Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 104
Văn bản gốc(Tây Tạng)
Trang 13 / 24 (50.000 ký tự/trang)
འི་སྐད་ཅིག་མར་མེད་པ་གང་ཞིག་ལས་ཞེས་བྱ་བ་ནི་ཀུན་གཞི་རྣམ་པར་ཤེས་པ་ལ་ཡོད་པའི་བག་ཆགས་ཡོངས་ སུ་སྨིན་པའི་མཚན་ཉིད་ཅན་ནུས་པའི་སྐད་ཅིག་མ་ལས་སོ། །རྒྱུར་གྱུར་པའི་ནུས་པའི་སྐད་ཅིག་མ་དེ་ལ་གཏི་མུག་གི་མིག་གི་དབང་པོ་ཡིན་ནོ་སྙམ་དུ་རྟོགས་པའོ། །དེ་ཉིད་ཀྱི་ཕྱིར་རྟེན་དུ་གྱུར་པ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་བཞིན་དུ་དབང་པོ་གཞན་ལ་ཡང་ངེས་པར་བྱའོ་ཞེས་བྱ་བ་ནི་རྣ་བ་ལ་ སོགས་པའི་དབང་པོ་ཡང་དེ་བཞིན་དུ་ཤེས་པར་བྱའོ། །འདི་ན་ཞེས་བྱ་བ་ནི་ཕྱི་རོལ་གྱི་དོན་ཐ་སྙད་དུ་བྱེད་པ་ནའོ། །ཕྱི་གཟུང་བ་མེད་པར་ཞེས་བྱ་བ་ནི་ཕྱི་རོལ་གྱི་དོན་མེད་ཀྱང་ངོ་། །རང་གི་ས་བོན་ལས་ཞེས་བྱ་བ་ནི་ཀུན་གཞི་རྣམ་པར་ཤེས་པ་ལ་ཡོད་པའི་བག་ཆགས་སྨིན་པའི་མཚན་ཉིད་ཅན་གྱི་ས་ བོན་ལས་སོ། །སྔོ་སོགས་ཞེས་བྱ་བ་ལ་སོགས་པ་ནི་མིག་གི་རྣམ་པར་ཤེས་པ་སྔོན་པོ་ལ་སོགས་པའི་རྣམ་པ་ཉིད་དུ་སྐྱེས་པ་ཡིན་ནོ་སྙམ་དུ་ཁོང་དུ་མ་ཆུད་པས་ཤེས་པའི་རྣམ་པ་ཁོ་ན་ལ་ཕྱི་རོལ་དུ་མངོན་པར་ཞེན་ནས་སེམས་ལས་ཐ་དད་དུ་གྱུར་པའི་ཕྱི་རོལ་གྱི་དོན་ཡོད་པ་ཡིན་ནོ་ཞེས་མངོན་པར་རྟོགས་ པ་ཡིན་གྱི། ཕྱི་རོལ་གྱི་དོན་ཡོད་པ་ཉིད་ནི་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ཉིད་འགྲེལ་པས་བསྟན་པར་བྱ་བའི་ཕྱིར། ཅི་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དམར་པོའི་རྣམ་པ་ཅན་དུ་སྐྱེ་བ་ན་ཞེས་བྱ་བ་ནི་རང་བཞིན་གྱིས་དམར་པོ་ཡིན་པས་སོ། །ནོར་བུ་དག་ཅེས་བྱ་བ་ལ་སོགས་ པ་ནི་ཇི་ལྟར་ནོར་བུ་ཆུ་ཤེལ་ལ་སོགས་པའི་ཕྱི་རོལ་གྱི་ཉེ་བར་སྒྱུར་བ་ཚོན་རས་དམར་པོ་ལ་སོགས་པ་ལ་ལྟོས་པ་ཡིན་གྱི། དེ་བཞིན་དུ་བན་དུ་ཀ་ལ་སོགས་པ་ནི་མ་ཡིན་ནོ་ཞེས་པའོ། །འོན་ཀྱང་ཞེས་བྱ་བ་ལ་སོགས་པ་ནི་བན་དུ་ཀ་ལ་སོགས་པ་རྣམས་ཀྱི་གང་གི་ས་བོན་དེས་བན་དུ་ཀ་དམར་པོ་བསྐྱེད་ པའི་ནུས་པ་འཕངས་པ་གང་ཡིན་པ་དེ་དང་ལྡན་པའི་མྱུ་གུ་ལ་སོགས་པའི་རྒྱུན་ལས་སོ། །རྣམ་པ་ཁྱད་པར་ཅན་ཉིད་དུ་སྐྱེ་བར་ཞེས་བྱ་བ་ནི་རང་གི་རྒྱུ་མ་ཡིན་པའི་དམར་པོའི་རྣམ་པ་གཞན་ལ་མ་ལྟོས་པར་རོ། །སྔོན་པོ་ལ་སོགས་པར་སྣང་བ་འབྱུང་བ་ཡིན་ལ་ཞེས་བྱ་བ་ནི་སྔོན་པོ་ལ་སོགས་པའི་རྣམ་པ་ ཅན་ནོ། །དེའི་སྔོན་པོ་ལ་སོགས་པར་སྣང་བ་ཉིད་ཅེས་བྱ་བ་ནི་སྔོན་པོ་ལ་སོགས་པའི་རྣམ་པར་སྣང་བ་ཉིད་དོ། །དེ་ལ་དཔེ་བསྟན་པར་བྱ་བའི་ཕྱིར། དཔེར་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ངོགས་མཐར་སྐྱེས་པའི་ཞེས་བྱ་བ་ནི་མཚོའི་འགྲམ་དུ་སྐྱེས་པའོ། །ཡོད་པ་ལྟ་བུར་དམིགས་མོད་ཀྱི། ། ཞེས་བྱ་བ་ནི་ཆུའི་ནང་ན་ཡོད་པ་བཞིན་དུ་སྣང་བའོ། །དེའི་ནང་ན་ཡོད་པ་ནི་མ་ཡིན་ན་ཞེས་བྱ་བ་ནི་པདྨ་རཱ་ག་ལ་སོགས་པ་དེ་ཆུའི་ནང་ན་ཡོད་པ་ནི་མ་ཡིན་པའོ། །དེ་བཞིན་དུ་རྣམ་པར་ཤེས་པ་ལ་ཡང་སྦྱར་བར་བྱའོ་ཞེས་བྱ་བ་ནི་ཆུའི་ནང་ན་ཡོད་པའི་རིན་པོ་ཆེའི་རྣམ་པ་རིན་པོ་ཆེར་སྣང་བ་བཞིན་དུ་ཤེས་པའི་རྣམ་པ་ཁོ་ན་ ལ་ཕྱི་རོལ་དུ་མངོན་པར་ཞེན་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟར་རྣམ་པར་ཤེས་པ་ལས་ཕྱི་རོལ་གྱི་དོན་ཡོད་པ་མ་ཡིན་ནོ་ཞེས་བྱ་བ་ནི་མཇུག་བསྡུ་བའོ། །རྣམ་པ་གཅིག་ཏུ་ན་ཞེས་བྱ་བ་ལ་སོགས་པ་ནི་རྣམ་པ་གཞན་གྱི་སྒོ་ནས་ཤེས་པའི་རྣམ་པ་ཁོ་ན་ལ་ཕྱི་རོལ་དུ་མངོན་པར་ཞེན་པ་སྟོན་པ་ཡིན་ཏེ། གཟུགས་ དོན་གཞན་མེད་པར་ཞེས་བྱ་བ་ནི་ཕྱི་རོལ་གྱི་དོན་མེད་པར་རོ། །དེའི་རྣམ་པ་ཅན་སེམས་ཞེས་བྱ་བ་ནི་སྔོན་པོའི་རྣམ་པ་ཅན་གྱི་སེམས་འབྱུང་བ་ཡིན་པས་སོ། །རང་ནུས་སྨིན་ལས་ཞེས་བྱ་བ་ནི་ནུས་པའི་མཚན་ཉིད་ཅན་གྱི་རང་གི་རྒྱུ་སྨིན་པ་ལས་སོ། །དེ་ལ་ལན་བསྟན་པར་བྱ་ བའི་ཕྱིར། དེ་ནི་དེ་ལྟར་མ་ཡིན་ནོ་ཞེས་བྱ་བ་གསུངས་ཏེ། རྨི་ལམ་གྱི་དཔེའི་སྒོ་ནས་ཤེས་པའི་རྣམ་པ་ལ་ཕྱི་རོལ་དུ་མངོན་པར་ཞེན་པར་འདོད་པ་དེ་མི་འཐད་པའོ། །དེའི་རྒྱུ་མཚན་འདྲི་བ་ནི་ཅིའི་ཕྱིར་ཞེ་ན་ཞེས་བྱའོ། །དེ་ལ་ལན་ཇི་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མིག་མེད་པས་ནི་ཞེས་བྱ་ བ་ནི་རྨི་ལམ་ན་མིག་གི་བྱ་བ་མེད་པས་སོ། །རྨི་ལམ་དུ་ཞེས་བྱ་བ་ལ་སོགས་པས་ནི་སྔོན་པོ་ལ་སོགས་པར་སྣང་བ་སྟེ། སྔོན་པོ་ལ་སོགས་པའི་རྣམ་པར་སྣང་བའི་ཡིད་ཀྱི་རྣམ་པར་ཤེས་པ་སྐྱེ་བར་འགྱུར་བའོ། །འདིར་ཞེས་བྱ་བ་ནི་སད་པའི་གནས་སྐབས་ན་ལོང་བ་ལ་སྔོན་པོ་ལ་སོགས་པར་སྣང་ བ་ཡིད་ཀྱི་རྣམ་པར་ཤེས་པ་ཅིའི་ཕྱིར་འབྱུང་བར་མི་འགྱུར་ཏེ། ཅིའི་ཕྱིར་མི་སྐྱེ་བའོ། །གང་ལས་སྐྱེ་ཞེ་ན། རང་གི་ས་བོན་ནོ། །སྨིན་ལས་ཞེས་བྱ་བ་གསུངས་ཏེ། ཀུན་གཞི་རྣམ་པར་ཤེས་པ་ལ་ཡོད་པའི་བག་ཆགས་ལས་ཞེས་བྱ་བའི་དོན་ཏོ། །དེ་ལ་འགྲེལ་པས་བསྟན་པར་བྱ་བའི་ཕྱིར། གལ་ ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མིག་གི་རྣམ་པར་ཤེས་པའི་རྣམ་པ་དང་རྗེས་སུ་མཐུན་པར་སྐྱེ་ན་ཞེས་བྱ་བ་ནི་ཅི་ལྟར་མིག་གི་རྣམ་པར་ཤེས་པ་ཆེས་གསལ་བར་སྔོན་པོ་ལ་སོགས་པ་སྣང་བར་སྐྱེ་བ་དེ་བཞིན་དུ་གལ་ཏེ་ཡིད་ཀྱི་རྣམ་པར་ཤེས་པ་ཆེས་གསལ་བར་སྔོན་པོའི་རྣམ་པར་སྐྱེ་ནའོ། །དེ་ལྟ་བུ་ ཞེས་བྱ་བ་ནི་མིག་གི་རྣམ་པར་ཤེས་པ་དང་མཚུངས་པར་རོ། །འདིའི་དོན་གལ་ཏེ་ཅི་ལྟར་རྨི་ལམ་གྱི་དཔེ་དོན་མེད་ཀྱང་དོན་གྱི་རྣམ་པ་ཅན་གྱི་སེམས་སྐྱེ་བ་ཅན་དུ་སྒྲུབ་ན་དེ་བཞིན་དུ་རྨི་ལམ་གྱི་དཔེས་ལོང་བ་ལ་ཡང་མིག་གི་རྣམ་པར་ཤེས་པ་དང་རྗེས་སུ་མཐུན་པར་ཡིད་ཀྱི་རྣམ་པར་ཤེས་པ་ཅིའི་ཕྱིར་སྐྱེ་བར་མི་ འགྱུར་ཞེས་པའོ། །གང་གིས་ན་ཞེས་བྱ་བ་ནི་མིག་གི་རྣམ་པར་ཤེས་པ་དང་རྗེས་སུ་མཐུན་པའི་ཡིད་ཀྱི་རྣམས་སོ། །གཉིས་ཀར་ཡང་ཞེས་བྱ་བ་ནི་རྨི་ལམ་དང་སད་པའི་གནས་སྐབས་དག་གོ། །ཅི་སྟེ་ཞེས་བྱ་བ་ལ་སོགས་པ་ནི་གཞན་གྱི་དོགས་པ་བསུ་བ་ཡིན་ཏེ། རྣམ་པ་དེ་ལྟ་བུ་ཞེས་བྱ་བ་ནི་མིག་གི་ རྣམ་པར་ཤེས་པའི་རྣམ་པ་དང་རྗེས་སུ་མཐུན་པའོ། །དེ་ཡང་ཞེས་བྱ་བ་ནི་ནུས་པ་སྨིན་པའོ། །དེ་ལ་ལན་བསྟན་པར་བྱ་བའི་ཕྱིར། དེ་ཡང་མི་རིགས་སོ་ཞེས་བྱ་བ་གསུངས་ཏེ་མིག་ལ་སོགས་པའི་རྣམ་པར་ཤེས་པ་ལྔ་ལ་ལྟོས་ནས་དྲུག་པ་ཡིད་ཀྱི་རྣམ་པར་ཤེས་པ་ལ་གཉིད་ཀྱི་རྐྱེན་གྱི་སྟོབས་ ཀྱིས་རྨི་ལམ་ན་ནུས་པ་སྨིན་པ་ཡོད་ལ། སད་པ་ན་གཉིད་ཀྱི་རྐྱེན་མེད་པས་ནུས་པ་སྨིན་པ་མེད་པར་གལ་ཏེ་ཁྱོད་ཀྱིས་འདོད་པར་གྱུར་ན་ཞེས་བྱ་བ་ནི་ཕྱོགས་སྔ་མ་རྗེས་སུ་བརྗོད་པའོ། །ཅི་ལྟར་སད་པའི་གནས་སྐབས་ན་ལོང་བ་ལ་དྲུག་པ་ཡིད་ཀྱི་རྣམ་པར་ཤེས་པའི་ནུས་པ་སྨིན་པ་མེད་པ་དེ་ བཞིན་དུ་རྨི་ལམ་གྱི་ཚེ་ཡང་དྲུག་པ་ནུས་པ་མེད་ཅེས་ཅིའི་ཕྱིར་མི་རྟོགས་ཞེས་པའོ། །དེ་འགྲེལ་པས་བསྟན་པར་བྱ་བའི་ཕྱིར། དྲུག་པའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཚིག་གི་ཚུལ་ཙམ་ཁོ་ནས་ཞེས་བྱ་བ་ནི་ཚིག་ཙམ་ལས་མ་གཏོགས་པའི་རིགས་པ་གཞན་ཡོད་པ་མ་ཡིན་ནོ་ཞེས་བྱ་ བའི་ཐ་ཚིག་གོ། །ངེད་ཅག་གིས་ཚིག་གིས་ཀྱང་འདོད་པར་བྱ་དགོས་ཞེས་སྦྱར་བར་བྱའོ། །ཅི་འདོད་ཅེ་ན། འདི་ན་ཅི་ལྟར་སད་པ་ལ་རྣམ་པ་དེ་ལྟ་བུའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་བཞིན་དུ་ཞེས་བྱ་བ་ནི་སད་པ་བཞིན་དུའོ། །དེ་ལ་གཞན་དག་ན་རེ་ནུས་པ་སྨིན་པའི་ལྷན་ཅིག་བྱེད་ པའི་རྐྱེན་ནི་གཉིད་ཡིན་ལ། དེས་ན་སད་པའི་གནས་སྐབས་ན་དེ་མེད་པས་རྣམ་པ་དེ་ལྟ་བུའི་ཡིད་ཀྱི་རྣམ་པར་ཤེས་པ་མེད་པ་ཡིན་ལ། རྨི་ལམ་ན་ནི་རྐྱེན་ཡིད་ཀྱི་རྣམ་པར་ཤེས་པས་རྣམ་པ་དེ་ལྟ་བུའི་ཡིད་ཀྱི་རྣམ་པར་ཤེས་པ་ཡོད་པ་མ་ཡིན་ནོ་ཞེ་ན། དེ་ལ་ལན་བསྟན་པར་བྱ་བའི་ཕྱིར། ཅི་ལྟར་ཞེས་ བྱ་བ་ལ་སོགས་པ་གསུངས་ཏེ། ཅི་ལྟར་ལོང་བ་འདི་ལ་གཉིད་ལོག་པའི་སྐྱེས་བུ་བཞིན་དུ་མིག་གི་བྱ་བ་མེད་དུ་ཟིན་ཀྱང་མིག་མེད་པ་དེ་ནི་དེའི་རྣམ་པ་དེ་ལྟ་བུའི་ཡིད་ཀྱི་རྣམ་པར་ཤེས་པ་སྐྱེ་བའི་བག་ཆགས་སྨིན་པའི་རྐྱེན་མ་ཡིན་ལ། དེ་བཞིན་དུ་རྨི་ལམ་ན་གཉིད་ཡོད་དུ་ཟིན་ཀྱང་མིག་གི་རྣམ་པར་ཤེས་ པའི་རྣམ་པ་དང་རྗེས་སུ་མཐུན་པའི་ཡིད་ཀྱི་རྣམ་པར་ཤེས་པའི་སྐྱེ་བའི་བག་ཆགས་ཡོངས་སུ་སྨིན་པའི་རྐྱེན་ཡིན་པར་མི་འགྱུར་རོ་ཞེས་ངེས་པར་བགྱིས། འདིའི་དོན་ནི་གཉིས་ཀ་ལ་ཡང་མིག་མེད་པར་མཚུངས་སུ་ཟིན་ཀྱང་གཅིག་ལ་ནི་མིག་གི་རྣམ་པར་ཤེས་པའི་རྣམ་པ་དང་རྗེས་སུ་མཐུན་པའི་ཡིད་ཀྱི་རྣམ་ པར་ཤེས་པ་སྐྱེ་བར་འགྱུར་ལ། གཅིག་ལ་ནི་མི་འགྱུར་བས་མིག་མེད་པ་ནི་རྒྱུ་མ་ཡིན་ལ། དེ་བཞིན་དུ་གཉིད་ཡོད་སད་དུ་ཟིན་ཀྱང་རྣམ་པ་དེ་ལྟ་བུའི་ཡིད་ཀྱི་རྣམ་པར་ཤེས་པ་སྐྱེ་བར་འགྱུར་ན་གཉིད་ཀྱི་རྒྱུ་ཅན་མ་ཡིན་ནོ་ཞེས་ངེས་པར་གྱིས་ཞེས་པའོ། །དེ་འགྲེལ་པས་བསྟན་ པར་བྱ་བའི་ཕྱིར། རྨི་ལམ་མཐོང་བས་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྨི་ལམ་མཐོང་བས་ནི་ཞེས་བྱ་བ་ནི་ཆོས་ཅན་ནོ། །སད་པའི་གནས་སྐབས་ཀྱི་ལོང་བ་ལྟར་ཞེས་བྱ་བ་ནི་ཅི་ལྟར་གཉིད་སད་པའི་ལོང་བ་ལ་མིག་གི་བྱ་བ་མེད་པས་རྣམ་པ་དེ་ལྟ་བུའི་ཡིད་ཀྱི་རྣམ་པར་ཤེས་པ་སྐྱེ་བར་འགྱུར་ བ་སྟེ་དཔེ་དེ་བཞིན་དུའོ། །རྣམ་པར་ཤེས་པ་དེའི་རྟེན་དབང་པོའི་བྱེད་པ་དང་བྲལ་བའི་ཕྱིར་ཞེས་བྱ་བ་ནི་མིག་གི་རྣམ་པར་ཤེས་པ་དེའི་རྟེན་མིག་གི་དབང་པོ་ཡིན་ལ་དེའི་བྱ་བ་མེད་པ་སྟེ། མིག་གི་དབང་པོའི་བྱ་བ་མེད་པའི་ཕྱིར་ཞེས་པ་གཏན་ཚིགས་སོ། །རྣམ་པར་ཤེས་པ་མིག་གི་དབང་པོ་ཞེས་བྱ་བ་ ལ་སོགས་པ་ནི་ཕྱི་རོལ་གྱི་དབང་པོ་མེད་པས་ནུས་པའི་མིང་ཅན་གྱི་མིག་གི་དབང་པོ་གང་ཡིན་པ་དེ་ལ་བརྟེན་པའི་རྣམ་པར་ཤེས་པ་སྟེ་མིག་གི་རྣམ་པར་ཤེས་པ་ཞེས་བྱ་བའི་དོན་ཏོ། །དེའི་རྣམ་པའི་རྗེས་སུ་བྱེད་པ་ཡིད་ཀྱི་རྣམ་པར་ཤེས་པ་ནི་མིག་གི་རྣམ་པར་ཤེས་པ་དང་མཚུངས་པའི་ཡིད་ཀྱི་རྣམ་ པར་ཤེས་པའོ། །དེའི་ནུས་པ་ནི་རྒྱུར་གྱུར་པའི་བག་ཆགས་སོ། །དེ་སྨིན་པ་ནི་འབྲས་བུ་སྐྱེད་པ་ལ་མངོན་དུ་ཕྱོགས་པའོ། །དེ་ཡོངས་སུ་འགྱུར་བ་ནི་དེ་ལས་སྐྱེས་པའི་ཡིད་ཀྱི་རྣམ་པར་ཤེས་པ་ཡིན་ལ། དེ་གང་ལ་ཡོད་པ་དེ་ལ་ཅན་ཞེས་བྱ་སྟེ། མིག་གི་རྣམ་པར་ཤེས་པ་དང་མཚུངས་པའི་ཡིད་ཀྱི་ རྣམ་པར་ཤེས་པ་དང་ལྡན་པར་འགྱུར་བ་མ་ཡིན་ནོ་ཞེས་བྱ་བ་སྟེ་བསྒྲུབ་པར་བྱའོ། །དེས་ན་ཅི་ལྟར་ལོང་བ་ལ་མིག་མེད་པ་ཡིན་དུ་ཟིན་ཀྱང་རྣམ་པ་དེ་ལྟ་བུའི་ཡིད་ཀྱི་རྣམ་པར་ཤེས་པའི་རྒྱུར་མིག་མེད་པ་དེ་མི་འགྱུར་བ་དེ་བཞིན་དུ་རྨི་ལམ་ན་ཡང་གཉིད་ཡོད་དུ་ཟིན་ཀྱང་རྣམ་པར་ཤེས་པ་དེ་ལྟ་བུའི་རྒྱུ་ཉིད་དུ་འགྱུར་ བ་མ་ཡིན་ནོ་ཞེས་པའོ། །གང་གི་ཕྱིར་དེ་ལྟར་ཡིན་པ་དེའི་ཕྱིར་ཞེས་བྱ་བ་ནི་གང་གི་ཕྱིར་གཉིད་རྣམ་པར་ཤེས་པ་དེ་ལྟ་བུའི་ཡིད་ཀྱི་རྣམ་པར་ཤེས་པའི་རྒྱུ་མ་ཡིན་པ་དེའི་ཕྱིར་རོ། །རྨི་ལམ་དུ་ཡང་ཞེས་བྱ་བ་ནི་རྨི་ལམ་གྱི་གནས་སྐབས་ན་ཡང་ངོ་། །དེ་དངོས་ཞེས་བྱ་བ་ནི་གང་རྨི་ལམ་གྱི་གནས་སྐབས་ན་ གཟུགས་མཐོང་བའི་རྒྱུ་གང་ཡིན་པའོ། །མིག་ཇི་ལྟ་བུ་ཞེ་ན། བརྫུན་པའི་སྤྱོད་ཡུལ་རྟོགས་པའི་རྒྱུ་ཞེས་བྱ་བ་སྨོས་ཏེ། སད་པ་ལ་ལྟོས་ནས་བརྫུན་པའི་སྤྱོད་ཡུལ་གཟུགས་གང་ཡིན་པ་དེ་རྟོགས་པའི་རྒྱུ་གང་ཡིན་པའོ། །དེ་འགྲེལ་པས་བསྟན་པར་བྱ་བའི་ཕྱིར། དེའི་ཕྱིར་ཞེས་བྱ་བ་ལ་སོགས་ པ་གསུངས་ཏེ། རྣམ་པ་དེ་ལྟ་བུའི་ཡུལ་དང་ཞེས་བྱ་བ་ནི་རྨི་ལམ་དུ་ཉམས་སུ་མྱོང་བའི་ཡུལ་ལོ། །ཤེས་པ་རྣམ་པ་དེ་ལྟ་བུ་དང་ཞེས་བྱ་བ་ནི་རྨི་ལམ་ན་ཉམས་སུ་མྱོང་བའི་ཤེས་པ་གང་ཡིན་པའོ། །རྣམ་པ་དེ་ལྟ་བུ་ཞེས་བྱ་བ་ནི་རྨི་ལམ་གྱི་མིག་གི་རྣམ་པར་ཤེས་པའི་རྟེན་དུ་གྱུར་པ་གང་ཡིན་པ་དེ་ ཁས་བླང་བར་བྱ་དགོས་ཀྱི། གཞན་དུ་ན་ལོང་བ་ལ་མིག་གི་རྣམ་པར་ཤེས་པ་ཅིའི་ཕྱིར་སྐྱེ་བར་མི་འགྱུར་ཞེས་པའོ། །དེའི་ཕྱིར་ཞེས་བྱ་བ་ནི་གང་གི་ཕྱིར་རྨི་ལམ་ན་གསུམ་ཆར་ཁས་བླང་བར་བྱ་དགོས་པ་དེའི་ཕྱིར་རོ་ཞེས་པའོ། །འདི་ཡིས་ཞེས་བྱ་བ་ལ་སོགས་པ་ནི་དབུ་མ་ལ་སེམས་ཙམ་དུ་སྨྲ་ བས་ལན་གང་དང་གང་བཏབ་པ་དེའི་ལན་དེ་དང་དེ་སེམས་ཙམ་དུ་སྨྲ་བ་འདིའི་དམ་བཅའ་དང་མཚུངས་པར་མཐོང་བས་སེམས་ཙམ་དུ་སྨྲ་བ་འདི་སེལ་བར་བྱེད་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་འགྲེལ་པས་བསྟན་པར་བྱ་བའི་ཕྱིར། སད་པའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་ནི་དབུ་མ་པའི་ ཐལ་འགྱུར་ཡིན་ཏེ། སད་པའི་གནས་སྐབས་ན་གསུམ་ཆར་ངོ་བོ་ཉིད་ཀྱིས་སྟོང་པ་ཡིན་ཏེ། དམིགས་པ་ཡིན་པའི་ཕྱིར་རོ། །རྨི་ལམ་བཞིན་ནོ་ཞེས་དབུ་མ་པའི་བརྗོད་པ་ལ། སེམས་ཙམ་པ་ན་རེ་སད་པའི་དུས་ཀྱི་རྣམ་པར་ཤེས་པ་དོན་གྱིས་སྟོང་པ་ཡིན་ཏེ། རྨི་ལམ་གྱི་ཤེས་པ་བཞིན་དུ་ཤེས་པ་ཡིན་ པའི་ཕྱིར་དང་། དེ་བཞིན་དུ་སད་པའི་གནས་སྐབས་སུ་དམིགས་པའི་ཡུལ་ནི་བརྫུན་པའི་རང་བཞིན་ཅན་ཡིན་ཏེ། ཡུལ་ཡིན་པའི་ཕྱིར་རྨི་ལམ་གྱི་ཡུལ་བཞིན་ནོ་ཞེས་བྱ་བ་དང་། དེ་བཞིན་དུ་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་དག་ཆོས་ཅན་གཞན་གྱི་དབང་མེད་ན་ཡོད་པ་མ་ཡིན་ཏེ་ཞེས་བྱ་བ་ ནི་བསྒྲུབ་པར་བྱ་བ་ཡིན་ལ། རྟེན་མེད་པའི་ཕྱིར་ཞེས་བྱ་བ་ནི་གཏན་ཚིགས་ཡིན་ལ། རུས་སྦལ་གྱི་སྤུའི་གོས་བཞིན་ནོ་ཞེས་བྱ་བ་ནི་དཔེའོ། །དེ་བཞིན་དུ་རབ་རིབ་ཅན་གྱི་དཔེ་དག་གིས་ཀྱང་བརྗོད་པར་བྱའོ་ཞེས་བྱ་བ་ནི་སད་པའི་རྣམ་པའི་རྣམ་པར་ཤེས་པ་ནི་དོན་གྱིས་སྟོང་པ་ཡིན་ཏེ། རྣམ་པར་ཤེས་ པ་ཡིན་པའི་ཕྱིར། །རབ་རིབ་ཅན་གྱི་ཤེས་པ་བཞིན། །ཞེས་བྱ་བ་ལ་སོགས་པས་རྣམ་པར་ཤེས་པ་དོན་གྱིས་སྟོང་པར་བསྒྲུབ་པའི་ཆེད་དུ་སེམས་ཙམ་དུ་སྨྲ་བས་ལན་གང་དང་གང་བརྗོད་པའི་ལན་དེ་དང་དེ་དབུ་མ་པས་དམ་བཅའ་བ་དང་མཚུངས་པར་མཐོང་ནས་རྩོད་པ་འདི་ ཟློག་པར་བྱེད་པ་ཡིན་ཏེ། འདི་ལྟར་སྔར་བསྟན་པའི་རྣམ་པས་རྨི་ལམ་གྱི་རྣམ་པར་ཤེས་པ་ལ་དོན་གྱིས་སྟོང་པ་ཉིད་དང་། བརྫུན་པའི་ཡུལ་ཅན་དུ་མ་གྲུབ་པ་དང་། གཞན་གྱི་དབང་ཉིད་དུ་བསྒྲུབ་པར་བྱ་བ་ཡིན་པའི་ཕྱིར་དང་། རུས་སྦལ་གྱི་སྤུའི་གོས་ཀྱང་བཏགས་པའི་དངོས་པོར་ཡོད་པས་ མེད་པར་མ་གྲུབ་པའི་ཕྱིར་དང་། རབ་རིབ་ཅན་ལ་སོགས་པའི་ཤེས་པ་ཡང་སྔར། དེ་བློ་ལ་ལྟོས་གཉིས་ཀར་བདེན་པ་སྟེ། །ཞེས་གསུངས་པས་ཐམས་ཅད་ལ་ཡུལ་མེད་པར་མ་གྲུབ་པས་ལན་ཐམས་ཅད་དམ་བཅའ་བ་དང་མཚུངས་པ་ཁོ་ན་ཡིན་ནོ། །དེ་བཞིན་དུ་ལུང་གིས་གནོད་པ་ལ་སོགས་ པའི་ཉེས་པ་ཡང་སྲིད་པ་མ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པའི་སྒྲས་ནི་རྗེས་སུ་དཔག་པའི་གནོད་པ་བསྡུ་བར་བྱའོ། །ལུང་གི་གནོད་པ་མེད་པ་ཉིད་བསྟན་པར་བྱ་བའི་ཕྱིར། གང་གི་ཕྱིར་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །སྲིད་པ་གསུམ་ནི་བཏགས་པ་ཙམ། །ཞེས་བྱ་བ་ནི་ཁམས་གསུམ་པ་ཐམས་ ཅད་ཐ་སྙད་ཙམ་མོ། །ངོ་བོ་ཉིད་ཀྱི་དངོས་པོ་མེད། །ཅེས་བྱ་བ་ནི་ངོ་བོ་ཉིད་ཀྱི་སྒོ་ནས་དངོས་པོ་ཡོད་པ་མ་ཡིན་ཏེ། ངོ་བོ་ཉིད་ལ་འཇིག་པ་མེད། །ཅེས་བྱ་བ་ནི་ངོ་བོ་ཉིད་ཀྱི་སྒོ་ནས་དངོས་པོ་ཡོད་པ་མ་ཡིན་ཏེ། ངོ་བོ་ཉིད་ལ་འཇིག་པ་མེད་པའི་ཕྱིར་རོ། །བཏགས་པ་ཞེས་བྱ་བ་ལ་སོགས་པ་ནི་རེ་ཞིག་དངོས་པོ་ ནི་ཡོད་པ་མ་ཡིན་གྱི། འོན་ཀྱང་བཏགས་པ་དེ་ཉིད་ལ་རྟོག་གེ་པ་ངན་པ་དངོས་པོའི་རང་བཞིན་དུ་ཕྱིན་ཅི་ལོག་ཏུ་རྟོགས་ནས་དངོས་པོའི་རང་བཞིན་དུ་རྟོག་པར་བྱེད་དོ། །རང་བཞིན་མེད་ཅིང་ཞེས་བྱ་བ་ནི་དངོས་པོ་ལ་ཅི་འགོག་པའོ། །རྣམ་རིག་མེད་ཅེས་བྱ་བ་ནི་གཞན་དབང་གི་མཚན་ཉིད་ཅན་གྱི་རྣམ་པར་ཤེས་ པ་ལ་འགོག་པའོ། །ཀུན་གཞི་མེད་ཅིང་ཞེས་བྱ་བ་ནི་ཀུན་གཞི་རྣམ་པར་ཤེས་པ་འགོག་པའོ། །དངོས་མེད་ན་ཞེས་བྱ་བ་ནི། གཟུང་བ་དང་འཛིན་པའི་རང་བཞིན་ཅན་ཉིད་དུ་བཏགས་པ་འགོག་པའོ། །བྱིས་པ་ངན་པ་རྟོག་གེ་བ། །ཞེས་བྱ་བ་ནི་རང་བཞིན་ཕྱིན་ཅི་ལོག་ཏུ་རྟོག་པར་བྱེད་པའི་བྱིས་པ་རྣམས་ཀྱི་དངོས་ པོ་ལ་སོགས་པ་འདི་དག་བཏགས་པའོ། །དེ་ཉིད་ཀྱི་ཕྱིར་རོ་དང་འདྲ་བ་ཞེས་བྱ་བ་གསུངས་ཏེ། སྙིང་པོ་མེད་པར་སྤྱོད་པས་སྟོང་པའི་ཕྱིར་རོ། །གལ་ཏེ་སྲིད་པ་གསུམ་ནི་བཏགས་པ་ཙམ། །ངོ་བོ་ཉིད་ཀྱི་དངོས་པོ་མེད། །ཅེས་བྱ་བ་ལ་སོགས་པ་དངོས་པོ་བཀག་པ་དེ་ནི་གཞན་དབང་ལ་གཟུང་བ་དང་འཛིན་པའི་ དངོས་པོ་བཀག་པ་ལ་དགོངས་ནས་གསུངས་པའི་ཕྱིར་ལུང་དང་འགལ་བ་ཡོད་པ་མ་ཡིན་ནོ་ཞེ་ན། དེ་ལ་ལན་བསྟན་པར་བྱ་བའི་ཕྱིར། གཅིག་ལ་གཅིག་མེད་པའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཅིག་ལ་སྟེ་གཞན་དབང་ལ་གཅིག་མེད་པ་སྟེ་གཟུང་བ་དང་འཛིན་པའི་མཚན་ཉིད་ཅན་གྱི་དངོས་པོ་ མེད་པ་གང་ཡིན་པའོ། །དེ་དག་གིས་སྟོང་པ་ཉིད་ཀྱི་དངོས་པོ་མེད་པ་ཉིད་དུ་གལ་ཏེ་བརྗོད་ན་དེ་ཡང་མི་རིགས་པའོ། །དེ་ལ་ལུང་གི་སྒོ་ནས་མི་རིགས་པ་ཉིད་དུ་སྟོན་པ་ནི་བློ་གྲོས་ཆེན་པོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཐམས་ཅད་ཀྱི་ཐ་ཤལ་ཡིན་ནོ་ཞེས་བྱ་བ་ནི་ཐམས་ཅད་ཀྱི་ནང་ན་དམན་པ་སྟེ། དེས་ འཁོར་བའི་ས་བོན་དུ་གྱུར་པའི་དངོས་པོ་དང་། དངོས་པོ་མེད་པར་རྣམ་པར་རྟོག་པ་རྣམས་ལྡོག་པར་མི་འགྱུར་བས་སོ། །གཅིག་ལ་གཅིག་མེད་པའི་སྟོང་པ་ཉིད་རིགས་པ་དང་འགལ་བར་སྟོན་པ་ནི། བ་ལང་རྟ་མ་ཡིན་པའི་ཕྱིར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཅི་ལྟར་བ་ལང་རྟ་མ་ཡིན་ནོ་ཞེས་བརྗོད་ པ་ན་བ་ལང་རྟ་མ་ཡིན་པ་ཉིད་དུ་འགྲུབ་ཀྱི། བ་ལང་རྟ་མ་ཡིན་པ་ཉིད་དུ་མི་འགྱུར་ཏེ། བ་ལང་གི་ངོ་བོ་ཉིད་དུ་ནི་ཡོད་པའི་ཕྱིར་རོ། །དེ་བཞིན་དུ་གཞན་དབང་ལ་གཟུང་བ་དང་འཛིན་པ་བཀག་པས་གཞན་དབང་གི་ངོ་བོ་ཉིད་དུ་ཡོད་པས་དངོས་པོ་མེད་པ་ཉིད་དུ་ནི་མི་འགྲུབ་པོ་ཞེས་བྱ་བ་ལ་སོགས་པ་བརྗོད་པར་བྱའོ། ། ཞེས་བྱ་བ་ལ་སོགས་པའི་སྒྲས་ནི་གལ་ཏེ་རྣམ་པར་ཤེས་པའི་རང་བཞིན་འགྲུབ་པར་འགྱུར་ན་དེའི་ཚེ་གཅིག་ལ་གཅིག་མེད་པའི་སྟོང་པ་ཉིད་ཀྱིས་དངོས་པོ་རྣམས་ལ་རང་བཞིན་མེད་པ་ཉིད་རིགས་པ་ཡིན་གྱི། འོན་ཀྱང་བདག་ལས་མ་ཡིན་གཞན་ལས་མིན། །ཞེས་བྱ་བ་ལ་སོགས་པས་དངོས་པོའི་རང་བཞིན་ བཀག་པའི་ཕྱིར་གཞན་གྱི་དབང་ཡོད་པ་མ་ཡིན་པས་གཅིག་ལ་གཅིག་མེད་པའི་སྟོང་པ་ཉིད་ཀྱི་དངོས་པོ་མེད་པ་ཉིད་དུ་དེ་ཅི་ལྟར་བརྗོད་པར་བྱ་ཞེས་བརྗོད་པར་བྱའོ། །ཡང་ལུང་གི་སྒོ་ནས་མི་རིགས་པ་ཉིད་དུ་བསྟན་པར་བྱ་བའི་ཕྱིར། དེ་བཞིན་དུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་ཞེས་བྱ་བ་ནི་སྟོང་ པ་ཉིད་སྟོན་པའི་གནས་སྐབས་ལའོ། །དབང་པོ་ལ་འཇུག་པས་ཆོས་ཀྱི་དབྱིངས་ལ་འཇུག་པ་ཞེས་བྱ་བ་ནི་དབང་པོ་རྣམས་སྟོང་པ་ཉིད་དུ་རྟོགས་པའི་སྒོ་ནས་ཆོས་ཐམས་ཅད་སྟོང་པ་ཉིད་དུ་རྟོགས་པའོ། །དེ་ལ་དབང་པོ་རྣམས་ལ་འཇུག་པ་ཉིད་བསྟན་པར་བྱ་བའི་ཕྱིར། དབང་ པོ་ཉི་ཤུ་རྩ་གཉིས་ཏེ། །ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དབང་པོ་ཉི་ཤུ་རྩ་གཉིས་ཏེ། །ཞེས་བྱ་བ་ནི་མདོར་བསྟན་པའོ། །མིག་གི་དབང་པོ་དང་ཞེས་བྱ་བ་ལ་སོགས་པ་ནི་རྒྱས་པར་བསྟན་པའོ། །མིག་གི་རྣམ་པར་ཤེས་པ་ལ་སོགས་པ་ལྔའི་རྟེན་དུ་གྱུར་པ་གཟུགས་ཀྱི་རྡུལ་ཕྲ་རབ་དང་ བ་ནི་མིག་གི་དབང་པོ་ལ་སོགས་པ་ལྔར་ཤེས་པར་བྱའོ། །རྣམ་པར་ཤེས་པ་དྲུག་འགགས་པའི་དེ་མ་ཐག་པ་འདས་པའི་སྐད་ཅིག་མ་ནི་ཡིད་ཀྱི་དབང་པོ་ཡིན་ནོ། །མདོམས་ཀྱི་ཕྱོགས་ཀྱི་དབང་པོའི་ཆ་གང་ཡིན་པ་དེ་ནི་མོའི་དབང་པོ་དང་པོའི་དབང་པོའོ། །གང་དྲོད་དང་རྣམ་པར་ཤེས་པ་གནས་པའི་ རྒྱུ་དེ་ནི་སྲོག་གི་དབང་པོའོ། །རྗེས་སུ་འཛིན་པར་བྱེད་པའི་རྣམ་པར་ཤེས་པ་ལྔ་དང་མཚུངས་པར་ལྡན་པ་དང་། བསམ་གཏན་གསུམ་པ་ནས་ཡིད་ཀྱི་རྣམ་པར་ཤེས་པ་དང་མཚུངས་པར་ལྡན་པའི་ཚོར་བ་ནི་བདེ་བའི་དབང་པོའོ། །གནོད་པར་བྱེད་པ་རྣམ་པར་ཤེས་པ་ལྔ་དང་མཚུངས་པར་ལྡན་པའི་ཚོར་བ་གང་ ཡིན་པ་དེ་ནི་སྡུག་བསྔལ་གྱི་དབང་པོའོ། །བསམ་གཏན་གསུམ་པ་ལས་གཞན་པའི་འདོད་པའི་ཁམས་དང་། བསམ་གཏན་དང་པོ་དང་། གཉིས་པའི་རྗེས་སུ་མཐུན་པའི་ཡིད་ཀྱི་རྣམ་པར་ཤེས་པ་དང་མཚུངས་པར་ལྡན་པའི་ཚོར་བ་ཡིད་ཀྱི་བདེ་བའི་དབང་པོ་ཡིན་ཏེ་གཞན་ན་ཡིད་བདེ་བའི་དབང་པོ་མེད་པའི་ ཕྱིར་རོ། །ཡིད་ཀྱི་རྣམ་པར་ཤེས་པ་དང་མཚུངས་པར་ལྡན་པ་རྗེས་སུ་མི་མཐུན་པའི་ཚོར་བ་ནི་ཡིད་མི་བདེ་བའི་དབང་པོའོ། །རྣམ་པར་ཤེས་པ་ལྔ་དང་མཚུངས་པར་ལྡན་པ་དང་། ཡིད་ཀྱི་རྣམ་པར་ཤེས་པ་དང་མཚུངས་པར་ལྡན་པའི་ཚོར་བ་བདེ་བ་ཡང་མ་ཡིན་སྡུག་བསྔལ་ཡང་མ་ཡིན་པ་ནི་བཏང་སྙོམས་ཀྱི་ དབང་པོའོ། །བདེན་པ་དང་དཀོན་མཆོག་དང་ལས་དང་འབྲས་བུ་དག་ལ་ཡིད་ཆེས་པ་ནི་དད་པའི་དབང་པོའོ། །དགེ་བའི་ལས་ལ་སྤྲོ་བ་ནི་བརྩོན་འགྲུས་ཀྱི་དབང་པོའོ། །དམིགས་པ་མི་བརྗེད་པ་ནི་དྲན་པའི་དབང་པོའོ། །སེམས་རྩེ་གཅིག་པ་ནི་ཏིང་ངེ་འཛིན་གྱི་དབང་པོའོ། །ཆོས་རྣམ་པར་འབྱེད་པ་ ནི་ཤེས་རབ་ཀྱི་དབང་པོའོ། །མཐོང་བའི་ལམ་གྱི་ཡིད་དང་ཡིད་བདེ་བ་དང་སྡུག་བསྔལ་དང་བཏང་སྙོམས་ཏེ་དབང་པོ་བཞི་དང་། དད་པ་ལ་སོགས་པའི་དབང་པོ་ལྔ་ནི་མི་ཤེས་པ་ཀུན་ཤེས་པར་བྱེད་པའི་དབང་པོ་སྟེ། མཐོང་བའི་ལམ་གྱི་མི་ཤེས་པ་ཀུན་ཤེས་པ་ལ་འཇུག་པའི་ཕྱིར་དབང་པོ་དགུ་པོ་དེ་རྣམས་ བསྒོམ་པའི་ལམ་དུ་ནི་ཀུན་ཤེས་པའི་དབང་པོ་ཡིན་ཏེ། བསྒོམ་པའི་ལམ་ན་སྔར་མེད་པའི་ཤེས་པར་བྱ་བ་མེད་པས་དེ་ཉིད་ཕྲ་རྒྱས་ལྷག་མ་རྣམས་སྤང་བའི་ཆེད་དུ་ཤེས་པའི་ཕྱིར་རོ། །དབང་པོ་དགུ་པོ་དེ་རྣམས་མི་སློབ་པའི་ལམ་ལ་ཤེས་པ་དང་ལྡན་པའི་དབང་པོ་ཡིན་ཏེ། ཟད་པ་དང་མི་སྐྱེ་བ་ ཤེས་པ་ཐོབ་པའི་ཚེ་ངས་སྡུག་བསྔལ་ཤེས་སོ། །ཡང་ཤེས་པར་བྱར་མེད་དོ་ཞེས་ཁོང་དུ་ཆུད་པའི་ཕྱིར་རོ། །འདི་ནི་དབང་པོ་རྣམས་ཀྱི་རང་བཞིན་བསྟན་པའོ། །དབང་པོའི་མིང་གི་དོན་ནི་མིག་ལ་སོགས་པ་ལྔ་པོ་རྣམས་ཀྱི་རང་རང་གི་དོན་དམིགས་པ་ལ་དབང་བྱེད་པས་དབང་པོ་ཉིད་ཡིན་ནོ། །ཀུན་ ནས་ཉོན་མོངས་པ་ལ་དབང་བྱེད་པས་ན་ཚོར་བ་རྣམས་དབང་པོ་ཉིད་ཡིན་ཏེ། འདི་ལྟར་མདོ་ལས་ཚོར་བ་བདེ་བ་ལ་ནི་ཆགས་པ་སྐྱེ་བར་འགྱུར་ལ། སྡུག་བསྔལ་ལ་ནི་ཁོང་ཁྲོ་དང་སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པ་ལ་ནི་མ་རིག་པའོ་ཞེས་གསུངས་པས་སོ། །དད་པ་ལ་སོགས་ པ་ལྔ་པོ་རྣམ་པར་བྱང་བ་ལ་དབང་བྱེད་པས་ན་དབང་པོ་ཉིད་ཡིན་ཏེ། འདི་ལྟར་དེ་རྣམས་ཀྱིས་ཉོན་མོངས་པ་རྣམས་ཟིལ་གྱིས་གནོན་ཅིང་ལམ་སྐྱེད་པར་བྱེད་པས་སོ། །གོང་མ་གོང་མ་ཐོབ་པ་ལ་དབང་བྱེད་པས་ན་མི་ཤེས་པ་ཀུན་ཤེས་པར་བྱེད་པ་ལ་སོགས་པ་གསུམ་པོ་རྣམས་དབང་པོ་ཡིན་ཏེ། འདི་ལྟར་མི་ཤེས་པ་ཀུན་ཤེས་པར་བྱེད་པའི་དབང་པོ་ནི་ཀུན་ཤེས་པར་བྱེད་པའི་དབང་པོ་ཐོབ་པ་ལ་དབང་བྱེད་ལ། ཀུན་ཤེས་པར་བྱེད་པའི་དབང་པོ་ནི་ཀུན་ཤེས་པ་དང་ལྡན་པའི་དབང་པོ་ཐོབ་པ་ལ་དབང་བྱེད་པ་དང་། ཀུན་ཤེས་པ་དང་ལྡན་པའི་དབང་པོ་ནི་མྱ་ངན་ལས་འདས་པ་ཐོབ་པ་ལ་དབང་བྱེད་ པས་སོ། །རྒྱས་པར་མཛོད་དུ་ཤེས་པར་བྱའོ། །དུས་གསུམ་དུ་ཡང་མི་དམིགས་སོ་ཞེས་བྱ་བ་ནི་བདག་ལས་མ་ཡིན་པ་ཞེས་བྱ་བ་ལ་སོགས་པས་སྐྱེ་བ་མེད་པས་སོ། །དེ་ནི་མིག་མ་ལགས་སོ་ཞེས་བྱ་བ་ནི་རང་བཞིན་མེད་པས་སོ། །དབང་པོ་མ་ལགས་སོ་ཞེས་བྱ་བ་ནི་དབང་པོའི་དོན་མེད་པས་ སོ། །དེའི་ཐ་སྙད་ཅི་ལྟར་འཚལ་བར་བགྱི་ཞེས་བྱ་བ་ནི་མིག་དང་དབང་པོ་ཉིད་ཀྱི་ཐ་སྙད་དོ། །ཆང་པ་སྟོང་པ་ནི་ཞེས་བྱ་བ་ནི་ཆང་པའི་ནང་སྟོང་པའོ། །བརྫུན་པ་ཞེས་བྱ་བ་ནི་ནང་སྟོང་པས་སོ། །མ་མཆིས་པ་ཞེས་བྱ་བ་ནི་སོར་མོ་ལ་སོགས་པའི་བཀོད་པ་ཡང་མེད་པས་སོ། །མ་ མཆིས་པ་ཅིའི་ཕྱིར་ཞེ་ན། ཡང་དག་པ་མ་ལགས་པ་ཞེས་བྱ་བ་གསུངས་ཏེ། བདག་ལས་མ་ཡིན་ཞེས་བྱ་བ་ལ་སོགས་པའི་རིགས་པས་སྐྱེ་བ་མེད་པའི་ཕྱིར་རོ། །མིང་དུ་གདགས་པར་བས་ཀྱི་ཞེས་བྱ་བ་ནི་དོན་གྱིས་སྟོང་པའི་ཕྱིར་རོ། །སྟོང་པ་ཡང་མི་དམིགས་ཞེས་བྱ་བ་ནི་ཆང་པའི་སྟོང་པ་ཉིད་ཀྱང་ མི་དམིགས་པས་སོ། །ཆང་པ་ཡང་མི་དམིགས་སོ་ཞེས་བྱ་བ་ནི་སོར་མོ་ལ་སོགས་པའི་བཀོད་པའང་མི་དམིགས་པས་སོ། །དོན་ལ་སྦྱར་བར་བྱ་བའི་ཕྱིར་དེ་བཞིན་དུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཆང་པ་སྟོང་པ་ལྟར་ཞེས་བྱ་བ་ནི་མདོར་བསྟན་པའོ། །བརྫུན་ཞིང་ཞེས་བྱ་བ་ལ་སོགས་པ་ནི་ རྒྱས་པར་བསྟན་པའོ། །འདིར་འོག་མ་འོག་མས་གོང་མ་གོང་མ་བཤད་པར་བྱའོ། །བྱིས་པ་འདྲིད་པ་ཞེས་བྱ་བ་ནི་བྱིས་པ་རྣམས་སླུ་བར་བྱེད་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །ཕྱིན་ཅི་ལོག་ལ་གནས་པའི་སེམས་ཅན་རྣམས་ལ་ཞེས་བྱ་བ་ནི་བདག་དང་བདག་གིར་ཕྱིན་ཅི་ལོག་ཏུ་གནས་པའོ། །གཟུང་ བའི་སླད་དུ་ཞེས་བྱ་བ་ནི་གཞུག་པའི་ཆེད་དུ་སྟེ་སྟོང་པ་ཉིད་ལའོ། །གཞན་དུ་ན་དང་པོ་ཁོ་ནར་ཆོས་ཐམས་ཅད་སྟོང་པ་ཉིད་དུ་བསྟན་ན་སྐྲག་པར་འགྱུར་བས་སོ། །དོན་དམ་པར་ནི་མ་ལགས་སོ་ཞེས་བྱ་བ་ནི་གོ་སླའོ། །དོན་དམ་པར་མ་ལགས་པ་ཅིའི་ཕྱིར་ཞེ་ན། དེ་ལ་ལན་ནི། དབང་པོ་ནི་རང་བཞིན་དང་ བྲལ་ཞིང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དབང་པོ་ནི་རང་བཞིན་དང་བྲལ་ཞིང་དབང་པོ་ཉིད་ཀྱིས་སྟོང་པ་སྟེ་ཞེས་བྱ་བ་ནི་སྤྱིར་དགག་པའོ། །དེ་ལ་མིག་ནི་ཞེས་བྱ་བ་ལ་སོགས་པ་ནི་བྱེ་བྲག་ཏུ་འགེགས་པའོ། །འདི་ནི་དམ་བཅའ་བ་ཙམ་ཡིན་པས་རྒྱུ་མཚན་འདྲི་བ་ནི་དེ་ཅིའི་སླད་དུ་ཞེ་ན་ཞེས་བྱ་བ་གསུངས་ སོ། །དེ་ལ་ལན་བསྟན་པར་བྱ་བའི་ཕྱིར། མིག་གི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བདག་ལས་མ་ཡིན་ཞེས་བྱ་བ་ལ་སོགས་པས་མིག་གི་རང་བཞིན་བཀག་པས་སོ། །དེ་ལ་སྔར་མིག་གི་དབང་པོ་དུས་གསུམ་ཡང་མ་དམིགས་སོ་ཞེས་གང་བསྟན་པ་དེ་གསལ་བར་བྱ་བའི་ཕྱིར། ཆོས་གང་ ལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་ཡང་འོག་མ་འོག་མ་གོང་མ་གོང་མའི་བཤད་པ་ཡིན་པར་ཤེས་པར་བྱའོ། །རྨི་ལམ་ན་ཡང་དེས་དེ་དག་མ་རྙེད་ན་ཞེས་བྱ་བ་ནི་བདག་ལས་མ་ཡིན་ཞེས་བྱ་བ་ལ་སོགས་པས་སྐྱེ་བ་མེད་པར་བསྒྲུབས་པའི་ཕྱིར་རོ། །རྟེན་ཅིང་འབྲེལ་པར་འབྱུང་བ་ལ་སོགས་པ་དག་ ཅེས་བྱ་བ་ལ་སོགས་པའི་སྒྲས་ནི་བསམ་གཏན་དང་ཚད་མེད་པ་དང་གཟུགས་མེད་པ་ལ་སོགས་པ་རྣམས་བསྡུ་བར་བྱའོ། །དེ་དག་ཅེས་བྱ་བ་ནི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པ་རྣམས་ལའོ། །དེས་ན་གཅིག་ལ་གཅིག་མེད་པའི་སྟོང་པ་ཉིད་ཀྱིས་སྟོང་པ་ནི་མ་ཡིན་གྱི། འོན་ཀྱང་ངོ་བོ་ཉིད་ཀྱིས་ སྟོང་པས་སོ། །མཇུག་བསྡུ་བ་བསྟན་པར་བྱ་བའི་ཕྱིར་དེའི་ཕྱིར་སྟོན་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སེམས་ཙམ་དུ་སྨྲ་བའི་ཁྱད་པར་ནི་སྟོན་པའི་གསུང་རབ་མ་དཔྱད་པ་དག་གིས་ཞེས་བྱ་བ་གསུངས་ཏེ། སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱི་གསུང་རབ་གང་བསྟན་པ་དེའི་དགོངས་པ་ནི་ བཞེད་པ་ཡིན་ལ། དེ་གང་གིས་མ་དཔྱད་པ་དེ་ལ་དེ་སྐད་ཅེས་བྱའོ། །དེ་ཉིད་ཀྱི་ཕྱིར་ཤེས་རབ་ཀྱི་རྩལ་མེད་པར་སྦྱར་བ་ཞེས་བྱ་བ་གསུངས་ཏེ། ཡང་སེམས་ཙམ་དུ་སྨྲ་བས་ཡུལ་མེད་པའི་ཤེས་པ་སྒྲུབ་པ་ནི། འདིར་སྨྲས་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འོ་ན་གང་བླ་མའི་མན་ངག་ལས་ རྣལ་འབྱོར་པ་རྣམས་ཀྱིས་ས་གཞི་ཀེང་རུས་ཀྱིས་ཡོངས་སུ་གང་བར་མཐོང་བ་ཞེས་བྱ་བ་ནི་གང་གི་ཚེ་འདོད་ཆགས་ལ་སྤྱོད་པའི་སྐྱེས་བུ་ལ་བླ་མས་མི་སྡུག་པ་བསྒོམ་པའི་གདམས་ངག་ཕོག་པ་དེའི་ཚེ་རྣལ་འབྱོར་པ་དེ་མི་སྡུག་པ་བསྒོམ་པ་ན་རྒྱ་མཚོ་ལ་ཐུག་པའི་བར་དུ་ས་གཞི་ཀེང་རུས་ཀྱིས་ཡོངས་སུ་གང་བར་ མཐོང་གི་ཀེང་རུས་དེ་ནི་དེ་ན་ཡོད་པ་མ་ཡིན་ལ། འོན་ཀྱང་ཀེང་རུས་ཀྱི་ཡུལ་ཅན་གྱི་ཤེས་པ་ནི་སྐྱེ་བའི་ཕྱིར་ཡུལ་མེད་པའི་རྣམ་པར་ཤེས་པ་སྐྱེ་བ་ཡིན་ནོ་ཞེས་བྱ་བ་ནི་གྲུབ་པ་ཡིན་ནོ་ཞེ་ནའོ། །དེ་ལ་ལན་བསྟན་པར་བྱ་བའི་ཕྱིར། བཤད་པ་རྣལ་འབྱོར་པའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་གོ་སླའོ། །ཏིང་ངེ་ འཛིན་དེ་ནི་ལོག་པ་ཡིད་ལ་བྱེད་པར་བསྟན་པའི་ཕྱིར་རོ་ཞེས་བྱ་བ་ནི་འདིར་ཏིང་ངེ་འཛིན་ནི་རྣམ་པ་གཉིས་ཏེ། དེ་ཁོ་ན་ཉིད་ཡིད་ལ་བྱེད་པའི་རང་བཞིན་ཅན་དང་། དེ་ཁོ་ན་ཉིད་མ་ཡིན་པ་ཡིད་ལ་བྱེད་པའི་རང་བཞིན་ཅན་ནོ། །དེ་ལ་སྟོང་པ་ཉིད་བསྒོམ་པ་ལ་སོགས་པ་ནི་དེ་ཁོ་ན་ཉིད་ཡིད་ལ་བྱེད་པའི་རང་བཞིན་ཅན་ཡིན་ཏེ། དངོས་པོ་ཅི་ལྟ་བ་བཞིན་དུ་བསྒོམ་པས་སོ། །མི་སྡུག་པ་བསྒོམ་པ་ལ་སོགས་པ་ནི་དེ་ཁོ་ན་ཉིད་མ་ཡིན་པ་ཡིད་ལ་བྱེད་པ་ཡིན་པའི་རང་བཞིན་ཅན་ཏེ། དངོས་པོ་ལ་ཀེང་རུས་ལ་སོགས་པ་མེད་པས་སོ། །དེས་ནི་ཡུལ་མེད་པས་ཤེས་པ་ཡང་ཡོད་པ་མ་ཡིན་ནོ་ཞེས་བྱ་བའི་ ཐ་ཚིག་གོ། །འདི་ནི་གདོན་མི་ཟ་བར་དེ་ལྟར་ཁས་བླང་བར་བྱའོ་ཞེས་བྱ་བ་ནི་དེ་ཁོ་ན་ཉིད་མ་ཡིན་པ་ཡིད་ལ་བྱེད་པ་ཉིད་དོ། །དེ་ལྟར་མ་ཡིན་ཏེ་ཞེས་བྱ་བ་ནི་དེ་ཁོ་ན་ཉིད་ཡིད་ལ་བྱེད་པར་མ་གྱུར་ནའོ། །ཁྱོད་ཀྱི་དབང་བློའི་ཞེས་བྱ་བ་ལ་སོགས་པ་ལ། ཅི་ལྟར་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་ ལ་གཟུགས་ལ་སོགས་པའི་རྣམ་པ་སེམས་ཙམ་པ་ཁྱོད་ཀྱིས་ཡོད་པར་འདོད་པ་དེ་བཞིན་དུ་མི་སྡུག་པ་བསྒོམ་པ་ལ་ཡང་ཀེང་རུས་ཡིད་ཀྱི་ཡུལ་མ་ཡིན་པར་འགྱུར་ནའོ། །དེ་བཞིན་ཞེས་བྱ་བ་ནི་མི་སྡུག་པ་བསྒོམ་པ་བཞིན་དུའོ། །ཡུལ་དེར་བློ་གཏད་ཅེས་བྱ་བ་ནི་ཀེང་རུས་ལ་སོགས་པའི་ཡུལ་ལ་ཡིད་ གཏད་པ་ལའོ། །ཅིག་ཤོས་ཀྱི་ཞེས་བྱ་བ་ནི་མི་སྡུག་པ་བསྒོམ་པར་མི་བྱེད་པ་རྣམས་ཀྱིས་ཀྱང་ངོ་། །རྟོགས་འགྱུར་ཞེས་བྱ་བ་ནི་ཀེང་རུས་རྟོགས་པར་འགྱུར་བའོ། །དེ་ནི་བརྫུན་པར་ཡང་མི་འགྱུར་ཞེས་བྱ་བ་ནི་ཏིང་ངེ་འཛིན་དེ་ཁོ་ན་ཉིད་མ་ཡིན་པ་ཡིད་ལ་བྱེད་པ་མ་ཡིན་པར་མི་འགྱུར་རོ་ཞེས་པའོ། །དེ་ འགྲེལ་པས་བསྟན་པར་བྱ་བའི་ཕྱིར། ཇི་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེའི་རྣམ་པ་ཅན་གྱི་ཤེས་པ་སྐྱེ་བ་ཞེས་བྱ་བ་ནི་ཀེང་རུས་ཀྱི་རྣམ་པ་ཅན་གྱི་ཤེས་པའོ། །སྔོན་པོ་ལ་སོགས་པའི་རྣམ་པར་ཤེས་པ་བཞིན་ནོ་ཞེས་བྱ་བ་ནི་ཟློས་གར་གྱི་ལྟད་མོ་ལ་སོགས་པ་ལ་ལྟ་བ་ན་སྔོན་པོ་ལ་ སོགས་པའི་རྣམ་པར་ཤེས་པ་ཐུན་མོང་དུ་སྐྱེ་བ་དེ་བཞིན་དུ་རྣལ་འབྱོར་པ་མ་ཡིན་པ་རྣམས་ལ་ཡང་ཀེང་རུས་ཀྱི་རྣམ་པ་ཅན་གྱི་ཤེས་པ་སྐྱེ་བར་འགྱུར་རོ་ཞེས་པའོ། །ཏིང་ངེ་འཛིན་དེ་ཁོ་ན་ཉིད་མ་ཡིན་པ་ཡིད་ལ་བྱེད་པར་ཡང་མི་འགྱུར་རོ་ཞེས་བྱ་བ་ནི་ཐམས་ཅད་ཀྱིས་ཀེང་རུས་ཀྱི་རྣམ་པར་རྟོག་པ་ཡིན་པས་ སོ། །དེ་བཞིན་དུ་གཞན་ལ་ཡུལ་མེད་པའི་བློ་ཡོད་པ་མ་ཡིན་ནོ་ཞེས་བསྟན་པར་བྱ་བའི་ཕྱིར། དེ་བཞིན་དུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་བཞིན་དུ་ཆུ་འབབ་པའི་ཀླུང་ལ་ཡི་དགས་རྣམས་རྣག་གི་བློ་འབྱུང་བ་གང་ཡིན་པ་དེ་ནི་རབ་རིབ་ཅན་ལ་སྐྲ་ཤད་སྣང་བ་དང་མཚུངས་པར་ཤེས་པར་བྱའོ། ། རབ་རིབ་ཅན་དང་མཚུངས་པ་ཉིད་སྟོན་པ་ནི། རབ་རིབ་མཐུ་ལས་སྐྲ་ཤད་གང་མཐོང་བ། །ཞེས་བྱ་བ་ལ་སོགས་པ་གང་བཤད་པ་ཞེས་བྱ་བ་ལ་སོགས་པའི་སྒྲས་ནི། དབང་པོ་རབ་རིབ་བཅས་པའི་བློ་གང་གིས། །རབ་རིབ་མཐུ་ལས་སྐྲ་རྣམས་གང་མཐོང་བ། །དེ་བློ་ལ་ལྟོས་གཉིས་ཀར་བདེན་པ་ སྟེ། །ཞེས་བྱ་བ་སྔར་བཞིན་གསུངས་པ་བསྡུ་བར་བྱའོ། །དེ་ལྟ་བུའི་རིགས་ཅན་ཞེས་བྱ་བ་ནི་རབ་རིབ་ཅན་གྱི་བློའི་རིགས་ཅན་ནོ། །གཞན་ཡང་ཞེས་བྱ་བ་ནི་ཡི་དགས་ཀྱིས་རྣག་གི་བློ་ལ་སོགས་པའོ། །འདིའི་དོན་ནི་འཁྲུལ་པའི་ཤེས་པ་ཐམས་ཅད་ལ་ཡུལ་མེད་པས་གསུམ་ཆར་ཡང་མ་ སྐྱེས་པ་ཡིན་ལ། འཁྲུལ་པའི་ཤེས་པས་ངེས་པའི་དབང་དུ་བྱས་ནས་ནི་གསུམ་ཆར་ཡང་བདེན་པ་ཡིན་ལ། འཁྲུལ་པ་མེད་པའི་ཤེས་པ་ལ་ལྟོས་ནས་ནི་གསུམ་ཆར་ཡང་བདེན་པ་མ་ཡིན་ནོ་ཞེས་པའོ། །སྤྲོས་པས་ཆོག་གོ་ཞེས་བྱ་བ་ནི་ཡུལ་མེད་པའི་ཤེས་པ་ཡོད་པ་ཉིད་དུ་བསྒྲུབ་པ་དང་དེ་ འགེགས་པར་བྱེད་པའི་སྤྲོས་པས་ཆོག་གོ་ཞེས་བྱ་བའོ། །དོན་མདོར་བསྡུས་ཏེ་བསྟན་པར་བྱ་བའི་ཕྱིར། མདོར་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མདོར་ན་ཅི་ལྟར་ཤེས་བྱ་མེད་པ་དེ་བཞིན་དུ་དེ་ལ་དམིགས་པའི་བློ་ཡང་ཡོད་པ་མ་ཡིན་ནོ་ཞེས་བྱ་བའི་དོན་འདི་ཤེས་པར་གྱིས་ཤིག་ཅེས་པའོ། ། དེ་འགྲེལ་པས་བསྟན་པར་བྱ་བའི་ཕྱིར། ཤེས་བྱ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཤེས་བྱའི་རྣམ་པ་ཅན་གྱི་བློ་ཡང་ཞེས་བྱ་བ་ནི་ཤེས་བྱ་རྣམས་འདི་ལྟ་བུ་ཡིན་ནོ་ཞེས་དཔྱོད་པས་ན་ཤེས་བྱ་རྣམ་པ་ཅན་གྱི་བློ་ཞེས་བྱའོ། །རང་གི་བདག་ཉིད་ཀྱིས་མ་སྐྱེས་པར་ཞེས་བྱ་བ་ནི་ཤེས་བྱ་རང་བཞིན་མེད་ པ་ཉིད་ཀྱི་ཕྱིར་ཤེས་བྱ་ཡང་མ་སྐྱེས་པས་སོ། །ཇི་སྐད་དུ་ཞེས་བྱ་བ་ལ་སོགས་པ་ནི་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་བསྟོད་པ་ལས་ཏེ། མ་ཤེས་པ་ནི་ཤེས་བྱ་མིན། །ཞེས་བྱ་བ་ནི་གང་ཤེས་པས་ཡུལ་དུ་མ་བྱས་པ་དེ་ཤེས་པར་བྱ་བ་མ་ཡིན། དེས་ན་ཤེས་པ་ལ་ལྟོས་ནས་ཤེས་པར་བྱ་བར་འགྱུར་ རོ། །དེ་མེད་རྣམ་པར་ཤེས་མེད་པ། །ཞེས་བྱ་བ་ནི་ཤེས་བྱ་མེད་ན་ཤེས་པ་ཡོད་པར་མི་འགྱུར་ལ། དེས་ན་ཤེས་བྱ་ལ་ལྟོས་ནས་ཤེས་པ་ཡོད་པར་འགྱུར་བའོ། །དེའི་ཕྱིར་ཕན་ཚུན་ལྟོས་པ་ཡིན་པས་རིང་པོ་དང་ཐུང་ངུ་དག་བཞིན་དུ་ཤེས་པ་དང་ཤེས་བྱ་དག་ཀྱང་རང་བཞིན་ཡོད་པ་མ་ཡིན་ནོ་ཞེས་ བཅོམ་ལྡན་འདས་ཁྱེད་ཀྱིས་གསུངས་པ་ཡིན་ནོ་ཞེས་པའོ། །དེ་བཞིན་དུ་ཞེས་བྱ་བ་ལ་སོགས་པ་ལ། ཉི་མའི་གཉེན་གྱིས་ཞེས་བྱ་བ་ནི་ཉི་མའི་རིགས་ལས་འཁྲུངས་པའི་ཕྱིར་སངས་རྒྱས་བཅོམ་ལྡན་འདས་ནི་ཉི་མའི་གཉེན་ཡིན་ལ། ཁྱེད་ཀྱིས་ཀྱང་བདག་ལས་མ་ཡིན་ ཞེས་བྱ་བ་ལ་སོགས་པས་རྣམ་པར་ཤེས་པ་དོན་དམ་པར་མ་གྲུབ་པས་རྣམ་པར་ཤེས་པ་སྒྱུ་མ་དང་འདྲ་བར་གསུངས་པའོ། །རྣམ་པར་ཤེས་པ་དེའི་དམིགས་པའི་ཡུལ་ཡང་རྣམ་པར་ཤེས་པ་བཞིན་དུ་ངེས་པར་སྒྱུ་མའི་དངོས་པོ་དང་འདྲ་བ་ཡིན་ཏེ། གང་གི་ཕྱིར་དམིགས་པ་ནི་ཤེས་པས་དམིགས་ པར་བྱ་བ་ཉིད་ཡིན་ལ། དེས་ན་དམིགས་པ་ནི་ཤེས་པ་ལ་ལྟོས་པས་རང་བཞིན་གྱིས་མ་གྲུབ་པས་སྒྱུ་མའི་དངོས་པོ་དང་འདྲ་བའོ། །ད་ནི་སེམས་ཙམ་པ་ལ་ཅོ་འདྲི་བའི་སྒོ་ནས་མཇུག་བསྡུ་བ་སྟོན་པ་ནི། དེའི་ཕྱིར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཕྱི་རོལ་གྱི་ཡུལ་ལ་སྐུར་པ་འདེབས་པ་ཞེས་བྱ་ བ་ནི། ཕྱི་རོལ་གྱི་ཡུལ་མེད་པར་རྣམ་པར་ཤེས་པ་ཙམ་ཁས་ལེན་པས་སོ། །རྣམ་པར་ཤེས་པ་རྫས་སུ་སྨྲ་བའི་བརྗེད་བྱེད་ཀྱི་གདོན་གྱིས་བཟུང་བ་ཞེས་བྱ་བ་ནི་རྣམ་པར་ཤེས་པ་དོན་དམ་པར་ཡོད་པ་ཡིན་ནོ་ཞེས་གང་སྨྲ་བ་དེ་ནི་བརྗེད་བྱེད་ཀྱི་གདོན་ཡིན་ཏེ། རིགས་པའི་དྲན་པ་ཉམས་ པར་བྱེད་པས་སོ། །དེས་གཟུང་བ་ནི་དེའི་དབང་དུ་གྱུར་པས་སོ། །དེ་ལྟ་བུའི་སེམས་ཙམ་དུ་སྨྲ་བ་དེ་ནི་དམ་པའི་སྙིང་རྗེ་དང་ལྡན་པ་རྣམས་ཀྱིས་ཅི་ལྟར་དངོས་པོ་ཞེན་པའི་མཚན་ཉིད་ཅན་གྱི་གཡང་སར་མི་ལྷུང་བ་དེ་ལྟར་ཤིན་ཏུ་དམ་པར་གཟུང་བར་བྱའོ། །ཅི་ལྟར་གཟུང་བར་བྱ་ཞེ་ན། ལུང་དང་ རིགས་པའི་གསང་སྔགས་བཟང་པོ་བཏབ་པས་ཞེས་བྱ་བ་གསུངས་ཏེ། ལུང་དང་རིགས་པ་ཉིད་སྔགས་བཟང་པོ་ཡིན་ལ་དེ་བཏབ་པས་སོ། །འདིའི་དོན་ནི་ཅི་ལྟར་བརྗེད་བྱེད་ཀྱི་གདོན་གྱིས་གཟུང་བ་ལ་སྔགས་བཏབ་པས་ཞི་བའི་སྒོ་ནས་གཡང་སར་ལྷུང་བ་ལས་འཛིན་པ་ཡིན་ལ། དེ་བཞིན་དུ་ སེམས་ཙམ་དུ་སྨྲ་བ་འདི་ཡང་ལུང་དང་རིགས་པའི་གསང་སྔགས་བཟང་པོ་བཏབ་པས་དམ་དུ་གཟུང་བར་བྱ་བའོ་ཞེས་པའོ། །ད་ནི་གཞན་གྱི་དབང་ཡོད་པ་ཉིད་གང་བསྟན་པ་དེ་ཡང་དགག་པར་བྱ་བའི་ཕྱིར། དེའི་ཕྱིར་དེ་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཉིས་ཀྱིས་སྟོང་པའི་ཕྱིར་ཞེས་བྱ་བ་ནི་ གཟུང་བ་དང་འཛིན་པ་དག་གིས་སྟོང་པའོ། །འདི་ནི་ཡོད་པར་གང་གིས་ཤེས་པར་འགྱུར། །ཞེས་བྱ་བ་ནི་གཞན་གྱི་དབང་འདི་ཡོད་པར་ཤེས་པར་འགྱུར་ཞེས་པའོ། །གལ་ཏེ་ཤེས་པས་མ་ཤེས་ཀྱང་གྲུབ་པ་ཡིན་ནོ་ཞེ་ན། ལན་ནི་མ་བཟུང་བར་ཡོད་ཅེས་བྱར་མི་རུང་ཞེས་བྱ་བ་གསུངས་ཏེ། གང་གིས་ཀྱང་ མ་ཤེས་པ་དེ་ཡོད་པ་ཡིན་ནོ་ཞེས་ཇི་ལྟར་འགྲུབ། དེ་འགྲེལ་པས་བསྟན་པར་བྱ་བའི་ཕྱིར། གལ་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རང་གི་བདག་ཉིད་ལ་བྱེད་པ་འགལ་བའི་ཕྱིར་རོ་ཞེས་བྱ་བ་ནི་རང་ལ་གང་གིས་བྱ་བ་བྱེད་པར་མི་རིགས་པའི་ཕྱིར་རོ། །དེ་ལ་དཔེ་བསྟན་པར་བྱ་བའི་ཕྱིར། འདི་ ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ནི་ཤེས་པ་གཞན་གྱིས་འཛིན་པ་ཡང་མ་ཡིན་ཏེ་ཞེས་བྱ་བ་ནི་གཞན་གྱི་དབང་འདི་ནི་རྣམ་པར་ཤེས་པ་གཞན་གྱིས་འཛིན་པ་ཉིད་དུ་ཡང་མི་རིགས་པའོ། །རང་གི་གྲུབ་པའི་མཐའ་དང་འགལ་བའི་ཕྱིར་ཏེ་ཞེས་བྱ་བ་འདི་བཤད་པ་ནི་གལ་ཏེ་ཞེས་བྱ་བ་ལ་སོགས་ པའོ། །གལ་ཏེ་ཤེས་པ་གཞན་གྱི་ཤེས་པ་གཞན་ཡུལ་དུ་བྱེད་ན་ཡུལ་གྱིས་སྟོང་པའི་རྣམ་པར་རིག་པ་ཙམ་ཡིན་ནོ་ཞེས་བྱ་བའི་རང་གི་གྲུབ་པའི་མཐའ་གང་ཡིན་པ་དེ་ཉམས་པར་འགྱུར་ཏེ། ཤེས་པ་གཅིག་ལ་ཤེས་པ་གཞན་ཡུལ་ཉིད་དུ་ཡོད་པས་སོ། །ཇི་ལྟར་ཤེས་པའི་ཡུལ་ཤེས་པ་གཞན་ཡིན་ པ་དེ་བཞིན་དུ་ཕྱི་རོལ་གྱི་དོན་ཡང་ཡིན་པར་འགྱུར་བས་རང་གི་གྲུབ་པའི་མཐའ་དང་འགལ་བ་ཡིན་ནོ། །དེ་ལ་ཤེས་པ་ལ་འཛིན་པ་ཡོད་པ་ཉིད་དུ་བསྒྲུབ་པ་ནི། འདིར་སྨྲས་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གལ་ཏེ་ཡང་ཤེས་པ་གཞན་གྱིས་ཤེས་པ་གཞན་འཛིན་པ་ཡོད་པ་མ་ཡིན་མོད་ཀྱི། འོན་ཀྱང་ ངོ་བོ་ཉིད་ཀྱིས་རང་རིག་པ་ཡིན་པས་གཞན་དབང་གྲུབ་པར་འགྱུར་རོ་ཞེས་པའོ། །དེ་ལ་ལན་བསྟན་པར་བྱ་བའི་ཕྱིར། དེ་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ཡང་ཞེས་བྱ་བ་ནི་རང་རིག་པ་ཁོ་ནས་འཛིན་པ་ཉིད་དོ། །དེ་ཉིད་ཀྱིས་ཞེས་བྱ་བ་ནི་གཞན་དབང་གི་ངོ་བོས་སོ། །དེ་ཞེས་བྱ་བ་ནི་ གཞན་དབང་ངོ་། །མ་གྲུབ་པ་ཡིན་ཞེས་བྱ་བ་ནི་གང་གི་ཕྱིར་རང་རིག་ནི་རང་གི་ངོ་བོ་རང་ཉམས་སུ་མྱོང་བ་ལ། དེ་ཡང་གཅིག་ཉིད་ལ་བྱེད་པ་དང་བྱ་བ་མི་འཐད་པས་རིགས་པ་མ་ཡིན་ནོ། །དེ་འགྲེལ་པས་བསྟན་པར་བྱ་བའི་ཕྱིར། དེ་ཉིད་ཀྱི་ཕྱིར་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལ་གཞན་ དག་གི་ཕྱོགས་སྔ་མ་བསྟན་པར་བྱ་བའི་ཕྱིར། འདིར་ཁ་ཅིག་གིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རང་གི་བདག་ཉིད་ཅེས་བྱ་བ་ནི་མེའི་བདག་ཉིད་དོ། །འོད་འཇུག་པས་ཞེས་བྱ་བ་ནི་མེའི་འོད་ཟེར་རྣམས་འཇུག་པའི་སྒོ་ནས་སོ། །སྒྲས་ཀྱང་ཞེས་བྱ་བ་ནི་བུམ་ པའི་སྒྲ་སྐྱེས་པ་ཉིད་ན་བུམ་པའི་སྒྲ་ལ་དམིགས་པའི་ཤེས་པ་སྐྱེ་བར་བྱེད་པ་དང་། བུམ་པའི་དོན་ལ་དམིགས་པའི་ཤེས་པ་སྐྱེ་བར་བྱེད་པ་དེ་བཞིན་དུའོ། །དེ་ལྟར་དཔེ་བསྟན་ནས། དོན་བསྟན་པར་བྱ་བའི་ཕྱིར། རྣམ་པར་ཤེས་པ་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རང་གི་ བདག་ཉིད་ཅེས་བྱ་བ་ནི་ཤེས་པའི་བདག་ཉིད་དོ། །གལ་ཏེ་རང་རིག་མི་འདོད་ན་མེ་ཡང་རང་གིས་བདག་ཉིད་གསལ་བ་ཉིད་ཅིའི་ཕྱིར་འདོད། དེའི་ཕྱིར་ཞེས་བྱ་བ་ལ་སོགས་པ་ནི་མཇུག་བསྡུ་བའོ། །དེ་ལྟར་དཔེའི་སྒོ་ནས་རང་རིག་གྲུབ་པར་བསྟན་ནས། དྲན་པའི་མཚན་ཉིད་ཅན་གྱི་འབྲས་བུའི་རྟགས་ཀྱི་ སྒོ་ནས་རང་རིག་བསྒྲུབ་པར་བྱ་བའི་ཕྱིར། གང་ཞིག་མི་འདོད་པ་དེས་ཀྱང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཞན་དུ་ན་ཞེས་བྱ་བ་ནི་གལ་ཏེ་རང་རིག་ཁས་མི་ལེན་ནའོ། །མཐོང་ངོ་ཞེས་དུས་ཕྱིས་འབྱུང་བའི་དྲན་པས་ཡུལ་དྲན་པ་ཉིད་དུ་མི་འགྱུར་ཏེ་ཞེས་བྱ་བ་ནི་བསྟན་པ་ཡིན་ལ། དེའི་བཤད་ པ་ནི་ངས་མཐོང་ངོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འདིའི་དོན་ནི་མཐོང་ངོ་ཞེས་མཐོང་བས་ཁྱད་པར་དུ་བྱས་པའི་ཡུལ་དྲན་པ་ཡིན་ལ། དྲན་པ་ཡང་ཉམས་སུ་མྱོང་བ་དྲན་པ་ཡིན་གྱི། ཉམས་སུ་མྱོང་བ་ནི་མ་ཡིན་ནོ། །དེས་ན་མཐོང་བ་ལ་ཡང་ཉམས་སུ་མྱོང་བས་གྲུབ་པས་རང་རིག་གྲུབ་ པ་ཡིན་ནོ་ཞེས་པའོ། །དེ་ཉིད་ཀྱི་རྒྱུ་མཚན་བསྟན་པར་བྱ་བའི་ཕྱིར། ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དབུ་མ་པའི་ལུགས་ལྟར་ན། ཤེས་པ་ལ་སྒྲུབ་བྱེད་མེད་པ་ཉིད་དུ་བསྟན་པར་བྱ་བའི་ཕྱིར། རང་རིག་པ་མེད་པའི་ཕྱིར་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདིར་ཤེས་པ་ཉམས་སུ་མྱོང་བར་འདོད་ན། ཤེས་པ་རང་གིས་སམ་འོན་ཏེ་ཤེས་པ་གཞན་གྱིས། དེ་ལ་རེ་ཞིག་རང་རིག་གིས་ནི་མ་ཡིན་ཏེ། ཁྱོད་ཀྱི་ཕྱོགས་ལ་རང་རིག་མེད་པའི་ཕྱིར་རོ། །ཤེས་པ་གཞན་གྱིས་ཉམས་སུ་མྱོང་བས་སུན་འབྱིན་པ་ནི་ཤེས་པ་གཞན་གྱིས་ཞེས་བྱ་བ་ལ་སོགས་པ་ གསུངས་སོ། །དེ་ལ་རྒྱུ་མཚན་བསྟན་པར་བྱ་བའི་ཕྱིར། ཤེས་པ་གཞན་གྱིས་ཉམས་སུ་མྱོང་ན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཐུག་པ་མེད་པར་ཐལ་བར་འགྱུར་རོ་ཞེས་བྱ་བ་ནི་སྔོན་པོའི་ཤེས་པའི་སྐད་ཅིག་མ་དང་པོ་གཞན་གྱིས་ཉམས་སུ་མྱོང་ན་དེ་ཡང་གཞན་གྱི་ཡིན་པས་ཐུག་པ་མེད་ པར་ཐལ་བར་འགྱུར་རོ། །དེ་ཉིད་རྒྱས་པར་བསྟན་པར་བྱ་བའི་ཕྱིར། འདི་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཤེས་པ་གཞན་གྱིས་ཉམས་སུ་མྱོང་བ་ལ་ཐུག་པ་མེད་པར་འགྱུར་བའི་སྐྱོན་བརྗོད་ནས་སྐྱོན་གཞན་བསྟན་པར་བྱ་བའི་ཕྱིར། ཤེས་པ་ཡུལ་གཞན་ཞེས་བྱ་བ་གསུངས་ཏེ། ཐལ་བར་འགྱུར་རོ་ཞེས་ཚིག་སྔ་མ་དང་སྦྱར་བར་བྱ་སྟེ། སྔོན་པོ་ལ་ལྟོས་པའི་ཡུལ་གཞན་སེར་པོ་ལ་སོགས་པ་ཡོངས་སུ་མི་གཅོད་པར་ཐལ་བར་འགྱུར་བའོ། །དེའི་རྒྱུ་མཚན་བསྟན་པར་བྱ་བའི་ཕྱིར། རྣམ་པར་ཤེས་པའི་རྒྱུན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྔོན་པོའི་ཤེས་པ་སྐད་ ཅིག་མ་དང་པོའི་ཡུལ་སྔོན་པོ་ཉིད་ཡིན་པ་ལ། ཤེས་པའི་སྐད་ཅིག་མ་གཞན་རྣམས་ཀྱི་ཡུལ་ནི་ཤེས་པ་སྔ་མ་སྔ་མ་ཡིན་པས་སོ། །གལ་ཏེ་ཤེས་པ་གཉིས་ཅིག་ཅར་སྐྱེ་ཞིང་དེ་ལ་ཤེས་པ་གཅིག་གིས་ཡུལ་གཞན་ཡོངས་སུ་གཅོད་པར་བྱེད་ལ། གཉིས་པས་ཤེས་པ་ཡོངས་སུ་གཅོད་ པར་བྱེད་པ་ཡིན་ནོ་ཞེ་ན། དེ་ལ་ལན་བསྟན་པར་བྱ་བའི་ཕྱིར། སེམས་ཅན་རྣམས་རྣམ་པར་ཤེས་པའི་རྒྱུད་གཅིག་ཡིན་པའི་ཕྱིར་ཞེས་བྱ་བ་གསུངས་ཏེ། གང་གི་ཕྱིར་སེམས་ཅན་རྣམས་རྣམ་པར་ཤེས་པའི་རྒྱུད་གཅིག་ཉིད་ཡིན་པའི་ཕྱིར་ཅིག་ཅར་ཤེས་པ་གཉིས་སྐྱེ་བར་མི་འགྱུར་བའོ། །གལ་ཏེ་ གར་མཁན་གྱི་ཁང་པ་ལ་སོགས་པར་ཞུགས་པའི་ཚེ་ཤེས་པ་ཅིག་ཅར་དུ་སྐྱེ་བ་མཐོང་བ་ཡིན་ཏེ། འདི་ལྟར་དེར་ཞུགས་པའི་དེ་མ་ཐག་ཏུ་གར་མཁན་གྱི་གདོང་ལ་དམིགས་པའི་མིག་གི་རྣམ་པར་ཤེས་པ་དང་། གླིང་བུ་ལ་སོགས་པའི་སྒྲ་ལ་དམིགས་པའི་རྣ་བའི་རྣམ་པར་ཤེས་པ་དང་། ག་པུར་ལ་ སོགས་པའི་དྲི་ལ་དམིགས་པའི་སྣའི་རྣམ་པར་ཤེས་པ་དང་། སོ་རྩི་ལ་སོགས་པའི་རོ་མྱོང་བའི་དམིགས་པ་ལྕེའི་རྣམ་པར་ཤེས་པ་དང་། གོས་ལ་སོགས་པ་ལ་རེག་པས་ལུས་ཀྱི་རྣམ་པར་ཤེས་པ་ཉམས་སུ་མྱོང་བའི་ཕྱིར་ཅི་ལྟར་ཅིག་ཅར་དུ་ཤེས་པ་མི་སྐྱེ་ཞེ་ན། དེ་ལ་ལན་བསྟན་པར་བྱ་བའི་ཕྱིར། རྣམ་ པར་ཤེས་པ་ཨུཏྤ་ལའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་རྣམ་པར་ཤེས་པ་རིམ་གྱིས་འབྱུང་བ་རྣམས་ཅིག་ཅར་དུ་འཇུག་པ་ལྟ་བུར་མངོན་པ་ཡིན་ནོ་ཞེས་ཚིག་སྦྱར་བར་བྱའོ། །ཅིའི་ཕྱིར་ཞེ་ན། འཇུག་པ་མྱུར་བས་ཞེས་བྱ་བ་གསུངས་ཏེ། གང་གི་ཕྱིར་རྣམ་པར་ཤེས་པ་རྣམས་ མྱུར་དུ་འཇུག་པ་དེའི་ཕྱིར་རོ། །ཅི་ལྟ་བུ་ཞེ་ན། ཨུཏྤ་ལའི་འདབ་མ་བརྒྱ་འབིགས་པ་ལྟར་ཞེས་བྱ་བ་གསུངས་ཏེ། ཅི་ལྟར་ཁབ་ཀྱིས་ཨུཏྤ་ལའི་འདབ་མ་བརྒྱ་འབིགས་པ་ལྟར་དེ་ལ་ཁབ་ཀྱིས་རིམ་གྱིས་འབིགས་སུ་ཟིན་ཀྱང་ཅིག་ཅར་འབིགས་པ་བཞིན་དུ་འདིར་ཡང་ཤེས་པ་རྣམས་ཅིག་ཅར་དུ་ འཇུག་པ་ལྟ་བུར་མངོན་པ་ཡིན་གྱི། ཤེས་པ་རྣམས་ཅིག་ཅར་དུ་འཇུག་པ་ནི་མ་ཡིན་ནོ། །དེས་ན་ཤེས་པ་གཞན་གྱིས་ཉམས་སུ་མྱོང་བ་མི་རིགས་པའོ། །ཉམས་སུ་མྱོང་བ་ཉིད་ཀྱང་མི་རིགས་ཏེ། དྲན་པ་མེད་པར་ཐལ་བར་འགྱུར་བས་སོ། །དེས་ན་རང་རིག་ཁས་བླང་བར་བྱ་དགོས་སོ་ཞེས་ བསྟན་པར་བྱ་བའི་ཕྱིར། དེའི་ཕྱིར་ཐུག་པ་མེད་པའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེའི་ཕྱིར་ཞེས་བྱ་བ་ནི་ཤེས་པ་ཅིག་ཅར་དུ་མི་འཇུག་པ་དེའི་ཕྱིར་རོ། །དེ་ལྟར་ན་ནི་ཞེས་བྱ་བ་ནི་རང་རིག་ཁས་བླངས་ནས་སོ། །གཉིས་ཀའི་ཡུལ་ཅན་གྱི་ཞེས་བྱ་བ་ནི་ཤེས་པ་དང་ཤེས་བྱ་དག་གིའོ། །གཉིས་ ཀའི་ཡུལ་ཅན་གྱི་དྲན་པའི་རྣམ་པ་སྟོན་པ་ནི། ངས་མཐོང་ངོ་སྙམ་དུ་ཞེས་བྱའོ། །དེ་ཉིད་རྒྱས་པར་བསྟན་པར་བྱ་བའི་ཕྱིར། ཤེས་པའི་རང་བཞིན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེའི་ཡུལ་ཅན་གྱི་ཞེས་བྱ་བ་ནི་ཤེས་པའི་རང་བཞིན་གྱི་ཡུལ་ཅན་གྱིའོ། །མཇུག་བསྡུ་བ་བསྟན་པར་བྱ་བའི་ ཕྱིར། དེའི་ཕྱིར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ངས་མཐོང་ངོ་སྙམ་དུ་དུས་ཕྱིས་དྲན་པའི་ཤེས་པ་སྐྱེ་བ་ལས་ཉམས་སུ་མྱོང་བའི་ཤེས་པ་སྐྱེས་སོ་ཞེས་ངེས་པ་ཡིན་ནོ། །ཉམས་སུ་མྱོང་བའི་ཤེས་པ་ཡང་ཅི་ལྟ་བུ་ཞེ་ན། རང་གི་བདག་ཉིད་དང་ཡུལ་གྱི་བདག་ཉིད་མྱོང་ཞེས་བྱ་བ་གསུངས་ཏེ། རང་ དང་གཞན་ཉམས་སུ་མྱོང་བའི་རང་བཞིན་ཅན་གང་ཡིན་པའོ། །ཁྱད་པར་གཞན་ཡང་ཇི་ལྟ་བུ་ཞེ་ན། གང་ལ་དུས་ཕྱིས་གཉིས་ཀའི་ཡུལ་ཅན་གྱི་དྲན་པ་སྐྱེ་བ་ཞེས་བྱ་བ་གསུངས་ཏེ། རང་གི་བདག་ཉིད་དང་གཞན་གྱི་བདག་ཉིད་ཉམས་སུ་མྱོང་བའི་ཤེས་པ་གང་ལས་རང་གི་བདག་ཉིད་དང་གཞན་གྱི་ ཡུལ་ཅན་གྱི་དྲན་པ་སྐྱེ་བ་གང་ཡིན་པ་ཞེས་པའོ། །རང་ཉམས་སུ་མྱོང་བ་ཡོད་ན་ཞེས་བྱ་བ་ནི་རང་རིག་ཡོད་པར་གྱུར་ནའོ། །གཞན་གྱི་དབང་ཡོད་པ་ཡིན་པས་ཞེས་བྱ་བ་ནི་རང་རིག་གི་སྒོ་ནས་གཞན་དབང་གྲུབ་པས་སོ། །འདི་ཉེ་བར་བསྟན་པ་ཡིན་ནོ་ཞེས་བྱ་བ་ནི་གཞན་དབང་གིས་ཡོད་པར་རྟོགས་པ་དེ་རང་ རིག་ཡིན་ནོ་ཞེས་བསྟན་པ་ཡིན་ནོ་དེ་ལ་ལན་བསྟན་པར་བྱ་བའི་ཕྱིར། དེ་ཡང་རིགས་པ་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ཡང་རིགས་པ་མ་ཡིན་ནོ་ཞེས་བྱ་བ་ནི་རང་རིག་གིས་གཞན་དབང་ཡོད་པ་ཉིད་དུ་མི་རིགས་སོ་ཞེས་བྱ་བའི་དོན་ཏོ། །མི་རིགས་པ་ཉིད་བསྟན་པར་བྱ་བའི་ཕྱིར། དེ་ཉིད་ཀྱིས་དེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རང་རིག་གིས་གཞན་དབང་ཡོད་པར་གྲུབ་པ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །གཞན་གྱི་དོགས་པ་བསུ་བར་བྱ་བའི་ཕྱིར། གལ་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གལ་ཏེ་ཕྱིས་བྱུང་བའི་དྲན་པས་རང་གི་གྲུབ་པ་ཡིན་ནོ་སྙམ་དུ་སེམས་ ན། དེ་ལ་ལན་བསྟན་པར་བྱ་བའི་ཕྱིར། མ་གྲུབ་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་རེ་ཞིག་རང་ལས་མ་ཡིན་ཞེས་བྱ་བ་ལ་སོགས་པའི་རིགས་པས་རང་རིག་དང་དྲན་པ་དག་མ་གྲུབ་པས་རང་རིག་བསྒྲུབ་པའི་དོན་དུ་མ་གྲུབ་པའི་དྲན་པ་སྒྲུབ་བྱེད་དུ་འགོད་པ་རིགས་པ་མ་ཡིན་ནོ་ཞེས་པའོ། །འཇིག་ རྟེན་པའི་ཐ་སྙད་དུ་ཡང་རང་རིག་ལ་བྱ་བ་བྱེད་པ་འགལ་བས་རང་རིག་མ་གྲུབ་པའི་ཕྱིར་མ་གྲུབ་པའི་རང་གི་རྒྱུ་མཚན་ཅན་དུ་དྲན་པ་ཡང་མ་གྲུབ་པས་དྲན་པས་རང་རིག་འགྲུབ་པར་འགྱུར་བ་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་འགྲེལ་པས་བསྟན་པར་བྱ་བའི་ཕྱིར། དེ་ལ་གལ་ཏེ་ཞེས་བྱ་བ་ལ་སོགས་པ་ གསུངས་ཏེ། རྫས་སྒྲུབ་པར་བྱེད་པའི་དབང་དུ་བྱས་ནས་ཞེས་བྱ་བ་ནི་རྫས་སུ་གྱུར་པ་དོན་དམ་པའི་རང་རིག་སྒྲུབ་པར་བྱེད་པའི་དབང་དུ་བྱས་ནས་སམ། འོན་ཏེ་རྫས་སུ་གྱུར་པ་དོན་དམ་པའི་དྲན་པ་གང་ཡིན་པ་དེ་ཉིད་སྒྲུབ་པར་བྱེད་པའི་དབང་དུ་བྱས་ནས་ཡིན་ཞེས་པའོ། །དེ་སྐད་དུ་སྨྲ་ན་ནི་ཞེས་ བྱ་བ་ནི་གལ་ཏེ་ཕྱི་དུས་དྲན་པ་ལས་འགྲུབ་ན་ཞེས་བརྗོད་ནའོ། །དེའི་ཚེ་ཞེས་བྱ་བ་ནི་རྫས་སྒྲུབ་པར་བྱེད་པའི་ཕྱོགས་ལའོ། །དྲན་པ་མི་སྲིད་པས་ཞེས་བྱ་བ་ནི་འདི་ནི་ཉེ་བར་མཚོན་པ་ཙམ་ཡིན་ཏེ། རང་རིག་པ་ཉིད་ཀྱང་མི་སྲིད་པས་སོ། །དེ་ཉིད་ཀྱི་ཕྱིར་མ་གྲུབ་པའི་དྲན་པས་མ་གྲུབ་པའི་རང་རིག་ སྒྲུབ་པར་འགྱུར་ཞེས་བྱ་བ་གསུངས་སོ། །འོན་ཏེ་འཇིག་རྟེན་གྱི་ཐ་སྙད་ཀྱི་དབང་དུ་ཡིན་ན་ཞེས་བྱ་བ་ནི་རྫས་སུ་སྒྲུབ་པར་བྱེད་པའི་ཕྱོགས་ཁས་མི་ལེན་ནའོ། །དེ་ལྟར་ན་ཡང་རང་རིག་པའི་རྒྱུ་ཅན་གྱི་དྲན་པ་མི་སྲིད་དོ་ཞེས་བྱ་བ་ནི་འཇིག་རྟེན་གྱི་ཐ་སྙད་ཀྱི་དབང་དུ་བྱས་ནས་ཡང་ རང་རིག་པ་མ་གྲུབ་པའི་ཕྱིར་རོ། །དེའི་རྒྱུ་མཚན་འདྲི་བ་ནི། ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་གསུངས་སོ། །དེ་ལ་ལན་ནི། གལ་ཏེ་འདིར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མེ་བཞིན་དུ་ཞེས་བྱ་བ་ནི་ཅི་ལྟར་མེ་དེ་དང་མེ་དེའི་རྒྱུ་ཅན་གྱི་དུ་བ་མངོན་སུམ་གྱིས་གྲུབ་པ་དེ་བཞིན་དུ་གལ་ཏེ་རང་རིག་པ་ གྲུབ་པར་གྱུར་ན་དེའི་ཚེ་དེའི་རྒྱུ་ཅན་གྱི་དྲན་པ་འགྲུབ་པར་འགྱུར་བ་ལས་འོན་ཀྱང་རང་རིག་པ་ཉིད་མ་གྲུབ་པས་དེའི་རྒྱུ་ཅན་གྱི་དྲན་པ་ཡང་མ་གྲུབ་པའི་ཕྱིར་དྲན་པའི་སྒོ་ནས་རང་རིག་ཅི་ལྟར་རྗེས་སུ་དཔོག་པར་བྱེད་ཅེས་པའོ། །དེ་མ་ངེས་པ་ཉིད་དུ་དཔེའི་སྒོ་ནས་བསྟན་པར་བྱ་བའི་ཕྱིར། འདི་ལྟར་ཞེས་ བྱ་བ་ལ་སོགས་པ་གསུངས་ཏེ། དེ་དག་མེད་པར་ཡང་ཞེས་བྱ་བ་ནི་ནོར་བུ་ཆུ་ཤེལ་དང་ནོར་བུ་མེ་ཤེལ་དག་གོ། །ཆར་པ་ལ་སོགས་པ་ཡང་ཞེས་བྱ་བ་ལ་སོགས་པའི་སྒྲས་ནི་གངས་ཞུ་བ་ལ་སོགས་པ་བསྡུ་བར་བྱའོ། །གཙུབ་ཤིང་གཙུབས་པ་ལ་སོགས་པ་ཞེས་བྱ་བ་ལ་སོགས་པའི་སྒྲས་ནི་ལྕགས་ ཀྱི་གོང་བུ་བརྡུངས་པ་ལ་སོགས་པ་བསྡུ་བར་བྱའོ། །དེ་ལྟར་སྟོན་པར་འགྱུར་རོ་ཞེས་བྱ་བ་ནི་གང་གི་ཕྱིར། གང་གིས་ཡུལ་མྱོང་འགྱུར་དེ་ལས། །ཞེས་བྱ་བ་ལ་སོགས་པས་སོ། །དེ་མེད་པར་མེད་པས་ཞེས་བྱ་བ་ནི་རང་རིག་མེད་པར་དེའི་རྒྱུ་ཅན་དྲན་པ་ཡོད་པ་མ་ཡིན་ནོ་ཞེས་བྱ་བའོ། །མིག་གི་གཟུང་ བྱ་ཉིད་བཞིན་ནོ། །ཞེས་བྱ་བ་ནི་ཅི་ལྟར་སྒྲ་ལ་མིག་གི་གཟུང་བྱ་ཉིད་མ་གྲུབ་པ་དེ་བཞིན་དུ་དྲན་པ་ཡང་རང་རིག་གི་འབྲས་བུ་ཉིད་དུ་མ་གྲུབ་པས་རང་རིག་སྒྲུབ་བྱེད་དུ་ཅི་ལྟར་འགྱུར་ཞེས་པའོ། །ད་ནི་རང་རིག་ཁས་བླངས་ཀྱང་དྲན་པ་ཡོད་པ་མ་ཡིན་ནོ་ཞེས་བསྒྲུབ་པར་བྱ་བའི་ཕྱིར། ཅི་སྟེ་དེ་ལྟར་ཞེས་བྱ་བ་ ལ་སོགས་པ་གསུངས་ཏེ། དེ་ལྟར་རྣམ་པར་དཔྱོད་པ་བཏང་ནས་ཀྱང་། །ཞེས་བྱ་བ་ནི་རིགས་པ་དོར་ནས་ཀྱང་ངོ་། །དེ་ལྟར་ཞེས་བྱ་བ་ནི་རང་རིག་ཁས་བླངས་སུ་ཟིན་ཀྱང་དྲན་པ་མི་རིགས་ཏེ་དེའི་རྒྱུ་མཚན་སྟོན་པ་ནི། གཞན་ཕྱིར་མ་ཤེས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་ཤེས་པའི་རྒྱུད་ཡིན་པས་ན་ཤེས་ པའི་རྒྱུད་དེ་བྱམས་པའི་ཤེས་པའི་རྒྱུད་ཅེས་བྱ་བའི་དོན་ཏོ། །མ་ཤེས་པའི་རྒྱུད་ནི་ཤེས་པའི་རྒྱུད་མ་ཡིན་པ་སྟེ་ཉེར་སྦས་ཀྱི་རྒྱུད་ཡིན་ལ། དེ་ལས་སྐྱེས་པ་དེ་བཞིན་དུ་སྟེ། ཅི་ལྟར་བྱམས་པའི་ཤེས་པའི་རང་རིག་པ་དེ་ཉེར་སྦས་ཀྱི་རྒྱུད་ལ་སྐྱེས་པའི་དྲན་པ་མ་དྲན་པ་བཞིན་དུའོ། །དྲན་པ་པོའི་དྲན་པ་མི་རིགས་པ་དེ་ཅིའི་ཕྱིར་ཞེ་ན། དེ་ ལ་ལན་ནི། གཞན་ཕྱིར་ཞེས་བྱ་བ་གསུངས་ཏེ། ཉམས་སུ་མྱོང་བའི་ཤེས་པ་ལས་དྲན་པའི་ཤེས་པ་གཞན་ཡིན་ཏེ། ཇི་ལྟར་ཉེར་སྦས་ཀྱི་དྲན་པས་བྱམས་པའི་ཤེས་པ་མི་དྲན་པ་དེ་བཞིན་དུ་དྲན་པས་ཀྱང་ཉམས་སུ་མྱོང་བའི་ཤེས་པ་དྲན་པ་མ་ཡིན་ཏེ། གཞན་ཡིན་པའི་ཕྱིར་ཞེས་པའོ། །གལ་ཏེ་ཉམས་ སུ་མྱོང་བའི་ཤེས་པ་དང་། དྲན་པའི་ཤེས་པ་དག་རྒྱུད་གཅིག་ཏུ་གཏོགས་པ་དང་། དེ་བཞིན་དུ་རྒྱུ་དང་འབྲས་བུའི་དངོས་པོ་ཡང་ཡིན་ལ། བྱམས་པ་དང་ཉེར་སྦས་ཀྱི་ཤེས་པ་དག་ནི་རྒྱུད་གཅིག་ཏུ་གཏོགས་པ་དང་རྒྱུ་དང་འབྲས་བུའི་དངོས་པོ་ཡོད་པ་མ་ཡིན་པའི་ཕྱིར་གཞན་ཡིན་པ་ཙམ་གྱི་སྒོ་ནས་ དྲན་པ་མེད་པར་ཅི་ལྟར་སྒྲུབ་ཅེ་ན། དེ་ལ་ལན་ནི། གཏན་ཚིགས་འདིས་ནི་ཁྱད་པར་དག་ཀྱང་འཇོམས། །ཞེས་བྱ་བ་གསུངས་ཏེ། གཞན་ཡིན་པའི་ཕྱིར་དང་ཞེས་བྱ་བའི་གཏན་ཚིགས་འདིས་རྒྱུད་གཅིག་ཏུ་གཏོགས་པ་ཉིད་དང་། རྒྱུ་དང་འབྲས་བུའི་དངོས་པོའི་མཚན་ཉིད་ཅན་གྱི་ཁྱད་པར་དག་ འཇོམས་པར་བྱེད་པའོ། །འདིའི་དོན་ནི་ཇི་ལྟར་བྱམས་པ་དང་ཉེར་སྦས་ཀྱི་ཤེས་པ་དག་གཞན་ཉིད་ཡིན་དུ་ཟིན་ཀྱང་རྒྱུད་གཅིག་ཏུ་གཏོགས་པ་ཉིད་དང་རྒྱུ་དང་འབྲས་བུའི་དངོས་པོ་མ་ཡིན་པ་དེ་བཞིན་དུ་འདིར་ཡང་གཞན་ཡིན་པ་དེ་ཉིད་ཡོད་པས་རྒྱུད་གཅིག་ཏུ་གཏོགས་པ་དང་། རྒྱུ་དང་འབྲས་བུའི་དངོས་ པོར་ཅི་ལྟར་འགྱུར། དེ་འགྲེལ་པས་བསྟན་པར་བྱ་བའི་ཕྱིར། གལ་ཏེ་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལྟར་ན་ཞེས་བྱ་བ་ནི་རྣམ་པར་དཔྱད་ན་རང་རིག་མི་རིགས་པས་རང་རིག་ཁས་བླངས་པ་ཙམ་དུ་སྟོན་པའོ། །དེ་དག་དྲན་པ་ནི་ཞེས་བྱ་བ་ནི་རང་རིག་དང་ཡུལ་ལའོ། །དེ་ལ་རྒྱུ་མཚན་ བསྟན་པར་བྱ་བའི་ཕྱིར། དྲན་པའི་ཤེས་པ་ནི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྔར་ཉམས་སུ་མ་མྱོང་བ་ཞེས་བྱ་བ་ནི་ཉེར་སྦས་ཀྱི་ཤེས་པས་བྱམས་པའི་ཤེས་པ་ཉམས་སུ་མ་མྱོང་བས་སོ། །མ་ཤེས་པའི་རྒྱུད་ལ་སྐྱེས་པ་ལྟར་ན་ཞེས་བྱ་བ་ནི་ཉེར་སྦས་ཀྱི་རྒྱུད་ལ་སྐྱེས་པའི་ཤེས་པ་བཞིན་ནོ། ། ཉམས་སུ་མ་མྱོང་བའི་ཕྱིར་ཞེས་བྱ་བ་ནི་དྲན་པའི་ཤེས་པས་སྔར་ཤེས་པ་དང་དོན་དག་ཉམས་སུ་མ་མྱོང་བས་སོ། །དྲན་པར་མི་འགྱུར་རོ་ཞེས་བྱ་བ་ནི་ཤེས་པ་དང་དོན་དག་གོ། །ཅི་སྟེ་ཞེས་བྱ་བ་ལ་སོགས་པ་ནི་གཞན་གྱི་དོགས་པ་བསུ་བ་ཡིན་ཏེ། རྒྱུ་དང་འབྲས་བུའི་དངོས་ པོ་གནས་པའི་ཕྱིར་ཞེས་བྱ་བ་ནི་སྐད་ཅིག་མ་སྔ་མ་དང་ཕྱི་མ་རྣམས་རྒྱུ་དང་འབྲས་བུའི་དངོས་པོ་ཉིད་དུ་གནས་པའི་ཕྱིར་རོ། །གཏན་ཚིགས་འདིས་ཞེས་བྱ་བ་ནི་གཞན་ཕྱིར་ཞེས་བྱ་བས་སོ། །རྒྱུ་དང་འབྲས་བུའི་དངོས་པོ་ལ་སོགས་པའི་ཞེས་བྱ་བ་ལ་སོགས་པའི་སྒྲས་ནི་གཞན་ཡིན་པའི་ཕྱིར་རྒྱུད་གཞན་དུ་གཏོགས་པའི་ ཤེས་པ་བཞིན་ནོ་ཞེས་བྱ་བ་ཡང་བསྡུ་བར་བྱའོ། །ཁྱོད་ཀྱི་ལྟར་ན་ཅི་ལྟར་ཞེ་ན་ཞེས་བྱ་བ་ནི་གལ་ཏེ་ཁོ་བོ་ལས་གཞན་ཡིན་པའི་ཕྱིར་དྲན་པའི་ཤེས་པས་ཉམས་སུ་མ་མྱོང་བའི་ཤེས་པ་དྲན་པར་མི་རིགས་ན་ཁྱོད་ཀྱི་འདོད་པ་ལྟར་ན་ཅི་ལྟར་རྗོད་པར་བྱེད་ཅེ་ནའོ། །དེ་ལ་ལན་བསྟན་པར་བྱ་བའི་ཕྱིར། བརྗོད་པར་བྱ་ སྟེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་གང་གིས་ཡུལ་མྱོང་འགྱུར་ཞེས་བྱ་བ་ནི་སྔོན་པོའི་ཤེས་པ་གང་གིས་ཡུལ་ཉམས་སུ་མྱོང་བར་འགྱུར་བའོ། །འདི་ལས་དྲན་པ་འདི་གཞན་ངལ་ཡོད་མིན་པ། །ཞེས་བྱ་བ་ནི་ཡུལ་ཤེས་པ་དེ་ལ་དྲན་པའི་ཤེས་པ་གཞན་མ་ཡིན་པའོ། །དེའི་ཕྱིར་ང་ཡིས་མཐོང་ སྙམ་དྲན་འགྱུར་ཏེ། །ཞེས་བྱ་བ་ནི་གང་གི་ཕྱིར་ཉམས་སུ་མྱོང་བའི་དྲན་པ་ལས་དྲན་པའི་ཤེས་པ་གཞན་ཉིད་མ་ཡིན་པ་དེའི་ཚེ་གང་ཉམས་སུ་མྱོང་བའི་ཤེས་པས་གང་ཉམས་སུ་མྱོང་བ་དེ་ཉིད་དྲན་པའི་ཤེས་པས་ཀྱང་ཉམས་སུ་མྱོང་བ་ཡིན་པས་ངས་མཐོང་སྙམ་དུ་དྲན་པར་འགྱུར་བའོ། །གལ་ཏེ་ཤེས་པ་ རྣམས་སྐད་ཅིག་མ་ཡིན་པ་དང་རང་རིག་མེད་པས་ངས་མཐོང་ངོ་སྙམ་དུ་ཇི་ལྟར་དྲན་ཞེ་ན། དེ་ལ་ལན་ནི། འདི་ཡང་འཇིག་རྟེན་ཐ་སྙད་ཚུལ་ལུགས་ཡིན། །ཞེས་བྱ་བ་གསུངས་ཏེ། འཇིག་རྟེན་པའི་ཐ་སྙད་བརྟག་དཔྱད་ཀྱི་གོ་སྐབས་མེད་པས་ན་འཇིག་རྟེན་ན་ཅི་ལྟར་ཡོད་པ་དེ་ལྟར་ཁས་བླང་བར་བྱ་དགོས་ པས་སོ། །དེས་ན་འཇིག་རྟེན་པས་རང་རིག་མེད་དུ་ཟིན་ཀྱང་མཐོང་ངོ་སྙམ་པའི་ཐ་སྙད་བྱེད་པས། ཉམས་སུ་མྱོང་བའི་ཤེས་པ་དག་གཅིག་ཏུ་ཞེན་པ་ཡིན་པས་སྐྱོན་ཡོད་པ་མ་ཡིན་ནོ་ཞེས་པའོ། །འདིའི་དོན་ནི་གལ་ཏེ་ཉམས་སུ་མྱོང་བ་དང་དྲན་པའི་ཤེས་པ་དག་ཐ་དད་དུ་ཁས་ལེན་ན་དེའི་ཚེ་རྒྱུད་གཞན་དུ་ གཏོགས་པའི་ཤེས་པ་བཞིན་དུ་དྲན་པར་མི་རིགས་སོ། །གལ་ཏེ་འཇིག་རྟེན་པ་ལ་ལྟོས་ནས་ཉམས་སུ་མྱོང་བ་དང་དྲན་པའི་ཤེས་པ་དག་ཐ་མི་དད་པ་དེའི་ཚེ་ཉམས་སུ་མྱོང་བའི་ཤེས་པ་གང་མཐོང་བ་དེ་དྲན་པས་ཀྱང་མཐོང་བའི་ཕྱིར་ངས་མཐོང་ངོ་སྙམ་པ་འབྱུང་བར་འགྱུར་བ་ཡིན་ལ། དེ་ཉིད་ཀྱི་ ཕྱིར་དྲན་པ་རང་རིག་གི་འབྲས་བུར་འགྱུར་བ་མ་ཡིན་ནོ། །གཞན་ཡང་འཇིག་རྟེན་པས་རང་རིག་གི་སྒོ་ནས་ཐ་སྙད་མི་བྱེད་ཀྱི། འོན་ཀྱང་ཡུལ་ཉམས་སུ་མྱོང་བའི་སྒོ་ནས་ཡིན་པས་འཇིག་རྟེན་པའི་དབང་དུ་བྱས་ནས་དྲན་པའི་སྒོ་ནས་རང་རིག་པ་འགྲུབ་པ་མ་ཡིན་ནོ། །དེ་འགྲེལ་པས་བསྟན་པར་ བྱ་བའི་ཕྱིར། གང་གིས་ཡུལ་མྱོང་བ་སྟེ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལྟར་ནི་སྔར་བཤད་ཟིན་ཏོ་ཞེས་བྱ་བ་ནི། གཞན་ཕྱིར་མ་སྐྱེས་རྒྱུད་ལས་སྐྱེས་པ་བཞིན། །གཏན་ཚིགས་འདིས་ནི་ཁྱད་པར་དག་ཀྱང་འཇོམས། །ཞེས་བྱ་བས་སོ། །དྲན་པ་དང་ཡུལ་དང་ལྡན་པར་འབྱུང་ལ་ ཞེས་བྱ་བ་ནི་དྲན་པ་ཉམས་སུ་མྱོང་བའི་ཤེས་པས་ཉམས་སུ་མྱོང་བའི་ཡུལ་དང་ལྡན་པ་ཡིན་ནོ་ཞེས་པའོ། །མཇུག་བསྡུ་བ་བསྟན་པར་བྱ་བའི་ཕྱིར། གང་གི་ཕྱིར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་གི་ཕྱིར་ཉམས་སུ་མྱོང་བ་དང་དྲན་པའི་ཤེས་པ་དག་ཐ་མི་དད་པ་ཡིན་པ་དེ་ཅིའི་ཕྱིར་ཉམས་སུ་མྱོང་ བའི་ཤེས་པ་ལས་གཞན་དུ་གྱུར་པའི་དྲན་པས་རང་རིག་པ་ཡོད་པ་ཉིད་ནི་མ་ཡིན་ནོ། །ཁྱོད་ཀྱི་གཞན་དབང་གིས་འཛིན་པར་འགྱུར་ཞེས་བྱ་བ་ནི་ཁྱོད་ཀྱི་ཕྱོགས་ལ་རང་རིག་པ་མེད་པའི་ཕྱིར་གཞན་དབང་གང་གིས་འཛིན་པར་འགྱུར་ཞེས་པའོ། །དེ་ལྟར་དྲན་པའི་སྒོ་ནས་རང་རིག་མི་འགྲུབ་པར་བསྟན་ནས། རང་རིག་ངོ་བོའི་སྒོ་ནས་ཀྱང་མི་རིགས་པ་ཉིད་དུ་བསྟན་པར་བྱ་བའི་ཕྱིར། བྱེད་པ་པོ་ལས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ་འདིར་རང་རིག་ནི་བདག་ཉིད་རིག་པ་ཡིན་ལ། བདག་ཉིད་ཀྱིས་ཡིན་པར་ཁས་ལེན་ན་བདག་ཉིད་བྱེད་པ་པོར་ཁས་བླངས་པ་ཡིན་ལ། བདག་ཉིད་རིག་པར་བྱ་བ་ཡིན་པས་བདག་ ཉིད་བྱ་བར་ཡང་ཁས་བླངས་པ་ཡིན་པའི་ཕྱིར་དང་། རིག་པ་ཞེས་བྱ་བ་དེ་ཡང་ཐ་དད་པ་མེད་པའི་ཕྱིར་བྱེད་པ་དང་ལས་དང་བྱ་བ་རྣམས་གཅིག་ཏུ་ཡང་རིགས་པ་མ་ཡིན་ཏེ། གཅིག་ཉིད་ལས་གྲུབ་པ་དང་མ་གྲུབ་པ་དག་འགལ་བའི་ཆོས་སུ་ཐལ་བར་འགྱུར་བས་སོ། །དེ་ཉིད་ཀྱི་ཕྱིར། དེ་ཉིད་ཀྱིས་དེ་ འཛིན་པར་རིགས་པ་མ་ཡིན་ཞེས་བྱ་བ་གསུངས་སོ། །དེ་འགྲེལ་པས་བསྟན་པར་བྱ་བའི་ཕྱིར། བདག་རིག་པ་བྱེད་དོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ཉིད་ཀྱང་བྱེད་པ་པོ་ཡིན་ཞིང་ཞེས་བྱ་བ་ནི་བདག་ཉིད་བྱེད་པ་པོ་ཡིན་ནའོ། །དེའི་ཞེས་བྱ་བ་ནི་བདག་གིའོ། ། བྱ་བ་ཞེས་བྱ་བ་ནི་ཉམས་སུ་མྱོང་བའི་རང་བཞིན་ཅན་ནོ། །འདི་དག་གཅིག་པ་ཉིད་དུ་མ་མཐོང་ངོ་ཞེས་བྱ་བ་ནི་ལྷས་བྱིན་གྱིས་ཟོར་བས་བརྔའོ་ཞེས་བྱ་བ་ལ་སོགས་པ་འདིར་བྱེད་པ་པོ་དང་ལས་དང་བྱ་བ་རྣམས་ཐ་དད་པ་ཉིད་དུ་མཐོང་བའི་ཕྱིར་རོ། །དེ་ལ་མདོའི་ཁུངས་བསྟན་པར་བྱ་བའི་ཕྱིར་ འཕགས་པ་ལང་ཀར་གཤེགས་པ་ལས་ཀྱང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཅི་ལྟར་རལ་གྲིའི་སོ་ལ་གཅོད་པར་མི་བྱེད་པ་དང་ཅི་ལྟར་སོར་མོ་རང་ཉིད་ལ་རེག་པར་མི་བྱེད་པ་དེ་བཞིན་དུ་སེམས་ཀྱིས་ཀྱང་རང་གི་བདག་ཉིད་རིག་པ་མ་ཡིན་ནོ་ཞེས་པའོ། །དེས་ན་གཞན་དབང་ལ་སྒྲུབ་བྱེད་ཀྱི་ ཚད་མ་མེད་པ་དང་། གནོད་བྱེད་ཡོད་པའི་ཕྱིར་གཞན་དབང་ཡོད་པ་ཉིད་དུ་མ་གྲུབ་པའོ། །གལ་ཏེ་སྒྲུབ་བྱེད་ཀྱི་ཚད་མ་མེད་པ་དང་། གནོད་བྱེད་ཀྱི་ཚད་མ་ཡོད་ཀྱང་གཞན་དབང་ཁས་ལེན་ན་ནི་དེའི་ཚེ་སྐྱོན་བསྟན་པར་བྱ་བའི་ཕྱིར། དེའི་ཕྱིར་དེ་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལྟར་ཞེས་ བྱ་བ་ནི་སྒྲུབ་བྱེད་མེད་པ་དང་། གནོད་བྱེད་ཡོད་པའོ། །མི་ཤེས་པའི་བདག་ཉིད་ཅན་ཞེས་བྱ་བ་འདིས་ནི་སྒྲུབ་པར་བྱེད་པ་མེད་པ་ཉིད་བསྟན་པ་ཡིན་ལ། སྐྱེ་བ་མེད་ཅིང་ཞེས་བྱ་བ་འདིས་ནི་བདག་ལས་མ་ཡིན་ཞེས་བྱ་བ་ལ་སོགས་པས་སྐྱེ་བ་མ་གྲུབ་པས་གནོད་བྱེད་ཡོད་པ་ཉིད་དུ་བསྟན་པ་ཡིན་ནོ། ། གཞན་དབང་ངོ་བོའི་དངོས་ཡོད་ན། །ཞེས་བྱ་བ་ནི་གལ་ཏེ་སྔོན་པོ་ལ་སོགས་པ་སྣང་བའི་བདག་ཉིད་ཅན་གྱི་གཞན་དབང་གི་ངོ་བོ་ཡོད་པར་གྱུར་ནའོ། །གཞན་ལ་མོ་གཤམ་བུས་གནོད་པ་ཅི་ཞིག་བསྐྱལ། སེམས་ཙམ་དུ་སྨྲ་བ་གཞན་ལ་མོ་གཤམ་གྱི་བུས་གནོད་པ་ཅི་ཞིག་བྱས་ཏེ། དེ་ཡང་ཡོད་པ་ཉིད་ དུ་ཁས་བླང་བར་བྱ་དགོས་སོ་ཞེས་པའོ། །གང་གིས་ན་ཞེས་བྱ་བ་ནི་གནོད་པ་བྱས་པས་སོ། །འདིས་ཞེས་བྱ་བ་ནི་མོ་<གཤོམ་‚གཤམ་>གྱི་བུའོ། །དེ་འགྲེལ་པས་བསྟན་པར་བྱ་བའི་ཕྱིར། གཞན་གྱི་དབང་གིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གོང་དུ་སྤྱིར་བསྟན་པ་ཡིན་ལ་ཞེས་བྱ་བ་ནི་བདག་ལས་མ་ ཡིན་ཞེས་བྱ་བ་ལ་སོགས་པས་སྤྱིར་སྐྱེ་བ་བཀག་པའོ། །མ་ཤེས་པའི་བདག་ཉིད་ཅན་དུ་ཡང་བསྟན་པར་བྱ་བ་ཡིན་ནོ་ཞེས་བྱ་བ་ནི་དེ་ལྟ་ན་ནི་གཞན་དབང་ལས་ཤེས་བྱེད་མེད་པ་ཉིད་སྟོན་པའོ། །འདི་ཞེས་བྱ་བ་ནི་མ་ཤེས་པའི་བདག་ཉིད་ཅན་དུ་ཆོས་མཚུངས་ཀྱང་ངོ་། །འདི་ཡང་ཞེས་བྱ་བ་ནི་མོ་ གཤམ་བུ་ཡང་ངོ་། །སྤྲོས་པ་ཐམས་ཅད་སྤངས་ཤིང་ཞེས་བྱ་བ་ནི་རྣམ་པར་རྟོག་པ་ཐམས་ཅད་ལས་འདས་པའོ། །བརྗོད་དུ་མེད་པའི་རང་བཞིན་ཅན་ཞེས་བྱ་བ་ནི་སྒྲའི་ཡུལ་ལས་འདས་པའོ། །དེ་ལྟར་གཞན་གྱི་དབང་ཡོད་པ་ཉིད་བཀག་ནས་དངོས་པོར་བཏགས་པར་ཡོད་པའི་རྒྱུར་གྱུར་པ་ དགག་པར་བྱ་བའི་ཕྱིར། གང་ཡང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ཡང་ཞེས་བྱ་བ་ནི་དངོས་པོར་བཏགས་པར་ཡོད་པའི་རྒྱུ་མཚན་དུ་གྱུར་པ་ཡང་ངོ་། །ཅུང་ཟད་ཡོད་མིན་ན་ཞེས་བྱ་བ་ནི་དེ་ལ་སྒྲུབ་པར་བྱེད་པ་མེད་པ་དང་། གནོད་པར་བྱེད་པ་ཡོད་པས་སོ། །ཀུན་རྫོབ་ཀྱི་རྒྱུར་ནི་གང་ ཞིག་འགྱུར་ཞེས་བྱ་བ་ནི་སེམས་ཙམ་དུ་སྨྲ་བས་ཁས་བླངས་པའི་དངོས་པོར་བཏགས་པར་ཡོད་པའི་རྒྱུར་གྱུར་པའི་གཞན་དབང་མེད་པས་སྔོན་པོ་དང་སེར་པོ་ལ་སོགས་པ་རྣམ་པར་རྟོག་པ་རྣམས་ལ་རྒྱུ་ཅི་ཡོད་དེ། གཞན་དབང་ལས་མ་གཏོགས་པའི་རྒྱུར་གྱུར་པ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ་ཞེས་ པའི་དོན་ཏོ། །དེས་ན་སེམས་ཙམ་དུ་སྨྲ་བ་རྣམས་ལ་ཀུན་རྫོབ་ཀྱི་བདེན་པ་རྒྱུན་འཆད་པར་འགྱུར་བའོ། །དེ་འགྲེལ་པས་བསྟན་པར་བྱ་བའི་ཕྱིར། ཀུན་རྫོབ་རྣམས་ལ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྒྱུ་གང་ཡིན་པས་ཞེས་བྱ་བ་ནི་གཞན་གྱི་དབང་སྟེ། གཞན་དབང་རྣམས་ལ་རྟོག་པ་ཐམས་ ཅད་ཀྱི་རྒྱུ་ཉིད་དུ་ཁས་བླངས་པའི་ཕྱིར་རོ། །འདི་ལ་ཞེས་བྱ་བ་ནི་སེམས་ཙམ་དུ་སྨྲ་བ་རྣམས་ལའོ། །ཡོད་པ་མ་ཡིན་པས་ཞེས་བྱ་བ་ནི་གཞན་དབང་མེད་པས་སོ། །ཀྱེ་མ་ཀྱི་ཧུད་ཅེས་བྱ་བ་ནི་ཤིན་ཏུ་ཉམ་ཐག་པའོ། །རྫས་ལ་ཆགས་པ་ཡིས་ཞེས་བྱ་བ་ནི་གཞན་དབང་གི་མཚན་ཉིད་ཅན་གྱི་རྫས་ལ་ ཆགས་པས་སོ། །གཞན་གྱི་ལྟར་ན་ཞེས་བྱ་བ་ནི་སེམས་ཙམ་དུ་སྨྲ་བ་རྣམས་ཀྱི་ལྟར་ནའོ། །རྣམ་གཞག་ཀུན་ཞེས་བྱ་བ་ནི་འདུག་ཤིག་སོང་ཤིག་བྱོས་ཤིག་ཅེས་བྱ་བ་ལ་སོགས་པའོ། །བརླག་ཅེས་བྱ་བ་ནི་རྣམ་པར་རྟོག་པའི་རྒྱུར་གྱུར་པའི་གཞན་གྱི་དབང་མེད་པས་སོ། །དེ་འགྲེལ་པས་བསྟན་ པར་བྱ་བའི་ཕྱིར། ཤེས་རབ་མེད་པས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རྫས་ཆ་ཤས་ཙམ་ལ་ཆགས་པའི་སྒོ་ནས་ཞེས་བྱ་བ་ནི་གཞན་དབང་ཙམ་གྱི་ཆ་ཤས་ལ་ཆགས་པའོ། །གཞན་གྱི་དབང་གིས་བུམ་པ་སོ་མ་བཏང་བར་ཆུ་དང་འདྲ་བ་བླུགས་ནས་ཞེས་བྱ་བ་ནི་ཅི་ལྟར་བུམ་ པ་སོ་མ་བཏང་བར་ཆུ་བླུགས་ན་ཆུ་དང་བུམ་པ་གཉིས་ཀ་བརླག་པར་འགྱུར་ལ། དེ་བཞིན་དུ་རྣམ་པར་རྟོག་པའི་རྒྱུར་གྱུར་པའི་གཞན་གྱི་དབང་ཁས་ལེན་ན་གཞན་གྱི་དབང་མེད་པས་རྣམ་པར་རྟོག་པ་མེད་པས་ཀུན་རྫོབ་ཀྱི་བདེན་པ་ཡང་ཉམས་པར་འགྱུར་བའོ། །རང་གི་བློ་གྲོས་ཀྱི་ཚུལ་ངན་པའི་ཕྱིར་ཞེས་ བྱ་བ་ནི་སེམས་ཙམ་དུ་སྨྲ་བའི་བློ་གྲོས་ཀྱི་ཚུལ་ཞན་པས་སོ། །རྒུད་པ་ཉིད་འབའ་ཞིག་ཅེས་བྱ་བ་ནི་སྐྱོན་འབའ་ཞིག་གོ། །མངོན་པར་མཐོང་བ་ནི་མ་ཡིན་ནོ། །དགེ་བའམ་ཤིས་པ་ནི་ཡོད་པ་མ་ཡིན་ནོ། །དེ་ལྟར་སེམས་ཙམ་དུ་སྨྲ་བ་རྣམས་ལ་ཀུན་རྫོབ་ཀྱི་བདེན་པ་ཡང་མེད་པ་ཉིད་དུ་བསྟན་ནས། ད་ནི་དེ་རྣམས་ལ་དོན་དམ་པའི་བདེན་པ་ཡང་ཡོད་པ་མ་ཡིན་ནོ་ཞེས་བསྟན་པར་བྱ་བའི་ཕྱིར། དེའི་ཕྱིར་དེ་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཕྱིན་ཅི་ལོག་ལ་ཞེས་བྱ་བ་ནི་དངོས་པོ་ཐམས་ཅད་རང་བཞིན་མེད་པ་ཡིན་པ་ལས་རྣམ་པར་ཤེས་པ་དངོས་པོ་ཉིད་དུ་ཁས་བླངས་པས་སོ། །སློབ་ དཔོན་ཞེས་བྱ་བ་ནི་སེམས་ཙམ་དུ་སྨྲ་བ་རྣམས་སོ། །རང་གི་རྣམ་པར་རྟོག་པས་སྦྱར་བའི་ལུགས་ཀྱི་ལམ་ཁོ་ནར་ཞུགས་པ་ཞེས་བྱ་བ་ནི་སེམས་ཙམ་དུ་སྨྲ་བ་རྣམས་ཀྱིས་གཉིས་སུ་མེད་པའི་ཤེས་པ་དོན་དམ་པར་ཡོད་པ་ཡིན་ནོ་ཞེས་རང་གི་རྣམ་པར་རྟོག་པས་བརྟགས་པའི་ལུགས་ཀྱང་ཡིན་པ་དེ་ཉིད་ ལས་སོ། །སློབ་དཔོན་ཀླུ་སྒྲུབ་ཞབས་ཀྱིས་ལམ་ལས་ནི་ཕྱི་རོལ་གྱུར་ལ་ཞེས་བྱ་བ་ནི་སྟོང་པ་ཉིད་ཀྱི་ལམ་ལས་ཕྱི་རོལ་དུ་གྱུར་པ་རྣམས་ཏེ། རྣམ་པར་ཤེས་པ་རྫས་ཡོད་དུ་ཁས་ལེན་པས་སོ། །ཞི་བའི་ཐབས་མེད་དོ་ཞེས་བྱ་བ་ནི་ཐར་པའི་ཐབས་ཡོད་པ་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །ཅིའི་ ཕྱིར་ཞེ་ན་ཞེས་བྱ་བ་ནི་ཐར་པའི་ཐབས་མེད་པ་ཅིའི་ཕྱིར་ཞེ་ནའོ། །དེ་ལ་ལན་བསྟན་པར་བྱ་བའི་ཕྱིར། འདི་ལྟར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཀུན་རྫོབ་དེ་ཉིད་བདེན་པས་ཉམས། །ཞེས་བྱ་བ་ནི་ཀུན་རྫོབ་དང་དོན་དམ་པའི་བདེན་པ་དག་ལས་ཡོངས་སུ་ཉམས་པའོ་ཞེས་པའོ། ། དེ་ལས་ཉམས་པས་ཞེས་བྱ་བ་ནི་ཀུན་རྫོབ་དང་དོན་དམ་པའི་བདེན་པ་ལས་ཉམས་པའོ། །ཐར་པ་གྲུབ་ཡོད་མིན་ཞེས་བྱ་བ་ནི་མྱ་ངན་ལས་འདས་པ་འགྲུབ་པར་མི་འགྱུར་ཏེ། སེམས་བསྐྱེད་པ་དང་། ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་ལ་སོགས་པའི་རང་བཞིན་ཅན་ཀུན་རྫོབ་ཀྱི་བདེན་པ་ལས་ཉམས་ནས་ཐར་པ་ འགྲུབ་པ་མ་ཡིན་ནོ་ཞེས་པའོ། །ཡང་ཅིའི་ཕྱིར་ཞེས་བྱ་བ་ལ་སོགས་པ་ནི་ཐར་པ་མི་འགྲུབ་པའི་རྒྱུ་མཚན་འདྲི་བའོ། །དེ་ལ་ལན་བསྟན་པར་བྱ་བའི་ཕྱིར། བཤད་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཐ་སྙད་བདེན་པ་ཐབས་སུ་གྱུར་པ་དང་། །ཞེས་བྱ་བ་ནི་ཀུན་རྫོབ་ཀྱི་བདེན་པ་ཐར་པ་ཐོབ་པའི་ ཐབས་སུ་གྱུར་པ་སྟེ། དེ་མེད་ན་ཆོས་སྟོན་པ་ལ་སོགས་པ་མེད་པས་སོ། །དོན་དམ་བདེན་པ་ཐབས་བྱུང་གྱུར་པ་སྟེ། །ཞེས་བྱ་བ་ནི་ཆོས་བསྟན་པའི་སྒོ་ནས་སེམས་བསྐྱེད་པ་ལ་སོགས་པ་ལ་ཞུགས་པ་སྟེ། སྒྲིབ་པ་ཐམས་ཅད་སྤངས་པའི་ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པའི་མཚན་ཉིད་ཅན་གྱི་བྱང་ ཆུབ་ཐོབ་པས་སོ། །དེ་གཉིས་རྣམ་དབྱེ་གང་གིས་མི་ཤེས་པ། །ཞེས་བྱ་བ་ནི་སེམས་ཙམ་དུ་སྨྲ་བ་གང་གིས་ཀུན་རྫོབ་ཀྱི་བདེན་པ་དང་དོན་དམ་པའི་བདེན་པའི་བདེན་པ་གཉིས་ལས་འདི་ནི་ཀུན་རྫོབ་ཀྱི་བདེན་པའོ། །འདི་ནི་དོན་དམ་པའི་བདེན་པའོ་ཞེས་བྱ་བའི་རྣམ་པར་དབྱེ་བ་མི་ཤེས་པའོ། །དེ་ནི་ རྣམ་རྟོག་ལོག་པས་ལམ་ངན་ཞུགས། །ཞེས་བྱ་བ་ནི་ཤེས་པའི་རང་བཞིན་ཅན་གྱི་ཀུན་རྫོབ་དོན་དམ་པ་ཉིད་དུ་ཁས་བླངས་པའི་ཕྱིར་སེམས་ཙམ་དུ་སྨྲ་བ་དེ་རྣམས་ཀྱིས་བདེན་པ་གཉིས་ཀྱི་རང་བཞིན་ཇི་ལྟ་བ་བཞིན་དུ་ཁོང་དུ་མ་ཆུད་པས་ལམ་ངན་པར་ཞུགས་པའོ། །བདེན་པ་གཉིས་ཀྱི་རྣམ་གཞག་ལུང་གི་ སྒོ་ནས་བསྟན་པར་བྱ་བའི་ཕྱིར། ཇི་སྐད་དུ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འཇིག་རྟེན་མཁྱེན་པས་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱིས་སོ། །མ་གསན་པར་ཞེས་བྱ་བ་ནི་བཅོམ་ལྡན་འདས་རྣམས་ལ་སློབ་དཔོན་མེད་པར་རང་འབྱུང་གི་ཡེ་ཤེས་མངའ་བས་སོ། །གཞན་ལ་ཞེས་བྱ་བ་ནི་གདུལ་བྱའི་ སེམས་ཅན་རྣམས་ལའོ། །བདེན་པ་གཉིས་ཀ་ཡིན་ཞེ་ན། དེ་ལ་ལན་ནི། གང་ཞིག་ཀུན་རྫོབ་དེ་བཞིན་དོན་དམ་སྟེ། །ཞེས་བྱ་བ་གསུངས་སོ། །བདེན་པ་གཉིས་ཡིན་པ་ཁོ་ན་ཅིའི་ཕྱིར་ཞེ་ན། དེ་ལ་ལན་ནི། བདེན་པ་གསུམ་པ་གང་ཡང་མ་མཆིས་སོ། །ཞེས་བྱ་བ་གསུངས་ཏེ། ཀུན་རྫོབ་ ཀྱི་བདེན་པ་དང་དོན་དམ་པའི་བདེན་པ་ལས་གཞན་པའི་བདེན་པ་གསུམ་པ་མེད་པ་སྟེ། བཅོམ་ལྡན་འདས་ཀྱིས་བདེན་པ་གཞན་གསུངས་པ་དེ་རྣམས་བདེན་པ་འདི་གཉིས་སུ་འདུས་པ་ཡིན་ནོ་ཞེས་སྔར་བསྟན་བཅོས་མཁན་པོས་སོ། །འདིས་ནི་བདེན་པ་གཉིས་མདོར་བསྟན་པ་ ཡིན་ནོ། །ཀུན་རྫོབ་ཀྱི་བདེན་པ་བསྟན་པའི་དགོངས་པ་བསྟན་པར་བྱ་བའི་ཕྱིར། གང་གིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་གིས་ཞེས་བྱ་བས་ནི་ཀུན་རྫོབ་ཀྱི་བདེན་པ་བསྟན་པས་སོ། །དད་པ་སྐྱེ་འགྱུར་ཞེས་བྱ་བ་ནི་དགེ་བ་དང་མི་དགེ་བའི་ལས་ཀྱི་སྒོ་ནས་འགྲོ་བ་དྲུག་ལ་སོགས་པ་ བསྟན་པས་སོ། །བཅོམ་ལྡན་འདས་རྣམས་བདག་ཅག་རྣམས་ལ་ཕན་པར་མཛད་པ་ཉིད་ཡིན་ནོ་སྙམ་དུ་རྟོགས་ནས་དད་པ་སྐྱེ་བར་འགྱུར་བས་སོ། །གང་གི་དོན་དུ་དད་པ་སྐྱེ་ཞེ་ན། བདེ་བའི་དོན་དུ་ཞེས་བྱ་བ་གསུངས་ཏེ། མངོན་པར་མཐོ་བ་དང་། ངེས་པར་ལེགས་པའི་མཚན་ཉིད་ཅན་གྱི་བདེ་བ་ཐོབ་ པའོ། །འགྲོ་བ་རྣམས་ཀྱི་དོན་སླད་དུ། །ཞེས་བྱ་བ་ནི་འགྲོ་བ་རྣམས་ལ་ཕན་པའི་དོན་ཆེད་དུའོ། །དེའི་བཤད་པ་ནི། འཇིག་རྟེན་ཕན་ཕྱིར་ཞེས་བྱ་བ་སྟེ། འགྲོ་བ་དྲུག་ལ་སོགས་པ་བསྟན་པའི་སྒོ་ནས་ལས་དགེ་བ་ལས་ནི་བདེ་འགྲོ་དང་མི་དགེ་བ་ལས་ནི་ངན་སོང་ཡིན་ནོ་ཞེས་བྱ་བར་ཁོང་དུ་ཆུད་ནས་མི་ དགེ་བའི་ལས་སྤོང་ཞིང་བྱང་ཆུབ་ཀྱི་སེམས་ལ་སོགས་པ་དགེ་བའི་ལས་ལ་འཇུག་པས་འཇིག་རྟེན་ལ་ཕན་པ་མཛད་པས་སོ། །དེ་ལྟར་ཀུན་རྫོབ་ཀྱི་བདེན་པ་བསྟན་པའི་དགོས་པ་བསྟན་ནས་ཀུན་རྫོབ་ཀྱི་བདེན་པའི་རང་བཞིན་ཤེས་པར་བྱ་བའི་ཕྱིར། སེམས་ཅན་ཚོགས་ཀྱི་ཞེས་བྱ་བ་ལ་སོགས་པ་གསུངས་ ཏེ། བཅོམ་ལྡན་འདས་ཀྱིས་སེམས་ཅན་གྱི་ཚོགས་ཀྱི་འགྲོ་བ་དྲུག་གང་བསྟན་པ་དེ་ནི་ཀུན་རྫོབ་ཏུ་བཏགས་པ་མཛད་པ་ཡིན་ནོ་ཞེས་པའོ། །འགྲོ་བ་དྲུག་བསྟན་པར་བྱ་བའི་ཕྱིར། སེམས་ཅན་དམྱལ་བ་དང་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །མཚུངས་མེད་ཁྱོད་ཀྱི་ཞེས་བྱ་བ་ནི། མིའི་འགྲོ་བའི་བྱེ་བྲག་ བསྟན་པར་བྱ་བའི་ཕྱིར། རིགས་དམའ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཁྱད་པར་བསྟན་པའི་མཇུག་བསྡུ་བ་བསྟན་པར་བྱ་བའི་ཕྱིར། འགྲོ་བའི་ཁྱད་པར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མཚུངས་མེད་ཁྱོད་ཀྱིས་ཞེས་བྱ་བ་ནི་གཞན་དང་མཚུངས་པ་མེད་པའི་སངས་རྒྱས་བཅོམ་ལྡན་འདས་ རྣམས་ཀྱིས་སོ། །མི་ལ་དེ་བསྟན་ཏོ་ཞེས་བྱ་བ་ནི་ཀུན་རྫོབ་ཀྱི་བདེན་པའོ། །དེ་ནི་འགྲོ་བ་དྲུག་གི་སྐྱོན་བསྟན་པར་བྱ་བའི་ཕྱིར། འདི་ལ་དགའ་བའི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་ལ་ཞེས་བྱ་བ་ནི་འགྲོ་བ་དྲུག་པོ་རྣམས་ལའོ། །འགྲོ་བ་ཞེས་བྱ་བ་ནི་འགྲོ་བ་དྲུག་གི་དབྱེ་བ་ཐ་དད་པའོ། ། འཁོར་བ་ན་ཞེས་བྱ་བ་ནི་འགྲོ་བ་ནས་འགྲོ་བར་འཁྱམས་པའོ། །འགྲོ་བའི་ཆོས་བརྒྱད་ལ་ནི་འཇུག་འགྱུར་ཏེ། །ཞེས་བྱ་བ་ནི་འཇིག་རྟེན་པའི་ཆོས་བརྒྱད་ལ་འཇུག་པར་འགྱུར་བའོ། །འཇིག་རྟེན་པའི་ཆོས་བརྒྱད་གང་ཞེ་ན་ཐོབ་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སྙན་པ་དང་མི་སྙན་པ་ ནི་ལྐོག་ཏུའོ། །བསྟོད་པ་དང་། སྨད་པ་ནི་མངོན་སུམ་དུའོ། །ཐོབ་པ་དང་མ་ཐོབ་པའི་འབྲས་བུ་བསྟན་པར་བྱ་བའི་ཕྱིར། ཐོབ་པ་རྙེད་ན་ཞེས་བྱ་བ་གསུངས་ཏེ། གལ་ཏེ་རྙེད་པ་ཐོབ་པར་གྱུར་ན་མི་རྣམས་ལ་སྟོད་པ་བྱེད་པར་འགྱུར་བའོ། །མ་ཐོབ་པར་གྱུར་ན་དེས་ཀྱང་འཁྲུག་པར་ འགྱུར་ཞེས་བྱ་བ་ནི་རྙེད་པ་མ་ཐོབ་པར་གྱུར་ན་མི་རྣམས་ལ་རབ་ཏུ་འཁྲུག་པར་འགྱུར་བའོ། །གང་གཞན་མ་བསྟན་ཚུལ་འདིས་ཤེས་པར་བྱ། །ཞེས་བྱ་བ་ནི་གཞན་ཏེ་འཇིག་རྟེན་པའི་ཆོས་དྲུག་གི་འབྲས་བུ་ནི་མདོར་བསྡུ་ན་འདོད་ཆགས་དང་ཞེ་སྡང་གི་མཚན་ཉིད་ཅན་ཡིན་པར་ཤེས་པར་བྱའོ། ། དེ་ཉིད་ཀྱི་ཕྱིར། ནད་རྣམ་བརྒྱད་ཀྱིས་དེ་རྒྱུན་གཅོད་པར་འགྱུར། །ཞེས་བྱ་བ་གསུངས་ཏེ། འཇིག་རྟེན་གྱི་ཆོས་བརྒྱད་གང་ཡིན་པ་དེ་རྣམས་ནད་དེ། འདོད་ཆགས་དང་ཞེ་སྡང་བསྐྱེད་པའི་སྒོ་ནས་དམྱལ་བ་ལ་སོགས་པའི་སྡུག་བསྔལ་གྱི་རྒྱུ་ཡིན་པས་སོ། །དེ་རྣམས་ཀྱིས་དུས་རྟག་ཏུ་འགྲོ་བ་རྣམས་ ལ་གནོད་པ་བྱེད་པར་འགྱུར་བའོ། །དེ་ལྟར་འགྲོ་བ་དྲུག་གི་སྐྱོན་བསྟན་ནས། །ཀུན་རྫོབ་ལ་དོན་དམ་དུ་ཕྱིན་ཅི་ལོག་ཏུ་འཛིན་པའི་སྐྱོན་བསྟན་པར་བྱ་བའི་ཕྱིར། ཀུན་རྫོབ་དེ་ལ་དོན་དམ་དུ་སྨྲ་བ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་གིས་ཀུན་རྫོབ་ལ་དོན་དམ་པའི་རང་བཞིན་དུ་རྟོག་པ་དེ་ནོར་བའི་བློ་གྲོས་ དང་ལྡན་པ་ཉིད་དུ་ཤེས་པར་བྱའོ། །ཕྱིན་ཅི་ལོག་ཏུ་རྟོག་པ་ཉིད་བསྟན་པར་བྱ་བའི་ཕྱིར། མི་སྡུག་དང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མི་སྡུག་པ་སྟེ་མི་གཙང་བའི་དངོས་པོ་གང་ཡིན་པ་ལ་སྡུག་པ་སྟེ། གཙང་བ་ཉིད་དུ་སྨྲ་བ་དང་། སྡུག་བསྔལ་གྱི་དངོས་པོ་གང་ཡིན་པ་དེ་ལ་བདེ་བའོ་ཞེས་སྨྲ་ བ་དང་། བདག་མེད་པའི་རང་བཞིན་གང་ཡིན་པ་དེ་ལ་བདག་གོ་ཞེས་སྨྲ་བ་དང་། མི་རྟག་པའི་ཆོས་ལ་རྟག་པའོ་ཞེས་རྗོད་པར་བྱེད་པའོ། །དེ་ལྟར་དགའ་སྟེ་མཚན་མར་གང་གནས་པ། །ཞེས་བྱ་བ་ནི་གང་དེ་ལྟར་སྡུག་པ་ལ་སོགས་པ་ལ་དགའ་བ་དེ་ནི་མཚན་མ་ལ་གནས་པའོ། ། དེ་རྣམས་ཀྱིས་ཆོས་ལ་གཤེ་བས་འབྲས་བུ་ངན་སོང་དུ་སྐྱེ་བ་ཡིན་ནོ་ཞེས་བསྟན་པར་བྱ་བའི་ཕྱིར། དེ་དག་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་དག་ཅེས་བྱ་བ་ནི་མཚ