Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 101

Văn bản gốc(Tây Tạng)

Trang 20 / 23 (50.000 ký tự/trang)
བ་པ་དེའི་ཕྱིར་རྣལ་འབྱོར་སྤྱོད་པ་པ་དག་གི་ཚིག་དེ་རིགས་པ་མ་ཡིན་ནོ། །དེའི་ཕྱིར་རང་གི་གྲུབ་པའི་མཐའི་སྐྱོན་སྦ་བའི་ཐབས་
འཐད་པ་མེད་པ་མི་འགྲུབ་བོ་ཞེས་བྱ་བས་ནི་དེའི་ཕྱིར་རྣལ་འབྱོར་སྤྱོད་པ་པ་དག་གིས་རང་གི་གྲུབ་པའི་མཐའ་ཆོས་ཀྱི་ཁམས་ཞེས་བྱ་བའི་ཚིག་གི་དོན་བརྟག་པ་ཁས་བླངས་པ་དེའི་སྐྱོན་འདི་ལྟ་སྟེ། ཉོན་མོངས་པ་ཅན་དང་ཉོན་མོངས་པ་ཅན་མ་ཡིན་པ་ཉིད་དུ་བརྗོད་པར་བྱ་བ་ཉིད་མ་ཡིན་པ་དེ་སྦ་བའི་
ཐབས་འདི་ལྟ་སྟེ། གལ་ཏེ་ཉོན་མོངས་དེ་མ་གྱུར། །ལུས་ཅན་ཐམས་ཅད་གྲོལ་བར་འགྱུར། །གལ་ཏེ་རྣམ་དག་དེ་མ་གྱུར། །འབད་པ་འབྲས་བུ་མེད་པར་འགྱུར། །ཉོན་མོངས་མ་ཡིན་མི་མོངས་མིན། །དེ་ནི་དག་མིན་མ་དག་མིན། །སེམས་ནི་རང་བཞིན་འོད་གསལ་ཕྱིར། །ཉོན་
མོངས་གློ་བུར་ཡིན་ཕྱིར་རོ། །ཞེས་བྱ་བ་འཐད་པ་མེད་པ་དེ་དག་མི་འགྲུབ་སྟེ། བརྗོད་པར་བྱ་བ་མ་ཡིན་པའི་དངོས་པོ་མེད་པས་དངོས་པོ་ནི་བརྗོད་པར་བྱ་བ་ཉིད་ཡིན་ཏེ། གང་གི་ཕྱིར་ཁྱེད་ཀྱིས་ཀུན་ནས་ཉོན་མོངས་པ་ཅན་དང་རྣམ་པར་དག་པ་གཉི་གར་བརྗོད་པ་ནི་དགག་པ་མི་མཐུན་པ་ཡིན་ཏེ།
གལ་ཏེ་ཉོན་མོངས་པ་ཅན་ཡིན་ན་ནི་ཇི་ལྟར་རྣམ་པར་དག་པ་ཡིན། གལ་ཏེ་རྣམ་པར་དག་པ་ཡིན་ན་ནི་ཇི་ལྟར་ཉོན་མོངས་པ་ཅན་ཡིན་པར་འགྱུར་བས་དེ་མི་འགྲུབ་བོ། །ཡང་གཞན་ཡང་གལ་ཏེ་ཉོན་མོངས་པ་ཅན་མ་ཡིན་ན་ནི་དེས་ན་བྱིས་པ་རྣམས་ཀུན་ནས་ཉོན་མོངས་པར་མི་འགྱུར་ཏེ། ཉོན་མོངས་
པ་ཅན་མ་ཡིན་པའི་ཕྱིར་རོ། །ཇི་སྟེ་ཀུན་ནས་ཉོན་མོངས་པར་འགྱུར་བར་འདོད་ན་ནི་འོ་ན་ཉོན་མོངས་པ་ཅན་མ་ཡིན་ནོ། །དེ་བཞིན་དུ་གལ་ཏེ་དག་པ་ཡིན་ན་ཡང་དེའི་ཕྱིར་ཡང་ཇི་ཞིག་དག་པར་འགྱུར་ཏེ། དག་ཟིན་པའི་ཕྱིར་རོ། །ཇི་སྟེ་དག་པར་འགྱུར་བར་འདོད་ན་ནི་དག་པ་མ་ཡིན་པའི་ཕྱིར་དེ་མི་འགྲུབ་

པོ། །གཞན་ཡང་ཆུ་ལ་སོགས་པ་རྒྱུ་དང་རྐྱེན་གྱི་དབང་གིས་སྐྱེ་བའི་ཁྱད་པར་བསྟེན་པ་དག་བཞིན་དུ་ཐ་སྙད་པའི་རྣམ་པར་ཤེས་པ་ཉོན་མོངས་པ་ཅན་དང་། ཉོན་མོངས་པ་ཅན་མ་ཡིན་པའི་དངོས་པོར་སྐྱེ་བ་ལ་ལྟོས་པས་ཉོན་མོངས་པ་རྣམས་དང་། ལྷན་ཅིག་སྐྱེ་བ་དང་ཉོན་མོངས་པ་རྣམས་མེད་པར་
ཕྱིན་ཅི་མ་ལོག་པའི་ཤེས་པ་དང་ལྷན་ཅིག་སྐྱེ་བ་ཡང་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་དག་ཏུ་འགྱུར་བར་རུང་བ་དེ་ལྟར་ཆོས་ཀྱི་ཁམས་ནི་ཉོན་མོངས་པ་རྣམས་དང་། ཤེས་པ་དང་ལྷན་ཅིག་སྐྱེ་བ་མ་ཡིན་པས་ཆུ་ལ་སོགས་པ་བཞིན་དུ་དེ་བཞིན་ཉིད་ཀུན་ནས་ཉོན་མོངས་པ་དང་རྣམ་
པར་བྱང་བ་དག་ཏུ་འགྱུར་བར་མི་རིགས་སོ་ཞེས་བྱ་བས་ནི་རྣལ་འབྱོར་སྤྱོད་པ་པ་དག་གི་དཔེ། ཆུ་ཁམས་གསེར་དང་ནམ་མཁའ་དག །དག་པ་བཞིན་དུ་དག་པར་འདོད། །ཅེས་བྱ་བ་དེ་མི་འགྲུབ་པར་སྟོན་ཏེ། འདི་ལྟར་ཁོ་བོ་ཅག་དབུ་མ་པ་ལ་ཡང་ཐ་སྙད་དུ་ཆུ་དང་། གསེར་དང་། ནམ་མཁའ་
ལ་སོགས་པ་རྒྱུ་དང་རྐྱེན་གྱི་དབང་གིས་དག་པ་དང་མ་དག་པར་སྐྱེ་བའི་ཁྱད་པར་བསྟེན་པ་དག་བཞིན་དུ་ཐ་སྙད་པའི་རྣམ་པར་ཤེས་པ་ཉོན་མོངས་པ་ཅན་དང་། ཉོན་མོངས་པ་ཅན་མ་ཡིན་པའི་དངོས་པོར་སྐྱེ་བ་ལ་ལྟོས་པས་ཉོན་མོངས་པ་རྣམས་དང་། ལྷན་ཅིག་སྐྱེ་བ་ནི་ཀུན་ནས་ཉོན་
མོངས་པར་འགྱུར་བར་རུང་ལ། ཉོན་མོངས་པ་རྣམས་མེད་པར་ཕྱིན་ཅི་མ་ལོག་པའི་ཤེས་པ་དང་ལྷན་ཅིག་སྐྱེ་བ་ནི་རྣམ་པར་བྱང་བར་འགྱུར་བར་རུང་བ་དེ་ལྟར་ཁྱེད་ཀྱི་ཆོས་ཀྱི་ཁམས་ནི་ཉོན་མོངས་པ་རྣམས་དང་། ཤེས་པ་དང་ལྷན་ཅིག་སྐྱེ་བ་མ་ཡིན་པས་ཁྱེད་ཀྱི་དཔེ་ཆུ་དང་། གསེར་དང་།
ནམ་མཁའ་དག་རྒྱུ་དང་རྐྱེན་གྱི་དབང་གིས་དག་པ་དང་མ་དག་པའི་སྐྱེ་བའི་ཁྱད་པར་བསྟེན་པ་དག་བཞིན་དུ་ཁྱེད་ཀྱི་དཔེས་བསྒྲུབ་པའི་དངོས་པོ་དེ་བཞིན་ཉིད་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་དག་ཏུ་འགྱུར་བས་མི་རིགས་པས་ཁྱེད་ཀྱི་དཔེ་མ་གྲུབ་སྟེ། འདི་ལྟར་དཔེ་དང་།
དངོས་གཉིས་མི་མཐུན་པའི་ཕྱིར་རོ། །གལ་ཏེ་དུ་བ་དང་ཁུག་རྣ་ལ་སོགས་པ་ཡོད་པ་དང་མེད་པ་ནམ་མཁའ་དྲི་མ་དང་བཅས་པ་དང་དྲི་མ་མེད་པར་བརྗོད་པར་བྱ་བ་མ་ཡིན་ནམ་ཞེ་ན་ཞེས་བྱ་བ་ནི་རྣལ་འབྱོར་སྤྱོད་པ་པ་དག་ན་རེ་དཔེ་ཇི་སྐད་སྨོས་པ་དེ་བཞིན་དུ་དངོས་པོ་ཆོས་ཀྱི་ཁམས་ཀྱང་དེ་

བཞིན་པས་དཔེ་དང་དངོས་སུ་མཐུན་ནོ་ཞེས་ཟེར་བའི་ཚིག་ཡིན་ནོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས་མ་ཡིན་ཏེ། ནམ་མཁའ་རྫས་སུ་ཡོད་པ་ཉིད་བཀག་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། གང་གི་ཕྱིར་ནམ་མཁའ་དེ་ལས་སྣམ་བུའི་རྫས་དྲི་མ་དང་
བཅས་པ་དང་དྲི་མ་མེད་པར་འགྱུར་བ་ལྟ་བུའི་རྫས་ངེས་པར་གནས་པ་མེད་པའི་ཕྱིར། ནམ་མཁའི་དུ་བ་དང་ཁུག་རྣ་ལ་སོགས་པ་ཡོད་པ་དང་མེད་པ་ན་ཡང་དྲི་མ་དང་བཅས་པ་དང་། དྲི་མ་མེད་པ་ཉིད་དུ་བརྗོད་པར་བྱ་བ་མ་ཡིན་ནོ། །རྫས་སུ་ཡོད་པ་ཉིད་ཡིན་ན་ཡང་དྲི་མ་དང་བཅས་པ་དང་དྲི་མ་མེད་པ་དག་མི་
འགྲུབ་སྟེ། སྐྱེ་བ་དང་འགག་པ་མེད་པའི་ཕྱིར་དཔེར་ན་ཆོས་ཀྱི་ཁམས་བཞིན་ནོ་ཞེས་བྱ་བ་ནི་ནམ་མཁའ་རྫས་སུ་ཡོད་པ་ཉིད་ཡིན་ན་ཡང་། ཕ་རོལ་པོ་དག་གི་དཔེར་མི་རུང་བར་བསྒྲུབ་པའི་རྗེས་སུ་དཔག་པ་སྟོན་ཏེ། དེ་དག་ནི་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་
པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་ཆོས་ཀྱི་ཁམས་ནི་ཀུན་རྫོབ་ཏུ་རྫས་སུ་ཡོད་པ་ཉིད་ཡིན་ན་ཡང་དོན་དམ་པར་སྐྱེ་བ་དང་འགག་པ་མེད་པའི་ཕྱིར། དྲི་མ་དང་བཅས་པ་དང་དྲི་མ་མེད་པ་དག་མི་འགྲུབ་པ་དེ་བཞིན་དུ་ནམ་མཁའ་ཡང་ཀུན་རྫོབ་ཏུ་རྫས་སུ་ཡོད་པ་ཉིད་ཡིན་ན་ཡང་དོན་དམ་པར་སྐྱེ་བ་
དང་འགག་པ་མེད་པའི་ཕྱིར། དྲི་མ་དང་བཅས་པ་དང་། དྲི་མ་མེད་པ་དག་ཏུ་མི་འགྲུབ་པོ། །ཡང་ན་ནམ་མཁའ་དྲི་མ་དང་བཅས་པ་དང་། དྲི་མ་མེད་པར་འགྱུར་བ་བཞིན་དུ་ཆོས་ཀྱི་ཁམས་ལ་ཡང་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་དག་ཉེ་བར་བཏགས་པའི་ཕྱིར་འདོད་པའི་དོན་
ཉམས་སོ་ཞེས་བྱ་བས་ནི་ཉེ་བར་བཏགས་པ་ཡིན་པས་ཁྱོད་དོན་དམ་པ་པ་ཡིན་པར་འདོད་པའི་དོན་ཉམས་སོ་ཞེས་བསྟན་ཏོ། །ཀུན་ནས་ཉོན་མོངས་དམིགས་པའི་ཕྱིར། །ཞེས་བྱ་བ་དེ་ལ་ཡང་དམ་བཅས་པ་དང་གཏན་ཚིགས་ཀྱི་སྐྱོན་སྔ་མ་བཞིན་ནོ་ཞེས་བྱ་བ་ནི། སྔར་རྣལ་འབྱོར་སྤྱོད་པ་པ་དག་གིས་
གཞན་གྱི་དབང་གི་ངོ་བོ་ཉིད་ཡོད་པའི་གཏན་ཚིགས་སུ་ཀུན་ནས་ཉོན་མོངས་པ་དམིགས་པའི་ཕྱིར་ཞེས་གང་སྨྲས་པ་དེ་ལ་ཡང་ཇི་ལྟར་སྔར། བཏགས་པ་རྒྱུ་མཚན་བཅས་ཕྱིར་དང་། །ཞེས་བྱ་བ་དེ་ཡང་ཕྱོགས་ཀྱི་ཆོས་མ་ཡིན་པའི་ཕྱིར་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་དོ། །ཇི་སྟེ་ཡང་། བཏགས་པ་རྒྱུ་མཚན་

བཅས་ཕྱིར་དང་། །ཞེས་བྱ་བ་འདིར་ཆོས་མཐུན་པའི་དཔེའི་ཚིག་ཡིན་པས། དེའི་ཕྱིར་རྗེས་སུ་དཔག་པ་ནི། དོན་དམ་པར་གཟུགས་ཞེས་བཏགས་པ་གང་ཡིན་པ་དེ་ནི། རྒྱུ་མཚན་དང་བཅས་པ་ཉིད་ཡིན་ཏེ། བཏགས་པའི་ཕྱིར་རོ་ཞེས་བརྗོད་པར་བྱས་ན་ཡང་དཔེར་ན་འདི་ལྟ་བུའོ་ཞེས་
བྱ་བའི་རྗེས་སུ་འགྲོ་བ་མེད་པས། གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་དོ། །གཏན་ཚིགས་ཀྱི་དོན་འགལ་བ་ཉིད་ཀྱང་ཡིན་ཏེ། གཏན་ཚིགས་སྤྱིར་བརྗོད་པའི་ཕྱིར་རོ་ཞེས་བསྟན་པ་དེ་བཞིན་དུ་ཀུན་ནས་ཉོན་མོངས་པ་དམིགས་པའི་ཕྱིར་ཞེས་བྱ་བ་འདི་ཡང་ཕྱོགས་ཀྱི་ཆོས་མ་ཡིན་པའི་
ཕྱིར་དང་། ཆོས་མཐུན་པའི་དཔེར་བྱས་ན་ཡང་རྗེས་སུ་འགྲོ་བ་མེད་པས་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་དང་། དོན་འགལ་བ་ཉིད་དོ་ཞེས་སྔ་མ་བཞིན་དུ་སྦྱར་རོ། །རེ་ཞིག་དེ་དག་གིས་ནི་རྣལ་འབྱོར་སྤྱོད་པ་པ་དག་ན་རེ་གཞན་གྱི་དབང་གི་ངོ་བོ་ཉིད་ནི་ཆོས་རྣམས་ཀྱི་རྟེན་ཅིང་འབྲེལ་
པར་འབྱུང་བའི་ངོ་བོ་ཉིད་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བའི་གཞི་གང་ཡིན་པ་སྟེ། དེ་ནི་བདེན་པ་གཉི་གར་ཡང་ཡོད་པ་ཡིན་ནོ་ཞེས་ཟེར་བའི་གཞུང་མི་འཐད་པར་བསྟན་ཏོ། །ད་ནི་སྐྱེ་བ་ངོ་བོ་ཉིད་མེད་པ་ཉིད་ཀྱིས་ངོ་བོ་ཉིད་མེད་པ་ཉིད་ཡིན་ནོ་ཞེས་ཟེར་བའི་གཞུང་མི་འཐད་པར་དགག་
པའི་ཕྱིར། དེ་སྐྱེ་བ་ངོ་བོ་ཉིད་མེད་པ་ཡང་ཇི་ལྟ་བུ་ཡིན་ཞེས་དྲི་བ་སྨྲས་སོ། །གལ་ཏེ་དེ་རྐྱེན་གྱི་སྟོབས་ཀྱིས་སྐྱེ་ཞིང་རང་མི་སྐྱེ་བ་གང་ཡིན་པའོ་ཞེ་ན་ཞེས་བྱ་བ་ནི། རྣལ་འབྱོར་སྤྱོད་པ་པ་དག་ན་རེ་གཞན་གྱི་དབང་གི་ངོ་བོ་ཉིད་དེ་ནི་དེ་དང་མཐུན་པའི་རྐྱེན་གཞན་དག་གི་སྟོབས་ཀྱིས་དབང་བྱ་ཞིང་བསྐྱེད་
པར་བྱ་བ་ཡིན་གྱི། རང་མི་སྐྱེ་བས་སྐྱེ་བ་ངོ་བོ་ཉིད་མེད་པ་ཉིད་ཡིན་ནོ་ཞེས་ཟེར་བའི་ཚིག་ཡིན་ནོ། །དེ་སྐད་ཅེས་ཟེར་བ་དེ་ལ་འདི་སྐད་ཅེས། དེ་དོན་དམ་པར་ཇི་ལྟར་རྐྱེན་གྱི་སྟོབས་ཀྱིས་ཏེ། ཇི་ངོ་བོ་ཉིད་ཀྱིས་སམ། གཞན་གྱི་དངོས་པོས་སམ། གཉི་གས་སམ།
ཇི་ཡོད་པ་ལས་སམ། ཇི་མེད་པ་ལས་སམ། ཇི་ཡོད་པ་དང་མེད་པ་ལས་སྐྱེའོ་ཞེས་བརྗོད་པར་བྱ་གྲང་ན། རྣམ་པ་ཐམས་ཅད་ལས་ཀྱང་སྔར་བསྟན་པའི་ཚུལ་གྱིས་དེ་སྐྱེ་བ་མེད་པའི་ཕྱིར། རྐྱེན་གྱི་སྟོབས་ཀྱིས་སྐྱེ་བ་མེད་པ་བསྟན་དཀའོ། །ཞེས་བརྗོད་པར་བྱ་སྟེ། གཞན་གྱི་དབང་གི་ངོ་བོ་ཉིད་དེ་དོན་དམ་

པར་རྐྱེན་གྱི་སྟོབས་ཀྱིས་སྐྱེ་ན། རྣམ་པ་དེ་དག་གཅིག་ལས་སྐྱེའོ་ཞེས་བརྗོད་པར་བྱ་གྲང་ན། སྔར་སྐྱེ་བ་མེད་པའི་རབ་ཏུ་བྱེད་པར་བསྟན་པའི་ཚུལ་གྱིས་དེ་དག་རྣམ་པ་ཐམས་ཅད་ལས་ཀྱང་དེ་སྐྱེ་བ་མེད་པའི་ཕྱིར། དོན་དམ་པར་རྐྱེན་གྱི་སྟོབས་ཀྱིས་
སྐྱེ་བ་བསྟན་དཀའོ། །ཇི་སྟེ་སྒྱུ་མ་ལ་སོགས་པའི་སྐྱེ་བ་བཞིན་དུ་བརྗོད་པར་བྱ་བ་མ་ཡིན་པའི་སྐྱེ་བ་སྤྱིར་བརྗོད་ན་ནི་ཐ་སྙད་ཀྱི་བདེན་པ་བསྒྲུབ་པ་ཡིན་ནོ་ཞེས་བྱ་བས་ནི། ཇི་སྟེ་རྣལ་འབྱོར་སྤྱོད་པ་པ་དག་གཞན་གྱི་དབང་གི་ངོ་བོ་ཉིད་དེ་ཀུན་རྫོབ་ཏུ་སྒྱུ་མ་ལ་སོགས་པའི་སྐྱེ་བ་བཞིན་དུ་
ངོ་བོ་ཉིད་དང་། གཞན་གྱི་དངོས་པོ་དང་། གཉི་ག་དང་ཡོད་པ་དང་མེད་པ་དང་། ཡོད་མེད་དུ་བརྗོད་པར་བྱ་བ་མ་ཡིན་པའི་སྐྱེ་བ་དབུ་མ་པ་ལ་སོགས་པ་དང་། སྤྱིར་མཐུན་པར་བརྗོད་ན་ནི་ཐ་སྙད་ཀྱི་བདེན་པ་བསྒྲུབ་པ་ཡིན་པས། དོན་དམ་པར་གཞན་གྱི་དབང་གི་ངོ་བོ་ཉིད་སྐྱེ་བ་
ངོ་བོ་ཉིད་མེད་པ་ཉིད་ཀྱིས་ངོ་བོ་ཉིད་མེད་པ་ཉིད་ཡོད་དོ་ཞེས་བྱ་བར་མི་རུང་ངོ་། །དེ་ལྟ་ན་ཀུན་རྫོབ་ཏུ། རྐྱེན་གྱི་སྟོབས་ཀྱིས་སྐྱེས་པ་སྒྱུ་མ་ལ་སོགས་པ་བཞིན་དུ་ངོ་བོ་ཉིད་ལ་སྐྱེ་བ་མེད་པར་སྟོན་པས། དབུ་མ་པའི་སྨྲ་བའི་རྗེས་སུ་སྨྲ་བས་ཀྱང་ཡིན་ཏེ། དབུ་མ་པའི་བསྟན་བཅོས་
ཀྱི་ཚུལ་ནི། རྟེན་ཅིང་འབྲེལ་བར་གང་འབྱུང་བ། །དེ་ནི་སྟོང་པ་ཉིད་དུ་བཤད། །ཅེས་བྱ་བས་དངོས་པོ་རྣམས་རང་ལས་སྐྱེ་བ་མེད་པ་ཡིན་པའི་ཕྱིར་རོ་ཞེས་བྱ་བས་ནི་དེ་ལྟར་ཀུན་རྫོབ་ཏུ་རྐྱེན་གྱི་སྟོབས་ཀྱིས་སྐྱེས་པ་སྒྱུ་མ་ལ་སོགས་པ་བཞིན་དུ་ངོ་བོ་ཉིད་ལས་སྐྱེ་བ་མེད་པར་
སྟོན་ན་ནི། དེ་དབུ་མ་པའི་སྨྲ་བའི་རྗེས་སུ་སྨྲ་བ་ཡིན་པས། ཁྱེད་དོན་དམ་པར་གཞན་གྱི་དབང་གི་ངོ་བོ་ཉིད་ཡོད་པར་སྨྲ་བ་བསྟན་པར་བྱ་དགོས་སོ་ཞེས་བསྟན་ཏོ། །ཇི་སྟེ་ངོ་བོ་ཉིད་ལས་སྐྱེ་བ་མེད་པ་ནི་ངོ་བོ་ཉིད་མེད་པ་ཡིན་ཏེ། མདོ་སྡེ་ལས། གང་ཞིག་རྐྱེན་ལས་སྐྱེ་བ་དེ་མ་
སྐྱེས། །ཞེས་གསུངས་པའི་ཚིག་དང་རྗེས་སུ་མཐུན་པའི་ཕྱིར་རོ་ཞེ་ན་ཞེས་བྱ་བ་ནི་རྣལ་འབྱོར་སྤྱོད་པ་པ་དག་ན་རེ་རྐྱེན་གཞན་གྱི་སྟོབས་ཀྱིས་སྐྱེས་པས་ངོ་བོ་ཉིད་ལས་སྐྱེ་བ་མེད་པ་ནི། ངོ་བོ་ཉིད་མེད་པ་ཉིད་ཡིན་པར་མདོ་སྡེ་ལས་གསུངས་པས་དེ་ནི་སྐྱེ་བ་ངོ་བོ་ཉིད་མེད་པ་ཉིད་ཀྱང་ཡིན་

ལ། དོན་དམ་པར་ཡོད་པ་ཉིད་ཀྱང་ཡིན་ནོ་ཞེས་ཟེར་བ་དེའི་ཚིག་ཡིན་ནོ། །དེའི་ལན་དུ་འགྲེལ་པ་བྱེད་པ་ཉིད་ཀྱིས། དེ་ལྟ་ན་ཡང་དབུ་མ་པའི་སྨྲ་བའི་རྗེས་སུ་སྨྲ་བ་ཡིན་ཏེ། ངོ་བོ་ཉིད་ལས་དེ་སྐྱེ་བ་འགོག་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། དེ་ལྟ་ངོ་བོ་ཉིད་ལས་སྐྱེ་བ་མེད་པ་དེ་ངོ་བོ་ཉིད་མེད་
པ་ཉིད་ཡིན་པར་མདོ་སྡེ་ལས་གསུངས་པར་ཁས་ལེན་ན་དེ་ལྟ་ན་ཡང་དབུ་མ་པའི་སྨྲ་བའི་རྗེས་སུ་སྨྲ་བ་ཡིན་པས། དོན་དམ་པར་དེ་ཡོད་པར་འདོད་པ་བསྟན་པར་བྱ་དགོས་སོ་ཞེས་བསྟན་ཏོ། །སྔར་རྣལ་འབྱོར་སྤྱོད་པ་པ་དག་ན་རེ་གང་གི་ཚེ་ཀུན་བརྟགས་པའི་ངོ་བོ་ཉིད་མེད་པའི་ཕྱིར་མི་དམིགས་
ཤིང་གཞན་གྱི་དབང་གི་ངོ་བོ་ཉིད་ཀྱང་རྒྱུ་མཚན་དུ་མི་འཛིན་པས་ཡང་དག་པར་རྗེས་སུ་མི་མཐོང་བ་དེའི་ཚེ་ན་དམིགས་པ་ཐམས་ཅད་ཉེ་བར་ཞི་བ་ཡིན་ནོ་ཞེས་ཟེར་བ་ལ། ཀུན་བརྟགས་པའི་ངོ་བོ་ཉིད་དང་། དེ་མཚན་ཉིད་ངོ་བོ་ཉིད་དང་། གཞན་གྱི་དབང་གི་ངོ་བོ་ཉིད་དང་། དེ་སྐྱེ་བ་ངོ་བོ་ཉིད་མེད་པར་
རྣལ་འབྱོར་སྤྱོད་པ་པ་དག་གིས་བརྟགས་པ་ཇི་ལྟར་མི་འཐད་པ་དེ་ལྟར་བསྟན་ནས། ད་ནི་རྣལ་འབྱོར་སྤྱོད་པ་པ་དག་ན་རེ་གཞན་གྱི་དབང་གི་ངོ་བོ་ཉིད་ཀྱང་རྒྱུ་མཚན་དུ་མི་འཛིན་པས་ཡང་དག་པར་རྗེས་སུ་མི་མཐོང་བ་ཞེས་སྨྲས་པ། དེ་མི་འཐད་པར་བརྟག་པ་བསྟན་པའི་ཕྱིར། ཇི་ལྟར་རྣལ་འབྱོར་སྤྱོད་
པ་པས་གཞན་གྱི་དབང་གི་ངོ་བོ་ཉིད་རྒྱུ་མཚན་དུ་མི་འཛིན་པས། ཡང་དག་པར་རྗེས་སུ་མི་མཐོང་བ་ཡིན་ཞེས་བརྟག་པ་སྨྲས་སོ། །གལ་ཏེ་ཇི་ལྟར་སྣང་བ་དེ་ལྟར་མེད་པ་ཡིན་ནོ་ཞེ་ན་ཞེས་བྱ་བ་ནི། རྣལ་འབྱོར་སྤྱོད་པ་པ་དག་ན་རེ་གཞན་གྱི་དབང་གི་ངོ་བོ་ཉིད་ཇི་ལྟར་སྣང་བ་དེ་ལྟར་མེད་པ་ཡིན་
པས། དེས་ན་ཀུན་བརྟགས་པའི་རྒྱུ་མཚན་དུ་མི་འཛིན་པས་ཡང་དག་པར་རྗེས་སུ་མི་མཐོང་བ་ཡིན་ནོ་ཞེས་ཟེར་བའི་ཚིག་ཡིན་ནོ། །དེ་ལ་དབུ་མ་པས་ཅིའི་ཕྱིར་དེ་དེ་ལྟར་མེད་པ་ཡིན་ཞེས་བརྟག་པ་སྨྲས་སོ། །དེ་ལ་རྣལ་འབྱོར་སྤྱོད་པ་པ་དག་ན་རེ། གལ་ཏེ་དོན་དམ་པར་དེ་ལྟར་མ་སྐྱེས་པའི་ཕྱིར་རོ་ཞེ་ན་ནི། དབུ་མ་པའི་སྨྲ་བའི་
རྗེས་སུ་སྨྲ་བ་ཡིན་ནོ་ཞེས་བྱ་བ་ན། གལ་ཏེ་གཞན་གྱི་དབང་གི་ངོ་བོ་ཉིད་ཇི་ལྟར་སྣང་བ་དེ་ལྟར་དོན་དམ་པར་མ་སྐྱེས་པའི་ཕྱིར་ཇི་ལྟར་སྣང་བ་དེ་ལྟར་མེད་པ་ཡིན་ནོ་ཞེ་ན་ནི། དབུ་མ་སྨྲ་བ་པའི་རྗེས་སུ་སྨྲ་བ་ཡིན་པས་དེ་ལྟ་ན་དོན་དམ་པར་གཞན་གྱི་དབང་གི་ངོ་བོ་ཉིད་ཡོད་པར་སྨྲ་བ་གཏང་བར་བྱ་དགོས་སོ་ཞེས་བྱ་

བའི་ཐ་ཚིག་གོ། །ཇི་སྟེ་ཇི་ལྟར་སྐྱེས་པ་དེ་ལྟར་མེད་དེ་བརྟེན་ནས་སྐྱེས་པའི་ཕྱིར་སྒྱུ་མ་ལ་སོགས་པ་བཞིན་ནོ་ཞེ་ན་ནི། འོ་ན་དེ་ལྟ་ན་གཞན་གྱི་དབང་ཡོད་པ་ཉིད་ཀྱང་མ་ཡིན་ལ། དབུ་མ་པའི་སྨྲ་བའི་རྗེས་སུ་སྨྲ་བ་ཡང་ཡིན་ཏེ། དབུ་མ་པའི་སྨྲ་བའི་ཚུལ་ནི། རྨི་ལམ་ཇི་བཞིན་སྒྱུ་
མ་བཞིན། །དྲི་ཟའི་གྲོང་ཁྱེར་ཇི་བཞིན་དུ། །དེ་ལྟར་སྐྱེ་དང་དེ་བཞིན་གནས། །དེ་བཞིན་དུ་ནི་འཇིག་པར་གསུངས། །ཞེས་བྱ་བ་ཡིན་པའི་ཕྱིར་རོ་ཞེས་བྱ་བས་ནི་ཇི་སྟེ་རྣལ་འབྱོར་སྤྱོད་པ་པ་དག་ན་རེ་གཞན་གྱི་དབང་གི་ངོ་བོ་ཉིད་དེ་ནི་ཀུན་རྫོབ་ཏུ་ནི་ཇི་ལྟར་རྐྱེན་གཞན་ལས་སྐྱེས་པ་སྒྱུ་མ་ལ་སོགས་པ་བཞིན་
དུ་ཡོད་ལ། དོན་དམ་པར་ནི་དེ་ལྟར་མེད་དེ། བརྟེན་ནས་སྐྱེས་པའི་ཕྱིར། སྒྱུ་མ་ལ་སོགས་པ་ལ་ངོ་བོ་ཉིད་མེད་པ་བཞིན་པས་ཇི་ལྟར་སྣང་བ་དེ་ལྟར་མེད་པ་ཡིན་ནོ་ཞེ་ན་ནི། འོ་ན་དེ་ལྟ་ན་གཞན་གྱི་དབང་དོན་དམ་པར་ཡོད་པ་ཉིད་ཀྱང་མ་ཡིན་པས། ཁྱོད་དོན་དམ་པར་གཞན་གྱི་དབང་གི་ངོ་བོ་ཉིད་ཡོད་
པར་འདོད་པ་གཏང་དགོས་པ་ཡང་ཡིན་ལ། དེ་སྐད་སྨྲ་བ་དེ་དབུ་མ་པའི་སྨྲ་བའི་རྗེས་སུ་སྨྲ་བ་ཡང་ཡིན་ཏེ། དབུ་མ་པ་ཡང་ཀུན་རྫོབ་ཏུ་སྐྱེ་བ་དང་། གནས་པ་དང་། འཇིག་པ་དག་རྨི་ལམ་དང་། སྒྱུ་མ་དང་། དྲི་ཟའི་གྲོང་ཁྱེར་ལྟ་བུར་ཡོད་ལ། དོན་དམ་པར་ངོ་བོ་ཉིད་མེད་པ་ཉིད་དུ་འདོད་པའི་ཕྱིར་
རོ། །གལ་ཏེ་གཉིས་པོ་དག་ཡོངས་སུ་མ་གྲུབ་པའི་ཕྱིར། ཇི་ལྟར་སྣང་བ་དེ་ལྟར་མེད་དོ་ཞེ་ན་ནི་ཞེས་བྱ་བ་ནི་རྣལ་འབྱོར་སྤྱོད་པ་པ་དག་ན་རེ། གཟུང་བ་དང་། འཛིན་པ་གཉིས་ཡོངས་སུ་མ་གྲུབ་པའི་ཕྱིར་ཇི་ལྟར་སྣང་བ་དེ་ལྟར་མེད་དོ་ཞེས་ཟེར་ནའོ། །དེ་ལ་ཅིའི་ཕྱིར་གཉིས་པོ་དག་ཡོངས་སུ་མ་གྲུབ་
ཅེས་བརྒལ་ཞིང་བརྟག་པ་དེ་ཉིད་དེ་བཞིན་དུ་ཉེ་བར་གནས་སོ་ཞེས་བྱ་བ་ནི། དེ་ལ་དབུ་མ་པས་བརྒལ་ཞིང་བརྟག་པ་དང་། ལན་གདབ་པ་ཡང་སྔར་གལ་ཏེ་དོན་དམ་པར་དེ་ལྟར་མ་སྐྱེས་པའི་ཕྱིར་རོ་ཞེ་ན་ནི། དབུ་མ་པའི་རྗེས་སུ་སྨྲ་བ་ཡིན་ནོ། །ཇི་སྟེ་ཇི་ལྟར་སྐྱེས་པ་དེ་ལྟར་མེད་དེ། བརྟེན་ནས་
སྐྱེས་པའི་ཕྱིར་སྒྱུ་མ་ལ་སོགས་པ་བཞིན་ནོ་ཞེ་ན་ནི། འོ་ན་དེ་ལྟ་ན་གཞན་གྱི་དབང་ཡོད་པ་ཉིད་ཀྱང་མ་ཡིན་ལ། དབུ་མ་པའི་སྨྲ་བའི་རྗེས་སུ་སྨྲ་བ་ཡང་ཡིན་ཏེ་ཞེས་བསྟན་པ་དེ་བཞིན་དུ་འདིར་ཡང་གལ་ཏེ་དོན་དམ་པར་གཉིས་པོ་དག་དེ་ལྟར་ཡོངས་སུ་མ་གྲུབ་པའི་ཕྱིར་རོ་ཞེ་ན་ནི་དབུ་མ་པའི་སྨྲ་བའི་

རྗེས་སུ་སྨྲ་བ་ཡིན་ནོ། །ཇི་སྟེ་གཉིས་པོ་དག་ཇི་ལྟར་སྐྱེས་པ་དེ་ལྟར་མེད་དེ། བརྟེན་ནས་སྐྱེས་པའི་ཕྱིར་སྒྱུ་མ་ལ་སོགས་པ་བཞིན་ནོ་ཞེ་ན་ནི། འོ་ན་དེ་ལྟ་ན་གཞན་གྱི་དབང་ཡོད་པ་ཉིད་ཀྱང་མ་ཡིན་ལ། དབུ་མ་པའི་སྨྲ་བའི་རྗེས་སུ་སྨྲ་བ་ཡང་ཡིན་ཏེ་ཞེས་བྱ་བ་དེ་དག་དེ་བཞིན་དུ་ཉེ་བར་གནས་སོ། །ཇི་སྟེ་ཡང་
འདི་སྙམ་དུ། དོན་དང་སེམས་ཅན་རྣམ་རིག་པ། །སྣང་བའི་རྣམ་པར་ཤེས་པ་ནི། །རབ་ཏུ་སྐྱེའོ་དེའི་དོན་མེད། །དེ་མེད་པས་ན་དེ་ཡང་མེད། །ཅེས་བྱ་བས་དོན་མེད་པའི་ཕྱིར་རྒྱུ་མཚན་དུ་འཛིན་པ་མི་འགྲུབ་པོ་སྙམ་ན་ཡང་དོན་དེ་བསྟན་པར་དཀའོ་ཞེས་བྱ་བ་ནི། ཇི་སྟེ་ཡང་རྣལ་འབྱོར་སྤྱོད་པ་པ་དག་
འདི་སྙམ་དུ་དབུས་མཐའ་རྣམ་པར་འབྱེད་པ་ལས་དོན་ཅེས་བྱ་བ་ཡུལ་ལྔ་པོ་དག་དང་། སེམས་ཅན་ཞེས་བྱ་བ་དབང་པོ་ལྔ་པོ་དག་དང་། བདག་ཅེས་བྱ་བ་ཉོན་མོངས་པ་ཅན་གྱི་ཡིད་དང་། རྣམ་པར་རིག་པ་ཞེས་བྱ་བ་འཇུག་པའི་རྣམ་པར་ཤེས་པ་དྲུག་པོ་དག་ཏུ་སྣང་བའི་རྣམ་པར་
ཤེས་པ་ཀུན་གཞི་རྣམ་པར་ཤེས་པ་ཉིད་དེ་དག་གི་རྣམ་པར་རབ་ཏུ་སྐྱེ་བར་ཟད་ཀྱི། དེའི་དོན་ཕྱི་རོལ་གྱི་ཡུལ་ནི་དེ་མེད་དེ། ཡུལ་དེ་མེད་པས་ན་དེ་ལ་འཛིན་པ་ཡང་མེད་པའི་ཕྱིར། གཟུང་བ་དང་། འཛིན་པ་གཉིས་ནི་མེད་ལ་ཡང་དག་པ་མ་ཡིན་པའི་ཀུན་དུ་རྟོག་པ་ནི་ཡོད་པར་གྲུབ་པོ་ཞེས་
འབྱུང་བས་ཕྱི་རོལ་གྱི་དོན་མེད་པའི་ཕྱིར་གཞན་གྱི་དབང་གི་ངོ་བོ་ཉིད་རྒྱུ་མཚན་དུ་མི་འཛིན་པས་ཡང་དག་པར་རྗེས་སུ་མི་མཐོང་བ་འགྲུབ་བོ་སྙམ་ན་ཡང་། ཕྱི་རོལ་གྱི་ཡུལ་མེད་ན་དོན་དེ་བསྟན་དཀའ་བས་མི་རུང་སྟེ། འདི་ལྟར་དོན་དང་སེམས་ཅན་གྱི་རྣམ་པ་ཡོད་ན་བདག་དང་རྣམ་པར་རིག་པ་
ཞེས་བྱ་བ་དག་ཀྱང་སྐྱེ་བར་རུང་གི་དོན་དང་སེམས་ཅན་ཞེས་བྱ་བ་ཡུལ་དང་དབང་པོ་དག་མེད་ན་བདག་དང་རྣམ་པར་རིག་པ་ཞེས་བྱ་བ་ཉོན་མོངས་པ་ཅན་གྱི་ཡིད་དང་འཇུག་པའི་རྣམ་པར་ཤེས་པ་དག་ཀྱང་སྐྱེ་བར་མི་འགྱུར་ཞིང་། དེ་དག་མེད་ན་ཀུན་གཞི་རྣམ་པར་ཤེས་པ་ཡང་ཡོད་པར་བསྟན་མི་
ནུས་པས་དེ་མི་རུང་ངོ་། །འོ་ན་དེ་ཇི་ལྟ་བུ་ཞེ་ན། ཀུན་རྫོབ་ཀྱི་ཐ་སྙད་དུ་ཡུལ་དང་། དབང་པོ་དང་རྣམ་པར་ཤེས་པ་རྣམས་ཀྱང་སྒྱུ་མ་ལ་སོགས་པ་བཞིན་དུ་ཕྱི་ནང་གི་དངོས་པོར་ཡོད་ལ། དོན་དམ་པར་དེ་དག་ངོ་བོ་ཉིད་མེད་པ་ལས་གཞན་གྱི་དབང་གི་ངོ་བོ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་

བར་འདོད་དོ། །གལ་ཏེ་བསྟན་པར་མི་དཀའ་སྟེ། །མདོ་སྡེ་ལས། ཀྱེ་རྒྱལ་བའི་སྲས་འདི་ལྟ་སྟེ། ཁམས་གསུམ་པ་འདི་ནི་སེམས་ཙམ་མོ་ཞེས་གསུངས་པའི་ཕྱིར་རོ་ཞེ་ན་ཞེས་བྱ་བ་ནི་རྣལ་འབྱོར་སྤྱོད་པ་པ་དག་ན་རེ་ཕྱི་རོལ་གྱི་དོན་མེད་ཀྱང་ཀུན་གཞི་རྣམ་པར་ཤེས་པ་
ལས་ཡུལ་དང་། དབང་པོ་དང་ཉོན་མོངས་པ་ཅན་གྱི་ཡིད་དང་། འཇུག་པའི་རྣམ་པར་ཤེས་པར་སྣང་བའི་རྣམ་པར་རིག་པ་རབ་ཏུ་སྐྱེ་བའི་དོན་དེ་བསྟན་པར་མི་དཀའ་སྟེ། འཕགས་པ་བྱང་ཆུབ་སེམས་དཔའི་ས་བཅུའི་མདོ་ལས། ཀྱེ་རྒྱལ་བའི་སྲས་འདི་ལྟ་སྟེ་ཁམས་གསུམ་པ་འདི་ནི་སེམས་ཙམ་
མོ་ཞེས་གསུངས་པའི་ཕྱིར། ཕྱི་རོལ་གྱི་དོན་མེད་ཀྱང་ཡུལ་དང་། དབང་པོ་དང་། རྣམ་པར་ཤེས་པ་ལ་སོགས་པ་ཁམས་གསུམ་པ་འདི་སྣང་བར་རུང་ངོ་ཞེས་ཟེར་བའི་ཚིག་ཡིན་ནོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས། དེ་ནི་ལན་མ་ཡིན་ཏེ། མདོ་སྡེའི་ཚིག་
གཞན་དུ་རྣམ་པར་བཤད་པའི་ཕྱིར་དང་ཞེས་བྱ་བ་སྨྲས་ཏེ། འཕགས་པ་བྱང་ཆུབ་སེམས་དཔའ་ས་བཅུའི་མདོ་ལས། ཀྱེ་རྒྱལ་བའི་སྲས་འདི་ལྟ་སྟེ་ཁམས་གསུམ་པ་འདི་ནི་སེམས་ཙམ་མོ་ཞེས་གསུངས་པ་ནི་སེམས་ལས་གཞན་པའི་བྱེད་པ་པོ་དང་ཟ་བ་པོ་མེད་པར་དགག་པའི་ཕྱིར་སེམས་ཙམ་
མོ་ཞེས་གསུངས་པ་ཡིན་གྱི། ཕྱི་རོལ་གྱི་དོན་དགག་པའི་ཕྱིར་སེམས་ཙམ་མོ་ཞེས་གསུངས་པ་ནི་མ་ཡིན་པ་ལས། ཁྱེད་ཀྱིས་མདོ་སྡེའི་ཚིག་གཞན་དུ་ལོག་པར་བཤད་པའི་ཕྱིར་དེ་ནི་ལན་མ་ཡིན་ནོ། །གཞན་ཡང་བསྒྲུབ་པར་བྱ་བའི་དོན་མངོན་སུམ་མ་ཡིན་པ་དེ་ནི་ལུང་དང་རྗེས་སུ་དཔག་པ་དག་
གིས་འགྲུབ་པའི་ཕྱིར་རོ་ཞེས་བྱ་བས་ནི་ཁྱེད་ཀྱི་བསྒྲུབ་པར་བྱ་བའི་དོན་ཕྱི་རོལ་གྱི་ཡུལ་དང་དབང་པོ་ནི་མེད་ལ་ནང་གི་སེམས་འབའ་ཞིག་ཡོད་པ་མངོན་སུམ་གྱི་སྤྱོད་ཡུལ་མ་ཡིན་པ་དེ་ནི་ལུང་དང་རྗེས་སུ་དཔག་པ་དག་ཡོད་ན་དེ་དག་གིས་འགྲུབ་པ་ཡིན་ན། ཁྱེད་ལ་ཕྱི་རོལ་གྱི་དོན་བསལ་ཞིང་ནང་གི་
སེམས་ཙམ་ཡོད་པ་ཉིད་དུ་སྟོན་པའི་ལུང་ཡང་མེད་ལ་དེ་བསྒྲུབ་པའི་རྗེས་སུ་དཔག་པ་ཡང་མེད་པས་ཀུན་རྫོབ་ཏུ་ཕྱི་རོལ་གྱི་ཡུལ་དང་དབང་པོ་རྣམས་ཡུལ་མ་ཡིན་པ་ཉིད་དུ་བྱ་བ་བྱེད་ནུས་པར་སྒྱུ་མ་ལ་སོགས་པ་བཞིན་དུ་མངོན་སུམ་གྱི་སྤྱོད་ཡུལ་གྱི་དོན་དུ་ཡོད་པ་སེལ་བར་བྱེད་པ་ཡང་མི་རིགས་ལ། དོན་

དམ་པར་གཞན་གྱི་དབང་གི་ངོ་བོ་ཉིད་ཡོད་པར་སྟོན་པ་ཡང་མི་རིགས་པས་དེ་ནི་ལན་མ་ཡིན་ནོ། །དེ་ལྟར་རྣལ་འབྱོར་སྤྱོད་པ་པ་དག་ཀུན་རྫོབ་ཏུ་ཡང་ཕྱི་རོལ་གྱི་ཡུལ་དང་དབང་པོ་ནི་མི་འདོད་ལ། གཞན་གྱི་དབང་གི་ངོ་བོ་ཉིད་ནི་དོན་དམ་པར་ཡང་ཡོད་པར་འདོད་པ་དེ་ལ་ལུང་དང་རྗེས་སུ་དཔག་པ་དག་མེད་པས་མི་
རིགས་པར་བཀག་པ་དང་། འདིར་རྣལ་འབྱོར་སྤྱོད་པ་པ་དག་ཕྱི་རོལ་གྱི་དོན་མེད་པར་བསྒྲུབ་པའི་རྗེས་སུ་དཔག་པ་དང་ལུང་ཡོད་པར་སྟོན་ཏེ། དེ་ལ་རེ་ཞིག་རྗེས་སུ་དཔག་པ་བསྟན་པའི་ཕྱིར། གལ་ཏེ་རྣམ་པར་ཤེས་པ་ནི་ཙཻ་ཏྲ་ལ་སོགས་པའི་དོན་གྱིས་སྟོང་པ་ཡིན་ཏེ། འཇུག་པ་དང་ལྡན་པའི་ཕྱིར་
དང་། འབྲས་བུ་ཡིན་པའི་ཕྱིར་དང་། མི་རྟག་པའི་ཕྱིར་དང་། གཡོ་བ་མེད་པའི་ཕྱིར་དང་། དུས་སུ་འཇུག་པའི་ཕྱིར་དཔེར་ན་རང་གི་བག་ཆགས་ཐོབ་པས་འཇུག་པའི་རྨི་ལམ་གྱི་སེམས་བཞིན་ནོ་ཞེས་རྗེས་སུ་དཔག་པའི་ཕྱིར་དང་ཞེས་བྱ་བ་སྨྲས་ཏེ། དེ་དག་ནི་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་
དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་རང་གི་བག་ཆགས་འཐོབ་པས་འཇུག་པའི་རྨི་ལམ་གྱི་སེམས་ནི་འཇུག་པ་དང་ལྡན་པའི་ཕྱིར་དང་། འབྲས་བུ་ཡིན་པའི་ཕྱིར་དང་། མི་རྟག་པའི་ཕྱིར་དང་། གཡོ་བ་མེད་པའི་ཕྱིར་དང་། དུས་སུ་འཇུག་པའི་ཕྱིར་ཙཻ་ཏྲ་ལ་སོགས་
པའི་དོན་གྱིས་སྟོང་པ་ཡིན་ཏེ། རང་གི་བག་ཆགས་འཐོབ་པས་འཇུག་པའི་དབང་གིས་ཕྱི་རོལ་གྱི་ཡུལ་མེད་ཀྱང་ཙཻ་ཏྲ་དང་མཻ་ཏྲ་དང་། ལྷ་སྦྱིན་དང་། མཆོད་ཕྱིན་ལ་སོགས་པའི་ཡུལ་གྱི་ཕྱི་རོལ་ན་མེད་པ་དག་རང་གི་རྒྱུད་ལ་སྣང་བ་དེ་བཞིན་དུ་ཀུན་གཞི་རྣམ་པར་ཤེས་པ་ཡང་འཇུག་པ་དང་ལྡན་
པའི་ཕྱིར་དང་། འབྲས་བུ་ཡིན་པའི་ཕྱིར་དང་། མི་རྟག་པའི་ཕྱིར་དང་། གཡོ་བ་མེད་པའི་ཕྱིར་དང་། དུས་སུ་འཇུག་པ་མེད་པའི་ཕྱིར་ཙཻ་ཏྲ་ལ་སོགས་པའི་དོན་གྱིས་སྟོང་པ་ཡིན་ཏེ། རང་གི་བག་ཆགས་ཐོབ་པས་འཇུག་པའི་དབང་གིས་ཕྱི་རོལ་གྱི་ཡུལ་མེད་ཀྱང་ཙཻ་ཏྲ་དང་མཻ་ཏྲ་དང་། ལྷ་སྦྱིན་
དང་མཆོད་བྱིན་ལ་སོགས་པའི་ཡུལ་ཕྱི་རོལ་ན་མེད་པ་དག་རང་གི་རྒྱུད་ལ་སྣང་བས་ཕྱི་རོལ་གྱི་དོན་ཡོད་པ་མ་ཡིན་པར་རྗེས་སུ་དཔག་གོ། །ད་ནི་ལུང་ཡང་ཡོད་པར་བསྟན་པའི་ཕྱིར། ལུང་ལས། ཕྱི་རོལ་སྣང་བ་ཡོད་མིན་ཏེ། །ལུས་དང་ལོངས་སྤྱོད་གནས་འདྲ་བར། །སེམས་ནི་སྣ་ཚོགས་སྣང་བས་ན། །

སེམས་ཙམ་དུ་ནི་ང་སྨྲའོ། །ཞེས་གསུངས་པའི་ཕྱིར་སྐྱོན་མེད་དོ་ཞེ་ན་ཞེས་བྱ་བ་སྨྲས་ཏེ། འཕགས་པ་ལང་ཀར་གཤེགས་པའི་མདོ་ལས་དེ་སྐད་གསུངས་པའི་ཕྱིར་ལུང་དང་རྗེས་སུ་དཔག་པ་དེ་དག་གིས་སེམས་ཙམ་གྲུབ་པོ་ཞེས་ཟེར་རོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་
འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས་རྣལ་འབྱོར་སྤྱོད་པ་པ་དག་གི་རྗེས་སུ་དཔག་པའི་དོན་ཀྱང་མི་འགྲུབ་ལ། དེ་དག་གི་ལུང་ཡང་ལོག་པར་བཤད་པའི་ཕྱིར་ཕྱི་རོལ་གྱི་དོན་མེད་པའི་སེམས་ཙམ་དུ་མི་འགྲུབ་ཀྱི། ཀུན་རྫོབ་ཏུ་ཕྱི་རོལ་གྱི་དོན་ཡོད་པས་རྣམ་པར་ཤེས་པ་ཙཻ་ཏྲ་ལ་སོགས་པའི་དོན་གྱིས་སྟོང་པ་
མ་ཡིན་ལ། སེམས་ཙམ་ཞེས་གསུངས་པའི་ལུང་ཡང་སེམས་ལས་གཞན་པའི་བྱེད་པ་པོ་དང་། ཟ་བ་པོ་ལ་སོགས་པ་དགག་པ་ཡིན་གྱི་ཕྱི་རོལ་གྱི་དོན་དགག་པ་མ་ཡིན་པར་ལུང་དང་རིགས་པ་གཞན་དག་གིས་བསྒྲུབ་པ་བསྟན་པའི་ཕྱིར། རྣམ་པར་ཤེས་པ་དོན་གྱིས་སྟོང་པ་ཡིན་ཏེ་ཞེས་
དམ་བཅས་པ་དེའི་དོན་གང་ཡིན་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། འདིས་ནི་རེ་ཞིག་རྣལ་འབྱོར་སྤྱོད་པ་པ་དག་གིས་རྣམ་པར་ཤེས་པ་ནི་ཙཻ་ཏྲ་ལ་སོགས་པའི་དོན་གྱིས་སྟོང་པ་ཡིན་ཏེ་ཞེས་དམ་བཅས་པ་དེའི་དོན་གང་ཡིན་ཞེས་བརྟག་པ་སྟོན་ཏོ། །གལ་ཏེ་དེའི་དོན་ཕྱི་རོལ་གྱི་རྐྱེན་ལ་མི་ལྟོས་པར་
བག་ཆགས་ཀྱི་ས་བོན་གྱི་རྒྱུ་ལས་རྣམ་པར་ཤེས་པ་སྐྱེ་བ་ཡིན་ན་ནི་ཞེས་བྱ་བས་ནི་གལ་ཏེ་རྣལ་འབྱོར་སྤྱོད་པ་པ་དག་གིས་རྣམ་པར་ཤེས་པ་ནི་ཙཻ་ཏྲ་ལ་སོགས་པའི་དོན་གྱིས་སྟོང་པ་ཡིན་ཏེ་ཞེས་དམ་བཅས་པ་དེའི་དོན་རྣལ་འབྱོར་སྤྱོད་པ་པ་དག་ཉིད་འདོད་པ་ལྟར་ཕྱི་རོལ་གྱི་ཡུལ་གྱི་རྐྱེན་ལ་མི་ལྟོས་པར་ཀུན་གཞི་
རྣམ་པར་ཤེས་པ་རང་གི་བག་ཆགས་ཐོབ་པས་འཇུག་པའི་ས་བོན་གྱི་རྒྱུ་ལ་ཀུན་གཞི་རྣམ་པར་ཤེས་པ་ཉིད་དོན་དང་། སེམས་ཅན་དང་། བདག་དང་། རྣམ་པར་རིག་པ་ཞེས་བྱ་བ་ཡུལ་དང་། དབང་པོ་དང་། ཉོན་མོངས་པ་ཅན་གྱི་ཡིད་དང་། འཇུག་པའི་རྣམ་པར་ཤེས་པ་དག་གི་རྣམ་པར་སྐྱེ་བ་
ཡིན་ནམ་ཞེས་ཕ་རོལ་པོ་དག་གི་གཞུང་བསྣན་པ་བསྟན་ཏོ། །ད་ནི་དེ་མི་འཐད་པར་བསྟན་པའི་ཕྱིར་དེ་ལ་གལ་ཏེ་དོན་དམ་པར་ཕྱི་རོལ་གྱི་རྐྱེན་ལ་མི་ལྟོས་པར་རྣམ་པར་ཤེས་པ་སྐྱེ་བ་སྟོན་ན་དཔེ་མེད་དོ་ཞེས་བྱ་བ་སྨྲས་ཏེ། དེས་ནི་རྣལ་འབྱོར་སྤྱོད་པ་པ་དག་གི་དཔེར་རང་གི་བག་ཆགས་ཐོབ་པས་འཇུག་པས་

རྨི་ལམ་གྱི་སེམས་བཞིན་ནོ་ཞེས་བྱ་བ་དོན་དམ་པར་མི་འགྲུབ་པར་སྟོན་ཏེ། འདི་ལྟར་དོན་དམ་པར་རང་གི་བག་ཆགས་ཐོབ་པས་འཇུག་པའི་རྨི་ལམ་གྱི་སེམས་ཉིད་མ་སྐྱེས་པའི་ཕྱིར་དཔེའི་ཆོས་ཅན་མ་གྲུབ་པས་ཕ་རོལ་པོ་དག་གི་དམ་བཅས་པའི་དོན་མི་འགྲུབ་སྟེ། འདི་ལྟར་མཚན་ཉིད་ལས་
དཔེ་ནི་གཉི་ག་ལ་གྲགས་པའི་ཆོས་ཅན་བསྒྲུབ་པར་བྱ་བ་དང་། སྒྲུབ་པའི་ཆོས་ཀྱི་དབང་གིས་བསྟན་པར་བྱའོ་ཞེས་འབྱུང་བའི་ཕྱིར་རོ། །རེ་ཞིག་དེས་ནི་དོན་དམ་པར་ཕྱི་རོལ་གྱི་རྐྱེན་ལ་མི་ལྟོས་པར་རྣམ་པར་ཤེས་པ་སྐྱེ་བར་སྟོན་ན། དཔེ་མེད་པས་མ་གྲུབ་པ་བསྟན་ཏོ། །ད་ནི་ཀུན་རྫོབ་ཏུ་ཕྱི་
རོལ་གྱི་རྐྱེན་ལ་མི་ལྟོས་པར་རྣམ་པར་ཤེས་པ་སྐྱེ་བར་སྟོན་ན་གྲགས་པས་གནོད་པར་འགྱུར་བས་མི་འགྲུབ་པར་བསྟན་པའི་ཕྱིར། ཇི་སྟེ་ཐ་སྙད་དུ་ན་ནི་གྲགས་པས་གནོད་དོ་ཞེས་བྱ་བ་སྨྲས་ཏེ། ཐ་སྙད་དུ་རྣམ་པར་ཤེས་པ་ཡུལ་དང་དབང་པོ་ལ་སོགས་པ་ཕྱི་རོལ་གྱི་རྐྱེན་རྣམས་ལ་ལྟོས་ཏེ་སྐྱེ་
བར་གྲགས་པའི་ཕྱིར་རོ། །དེ་བཞིན་དུ་རྣལ་འབྱོར་སྤྱོད་པ་པ་དག་གི་གཏན་ཚིགས་འཇུག་པ་དང་ལྡན་པའི་ཕྱིར་དང་། འབྲས་བུ་ཡིན་པའི་ཕྱིར་དང་། མི་རྟག་པའི་ཕྱིར་དང་། གཡོ་བ་མེད་པའི་ཕྱིར་དང་། དུས་སུ་འཇུག་པའི་ཕྱིར་ཞེས་བྱ་བ་དེ་དག་ཀྱང་གལ་ཏེ་དོན་དམ་པར་ཕྱི་རོལ་གྱི་རྐྱེན་ལ་མི་
ལྟོས་པར་རྣམ་པར་ཤེས་པ་སྐྱེ་བའི་གཏན་ཚིགས་སུ་སྟོན་ན་ནི་གང་ཡང་རུང་བ་ལ་མ་གྲུབ་སྟེ། འདི་ལྟར་ཁོ་བོ་ཅག་གི་ལུང་ལས་དོན་དམ་པའི་བདེན་པ་གང་ཞེ་ན། གང་ལ་སེམས་ཀྱང་མི་འཇུག་ན། ཡི་གེ་རྣམས་ལྟ་སྨོས་ཀྱང་ཅི་དགོས་ཞེས་གསུངས་པས་ཁྱེད་ཀྱི་གཏན་ཚིགས་འཇུག་
པ་དང་ལྡན་པའི་ཕྱིར་ཞེས་བྱ་བ་ལ་སོགས་པ་དེ་དག་ཁོ་བོ་ཅག་གི་ཕྱོགས་ལ་དོན་དམ་པར་མ་གྲུབ་པའི་ཕྱིར་རོ། །ཇི་སྟེ་གཏན་ཚིགས་དེ་དག་ཐ་སྙད་དུ་སྟོན་ན་ནི་གྲགས་པས་གནོད་དེ། འདི་ལྟར་འཇིག་རྟེན་ན་ཡུལ་དང་དབང་པོ་ལ་སོགས་པ་ཕྱི་རོལ་གྱི་རྐྱེན་ལ་མི་ལྟོས་པར་རྣམ་པར་ཤེས་པ་འཇུག་པ་
དང་ལྡན་པ་ལ་སོགས་པ་དག་རང་མི་སྐྱེ་བར་གྲགས་ཏེ། འཇིག་རྟེན་ན་མིག་གིས་ཕྱི་རོལ་གྱི་དོན་ལྟ་བ་ལ་སོགས་པའི་ཕྱིར། ནོར་གསུག་ཀྱང་འཇལ་ཞིང་ཕྱི་རོལ་གྱི་ཡུལ་ལ་ལྟ་བས་ཕྱི་རོལ་གྱི་རྐྱེན་ལ་ལྟོས་ནས། རྣམ་པར་ཤེས་པ་སྐྱེ་བར་འདོད་པའི་ཕྱིར་རོ། །སངས་རྒྱས་ཀྱི་དབང་གིས་

སམ། ལྷའི་དབང་གིས་སམ། དང་པོ་ལུང་ཕོག་པའི་རྣམ་པར་རིག་པ་ལས་སྐྱེས་པའི་རྣམ་པར་ཤེས་པ་དག་གི་གཏན་ཚིགས་ཀྱི་དོན་མ་ངེས་པ་ཉིད་དང་ཞེས་བྱ་བས་ནི་རྣལ་འབྱོར་སྤྱོད་པ་པ་དག་གི་གཏན་ཚིགས་འཇུག་པ་དང་ལྡན་པའི་ཕྱིར་ཞེས་བྱ་བ་ལ་སོགས་པ་དེ་དག་མ་ངེས་པ་
ཉིད་དུ་སྟོན་ཏེ། འདི་ན་སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱི་དབང་གིས་ཉན་ཐོས་ལ་སོགས་པས་ཆོས་ཐོས་ནས་རྒྱུན་དུ་ཞུགས་པ་ལ་སོགས་པའི་འབྲས་བུ་ཐོབ་པ་ལ་དམིགས་ནས་རྣམ་པར་ཤེས་པ་སྐྱེ་བ་དང་། ལྷའི་བྱིན་གྱི་བྱིན་རླབས་ཀྱི་དབང་གིས་དགེ་བ་དང་། མི་དགེ་བ་ལ་དམིགས་པའི་རྣམ་པར་ཤེས་པ་
སྐྱེ་བ་དང་། དང་པོ་གཞན་གྱིས་ལུང་ཕོག་པའི་རྣམ་པར་རིག་པ་ལ་བརྟེན་ནས་རྣམ་པར་ཤེས་པ་ལ་སྐྱེ་བ་དེ་དག་ཕྱི་རོལ་གྱི་རྐྱེན་ལ་ལྟོས་ནས་སྐྱེ་བ་མ་ཡིན་པར་མཐོང་བས། དེས་ན་རེ་ཞིག་འཇུག་པ་དང་ལྡན་པ་ལ་སོགས་པ་ཡིན་པའི་ཕྱིར། རང་གི་བག་ཆགས་ཐོབ་པས་འཇུག་པའི་རྨི་ལམ་གྱི་
སེམས་ཇི་བཞིན་དུ་རྣམ་པར་ཤེས་པ་ཕྱི་རོལ་གྱི་རྐྱེན་ལ་མི་ལྟོས་པར་སྐྱེ་བར་འགྱུར་རམ། འོན་ཏེ་འཇུག་པ་དང་ལྡན་པ་ལ་སོགས་པའི་ཕྱིར་སངས་རྒྱས་ཀྱི་དབང་གིས་སམ། ལྷའི་དབང་གིས་སམ། དང་པོ་ལུང་ཕོག་པའི་རྣམ་པར་རིག་པ་ལས་སྐྱེས་པའི་རྣམ་པར་ཤེས་པ་དག་བཞིན་དུ་རྣམ་
པར་ཤེས་པ་ཕྱི་རོལ་གྱི་རྐྱེན་ལ་ལྟོས་ཏེ་སྐྱེ་བར་འགྱུར་བ་མ་ངེས་པ་ཉིད་ཡིན་པས། ཕ་རོལ་པོ་དག་གི་གཏན་ཚིགས་དེ་དག་མི་རུང་ངོ་། །ཇི་སྟེ་རྣལ་འབྱོར་སྤྱོད་པ་པ་དག་ཐ་སྙད་དུ་སངས་རྒྱས་ཀྱི་བྱིན་གྱི་རླབས་ཀྱི་དབང་གིས་ཉན་ཐོས་ལ་སོགས་པས་ཆོས་ཐོས་ནས་རྒྱུན་དུ་ཞུགས་པ་ལ་སོགས་པའི་འབྲས་བུ་
ཐོབ་པ་ལ་དམིགས་པའི་རྣམ་པར་ཤེས་པ་སྐྱེ་བ་དག་མི་འདོད་ན་ནི་དེ་ལ། སངས་རྒྱས་འབྱུང་བ་དོན་མེད་པ་ཉིད་ཀྱི་སྐྱོན་དུ་འགྱུར་བས་མི་རུང་སྟེ། སངས་རྒྱས་འབྱུང་བ་དང་། ཆོས་བསྟན་པ་ལ་སོགས་པ་ཕྱི་རོལ་གྱི་རྐྱེན་ལ་མ་ལྟོས་པར་ཡང་རྒྱུན་དུ་ཞུགས་པ་ལ་སོགས་པའི་འབྲས་བུ་ལ་དམིགས་པའི་རྣམ་པར་ཤེས་
པ་སྐྱེ་བར་ཁྱེད་ཅག་འདོད་པའི་ཕྱིར་རོ། །གཞན་ཡང་དེ་ལྟ་ན་ཁྱེད་ལ། ཐ་སྙད་ཀྱི་བདེན་པར་གཏོགས་པའི་དོན་སྣང་བ་མེད་པ་ཉིད་དུ་ཡང་འགྱུར་རོ་ཞེས་བྱ་བས་ནི་རྣལ་འབྱོར་སྤྱོད་པ་པ་དག་འདོད་པ་ལྟར་ཐ་སྙད་དུ་ཡང་ཡུལ་དང་། དབང་པོ་ལ་སོགས་པ་ཕྱི་རོལ་གྱི་རྐྱེན་ལ་མི་ལྟོས་པར་རྣམ་པར་ཤེས་པ་སྐྱེ་བར་

སྟོན་ན། དེ་ལ་ཐ་སྙད་ཀྱི་བདེན་པར་གཏོགས་པའི་དོན་ཡུལ་དང་དབང་པོ་ལ་སོགས་པ་དག་ཀྱང་སྣང་བ་མེད་པ་ཉིད་ཀྱི་སྐྱོན་དུ་འགྱུར་བས་དེ་ནི་མི་འདོད་དོ། །རེ་ཞིག་དེ་དག་གིས་ནི་རྣལ་འབྱོར་སྤྱོད་པ་པ་དག་གི་རྗེས་སུ་དཔག་པ་རྣམ་པར་ཤེས་པ་ནི་ཙཻ་ཏྲ་ལ་སོགས་པའི་དོན་གྱིས་སྟོང་པ་ཡིན་ཏེ། འཇུག་པ་དང་
ལྡན་པའི་ཕྱིར་དང་འབྲས་བུ་ཡིན་པའི་ཕྱིར་དང་། མི་རྟག་པའི་ཕྱིར་དང་། གཡོ་བ་མེད་པའི་ཕྱིར་དང་། དུས་སུ་འཇུག་པའི་ཕྱིར། དཔེར་ན་རང་གི་བག་ཆགས་ཐོབ་པས་འཇུག་པའི་རྨི་ལམ་གྱི་སེམས་བཞིན་ནོ་ཞེས་བྱ་བ་དེའི་གཏན་ཚིགས་དང་དཔེ་དག་མ་གྲུབ་པས་ཕྱི་རོལ་གྱི་ཡུལ་མེད་པར་དམ་བཅས་
པའི་དོན་མ་གྲུབ་པར་བསྟན་ཏོ། །ད་ནི་རྣལ་འབྱོར་སྤྱོད་པ་པ་དག་ལུང་ལས། ཕྱི་རོལ་སྣང་བ་ཡོད་མིན་ཏེ། །ལུས་དང་ལོངས་སྤྱོད་གནས་འདྲ་བར། །སེམས་ནི་སྣ་ཚོགས་སྣང་བ་ན། །སེམས་ཙམ་དུ་ཡང་ང་སྨྲའོ། །ཞེས་གསུངས་པས་ཕྱི་རོལ་གྱི་ཡུལ་མེད་པར་སྒྲུབ་པ་དེ་དག་གིས་ལུང་དེའི་དོན་
ལོག་པར་བཤད་པ་ཡིན་གྱི། དེའི་དོན་ནི་ཕྱི་རོལ་གྱི་ཡུལ་དེ་དོན་དམ་པར་ངོ་བོ་ཉིད་ལས་ཡོད་པ་མ་ཡིན་པའི་ཕྱིར། ཕྱི་རོལ་གྱི་དོན་ངོ་བོ་ཉིད་ཡོད་པ་མ་ཡིན་པས། ལུང་ལས། ཕྱི་རོལ་སྣང་བ་ཡོད་མིན་ཏེ། །ཞེས་གསུངས་པ་དང་། ཀུན་རྫོབ་ཕྱི་རོལ་གྱི་ཡུལ་རྣམས་སྒྱུ་མ་ལ་སོགས་པ་བཞིན་
དུ་ཡོད་པ། ལུང་ལས། ལུས་དང་ལོངས་སྤྱོད་གནས་འདྲ་བར། །སེམས་ནི་སྣ་ཚོགས་སྣང་བས་ན། །ཞེས་གསུངས་པ་དང་། སེམས་ལས་གཞན་བྱ་བའི་བྱེད་པ་པོ་དང་། ཟ་བ་པོ་མེད་པའི་ཕྱིར་ལུང་ལས། སེམས་ཙམ་དུ་ནི་ང་སྨྲའོ། །ཞེས་གསུངས་པས། ཀུན་རྫོབ་ཏུ་ཕྱི་རོལ་གྱི་
དོན་ཡོད་པ་ཉིད་དུ་བསྟན་པར་བྱ་སྟེ། དེའི་ཕྱིར། ངོ་བོ་ཉིད་ལས་ཡོད་པ་མ་ཡིན་པའི་ཕྱིར་ཕྱི་རོལ་གྱི་དོན་ངོ་བོ་ཉིད་ཡོད་པ་མ་ཡིན་ཡང་ཞེས་བྱ་བས་ནི། ལུང་ལས། ཕྱི་རོལ་སྣང་བ་ཡོད་མིན་ཏེ། །ཞེས་གསུངས་པའི་དོན་བསྟན་ཏེ། དོན་དམ་པར་དེ་ངོ་བོ་ཉིད་ལས་ཡོད་པ་མ་ཡིན་པའི་ཕྱིར་རོ། །ཕྱི་རོལ་
གྱི་དོན་གྱི་ཡུལ་གྱི་ངོ་བོ་ཉིད་ལོག་པར་སྣང་བར་མ་གཏོགས་པ་ལ་སྒྱུ་མ་མངོན་པར་མི་ཤེས་པ་བཞིན་དུ་ལུས་དང་ལོངས་སྤྱོད་དང་། གནས་འདྲ་བའི་སེམས་སྣ་ཚོགས་སྐྱེ་བས་སེམས་སྣ་ཚོགས་སུ་སྣང་ཞིང་། ལུས་དང་ལོངས་སྤྱོད་དང་། གནས་ཀྱི་གྲིབ་མ་ལྟ་བུས་ཉེ་བར་ཁ་སྒྱུར་བའི་ཕྱིར། ལུས་དང་ལོངས་

སྤྱོད་དང་གནས་ལྟ་བུར་ཡང་ངོ་ཞེས་བྱ་བས་ནི་ལུང་ལས། ལུས་དང་ལོངས་སྤྱོད་གནས་འདྲ་བར། །སེམས་ནི་སྣ་ཚོགས་སྐྱེ་བས་ན། །ཞེས་གསུངས་པའི་དོན་བསྟན་ཏེ། ཀུན་རྫོབ་ཏུ་དཔེར་ན། སྒྱུ་མའི་གཟུགས་སྣ་ཚོགས་ངོ་བོ་ཉིད་མེད་པར་མི་ཤེས་པ་ལ་སྒྱུ་མའི་
གཟུགས་སྣ་ཚོགས་ཅི་འདྲ་བའི་སེམས་སྣ་ཚོགས་སྣང་བ་དེ་བཞིན་དུ། ལྷས་བྱིན་ལ་སོགས་པ་གང་དག་གིས་ཕྱི་རོལ་གྱི་དོན་གྱི་ཡུལ་ངོ་བོ་ཉིད་མེད་པར་མ་རྟོགས་པ་རྣམས་ལ་ཡུལ་གྱི་དངོས་པོ་སྣ་ཚོགས་ཅི་འདྲ་བའི་སེམས་སྣ་ཚོགས་ཀྱང་སྣང་ཞིང་། ལུས་དང་ལོངས་སྤྱོད་དང་། གནས་ཀྱི་རྣམ་
པ་ལ་སེམས་མངོན་པར་ཆགས་པའི་དབང་གིས་ལུས་ཞེས་བྱ་བ་གཟུགས་ཀྱི་ཕུང་པོ་སྣ་ཚོགས་དང་། ལོངས་སྤྱོད་ཅེས་བྱ་བ་ཡུལ་རྣམས་དང་། གནས་ཞེས་བྱ་བ་འཇིག་རྟེན་གྱི་ཁམས་སྣ་ཚོགས་ཀྱང་སྣང་སྟེ། དེ་དག་ནི་ནང་གི་སེམས་ཀྱི་རྣམ་པ་ལས་གཞན་པ་ཕྱི་རོལ་གྱི་ཡུལ་གྱི་དངོས་པོ་སྒྱུ་མ་ལ་
སོགས་པ་ལྟ་བུར་རང་རང་གི་རྒྱུ་དང་རྐྱེན་ལས་བྱུང་བ་ཡོད་པ་ཉིད་ཡིན་ནོ། །དེ་ཉིད་ཀྱི་འཐད་པ་བསྟན་པའི་ཕྱིར། དེ་མེད་དུ་ཟིན་ན་དེ་ལྟར་སྣང་བ་ཉིད་དུ་མི་འགྱུར་ཏེ། དཔེར་ན་རི་བོང་གི་རྭ་སྣང་བ་ཉིད་དུ་མི་འགྱུར་བ་བཞིན་ནོ་ཞེས་བྱ་བ་སྨྲས་ཏེ། གལ་ཏེ་ཕྱི་རོལ་གྱི་ཡུལ་རྣམས་ནི། མེད་པར་སེམས་
ཀྱི་དབང་གིས་དབང་པོ་དང་བློ་ལ་སྣང་བར་འགྱུར་ན་ནི། རི་བོང་གི་རྭ་ལྟ་བུ་མེད་པ་དག་ཀྱང་དབང་པོ་དང་བློ་ལ་སྣང་བར་འགྱུར་བ་ཞིག་ན། དེ་དག་ནི་སྣང་བར་མི་འགྱུར་ལ། ཕྱི་རོལ་གྱི་ཡུལ་རྣམས་ནི་སྣང་བ་ཉིད་དུ་འགྱུར་བས་མེད་པ་མ་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་སེམས་ཙམ་ཞེས་གསུངས་
པའི་མདོ་སྡེའི་དོན་ཀྱང་སེམས་ལས་གཞན་པའི་བྱེད་པ་པོ་དང་ཟ་བ་པོ་མེད་པའི་ཕྱིར། སེམས་ཙམ་མོ་ཞེས་གསུངས་པར་ཁས་བླངས་པའི་ཕྱིར་དེ་ལྟར་ངེས་པར་བྱར་མི་རུང་སྟེ་ཞེས་བྱ་བས་ནི། ལུང་ལས་ཀྱེ་རྒྱལ་བའི་སྲས་འདི་ལྟ་སྟེ། ཁམས་གསུམ་པ་འདི་ནི་སེམས་ཙམ་མོ་ཞེས་གསུངས་
པ་དང་། སེམས་ཙམ་དུ་ནི་ང་སྨྲའོ་ཞེས་གསུངས་པའི་དོན་བསྟན་ཏེ། སེམས་ཙམ་ཞེས་གསུངས་པ་དེ་ནི་བྱེད་པ་པོ་དགག་པ་ཡིན་གྱི། དོན་དགག་པ་ནི་མ་ཡིན་པས། དེས་ཕ་རོལ་པོ་དག་འདོད་པ་ལྟར་ཡུལ་དགག་པ་ཡིན་པར་ངེས་པར་བྱར་མི་ནུས་སོ། །དེ་ཉིད་ཀྱི་ཡིད་ཆེས་པའི་ལུང་གི་ཁུངས་

རྣལ་འབྱོར་སྤྱོད་པ་པ་དག་གིས་ཡིད་ལ་མ་ཟིན་པ་སློབ་དཔོན་གྱི་ཞལ་སྔ་ནས་དང་འགྲེལ་པ་བྱེད་པ་དག་གིས་རྣམ་པར་ངེས་པར་མཛད་པ་གཞན་བསྟན་པའི་ཕྱིར། བྱང་ཆུབ་སེམས་དཔའི་ས་དྲུག་པ་ལས་བྱང་ཆུབ་སེམས་དཔའ་སྲིད་པའི་ཡན་ལག་བཅུ་གཉིས་ཀྱི་སྐྱེ་བ་དང་། འགག་པ་ལས་སོ་སོར་རྟོག་པ་ན་འདི་
སྙམ་དུ་སྡུག་བསྔལ་གྱི་ཕུང་པོ་འབའ་ཞིག་པ་འདིས་སྡུག་བསྔལ་གྱི་ཤིང་ལྗོན་པ་མངོན་པར་འགྲུབ་པར་བྱེད་ཀྱི། བྱེད་པ་པོའམ་ཚོར་བ་པོ་ནི་མེད་དོ་སྙམ་ནས་དེ་འདི་སྙམ་དུ་སེམས་ཏེ་བྱེད་པ་པོ་ལ་མངོན་པར་ཞེན་པ་ལས་བྱ་བ་མངོན་པར་འགྱུར་གྱི། གང་ལ་བྱེད་པ་པོ་མེད་པ་དེ་ལ་དོན་དམ་པར་བྱ་བ་ཡང་དམིགས་སུ་
མེད་དོ་སྙམ་ནས་དེ་འདི་སྙམ་དུ་སེམས་ཏེ། འདི་ལྟ་སྟེ་ཁམས་གསུམ་པ་འདི་ནི་སེམས་ཙམ་ཏེ། སེམས་ཙམ་གྱིས་རབ་ཏུ་ཕྱེ་བ་དང་། སེམས་ཀྱིས་མངོན་པར་འདུས་བྱས་པ་ཡིན་གྱི། དབང་ཕྱུག་ལ་སོགས་པ་བྱེད་པ་པོ་ནི་མེད་དོ་སྙམ་དུ་རྣམ་པར་ངེས་པ་མཛད་ནས། ཀྱེ་རྒྱལ་བའི་སྲས་འདི་ལྟ་སྟེ།
ཁམས་གསུམ་པ་འདི་ནི་སེམས་ཙམ་མོ་ཞེས་གསུངས་ཏེ། ཙམ་ཞེས་གསུངས་པ་དེ་ནི་བྱེད་པ་པོ་དགག་པ་ཡིན་པར་ཤེས་པར་བྱའི་དོན་དགག་པ་ནི་མ་ཡིན་པར་ཤེས་པར་བྱའོ་ཞེས་བྱ་བ་སྨྲས་ཏེ། འཕགས་པ་ས་བཅུ་པའི་མདོ་ལས། ཀྱེ་རྒྱལ་བའི་སྲས་འདི་ལྟ་སྟེ། ཁམས་གསུམ་པ་འདི་ནི་སེམས་ཙམ་མོ་
ཞེས་གསུངས་པ་དེའི་དགོངས་པ་དགྲོལ་བ་ནི་ས་དྲུག་པའི་སྐབས་ཉིད་ནས། དེ་སྐད་གསུངས་པ་ཡིན་པས་དེའི་ཕྱིར་སེམས་ཙམ་ཞེས་གསུངས་པའི་སྒྲ་ནི་བྱེད་པ་པོ་དགག་པའི་དོན་ཡིན་གྱི། ཡུལ་དགག་པའི་དོན་མ་ཡིན་པར་ཤེས་པར་བྱའོ། །དེ་བཞིན་དུ་འཕགས་པ་ལང་ཀར་གཤེགས་པའི་མདོ་ལས་
ཀྱང་། བྱེད་པ་པོ་དགག་པ་ཉིད་དུ་གསུངས་ཏེ། གང་ཟག་རྒྱུ་དང་ཕུང་པོ་དང་། །དེ་བཞིན་རྐྱེན་དང་རྡུལ་དག་དང་། །གཙོ་བོ་དབང་ཕྱུག་བྱེད་པ་པོ། །སེམས་ཙམ་དུ་ནི་ང་སྨྲའོ། །ཞེས་གསུངས་པས་འདིར་སེམས་ཙམ་ཉིད་བྱེད་པ་པོ་ཉིད་དུ་རིག་གི །གང་ཟག་དང་། རྒྱུ་དང་། ཕུང་པོ་དང་། རྐྱེན་དང་།
རྡུལ་ཕྲན་དང་། གཙོ་བོ་དང་། དབང་ཕྱུག་དག་ནི་བྱེད་པ་པོ་མ་ཡིན་ཏེ། འདི་ལྟར་རབ་ཏུ་སྨྲ་བ་དག་ལས་ཁ་ཅིག་ནི་གང་ཟག་བྱེད་པ་པོར་རྟོག །ཁ་ཅིག་ནི་རྒྱུ་བྱེད་པ་པོར་རྟོག །ཁ་ཅིག་ནི་ཕུང་པོ། ཁ་ཅིག་ནི་རྐྱེན། ཁ་ཅིག་ནི་རྡུལ་ཕྲན། ཁ་ཅིག་ནི་གཙོ་བོ། ཁ་ཅིག་ནི་དབང་ཕྱུག་བྱེད་པ་པོར་རྟོག་

པ་དེ་དག་ནི་བྱེད་པ་པོ་མ་ཡིན་གྱི། སེམས་ཙམ་གྱིས་རབ་ཏུ་ཕྱེ་བ་དང་། སེམས་ཙམ་གྱིས་མངོན་པར་འདུས་བྱས་པ་ཡིན་པས། སེམས་ཙམ་དུ་ང་སྨྲའོ་ཞེས་གསུངས་པའི་ལུང་དེས་ཀྱང་སེམས་ཙམ་ཞེས་བྱ་བའི་སྒྲས་ནི་བྱེད་པ་པོ་དགག་པའི་དོན་ཡིན་གྱི།
ཡུལ་དགག་པའི་དོན་མ་ཡིན་པར་ཤེས་པར་བྱའོ། །གང་དག་འདི་སྐད་ཅེས། དངོས་པོ་གཟུགས་ཅན་རྣམས་ནི་སེམས་ཀྱི་ངོ་བོ་ཉིད་ཡིན་ཏེ། རྣམ་པར་ཤེས་པའི་ཡུལ་ཡིན་པའི་ཕྱིར་དཔེར་ན་དེ་མ་ཐག་པའི་རྐྱེན་བཞིན་ནོ་ཞེས་ཟེར་ན་ཞེས་བྱ་བ་ནི། རྣལ་འབྱོར་སྤྱོད་པ་པ་དག་དངོས་པོ་
གཟུགས་ཅན་རྣམས་སེམས་ཀྱི་ངོ་བོ་ཉིད་ཡིན་པར་བསྒྲུབ་པའི་ཚིག་ཡིན་ཏེ། དེ་དག་ནི་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་དེ་མ་ཐག་པའི་རྐྱེན་ནི་རྣམ་པར་ཤེས་པའི་ཡུལ་ཡིན་པའི་ཕྱིར་སེམས་ཀྱི་ངོ་བོ་
ཉིད་ཡིན་པ་དེ་བཞིན་དུ་དངོས་པོ་གཟུགས་ཅན་རྣམས་ཀྱང་རྣམ་པར་ཤེས་པའི་ཡུལ་ཡིན་པའི་ཕྱིར་སེམས་ཀྱི་ངོ་བོ་ཉིད་ཡིན་པས་ཕྱི་རོལ་གྱི་ཡུལ་མེད་པར་གྲུབ་པོ་ཞེས་ཟེར་རོ། །དེ་སྐད་ཅེས་ཟེར་བ་དེའི་ལེན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས། སེམས་ལས་བྱུང་བ་དག་གིས་མ་ངེས་པ་ཉིད་ཡིན་ནོ་
ཞེས་བྱ་བ་སྨྲས་ཏེ། དེ་དག་ནི་རྣལ་འབྱོར་སྤྱོད་པ་པ་དག་གི་གཏན་ཚིགས་རྣམ་པར་ཤེས་པའི་ཡུལ་ཡིན་པའི་ཕྱིར་ཞེས་བྱ་བ་དེ་མ་ངེས་པ་ཉིད་དུ་སྟོན་ཏེ། འདི་ན་སེམས་ལས་བྱུང་བའི་ཆོས་རྣམས་རྣམ་པར་ཤེས་པའི་ཡུལ་ཡིན་ཡང་སེམས་ཀྱི་ངོ་བོ་ཉིད་མ་ཡིན་པར་མཐོང་བས་དེས་ན་ཇི་རེ་ཞིག་རྣམ་པར་
ཤེས་པའི་ཡུལ་ཡིན་པའི་ཕྱིར་དཔེར་ན་དེ་མ་ཐག་པའི་རྐྱེན་བཞིན་དུ་དངོས་པོ་གཟུགས་ཅན་རྣམས་སེམས་ཀྱི་ངོ་བོ་ཉིད་ཡིན་པར་འགྱུར་རམ། འོན་ཏེ་རྣམ་པར་ཤེས་པའི་ཡུལ་ཡིན་པའི་ཕྱིར་དཔེར་ན་སེམས་ལས་བྱུང་བ་དག་བཞིན་དུ་དངོས་པོ་གཟུགས་ཅན་རྣམས་སེམས་ཀྱི་ངོ་བོ་ཉིད་མ་ཡིན་པར་འགྱུར་
བ་མ་ངེས་པ་ཉིད་ཡིན་པས་ཕ་རོལ་པོའི་གཏན་ཚིགས་ཀྱི་དོན་མ་གྲུབ་པ། གཟུགས་ལ་སོགས་པ་ནི་སེམས་དང་སེམས་ལས་བྱུང་བའི་ངོ་བོ་ཉིད་ཡིན་པར་སྟོན་ན་ཡང་ཞེས་བྱ་བ་ནི་རྣལ་འབྱོར་སྤྱོད་པ་པ་དག་འདི་སྐད་ཅེས་གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་དག་ནི་སེམས་དང་སེམས་ལས་

བྱུང་བའི་ངོ་བོ་ཉིད་ཡིན་ཏེ། རྣམ་པར་ཤེས་པའི་ཡུལ་ཡིན་པའི་ཕྱིར་དཔེར་ན་དེ་མ་ཐག་པའི་རྐྱེན་བཞིན་པས། དངོས་པོ་གཟུགས་ཅན་རྣམས་སེམས་ཀྱི་ངོ་བོ་ཉིད་ཡིན་ནོ་ཞེས་ཟེར་བའི་སྒྲུབ་པ་བསྟན་ཏོ། །དེའི་ལན་དུ། སེམས་དང་སེམས་ལས་བྱུང་བ་དག་གིས་སོ་སོར་མ་ངེས་པ་ཉིད་ཡིན་ནོ་ཞེས་བྱ་བ་
སྨྲས་ཏེ། དེ་ལྟ་ན་ཡང་ཕ་རོལ་པོ་དག་གི་གཏན་ཚིགས་རྣམ་པར་ཤེས་པའི་ཡུལ་ཡིན་པའི་ཕྱིར་ཞེས་བྱ་བ་དེ་ཡང་མ་ངེས་པ་ཉིད་དེ། འདི་ནི་རྣམ་པར་ཤེས་པའི་ཡུལ་ཡིན་ཡང་སེམས་དང་སེམས་ལས་བྱུང་བ་དག་ངོ་བོ་ཉིད་ཐ་དད་པར་མཐོང་བས། དེས་ན་ཇི་རེ་ཞིག་རྣམ་པར་ཤེས་པའི་ཡུལ་ཡིན་པའི་ཕྱིར་དཔེར་
ན་དེ་མ་ཐག་པའི་རྐྱེན་བཞིན་དུ་གཟུགས་ལ་སོགས་པ་སེམས་ཀྱི་ངོ་བོ་ཉིད་ཡིན་པར་འགྱུར་རམ། འོན་ཏེ་རྣམ་པར་ཤེས་པའི་ཡུལ་ཡིན་པའི་ཕྱིར་དཔེར་ན་སེམས་དང་སེམས་ལས་བྱུང་བ་དག་གཅིག་གི་ངོ་བོ་ཉིད་གཅིག་མ་ཡིན་པ་དེ་བཞིན་དུ་གཟུགས་ལ་སོགས་པ་སེམས་དང་སེམས་ལས་བྱུང་བའི་ངོ་བོ་ཉིད་དུ་
འདོད་པ་དེ་དག་ཀྱང་སེམས་ཀྱི་ངོ་བོ་ཉིད་ཀྱི་གཟུགས་ལ་སོགས་པ་ནི་སེམས་ལས་བྱུང་བའི་ངོ་བོ་ཉིད་མ་ཡིན་ལ། སེམས་ལས་བྱུང་བའི་ངོ་བོ་ཉིད་ཀྱི་གཟུགས་ལ་སོགས་པ་ཡང་སེམས་ཀྱི་ངོ་བོ་ཉིད་མ་ཡིན་པ་དག་གིས་སོ་སོར་མ་ངེས་པ་ཉིད་དུ་འགྱུར་བས་གཟུགས་ལ་སོགས་པ་རྣམ་པར་ཤེས་པའི་ཡུལ་ཡིན་
པའི་གཏན་ཚིགས་ཀྱིས་སེམས་ཀྱི་ངོ་བོ་ཉིད་ཡིན་པར་མ་གྲུབ་པོ། །ཇི་སྟེ་འདི་སྐད་ཅེས་སེམས་ལས་བྱུང་བའི་ཆོས་རྣམས་ནི་སེམས་ཀྱི་གནས་སྐབས་ཀྱི་ཁྱད་པར་ཡིན་པས་སེམས་དང་སེམས་ལས་བྱུང་བ་དག་ངོ་བོ་ཉིད་ཐ་མི་དད་པའི་ཕྱིར་སེམས་དང་སེམས་ལས་བྱུང་བ་དག་གིས་སོ་སོར་མ་ངེས་པ་ཉིད་མ་
ཡིན་ནོ་ཞེས་ཟེར་ན་དེའི་ལན་དུ་གལ་ཏེ་དོན་དམ་པར་སེམས་དང་སེམས་ལས་བྱུང་བ་དག་ངོ་བོ་ཉིད་གཅིག་པར་བརྗོད་ན་ནི་གྲུབ་པ་ལ་སྒྲུབ་པ་ཡིན་ཏེ། འདི་ལྟར་དོན་དམ་པར་ཆོས་ཐམས་ཅད་གཉིས་སུ་མེད་པའི་ཕྱིར་རོ། །འོན་ཏེ་ཐ་སྙད་དུ་སེམས་དང་སེམས་ལས་བྱུང་བ་དག་ངོ་བོ་ཉིད་གཅིག་པར་བརྗོད་
ན་ནི་ཁྱེད་ཀྱི་གྲུབ་པའི་མཐའ་དང་འགལ་བ་ཡང་ཡིན་ཏེ་ཞེས་བརྗོད་པར་བྱའོ། །ཁྱེད་ཀྱི་གྲུབ་པའི་མཐའི་ཚུལ་ཇི་ལྟ་བུ་ཞེ་ན། ཚུལ་ནི། དེ་ལ་དོན་མཐོང་རྣམ་པར་ཤེས། །དེ་ཡི་བྱེ་བྲག་སེམས་ལས་བྱུང་། །ཞེས་བྱ་བ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། ཡུལ་དེ་ལ་དོན་གྱི་ངོ་བོ་ཉིད་ཙམ་མཐོང་བ་ནི་རྣམ་

པར་ཤེས་པ་ཡིན་ལ། དོན་དེའི་བྱེ་བྲག་རིག་པ་ནི་སེམས་ལས་བྱུང་བ་དག་ཡིན་ནོ་ཞེས་ཁྱེད་ཀྱི་གྲུབ་པའི་མཐའ་ལས་བྱུང་བ་དང་འགལ་བས་ཐ་སྙད་དུ་སེམས་དང་སེམས་ལས་བྱུང་བ་དག་ངོ་བོ་ཉིད་གཅིག་གོ་ཞེས་བྱ་བར་མི་རུང་ངོ་། །སྔ་མ་བཞིན་དུ་དམ་བཅས་པའི་སྐྱོན་ཡང་ཡོད་
དོ་ཞེས་བྱ་བས་ནི་ཐ་སྙད་དུ་གཟུགས་ལ་སོགས་པ་ཡུལ་རྣམས་སེམས་དང་སེམས་ལས་བྱུང་བའི་ངོ་བོ་ཉིད་ཡིན་ཞིང་སེམས་དང་སེམས་ལས་བྱུང་བ་དག་ཀྱང་ངོ་བོ་ཉིད་གཅིག་གོ་ཞེས་དམ་བཅའ་ན། སྔར་དཔེ་མེད་པ་དང་། གྲགས་པས་གནོད་པ་དང་། མ་ངེས་པ་ཉིད་དང་། སངས་རྒྱས་འབྱུང་བ་
དོན་མེད་པ་ཉིད་དང་། ཐ་སྙད་ཀྱི་བདེན་པར་གཏོགས་པའི་དོན་སྣང་བ་མེད་པ་ཉིད་དུ་ཡང་འགྱུར་རོ་ཞེས་བསྟན་པའི་སྐྱོན་དག་ཀྱང་ཡོད་པས་མི་རུང་ངོ་། །གང་དག་འདི་སྐད་ཅེས་འདི་ལ་གཟུགས་ཀྱི་བློ་འདིའི་ཡུལ་རྡུལ་ཕྲ་རབ་ཀྱི་གཟུགས་གཅིག་ཡིན་ནམ་འདུས་པ་ཡིན་ཞེས་བྱ་བ་ལ་སོགས་པས་ནི་
རྣལ་འབྱོར་སྤྱོད་པ་པ་དག་ལ་སོགས་པ་གང་དག་ཕྱི་རོལ་གྱི་ཡུལ་མེད་པར་འདོད་པ་དག་ན་རེ་དབུ་མ་པ་ལ་སོགས་པ་ཀུན་རྫོབ་ཏུ་ཕྱི་རོལ་གྱི་ཡུལ་ཡོད་པར་འདོད་པ་དག་གང་གི་གཞུང་ལས་གཟུགས་ཀྱི་བློའི་ཡུལ་ཕྱི་རོལ་གྱི་གཟུགས་ཡིན་པར་འདོད་པ་དེ། ཇི་གཟུགས་ཀྱི་བློ་མིག་གི་རྣམ་པར་ཤེས་པ་
འདིའི་ཡུལ་རྡུལ་ཕྲ་རབ་ཀྱི་གཟུགས་གཅིག་ཡིན་ནམ། འོན་ཏེ་འདུས་པ་ཡིན་གྲང་ན། དེ་གཉིས་ཀ་ཡང་གཟུགས་ཀྱི་བློ་ཡུལ་དུ་མི་འཐད་པས་དེའི་ཕྱིར། ཕྱི་རོལ་གྱི་ཡུལ་ཡོད་པ་མ་ཡིན་ནོ་ཞེས་བསྒྲུབ་པའི་གཞུང་སྟོན་ཏོ། །དེ་ལ་རེ་ཞིག་རྡུལ་ཕྲ་རབ་ཕྱི་གཟུགས་གཅིག་གཟུགས་ཀྱི་བློའི་ཡུལ་མ་
ཡིན་པར་སྒྲུབ་པའི་གཞུང་བསྟན་པའི་ཕྱིར། དེ་ལ་རྡུལ་ཕྲ་རབ་ཀྱི་གཟུགས་གཅིག་ནི་གཟུགས་ཀྱི་བློའི་སྤྱོད་ཡུལ་མ་ཡིན་ཏེ། དེ་མི་སྣང་བའི་ཕྱིར། དཔེར་ན་མིག་བཞིན་ནོ་ཞེས་བྱ་བ་སྨྲས་ཏེ། དེ་དག་ནི་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་
པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་མིག་གི་དབང་པོ་ནི་མི་སྣང་བའི་ཕྱིར་གཟུགས་ཀྱི་བློའི་ཡུལ་མ་ཡིན་པ་དེ་བཞིན་དུ་རྡུལ་ཕྲ་རབ་ཀྱི་གཟུགས་གཅིག་ཀྱང་མི་སྣང་བའི་ཕྱིར་གཟུགས་ཀྱི་བློའི་ཡུལ་མ་ཡིན་ནོ། །ད་ནི་རྡུལ་ཕྲ་རབ་ཀྱི་གཟུགས་འདུས་པ་གཟུགས་ཀྱི་བློའི་ཡུལ་མ་ཡིན་པར་སྒྲུབ་པའི་

གཞུང་བསྟན་པའི་ཕྱིར། ཅི་སྟེ་འདུས་པ་ཡིན་ན་ནི་དེ་གཟུགས་ཀྱི་བློའི་ཡུལ་མ་ཡིན་ཏེ། རྫས་སུ་ཡོད་པ་མ་ཡིན་པའི་ཕྱིར་དཔེར་ན་ཟླ་བ་གཉིས་སུ་སྣང་བ་བཞིན་ནོ་ཞེས་ཟེར་ན་ཞེས་བྱ་བ་སྨྲས་ཏེ། དེ་དག་ཀྱང་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་
བཞིན་དུ་སྦྱར་ཏེ། དཔེར་ན་ཟླ་བ་གཉིས་སུ་སྣང་བ་ནི་རྫས་སུ་ཡོད་པ་མ་ཡིན་པའི་ཕྱིར་གཟུགས་ཀྱི་བློའི་ཡུལ་མ་ཡིན་པ་དེ་བཞིན་དུ་རྡུལ་ཕྲ་རབ་ཀྱི་གཟུགས་འདུས་པ་ཡང་དམག་དང་ནགས་ཚལ་དང་ཤིང་རྟ་ལ་སོགས་པ་བཞིན་དུ་འདུས་པ་སྤྱི་ལ་གདགས་པས་རྫས་སུ་ཡོད་པ་མ་ཡིན་པའི་ཕྱིར་གཟུགས་
ཀྱི་བློའི་ཡུལ་མ་ཡིན་ནོ་ཞེས་ཟེར་རོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས། དེ་ལ་གལ་ཏེ་དོན་དམ་པར་མིག་གི་རྣམ་པར་ཤེས་པ་གཟུགས་ལ་དམིགས་པ་ཉིད་དང་། གཟུགས་ཀྱང་མིག་གི་རྣམ་པར་ཤེས་པའི་དམིགས་པར་བྱ་བ་ཉིད་མ་ཡིན་པར་འགོག་པར་བྱེད་ན་
ནི་གྲུབ་པ་ལ་སྒྲུབ་པ་ཡིན་ནོ། །ཅི་སྟེ་ཐ་སྙད་དུ་ནི་གྲགས་པས་གནོད་དོ་ཞེས་སྨྲས་ཏེ། དོན་དམ་པར་ནི་ཡུལ་དང་རྣམ་པར་ཤེས་པ་སྐྱེ་བ་མེད་པར་དབུ་མ་པའི་ཕྱོགས་ལ་ཡང་གྲུབ་པའི་ཕྱིར་དང་ཐ་སྙད་དུ་ནི་ཡུལ་དང་རྣམ་པར་ཤེས་པ་ཡོད་པར་འཇིག་རྟེན་ལ་གྲགས་པའི་ཕྱིར་རོ། །རྡུལ་ཕྲ་རབ་དག་
དབང་པོའི་རྣམ་པར་རིག་པ་དག་གི་ཡུལ་མ་ཡིན་ནོ་ཞེས་དམ་བཅས་པ་དེའི་དོན་ཀྱང་གང་ཡིན་ཞེས་བྱ་བས་ནི་དབུ་མ་པས་སྔར་རྣལ་འབྱོར་སྤྱོད་པ་པ་གང་དག་འདི་སྐད་ཅེས་འདི་ལ་གཟུགས་ཀྱི་བློ་འདིའི་ཡུལ་རྡུལ་ཕྲ་རབ་ཀྱི་གཟུགས་གཅིག་ཡིན་ནམ། འདུས་པ་ཡིན་ཞེས་ཟེར་བས་རྡུལ་ཕྲ་རབ་ཀྱི་གཟུགས་
གཅིག་གམ། འདུས་པ་དག་གཟུགས་ཀྱི་བློའི་སྤྱོད་ཡུལ་མ་ཡིན་པར་དམ་བཅའ་བ་དེའི་དོན་ཀྱང་ཅི་གཟུགས་ཀྱི་བློའི་ཡུལ་རྡུལ་ཕྲ་རབ་ཀྱི་གཟུགས་དག་མ་ཡིན་ན། དེ་ལས་གཞན་ཞིག་ཡོད་པ་ཡིན་ནམ། འོན་ཏེ་རྡུལ་ཕྲ་རབ་ཀྱི་གཟུགས་དག་ཀྱང་མ་ཡིན་ལ། གཞན་ཡང་མེད་པས་ཡུལ་
ཇི་ཡང་མེད་པ་ཡིན་ནོ་ཞེས་བརྟག་པ་རྣམ་པ་གཉིས་སྟོན་ཏོ། །དེ་ལ་རེ་ཞིག་བརྟག་པ་དང་པོ་ལྟར་མི་འཐད་པར་བསྟན་པའི་ཕྱིར། གལ་ཏེ་ཡུལ་གཞན་ཡོད་པ་ཡིན་ན་ནི་ཕྱོགས་སྔ་མ་ལ་གནོད་དོ་ཞེས་བྱ་བ་སྨྲས་ཏེ། ཁྱེད་ཀྱིས་སྔར་ནི་གཟུགས་ཀྱི་བློའི་ཡུལ་མེད་པར་དམ་བཅའ་ལ། ད་ནི་དེའི་ཡུལ་

རྡུལ་ཕྲ་རབ་ཀྱི་གཟུགས་དག་མ་ཡིན་པ་དེ་ལས་གཞན་ཞིག་ཡོད་པར་ཁས་བླངས་པས་རང་གི་ཕྱོགས་སྔ་མ་ལ་གནོད་པའི་ཕྱིར་རོ། །བརྟག་པ་གཉིས་པ་ལྟར་མི་འཐད་པར་བསྟན་པའི་ཕྱིར། གལ་ཏེ་དེ་ལ་ཡུལ་མེད་ན་ནི་དཔེ་མེད་དེ། གཟུགས་ཀྱི་བློ་ཕྱོགས་སུ་བྱས་པ་ཡུལ་མེད་
པར་མ་གྲུབ་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། གང་གི་ཕྱིར་ཁྱེད་ཀྱིས་གཟུགས་ཀྱི་བློ་ལ་ཡུལ་མེད་དོ་ཞེས་ཕྱོགས་སུ་བྱས་པ་དེའི་ཕྱིར་གཟུགས་ཀྱི་བློ་ཡུལ་མེད་པར་མ་གྲུབ་པས་དེས་ན་ཁྱེད་ཀྱི་སྒྲུབ་པ་གཟུགས་ཀྱི་བློ་ལ་ཡུལ་མེད་དེ་ཞེས་དམ་བཅས་པ་དེའི་དཔེ་ཡང་གཟུགས་ཀྱི་བློ་ཡུལ་མེད་པ་གཞན་
འགའ་ཞིག་ལས་བླང་དགོས་ན་དཔེར་བྱ་བའི་གཟུགས་ཀྱི་བློ་གཞན་དེ་ཡང་གཟུགས་ཀྱི་བློ་ཡིན་པའི་ཕྱིར་ཡུལ་མེད་པར་མ་གྲུབ་པའི་ཕྱིར་ཏེ་གཟུགས་ཀྱི་བློ་ཡུལ་མེད་པར་བསྒྲུབ་པ་ཕྱོགས་སུ་བྱས་པ་འདིའི་དཔེར་མི་རུང་བའི་ཕྱིར་རོ། །གཞན་ཡང་བློ་རྡུལ་ཕྲ་རབ་ཀྱི་གཟུགས་བསྩགས་པ་
དང་། བསྩགས་པ་མ་ཡིན་པ་གཅིག་པུ་ལ་དམིགས་པ་དག་ཕྱོགས་སུ་བྱས་པས་ཞེས་བྱ་བ་ལ་སོགས་པས་ནི་སྔར་རྣལ་འབྱོར་སྤྱོད་པ་པ་དག་གིས་འདི་ལ་གཟུགས་ཀྱི་བློ་འདིའི་ཡུལ་རྡུལ་ཕྲ་རབ་ཀྱི་གཟུགས་གཅིག་ཡིན་ནམ། འདུས་པ་ཡིན་ཞེས་སྨྲས་པས། གཟུགས་ཀྱི་བློ་རྡུལ་ཕྲ་རབ་ཀྱི་གཟུགས་
བསྩགས་པ་དང་བསགས་པ་མ་ཡིན་པ་གཅིག་པུ་ལ་དམིགས་པ་དག་ཕྱོགས་སུ་བྱས་ནས་དེ་གཉི་ག་མི་འགྲུབ་པོ་ཞེས་ཟེར་བའི་ཕྱོགས་དེ་གཉིས་ཀ་ལ་ཡང་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་དང་གྲུབ་པ་ཉིད་དང་གྲུབ་པ་ལ་སྒྲུབ་པ་ཉིད་དང་། གཞི་མ་གྲུབ་པའི་སྐྱོན་ཡོད་པར་སྟོན་ཏོ། །དེ་ལ་རེ་ཞིག་ཕྱོགས་དང་པོའི་
གཏན་ཚིགས་ཀྱི་དོན་མ་གྲུབ་པའི་སྐྱོན་བསྟན་པའི་ཕྱིར། གཅིག་གི་དུས་ལ་ནི་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་དེ། བསྩགས་པའི་གཟུགས་རྡུལ་ཕྲ་རབ་ཀྱི་གཟུགས་གཞན་གྱིས་ཕན་བཏགས་པ་གཅིག་པུ་ཡང་རང་གི་བདག་ཉིད་སྣང་བའི་བློ་བསྐྱེད་པ་ཡིན་པའི་ཕྱིར་དེའི་བློ་ཡོད་པས་དེ་མི་སྣང་བ་ཉིད་མ་གྲུབ་པའི་
ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། དེས་ནི་སྔར་རྣལ་འབྱོར་སྤྱོད་པ་པ་དག་ན་རེ་དེ་ལ་རྡུལ་ཕྲ་རབ་ཀྱི་གཟུགས་གཅིག་ནི་གཟུགས་ཀྱི་བློའི་སྤྱོད་ཡུལ་མ་ཡིན་ཏེ། དེ་མི་སྣང་བའི་ཕྱིར་དཔེར་ན་མིག་བཞིན་ནོ་ཞེས་ཟེར་བའི་གཏན་ཚིགས་མི་སྣང་བའི་ཕྱིར་ཞེས་བྱ་བ་དེའི་དོན་མ་གྲུབ་པ་ཉིད་དུ་སྟོན་ཏེ། འདི་ལྟར་རྡུལ་ཕྲ་

རབ་ཀྱི་གཟུགས་བསྩགས་པ་མ་ཡིན་པ་གཅིག་པུ་ཡང་རང་གི་བདག་ཉིད་སྣང་བའི་བློ་སྐྱེད་པར་བྱེད་དེ། ཇི་ལྟ་ཞེ་ན། དཔེར་ན་མི་མང་པོའི་ལག་རུབ་ཀྱིས་སྡོང་པོ་ཆེན་པོ་བཤལ་བའི་དུས་ན་མི་མང་པོ་དེ་དག་གཅིག་གི་མཐུས་གཅིག་ལ་ཕན་བཏགས་པ་སྤྱིའི་མཐུས་སྡོང་བུ་དེ་བཤལ་ནུས་པར་གྱུར་པ་
ན་མི་མང་པོ་དེ་དག་ལས་མི་གཅིག་པུའི་མཐུ་རེ་རེ་ནས་མི་སྣང་ཡང་སྤྱིར་སྣང་བའི་ཚེ་ན་མི་གཅིག་པུ་དེའི་མཐུ་ཡང་རང་གི་བདག་ཉིད་སྣང་བའི་བློ་སྐྱེད་པ་ཡིན་པའི་ཕྱིར་དེའི་མཐུ་མི་སྣང་བ་མ་ཡིན་པ་དེ་བཞིན་དུ་རྡུལ་ཕྲ་རབ་ཀྱི་གཟུགས་བསྩགས་པ་མང་པོ་འདུས་པ་ལ་གཟུགས་ཀྱི་བློས་དམིགས་པའི་དུས་ན་
རྡུལ་ཕྲ་རབ་ཀྱི་གཟུགས་མང་པོ་དེ་དག་གཅིག་གི་གཟུགས་ཀྱིས་གཅིག་ལ་སྦྱར་ཅིང་ཕན་བཏགས་པ་ན་སྤྱི་འདུས་པ་གཟུགས་ཀྱི་བློ་དེའི་ཡུལ་དུ་གྱུར་པ་ན་རྡུལ་ཕྲ་རབ་ཀྱི་གཟུགས་མང་པོ་དེ་དག་ལས་གཅིག་པུའི་གཟུགས་རེ་རེ་ནས་མི་སྣང་ཡང་སྤྱིར་སྣང་བའི་ཚེ་ན་རྡུལ་ཕྲ་རབ་ཀྱི་གཟུགས་གཅིག་པུ་དེའི་གཟུགས་
ཀྱང་རང་གི་བདག་ཉིད་སྣང་བའི་བློ་སྐྱེད་པ་ཡིན་པའི་ཕྱིར་དེའི་གཟུགས་མི་སྣང་བ་མ་ཡིན་པས་མི་སྣང་བའི་ཕྱིར་ཞེས་བྱ་བའི་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་དོ། །ཕྱོགས་དང་པོའི་གཏན་ཚིགས་གྲུབ་པ་ལ་སྒྲུབ་པའི་སྐྱོན་བསྟན་པའི་ཕྱིར། གཞན་གྱི་དུས་ལ་ནི་གྲུབ་པ་ལ་སྒྲུབ་པ་ཡིན་ཏེ། བསྩགས་པ་
མ་ཡིན་པའི་གཟུགས་མིག་གི་རྣམ་པར་ཤེས་པའི་ཡུལ་ཉིད་དུ་ཁས་མ་བླངས་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། དེས་ནི་སྔར་རྣལ་འབྱོར་སྤྱོད་པ་པ་དག་ན་རེ་དེ་ལ། རྡུལ་ཕྲ་རབ་ཀྱི་གཟུགས་གཅིག་ནི། གཟུགས་ཀྱི་བློའི་སྤྱོད་ཡུལ་མ་ཡིན་ཏེ། དེ་མི་སྣང་བའི་ཕྱིར་དཔེར་ན་མིག་བཞིན་ནོ་ཞེས་ཟེར་བའི་
གཏན་ཚིགས་མི་སྣང་བའི་ཕྱིར་ཞེས་བྱ་བ་དེ་གྲུབ་པ་ལ་སྒྲུབ་པ་ཉིད་དུ་སྟོན་ཏེ། འདི་ལྟར་ཁོ་བོ་ཅག་དབུ་མ་པས་ཀྱང་རྡུལ་ཕྲ་རབ་ཀྱི་གཟུགས་བསྩགས་པ་མ་ཡིན་པ་གཅིག་པུ་མིག་གི་རྣམ་པར་ཤེས་པའི་ཡུལ་ཉིད་དུ་ཁས་མ་བླངས་པའི་ཕྱིར་རོ། །སྡེ་པ་གཞན་དག་ལ་ཡང་དེ་གྲུབ་པ་ལ་སྒྲུབ་པ་ཡིན་
པར་བསྟན་པའི་ཕྱིར། ཆོས་མངོན་པ་ལས་ཀྱང་གཟུགས་ཅན་བཅུ་ནི་བསྩགས་པའོ་ཞེས་འབྱུང་བས། དེའི་ཕྱིར་བསྩགས་པ་མ་ཡིན་པ་ནི་ཡུལ་གྱི་དངོས་པོར་མི་འགྲུབ་བོ་ཞེས་བྱ་བ་སྨྲས་ཏེ། དེས་ནི་རྣལ་འབྱོར་སྤྱོད་པ་པ་དག་གི་གཏན་ཚིགས་མི་སྣང་བའི་ཕྱིར་ཞེས་བྱ་བ་དེ་སྡེ་པ་གཞན་དག་གི་ཕྱོགས་

ལ་ཡང་གྲུབ་པ་ལ་སྒྲུབ་པའི་སྐྱོན་ཆགས་པ་ཡིན་པར་བསྟན་ཏོ། །ཕྱོགས་དང་པོའི་གཏན་ཚིགས་ཀྱི་གཞི་མ་གྲུབ་པའི་སྐྱོན་བསྟན་པའི་ཕྱིར། གཟུགས་ལ་དམིགས་པ་མེད་པར་གཟུགས་ཀྱི་བློ་སྐྱེ་བར་དམ་འཆའ་བ་ནི་གཟུགས་ལ་དམིགས་པར་མི་བྱེད་པའི་བློ་ནི་མིག་གི་དབང་པོའི་
བློ་ཉིད་ཡིན་པར་མི་འགྲུབ་པས་དེ་མི་སྣང་བའི་ཕྱིར་ཞེས་བྱ་བའི་གཏན་ཚིགས་ཀྱི་གཞི་མ་གྲུབ་པ་ཉིད་དོ་ཞེས་བྱ་བ་སྨྲས་ཏེ། དེས་ནི་སྔར་རྣལ་འབྱོར་སྤྱོད་པ་པ་དག་ན་རེ་དེ་ལ་རྡུལ་ཕྲ་རབ་ཀྱི་གཟུགས་གཅིག་ནི་གཟུགས་ཀྱི་བློའི་སྤྱོད་ཡུལ་མ་ཡིན་ཏེ། དེ་མི་སྣང་བའི་ཕྱིར་དཔེར་ན་མིག་བཞིན་ནོ་ཞེས་ཟེར་བའི་གཏན་
ཚིགས་མི་སྣང་བའི་ཕྱིར་ཞེས་བྱ་བ་དེའི་གཞི་མ་གྲུབ་པ་ཉིད་དུ་སྟོན་ཏེ། སྔར་རྣལ་འབྱོར་སྤྱོད་པ་པ་དག་གིས་རྡུལ་ཕྲ་རབ་ཀྱི་གཟུགས་གཅིག་ནི་གཟུགས་ཀྱི་བློའི་སྤྱོད་ཡུལ་མ་ཡིན་ཏེ་ཞེས་སྨྲས་པ་དེ་ཉིད་ཀྱིས་གཟུགས་ལ་དམིགས་པ་མེད་པར་ཡང་གཟུགས་ཀྱི་བློ་སྐྱེ་བར་དམ་བཅས་པ་ཡིན་པས།
དེས་ན་གཟུགས་ལ་དམིགས་པ་མེད་པའི་བློ་ནི་མིག་གི་དབང་པོའི་བློ་ཉིད་ཡིན་པར་མི་འགྲུབ་པའི་ཕྱིར་གཟུགས་ཀྱི་བློ་ཉིད་མེད་པས། དེས་ན་ཕ་རོལ་པོ་དག་གི་གཏན་ཚིགས་དེ་མི་སྣང་བའི་ཕྱིར་ཞེས་བྱ་བའི་གཞི་མ་གྲུབ་པ་ཉིད་དེ་གཟུགས་ཀྱི་བློ་ཉིད་མ་གྲུབ་པའི་ཕྱིར་རོ་ཞེས་བསྟན་ཏོ། །གཟུགས་
ལ་བློའི་ཡུལ་འདུས་པ་ཉིད་ལ་ཡང་རྫས་སུ་ཡོད་པ་མ་ཡིན་པའི་ཕྱིར་ཞེས་གང་སྨྲས་པ་དེ་ལ་སྔ་མ་བཞིན་དུ་དམ་བཅས་པའི་སྐྱོན་ཡོད་དོ་ཞེས་བྱ་བས་ནི་སྔར་རྣལ་འབྱོར་སྤྱོད་པ་པ་དག་གི་སྤྱི་སྟེ་འདུས་པ་ཡིན་ན་ནི་དེ་གཟུགས་ཀྱི་བློའི་ཡུལ་མ་ཡིན་ཏེ། རྫས་སུ་ཡོད་པ་མ་ཡིན་པའི་ཕྱིར་དཔེར་ན་
ཟླ་བ་གཉིས་སུ་སྣང་བ་བཞིན་ནོ་ཞེས་སྨྲས་པའི་ཕྱོགས་གཉིས་པ་དེ་ལ་ཡང་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་དང་། གྲུབ་པ་ལ་སྒྲུབ་པ་ཉིད་དང་། གཏན་ཚིགས་ཀྱི་གཞི་མ་གྲུབ་པ་ཉིད་ཀྱི་སྐྱོན་སྔ་མ་བཞིན་དུ་སྦྱར་བ་སྟོན་ཏེ། སྔར་རྣལ་འབྱོར་སྤྱོད་པ་པ་དག་གིས་རྡུལ་ཕྲ་རབ་ཀྱི་གཟུགས་
འདུས་པ་གཟུགས་ཀྱི་བློའི་སྤྱོད་ཡུལ་མ་ཡིན་པར་དམ་བཅས་པའི་གཏན་ཚིགས་རྫས་སུ་ཡོད་པ་མ་ཡིན་པའི་ཕྱིར་ཞེས་གང་སྨྲས་པ་དེ་མི་འགྲུབ་སྟེ། རྫས་སུ་ཡོད་པ་མ་ཡིན་ཡང་དམག་དང་ནགས་ཚལ་དང་། ཤིང་རྟ་ལ་སོགས་པ་གཟུགས་ཀྱི་བློས་སྐྱེད་པའི་ཡུལ་ཡིན་པའི་ཕྱིར་

དང་། རྫས་སུ་ཡོད་པ་མ་ཡིན་པའི་ཕྱིར་ཞེས་བྱ་བ་དེ་གྲུབ་པ་ལ་སྒྲུབ་པ་ཉིད་ཀྱང་ཡིན་ཏེ། དབུ་མ་པ་དང་། སྡེ་པ་གཞན་དག་གིས་ཀྱང་འདུས་པ་རྫས་སུ་ཡོད་པ་ཉིད་དུ་ཁས་མ་བླངས་པའི་ཕྱིར་དང་། དེའི་གཞི་མ་གྲུབ་པ་ཡང་ཡིན་ཏེ། འདུས་པ་གཟུགས་ཀྱི་བློའི་ཡུལ་མ་ཡིན་ཏེ་ཞེས་སྨྲས་པ་དེ་ཉིད་ཀྱིས་
གཟུགས་ལ་དམིགས་པ་མེད་པར་གཟུགས་ཀྱི་བློ་སྐྱེ་བར་དམ་བཅས་པས་གཟུགས་ལ་དམིགས་པར་མི་བྱེད་པའི་བློ་ནི་མིག་གི་དབང་པོའི་བློ་ཉིད་ཡིན་པར་མི་འགྲུབ་པས་རྫས་སུ་ཡོད་པ་མ་ཡིན་པའི་ཕྱིར་ཞེས་བྱ་བའི་གཏན་ཚིགས་ཀྱི་གཞི་མ་གྲུབ་པ་ཉིད་ཡིན་པའི་ཕྱིར་རོ།། །།བམ་པོ་བདུན་ཅུ་
བརྒྱད་པ། ཟླ་བ་གཉིས་སུ་སྣང་བ་ཡང་གལ་ཏེ་དོན་ཡིན་ནོ་ཞེ་ན་ནི། དེ་རང་དང་གཞན་ལ་མི་འགྲུབ་སྟེ། རྣམ་པ་དེ་ལྟ་བུའི་དོན་མི་སྲིད་པའི་ཕྱིར་རོ་ཞེས་བྱ་བ་ནི་སྔར་རྣལ་འབྱོར་སྤྱོད་པ་པ་དག་གིས་ཅི་སྟེ་འདུས་པ་ཡིན་ན་ནི་དེ་གཟུགས་ཀྱི་བློའི་ཡུལ་མ་ཡིན་ཏེ། རྫས་སུ་ཡོད་པ་མ་ཡིན་པའི་ཕྱིར་དཔེར་ན་ཟླ་བ་གཉིས་སུ་
སྣང་བ་བཞིན་ནོ་ཞེས་སྨྲས་པའི་དཔེ་དེ་མི་འགྲུབ་པར་སྟོན་ཏེ། ཁྱེད་ཀྱི་དཔེ་ཟླ་བ་གཉིས་སུ་སྣང་བ་བཞིན་ནོ་ཞེས་བྱ་བ་དེ་ཡང་གལ་ཏེ་ཕྱི་རོལ་གྱི་དོན་ཡིན་པ་དེ་རྫས་སུ་ཡོད་པ་མ་ཡིན་པའི་ཕྱིར་གཟུགས་ཀྱི་བློའི་ཡུལ་མ་ཡིན་པ་དེ་བཞིན་དུ་རྡུལ་ཕྲ་རབ་ཀྱི་གཟུགས་འདུས་པ་ཡང་ཕྱི་རོལ་གྱི་དོན་ཡིན་ལ། དེ་རྫས་སུ་
ཡོད་པ་མ་ཡིན་པའི་ཕྱིར་གཟུགས་ཀྱི་བློའི་ཡུལ་མ་ཡིན་ནོ་ཞེས་བྱ་བར་སྒྲུབ་ན་ནི་ཁྱེད་ཀྱི་དཔེ་དེ་རང་དང་གཞན་ལ་མི་འགྲུབ་སྟེ། ཇི་ལྟར་ན་ཟླ་བ་གཉིས་སུ་སྣང་བའི་ཕྱི་རོལ་གྱི་དོན་ཡིན་ནོ་ཞེས་བྱ་བ་དེ་ཁྱེད་ཅག་གི་ཕྱི་རོལ་གྱི་དོན་མེད་པར་སྨྲ་བ་རང་གི་ཕྱོགས་ལ་ཡང་ཟླ་བ་གཉིས་སུ་སྣང་བ་དེ་ལྟ་བུའི་དོན་མི་སྲིད་པའི་ཕྱིར་
དང་། ཁོ་བོ་ཅག་ཕྱི་རོལ་དོན་ཡོད་པར་སྨྲ་བ་གཞན་གྱི་ཕྱོགས་ལ་ཡང་ཟླ་བ་གཉིས་པ་སྣང་བ་དེ་ལྟ་བུའི་དོན་མི་སྲིད་པའི་ཕྱིར་རོ། །འོན་ཏེ་ཟླ་བ་གཉིས་སུ་སྣང་བ་བློ་ཡིན་ནོ་ཞེ་ན་ནི་དེ་རྫས་སུ་ཡོད་པ་མ་ཡིན་པར་མ་གྲུབ་པའི་ཕྱིར་དཔེ་ལ་སྒྲུབ་པའི་ཆོས་མ་ཚང་བ་ཉིད་ཀྱི་སྐྱོན་ཡོད་དོ་ཞེས་བྱ་བས་ནི་འོན་ཏེ་
ཁྱེད་ཀྱི་དཔེ་ཟླ་བ་གཉིས་སུ་སྣང་བ་བཞིན་ནོ་ཞེས་བྱ་བ་དེའི་ཕྱི་རོལ་གྱི་དོན་མ་ཡིན་གྱི། ནང་གི་སེམས་ཡིན་ལ། དེ་རྫས་སུ་ཡོད་པ་མ་ཡིན་པའི་ཕྱིར་གཟུགས་ཀྱི་བློའི་ཡུལ་མ་ཡིན་པ་དེ་བཞིན་དུ་རྡུལ་ཕྲ་རབ་ཀྱི་གཟུགས་འདུས་པ་ཡང་ཕྱི་རོལ་གྱི་དོན་མ་ཡིན་གྱི། ནང་གི་སེམས་ཡིན་ལ་དེ་རྫས་སུ་ཡོད་པར་འདོད་པའི་

ཟླ་བ་གཉིས། གཟུགས་ཀྱི་བློའི་ཡུལ་མ་ཡིན་ནོ་ཞེས་བྱ་བར་སྒྲུབ་པའི་ཆོས་མ་ཚང་བ་ཉིད་ཀྱི་སྐྱོན་ཡོད་དེ། ཇི་ལྟར་ན་ཟླ་བ་གཉིས་སུ་སྣང་བ་ནང་གི་སེམས་ཡིན་ནོ་ཞེས་བྱ་བ་དེ་ཁྱེད་ཅག་རྣམ་པར་ཤེས་པ་ཙམ་དུ་སྨྲ་བ་དག་སེམས་དང་སེམས་ལས་བྱུང་བ་དག་རྫས་སུ་ཡོད་པར་འདོད་པའི་ཟླ་བ་
གཉིས་སུ་སྣང་བ་བློ་ཡིན་ནོ་ཞེས་བྱ་བ་དེ་རྫས་སུ་ཡོད་པ་མ་ཡིན་པར་མ་གྲུབ་པའི་ཕྱིར་ཁྱེད་ཀྱི་དཔེ་ཟླ་བ་གཉིས་སུ་སྣང་བ་བཞིན་ནོ་ཞེས་བྱ་བ་དེ་ལ་སྒྲུབ་པའི་ཆོས་རྫས་སུ་ཡོད་པ་མ་ཡིན་པའི་ཕྱིར་ཞེས་བྱ་བ་དེ་མ་ཚང་བ་ཉིད་ཀྱི་སྐྱོན་ཡོད་པས་མི་རུང་ངོ་། །གཟུགས་ཀྱི་རྣམ་པར་ཤེས་པ་གཟུགས་ཞེས་བྱ་བའི་
དོན་གྱིས་སྟོང་པར་སྟོན་ན་ནི་དཔེ་ལ་བསྒྲུབ་པར་བྱ་བ་ཆོས་མ་ཚང་བ་ཉིད་ཀྱི་སྐྱོན་ཡོད་དེ། ཟླ་བ་གཉིས་སུ་མཐོང་བའི་བློ་ཕྱི་རོལ་གྱི་དམིགས་པ་ལ་མ་ལྟོས་པར་སྐྱེ་བར་མི་འགྲུབ་པའི་ཕྱིར་རོ་ཞེས་བྱ་བས་ནི་སྔར་ཁྱེད་ན་རེ་ཇི་སྟེ་འདུས་པ་ཡིན་ན་ནི་དེ་གཟུགས་ཀྱི་བློའི་ཡུལ་མ་ཡིན་ཏེ། རྫས་སུ་ཡོད་པ་མ་ཡིན་
པའི་ཕྱིར་དཔེར་ན་ཟླ་བ་གཉིས་སུ་མཐོང་བ་བཞིན་ནོ་ཞེས་ཟེར་བའི་སྒྲུབ་པ་དེས་གལ་ཏེ། གཟུགས་ཀྱི་རྣམ་པར་ཤེས་པ་གཟུགས་ཞེས་བྱ་བའི་དོན་གྱིས་སྟོང་སྟེ། མིག་གི་རྣམ་པར་ཤེས་པ་ལ་ཡུལ་ཕྱི་རོལ་གྱི་གཟུགས་མེད་དོ་ཞེས་བྱ་བར་སྟོན་ན་ནི་དེ་ལྟར་ན་ཁྱེད་ཀྱི་དཔེ་ལ་བསྒྲུབ་པར་བྱ་བ་ཆོས་མ་ཚང་
བ་ཉིད་ཀྱི་སྐྱོན་ཡོད་དེ། ཇི་ལྟར་ཞེ་ན། མིག་གི་རྣམ་པར་ཤེས་པ་ཟླ་བ་གཉིས་སུ་མཐོང་བའི་བློ་ནི་དེའི་ཡུལ་གྱི་ཕྱི་རོལ་ན་ཟླ་བ་བཞི་པོ་སྔ་ན་ཡོད་པ་དེ་ལ་དམིགས་ནས་དེའི་འོག་ཏུ་ཟླ་བ་གཉིས་པ་མཐོང་བའི་བློ་སྐྱེ་བ་ཡིན་པས་ཟླ་བ་གཉིས་སུ་མཐོང་བའི་བློ་དེ་ཕྱི་རོལ་གྱི་དམིགས་པ་ཟླ་བ་བཞི་པོ་སྔ་ན་ཡོད་པ་ལ་
མ་ལྟོས་པར་སྐྱེ་བ་མི་འགྲུབ་པའི་ཕྱིར་ཁྱེད་ཀྱི་དཔེ་ཟླ་བ་གཉིས་སུ་མཐོང་བའི་ཕྱི་རོལ་གྱི་དམིགས་པ་ལ་ལྟོས་ཏེ། སྐྱེས་པ་དེ་ལ་བསྒྲུབ་པར་བྱ་བ་ཆོས་གཟུགས་ཀྱི་རྣམ་པར་ཤེས་པ་ཕྱི་རོལ་གྱི་དམིགས་པ་ལ་མ་ལྟོས་པར་སྐྱེ་བ་ཞེས་བྱ་བ། གཟུགས་ཀྱི་རྣམ་པར་ཤེས་པ་གཟུགས་ཞེས་བྱ་བའི་དོན་གྱིས་སྟོང་པར་
སྟོན་པ་དེ་མ་ཚང་བ་ཉིད་ཀྱི་སྐྱོན་ཡོད་པས་མི་རུང་ངོ་། །གཞན་ཡང་སྨྲ་བར་འདོད་པའི་རྣམ་པར་ཤེས་པ་ནི་དམིགས་པའི་རྐྱེན་གཟུགས་ཀྱི་རྣམ་པར་ཤེས་པའི་གཟུགས་སུ་སྣང་བ་ཉིད་གང་ཡིན་པ་དེ་དང་ལྡན་པ་མ་ཡིན་ཏེ། མིག་གི་རྒྱུ་དང་ལྡན་པའི་ཕྱིར་དཔེར་ན་དེ་ཉིད་ཀྱི་རང་གི་བདག་ཉིད་དུ་སྣང་བ་བཞིན་

པས། ཐ་སྙད་དུ་དམིགས་པའི་རྐྱེན་ལ་སྐུར་པ་འདེབས་པའི་ཕྱིར་མཛད་པའི་མཐའ་དང་འགལ་ལོ་ཞེས་བྱ་བས་ནི་འདི་སྐད་སྟོན་ཏེ། རྣམ་པར་ཤེས་པ་ཙམ་དུ་སྨྲས་པ་དག་གི་གྲུབ་པའི་མཐའ་ལས་ཕྱི་རོལ་གྱི་དོན་ནི་མེད་ཀྱི། ནང་གི་སེམས་ནི་ཡོད་པས་རྣམ་པར་ཤེས་པ་རྣམས་སྐྱེ་བ་ནི་གཟུང་
བའི་རྣམ་པར་སྣང་བ་དང་། འཛིན་པའི་རྣམ་པར་སྣང་བའི་ཆ་གཉིས་སུ་སྐྱེ་སྟེ། དེ་ལ་གཟུང་བའི་རྣམ་པར་སྣང་བ་ནི་རྣམ་པར་ཤེས་པ་ཉིད་ཡུལ་གྱི་རྣམ་པ་ལྟ་བུར་ཕྱི་རོལ་ན་དམིགས་པའི་རྐྱེན་དུ་སྣང་བ་ཡིན་ལ། འཛིན་པའི་རྣམ་པར་སྣང་བ་ནི་རྣམ་པར་ཤེས་པ་དེ་ཉིད་གཟུང་བའི་རྣམ་པར་
སྣང་བ་དེ་ལ་བརྟེན་ནས་འཛིན་པའི་ངོ་བོ་ཉིད་དུ་སྐྱེ་བ་ཡིན་པས་རྣམ་པར་ཤེས་པ་ཉིད་ལས་ཆ་གཅིག་ནི་གཟུང་བའི་རྣམ་པར་སྣང་། ཆ་གཅིག་ནི་འཛིན་པའི་རྣམ་པར་སྣང་སྟེ། དེ་གཉིས་ངོ་བོ་ཉིད་གཅིག་པའི་ཕྱིར་གཟུང་བ་དང་འཛིན་པའི་བདག་ཉིད་གཉིས་སུ་དབྱེར་མེད་པས། གཟུང་
བའི་རྣམ་པར་སྣང་བའི་ཆ་དེ་ཉིད་འཛིན་པའི་རྣམ་པར་སྣང་བའི་ཆ་དེའི་དམིགས་པའི་རྐྱེན་ཡིན་པའི་ཕྱིར་སེམས་ཉིད་ལ་སེམས་ཉིད་དམིགས་ཏེ། སྐྱེ་བས་ཕྱི་རོལ་གྱི་ཡུལ་ནི་མེད་ཀྱི། ནང་གི་སེམས་འབའ་ཞིག་ཡོད་དོ་ཞེས་ཟེར་རོ། །ད་འདིར་དེ་དག་གི་གཞུང་དགག་ཅིང་
རྣམ་པར་ཤེས་པ་ལས་གཞན་པ་དམིགས་པའི་རྐྱེན་ཕྱི་རོལ་གྱི་ཡུལ་ཉིད་ཡོད་པར་སྟོན་ཏེ། རྣམ་པར་ཤེས་པ་ཙམ་དུ་སྨྲ་བ་དག་གིས་བརྟགས་པའི་རྣམ་པར་ཤེས་པ་འཛིན་པའི་རྣམ་པར་སྣང་བའི་ཆ་དེ་ནི་དམིགས་པའི་རྐྱེན་གཟུང་བའི་རྣམ་པར་སྣང་བའི་ཆ་དེ་དང་ལྡན་པ་མ་
ཡིན་ཏེ། མིག་གི་རྒྱུ་དང་ལྡན་པའི་ཕྱིར་དཔེར་ན་འཛིན་པའི་རྣམ་པར་སྣང་བའི་ཆ་དེ་ཉིད་ཀྱི་རང་གི་བདག་ཉིད་གང་ཡིན་པ་དེ་དམིགས་པའི་རྐྱེན་རང་གི་བདག་ཉིད་དེ་ཉིད་དང་ལྡན་པ་མ་ཡིན་པ་བཞིན་པས། ཕྱི་རོལ་གྱི་ཡུལ་མེད་པར་སྨྲ་ན་ཐ་སྙད་དུ་ཡང་དམིགས་པའི་རྐྱེན་ལ་སྐུར་པ་འདེབས་པའི་ཕྱིར་
མཛད་པའི་མཐའ་ལས་མིག་དང་གཟུགས་རྣམས་ལ་བརྟེན་ནས་མིག་གི་རྣམ་པར་ཤེས་པ་སྐྱེའོ་ཞེས་འབྱུང་བ་དང་འགལ་བས། རྣམ་པར་ཤེས་པ་ཙམ་དུ་སྨྲ་བ་ཀུན་རྫོབ་ཏུ་ཡང་ཕྱི་རོལ་གྱི་ཡུལ་མེད་པར་འདོད་པའི་གཞུང་དེ་རིགས་པ་དང་ལུང་དང་ཚད་མ་ཐམས་ཅད་དང་འགལ་བའི་ཕྱིར་མི་རུང་ངོ་

ཞེས་སྟོན་ཏོ། །དེ་དག་ཀྱང་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་དང་། མཇུག་བསྡུ་བ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་མིག་གི་རྣམ་པར་ཤེས་པ་འཛིན་པའི་རྣམ་པར་སྣང་བའི་ཆ་དེ་ཉིད་ཀྱི་རང་གི་བདག་ཉིད་ནི་མིག་གི་
རྒྱུ་དང་ལྡན་པའི་ཕྱིར་དམིགས་པའི་རྐྱེན་མིག་གི་རྣམ་པར་ཤེས་པ་འཛིན་པའི་རྣམ་པར་སྣང་བའི་ཆ་དེ་ཉིད་ཀྱི་རང་གི་བདག་ཉིད་གང་ཡིན་པ་དེ་དང་ལྡན་པ་མ་ཡིན་པ་བཞིན་དུ་ཕ་རོལ་པོ་དག་སྨྲ་བར་འདོད་པའི་མིག་གི་རྣམ་པར་ཤེས་པ་འཛིན་པའི་རྣམ་པར་སྣང་བའི་ཆ་དེ་ཡང་མིག་གི་རྒྱུ་དང་ལྡན་པའི་ཕྱིར་
དམིགས་པའི་རྐྱེན་མིག་གི་རྣམ་པར་ཤེས་པ་འཛིན་པའི་རྣམ་པར་སྣང་བའི་ཆ་དེ་ཉིད་ཀྱི་གཟུང་བའི་ཆ་གང་ཡིན་པ་དེ་ཉིད་དང་ལྡན་པ་མ་ཡིན་ནོ། །དེ་ལྟར་གང་གི་ཕྱིར་རྣམ་པར་ཤེས་པ་ཙམ་དུ་སྨྲ་བ་དག་འདོད་པ་ལྟར་ཕྱི་རོལ་གྱི་ཡུལ་མེད་པར་གྱུར་ན་ཐ་སྙད་དུ་ཡང་དམིགས་པའི་རྐྱེན་ལ་སྐུར་པ་འདེབས་པ་དེའི་
ཕྱིར་རང་གི་མཛད་པའི་མཐའ་ལས་མིག་དང་། གཟུགས་རྣམས་ལ་བརྟེན་ནས་མིག་གི་རྣམ་པར་ཤེས་པ་སྐྱེའོ་ཞེས་གསུངས་པ་དང་འགལ་བས་དེ་ནི་མི་རུང་ངོ་། །དེའི་ཕྱིར་དབུ་མ་པ་སྨྲ་བའི་ཚུལ་ཀུན་རྫོབ་ཏུ་དམིགས་པའི་རྐྱེན་ཕྱི་རོལ་གྱི་ཡུལ་རྣམས་ལ་བརྟེན་ནས་ནང་གི་རྣམ་པར་ཤེས་པ་སྐྱེ་བར་འགྱུར་
བ་ལུང་དང་རིགས་པས་གྲུབ་པ་དེ་ཉིད་ངེས་པར་ཁས་བླང་བར་བྱའོ། །གལ་ཏེ་འདིར་རྣལ་འབྱོར་སྤྱོད་པ་པ་དག་འདི་སྐད་ཅེས་ཕྱི་རོལ་གྱི་དམིགས་པའི་རྐྱེན་མེད་ཀྱང་ཀུན་གཞི་རྣམ་པར་ཤེས་པ་ཉིད་ཡུལ་གྱི་ངོ་བོ་ཉིད་དུ་སྣང་བ་དམིགས་པའི་རྐྱེན་ཡིན་པས་མཛད་པའི་མཐའ་དང་མི་འགལ་ལོ་ཞེས་ཟེར་བའི་ཕྱོགས་
སྔ་མ་ཁོང་ནས་དབྱུང་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས། རྣམ་པར་ཤེས་པ་ནི་རང་གི་བདག་ཉིད་ཀྱིས་ངེས་པར་གནས་པའི་ཕྱིར་རྒྱུ་ཡོད་ན་ལྟ་བ་མེད་པར་མི་འཐད་པས་དམིགས་པ་མེད་པར་མི་འགྲུབ་པོ་ཞེས་བྱ་བ་སྨྲས་ཏེ། ཀུན་གཞི་རྣམ་པར་ཤེས་པ་དམིགས་པའི་རྐྱེན་ཡིན་ན་དེ་ནི་
གནས་མ་གྱུར་གྱི་བར་དུ་རང་གི་བདག་ཉིད་ཀྱིས་ངེས་པར་གནས་པའི་ཕྱིར་རྒྱུ་ཡོད་ན་གཟུགས་ལ་ལྟ་བའི་རྣམ་པར་ཤེས་པ་ཡང་མེད་པར་མི་འཐད་པས་རྒྱུ་ཀུན་གཞི་རྣམ་པར་ཤེས་པ་རྟག་ཏུ་ཡོད་པ་བཞིན་དུ་དེ་ལ་དམིགས་པ་མིག་གི་རྣམ་པར་ཤེས་པ་ཡང་རྟག་ཏུ་སྐྱེ་བའི་རིགས་དང་། དེ་ལྟ་ནི་མ་ཡིན་ཏེ། གང་

གི་ཚེ་དམིགས་པའི་རྐྱེན་ཕྱི་རོལ་གྱི་ཡུལ་ཉེ་བར་གནས་ན་ཉེ་བར་གནས་པ་ལས་བྱུང་བའི་མིག་གི་རྣམ་པར་ཤེས་པ་སྐྱེའི། དེ་མེད་ན་མི་སྐྱེ་བས་དམིགས་པའི་རྐྱེན་ཕྱི་རོལ་གྱི་ཡུལ་མེད་པར་མི་འགྲུབ་པོ། །ཇི་སྟེ་འདི་སྙམ་དུ། དམིགས་པ་ལ་ནི་བརྟེན་བྱས་ནས། །མི་དམིགས་པ་ནི་རབ་ཏུ་སྐྱེ། །མི་
དམིགས་པ་ལ་བརྟེན་བྱས་ནས། །མི་དམིགས་པ་ནི་རབ་ཏུ་སྐྱེ། །ཞེས་འབྱུང་བས་སྐྱོན་མེད་དོ་སྙམ་ན་ཞེས་བྱ་བས་ནི་རྣལ་འབྱོར་སྤྱོད་པ་པ་དག་འདི་སྙམ་དུ་རྣམ་པར་ཤེས་པ་ཙམ་དུ་སྨྲ་བའི་གྲུབ་པའི་མཐའ་ལས་དམིགས་པ་ཞེས་བྱ་བ་སེམས་ཙམ་དུ་ཤེས་པ་ལ་བརྟེན་ནས་མི་དམིགས་པ་ཞེས་བྱ་བ་ཡུལ་མེད་
པར་ཤེས་པ་སྐྱེ་ལ། ཡུལ་མེད་པར་ཤེས་པ་ལ་བརྟེན་ནས་གཟུང་བ་མེད་པར་འགྱུར་ཏེ། དེ་མེད་པས་ན་དེ་ཡང་མེད་ཅིང་འབྱུང་བའི་ཚུལ་གྱིས་དམིགས་པའི་རྐྱེན་ཕྱི་རོལ་གྱི་ཡུལ་མེད་པར་འགྲུབ་པས་སྐྱོན་མེད་དོ་སྙམ་དུ་སེམས་པ་ཡིན་ནོ། །དེའི་ལན་དུ་འགྲེལ་པ་བྱེད་པ་ཉིད་ཀྱིས། ཕྱོགས་དེའི་ལན་
ནི་བཏབ་ཟིན་ཏེ། རྣམ་པར་རིག་པ་ཙམ་ཉིད་ཀྱི་སྐྱེ་བ་རབ་ཏུ་གྲུབ་པར་གྱུར་ན་ནི། དེ་ཡང་འགྲུབ་པར་འགྱུར་བ་ཞིག་ན་དེ་ནི་རབ་ཏུ་མ་གྲུབ་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། དམིགས་པ་ལ་བརྟེན་ནས་མི་དམིགས་པ་སྐྱེ་བ་དང་། མི་དམིགས་པ་ལ་བརྟེན་ནས་མི་དམིགས་པ་སྐྱེ་བ་རབ་ཏུ་གྲུབ་པར་གྱུར་ན་ནི་ཁྱེད་
ཀྱི་ཕྱོགས་དེ་ཡང་འགྲུབ་པར་འགྱུར་བ་ཞིག་ན། ཁོ་བོ་ཅག་གིས་དོན་དམ་པར་སྐྱེ་བ་བཀག་པའི་ཕྱིར་ཁྱེད་ཀྱི་ཕྱོགས་དེ་མི་འགྲུབ་བོ། །དེ་ཡོད་པར་གྱུར་ན་ཡང་ཇི་ལྟར་རྣམ་པར་ཤེས་པ་མེད་པར་འགྱུར་ཞེས་བྱ་བ་དེ་ཉིད་དེ་བཞིན་དུ་ཉེ་བར་གནས་སོ་ཞེས་བྱ་བས་ནི་རྣམ་པར་རིག་པ་ཙམ་དེ་ཡོད་པར་གྱུར་ན་ཡང་སྔར་
ཁོ་བོས་རྣམ་པར་ཤེས་པ་ནི་རང་གི་བདག་ཉིད་ཀྱིས་ངེས་པར་གནས་པའི་ཕྱིར་རྒྱུ་ཡོད་ན་ལྟ་བ་མེད་པར་མི་འཐད་པས་དམིགས་པ་མེད་པར་མི་འགྲུབ་བོ་ཞེས་བཤད་པ་དེ་ཉིད་དེ་བཞིན་དུ་ཉེ་བར་གནས་པས་དམིགས་པའི་རྐྱེན་ཕྱི་རོལ་གྱི་ཡུལ་མེད་པར་མི་འགྲུབ་ཅེས་བསྟན་ཏོ། །གལ་ཏེ་སྐྱེ་བ་མེད་པས་
དོན་མེད་པའི་ཕྱིར་རོ་ཞེ་ན་ནི་དེ་ཉིད་དབུ་མ་པའི་སྨྲ་བའི་རྗེས་སུ་སྨྲ་བ་ཡིན་ནོ་ཞེས་བྱ་བ་ནི་གལ་ཏེ་ཕ་རོལ་པོ་དག་སྔར་དབུ་མ་པས་རྒྱུ་ཡོད་ན་ལྟ་བ་མེད་པར་མི་འཐད་པས་དམིགས་པ་མེད་པར་མི་འགྲུབ་པོ་ཞེས་བཤད་པ་དེའི་ལན་དུ་འདིར་དོན་དམ་པར་སྐྱེ་བ་མེད་པས་ཕྱི་རོལ་གྱི་དོན་མེད་པའི་ཕྱིར་རྣམ་པར་ཤེས་པ་

མི་སྐྱེའོ་ཞེས་ཟེར་ན་ནི་དེ་ཉིད་དབུ་མ་པ་སྨྲ་བའི་རྗེས་སུ་སྨྲ་བ་ཡིན་པས་རྣམ་པར་ཤེས་པ་ཙམ་དུ་སྨྲ་བའི་གཞུང་ཉམས་སོ། །གཞན་ཡང་རྣམ་པར་རིག་པ་ཉེ་བར་བླང་བ་ཡང་བྱས་ནས་གལ་ཏེ་དེ་ཡོངས་སུ་གཏོང་བར་ཡང་འདོད་ན་ནི་འདི་ལྟར་འདམ་རྫབ་འཁྲུ་བ་བས་མི་རེག་པར་ཐག་བསྲིང་
བ་བཟང་ངོ་ཞེས་བྱ་བས་ནི་རྣལ་འབྱོར་སྤྱོད་པ་པ་ཁ་ཅིག་འདི་སྐད་ཅེས་དང་པོ་ཀུན་རྫོབ་ཀྱི་བདེན་པ་ལ་འཇུག་པའི་གནས་སྐབས་སུ་ནི་ཕྱི་རོལ་གྱི་ཡུལ་དགག་ཅིང་རྣམ་པར་ཤེས་པ་ཙམ་དུ་ཁས་བླང་བར་བྱ་ལ། ཕྱིས་དོན་དམ་པའི་བདེན་པ་མངོན་པར་རྟོགས་པར་བྱ་བའི་དུས་སུ་ནི་རྣམ་པར་ཤེས་པ་
ཙམ་ཉིད་ཀྱང་སྤང་བར་བྱའོ་ཞེས་ཟེར་བ་དེ་དག་གི་གཞུང་དགག་པའི་ལན་ཡིན་ཏེ། དང་པོ་ཀུན་རྫོབ་ཀྱི་བདེན་པ་ལ་འཇུག་པའི་གནས་སྐབས་སུ་རྣམ་པར་རིག་པ་ཉེ་བར་བླང་བ་ཡང་བྱས་ནས་ཕྱིས་དོན་དམ་པའི་བདེན་པ་མངོན་པར་རྟོགས་པར་བྱ་བའི་དུས་སུ་གལ་ཏེ་རྣམ་པར་རིག་པ་དེ་ཡོངས་
སུ་གཏོང་བར་འདོད་པ་ནི་དེ་ཐེག་པ་ཆེན་པོ་དབུ་མ་པ་ལ་འཇུག་ཅིང་བདེན་པ་གཉིས་ཀྱི་དེ་ཁོ་ན་གསལ་བར་བྱེད་པའི་དྲི་མ་ཡིན་ཏེ། འདི་ལྟར་དཔེར་ན་དང་པོ་འདམ་རྫབ་ཀྱི་དྲི་མས་སྦགས་ནས། ཕྱིས་དེ་འཁྲུ་བར་བྱེད་པ་བས་དང་པོ་ནས་འདམ་རྫབ་ལ་མི་རེག་པར་ཐག་བསྲིང་བ་བཟང་བ་དེ་བཞིན་དུ་དང་
པོ་ཡུལ་འགོག་ཅིང་རྣམ་པར་ཤེས་པ་ཙམ་ཉིད་དུ་ཁས་ལེན་ལ་ཕྱིས་རྣམ་པར་ཤེས་པ་ཙམ་དེ་ཉིད་ཀྱང་སྤོང་བར་བྱེད་པ་ནི་སྐྱེད་པ་དང་འགོག་པའི་ཚུལ་གྱིས་བླང་བ་དང་། དོར་བའི་མཐའ་ལ་ཆགས་པའི་དྲི་མས་སྦགས་པ་ཡིན་པས་དེ་ལྟར་མཐའ་གཉིས་ལ་ཆགས་པའི་དྲི་མས་སྦགས་པ་འཁྲུ་
བར་བྱེད་པ་པས་དང་པོ་ཉིད་ནས་མཐའ་གཉིས་ཀྱི་སྐྱོན་གྱིས་མི་རེག་པར་ཐག་བསྲིང་བ་བཟང་བའི་ཕྱིར་སློབ་དཔོན་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱིས་བདེན་པ་གཉིས་རྣམ་པར་གཞག་པའི་དབུ་མའི་ཚུལ་བསྟན་པ་འདི་ཉིད་བཟང་གི་རྣལ་འབྱོར་སྤྱོད་པ་པ་ཁ་ཅིག་གིས་བླང་དོར་དུ་བརྟག་པའི་ཚུལ་དེ་ནི་མི་རུང་
སྟེ། ལུང་ལས་ཀྱང་བཅོམ་ལྡན་འདས་གང་དག་ཆོས་འགའ་ཞིག་སྐྱེ་བའམ་འགག་པ་འཚལ་བ་དེ་དག་ལ་སངས་རྒྱས་འབྱུང་བ་མ་མཆིས་སོ། །བཅོམ་ལྡན་འདས་གང་དག་མྱ་ངན་ལས་འདས་པ་དངོས་པོ་ལས་ཡོངས་སུ་ཚོལ་བར་བགྱིད་པ་དེ་དག་ལ་འཁོར་བ་ལས་ཡང་དག་པར་འདའ་བ་མ་

མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་མཚན་མ་ཐམས་ཅད་རབ་ཏུ་ཞི་བ་དང་། གཡོ་བ་ཐམས་ཅད་ཉེ་བར་ཞི་བ་གང་ལགས་པ་དེ་མྱ་ངན་ལས་འདས་པ་ལགས་པའི་སླད་དུའོ་ཞེས་གསུངས་ལ། རིགས་ཀྱང་། འདི་ལ་བསལ་བྱ་ཆུང་ཟད་མེད། །བསྣན་པར་བྱ་བ་ཅི་ཡང་མེད། །ཡང་དག་ཉིད་
དུ་ཡང་དག་ལྟ། །ཡང་དག་མཐོང་ན་རྣམ་པར་འགྲོལ། །ཞེས་བཤད་པ་ལྟ་བུའོ། །དེ་ཉིད་བསྟན་པའི་ཕྱིར། དོན་ངོ་བོ་ཉིད་མེད་པ་ཉིད་དུ་རྟོགས་པ་བཞིན་དུ་རྣམ་པར་ཤེས་པ་ཡང་བདག་མེད་པ་ཉིད་དང་། སྐྱེ་བ་མེད་པ་ཉིད་དུ་རྟོགས་པར་བྱར་རུང་ངོ་ཞེས་བྱ་བ་སྨྲས་ཏེ། ཐ་སྙད་དུ་ཡང་ཡུལ་དང་རྣམ་པར་ཤེས་པ་གཉི་ག་སྒྱུ་མ་ལ་
སོགས་པ་བཞིན་དུ་ཡོད་པར་ཤེས་པར་བྱར་རུང་ལ། དོན་དམ་པར་ཡང་དེ་གཉི་ག་ངོ་བོ་ཉིད་དུ་མེད་པ་ཉིད་དུ་ཤེས་པར་བྱར་རུང་བས་ཐ་སྙད་དུ་ཡུལ་ནི་མེད་ལ་རྣམ་པར་ཤེ