།

འགྲོ་བའི་བྱེ་བྲག་གིས་སོ། །དེའི་ཕྱིར་མདོ་འདིས་ནི་བྱེད་པ་པོ་གཞན་བཀག་པའི་སྒོ་ནས་སེམས་ཁོ་ན་བྱེད་པ་པོ་ཉིད་དུ་གསུངས་པ་ཡིན་ནོ་ཞེས་མཇུག་བསྡུ་བ་བསྟན་པར་བྱ་བའི་ཕྱིར། དེའི་ཕྱིར་དེ་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཀུན་རྫོབ་ཏུ་ཞེས་བྱ་བ་ནི་མ་
བརྟགས་པར་ཉམས་དགའ་བ་འདི་ཡོད་ན་འདི་འབྱུང་ངོ་ཞེས་བྱ་བའི་རྟེན་ཅིང་འབྲེལ་པར་འབྱུང་བ་ཙམ་ལས་སོ། །བྱང་ཆུབ་སེམས་དཔའི་ངེས་ཚིག་བསྟན་པར་བྱ་བའི་ཕྱིར། བྱང་ཆུབ་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་བཤད་པ་དང་པོའི་སེམས་པ་ཞེས་བྱ་བའི་སྒྲས་ནི་བསམ་
པ་རྗོད་པར་བྱེད་པའོ། །གཉིས་པས་ནི་ཡོད་པ་ཉིད་བརྗོད་པ་ཡིན་ནོ། །གསུམ་པས་ནི་གང་ཟག་བརྗོད་པའོ། །བར་གྱི་ཚིག་མི་མངོན་པར་བྱས་པའི་ཚིག་བསྡུ་བའོ་ཞེས་བྱ་བ་ནི་ངེས་པ་ཞེས་བྱ་བ་ནི་ཚིག་དེ་མི་མངོན་པར་བྱས་པ་ཡིན་ནོ་ཞེས་པའོ། །མདོའི་དོན་བཤད་ནས་ཞེས་བྱ་བ་ནི་སེམས་
བྱེད་པ་པོའི་མཚན་ཉིད་ཅན་ནོ། །དོན་འདི་ཉིད་ཅེས་བྱ་བ་ནི་སེམས་བྱེད་པ་པོའི་མཚན་ཉིད་ཅན་ནོ། །དེའི་ཕྱིར་ཞེས་བྱ་བ་ལ་སོགས་པ་ནི་གང་གི་ཕྱིར་བདག་ལ་སོགས་པ་བཀག་ནས་སེམས་ཁོ་ན་བྱེད་པ་པོ་ཡིན་པ་དེའི་ཕྱིར་རོ། །བློ་ལྡན་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་རྣམས་སོ། །བློ་ནི་
འཕེལ་བྱའི་ཕྱིར། ཞེས་བྱ་བ་ནི་བློ་གྲོས་འཕེལ་བར་བྱ་བའི་ཆེད་དུའོ། །མུ་སྟེགས་སྤོ་མཐོན་རི་འཇོམས་ཞེས་བྱ་བ་ནི་མུ་སྟེགས་པ་ཉིད་སྤོ་མཐོན་པོའི་རི་ཡིན་ལ། དེ་འཇོམས་པར་བྱེད་པ་སྟེ། ཅི་ལྟར་ཐོག་གིས་རི་བོ་འཇོམས་པར་བྱེད་པ་དེ་བཞིན་དུ་བཅོམ་ལྡན་འདས་ཀྱི་གསུང་གི་རྡོ་རྗེས་མུ་
སྟེགས་ཀྱི་སྤོ་མཐོན་པོའི་རི་བོ་འཇོམས་པར་བྱེད་པའོ། །གང་ལས་གསུངས་ཤེ་ན། །ལང་ཀར་གཤེགས་པའི་མདོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཡོད་པ་བཅད་ཕྱིར་ཞེས་བྱ་བ་ནི་གང་ཟག་ལ་སོགས་པ་ཡོད་པ་ཉིད་དགག་པའི་ཆེད་དུའོ། །འདི་ནི་ཞེས་བྱ་བ་ནི་གང་ཟག་ཅེས་བྱ་བ་ལ་སོགས་
པའོ། །གང་ཟག་ཅེས་བྱ་བ་ནི་གང་ཕུང་པོ་འདི་དོར་ནས་ཕུང་པོ་གཞན་ཉེ་བར་ལེན་པའི་གང་ཟག་ནི་ཡོད་པ་ཡིན་ནོ་ཞེས་བྱེ་བྲག་ཏུ་སྨྲ་བ་རྣམས་ཀྱིས་བརྗོད་པ་ལྟ་བུའོ། རྒྱུན་དང་ཞེས་བྱ་བ་ནི་སེམས་ཀྱི་རྒྱུན་ནོ། །ཕུང་པོ་དང་ཞེས་བྱ་བ་ནི་གཟུགས་དང་ཚོར་བ་ལ་སོགས་པའོ། །རྐྱེན་དང་ཞེས་བྱ་བ་

ནི་རྒྱུ་ལ་སོགས་པའི་རྐྱེན་བཞིའོ། །རྡུལ་དག་དང་ཞེས་བྱ་བ་ནི་སྔོན་པོ་ལ་སོགས་པ་སྣང་བའི་དབྱིབས་སུ་གྱུར་པའོ། །གཙོ་བོ་ཞེས་བྱ་བ་ནི་ཕྱིས་འཆད་པར་འགྱུར་བའི་རང་བཞིན་ནོ། །དབང་ཕྱུག་ཅེས་བྱ་བ་ནི་འགྲོ་བ་ཐམས་ཅད་སྤྲུལ་པར་བྱེད་པའོ། །དེ་ཉིད་ཀྱི་ཕྱིར་བྱེད་པ་པོ་
ཞེས་བྱ་བ་སྨོས་སོ། །བྱེད་པ་པོ་ཞེས་བྱ་བའི་ཚིག་ནི་ཐམས་ཅད་ལ་སྦྱར་བར་བྱའོ། །སེམས་ཙམ་དུ་ནི་ངས་བཤད་དོ། །ཞེས་བྱ་བ་ནི་འདི་ལས་གཞན་པའི་བྱེད་པ་པོ་གཞན་མེད་པས་སོ། །དེས་ན་མདོ་གཞན་དུ་ཡང་བྱེད་པ་པོ་གཞན་བཀག་པས་སེམས་ཙམ་མོ་ཞེས་བྱ་བ་ལ་སོགས་
པའི་ངག་འདི་ནི་བྱེད་པ་པོ་གཞན་བཀག་པ་ཡིན་གྱི། ཕྱི་རོལ་གྱི་དོན་བཀག་པ་ནི་མ་ཡིན་ནོ་ཞེས་པའོ། །འདིའི་དོན་དགྲོལ་བའི་ཕྱིར་ཞེས་བྱ་བ་ནི་བསྟན་བཅོས་མཁན་པོ་ཉིད་ཀྱིས་སོ། །དེ་དེ་ལས་ཞེས་བྱ་བ་ནི་བྱེ་བྲག་ཏུ་སྨྲ་བ་དང་མུ་སྟེགས་པའི་བསྟན་བཅོས་ལ་སོགས་པ་ལས་སོ། །
དེ་དག་ཅེས་བྱ་བ་ནི་གང་ཟག་ལ་སོགས་པའོ། །ཇི་བཞིན་རང་གིས་ཞེས་བྱ་བ་ནི་གྲུབ་མཐའི་རྗེས་སུ་འབྲངས་ནས་སོ། །དེ་དག་ཅེས་བྱ་བ་ནི་གང་ཟག་ལ་སོགས་པའོ། །དེ་དག་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་བྱེད་པ་པོ་ཉིད་དུ་མ་གཟིགས་ནས་འཇིག་རྟེན་གྱི་བྱེད་པ་པོ་ནི་སེམས་
ཙམ་ཡིན་ནོ་ཞེས་གསུངས་པའོ། །དེ་ལ་གང་ཟག་དང་གཙོ་བོ་དག་ནི་ཕྱིས་འགེགས་པར་འགྱུར་རོ། །རྒྱུན་ནི་སེམས་ལས་ཐ་དད་དུ་གྱུར་པ་མི་སྣང་བའི་ཕྱིར་སེམས་ཀྱི་བདག་ཉིད་ཅན་ཁོ་ན་ཡིན་ནོ། །གཟུགས་ཀྱི་ཕུང་པོ་ནི་རྣམ་པར་ཤེས་པ་མེད་ན་མི་སྣང་བའི་ཕྱིར་སེམས་ཀྱི་བདག་ཉིད་ཅན་ཁོ་ནའོ། །
གཞན་རྣམས་ནི་སེམས་ལས་བྱུང་བའི་ཁོངས་སུ་འདུས་པས་སོ། །ལྡན་པ་མ་ཡིན་པ་ནི་བཏགས་པ་ཙམ་ཡིན་པས་སོ། །རྐྱེན་ཉིད་ཀྱང་སེམས་ཁོ་ན་ཡིན་ཏེ། དེའི་སྟོབས་ཀྱིས་དགེ་བ་དང་མི་དགེ་བའི་ལས་ཀྱི་རྣམ་པར་གཞག་པ་བྱེད་པས་སོ། །རྡུལ་རྣམས་ཀྱང་ཕྱོགས་ཆའི་དབྱེ་བས་བརྟགས་ན་
མི་འཐད་པའི་ཕྱིར་སེམས་ཁོ་ན་བྱེད་པ་པོ་ཉིད་དུ་བསྟན་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །འདིར་ཡང་དོན་དམ་པའི་སེམས་ནི་བྱེད་པ་པོར་གྱུར་པ་མ་ཡིན་གྱི། འོན་ཀྱང་གང་ཟག་ལ་སོགས་པར་མངོན་པར་ཞེན་པ་སྤང་བའི་ཆེད་དུ་དེ་ལྟར་གསུངས་པ་ཡིན་ཏེ། གཞན་དུ་ན་བདག་ལས་མ་ཡིན་ཞེས་བྱ་བ་

ལ་སོགས་པས་སེམས་ཀྱང་མ་གྲུབ་པས་དེ་སྐད་དུ་ཇི་ལྟར་བརྗོད་པར་བྱ། མུ་སྟེགས་པ་རྣམས་ཀྱི་ཞེས་བྱ་བ་ནི་ཕལ་ཆེ་བའི་དབང་དུ་མཛད་ནས་གསུངས་པ་ཡིན་གྱི། ཕལ་ཆེར་དེ་རྣམས་ཀྱིས་གང་ཟག་ལ་སོགས་པ་བསྟན་པ་ཡིན་ཏེ། གཞན་དུ་ན་བྱེ་བྲག་ཏུ་སྨྲ་བ་རྣམས་ཀྱིས་ཀྱང་
གང་ཟག་བྱེད་པ་པོ་ཉིད་དུ་ཁས་བླངས་པས་མུ་སྟེགས་པ་རྣམས་ཀྱི་ཞེས་བྱ་བ་ཅི་ལྟར་བརྗོད། དེ་ཉིད་ཀྱི་ཕྱིར་ཆོས་འདི་པ་དག་གིས་ཀྱང་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །རྣམ་པ་གཅིག་ཏུ་ན་ཞེས་བྱ་བ་ནི་བྱེ་བྲག་ཏུ་སྨྲ་བ་རྣམས་དང་མུ་སྟེགས་པ་རྣམས་མཚུངས་པའི་ཕྱིར་དེ་དག་ཀྱང་མུ་སྟེགས་པ་ཡིན་ནོ་
ཞེས་བསྟན་པར་བྱ་བའི་ཕྱིར། དོན་ཕྱིན་ཅི་མ་ལོག་པར་ཁོང་དུ་མ་ཆུད་པའི་ཕྱིར་ཞེས་བྱ་བ་གསུངས་ཏེ། གང་ཟག་ལ་སོགས་པ་རྣམས་རིགས་པས་མ་གྲུབ་པའི་ཕྱིར་དྲང་བའི་དོན་དུ་བསྟན་པ་མ་རྟོགས་ནས་དེ་དག་ནི་དོན་དམ་པ་ཉིད་དུ་བཏགས་པས་སོ། །ཁྱབ་པར་བྱེད་པ་ཁོ་ནའོ་ཞེས་བྱ་བ་ནི་ཆོས་
འདི་པ་རྣམས་ཀྱང་མུ་སྟེགས་པ་རྣམས་དང་མཚུངས་པའི་ཕྱིར་རོ། །ངེས་པར་བསྟན་པ་འདི་ནི་ཞེས་བྱ་བ་ནི་མུ་སྟེགས་པ་རྣམས་ཞེས་བྱ་བའི་ཐ་ཚིག་གིས་སོ། །ཇི་སྐད་དུ་ཞེས་བྱ་བ་ནི་རྒྱལ་པོ་ལ་གདམས་པ་རིན་པོ་ཆེའི་ཕྲེང་བ་ལས་སོ། །གང་ཟག་ཕུང་པོ་སྨྲ་བའི་ཞེས་བྱ་བ་ལ་སོགས་པ་ནི་དམིགས་
པ་དང་བཅས་པ་ཐམས་ཅད་དང་ཐུན་མོང་མ་ཡིན་པའི་ཆོས་འདི་ཡིན་ནོ་ཞེས་སྟོན་པར་བྱེད་པ་ཡིན་ཏེ། དེ་ལ་གྲངས་ཅན་ནི་གྲངས་ཀྱི་བསྟན་བཅོས་ཁ་ཏོན་བྱེད་པའོ། །འུག་ཕྲུག་ཅེས་བྱ་བ་ནི་འུག་པའི་སློབ་མ་སྟེ་བྱེ་བྲག་པའོ། །གང་ཟག་དང་ཕུང་པོར་སྨྲ་བ་ནི་གང་ཟག་ཕུང་པོར་སྨྲ་བ་སྟེ་བྱེ་བྲག་ཏུ་སྨྲ་བ་ལ་
སོགས་པ་རྣམས་སོ། །དེ་དང་བཅས་པའི་འཇིག་རྟེན་པ་རྣམས་ལ་ཡོད་པ་དང་མེད་པ་དག་ལས་འདས་པ་མཐའ་གཉིས་དང་བྲལ་བའི་དེ་ཁོ་ན་ཉིད་ཡོད་དམ་མེད་ཅེས་དྲིས་ཤིག་དང་སྨྲའམ་སྟེ་སྨྲ་བར་མི་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །གལ་ཏེ་གྲངས་ཅན་ལ་སོགས་པས་ཅིའི་ཕྱིར་མི་བརྗོད་ཅེ་ན། གང་
གི་ཕྱིར་རེ་ཞིག་གྲངས་ཅན་པ་རྣམས་སྐྱེས་བུ་དང་རང་བཞིན་དག་ཡོད་པ་ཉིད་ཁས་ལེན་ཅིང་ས་ལ་སོགས་པ་རྣམས་བསྐལ་པ་ཆེན་པོའི་བར་དུ་ཡོད་པ་ཉིད་དང་། དེའི་ཕྱིར་འཇིག་རྟེན་པ་ཉིད་དུ་ཁས་ལེན་པ་འུག་ཕྲུག་པས་ཀྱང་རྡུལ་ཕྲ་རབ་གཅིག་དང་གཉིས་ལ་སོགས་པའི་རིམ་པས་བྱས་པའི་བུམ་

པ་ལ་སོགས་པ་རྣམས་ལ་ཡོད་པ་དང་མེད་པ་ཉིད་དུ་ཁས་ལེན་པའོ། །གོས་མེད་པས་ཀྱང་ཐམས་ཅད་ཐམས་ཅད་ཀྱི་བདག་ཉིད་ཡིན་པ་དང་ཐམས་ཅད་ཐམས་ཅད་ཀྱི་བདག་ཉིད་མ་ཡིན་པ་ཉིད་དུ་ཁས་ལེན་པའོ། །དེ་བཞིན་སྲོག་ནི་ཡོད་པ་ཉིད་ཡིན་ལ། གཞན་ནི་ཡོད་པ་མ་ཡིན་ནོ་ཞེས་ཁས་
ལེན་པའོ། །གང་ཟག་དང་ཕུང་པོར་སྨྲ་བ་དག་གིས་ནི་གང་ཟག་དང་ཕུང་པོ་ལ་སོགས་པ་ཡོད་པ་ཉིད་དུ་ཁས་ལེན་པ་དང་། འདས་པ་དང་མ་འོངས་པ་དག་ནི་མེད་པ་ཡིན་ཞེས་ཁས་ལེན་པའོ། །དེ་ལྟར་ཡོད་པ་དང་མེད་པ་ལས་འདས་པ་ནི་གང་ཡང་ཡོད་པ་མ་ཡིན་ནོ་སྙམ་དུ་བསམས་ནས་དྲིས་
ཤིག་ཅེས་སྨོས་པ་ཡིན་ནོ། །དེའི་ཕྱིར་ཞེས་བྱ་བ་ནི་བསྟན་མ་ཐག་པའི་རྒྱུ་མཚན་གྱིས་སོ། །ཡོད་མེད་ལས་འདས་པ་ཞེས་བྱ་བ་ནི་ཡོད་པ་དང་མེད་པའི་མཐའ་ལས་འདས་པའོ། །འཆི་མེད་ཅེས་བྱ་བ་ནི་མྱ་ངན་ལས་འདས་པ་ནི་འཆི་བ་མེད་པ་ཡིན་ལ། དེ་ཐོབ་པར་བྱེད་པའི་ཐབས་ཡིན་པས་
ན་བསྟན་པ་དེ་ལ་དེ་སྐད་ཅེས་བྱའོ། །ཟབ་མོ་ཞེས་བྱ་བ་ནི་མུ་སྟེགས་པ་རྣམས་ཀྱིས་རྟོགས་པར་མི་ནུས་པའི་ཕྱིར་རོ། །བསྟན་པ་ཞེས་བྱ་བ་ནི་བླང་བྱ་དང་དོར་བྱ་དག་བླང་བ་དང་དོར་བར་སྟོན་པ་གང་ཡིན་པའོ། །ཆོས་ཀྱི་ཁུད་པ་ཡིན་ཤེས་གྱིས། །ཞེས་བྱ་བ་ནི་ཐུན་མོང་མ་ཡིན་པ་ཉིད་དུ་ཤེས་པར་
གྱིས་ཤིག་ཅེས་པའོ། །ཕྱི་རོལ་པ་ཉིད་དུ་རིག་པར་བྱའོ་ཞེས་བྱ་བ་ནི་ཕུང་པོ་ལ་སོགས་པ་ལ་མངོན་པར་ཞེན་པ་དེ་དག་ལ་ནི་མུ་སྟེགས་པ་ཉིད་དུ་བརྗོད་པར་བྱའོ་ཞེས་པའོ། །དེ་ཉིད་ཀྱི་ཕྱིར་ཞེས་བྱ་བ་ནི་མུ་སྟེགས་པ་རྣམས་ཀྱིས་ཞེས་རྩ་བའི་ཚིག་གིས་བསྟན་པས་སོ། །འོ་ན་མུ་སྟེགས་གང་ཞེ་ན།
འཁོར་བ་འདི་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྟོག་པ་ཞེས་བྱ་བ་ནི་ཕུང་པོ་ལ་སོགས་པ་བྱེད་པ་པོའི་མཚན་ཉིད་ཅན་ནོ། །འདི་ནི་རྟོག་པ་རྣམས་ཀྱང་སྲིད་པར་འགྱུར་བ་ཡིན་ནོ་ཞེས་བསྟན་པ་ཡིན་ལ། ད་ནི་རྟོག་པ་འདི་རྣམས་ད་ལྟ་ཡང་ཡོད་པ་ཡིན་ནོ་ཞེས་བསྟན་པར་བྱ་བའི་ཕྱིར། འདི་ལྟར་
ད་ལྟ་ཉིད་དུ་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དགེ་སློང་སྐྱ་བསེང་ལ་སོགས་པ་དག་ལ་ཞེས་བྱ་བ་ནི་གཅེར་བུ་པའི་དགེ་སློང་རྣམས་ལའོ། །བྱེད་པ་པོ་གཞན་བཀག་པས་ཞེས་བྱ་བ་ནི་ཕུང་པོ་ལ་སོགས་པ་རྣམས་བྱེད་པ་པོ་ཉིད་བཀག་པས་སོ། །དོན་བྱས་ཟིན་པའི་ཕྱིར་ཞེས་བྱ་བ་ནི་

དགོས་པ་བསྒྲུབས་ཟིན་པས་སོ། །ཙམ་གྱི་སྒྲས་ཞེས་བྱ་བ་ནི་སེམས་ཙམ་པ་འཇིག་རྟེན་བྱེད་པ་པོར་གསུངས་ཞེས་བྱ་བ་འདིར་ཙམ་གྱི་སྒྲ་གང་སྨོས་པ་དེས་སོ། །ཤེས་བྱ་འགོག་པར་མི་ནུས་པར་བརྗོད་ནས་ཞེས་བྱ་བ་ནི་བྱེད་པ་པོ་གཞན་བཀག་པའི་དགོས་པ་ཡོད་པའི་ཕྱིར་རོ། །
རྣམ་པ་གཞན་དུ་བཤད་པ་ལས་ཀྱང་ཞེས་བྱ་བ་ནི་ཙམ་གྱི་སྒྲས་སེམས་གཙོ་བོ་ཉིད་དུ་བསྟན་པས་སོ། །ཕྱི་རོལ་འགོག་པར་མི་སྲིད་པར་བསྟན་པར་བྱ་བའི་ཕྱིར་ཞེས་བྱ་བ་ནི་ཙམ་གྱི་སྒྲས་སེམས་གཙོ་བོ་ཉིད་དུ་བསྟན་པའི་ཕྱིར་རོ། །དེ་ཉིད་བསྟན་པར་བྱ་བའི་ཕྱིར། དེ་ཉིད་རྟོགས་ལ་ཞེས་བྱ་བ་ལ་སོགས་
པ་གསུངས་ཏེ། ཅི་ལྟར་ཚིག་སྔ་མ་མི་མངོན་པར་བྱས་པས་དེ་ཁོ་ན་ཉིད་རྟོགས་པ་ལ་སངས་རྒྱས་ཞེས་བརྗོད་པ་དེ་བཞིན་དུ་འདིར་ཡང་ཁམས་གསུམ་ན་སེམས་གཙོ་བོ་ཡིན་པས་ཚིག་ཕྱི་མ་མི་མངོན་པར་བྱས་ནས་བརྗོད་པ་ཡིན་ནོ་ཞེས་པའོ། །གཟུགས་ནི་འདིར་འགོག་པ་དང་དེ་ལྟར་མདོའི་དོན་མ་ཡིན་
ཞེས་བྱ་བ་ནི་ཙམ་གྱི་སྒྲས་ནི་ཕྱི་རོལ་གྱི་དོན་འགོག་པ་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་འགྲེལ་པས་བསྟན་པར་བྱ་བའི་ཕྱིར། ཇི་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །གཞན་གཙོ་བོ་ཡིན་པ་བཀག་ནས་ཞེས་བྱ་བ་ནི་གཟུགས་ལ་སོགས་པ་གཙོ་བོ་ཡིན་པ་བཀག་ནས་སོ། །འདིས་
ནི་ཞེས་བྱ་བ་ནི་ཁམས་གསུམ་པ་འདི་ནི་སེམས་ཙམ་པ་སྟེ་ཞེས་བྱ་བས་སོ། །གཟུགས་ལ་སོགས་པ་འགོག་པ་མ་ཡིན་པའི་རྣམ་པ་བསྟན་པར་བྱ་བའི་ཕྱིར། སེམས་ཙམ་ཞིག་ཅེས་བྱ་བ་ལ་སོགས་པ་གསུངས་སོ། །ཡོད་པ་ཉིད་འགོག་པ་མ་ཡིན་ནོ་ཞེས་བྱ་བ་ནི་གཟུགས་ལ་སོགས་པ་
རྣམས་སོ། །དེ་བཞིན་དུ་ཞེས་བྱ་བ་ནི་སེམས་གཙོ་བོ་ཉིད་བསྟན་པའི་དོན་དུ་ཡིན་གྱི། གཟུགས་དགག་པའི་དོན་དུ་ནི་མ་ཡིན་པས་སོ། །ཁྱོད་ཀྱི་ལུགས་ལྟར་ཞེས་བྱ་བ་ནི་གཟུགས་བཀག་ནས་སེམས་ཙམ་ཞིག་ཡོད་པར་འདོད་པའོ། །དེ་ལས་ཞེས་བྱ་བ་ནི་མདོ་ལས་སོ། །འདི་དག་ཅེས་བྱ་བ་ནི་ཁམས་
གསུམ་མོ། །སླར་ཡང་ཞེས་བྱ་བ་ལ་སོགས་པ་ནི་མདོ་དེ་ཉིད་ལས་སེམས་མ་རིག་པ་དང་འདུ་བྱེད་ལས་སྐྱེ་བ་ཅིའི་ཕྱིར་གསུངས་ཞེས་པའོ། །འདིའི་དོན་ནི་གལ་ཏེ་དོན་དམ་པར་འགྱུར་ན་དེའི་ཚེ་རང་བཞིན་གཞན་ལ་ལྟོས་པ་མེད་པའི་ཕྱིར་གཏི་མུག་དང་ལས་ལ་ལྟོས་པར་མི་འགྱུར་བ་ཡིན་པ་ལས་ལྟོས་པ་ཉིད་ཀྱང་

ཡིན་པས་དེས་ན་རྣམ་པར་ཤེས་པ་ངོ་བོ་ཉིད་ཀྱིས་ཡོད་པ་མ་ཡིན་ནོ་ཞེས་བྱ་བར་གྲུབ་པའོ། །དེ་འགྲེལ་པས་བསྟན་པར་བྱ་བའི་ཕྱིར། འཕགས་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རང་གི་མཚན་ཉིད་ཀྱིས་གྲུབ་པ་ནི་མ་ཡིན་ནོ་ཞེས་བྱ་བ་ནི་གཞན་ལ་མ་ལྟོས་པར་ངོ་བོ་ཉིད་ཀྱིས་གྲུབ་པ་ནི་མ་ཡིན་ནོ་ཞེས་
བྱ་བའི་ཐ་ཚིག་གོ། །དེ་ཉིད་རྒྱས་པར་བསྟན་པར་བྱ་བའི་ཕྱིར། གལ་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མ་རིག་པ་ཞེས་བྱ་བ་ནི་མི་ཤེས་པའོ། །འདུ་བྱེད་ཅེས་བྱ་བ་ནི་དགེ་བ་དང་མི་དགེ་བ་ལ་སོགས་པའི་མཚན་ཉིད་ཅན་ནོ། །ཕྱིན་ཅི་ལོག་གི་རྐྱེན་ཡོད་ན་ཡོད་པའི་ཕྱིར་ལ་ཞེས་བྱ་བ་ནི་གཞན་ལ་མ་
ལྟོས་པར་ངོ་བོ་ཉིད་ཀྱིས་གྲུབ་པ་ནི་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །ཇི་སྐད་དུ་ཞེས་བྱ་བ་ནི་མདོ་ལས་སོ། །འདི་ལྟར་ཞེས་བྱ་བ་ནི་འཆད་པར་འགྱུར་བའི་རྣམ་པས་སོ། །ལུགས་སུ་བྱུང་བའི་རྣམ་པར་ཤེས་པ་ནི་མ་རིག་པ་དང་ལས་ཀྱི་མཚན་ཉིད་ཅན་ཕྱིན་ཅི་ལོག་གི་རྐྱེན་ཡོད་ན་རྣམ་པར་ཤེས་པ་ཡོད་པས་
སོ། །མ་རིག་པས་བྱས་པའི་ཞེས་བྱ་བ་ནི་མ་རིག་པ་ལས་བྱུང་བའོ། །ལས་ཀྱི་ཞེས་བྱ་བ་ནི་དགེ་བ་དང་མི་དགེ་བ་དང་མི་གཡོ་བའི་མཚན་ཉིད་ཅན་ནོ། །རྣམ་པར་སྨིན་པ་ཞེས་བྱ་བ་ནི་རྣམ་པར་སྨིན་པར་བྱ་བ་ཡིན་པས་ན་རྣམ་པར་སྨིན་པ་ཞེས་བྱའོ། །སེམས་དང་པོ་ནི་ཞེས་བྱ་བ་ནི་ཉིང་མཚམས་སྦྱོར་བའི་
སེམས་སོ། །རྣམ་པར་ཤེས་པ་དང་ལྷན་ཅིག་སྐྱེ་བ་ལེན་པའི་ཕུང་པོ་བཞི་ནི་ཞེས་བྱ་བ་ནི་ཉོན་མོངས་པ་དང་བཅས་པའི་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། གཟུགས་ཀྱི་མཚན་ཉིད་ཅན་རྣམས་སོ། །དེ་ལ་མིང་ནི་གཟུགས་མེད་པའི་ཕུང་པོ་རྣམས་ཡིན་ལ། གཟུགས་ནི་གཟུགས་ཀྱི་
ཕུང་པོའོ། །མིང་དང་གཟུགས་རྣམ་པར་འཕེལ་བ་ནི་སྐྱེ་མཆེད་དྲུག་གོ་ཞེས་བྱ་བ་ནི་གཟུགས་མེད་པའི་ཕུང་པོ་རྣམས་འཕེལ་བ་ལས་ཡིད་ཀྱི་སྐྱེ་མཆེད་ཡིན་ལ། གཟུགས་ཀྱི་ཕུང་པོ་རྣམ་པར་འཕེལ་བ་ལས་མིག་ལ་སོགས་པའི་སྐྱེ་མཆེད་ལྔའོ། །དབང་པོ་དང་ཞེས་བྱ་བ་ལ་སོགས་པ་ནི་དབང་པོ་
དང་ཡུལ་དང་རྣམ་པར་ཤེས་པ་གསུམ་ཕྲད་པ་ནི་རེག་པ་ཡིན་ཏེ། གང་ཡོད་ན་གསུམ་ཕན་ཚུན་མངོན་པར་ཕྱོགས་པས་ཕྲད་པ་དང་འདྲ་བའི་ཕྱིར་དེ་ནི་རེག་པ་ཡིན་ནོ་ཞེས་པའི་དོན་ཏོ། །སྲིད་པའི་རྐྱེན་ཚོར་བའི་རྒྱུ་ཡིན་པས་རེག་པ་དེ་ཡང་ཟག་པ་དང་བཅས་པའོ། །རེག་པ་དང་ལྷན་ཅིག་སྐྱེས་པ་ནི་

ཚོར་བའོ་ཞེས་བྱ་བ་ནི་རེག་པ་དང་ཚོར་བ་དག་ལྷན་ཅིག་འབྱུང་བའི་རྒྱུ་ཡིན་པས་སོ། །ཚོར་བ་ལས་ཆགས་པ་ནི་སྲེད་པའོ་ཞེས་བྱ་བ་ནི་ཚོར་བ་བདེ་བ་ལ་སོགས་པ་རྣམས་ལ་མི་འབྲལ་བ་ལ་སོགས་པར་མངོན་པར་ཞེན་པ་ནི་སྲེད་པའོ། །སྲེད་པ་རྣམ་པར་འཕེལ་བ་ནི་ལེན་པའོ་
ཞེས་བྱ་བ་ནི་སྲེད་པ་དེ་རབ་ཏུ་སོན་པ་ནི་ལེན་པའོ། །ལེན་པ་ལས་བྱུང་བའི་ལས་ཟག་པ་དང་བཅས་པ་ནི་སྲིད་པ་ཞེས་བྱ་བ་ནི་འདིས་ཡང་སྲིད་པ་ལེན་པས་ན་སྲིད་པའོ། །ལས་ཀྱི་རྒྱུ་མཐུན་པ་ནི་སྐྱེ་ཞེས་བྱ་བ་ནི་ལས་ཀྱི་རྗེས་སུ་འབྲངས་ནས་མ་འོངས་པའི་ཉིང་མཚམས་སྦྱོར་བའི་རྣམ་པར་ཤེས་པ་འབྱུང་
བའོ། །སྐྱེ་བ་སྟེ་ཞེས་བྱ་བའི་བཤད་པ་ནི་ཕུང་པོ་འབྱུང་བའོ་ཞེས་པའོ། །ཕུང་པོ་ཡོངས་སུ་སྨིན་པ་ནི་ཞེས་བྱ་བ་ནི་གོང་ནས་གོང་དུ་སྐད་ཅིག་མ་ཁྱད་པར་ཅན་སྐྱེ་བས་རྙིངས་པར་འགྱུར་བའོ། །རྒས་པའི་ཕུང་པོ་འཇིག་པ་ནི་ཞེས་བྱ་བ་ནི་ཕུང་པོ་རྙིངས་ནས་འཇིག་པར་འགྱུར་བའོ་ཞེས་པའོ། །
ཆགས་པ་དང་བཅས་པས་ཞེས་བྱ་བ་ནི་སྔོན་གྱི་བགད་པ་དང་། དགའ་བ་དང་། རྩེ་བ་ལ་སོགས་པ་ལ་མངོན་པར་ཞེན་པ་དང་ལྡན་པ་གང་ཡིན་པའོ། །མྱ་ངན་ལས་བྱུང་བའི་ཞེས་བྱ་བ་ནི་སྙིང་ལ་གདུང་བ་སྐྱེས་པའོ། །ཚིག་བརྗོད་པ་ནི་ཞེས་བྱ་བ་ནི་ཡུལ་དོར་ནས་གང་ཞིག་ཏུ་འགྲོ་བར་འགྱུར་
ཞེས་བརྗོད་པའོ། །དབང་པོ་ལྔའི་ཉམས་སུ་བབ་པ་ནི་ཞེས་བྱ་བ་ནི་དབང་པོ་ལྔ་ཉམས་པའོ་ཞེས་བྱ་བའི་ཐ་ཚིག་གོ། །ཡིད་ཀྱི་ལྟ་བ་ཉམས་སུ་བབ་པ་ནི་ཞེས་བྱ་བ་ནི་ཡིད་ཁོ་ན་ལྟ་བ་ཡིན་ཏེ་ངེས་པའི་རང་བཞིན་ཅན་ཡིན་པས་སོ། །དེའི་ཉམས་སུ་བབ་པ་ནི་མི་གསལ་བ་སྟེ་ཡིད་མི་བདེ་བའོ། །སྡུག་
བསྔལ་བ་དང་ཡིད་མི་བདེ་བ་མང་པོ་འབྱུང་བ་ནི་འཁྲུག་པ་སྟེ་ཞེས་བྱ་བ་ནི་སྡུག་བསྔལ་བ་དང་ཡིད་མི་བདེ་བ་མང་པོས་སེམས་འཁྲུག་པ་སྟེ། སེམས་ཉམ་ཆུང་བར་འགྱུར་བའོ། །འབའ་ཞིག་ཅེས་བྱ་བ་ནི་བདག་ལ་སོགས་པ་མེད་པའོ། །དེ་ལྟར་ཡན་ལག་བཅུ་གཉིས་པོ་རྣམས་ཀྱི་རང་གི་
མཚན་ཉིད་བསྟན་ནས་ད་ནི་ཡན་ལག་སོ་སོའི་འབྲས་བུ་བསྟན་པར་བྱ་བའི་ཕྱིར། དེ་ལ་མ་རིག་པ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བྱ་བ་གཉིས་སུ་ཉེ་བར་གནས་པ་ཡིན་ཏེ་ཞེས་བྱ་བ་ནི་བྱ་བ་གཉིས་བྱེད་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །བྱ་བ་གཉིས་པོ་དེ་བསྟན་པ་ནི། སེམས་ཅན་རྣམས་

ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མ་རིག་པའི་སྟོབས་ཀྱིས་དམིགས་པ་རྣམས་ཅི་ལྟ་བ་བཞིན་དུ་མི་ཤེས་པའོ། །རྒྱུ་ཡང་འབྱིན་པའོ་ཞེས་བྱ་བ་ནི་ལས་བསྐྱེད་པའི་དོན་དུ་བག་ཆགས་ཀྱི་མཚན་ཉིད་ཅན་གྱི་ནུས་པ་གཏོད་པར་བྱེད་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །མ་འོངས་པའི་རྣམ་པར་སྨིན་
པ་ཡང་འགྲུབ་པར་བྱེད་པ་དང་ཞེས་བྱ་བ་ནི་གང་མ་འོངས་པའི་རྣམ་པར་སྨིན་པའི་རང་བཞིན་ཅན་གྱི་མིག་ལ་སོགས་པ་དེ་རྣམས་འགྲུབ་པར་བྱེད་པའོ། །རྒྱུ་ཡང་འབྱིན་པའོ་ཞེས་བྱ་བ་ནི་སྔར་བཞིན་དུའོ། །སྲིད་པའི་ཉིང་མཚམས་སྦྱོར་བ་ཡང་བྱེད་པ་དང་ཞེས་བྱ་བ་ནི་སྲིད་པའི་འདོད་པ་ལ་སོགས་པར་
ཉིང་མཚམས་སྦྱོར་བར་བྱེད་པའོ། །ཕན་ཚུན་བརྟེན་པ་ཡང་བྱེད་པ་དང་ཞེས་བྱ་བ་ནི་ཕུང་པོ་བཞི་ཕན་ཚུན་གྱི་སྟོབས་ཀྱིས་གནས་པ་ཡིན་པས་སོ། །རང་གི་ཡུལ་རྣམ་པར་ཕྱེ་བ་ཡང་སྟོན་པ་དང་ཞེས་བྱ་བ་ནི་སྐྱེ་མཆེད་དྲུག་པོ་རྣམས་ཀྱིས་ཕན་ཚུན་ཡུལ་ཉམས་སུ་མྱོང་བ་མེད་པས་སོ། །དམིགས་པ་
ལ་རེག་པར་ཡང་བྱེད་པ་དང་ཞེས་བྱ་བ་ནི་དམིགས་པ་ལ་མངོན་པར་ཕྱོགས་པར་བྱེད་པའོ། །གཉིས་ཀ་ལས་རྣམ་པར་གྲོལ་བ་མྱོང་བར་བྱེད་པ་དང་ཞེས་བྱ་བ་ནི་ཡིད་དུ་འོང་བ་དང་མི་འོང་བ་དག་ལས་རྣམ་པར་གྲོལ་བ་སྟེ་བཏང་སྙོམས་པ་མྱོང་བར་བྱེད་པའོ། །ཆགས་པར་འགྱུར་བའི་དངོས་པོ་ལ་
ཀུན་ཏུ་ཆགས་པར་བྱེད་པ་དང་ཞེས་བྱ་བ་ནི་ཆགས་པ་སྐྱེ་བའི་རྒྱུ་ལ་ཆགས་པ་སྐྱེ་བར་ཡང་བྱེད་པའོ། །སྲིད་པའི་འགྲོ་བ་གཞན་གནས་པར་བྱེད་པ་དང་ཞེས་བྱ་བ་ནི་སྲིད་པར་མི་ལ་སོགས་པའི་འགྲོ་བ་རྣམས་ཉེ་བར་གནས་པར་བྱེད་པའོ། །གོང་མ་ལྟ་བུ་དང་ཞེས་བྱ་བ་ནི་སྲིད་པའི་འགྲོ་བ་གཞན་
གནས་པར་བྱེད་པའོ། །དབང་པོ་ཡོངས་སུ་འགྱུར་བར་ཡང་བྱེད་པ་དང་ཞེས་བྱ་བ་ནི་མིག་ལ་སོགས་པའི་དབང་པོ་རྣམས་གཞན་དུ་འགྱུར་བར་བྱེད་པའོ། །འདུ་བྱེད་འཇིག་པར་ཡང་བྱེད་པ་དང་ཞེས་བྱ་བ་ནི་ཕུང་པོ་འཇིག་པར་བྱེད་པའོ། །ཡོངས་སུ་མི་ཤེས་པ་རྒྱུན་མི་འཆད་པའི་རྒྱུ་ཡང་འབྱིན་པའོ་
ཞེས་བྱ་བ་ནི་མ་རིག་པ་རྒྱུན་མི་འཆད་པར་བྱེད་པའོ། །དེ་ལྟ་བུ་ལ་སོགས་པ་ཞེས་བྱ་བ་ནི་ལུགས་ལས་འབྱུང་བའི་རྟེན་ཅིང་འབྲེལ་པར་འབྱུང་བའི་རྣམ་པའི་མཇུག་བསྡུ་བ་བསྟན་ནས། ད་ནི་ལུགས་ལས་བཟློག་པའི་རྟེན་ཅིང་འབྲེལ་པར་འབྱུང་བའི་རྣམ་པ་བསྟན་པར་བྱ་བའི་ཕྱིར། དེ་ལྟར་རེ་

ཞིག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་མེད་པ་ཞེས་བྱ་བ་ནི་མ་རིག་པ་ལ་སོགས་པ་མེད་པ་ནའོ། །དེ་ཡང་མེད་པ་ཞེས་བྱ་བ་ནི་འདུ་བྱེད་ལ་སོགས་པའོ། །དེ་ཉིད་རྒྱས་པར་བསྟན་པར་བྱ་བའི་ཕྱིར། མ་རིག་པ་འགགས་པས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ།
མ་རིག་པ་འགགས་པས་འདུ་བྱེད་རྣམས་འགག་གོ་ཞེས་བྱ་བའི་བཤད་པ་ནི། རྐྱེན་མ་རིག་པ་མེད་པས་ཞེས་བྱ་བ་ལ་སོགས་པའོ། །ཉེ་བར་ཞི་ཞིང་ཞེས་བྱ་བའི་བཤད་པ་ནི་རྟེན་པ་མེད་པའི་ཞེས་པའོ། །དེ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའོ། །འདི་སྙམ་དུ་སེམས་ཏེ་ཞེས་བྱ་བ་ནི་འཆད་པར་
འགྱུར་བའོ། །འདུ་བ་ལས་ནི་འདུས་བྱས་འབྱུང་ངོ་ཞེས་བྱ་བ་ནི་རྒྱུ་དང་ཕྲད་པ་ལས་སོ། །བྲལ་བ་ལས་ནི་ཞེས་བྱ་བ་ནི་རྒྱུ་དང་མ་ཕྲད་པ་ལས་ཞེས་པའོ། །རྒྱུ་གཅིག་པུའི་སྟོབས་ལས་འདུས་བྱས་འབྱུང་བ་མ་ཡིན་ནོ་ཞེས་བསྟན་པར་བྱ་བའི་ཕྱིར། ཚོགས་པ་ལས་ནི་འདུས་བྱས་འབྱུང་ངོ་ཞེས་
གསུངས་ཏེ། གཅིག་ནི་གང་གིས་ཡང་སྐྱེད་པར་བྱེད་པ་མ་ཡིན་གྱི། འོན་ཀྱང་ཚོགས་ལས་སྐྱེད་པར་བྱེད་པའི་ཚུལ་གྱིས་སོ། །ཉེས་པ་མང་པོའི་སྐྱོན་ཆགས་པ་ཞེས་བྱ་བ་ནི་སྐྱེ་བ་ལ་སོགས་པའི་ཉེས་པ་མང་པོའི་སྐྱོན་གྱིས་སྐྱོན་དང་ལྡན་པའོ། །འདུ་བ་འདི་དང་ཞེས་བྱ་བ་ལ་སོགས་པ་ནི་རྒྱུ་ལོག་པའི་
སྒོ་ནས་འབྲས་བུ་རྣམས་ལྡོག་པ་ཡིན་ཏེ་གཞན་དུ་ན་འདུས་བྱས་ཉེས་པ་མང་པོའི་སྐྱོན་ཆགས་པ་དེ་བཟློག་པར་མི་ནུས་པས་སོ། །འདུ་བྱེད་རྣམས་ཤིན་ཏུ་ཞི་བ་ཐོབ་པར་མི་བྱའོ་ཞེས་བྱ་བ་ནི་འདུ་བྱེད་རྣམས་ཤིན་ཏུ་ལོག་ན། སེམས་ཅན་གྱི་དོན་བྱེད་པར་མི་འགྱུར་བས་སོ། །དེ་ཉིད་ཀྱི་ཕྱིར། སེམས་
ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་ཞེས་གསུངས་སོ། །ཀྱེ་རྒྱལ་བའི་སྲས་དག་ཅེས་བྱ་བ་ལ་སོགས་པ་ལ། དེ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའོ། །འདུ་བྱེད་དུ་གྱུར་པ་ཞེས་བྱ་བ་ནི་འདུ་བྱེད་ཀྱི་རྣམ་པའོ། །ངོ་བོ་ཉིད་མེད་པ་དང་ཞེས་པའི་བཤད་པ་ནི། མ་སྐྱེས་པ་མ་འགགས་པ་ཞེས་བྱ་བའོ། །
འདིས་ནི་རྒྱུ་དང་རྐྱེན་གྱིས་སེམས་སྐྱེ་བར་འགྱུར་བ་ཡིན་ལ། དེ་མེད་ན་ནི་མི་སྐྱེ་བ་ཡིན་ནོ་ཞེས་པའོ། །དེས་ན་གཞན་ལ་ལྟོས་པའི་ཕྱིར་སེམས་ལ་ངོ་བོ་ཉིད་མེད་པ་ཡིན་ནོ་ཞེས་རྟོགས་པ་ཡིན་ནོ། །དེའི་ཕྱིར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ཉིད་ལས་གསུངས་པའི་ཞེས་བྱ་བ་ནི་ས་བཅུ་པའི་མདོ་ལས་

སོ། །རྫས་སུ་ཡོད་པ་ཞེས་བྱ་བ་ནི་སེམས་དོན་དམ་པར་ཡོད་པ་ཡིན་ནོ་ཞེས་བྱ་བའི་ཚུལ་གྱིས་སོ། །དེ་ནི་ལྟ་བར་བྱས་པ་ཉིད་དུ་འགྱུར་རོ་ཞེས་བྱ་བ་ནི་རྟག་པ་དང་ཆད་པའི་ལྟ་བའི་རྣམ་པ་དག་ཏུ་ལྟུང་བར་འགྱུར་བའོ། །དེ་ལྟར་ཡང་། རང་བཞིན་གྱིས་ནི་གང་ཡོད་པ། །དེ་མེད་མིན་པས་རྟག་པ་ཡིན། །
སྔར་བྱུང་ད་ལྟར་ཡོད་མིན་པ། །དེ་ནི་ཆད་པར་འགྱུར་བ་ཡིན། །ཞེས་གསུངས་པས་སོ། །དེའི་ཕྱིར་ཞེས་བྱ་བ་ལ་སོགས་པ་ནི་མཇུག་བསྡུ་བ་བསྟན་པའོ། །སེམས་ཀྱི་གཙོ་བོ་ཞེས་བྱ་བ་ལ་སོགས་པ་ལ། སེམས་ཅན་འཇིག་རྟེན་དང་ཞེས་བྱ་བ་ནི་འགྲོ་བ་དེ་དང་དེ་རྣམས་སུ་སྡུག་བསྔལ་ཉམས་
སུ་མྱོང་བས་ན་སེམས་ཅན་ཞེས་བྱ་ལ་འཇིག་པའི་ཕྱིར་ན་འཇིག་རྟེན་ཏེ། སེམས་ཅན་ཡང་ཡིན་ལ་འཇིག་པ་ཡང་ཡིན་པས་སེམས་ཅན་གྱི་འཇིག་རྟེན་ཏེ་འཇིག་པར་འགྱུར་བ་འགྲོ་བ་ལྔ་པོ་རྣམས་སུ་སྡུག་བསྔལ་ཉམས་སུ་མྱོང་བར་འགྱུར་བའི་ཕུང་པོ་ལྔ་ཞེས་བྱ་བའི་ཐ་ཚིག་གོ། །སྣོད་ཀྱི་འཇིག་རྟེན་
ཞེས་བྱ་བ་ནི་འཇིག་རྟེན་པའི་རྟེན་དུ་གྱུར་པ་གང་ཡིན་པའོ། །ཤིན་ཏུ་སྣ་ཚོགས་ཞེས་བྱ་བ་ནི་ཁམས་དང་། འགྲོ་བ་དང་། སྐྱེ་གནས་ལ་སོགས་པའི་དབྱེ་བ་ལས་སོ། །དེ་ལ་རྒྱུ་མཚན་བསྟན་པར་བྱ་བའི་ཕྱིར། འགྲོ་བ་མ་ལུས་ལས་ལས་སྐྱེ་བར་གསུངས། །ཞེས་བྱ་བ་གསུངས་ཏེ། སེམས་
ཅན་དང་སྣོད་ཀྱི་འཇིག་རྟེན་གྱིས་བསྡུས་པའི་འགྲོ་བ་མ་ལུས་པ་རྣམས་ལས་ལས་སྐྱེ་བར་གསུངས་པའོ། །གལ་ཏེ་ལས་ལས་སྐྱེ་བར་གསུངས་ན་སེམས་ལས་སྐྱེ་བར་ཇི་ལྟར་བརྗོད་ཅེ་ན། དེ་ལ་ལན་ནི། སེམས་སྤངས་ནས་ནི་ལས་ཀྱང་ཡོད་མ་ཡིན། །ཞེས་བྱ་བ་གསུངས་ཏེ། སེམས་ལས་
མ་གཏོགས་པའི་སེམས་པའི་མཚན་ཉིད་ཅན་གྱི་ལས་དང་སེམས་པས་བྱས་པའི་ལས་དག་ཡོད་པ་མ་ཡིན་པས་སོ། །དེས་ན་སེམས་ཁོ་ནས་འགོད་པ་ཡིན་ནོ་ཞེས་བྱ་བ་དེ་ལ་སྐྱོན་ཡོད་པ་མ་ཡིན་ནོ་ཞེས་པའི་དོན་ཏོ། །དེ་འགྲེལ་པས་བསྟན་པར་བྱ་བའི་ཕྱིར། དེ་ལ་ཞེས་བྱ་བ་ལ་སོགས་པ་གསུངས་
སོ། །དེ་ལ་ཞེས་བྱ་བ་ནི་སེམས་ཅན་དང་སྣོད་ཀྱི་འཇིག་རྟེན་གྱི་ནང་ནས་སོ། །རླུང་གི་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པའི་སྒྲས་ནི་ཆུ་དང་། ས་དང་རི་རབ་ལ་སོགས་པ་བསྡུ་བར་བྱའོ། །བྱ་ལ་སོགས་པ་ཞེས་བྱ་བ་ལ་སོགས་པའི་སྒྲས་ནི་ནེ་ཙོ་ལ་སོགས་པ་བསྡུ་བར་བྱའོ། །མདོངས་ལ་སོགས་པ་ཞེས་

བྱ་བ་ལ་སོགས་པའི་སྒྲས་ནི་གཤོག་པ་ལ་སོགས་པ་སྣ་ཚོགས་པ་བསྡུ་བར་བྱའོ། །ལས་ཐུན་མོང་མ་ཡིན་པས་བསྐྱེད་པའོ་ཞེས་བྱ་བ་ནི་རྨ་བྱ་ལ་སོགས་པ་རྣམས་ཀྱིས་སྐྱེ་བ་སྔ་མ་ལ་ཐུན་མོང་མ་ཡིན་པའི་ལས་རང་གི་རྒྱུ་ཁོ་ན་ལས་འབྲས་བུ་སྐྱེད་པར་བྱེད་པའི་ལས་གང་
བྱས་པ་དེས་བསྐྱེད་པ་ཡིན་ཏེ་དེ་ལས་གཞན་དུ་མེད་པས་སོ། །སེམས་ཅན་ཐམས་ཅད་ཀྱི་ལས་ཐུན་མོང་བས་བསྐྱེད་པ་ཡིན་ཏེ་ཞེས་བྱ་བ་ནི་ཐམས་ཅད་ཀྱི་དགའ་བའི་རྒྱུ་ཡིན་པས་ཉེ་བར་སྤྱད་པར་བྱ་བ་ཡིན་པས་སོ། །དེ་བཞིན་དུ་གཞན་ལ་ཡང་ཤེས་པར་བྱའོ་ཞེས་བྱ་བ་ནི་སྐྱེས་བུ་རྣམས་ཀྱི་
གཟུགས་སྡུག་པ་དང་མི་སྡུག་པ་ལ་སོགས་པ་སྣ་ཚོགས་པ་ནི་ཐུན་མོང་མ་ཡིན་པའི་ལས་ལས་སྐྱེས་པ་ཡིན་ལ། ས་ལ་སོགས་པ་རྣམས་ཀྱི་སྐམ་པ་དང་གཤེར་བ་ལ་སོགས་པ་སྣ་ཚོགས་པ་རྣམས་ནི་ལས་ཐུན་མོང་བས་བསྐྱེད་པའོ། །ཇི་སྐད་དུ་ཞེས་བྱ་བ་ལ་སོགས་པ་ནི་ལས་ཐུན་མོང་བས་བསྐྱེད་
པའི་ཁུངས་སྟོན་པའོ། །དུས་སུ་སྐྱེས་ཞེས་བྱ་བ་ནི་དུས་ཀྱི་ཁྱད་པར་ལས་བྱུང་བའོ། །ནག་པོ་ཞེས་བྱ་བ་ནི་རིའོ། །སེམས་དམྱལ་ཞེས་བྱ་བ་ལ་སོགས་པ་ལ་དམྱལ་བ་ནི་རལ་གྲི་ལོ་མའི་ནགས་ལ་སོགས་པའི་མཚོན་ལ་སོགས་པ་དང་། མཐོ་རིས་ཀྱི་འཇིག་རྟེན་དུ་ནི་དགའ་བའི་ཚལ་ལ་སོགས་
པའི་རིན་པོ་ཆེའི་ཤིང་ལ་སོགས་པ་ནི་སེམས་ཅན་གྱི་ལས་དབང་གིས་བྱུང་བའོ། །སོགས་པའི་སྒྲས་ནི་རོ་མྱགས་ཀྱི་འདམ་དང་རྐང་པ་གཞག་ཅིང་བཏེག་ན་འཕར་ཞིང་ནེམ་བྱེད་པ་བསྡུ་བར་བྱའོ། །འགྲོ་བ་མ་ལུས་ཞེས་བྱ་བ་ནི་སེམས་ཅན་དང་སྣོད་ཀྱིས་བསྡུས་པ་དག་གོ། །ལས་ཀྱང་སེམས་ལ་
བརྟེན་པ་ཡིན་ཏེ་ཞེས་བྱ་བ་ནི་ལས་ནི་འདི་བཞིན་དུ་བྱའོ་སྙམ་པའི་སེམས་པའི་རང་བཞིན་ཅན་ཡིན་ལ། སེམས་པ་ཡང་སེམས་དང་མཚུངས་པར་ལྡན་པ་ཡིན་པའི་ཕྱིར་ལས་ནི་སེམས་ལ་བརྟེན་པ་ཡིན་ནོ་ཞེས་པའོ། །དེ་ཉིད་བསྟན་པར་བྱ་བའི་ཕྱིར། སེམས་པ་དང་བཅས་པ་ཞེས་བྱ་བ་ལ་སོགས་
པ་གསུངས་ཏེ། ལས་སོགས་པའི་ཕྱིར་ཞེས་བྱ་བ་ནི་སེམས་པས་བྱས་པའི་དགེ་བ་དང་མི་དགེ་བའི་མཚན་ཉིད་ཅན་གྱི་ལུས་དང་ངག་གི་ལས་སོགས་པའི་ཕྱིར་རོ། །ལས་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི་སེམས་པའི་རང་བཞིན་ཅན་གྱི་ལས་དང་སེམས་པས་བྱས་པའི་ལས་དག་མེད་པས་སོ། །དེའི་

ཕྱིར་ཞེས་བྱ་བ་ནི་སེམས་མེད་ན་ལས་མེད་པས་སོ། །གཞན་ནི་མ་ཡིན་པས་ཞེས་བྱ་བ་ནི་གཟུགས་ནི་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ཉིད་བསྟན་པར་བྱ་བའི་ཕྱིར། ཅིའི་ཕྱིར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་ནི་ཞེས་བྱ་བ་ནི་གཟུགས་ལའོ། །དེས་ན་ཞེས་བྱ་བ་ནི་གཟུགས་
ལ་བྱེད་པ་པོ་མི་སྲིད་པས་སོ། །སེམས་ལས་གཞན་པའི་བྱེད་པ་པོ་ཞེས་བྱ་བ་ནི་སེམས་ལས་གཞན་པའི་བྱེད་པ་པོ་གཙོ་བོ་ལ་སོགས་པ་རྣམས་སོ། །གཟུགས་ནི་བཀག་པ་མ་ཡིན་ནོ་ཞེས་བྱ་བ་ནི་ཁམས་གསུམ་པ་ནི་སེམས་ཙམ་མོ་ཞེས་བྱ་བ་དེས་ནི་གཟུགས་བཀག་པ་ནི་མ་ཡིན་ནོ་ཞེས་བྱ་བའི་ཐ་
ཚིག་གོ། །དེ་འགྲེལ་པས་བསྟན་པར་བྱ་བའི་ཕྱིར། འདི་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་ན་ཞེས་བྱ་བ་ནི་བྱེད་པ་པོའི་གནས་སྐབས་ནའོ། །ཁ་ཅིག་གིས་ནི་ཞེས་བྱ་བ་ནི་གྲངས་ཅན་ལ་སོགས་པ་སྟེ། གཙོ་བོ་ལ་སོགས་པ་ཞེས་བྱ་བ་ལ་སོགས་པའི་སྒྲས་ནི་དབང་ཕྱུག་ལ་སོགས་པ་བསྡུ་
བར་བྱའོ། །ཁ་ཅིག་གིས་ནི་སེམས་ལ་འདོད་ཀྱི་ཞེས་བྱ་བ་ནི་བྱེ་བྲག་ཏུ་སྨྲ་བ་ལ་སོགས་པ་ནི། གཟུགས་བྱེད་པ་པོ་མ་ཡིན་པ་ཡང་རྩོད་པ་མེད་དེ་ཞེས་བྱ་བ་ནི་གཟུགས་བེམ་པོ་ཡིན་པའི་ཕྱིར་གཉིས་ཀས་ཀྱང་བྱེད་པ་པོ་ཉིད་དུ་ཁས་མི་ལེན་པའི་ཕྱིར་རོ། །དེའི་མཚན་ཉིད་ཅན་ཞེས་བྱ་བ་ནི་གཙོ་བོ་ལ་སོགས་
པའི་མཚན་ཉིད་དོ། །རྩོད་པའི་གནས་ཀྱི་ཡུལ་ཞེས་བྱ་བ་ནི་གཙོ་བོ་ལ་སོགས་པའོ། །འདས་སོགས་ཞེས་བྱ་བ་ནི་བྱེད་པ་པོ་ཉིད་དེས་གཙོ་བོ་ལ་སོགས་པ་དོར་ནས་སེམས་ཁོ་ན་ལ་གནས་པ་ཡིན་ནོ་ཞེས་པའོ། །དེ་ལ་དཔེ་བསྟན་པར་བྱ་བའི་ཕྱིར། ཡུལ་གཅིག་ལ་ཞེས་བྱ་བ་ལ་སོགས་པ་གསུངས་
ཏེ། ཡུལ་གཅིག་ལ་དབང་བྱེད་པར་འདོད་པའི་ཞེས་བྱ་བ་ནི་ཡུལ་གཅིག་གི་རྒྱལ་པོ་བྱེད་པར་འདོད་པའོ། །དགྲ་ཟླ་གཅིག་བཏོན་ནས་ཞེས་བྱ་བ་ནི་རྒྱལ་པོ་གཞན་ཕྱུང་ནས་སོ། །རང་གི་ཡུལ་ཐོབ་ཅིང་ཞེས་བྱ་བ་ནི་རང་གི་ཡུལ་དུ་རྒྱལ་སྲིད་ཐོབ་པའོ། །དེ་བཞིན་དུ་སེམས་དང་གཙོ་བོ་ལ་སོགས་པ་
བྱེད་པ་ཉིད་དུ་བརྗོད་པ་ལས་གཙོ་བོ་ལ་སོགས་པ་བྱེད་པ་པོ་ཉིད་ཡིན་པ་བཀག་ནས་སེམས་ཁོ་ན་བྱེད་པ་པོ་ཉིད་དུ་གནས་པའོ། །གཉིས་ཀ་ལ་ཉེ་བར་མཁོ་བའི་ཞེས་བྱ་བ་ལ་སོགས་པ་ལ། རྒྱལ་པོ་གཉིས་ཀ་ལ་འབངས་རྣམས་མཁོ་བ་ཡིན་པས། རྒྱལ་པོ་གཉིས་ཀས་དེ་རྣམས་ལ་གནོད་པ་མི་བྱེད་པས་

སོ། །དོན་བསྟན་པར་བྱ་བའི་ཕྱིར་དེ་བཞིན་ནོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཉིས་ཀ་ལ་ཉེ་བར་མཁོ་བའི་ཕྱིར་ཞེས་བྱ་བ་ནི་སེམས་བྱེད་པ་པོར་འདོད་པ་དང་། གཙོ་བོ་ལ་སོགས་པ་བྱེད་པ་པོར་འདོད་པ་དག་ལའོ། །གཟུགས་ཡོད་པ་ཉིད་ཀྱི་མཇུག་བསྡུ་བ་བསྟན་པར་
བྱ་བའི་ཕྱིར་དེའི་ཕྱིར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཇི་སྐད་དུ་བསྟན་པའི་ཚུལ་གྱིས་ཞེས་བྱ་བ་ནི་སེམས་ཙམ་ཞེས་བྱ་བ་དེ་ཙམ་གྱི་སྒྲས་གཙོ་བོ་ལ་སོགས་པ་བྱེད་པ་པོ་ཉིད་དུ་བཀག་པ་ཡིན་གྱི་གཟུགས་ནི་མ་ཡིན་ནོ་ཞེས་བྱ་བའི་ཚུལ་གྱིས་སོ། །ལྔ་ཆར་ཡོད་ཅེས་བྱ་བ་ནི་གཟུགས་དང་ཚོར་བ་ལ་
སོགས་པའོ། །འཇིག་རྟེན་པའི་དེ་ཉིད་ལས་ཞེས་བྱ་བ་ནི་ཀུན་རྫོབ་ཀྱི་བདེན་པའོ། །དེ་ཉིད་ཡེ་ཤེས་འཆར་བར་འདོད་པ་ན་ཞེས་བྱ་བ་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་སྐྱེས་པ་ལའོ། །འབྱུང་མི་འགྱུར་ཞེས་བྱ་བ་ནི་དེ་རྣམས་ལ་ཡོད་པ་དང་མེད་པ་ལ་སོགས་པའི་རང་བཞིན་གང་དུ་ཡང་སྣང་བ་མེད་པའི་
ཕྱིར་རོ། །གང་གི་ཕྱིར་ཞེས་བྱ་བ་ལ་སོགས་པས་ནི་དབུ་མ་པས་སེམས་ཙམ་པ་རྣམས་ལ་གདམས་ངག་ཉེ་བར་འབོགས་པ་ཡིན་ཏེ། གང་གི་ཕྱིར་དེ་ལྟར་ཡིན་པ་དེའི་ཕྱིར་ཞེས་བྱ་བ་ནི་གང་གི་ཕྱིར་དེ་ཀུན་རྫོབ་ཏུ་ཕུང་པོ་ལྔ་ཡོད་པས་སོ། །གཟུགས་མེད་ན་ནི་སེམས་ཡོད་མ་འཛིན་ཅིག །ཅེས་བྱ་བ་ནི་
ཡུལ་མེད་ན་ཡུལ་ཅན་མེད་པས་སོ། །སེམས་ཡོད་ཉིད་ནའང་གཟུགས་མེད་མ་འཛིན་ཅིག །ཅེས་བྱ་བ་ནི་གཟུགས་མི་རིགས་ན་སེམས་ཡོད་པ་ཉིད་ཀྱང་མི་རིགས་པས་སོ། །གལ་ཏེ་རིགས་པ་དང་འགལ་ཡང་འཇིག་རྟེན་པ་ལ་ལྟོས་ནས་སེམས་ཡོད་པ་ཉིད་དུ་ཁས་ལེན་ན་ནི་གཟུགས་ཀྱང་ཡོད་པ་
ཉིད་དུ་ཁས་བླང་བར་བྱ་དགོས་སོ་ཞེས་པའོ། །དེ་འགྲེལ་པས་བསྟན་པར་བྱ་བའི་ཕྱིར། གང་གི་ཚེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འཐད་པ་ཞེས་བྱ་བ་ནི་བདག་ལས་མ་ཡིན་ཞེས་བྱ་བ་ལ་སོགས་པས་སོ། །དེ་ལྟར་རྟོགས་པར་བྱ་སྟེ་ཞེས་བྱ་བ་ནི་ཀུན་རྫོབ་ཏུ་གཉིས་ཀ་ཡོད་པ་དང་། དོན་དམ་
པར་ནི་གཉིས་ཀར་ཡང་མ་སྐྱེས་པའོ། །ཤེས་རབ་ཚུལ་མདོར་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་ལས་སོ། །མཚུངས་པར་ཞེས་བྱ་བ་ནི་ཅིག་ཅར་རོ། །སྤངས་ཤིང་ཞེས་བྱ་བ་ནི་བཀག་པའོ། །མངོན་པའི་ཆོས་ལས་གསུངས་ཞེས་བྱ་བ་ནི་ཆོས་མངོན་པ་ལས་ཡོད་པ་ཉིད་དུ་གསུངས་

པའོ། །རང་དང་སྤྱིའི་མཚན་ཉིད་ལ་སོགས་པ་རབ་ཏུ་དབྱེ་བའི་སྒོ་ནས་ཞེས་བྱ་བ་ནི་རང་གི་མཚན་ཉིད་ནི་གཟུགས་སུ་རུང་བས་ན་གཟུགས་ཞེས་བྱ་བ་ལ་སོགས་པ་དང་། སྤྱིའི་མཚན་ཉིད་ནི་མི་རྟག་པ་ལ་སོགས་པའོ། །སོགས་པའི་སྒྲས་ནི་ཁམས་དང་། འགྲོ་བ་དང་། སྐྱེ་གནས་ལ་སོགས་པ་
བསྡུ་བར་བྱའོ། །བཀག་པ་མ་ཡིན་ཏེ་ཞེས་བྱ་བ་ནི་གཉིས་ཀ་ཡང་ངོ་བོ་ཉིད་ཀྱིས་སྐྱེ་བ་མེད་པས་སོ། །དེ་ཉིད་བསྟན་པར་བྱ་བའི་ཕྱིར། རབ་འབྱོར་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ལུང་དང་རིགས་པས་ཞེས་བྱ་བ་ནི་སྔར་བསྟན་པའི་ཚུལ་གྱིས་སོ། །བདེན་པ་གཉིས་རིམ་པ་འདི་དག་ཅེས་བྱ་བ་ནི་
ཀུན་རྫོབ་ཏུ་གལ་ཏེ་སེམས་ཡོད་ན་གཟུགས་ཀྱང་ཡོད་པ་ཉིད་དང་། གལ་ཏེ་གཟུགས་ཡོད་ན་སེམས་ཀྱང་ཡོད་པའོ། །དོན་དམ་པར་ནི་གཉིས་ཀར་ཡང་ངོ་བོ་ཉིད་མེད་པའོ། །བཤིག་ནས་ཞེས་བྱ་བ་ནི་སེམས་རྫས་སུ་ཡོད་པ་ཁས་བླངས་པས་བདེན་པ་གཉིས་ཀྱི་རིམ་པ་འདི་དག་བཤིག་པ་ཡིན་ནོ་ཞེས་པའི་
ཐ་ཚིག་གོ། །ཁྱོད་ཀྱི་རྫས་ནི་བཀག་པས་འགྲུབ་མི་འགྱུར། །ཞེས་བྱ་བ་ནི་གཟུགས་སྤངས་པའི་གཞན་གྱི་དབང་གི་རང་བཞིན་ཅན་གྱི་སེམས་ཙམ་རྫས་སུ་འགྲུབ་པར་མི་འགྱུར་བའོ། །ཅིའི་ཕྱིར་ཞེ་ན། དེ་ལ་ལན་ནི་བཀག་པ་ཞེས་བྱ་བ་སྨོས་ཏེ། སྔར་བདག་ལས་མ་ཡིན་ཞེས་བྱ་བ་ལ་སོགས་པས་
རྫས་སུ་གྲུབ་པ་ཉིད་བཀག་པས་སོ། །དེ་འགྲེལ་པས་བསྟན་པར་བྱ་བའི་ཕྱིར། གཟུགས་མེད་པས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ངལ་བ་དོན་མེད་པ་ཉིད་དུ་འགྱུར་རོ་ཞེས་བྱ་བ་ནི་སེམས་རྫས་སུ་ཡོད་པར་བསྒྲུབ་པ་ལ་ངལ་བ་བྱས་པ་དོན་མེད་པ་ཉིད་དུ་འགྱུར་བའོ། །མཇུག་བསྡུ་བ་བསྟན་པར་
བྱ་བའི་ཕྱིར། དེའི་ཕྱིར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལྟའི་རིམ་པས་ཞེས་བྱ་བ་ནི་སྔར་བསྟན་པའི་རིམ་པས་སོ། །དེ་ཉིད་མ་སྐྱེས་ཞེས་བྱ་བ་ནི་འཕགས་པའི་ཡེ་ཤེས་ལ་ལྟོས་ནས་མ་སྐྱེས་ན་ཞེས་བྱ་བའི་དོན་ཏོ། །འཇིག་རྟེན་སྐྱེས་རིག་ཅེས་བྱ་བ་ནི་འཇིག་རྟེན་ལ་ལྟོས་ནས་སྐྱེས་པ་ཡིན་ནོ་ཞེས་བྱ་
བའི་དོན་ཏོ། །ཡང་གཞན་གྱི་ལུང་དང་འགལ་བ་སྟོན་པ་ནི། འདིར་སྨྲས་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མདོའི་དོན་འདི་ཞེས་བྱ་བ་ནི་ཁམས་གསུམ་པ་ནི་སེམས་ཙམ་མོ་ཞེས་བྱ་བའི་མདོའི་དོན་ཏོ། །དེ་ལྟར་བཤད་མོད་ཀྱི་ཞེས་བྱ་བ་ནི། བྱེད་པ་པོ་གཞན་དགག་པའི་དོན་དུ་དང་། སེམས་ཙམ་

པ་གཙོ་བོ་ཉིད་དུ་བསྟན་པའི་དོན་དུ་བཤད་པའོ། །ལུང་དངོས་དགོད་པ་ནི། ཇི་སྐད་དུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཕྱི་རོལ་སྣང་བ་ཡོད་མེད་དེ། །ཞེས་བྱ་བ་ནི་གང་གཟུགས་ལ་སོགས་པ་སྣང་བ་དེ་ཕྱི་རོལ་ན་ཡོད་པ་མ་ཡིན་ཏེ་རྣམ་པར་ཤེས་པ་ལས་ཐ་དད་པ་མ་ཡིན་ནོ་
ཞེས་པའོ། །སེམས་ནི་སྣ་ཚོགས་ཉིད་སྣང་ཞེས་བྱ་བ་ནི་སེམས་ཉིད་རྣམ་པ་སྣ་ཚོགས་པར་སྣང་བའོ། །དེ་ཉིད་བསྟན་པར་བྱ་བའི་ཕྱིར། ལུས་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་ལུས་ནི་མིག་ལ་སོགས་པའི་སྐྱེ་མཆེད་རྣམས་ཡིན་ཏེ། དེ་རྣམས་ལུས་སུ་འདུས་པའི་ཕྱིར་རོ། །
ལོངས་སྤྱོད་ནི་གཟུགས་ལ་སོགས་པ་ཡིན་ཏེ། ལོངས་སྤྱད་པར་བྱ་བ་ཡིན་པས་སོ། །གནས་ནི་སྣོད་ཀྱི་འཇིག་རྟེན་ཡིན་ཏེ། དེར་སེམས་ཅན་རྣམས་གནས་པ་ཡིན་པས་སོ། །ལུས་དང་ལོངས་སྤྱོད་དང་། གནས་རྣམས་སེམས་གང་ལ་སྣང་བ་དེ་ལ་དེ་སྐད་ཅེས་བརྗོད་པར་བྱའོ། །སེམས་ཙམ་
ཞེས་བྱ་བ་ནི་ཕྱི་རོལ་གྱི་ལུས་ལ་སོགས་པ་སྟོང་པའོ། །དེ་འགྲེལ་པས་བསྟན་པར་བྱ་བའི་ཕྱིར། དེ་ལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཕྱི་རོལ་ལྟ་བུར་མངོན་པ་ཡིན་ནོ་ཞེས་བྱ་བ་ནི་གཟུང་བར་མངོན་པར་ཞེན་པའོ། །ལུང་དང་འགལ་བའི་སྐྱོན་སྤང་བར་བྱ་བའི་ཕྱིར། མདོ་འདི་ཡང་ཞེས་བྱ་བ་
གསུངས་ཏེ། འདི་ཡང་ཞེས་བྱ་བ་ནི་ཕྱི་རོལ་སྣང་བ་ཞེས་བྱ་བ་ལ་སོགས་པའོ། །དགོངས་པ་ཅན་ཞེས་བྱ་བ་ནི་དྲང་བའི་དོན་ཏོ། །མདོ་སྡེ་གང་ལས་ཞེས་བྱ་བ་ལ་སོགས་པ་ནི་ལུང་དང་འགལ་བ་ཉིད་རྗེས་སུ་བརྗོད་པའོ། །དེའི་དགོངས་པ་ནི་འདི་ཡིན་ཏེ་ཞེས་བྱ་བ་ནི་འཆད་པར་འགྱུར་བའོ། །དེ་ཉིད་བསྟན་
པར་བྱ་བའི་ཕྱིར། གཟུགས་ལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཤིན་ཏུ་ཆགས་ཞེས་བྱ་བ་ནི་མངོན་པར་ཞེན་པའོ། །དེ་དག་ལ་ཞེས་བྱ་བ་ནི་གཟུགས་ལ་མངོན་པར་ཞེན་པ་རྣམས་ལའོ། །གཟུགས་བཟློག་པ་སྟེ་ཞེས་བྱ་བ་གཟུགས་བཀག་པ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །དེ་ཡང་ཞེས་བྱ་བ་ནི་
མདོ་དེ་ཡང་ངོ་། འདིའི་དོན་ནི་གཟུགས་ལ་མངོན་པར་ཞེན་པ་རྣམས་ཀྱི་གཟུགས་ལ་མངོན་པར་ཞེན་པ་སྤང་བའི་དོན་དུ་གཟུགས་བཀག་པ་ཡིན་གྱི། གཟུགས་སྤངས་པའི་རྣམ་པར་ཤེས་པ་ཙམ་རྫས་སུ་ཡོད་པར་སྟོན་པའི་དོན་དུ་ནི་མ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར། དྲང་དོན་ཉིད་ཅེས་བྱ་བ་གསུངས་ཏེ། དེ་འགྲེལ་

པས་བསྟན་པར་བྱ་བའི་ཕྱིར། དེ་ལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཤིན་ཏུ་རེ་བ་དང་བཅས་པ་ཞེས་བྱ་བ་ནི་མངོན་པར་ཞེན་པར་བཅས་པའོ། །དེའི་རྐྱེན་ཅན་གྱི་ཞེས་བྱ་བ་ནི་གཟུགས་ལ་མངོན་པར་ཞེན་པའི་རྒྱུ་ཅན་ནོ། །རྗེས་སུ་ཆགས་པ་ཞེས་བྱ་བ་ནི་འདོད་ཆགས་སོ། །ཁོང་ཁྲོ་བ་ཞེས་
བྱ་བ་ནི་བུད་མེད་ཀྱི་གཟུགས་ལ་སོགས་པར་མངོན་པར་ཞེན་ནས་དེ་ཉིད་ལ་གཞན་མངོན་པར་ཞེན་པ་ལ་ཁོང་ཁྲོ་བའོ། །གཟུགས་ཁྱད་པར་ཅན་གྱིས་མཐོ་བ་ཉིད་དུ་སེམས་པ་ནི་ང་རྒྱལ་ལོ། །སོགས་པའི་སྒྲས་ནི་ཕྲག་དོག་ལ་སོགས་པ་བསྡུ་བར་བྱའོ། །འཇུག་པ་རང་དབང་མེད་པར་བྱས་པར་འགྱུར། །
ཞེས་བྱ་བ་ནི་སེམས་ཀྱི་འཇུག་པ་ནི་འདོད་ཆགས་ལ་སོགས་པ་ལ་རག་ལུས་པ་ཡིན་པའི་ཕྱིར་རོ། །དེ་ལ་མངོན་པར་ཞེན་པས་ཞེས་བྱ་བ་ནི་གཟུགས་ལ་སོགས་པར་མངོན་པར་ཞེན་པས་སོ། །སྡིག་པ་ཆེན་པོ་དང་ཞེས་བྱ་བ་ནི་མི་དགེ་བ་བཅུའི་ལས་ཀྱི་ལམ་རྣམས་ནས་སོ། །བསོད་ནམས་དང་ཡེ་ཤེས་ཀྱི་
ཚོགས་བསགས་པ་ལས་ཞེས་བྱ་བ་ལ། དགེ་བ་བཅུའི་ལས་ཀྱི་ལམ་དང་སྦྱིན་པ་ལ་སོགས་པ་རྣམས་ནི་བསོད་ནམས་ཀྱི་ཚོགས་སོ། །ཐོས་པ་དང་། བསམས་པ་དང་། བསྒོམས་པ་ལས་བྱུང་བའི་ཤེས་རབ་ནི་ཡེ་ཤེས་ཀྱི་ཚོགས་སོ། །དེ་དག་ལས་ཉམས་པར་འགྱུར་བའོ། །དེ་དག་ལས་ཞེས་བྱ་
བ་ནི་སྡིག་པ་བསགས་ཤིང་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ལས་ཉམས་པ་རྣམས་ལ་བཅོམ་ལྡན་འདས་ཀྱིས་སེམས་ཙམ་ཉིད་བསྟན་པ་ཡིན་ནོ་ཞེས་སྦྱར་བར་བྱའོ། །ཅིའི་ཕྱིར་བསྟན་ཞེ་ན། དེའི་ལན་ནི། གཟུགས་ཀྱི་རྐྱེན་ཅན་གྱི་ཉོན་མོངས་པ་དེ་གཞོམ་པའི་ཕྱིར་ཞེས་བྱ་བ་གསུངས་ཏེ། གཟུགས་
ཀྱི་རྒྱུ་ཅན་གྱི་འདོད་ཆགས་ལ་སོགས་པ་གཞོམ་པའི་ཕྱིར་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལ་དཔེ་སྟོན་པ་ནི་ཕྱི་རོལ་གྱི་ཡུལ་ལ་ཆགས་པ་འཇོམས་པའི་ཀེང་རུས་ལྟར་ཞེས་བྱ་བ་གསུངས་ཏེ། ཇི་ལྟར་འདོད་ཆགས་ཅན་རྣམས་ལ་ཕྱི་རོལ་གྱི་ཡུལ་ལ་ཆགས་པ་གཞོམ་པའི་ཀེང་རུས་བསྒོམ་པའི་ཐབས་སྟོན་པ་
དེ་བཞིན་དུའོ། །དེ་ལྟ་བུར་གྱུར་པ་མ་ཡིན་ཡང་ཞེས་བྱ་བ་ནི་གཟུགས་ཀེང་རུས་ཀྱི་རང་བཞིན་མ་ཡིན་དུ་ཟིན་ཀྱང་ངོ་། །དེས་ན་གཟུགས་བཀག་ནས་སེམས་ཙམ་དུ་སྒྲུབ་པའི་ལུང་ནི་མ་ཡིན་གྱི། འོན་ཀྱང་གཟུགས་ལ་ཆགས་པའི་འདོད་ཆགས་ལ་སོགས་པ་སྤང་བའི་དོན་དུ་ཡིན་ནོ་ཞེས་པའོ། །ལུང་

དྲང་བའི་དོན་ཡིན་པའི་ཤེས་བྱེད་བསྟན་པར་བྱ་བའི་ཕྱིར། ཡང་ལུང་འདི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་ནི་ཞེས་བྱ་བ་ནི། ཕྱི་རོལ་སྣང་བ་ཡོད་མེད་དེ། །ཞེས་བྱ་བ་ལ་སོགས་པའོ། །ད་ནི་སེམས་ཙམ་པ་རྣམས་དང་། རྗེས་སུ་མཐུན་པའི་མདོ་གཞན་དག་ཀྱང་དྲང་བའི་དོན་དུ་
བསྟན་པར་བྱ་བའི་ཕྱིར། མདོ་འདི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་ཞེས་བྱ་བ་ནི། ཕྱི་རོལ་སྣང་བ་ཡོད་མེད་དེ། །ཞེས་བྱ་བ་ལ་སོགས་པའོ། །གཞན་ཡང་ཞེས་བྱ་བ་ལ་སོགས་པ་ནི་དགོངས་པ་ངེས་པར་འགྲེལ་པ་ལ་སོགས་པའོ། །ལུང་གི་ཞེས་བྱ་བ་ནི་ཅི་ལྟར་ནད་པ་ལ་ཞེས་བྱ་བ་ལ་
སོགས་པའོ། །བརྟགས་པ་མེད་པ་ཉིད་དང་ཞེས་བྱ་བ་ནི་གཉིས་སུ་མེད་པའི་ཤེས་པ་ལ་གཟུང་བ་དང་འཛིན་པར་ཡོངས་སུ་བརྟགས་པ་སྟེ་མེད་པའོ། །གཞན་གྱི་དབང་ཡོད་པ་ཉིད་དང་ཞེས་བྱ་བ་ནི་རྒྱུ་དང་རྐྱེན་གྱིས་བསྐྱེད་པའི་སྔོན་པོ་ལ་སོགས་པར་སྣང་བའི་ཤེས་པ་ཡོད་པའི་ཕྱིར་རོ། །ཡོངས་སུ་
གྲུབ་པ་ཡོད་པ་ཉིད་དོ་ཞེས་བྱ་བ་ནི་གཟུང་འཛིན་གཉིས་ཀྱིས་སྟོང་པའི་ཤེས་པ་ལ་གཟུང་བ་དང་འཛིན་པའི་སྟོང་པ་ཉིད་དག་ཡོད་པས་སོ། །དེ་ལྟར་གཞན་དབང་ཡོད་པ་ཉིད་དུ་བསྟན་པས་སེམས་ཙམ་དོན་དམ་པར་ཡོད་པ་ཡིན་ནོ་ཞེས་སེམས་ཙམ་དུ་སྨྲ་བ་རྣམས་ཀྱིས་བརྗོད་པའོ། །སེམས་ཙམ་དུ་སྟོན་
པའི་ལུང་གཞན་ཡང་སྟོན་པ་ནི། དེ་བཞིན་དུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ལེན་པའི་རྣམ་པར་ཤེས་པ་ཞེས་བྱ་བ་ནི་འདིས་བག་ཆགས་ཐམས་ཅད་ལེན་པའི་ཕྱིར་ལེན་པའི་རྣམ་པར་ཤེས་པའོ། །ཟབ་ཅིང་ཞེས་བྱ་བ་ནི་བྱིས་པ་རྣམས་ཀྱིས་རྟོགས་པར་དཀའ་བས་སོ། །ཕྲ་ཞེས་བྱ་བ་ནི་ཉན་ཐོས་
རྣམས་ཀྱིས་རྟོགས་པར་དཀའ་བས་སོ། །ས་བོན་ཐམས་ཅད་ཆུ་བོའི་རྒྱུན་བཞིན་འབབ། །ཅེས་བྱ་བ་ནི་ཅི་ལྟར་ཆུ་བོ་ཆེར་སྐྱེས་པའི་ཚེ་ཆུ་བོས་ཤིང་ལ་སོགས་པ་མང་པོ་ཁྱེར་བ་དེ་བཞིན་དུ་ཀུན་གཞི་རྣམ་པར་ཤེས་པ་ལ་ཡང་བག་ཆགས་མང་པོ་སོག་པས་སོ། །ཅིའི་ཕྱིར་ཉན་ཐོས་ལ་སོགས་པ་ལ་མ་
གསུངས་ཤེ་ན། བདག་ཏུ་རྟོག་པར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གལ་ཏེ་དེ་རྣམས་ལ་ཀུན་གཞི་རྣམ་པར་ཤེས་པ་བསྟན་པར་གྱུར་ན་དེའི་ཚེ་བྱེད་པ་པོ་ལ་སོགས་པའི་ཡོན་ཏན་དང་ལྡན་པའི་བདག་ཏུ་ཡོངས་སུ་རྟོག་པར་འགྱུར་རོ་སྙམ་ནས་མ་གསུངས་སོ། །འདི་ཞེས་བྱ་བ་ནི་སེམས་ཙམ་སྟོན་

པར་བྱེད་པའི་ལུང་གཉིས་སོ། །ཇི་ལྟར་ཞེས་བྱ་བ་ནི་ཇི་ལྟར་ནད་པ་ལ་རླུང་དང་། མཁྲིས་པ་དང་། བད་ཀན་གྱི་རྣམ་འགྱུར་རྣམས་སོ་སོར་རྟོགས་ནས་སྨན་པས་ནད་དང་རྗེས་སུ་བསྟུན་པའི་སྨན་གྱི་བྱེ་བྲག་གཏོང་བ་དེ་བཞིན་དུ་སེམས་ཅན་རྣམས་ཀྱི་བསམ་པ་མཁྱེན་ནས་སེམས་ཙམ་སྟོན་པར་
མཛད་པ་ཡིན་པས་སེམས་ཅན་གྱི་བསམ་པ་དང་བསྟུན་ནས་གསུངས་པ་ཡིན་གྱི། དོན་དམ་པ་ནི་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །ཡང་དྲང་བའི་དོན་གྱི་མདོ་སྡེ་གཞན་བསྟན་པར་བྱ་བའི་ཕྱིར། དེ་བཞིན་དུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དཔེར་ན་དེ་བཞིན་གཤེགས་པའི་སྙིང་པོ་གསུངས་
པ་དེ་ནི་དྲང་བའི་དོན་ཡིན་ལ། དེ་བཞིན་དུ་སེམས་ཙམ་གསུངས་པ་དེ་ཡང་དྲང་བའི་དོན་དུ་གསུངས་པ་ཡིན་ནོ་ཞེས་པའོ། །དེ་བཞིན་གཤེགས་པའི་སྙིང་པོ་ཞེས་བྱ་བ་ནི་སེམས་ཅན་ཐམས་ཅད་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ནོ་ཞེས་མདོ་ལས་གསུངས་པས་སོ། །དེ་ཞེས་བྱ་བ་ནི་དེ་བཞིན་གཤེགས་
པའི་སྙིང་པོའོ། །རང་བཞིན་གྱིས་འོད་གསལ་བས་ཞེས་བྱ་བ་ནི་རང་བཞིན་གྱིས་འོད་གསལ་བ་སྟེ་དྲི་མ་མེད་པ་ཡིན་ལ། དེའི་མཚན་ཉིད་ཅན་གྱི་རྣམ་པར་དག་པ་གང་ཡིན་པ་དེས་སོ། །ཐོག་མ་ནས་རྣམ་པར་དག་པ་ཉིད་ཅེས་བྱ་བ་ནི་ནམ་མཁའ་བཞིན་དུ་གདོད་མ་ནས་དྲི་མ་མེད་པས་སོ། །མཚན་སུམ་
ཅུ་རྩ་གཉིས་དང་ལྡན་པ་ཞེས་བྱ་བ་ནི་དེ་རྣམས་སྟོང་པ་ཉིད་ཀྱི་རང་བཞིན་ཅན་ཡིན་པས་སོ། །དེ་རྣམས་ཀྱང་དེར་འདུས་པ་ཡིན་པས་སོ། །སེམས་ཅན་ཐམས་ཅད་ཀྱི་ལུས་ཀྱི་ནང་ན་མཆིས་པར་བརྗོད་དེ་ཞེས་བྱ་བ་ནི་སྟོང་པ་ཉིད་ཀྱིས་ཐམས་ཅད་ལ་ཁྱབ་པའི་ཕྱིར་རོ། །དེ་ཉིད་དཔེའི་སྒོ་ནས་བསྟན་པར་བྱ་
བའི་ཕྱིར། བཅོམ་ལྡན་འདས་ཀྱིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རིན་ཐང་ཆེན་པོ་ཞེས་བྱ་བ་ནི་ནོར་ཆེས་མང་པོས་བླུ་དགོས་པས་སོ། །རིན་པོ་ཆེ་ཞེས་བྱ་བ་ནི་པདྨ་རཱ་ག་ལ་སོགས་པའོ། །དཔེ་དོན་དང་སྦྱར་བར་བྱ་བའི་ཕྱིར་ཕུང་པོ་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཕུང་པོ་དང་།
ཁམས་དང་། སྐྱེ་མཆེད་ཀྱི་གོས་ཀྱིས་ཡོངས་སུ་དཀྲིས་པ་ཞེས་བྱ་བ་འདིས་ནི་ཕུང་པོ་ལ་སོགས་པ་འདི་རྣམས་གོས་དང་མཚུངས་པ་ཉིད་དུ་བསྟན་པ་ཡིན་ནོ། །དྲི་མ་ཉིད་སྟོན་པ་ནི་འདོད་ཆགས་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཡང་དག་པ་མ་ཡིན་པ་ལ་ཡོངས་སུ་རྟོག་པ་ཞེས་བྱ་བ་ནི་བདག་ལ་

སོགས་པ་དང་། གཟུང་བ་དང་འཛིན་པར་རྣམ་པར་རྟོག་པ་སྟེ་དེ་དག་གིས་ཡང་དག་པ་མ་ཡིན་པའི་དངོས་པོ་ལ་ཡོངས་སུ་བརྟགས་པས་སོ། །རྟག་པ་ཞེས་བྱ་བ་ནི་འགྱུར་བ་མེད་པའོ། །བརྟན་པ་ཞེས་བྱ་བ་ནི་ཆད་པ་མེད་པས་སོ། །ཐེར་ཟུག་ཅེས་བྱ་བ་ནི་ཐོག་མ་མེད་པས་
སོ། །དེ་བཞིན་གཤེགས་པའི་སྙིང་པོ་བསྟན་པ་ཐོས་ནས་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བཅོམ་ལྡན་འདས་ལ་ཞུ་བ་ནི་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་ནི་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་སྙིང་པོ་བསྟན་པའོ། །མུ་སྟེགས་ཀྱི་ཞེས་བྱ་བ་ནི་མུ་སྟེགས་པ་རྣམས་
ཀྱི་ཞེས་པའོ། །དེ་རྣམས་ཀྱིས་ཅི་ལྟར་བདག་ཏུ་སྨྲ་བ་དེ་དང་མཚུངས་པ་ཅིའི་ཕྱིར་མི་འགྱུར་ཞེས་པའོ། །དེ་ཉིད་བསྟན་པར་བྱ་བའི་ཕྱིར་བཅོམ་ལྡན་འདས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བཅོམ་ལྡན་འདས་ཞེས་བྱ་བ་ནི་བོད་པའི་ཚིག་གོ། །བྱེད་པ་ཞེས་བྱ་བ་ནི་དགེ་བ་དང་མི་དགེ་བ་ལ་སོགས་
པའི་ལས་རྣམས་ཀྱི་བྱེད་པ་པོའོ། །ཡོན་ཏན་མེད་པ་ཞེས་བྱ་བ་ནི་རྡུལ་མུན་པ་སྙིང་སྟོབས་གསུམ་གྱི་ཡོན་ཏན་དང་མི་ལྡན་པས་སོ། །མི་འཇིགས་པའོ་ཞེས་བྱ་བ་ནི་འཇིགས་པ་མེད་པའོ། །དེ་ལ་ལན་བསྟན་པར་བྱ་བའི་ཕྱིར། བཅོམ་ལྡན་འདས་ཀྱིས་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་བཞིན་
གཤེགས་པའི་སྙིང་པོ་བསྟན་པ་དེ་དྲང་བའི་དོན་ཉིད་དུ་གསུངས་པ་ཡིན་ནོ་ཞེས་བསྟན་པར་བྱ་བའི་ཕྱིར། བློ་གྲོས་ཆེན་པོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྟོང་པ་ཉིད་དང་ཞེས་བྱ་བ་ནི་གཟུང་བ་དང་འཛིན་པས་སྟོང་པས་སོ། །ཡང་དག་པའི་མཐའ་ཞེས་བྱ་བ་ལ་ཡང་དག་པ་ནི་དངོས་པོ་རྣམས་ཡིན་ལ། དེའི་
མཐའ་ནི་སྟོང་པ་ཉིད་ཡིན་ཏེ། རིགས་པས་གྲུབ་པའི་ཕྱིར་རོ། །མྱ་ངན་ལས་འདས་པ་ཞེས་བྱ་བ་ནི་འདིར་རྣམ་པར་རྟོག་པ་ཐམས་ཅད་ཉེ་བར་ཞི་བས་མྱ་ངན་ལས་འདས་པ་ནི་སྟོང་པ་ཉིད་ཁོ་ན་ལ་བྱའོ། །མ་སྐྱེས་པ་དང་ཞེས་བྱ་བ་ནི་གང་ལ་སྐྱེ་བ་མེད་པ་སྟེ་སྟོང་པ་ཉིད་ཁོ་ན་ལའོ། །མཚན་མ་དང་ཞེས་བྱ་བ་ནི་ཡང་
དག་པའི་མཚན་མ་སྟེ་རྒྱུ་ཡིན་ལ། དེ་གང་ལ་མེད་པ་སྟེ་སྟོང་པ་ཉིད་དོ། །སྨོན་པ་མེད་པ་ཞེས་བྱ་བ་ནི་སྟོང་པ་ཉིད་ལས་མ་འོངས་པའི་དངོས་པོ་ལ་མངོན་པར་དགའ་བ་མེད་པས་གང་ལ་སྨོན་པ་མེད་པས་ཏེ་སྟོང་པ་ཉིད་ཁོ་ནའོ། །སོགས་པའི་སྒྲས་ནི་དེ་བཞིན་ཉིད་ལ་སོགས་པ་བསྡུ་བར་བྱའོ། །བྱིས་པ་རྣམས་

ཞེས་བྱ་བ་ནི་བདག་ལ་སོགས་པའི་བག་ཆགས་གོམས་པ་རྣམས་སོ། །བདག་མེད་པས་འཇིགས་པར་འགྱུར་བའི་གནས་རྣམས་སྤང་བའི་དོན་དུ་ཞེས་བྱ་བ་ནི་བདག་མེད་པ་གཉིས་ཁོ་ན་བདག་ཆད་པར་དོགས་པས་འཇིགས་པའི་གནས་ཡིན་ལ་དེ་སྤང་བའི་དོན་དུ་སྟེ་ཅིག་ཅར་སྟོང་པ་ཉིད་བསྟན་ནས་སྐྲག་
པར་འགྱུར་བས་སོ། །དེ་བཞིན་གཤེགས་པའི་སྙིང་པོ་ཞེས་བྱ་བ་ལ་སོགས་པ་ལ། རྣམ་པར་མི་རྟོག་པའི་གནས་ཞེས་བྱ་བ་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་ཡུལ་ལོ། །སྣང་བ་མེད་པའི་ཞེས་བྱ་བ་ནི་སྔོན་པོ་ལ་སོགས་པ་སྣང་བ་མེད་པས་སོ། །འདིའི་དོན་ནི་གལ་ཏེ་དང་པོ་ཉིད་དུ་སྟོང་པ་ཉིད་ལ་
སོགས་པའི་སྒྲ་དོན་སྟོང་པ་ཉིད་ལ་སོགས་པའི་སྒྲས་བརྗོད་པར་འགྱུར་ན། དེའི་ཚེ་བདག་ལ་སོགས་པ་ལ་མངོན་པར་ཞེན་པའི་བྱིས་པ་རྣམས་སྐྲག་པར་འགྱུར་བ་ཡིན་ལ། གང་གི་ཚེ་བདག་ལ་སོགས་པ་བརྗོད་པར་རུང་བའི་སྒྲའི་སྒོ་ནས་བསྟན་པར་གྱུར་ན། དེའི་ཚེ་དེ་རྣམས་སྐྲག་པར་མི་འགྱུར་བའི་ཕྱིར་
དེ་བཞིན་གཤེགས་པའི་སྙིང་པོ་བསྟན་པའི་སྒོ་ནས་བཅོམ་ལྡན་འདས་ཀྱིས་གསུངས་པ་ཡིན་ནོ་ཞེས་པའོ། །བློ་གྲོས་ཆེན་པོ་ཞེས་བྱ་བ་ལ་སོགས་པ་ལ་འདིར་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་སྙིང་པོའོ། །དེ་དཔེའི་སྒོ་ནས་བསྟན་པར་བྱ་བའི་ཕྱིར། བློ་གྲོས་ཆེན་པོ་དཔེར་ན་ཞེས་བྱ་བ་ལ་སོགས་པ་
གསུངས་ཏེ། སྣོད་རྣམ་པ་སྣ་ཚོགས་བྱེད་དོ་ཞེས་བྱ་བ་ནི་བུམ་པ་དང་འཁར་ཕོར་ལ་སོགས་པའོ། །སྲད་བུ་ལ་སོགས་པ་དང་ཞེས་བྱ་བ་ལ་སོགས་པའི་སྒྲས་ནི་འཁོར་ལོ་བསྡུ་བར་བྱའོ། །ནན་ཏན་དང་ཞེས་བྱ་བ་ནི་དབྱི་གུས་འཁོར་ལོ་སྐོར་བར་བྱེད་པའོ། །ལྡན་པ་ཞེས་བྱ་བ་ནི་ཀུན་ལ་སྦྱར་བར་བྱའོ། །
ཆོས་ལ་བདག་མེད་པ་ཞེས་བྱ་བ་ནི་སྟོང་པ་ཉིད་ཀྱི་མཚན་ཉིད་ཅན་ནོ། །རྣམ་པར་རྟོག་པའི་མཚན་ཉིད་རྣམ་པར་ལོག་པ་ཞེས་བྱ་བ་ལ། རྣམ་པར་རྟོག་པ་ཐམས་ཅད་ལོག་པ་ཡིན་ཏེ། སྟོང་པ་ཉིད་རྣམ་པར་རྟོག་པའི་ཡུལ་མ་ཡིན་པ་དང་། མཚན་ཉིད་ཐམས་ཅད་རྣམ་པར་ལོག་པ་ཡིན་ཏེ། མཐའ་བཞི་
དང་བྲལ་བའི་ཕྱིར་རོ། །ཤེས་རབ་དང་ཐབས་ལ་མཁས་པ་དང་ལྡན་པ་ཞེས་བྱ་བ་ནི་ཆོས་ཐམས་ཅད་ཀྱི་རང་བཞིན་ཅི་ལྟ་བ་བཞིན་དུ་མཁྱེན་པས་ཤེས་རབ་དང་ལྡན་པ་ཡིན་ལ། གལ་ཏེ་ཆོས་ཐམས་ཅད་ཇི་ལྟ་བ་བཞིན་དུ་གནས་པའི་རང་བཞིན་བདག་མེད་པ་སྟོང་པ་ཉིད་ལ་སོགས་པའི་སྒྲས་བསྟན་ན་དེའི་ཚེ་

བྱིས་པ་རྣམས་འདིར་སྐྲག་པས་འཇུག་པར་མི་འགྱུར་བའི་ཕྱིར་དེ་བཞིན་གཤེགས་པའི་སྙིང་པོ་བསྟན་པའི་སྒོ་ནས་སྟོན་པ་ཡིན་པས་ཐབས་ལ་མཁས་པའོ། །རྫ་མཁན་བཞིན་དུ་ཞེས་བྱ་བ་ནི་དཔེར་ན་རྫ་མཁན་འཇིམ་པའི་རྡུལ་གྱི་ཕུང་པོ་གཅིག་ལས་བྱུང་བའི་སྣོད་རྣམ་
པ་སྣ་ཚོགས་པ་བྱེད་པ་དེ་བཞིན་དུ་སྟོང་པ་ཉིད་ཀྱི་མཚན་ཉིད་ཅན་གྱི་དོན་ལས་བྱུང་བའི་ཡི་གེ་དང་ཚིག་གི་རྣམ་གྲངས་རྣམ་པ་སྣ་ཚོགས་ཀྱིས་སྟོང་པ་ཉིད་སྟོན་པའོ། །དེ་ལ་ཡི་གེ་ནི་ཡི་གེ་རེ་རེའོ། །ཚིག་ནི་བུམ་པ་ལ་སོགས་པའོ། །རྣམ་གྲངས་ནི་དེ་དག་གི་རང་བཞིན་ཏེ། དེ་དག་ལས་མ་
གཏོགས་པའི་རྣམ་གྲངས་མེད་པས་སོ། །དེ་ལྟར་ཞེས་བྱ་བ་ལ་སོགས་པ་ནི་མཇུག་བསྡུ་བ་སྟོན་པ་ཡིན་ཏེ། དྲང་བའི་ཕྱིར་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་སྙིང་པོ་བསྟན་པའི་སྒོ་ནས་དེ་རྣམས་མི་སྐྲག་པས་བསྟན་པ་ལ་བདེ་བླག་ཏུ་འཇུག་པར་འགྱུར་བས་སོ། །རྣམ་པར་ཐར་པ་གསུམ་གྱི་
སྤྱོད་ཡུལ་ལ་གནས་པའི་བསམ་པ་དང་ཞེས་བྱ་བ་ནི་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་རང་བཞིན་ཅན་གྱི་རྣམ་པར་དག་པ་གསུམ་གྱི་སྤྱོད་ཡུལ་ལ་བསམ་པ་གཏད་པའོ། །དེས་ཇི་ལྟར་དེ་བཞིན་གཤེགས་པའི་སྙིང་པོ་བསྟན་པའི་དོན་སྟོང་པ་ཉིད་ཁོ་ན་ཡིན་པ་དེ་བཞིན་
དུ་སེམས་ཙམ་བསྟན་པ་ཡང་སྟོང་པ་ཉིད་ལ་འཇུག་པའི་ཐབས་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །ཡང་མདོའི་ཁུངས་ཀྱི་སྒོ་ནས་སྟོང་པ་ཉིད་ཀྱི་དོན་བསྟན་པ་དེ་ཉིད་བསྟན་པར་བྱ་བའི་ཕྱིར། ཡང་དེ་ཉིད་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མདོ་སྡེའི་ནང་དུ་ཆུད་པ་ཞེས་བྱ་བ་ནི་མདོ་ཐམས་ཅད་
ཀྱིས་སྟོང་པ་ཉིད་ཀྱི་དོན་སྟོན་པའི་ཕྱིར་རོ། །འདིའི་དོན་ནི་བཅོམ་ལྡན་འདས་ཀྱིས་མདོ་ཐམས་ཅད་དུ་རྟེན་ཅིང་འབྲེལ་པར་འབྱུང་བའི་རང་བཞིན་གསུངས་ལ། གང་རྟེན་ཅིང་འབྲེལ་པར་འབྱུང་བ་དེ་ལ་ལྟོས་པ་ཅན་ཡིན་པས་ངོ་བོ་ཉིད་མེད་པའི་ཕྱིར་སྟོང་པ་ཉིད་ཁོ་ན་མདོ་ཐམས་ཅད་ཀྱི་ནང་དུ་ཆུད་པ་ཡིན་
ནོ་ཞེས་པའོ། །དེའི་ཕྱིར་དེ་ལྟར་ན་ཞེས་བྱ་བ་ལ་སོགས་པས་ནི་སེམས་ཙམ་དུ་སྨྲ་བ་རྣམས་ཀྱིས་ལུང་དྲངས་པ་རྣམས་དྲང་བའི་དོན་ཡིན་ནོ་ཞེས་མཇུག་བསྡུ་བ་སྟོན་པའོ། །རྣམ་པ་དེ་ལྟ་བུའི་མདོ་སྡེ་ཞེས་བྱ་བ་ནི་ཁམས་གསུམ་པ་ནི་སེམས་ཙམ་མོ་ཞེས་བྱ་བ་དང་། ཕྱི་རོལ་སྣང་བ་ཡོད་མེད་དེ། །

ཞེས་བྱ་བ་ལ་སོགས་པའོ། །ངེས་པའི་དོན་དུ་ཁས་བླངས་པ་ཐམས་ཅད་ཅེས་བྱ་བ་ནི་དོན་དམ་པའི་དོན་ཅན་ཉིད་དུ་ཁས་བླངས་པའོ། །དྲང་བའི་དོན་ཉིད་ཡིན་པར་ཞེས་བྱ་བ་ནི་དོན་དམ་པར་སྟོན་པ་མ་ཡིན་པར་རོ། །ལུང་འདིས་ཞེས་བྱ་བ་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་ལུགས་ལས་འབྱུང་བའི་རྣམ་
པ་ལ་རྟོག་གོ་ཞེས་བྱ་བ་ལ་སོགས་པས་སོ། །དེ་ལྟར་ཁམས་གསུམ་པ་ནི་སེམས་ཙམ་མོ་ཞེས་བྱ་བ་ལ་སོགས་པའི་ལུང་དེ་རྣམས་ལ་ལུང་གཞན་གྱི་སྒོ་ནས་དྲང་བའི་དོན་ཉིད་དུ་བསྟན་ནས། རིགས་པའི་སྒོ་ནས་དྲང་བའི་དོན་ཉིད་དུ་བསྟན་པར་བྱ་བའི་ཕྱིར། རིགས་པས་ཞེས་བྱ་བ་ལ་སོགས་
པ་གསུངས་ཏེ། ཤེས་བྱ་མེད་ན་ཞེས་བྱ་བ་ནི་ཤེས་བྱ་མི་འཐད་ནའོ། །ཤེས་པ་བསལ་བ་ནི་ཞེས་བྱ་བ་ནི་ཤེས་པ་མེད་པའོ། །བདེ་བླག་རྙེད་ཅེས་བྱ་བ་ནི་བདེ་བླག་ཏུ་ཁོང་དུ་ཆུད་པའོ། །འདིའི་དགོངས་པ་ནི་འདི་ཡིན་ཏེ། གང་སེམས་ཙམ་དུ་གསུངས་པ་དེ་དོན་དམ་པར་ཡོད་པ་ཉིད་སྒྲུབ་
པའི་དོན་དུ་མ་ཡིན་གྱི། འོན་ཀྱང་། ཤེས་བྱ་མེད་ན་ཤེས་པ་ཅི་ལྟར་ཡོད། །ཅེས་ཤེས་པ་མེད་པ་བདེ་བླག་ཏུ་ཁོང་དུ་ཆུད་པར་བྱ་བའི་དོན་དུ་ཡིན་ནོ་ཞེས་པའོ། །དེ་ལྟར་རིགས་པས་ཤེས་པ་ཡོད་པ་ཉིད་མ་གྲུབ་པའི་ཕྱིར་ཤེས་པ་ཡོད་པར་བསྟན་པ་ནི་དྲང་བའི་དོན་ཁོ་ན་ཡིན་ནོ་ཞེས་པའོ། །དེ་འགྲེལ་པས་
བསྟན་པར་བྱ་བའི་ཕྱིར། སངས་རྒྱས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རིམ་གྱིས་ཞེས་བྱ་བ་ནི་བདག་ལ་སོགས་པ་བཀག་པའི་སྒོ་ནས་ཡིན་ཏེ། གཞན་དུ་ན་སྟོང་པ་ཉིད་ལ་སྐྲག་ནས་འཇུག་པར་མི་འགྱུར་བས་སོ། །དེ་ལ་དཔེ་སྟོན་པ་ནི། དེ་ལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཆོས་ཉིད་
ལ་འཇུག་པའི་ཐབས་ཡིན་པས་ཞེས་བྱ་བ་ནི་ལོངས་སྤྱོད་ལ་ལྟོས་པ་མེད་པར་ཚུལ་ཁྲིམས་ལ་སོགས་པ་ལ་འཇུག་པའི་སྒོ་ནས་བསོད་ནམས་བྱས་པ་དག་མེད་པ་ཁོང་དུ་ཆུད་པའི་ཐབས་ཡིན་པས་སོ། །ཤེས་བྱ་བཀག་པ་ནི་ཤེས་པ་བདག་མེད་པར་རྟོགས་པའི་ཐབས་ཡིན་པས་བདེ་བླག་ཏུ་འཇུག་པ་སྟོན་པ་
ནི། ཤེས་བྱ་རང་བཞིན་མེད་པར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཞན་ཡང་དེ་བཞིན་དུ་ཞེས་བྱ་བ་ནི་སེམས་ཡོད་པར་སྟོན་པའི་གསུང་རབ་རྣམས་བརྟག་པར་བྱའོ་ཞེས་བྱ་བ་ནི་དྲང་བའི་དོན་ཉིད་དོ། །བརྟག་པ་དེ་ཡང་དྲང་བ་དང་། ངེས་པའི་དོན་གྱི་མདོའི་མཚན་ཉིད་མེད་ན་མི་ཤེས་པས་དེ་དག་

གི་མཚན་ཉིད་བསྟན་པར་བྱ་བའི་ཕྱིར། དེ་ལྟར་ལུང་གིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལྟར་ལུང་གི་ལོ་རྒྱུས་ཤེས་བྱ་སྟེ། །ཞེས་བྱ་བ་ནི་དྲང་བ་དང་ངེས་པའི་དོན་དབྱེ་བས་ལུང་གི་ལོ་རྒྱུས་ཤེས་པར་བྱས་ནས་སོ། །མདོ་གང་དེ་ཉིད་མ་ཡིན་བཤད་དོན་ཅན། །ཞེས་བྱ་
བ་ནི་མདོ་གང་དུ་དེ་ཁོ་ན་ཉིད་