Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 101

Văn bản gốc(Tây Tạng)

Trang 8 / 23 (50.000 ký tự/trang)
པའི་སྐྱོན་གཞན་འདིར་ཡང་འགྱུར་རོ་ཞེས་སྟོན་ཏེ་དེ་ལྟ་ན་མཆོག་དང་འབྲིང་དག་ཐ་མ་ལ་ལྟོས་པར་མི་འཐད་དོ། །འདི་ལྟར་

མཆོག་དང་འབྲིང་དག་གལ་ཏེ་ཐ་མ་ལ་མེད་པར་གྱུར་ན། མཆོག་དང་འབྲིང་ཐ་མ་ལ་མེད་པ་དེ་དག་ཇི་ལྟར་ཐ་མ་དེ་ལ་ལྟོས་པར་འགྱུར་ཏེ། འདི་ལྟར་གསུམ་ཆར་ཡང་ཚོགས་པར་གྱུར་ན། ལྟོས་པར་འཐད་པ་ཡིན་ན་མཆོག་དང་འབྲིང་ཐ་མ་ལ་མེད་པ་དག་ཐ་མ་ལ་ལྟོས་པར་མི་འཐད་དོ། །ཕ་རོལ་པོ་དག་
འདོད་པ་ལྟར་ལྟོས་པ་དང་བཅས་པ་ཉིད་ཡིན་ན་ལྟོས་ཏེ་འགྲུབ་ལ། ལྟོས་ཏེ་འགྲུབ་པར་ཁས་ལེན་ན་ངང་ཚུལ་གཅིག་ཏུ་ཐལ་བར་འགྱུར་བས་ངང་ཚུལ་མི་འཐད་པར་བསྟན་པའི་ཕྱིར། ལྟོས་པ་དང་བཅས་པ་ཉིད་ཡིན་ན་མཆོག་དང་འབྲིང་དག་ཐ་མ་ལ་ལྟོས་ནས་མཆོག་དང་འབྲིང་ཉིད་དུ་འགྲུབ་
པར་འགྱུར་རོ་ཞེས་བྱ་བ་སྨྲས་ཏེ། ཕ་རོལ་པོ་དག་འདོད་པ་ལྟར་མཆོག་དང་འབྲིང་དག་གལ་ཏེ་ཐ་མ་ལ་ལྟོས་ནས་ཡོད་པར་གྱུར་ན། དེ་ལྟ་ན་ལྟོས་པ་དང་བཅས་པ་ཉིད་ཡིན་པས་མཆོག་དང་འབྲིང་དག་ཐ་མ་ལ་ལྟོས་ནས་མཆོག་དང་འབྲིང་ཉིད་དུ་འགྲུབ་པར་འགྱུར་རོ། །དེ་ལྟར་འགྲུབ་པར་ཁས་
ལེན་ན་དེ་ལྟ་ན་མཆོག་དང་འབྲིང་དག་ཐ་མ་ལ་ཡོད་པར་འགྱུར་རོ། །ཐ་མ་ལ་ཡོད་པར་གྱུར་ན་དེ་གཉིས་ཀྱང་ཐ་མ་ཡིན་པར་འགྱུར་རོ། །དེ་ལྟ་ན་ངང་ཚུལ་གཅིག་ཁོ་ནར་འགྱུར་རོ། །ངང་ཚུལ་གཅིག་ཁོ་ན་ཡིན་ན་ལྟོས་པར་མི་འཐད་དེ། འདི་ལྟར་དེ་ཉིད་དེ་ཉིད་ལ་ཇི་ལྟར་ལྟོས་པར་འགྱུར། ལྟོས་
པ་མི་འཐད་པའི་ཕྱིར་ངང་ཚུལ་ཡང་མི་འཐད་པ་ཁོ་ན་ཡིན་ནོ། །དེ་ཉིད་ཀྱི་ཚད་མ་བསྟན་པའི་ཕྱིར་འགྲེལ་པ་བྱེད་པ་ཉིད་ན་རེ། དེ་ལྟ་ན་དོན་དམ་པར་མཆོག་དང་འབྲིང་གི་ངང་ཚུལ་ཅན་དག་ལ་མཆོག་དང་འབྲིང་གི་ངོ་བོ་ཉིད་དག་མེད་དེ། ངང་ཚུལ་ཅན་ཉིད་ཡིན་ན་ལྟོས་པ་དང་བཅས་པའི་ཕྱིར།
དཔེར་ན་ཐ་མའི་ངང་ཚུལ་ཅན་བཞིན་ནོ་ཞེའོ། །རེ་ཞིག་དེ་དག་གིས་ནི་ཇི་ལྟར་སྔར་དུས་བརྟག་པའི་སྐབས་སུ། ཅི་སྟེ་ལྟོས་པ་དང་བཅས་པ་ཉིད་ཀྱི་གཏན་ཚིགས་བསྟན་ཀྱང་ད་ལྟར་བྱུང་བ་དང་མ་འོངས་པའི་དུས་ན་ཡོད་པར་མི་འདོད་ན་དེ་ལྟ་ན་སྐྱོན་གཞན་འདིར་ཡང་འགྱུར་ཏེ། ད་ལྟར་བྱུང་དང་
མ་འོངས་པ། །གལ་ཏེ་དེ་ན་མེད་གྱུར་ན། །ད་ལྟར་བྱུང་དང་མ་འོངས་པ། །ཇི་ལྟར་དེ་ལ་ལྟོས་པར་འགྱུར། །ལྟོས་པ་དང་བཅས་པ་ཉིད་ཡིན་ན་ད་ལྟར་བྱུང་བ་དང་མ་འོངས་པ་དག་འདས་པའི་དུས་ལ་ལྟོས་ནས་ད་ལྟར་བྱུང་བ་དང་། མ་འོངས་པ་ཉིད་དུ་འགྲུབ་པར་འགྱུར་རོ། །ཁ་ཅིག་

ན་རེ་དེ་ལྟ་ན་དོན་དམ་པར་ད་ལྟར་དང་མ་འོངས་པའི་དུས་དག་ལ་ད་ལྟར་དང་མ་འོངས་པའི་ངོ་བོ་ཉིད་དག་མེད་དེ། དུས་ཉིད་ཡིན་ན་ལྟོས་པ་དང་བཅས་པའི་ཕྱིར་དཔེར་ན་འདས་པའི་དུས་བཞིན་ནོ་ཞེས་བསྟན་པ་བཞིན་དུ་འདིར་ཡང་ཅི་སྟེ་ལྟོས་པ་དང་བཅས་པ་ཉིད་ཀྱི་གཏན་ཚིགས་བསྟན་
ཀྱང་མཆོག་དང་འབྲིང་དག་ཐ་མ་ལ་ཡོད་པར་མི་འདོད་ན་དེ་ལྟ་ན་སྐྱོན་གཞན་འདིར་ཡང་འགྱུར་ཏེ། མཆོག་དང་འབྲིང་གི་ངང་ཚུལ་ཅན། །གལ་ཏེ་དེ་ན་མེད་གྱུར་ན། །མཆོག་དང་འབྲིང་གི་ངང་ཚུལ་ཅན། །ཇི་ལྟར་དེ་ལ་ལྟོས་པར་འགྱུར། ལྟོས་པ་ཉིད་དང་བཅས་པ་ཉིད་ཡིན་ན་མཆོག་དང་འབྲིང་
དག་ཐ་མ་ལ་ལྟོས་ནས་མཆོག་དང་འབྲིང་ཉིད་དུ་འགྲུབ་པར་འགྱུར་རོ། །ཁ་ཅིག་ན་རེ་དེ་ལྟ་ན་དོན་དམ་པར་མཆོག་དང་འབྲིང་གི་ངང་ཚུལ་ཅན་དག་ལ་མཆོག་དང་འབྲིང་གི་ངོ་བོ་ཉིད་དག་མེད་དེ། ངང་ཚུལ་ཅན་ཉིད་ཡིན་ན་ལྟོས་པ་དང་བཅས་པའི་ཕྱིར། དཔེར་ན་ཐ་མའི་ངང་ཚུལ་ཅན་བཞིན་ནོ་ཞེའོ་
ཞེས་སྔ་མ་བཞིན་དུ་སྦྱར་བའི་སྐབས་བསྟན་ཏོ། །དེ་ལྟར་རེ་ཞིག་མཆོག་དང་འབྲིང་དག་ཐ་མ་ལ་ལྟོས་པ་ཅན་དུ་མ་གྲུབ་སྟེ། དེས་ནི་བརྟག་པ་དང་པོ་མི་འཐད་པར་བསྟན་ཏོ། །ད་ནི་བརྟག་པ་གཉིས་པ་མི་འཐད་པར་བསྟན་པར་བྱ་སྟེ། དེ་ཡང་ཇི་ལྟར་སྔར་དུས་བརྟག་པའི་སྐབས་སུ་འོན་ཏེ་མ་ལྟོས་
པར་དམ་འཆའ་ན། དེའི་ཕྱིར། འདས་པ་ལ་ནི་མ་ལྟོས་པར། །དེ་གཉིས་འགྲུབ་པ་ཡོད་མ་ཡིན། །ད་ལྟར་དང་མ་འོངས་པ་ཉིད་ཀྱི་རྒྱུ་འདས་པ་ལ་མ་ལྟོས་པར་ད་ལྟར་དང་མ་འོངས་པ་དེ་གཉིས་རྒྱུ་མེད་པར་འགྲུབ་པ་ཡོད་པ་མ་ཡིན་ནོ། །གང་གི་ཕྱིར་དེ་ལྟར་ལྟོས་པ་མེད་པར་ད་ལྟར་བྱུང་བ་དང་མ་འོངས་
པ་དག་མ་གྲུབ་པ། དེ་ཕྱིར་ད་ལྟར་བྱུང་བ་དང་། །མ་འོངས་དུས་ཀྱང་ཡོད་མ་ཡིན། །འདས་པ་དང་མ་འོངས་པ་དང་ད་ལྟར་གྱི་སྒྲར་བརྗོད་པའི་དུས་དག་མི་སྲིད་པའི་ཕྱིར་རོ་ཞེས་བྱ་བར་དགོངས་སོ་ཞེས་བསྟན་པ་བཞིན་དུ་འདིར་ཡང་འོན་ཏེ་མ་ལྟོས་པར་དམ་འཆའ་ན། དེའི་ཕྱིར། ཐ་མ་ལ་ནི་མ་
ལྟོས་པར། །དེ་གཉིས་འགྲུབ་པ་ཡོད་མ་ཡིན། །མཆོག་དང་འབྲིང་ཉིད་ཀྱི་རྒྱུ་ཐ་མ་ལ་མ་ལྟོས་པར་མཆོག་དང་འབྲིང་དེ་གཉིས་རྒྱུ་མེད་པར་འགྲུབ་པ་ཡོད་པ་མ་ཡིན་ནོ། །གང་གི་ཕྱིར་དེ་ལྟར་ལྟོས་པ་མེད་པར་མཆོག་དང་འབྲིང་དག་མ་གྲུབ་པ། དེ་ཕྱིར་མཆོག་གི་ངང་ཚུལ་དང་། །འབྲིང་

གི་ཚུལ་ཡང་ཡོད་མ་ཡིན། །མཆོག་དང་ཐ་མ་དང་འབྲིང་གི་སྒྲར་བརྗོད་པའི་ངང་ཚུལ་དག་མི་སྲིད་པའི་ཕྱིར་རོ་ཞེས་བྱ་བར་དགོངས་སོ་ཞེས་སྔ་མ་བཞིན་དུ་སྦྱར་ཞིང་བསྟན་པར་བྱ་སྟེ། དེས་ནི་བརྟག་པ་གཉིས་པ་མི་འཐད་པར་བསྟན་ཏོ། །མཆོག་དང་འབྲིང་གཉིས་ཐ་མ་ལ་ལྟོས་པ་དང་མ་ལྟོས་པར་
ཡང་འགྲུབ་པར་བསྟན་པའི་ཚིགས་སུ་བཅད་པ་ཡང་འདི་ལྟར་སྦྱར་བར་བྱ་སྟེ། མཆོག་དང་འབྲིང་གི་ངང་ཚུལ་ཅན། །གལ་ཏེ་ཐ་མ་ལྟོས་གྱུར་ན། །མཆོག་དང་འབྲིང་གི་ངང་ཚུལ་ཅན། །ཐ་མ་ལ་ནི་ཡོད་པར་འགྱུར། །མཆོག་དང་འབྲིང་གི་ངང་ཚུལ་ཅན། །གལ་ཏེ་དེ་ན་མེད་གྱུར་ན། །མཆོག་
དང་འབྲིང་གི་ངང་ཚུལ་ཅན། །ཇི་ལྟར་དེ་ལ་ལྟོས་པར་འགྱུར། །ཐ་མ་ལ་ནི་མ་ལྟོས་པར། །དེ་གཉིས་འགྲུབ་པ་ཡོད་མ་ཡིན། །དེ་ཕྱིར་མཆོག་གི་ངང་ཚུལ་ཅན། །འབྲིང་གི་ཚུལ་ཡང་ཡོད་མ་ཡིན། །ཞེས་བྱ་བར་སྦྱར་ཏེ། དེ་དག་གིས་སྔ་མ་བཞིན་དུ་སྒྲུབ་པ་དང་སུན་དབྱུང་བ་དག་ཀྱང་བསྟན་
པར་བྱའོ། །དེ་བཞིན་དུ་ངང་ཚུལ་གཞན་གཉིས་བསྣོར་བ་ལ་ཡང་བརྗོད་པར་བྱའོ་ཞེས་བྱ་བས་ནི་ཇི་ལྟར་སྔར། རིམ་པའི་ཚུལ་ནི་འདི་ཉིད་ཀྱིས། །ལྷག་མ་གཉིས་པོ་བསྣོར་བ་དང་། །ཞེས་སྨོས་པ་བཞིན་དུ་འདིར་ཡང་དེ་བཞིན་དུ་སྦྱར་བའི་སྐབས་སྟོན་ཏེ། ཇི་ལྟར་མཆོག་དང་འབྲིང་
གཉིས་ཐ་མ་ལ་ལྟོས་པ་དང་མ་ལྟོས་པར་ཡང་འགྲུབ་པ་མེད་པར་བསྟན་པ་དེ་བཞིན་དུ་མཆོག་དང་ཐ་མ་གཉིས་འབྲིང་ལ་ལྟོས་པ་དང་མ་ལྟོས་པར་ཡང་འགྲུབ་པ་མེད་པ་དང་། འབྲིང་དང་ཐ་མ་གཉིས་མཆོག་ལ་ལྟོས་པ་དང་། མ་ལྟོས་པར་ཡང་འགྲུབ་པ་མེད་པར་བསྣོར་བ་ལྷག་མ་གཉིས་
ཀྱང་སྔ་མ་བཞིན་དུ་ཤེས་པར་བྱ་སྟེ། ལྷག་མ་གཉིས་སུ་བསྣོར་བའི་ཚིགས་སུ་བཅད་པ་ཡང་འདི་ལྟར་སྦྱར་བར་བྱ་སྟེ། མཆོག་དང་ཐ་མའི་ངང་ཚུལ་ཅན། །གལ་ཏེ་འབྲིང་ལ་ལྟོས་གྱུར་ན། །མཆོག་དང་ཐ་མའི་ངང་ཚུལ་ཅན། །འབྲིང་ལ་ཡོད་པ་ཉིད་དུ་འགྱུར། །མཆོག་དང་ཐ་མའི་ངང་ཚུལ་ཅན། །
གལ་ཏེ་དེ་ན་མེད་གྱུར་ན། །མཆོག་དང་ཐ་མའི་ངང་ཚུལ་ཅན། །ཇི་ལྟར་དེ་ལ་ལྟོས་པར་འགྱུར། །འབྲིང་པོ་ལ་ནི་མ་ལྟོས་པར། །དེ་གཉིས་འགྲུབ་པ་ཡོད་མ་ཡིན། །དེ་ཕྱིར་མཆོག་གི་ངང་ཚུལ་དང་། །ཐ་མ་ཡང་ནི་ཡོད་མ་ཡིན། །ཞེས་བྱ་བ་དང་། དེ་བཞིན་དུ། འབྲིང་དང་ཐ་མའི་ངང་ཚུལ་ཅན། །གལ་ཏེ་

མཆོག་ལ་ལྟོས་གྱུར་ན། །འབྲིང་དང་ཐ་མའི་ངང་ཚུལ་ཅན། །མཆོག་ལ་ཡོད་པ་ཉིད་དུ་འགྱུར། །འབྲིང་དང་ཐ་མའི་ངང་ཚུལ་ཅན། །གལ་ཏེ་དེ་ན་མེད་གྱུར་ན། །འབྲིང་དང་ཐ་མའི་ངང་ཚུལ་ཅན། །ཇི་ལྟར་དེ་ལ་ལྟོས་པར་འགྱུར། །མཆོག་གི་ངང་ཚུལ་མ་ལྟོས་པར། །དེ་གཉིས་འགྲུབ་པ་
ཡོད་མ་ཡིན། །དེ་ཕྱིར་འབྲིང་གི་ངང་ཚུལ་ཅན། །ཐ་མ་ཡང་ནི་ཡོད་མ་ཡིན། །ཞེས་བྱ་བར་སྦྱར་ཏེ། དེ་དག་གིས་སྔ་མ་བཞིན་དུ་སྒྲུབ་པ་དང་། སུན་དབྱུང་བ་དག་ཀྱང་བསྟན་པར་བྱ། མཆོག་དང་ཐ་མ་འབྲིང་ལ་སོགས། །ཞེས་བྱ་བའི་སོགས་པའི་སྒྲས་ནི་ཐོག་མ་དང་། ཐ་མ་དང་། དབུས་དང་། གཅིག་
པ་ཉིད་དང་། ཐ་དད་པ་ཉིད་དང་། དེ་ཉིད་དང་། གཞན་ཉིད་དང་། བདག་དང་བདག་མེད་པ་དག་ལྟོས་པ་དང་མ་ལྟོས་པར་འགྲུབ་པ་མེད་པ་ཡང་སྔ་མ་བཞིན་དུ་སྦྱར་བ་དག་བསྡུའོ། །ད་ནི་གཅིག་ལ་སོགས་པའང་ཤེས་པར་བྱ་ཞེས་བྱ་བའི་སྒྲུབ་པ་དང་སུན་དབྱུང་བ་དག་བསྟན་པའི་ཕྱིར། དེ་བཞིན་དུ་གཅིག་ལ་སོགས་པ་
དག་ཀྱང་ཤེས་པར་བྱ་སྟེ་ཞེས་བྱ་བ་སྨྲས་སོ། །དེ་ཉིད་བསྟན་པའི་ཕྱིར། གཅིག་ཉིད་དང་གཉིས་ཉིད་དང་མང་པོ་ཉིད་ལ་སོགས་པ་དག་གོ་ཞེས་བྱ་བ་སྨྲས་སོ། །འདིར་ཡང་སྔ་མ་བཞིན་དུ་བསྟན་པར་བྱ་སྟེ་ཞེས་བྱ་བ་ནི་དེ་དག་ཀྱང་ལྟོས་པ་ཅན་ནམ། འོན་ཏེ་མ་ལྟོས་པར་འགྲུབ་པ་ཞིག་ཏུ་འགྱུར་གྲང་ན། བརྟག་
པ་གཉི་ག་ཡང་མི་འཐད་དོ་ཞེས་བྱ་བར་སྦྱར་རོ། །དེ་ལ་རེ་ཞིག་བརྟག་པ་དང་པོ་མི་འཐད་པར་བསྟན་པའི་ཕྱིར། དོན་དམ་པར་གྲངས་གཅིག་ཉིད་ལ་གཅིག་ཉིད་ཀྱི་ངོ་བོ་ཉིད་མེད་དེ། གྲངས་ཉིད་ཡིན་ན་ལྟོས་པ་དང་བཅས་པའི་ཕྱིར་གཉིས་ཉིད་བཞིན་ནོ་ཞེས་བྱ་བ་ལ་སོགས་པ་བརྗོད་པར་བྱའོ་ཞེས་བྱ་
བ་སྨྲས་ཏེ། དེ་དག་ཀྱང་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་གཉིས་ཉིད་ནི་གྲངས་ཉིད་ཡིན་ན་ལྟོས་པ་དང་བཅས་པའི་ཕྱིར་དེ་ལ་ཡང་གཉིས་ཉིད་ཀྱི་ངོ་བོ་ཉིད་མེད་པ་དེ་བཞིན་དུ་གྲངས་གཅིག་ཉིད་ཀྱང་གྲངས་ཉིད་ཡིན་
ན་ལྟོས་པ་དང་བཅས་པའི་ཕྱིར་དེ་ལ་ཡང་གཅིག་ཉིད་ཀྱི་ངོ་བོ་ཉིད་མེད་དོ། །སོགས་པའི་སྒྲས་ལྷག་མ་གཉིས་པོ་བསྣོར་བ་ཡང་འདི་ལྟར་སྦྱར་ཏེ། དོན་དམ་པར་གྲངས་གཉིས་ཉིད་ལ་གཉིས་ཉིད་ཀྱི་ངོ་བོ་ཉིད་མེད་དེ། གྲངས་ཡིན་ན་ལྟོས་པ་དང་བཅས་པའི་ཕྱིར་གཅིག་ཉིད་ཡིན་ནོ། །དེ་བཞིན་དུ་དོན་

དམ་པར་གྲངས་མང་པོ་ཉིད་ལ་མང་པོ་ཉིད་ཀྱི་ངོ་བོ་ཉིད་མེད་དེ། གྲངས་ཉིད་ཡིན་ན་ལྟོས་པ་དང་བཅས་པའི་ཕྱིར་གཅིག་ཉིད་བཞིན་ནོ་ཞེས་བྱ་བར་སྦྱར་ཏེ། རེ་ཞིག་དེ་དག་གིས་ནི་གྲངས་ལྟོས་ཏེ་འགྲུབ་པར་མི་འཐད་པར་བསྟན་ཏོ། །མ་ལྟོས་པར་འགྲུབ་པ་མེད་པའི་བརྟག་པ་གཉིས་པ་ཡང་སྔ་མ་བཞིན་དུ་ཅི་
རིགས་པར་སྦྱར་རོ། །དེ་དག་ལྟོས་པ་དང་མ་ལྟོས་པར་ཡང་འགྲུབ་པ་མེད་པར་བསྟན་པའི་ཚིགས་སུ་བཅད་པ་ཡང་འདི་ལྟར་སྦྱར་བར་བྱ་སྟེ། གཅིག་དང་གཉིས་ཀྱི་ངང་ཚུལ་ཅན། །གལ་ཏེ་མང་པོ་ལྟོས་གྱུར་ན། །གཅིག་དང་གཉིས་ཀྱི་ངང་ཚུལ་ཅན། །མང་པོ་ལ་ནི་ཡོད་པར་འགྱུར། །གཅིག་
དང་གཉིས་ཀྱི་ངང་ཚུལ་ཅན། །གལ་ཏེ་དེ་ལ་མེད་གྱུར་ན། །གཅིག་དང་གཉིས་ཀྱི་ངང་ཚུལ་ཅན། །ཇི་ལྟར་དེ་ལ་ལྟོས་པར་གྱུར། །མང་པོ་ལ་ནི་མ་ལྟོས་པར། །དེ་གཉིས་འགྲུབ་པ་ཡོད་མ་ཡིན། །དེ་ཕྱིར་གཅིག་གི་ངང་ཚུལ་དང་། །གཉིས་ཀྱི་ཚུལ་ཡང་ཡོད་མ་ཡིན། ཞེས་བྱ་བ་
དང་། དེ་བཞིན་དུ་ལྷག་མ་གཉིས་པོ་བསྣོར་བའི་ཚིགས་སུ་བཅད་པ་ཡང་འདི་ལྟར་སྦྱར་བར་བྱ་སྟེ། གཅིག་དང་མང་པོའི་ངང་ཚུལ་ཅན། །གལ་ཏེ་གཉིས་ལ་ལྟོས་གྱུར་ན། །གཅིག་དང་མང་པོའི་ངང་ཚུལ་ཅན། །གཉིས་ལ་ཡོད་པ་ཉིད་དུ་འགྱུར། །གཅིག་དང་མང་པོའི་ངང་ཚུལ་
ཅན། །གལ་ཏེ་དེ་ན་མེད་གྱུར་ན། །གཅིག་དང་མང་པོའི་ངང་ཚུལ་ཅན། །ཇི་ལྟར་དེ་ལ་ལྟོས་པར་འགྱུར། །གཉིས་ཀྱི་ངང་ཚུལ་མ་ལྟོས་པར། །དེ་གཉིས་འགྲུབ་པ་ཡོད་མ་ཡིན། །དེ་ཕྱིར་གཅིག་གི་ངང་ཚུལ་དང་། །མང་པོ་ཡང་ནི་ཡོད་མ་ཡིན། །ཞེས་བྱ་བ་དང་། དེ་བཞིན་དུ། གཉིས་
དང་མང་པོའི་ངང་ཚུལ་ཅན། །གལ་ཏེ་གཅིག་ལ་ལྟོས་གྱུར་ན། །གཉིས་དང་མང་པོའི་ངང་ཚུལ་ཅན། །གཅིག་ལ་ཡོད་པ་ཉིད་དུ་འགྱུར། །གཉིས་དང་མང་པོའི་ངང་ཚུལ་ཅན། །གལ་ཏེ་དེ་ན་མེད་གྱུར་ན། །གཉིས་དང་མང་པོའི་ངང་ཚུལ་ཅན། །ཇི་ལྟར་དེ་ལ་ལྟོས་པར་འགྱུར། །གཅིག་གི་
ངང་ཚུལ་མ་ལྟོས་པར། དེ་གཉིས་འགྲུབ་པ་ཡོད་མ་ཡིན། །དེ་ཕྱིར་གཉིས་ཀྱི་ངང་ཚུལ་དང་། །མང་པོ་ཡང་ནི་ཡོད་མ་ཡིན། །ཞེས་བྱ་བར་སྦྱར་ཏེ། དེ་དག་གིས་སྔ་མ་བཞིན་དུ་སྒྲུབ་པ་དང་། །སུན་དབྱུང་བ་དག་ཀྱང་བསྟན་པར་བྱའོ། །གང་དག་གྲངས་དངོས་པོ་ལས་གཞན་པར་མི་འདོད་པ་དེ་

དག་གཉིས་པ་མེད་པ་ནི་གཅིག་ཡིན་ལ། དེ་དང་གཞན་གཉིས་ཡིན། དེ་གཉིས་དང་གཞན་ནི་གསུམ་ཡིན། །དེ་ཕན་ཆད་ནི་མང་པོ་ཡིན་པར་འདོད་དོ་ཞེས་བྱ་བ་ནི་སྔར་གྲངས་ཅན་དགག་པ་དག་བསྟན་པས་ནི་བྱེ་བྲག་པ་དག་གྲངས་དངོས་པོ་ལས་གཞན་པའི་ཚིག་གི་དོན་རྫས་སུ་ཡོད་པར་འདོད་
པའི་གཞུང་དགག་པ་བསྟན་ཏོ། །སྐབས་འདིས་ནི་བྱེ་བྲག་པ་དག་ལས་གང་དག་གྲངས་ཞེས་བྱ་བའི་ཚིག་གི་དོན་དངོས་པོ་ལས་གཞན་པར་མི་འདོད་པ་དེ་དག་གི་གཞུང་དགག་པ་སྟོན་ཏ། དེ་དག་ན་རེ་གྲངས་གཅིག་ཅེས་བྱ་བ་ནི་གཉིས་པ་མེད་པའོ། །གཉིས་ཞེས་བྱ་བ་ནི་གཅིག་དེ་དང་གཞན་ཕྲད་པའོ། །
གསུམ་ཞེས་བྱ་བ་ནི་དེ་གཉིས་དང་གཞན་ཕྲད་པའོ། །དེ་ཕན་ཆད་ནི་མང་པོ་ཡིན་ནོ་ཞེས་ཟེར་རོ། །དེ་དག་གི་གཞུང་དགག་པ་བསྟན་པའི་ཕྱིར། དེ་དག་ལ་ཡང་སྔ་མ་བཞིན་དུ་བསྟན་པར་བྱ་སྟེ། དོན་དམ་པར་གཅིག་ལ་གཅིག་གི་ངོ་བོ་ཉིད་མེད་དེ། བགྲང་བར་བྱ་བ་ཡིན་པའི་ཕྱིར་དཔེར་ན་དེ་ལས་
གཞན་བཞིན་ནོ་ཞེས་བྱ་བ་སྨྲས་ཏེ། དེ་དག་ཀྱང་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་གཅིག་ལས་གཞན་པ་གཉིས་ལ་སོགས་པ་ནི་བགྲང་བར་བྱ་བ་ཡིན་པའི་ཕྱིར་དེ་དག་ལ་གཉིས་ལ་སོགས་པའི་ངོ་བོ་ཉིད་མེད་པ་
དེ་བཞིན་དུ་གཅིག་ཀྱང་བགྲང་བར་བྱ་བ་ཡིན་པའི་ཕྱིར་དེ་ལ་ཡང་གཅིག་གི་ངོ་བོ་ཉིད་མེད་དེ། དེ་བཞིན་དུ་གཉིས་ལ་གཉིས་ཀྱི་ངོ་བོ་ཉིད་མེད་དེ་ཞེས་བྱ་བ་ལ་སོགས་པ་དག་ཀྱང་བརྗོད་པར་བྱ་སྟེ་ཞེས་བྱ་བ་ནི་འདི་ལྟར་སྦྱར་ཏེ། དོན་དམ་པར་གཉིས་ལ་གཉིས་ཀྱི་ངོ་བོ་ཉིད་མེད་དེ། བགྲང་བར་བྱ་བ་ཡིན་པའི་
ཕྱིར་དཔེར་ན་དེ་ལས་གཞན་བཞིན་ནོ། །གསུམ་ལ་གསུམ་གྱི་ངོ་བོ་ཉིད་མེད་དེ། བགྲང་བར་བྱ་བ་ཡིན་པའི་ཕྱིར་དཔེར་ན་དེ་ལས་གཞན་བཞིན་ནོ། །མང་པོ་ལ་མང་པོའི་ངོ་བོ་ཉིད་མེད་དེ། བགྲང་བར་བྱ་བ་ཡིན་པའི་ཕྱིར་དཔེར་ན་དེ་ལས་གཞན་བཞིན་ནོ་ཞེས་བྱ་བར་སྦྱར་རོ། །དམ་བཅས་པའི་དོན་
རྣམ་པར་བརྟགས་ནས་རྒྱས་པར་སྔ་མ་བཞིན་དུ་སྦྱར་རོ་ཞེས་བྱ་བས་ནི་གྲངས་ཅན་དགག་པའི་སྐབས་དེ་དག་ལ་དམ་བཅས་པ་ལ་ཁྱད་པར་ཡོད་པར་ཟད་ཀྱི། གཏན་ཚིགས་དང་དཔེ་དག་སྔ་མ་བཞིན་དུ་སྦྱར་ཏེ། གཅིག་དང་གཉིས་དང་མང་པོ་དགག་པའི་རྗེས་སུ་དཔག་པ་རྒྱས་པར་སྦྱར་རོ་ཞེས་བསྟན་ཏོ། །

ད་ནི་གཅིག་ལ་སོགས་པ་འང་ཤེས་པར་བྱ་ཞེས་བྱ་བ་ལ་སོགས་པའི་སྒྲས་བསྡུ་བ་བསྟན་པའི་ཕྱིར། སོགས་པའི་སྒྲས་ནི་ཆུང་ངུ་དང་། ཆེན་པོ་དང་། རིང་པོ་དང་། ཐུང་ངུ་དང་། ཐག་ཉེ་བ་དང་། ཐག་རིང་བ་དང་། སྔོན་དང་། ཕྱི་མ་དང་། རྒྱུ་དང་། འབྲས་བུ་དང་། འདུས་བྱས་དང་། འདུས་
མ་བྱས་ལ་སོགས་པ་དག་ལ་ཡང་དེ་བཞིན་དུ་བརྗོད་པར་བྱའོ་ཞེས་བྱ་བ་སྨྲས་ཏེ། དེ་དག་ཀྱང་ལྟོས་པ་དང་མ་ལྟོས་པར་འགྲུབ་པ་མེད་པའི་ཚུལ་སྔ་མ་བཞིན་དུ་ཅི་རིགས་པར་སྦྱར་བར་བྱའོ། །དེ་ལྟ་བས་ན་དེ་དག་ཐམས་ཅད་ཀྱང་དོན་དམ་པར་རང་ལས་རབ་ཏུ་འགྲུབ་པ་མ་ཡིན་ཏེ། འཇིག་རྟེན་གྱི་ཐ་སྙད་
ཀྱི་དབང་གིས་ནི་ཇི་ལྟར་གྲགས་པ་བཞིན་དུ་བརྗོད་པར་བྱའོ། །དུས་ཡོད་པར་སྨྲ་བ་དག་ན་རེ་དོན་དམ་པར་དུས་ནི་ཡོད་པ་ཁོ་ན་ཡིན་ཏེ། ཚད་དང་ལྡན་པའི་ཕྱིར་རོ། །འདི་ན་གང་ཡོད་པ་མ་ཡིན་པ་དེ་ལ་ནི་ཚད་མེད་དེ། དཔེར་ན་རྟའི་རྭ་བཞིན་ནོ། །དུས་ལ་ནི་ཚད་སྐད་ཅིག་དང་། ཐང་ཅིག་དང་། །
ཡུད་ཙམ་དང་། མཚན་མོ་དང་། ཉིན་མོ་དང་། ཟླ་བ་ཕྱེད་དང་། ཟླ་བ་དང་། དུས་ཚིགས་དང་། ནུར་བ་དང་། ལོ་ལ་སོགས་པ་དག་ཡོད་དོ། །གང་ཚད་དང་ལྡན་པ་དེ་ནི་ཡོད་དེ། དཔེར་ན་འབྲུ་ལ་སོགས་པ་བཞིན་པས་དེའི་ཕྱིར་དུས་ནི་ཡོད་པ་ཁོ་ན་ཡིན་ནོ་ཞེས་ཟེར་རོ་ཞེས་བྱ་བ་ནི་དུས་
ཡོད་པར་སྨྲ་བ་དག་སྐད་ཅིག་ལ་སོགས་པའི་ཚད་དང་ལྡན་པའི་གཏན་ཚིགས་ཀྱིས་དུས་ཡོད་པར་སྒྲུབ་པའི་ཚིག་ཡིན་ཏེ། དེ་དག་ནི་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། ཆོས་མི་མཐུན་པའི་ཕྱོགས་ཀྱི་དཔེ་དང་། ཉེ་བར་སྦྱར་བའི་སྦྱོར་བ་དང་། ཆོས་མཐུན་པའི་
ཕྱོགས་ཀྱི་དཔེ་དང་། མཇུག་བསྡུ་བ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། འདི་ན་རྟའི་རྭ་ལྟ་བུ་མེད་པ་གང་ཚད་དང་མི་ལྡན་པ་དེ་ནི་ཡོད་པ་མ་ཡིན་གྱི་འབྲུ་ལ་སོགས་པ་གང་དག་ཚད་དང་ལྡན་པ་དེ་དག་ནི་ཡོད་པ་ཡིན་པ་དེ་བཞིན་དུ་དུས་ཀྱང་སྐད་ཅིག་ལ་སོགས་པའི་ཚད་དང་ལྡན་པའི་ཕྱིར་ཡོད་པ་ཁོ་ན་ཡིན་ནོ་
ཞེས་ཟེར་རོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འགྲེལ་པ་བྱེད་པ་ཉིད་ཀྱིས། འདིར་བཤད་པ། མི་གནས་དུས་སུ་འཛིན་མི་བྱེད། །འདུ་བྱེད་ཀྱི་ཚོགས་ནི་སྐྱེ་བ་དང་། འཇིག་པའི་ཆོས་ཅན་ཡིན་པས་མི་གནས་པ་སྟེ། དེ་ལ་ནི་ཁྱེད་ཀྱང་ཐ་སྙད་དུ་ཡང་དུས་དུས་ཞེས་འཛིན་པར་མི་བྱེད་དོ་ཞེས་བྱ་བ་

སྨྲས་ཏེ། སྐད་ཅིག་དང་། ཐང་ཅིག་དང་། ཡུད་ཙམ་དང་། མཚན་མོ་དང་། ཉིན་མོ་དང་། ཟླ་བ་ཕྱེད་དང་། ཟླ་བ་དང་། དུས་ཚིགས་དང་། ནུར་བ་དང་། ལོ་ལ་སོགས་པ་དག་ནི་ནང་དང་ཕྱི་རོལ་གྱི་འདུ་བྱེད་ཀྱི་ཚོགས་སྐྱེ་བ་དང་། འཇིག་པའི་ཆོས་ཅན་ངེས་པར་
མི་གནས་པའི་ངོ་བོ་ཉིད་དག་གི་གནས་སྐབས་ཡིན་ལ་འདུ་བྱེད་ཀྱི་ཚོགས་དེ་དག་ནི་སྐྱེ་བ་དང་འཇིག་པའི་ཆོས་ཅན་ཡིན་པས་ངེས་པར་མི་གནས་པ་དེ་ངེས་པར་མི་གནས་པ་དེ་ལ་ནི་དུས་ཡོད་པར་སྨྲ་བ་ཁྱེད་ཀྱང་ཐ་སྙད་དུ་ཡང་དུས་དུས་ཞེས་འཛིན་པར་མི་བྱེད་པས་ཁྱེད་ཀྱི་གཏན་ཚིགས་སྐད་ཅིག་མ་ལ་སོགས་པས་ཚད་དང་ལྡན་པའི་
ཕྱིར་རོ་ཞེས་བྱ་བ་དེའི་དོན་མ་གྲུབ་པས་དུས་དངོས་པོ་ལས་གཞན་པའི་ཚིག་གི་དོན་ལོགས་ཤིག་ན་ཡོད་པ་མ་ཡིན་ནོ། །གང་ཞིག་གཟུང་བར་བྱ་བའི་དུས། །གནས་པ་ཡོད་པ་མ་ཡིན་པས། །དངོས་པོ་ལས་གཞན་པ་གང་ཞིག་གང་གིས་དེའི་ངོ་བོ་ཉིད་དུ་གཟུང་བར་བྱ་བ་ངེས་པར་གནས་པ་ཡང་ཡོད་པ་མ་ཡིན་
པས་སོ་ཞེས་བྱ་བས་འདི་སྐད་བསྟན་ཏེ། འདུ་བྱེད་ཀྱི་ཚོགས་སྐྱེ་བ་དང་འཇིག་པའི་ཆོས་ཅན་མི་གནས་པ་དེ་ནི་མི་རྟག་པའི་ཕྱིར་ཁྱེད་ཀྱང་དུས་ཉིད་ཡོད་པར་མི་འདོད་པས་འདུ་བྱེད་ཀྱི་དངོས་པོ་ལས་གཞན་པ་གང་ཞིག་གང་གིས་དུས་དེའི་ངོ་བོ་ཉིད་དུ་གཟུང་བར་བྱ་བ་ངེས་པར་གནས་པ་ཡང་མེད་པས་དེའི་ཕྱིར་དུས་ཞེས་བྱ་བ་འདུ་
བྱེད་ཀྱི་དངོས་པོ་ལས་གཞན་པར་ངེས་པར་གནས་པ་ཡོད་པ་མ་ཡིན་ནོ། །འདི་ལྟར་ཡུད་ཙམ་ཡང་ཅུང་ཟད་འདས་པ་འམ། ཅུང་ཟད་མ་འོངས་པ་ལ་ཡུད་ཙམ་ཞེས་གདགས་པ་ཡིན་གྱི། ཡུད་ཙམ་ཞེས་བྱ་བ་རིལ་པོར་ངེས་པར་གནས་པའི་དངོས་པོ་འགའ་ཡང་ཡོད་པ་མ་ཡིན་ན་མཚན་མོ་དང་། ཉིན་
མོ་དང་། ཟླ་བ་ཕྱེད་དང་། ཟླ་བ་དང་། དུས་ཚིགས་དང་། ནུར་བ་དང་། ལོ་ལ་སོགས་པ་དག་ལྟ་སྨོས་ཀྱང་ཅི་དགོས། དེ་ལ་འདི་སྙམ་དུ་འདི་ན་སྐད་ཅིག་དང་ཐང་ཅིག་ཙམ་ཞིག་ངེས་པར་གནས་པ་ཡོད་པར་སེམས་ན་དེ་ལ་བཤད་པར་བྱ་སྟེ། སྐད་ཅིག་དང་ཐང་ཅིག་ཙམ་ཞིག་ངེས་པར་གནས་པ་ཡང་
མེད་དེ། གལ་ཏེ་ངེས་པར་གནས་པ་ཞིག་ཡོད་པར་གྱུར་ན་དེ་ན་འདས་པ་ཡང་མ་ཡིན། མ་འོངས་པ་ཡང་མ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། ངེས་པར་གནས་པའི་ཕྱིར་རོ། །ངེས་པར་གནས་པ་ཁོ་ན་ཡིན་པའི་ཕྱིར་དེ་ནི་ད་ལྟར་ཡང་མ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། ད་ལྟར་ཞེས་བྱ་བ་ནི་འཇུག་པའི་

ཕྱིར་ད་ལྟར་ཞེས་བརྗོད་པ་ཡིན་ན། གལ་ཏེ་དེ་ངེས་པར་གནས་པ་ཡིན་ན་དེ་གྲུབ་པ་ཡིན་གྱི། འཇུག་པ་མ་ཡིན་པས་འཇུག་པ་མ་ཡིན་པ་ནི་ད་ལྟར་མ་ཡིན་པའི་ཕྱིར་རོ། །དེ་ལྟ་བས་ན་གང་ཞིག །གང་གིས་ངེས་པར་གཟུང་བར་བྱ་བའི་དུས་འདུ་བྱེད་ཀྱི་དངོས་པོ་ལས་གཞན་པ་ངེས་པར་གནས་པ་ཡོད་པ་
མ་ཡིན་ནོ། །གང་ཡོད་པ་མ་ཡིན་པ་དེ་ཇི་ལྟར་གཟུང་བར་བྱ། གང་གཟུང་དུ་མེད་པ་དེ་ནི་དུས་སུ་གདགས་སུ་མི་རུང་ངོ་། །དེའི་ཕྱིར། མ་བཟུང་དུས་སུ་ཇི་ལྟར་གདགས། །གཟུང་དུ་ཡོད་ན་གདགས་པར་བྱ་བ་ཉིད་ཡིན་པའི་ཕྱིར་རོ་ཞེས་བྱ་བར་དགོངས་སོ་ཞེས་བྱ་བ་སྨྲས་ཏེ། རྣམ་པ་གང་གིས་
ཀྱང་མ་བཟུང་ཞིང་མ་དམིགས་པའི་དུས་ནམ་མཁའི་མེ་ཏོག་ལྟ་བུ་དེ་དུས་སུ་ཇི་ལྟར་གདགས་ཏེ་འདི་ལྟར་འདུ་བྱེད་ཀྱི་ཚོགས་ཀུན་རྫོབ་ཏུ་གཟུང་དུ་ཡོད་པ་དེ་ཉིད་དུས་ཡིན་པར་འདོད་ན་ནི་གཟུང་དུ་ཡོད་པ་དེ་ལ་དུས་ཞེས་གདགས་པར་བྱ་བ་ཉིད་ཡིན་ན། ཁྱོད་ནི་དུས་ཞེས་བྱ་བ་འདུ་བྱེད་ཀྱི་ཚོགས་ལས་གཞན་པ་
དོན་དམ་པར་རྫས་སུ་ཡོད་པར་འདོད་པས་དེ་ལྟ་བུའི་ཚིག་གི་དོན་ངེས་པར་གནས་པ་མ་ཡིན་པ། རྣམ་པ་གང་གིས་ཀྱང་མ་བཟུང་བ་དེ་དུས་ཞེས་བྱ་བར་གདགས་སུ་མི་རུང་ངོ་། །དེ་ལྟར་ན་འདིས་ནི་ཡུད་ཙམ་ལ་སོགས་པའི་ཚད་ནི་འདུ་བྱེད་ཉི་མའི་འགྲོས་ལ་སོགས་པའི་བྱ་བ་གཞན་ཡོངས་སུ་གཅོད་
པ་ཉིད་དག་གི་ཆོས་ཡིན་གྱི། དུས་ཀྱི་མ་ཡིན་པར་བསྟན་པས་གཏན་ཚིགས་ཀྱི་གཞི་མ་གྲུབ་པ་ཉིད་དང་དཔེ་ཡང་མེད་དོ་ཞེས་བྱ་བས་ནི་འདི་སྐད་བསྟན་ཏེ། ཕ་རོལ་པོ་དག་གི་སྒྲུབ་པའི་ཆོས་ཡུད་ཙམ་ལ་སོགས་པའི་ཚད་དེ་ནི་འདུ་བྱེད་ཀྱི་ཆོས་ཡིན་གྱི། དུས་ཀྱི་ཆོས་མ་ཡིན་པས་བསྟན་པས་དེས་ན་ཉི་མའི་
འགྲོས་ལ་སོགས་པའི་བྱ་བ་གཞན་གྱིས་གཞན་ཡོངས་སུ་གཅོད་པ་མ་གཏོགས་པར་དུས་ཞེས་བྱ་བའི་བདག་ཉིད་ལོགས་ཤིག་ན་མེད་པས་ཕ་རོལ་པོ་དག་གི་གཏན་ཚིགས་ཡུད་ཙམ་ལ་སོགས་པའི་ཚད་དང་ལྡན་པའི་ཕྱིར་རོ་ཞེས་བྱ་བ་དེའི་གཞི་མ་གྲུབ་པ་ཉིད་དང་། ཕ་རོལ་པོ་དག་གི་དཔེ་འབྲུ་ལ་སོགས་པ་བཞིན་
པས་ཤེས་པར་བྱ་བ་དེ་ཡང་དོན་དམ་པར་མེད་པར་མ་གྲུབ་པོ། །མི་གནས་དུས་སུ་འཛིན་མི་བྱེད། །ཅེས་བྱ་བ་འདི་ལ་གཞན་དག་ན་རེ་འདི་ལ་དངོས་པོ་ངེས་པར་གནས་པ་རྣམས་ནི་ཚད་ལས་གཟུང་དུ་རུང་སྟེ། དཔེར་ན་ཤིང་འདི་ནི་མཐོའོ་འདི་ནི་ཆུ་རིང་ངོ་། །མི་འདི་ནི་ཐུང་ངོ་། །གླང་པོ་ཆེ་འདི་ནི་ཆེའོ་ཞེས་བྱ་བ་ལྟ་བུ་ཡིན་

ན་དུས་ནི་དེ་ལྟར་ངེས་པར་གནས་པ་མ་ཡིན་པས་དེ་ལ་ཚད་མི་འགྲུབ་པོ་ཞེས་ཟེར་རོ་ཞེས་བྱ་བ་ནི་སྐབས་འདི་ལ་འགྲེལ་པ་བྱེད་པ་གནས་བརྟན་བུད་དྷ་པཱ་ལི་ཏ་ན་རེ། གལ་ཏེ་དུས་ཤིང་ལ་སོགས་པ་ལྟར་ངེས་པར་གནས་པ་ཡིན་པར་གྱུར་ན་ནི་དེས་ན་མཐོ་ཞེས་བྱ་བ་ལ་སོགས་པའི་ཚད་ལས་གཟུང་དུ་རུང་བར་
ཡང་འགྱུར་བ་ཞིག་ན་གང་གི་ཕྱིར་དུས་ལ་ནི་གང་ཚད་ལས་གཟུང་བར་བྱ་བ་རིལ་པོར་ངེས་པར་གནས་པ་མིན་པ་དེའི་ཕྱིར་ཚད་ལས་གཟུང་དུ་མེད་པས་ཕ་རོལ་པོ་དག་གི་གཏན་ཚིགས་ཚད་དང་ལྡན་པའི་ཕྱིར་ཞེས་བྱ་བ་དེ་མ་གྲུབ་པོ་ཞེས་ཟེར་བའི་ཚིག་ཡིན་ནོ། །གཞན་མ་ཡིན་པ་ན་རེ་དེ་ནི་བཟང་པོ་མ་ཡིན་ཏེ། གཟུགས་
ཅན་མ་ཡིན་པ་ངེས་པར་མི་གནས་པ་ལ་ཡང་ཚད་གཟུང་དུ་རུང་བའི་ཕྱིར་རོ་ཞེས་བྱ་བ་ནི་འགྲེལ་པ་བྱེད་པ་ཉིད་ཀྱིས་གནས་བརྟན་བུད་དྷ་པཱ་ལི་ཏའི་རྣམ་པར་བཤད་པ་དེ་མ་ངེས་པས་བཟང་པོ་མ་ཡིན་པ་ཉིད་དུ་སུན་འབྱིན་པའི་ཚིག་ཡིན་ཏེ། འདི་ན་སྒྲ་དང་ལས་ལྟ་བུ་གཟུགས་ཅན་མ་ཡིན་པ་ངེས་པར་མི་གནས་པ་དག་ལ་
ཡང་སྒྲ་ཆུང་ངོ་སྒྲ་ཆེའོ་ཞེའམ། ལས་ཆུང་ངོ་ལས་ཆེའོ་ཞེའམ། དེ་དག་དགེའོ་མི་དགེའོ་ཞེས་ཚད་གཟུང་དུ་རུང་བར་མཐོང་བས། དེས་ན་ཇི་རེ་ཞིག་ཚད་གཟུང་དུ་རུང་བའི་ཕྱིར། ཤིང་ལ་སོགས་པ་བཞིན་དུ་ངེས་པར་གནས་པར་འགྱུར་རམ། འོན་ཏེ་ཚད་གཟུང་དུ་རུང་བའི་ཕྱིར་སྒྲ་ལ་སོགས་པ་བཞིན་དུ་ངེས་
པར་གནས་པ་མ་ཡིན་པར་འགྱུར་བ་མ་ངེས་པས་དེ་ནི་བཟང་པོ་མ་ཡིན་ནོ་ཞེས་ཟེར་རོ།། །།བམ་པོ་དྲུག་ཅུ་བཞི་པ། འདིར་སྨྲས་པ། དུས་ནི་རྟག་པ་ཡིན་ཏེ། དེ་ལ་སྐད་ཅིག་དང་། ཐང་ཅིག་དང་། ཡུད་ཙམ་ལ་སོགས་པ་དང་། འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བ་ལ་
སོགས་པ་དག་ཡོད་པ་ནི་ཉེ་བར་གནས་པ་སྣ་ཚོགས་ཉིད་ཀྱི་ཁྱད་པར་ལས་ནོར་བུ་བཞིན་ནམ། སྨིན་པའི་ཁྱད་པར་ལས་སྨིན་པར་བྱ་བ་བཞིན་ནོ་ཞེས་བྱ་བ་ནི་སྔར་དབུ་མ་པས་སྐད་ཅིག་དང་། ཐང་ཅིག་དང་། ཡུད་ཙམ་ལ་སོགས་པ་དག་ནི་འདུ་བྱེད་ཀྱི་ཚོགས་སྐྱེ་བ་དང་། འཇིག་པའི་ཆོས་ཅན་རྣམས་ཀྱི་
ཁྱད་པར་ཡིན་པས་མི་རྟག་པའི་ཕྱིར་དུས་མ་ཡིན་ལ། དེ་ལས་གཞན་པ་དུས་ཀྱི་ངོ་བོ་ཉིད་དུ་གཟུང་བར་བྱ་བ་ངེས་པར་གནས་པ་ནི་ཡོད་པ་མ་ཡིན་པས་དུས་དངོས་པོ་ལས་གཞན་པ་དང་རྟག་པ་ཉིད་མེད་དོ་ཞེས་བཤད་པ་དེ་ལ་འདིར་དུས་ཡོད་པར་སྨྲ་བ་དག་དུས་ཞེས་བྱ་བ་དངོས་པོ་ལས་གཞན་པ་དང་། རྟག་པ་ཡོད་

པར་གཞུང་འཛུགས་ཤིང་ཕྱིར་ཟློག་པའི་ཚིག་ཡིན་ཏེ། དེ་དག་ན་རེ་དོན་དམ་པར་དུས་ནི་དངོས་པོ་ལས་གཞན་པ་དང་རྟག་པ་ཉིད་ཡིན་ལ། སྐད་ཅིག་དང་། ཐང་ཅིག་དང་། ཡུད་ཙམ་ལ་སོགས་པ་དངོས་པོའི་ངོ་བོ་ཉིད་མི་རྟག་པ་དག་དེ་ལ་ཡོད་པ་ནི་ཐ་སྙད་དུ་ཉེ་བར་བཏགས་པ་ཡིན་ཏེ། དཔེར་ན་ཤེལ་སྒོང་
ཡོངས་སུ་དག་པ་ལ་ཁ་དོག་གི་རྐྱེན་ཉེ་བར་གནས་པ་སྣ་ཚོགས་ཉིད་ཀྱི་ཁྱད་པར་ལས་ཤེལ་སྒོང་ཡང་ཁ་དོག་སྣ་ཚོགས་ཉིད་དུ་སྣང་བ་དང་། སྨིན་པར་བྱ་བའི་ཤིང་ཏོག་རིགས་གཅིག་པ་ལ་སྨིན་པའི་བྱ་བ་ཉེ་བར་གནས་པ་སྣ་ཚོགས་ཉིད་ཀྱི་ཁྱད་པར་ལས་ཤིང་ཏོག་ཀྱང་ཁ་དོག་སྣ་ཚོགས་ཉིད་དུ་འགྱུར་བ་བཞིན་ནོ་
ཞེས་ཟེར་རོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འགྲེལ་པ་ཕྱེད་པ་ཉིད་ཀྱིས། འདིར་བཤད་པ། ཁོ་བོ་ཅག་གི་ཕྱོགས་ལ་དངོས་པོ་དངོས་པོ་གཞན་ལ་བརྟེན་ཅིང་ལྟོས་པའི་དངོས་པོ་ལ་སྐད་ཅིག་ལ་སོགས་པའི་སྒྲར་བརྗོད་དེ་ཞེས་བྱ་བ་སྨྲས་ཏེ། ཁོ་བོ་ཅག་གི་ཕྱོགས་ལ་ཆོས་མངོན་པ་བདག་གི་གྲུབ་པའི་མཐའ་
ལས་རྡུལ་ཕྲ་རབ་ཤིན་ཏུ་མགྱོགས་པར་རྡུལ་ཕྲ་རབ་གཞན་གྱི་གན་དུ་འགྲོ་བ་ནི་སྐད་ཅིག་ཅེས་བྱའོ་ཞེས་གྲག་སྟེ། དེས་ན་དངོས་པོ་དངོས་པོ་གཞན་དག་ལ་བརྟེན་ཅིང་ལྟོས་པའི་དངོས་པོ་ལ་སྐད་ཅིག་ལ་སོགས་པའི་སྒྲར་བརྗོད་དེ་དེ་ཡང་དངོས་པོའི་ཆོས་ཡིན་གྱི། དུས་ཀྱི་ནི་མ་ཡིན་པས་གལ་ཏེ་ཁྱེད་ཀྱང་
ཀུན་རྫོབ་ཀྱི་ཐ་སྙད་དུ་དུས་ཞེས་བྱ་བ་སྐད་ཅིག་ལ་སོགས་པའི་དངོས་པོ་ལ་བརྟེན་ཏེ་གདགས་པར་འདོད་ན་ནི་དེ་ཁོ་བོ་ཅག་འདོད་པ་ཉིད་ཡིན་ནོ། །འོན་ཏེ་དོན་དམ་པར་སྐད་ཅིག་ལ་སོགས་པའི་དངོས་པོ་ལ་བརྟེན་པ་གཞན་རྟག་པ་ཞིག་ཡོད་པར་འདོད་ན་ནི་དེ་ཡོད་པ་མ་ཡིན་པ་ཉིད་དོ་ཞེས་བརྟག་པ་གཉིས་སྟོན་ཏེ།
དེ་ལ་རེ་ཞིག་བརྟག་པ་དང་པོ་བསྟན་པའི་ཕྱིར། དེ་ལ་གལ་ཏེ་དུས་ནི་དངོས་བསྟེན་ན་ཐ་སྙད་དུ་དེ་དངོས་པོར་བརྗོད་ན་ནི་དེ་འདོད་པ་ཉིད་དོ་ཞེས་བྱ་བ་སྨྲས་ཏེ། ཁྱེད་ཀུན་རྫོབ་ཀྱི་ཐ་སྙད་དུ་དུས་ཞེས་བྱ་བ་སྐད་ཅིག་ལ་སོགས་པའི་དངོས་པོའི་ཆོས་དེ་དག་ཉིད་ཡིན་པར་བརྗོད་ན་ནི་དེ་ཁོ་བོ་ཅག་འདོད་པ་ཉིད་
ཡིན་ནོ། །བརྟག་པ་གཉིས་པ་བསྟན་པའི་ཕྱིར། །ཅི་སྟེ་དོན་དམ་པར་ན་ནི། །དངོས་པོ་ཉིད་ཀྱང་མ་གྲགས་པས། །དངོས་མེད་དུས་ནི་ག་ལ་ཡོད། །དེ་ཡོད་པ་མ་ཡིན་པ་ཉིད་དོ་ཞེས་བྱ་བའི་ཚིག་གི་དོན་ཏོ་ཞེས་བྱ་བ་སྨྲས་ཏེ། དོན་དམ་པར་ནི་སྐད་ཅིག་ལ་སོགས་པའི་དངོས་པོ་ཉིད་ཀྱང་

མ་གྲགས་པས་དངོས་པོ་མེད་པའི་ཕྱིར་དུས་དངོས་པོ་ལ་བརྟེན་པ་གཞན་རྟག་པ་ག་ལ་ཡོད་དེ། སྐྱེ་བ་ལྟ་བུ་སྟེ། དེ་ཡང་འདུ་བྱེད་ཀྱི་ཆོས་ཡིན་གྱི་དུས་ཀྱི་མ་ཡིན་ནོ། །འདུ་བྱེད་ཀྱི་རྒྱུན་མང་པོ་འཇུག་པ་ལས་ཡུན་རིང་པོ་ཞེས་བྱ་བ་དང་འདུ་བྱེད་ཀྱི་རྒྱུན་ཉུང་ངུ་འཇུག་པ་ལས་མྱུར་བ་ཞེས་བྱ་
བར་ཤེས་པ་སྐྱེ་སྟེ་ཞེས་བྱ་བ་ཡང་དཔེར་ན་མར་མེ་དག་ཉིད་ཀྱི་རྒྱུན་མང་པོ་རྒྱུན་རིངས་སུ་འཇུག་པ་ལ། ཡུན་རིང་པོ་ཞེས་བྱ་ཞིང་རྒྱུན་ཉུང་ངུ་དུས་ཉེ་བར་འཇུག་པ་ལས་མྱུར་བ་ཞེས་བྱ་བར་ཤེས་པ་སྐྱེ་བ་ལྟ་བུ་སྟེ། དེ་ཡང་འདུ་བྱེད་ཀྱི་ཆོས་ཡིན་གྱི་དུས་ཀྱི་མ་ཡིན་ནོ། །དེའི་ཕྱིར་སྔ་མ་ལ་སོགས་པར་ཤེས་པ་ནི་འདུ་བྱེད་
ཀྱི་ཆོས་ཡིན་པའི་ཕྱིར་གཏན་ཚིགས་མེད་པས་དུས་ལྟ་ཡོད་པར་ག་ལ་འགྱུར། དེ་སྒྲུབ་པའི་ཕྱིར་གཏན་ཚིགས་བསྟན་པ་མ་གྲུབ་པའི་ཕྱིར་རོ་ཞེས་བྱ་བར་དགོངས་སོ་ཞེས་བྱ་བ་ནི་ཀུན་རྫོབ་ཀྱི་ཐ་སྙད་དུ་ཡང་སྔ་མ་དང་ཕྱི་མ་ལ་སོགས་པར་ཤེས་པ་ནི་འདུ་བྱེད་ཀྱི་ཆོས་ཡིན་གྱི་དུས་ཀྱི་མ་ཡིན་པས་ཕ་རོལ་པོ་དག་གི་དུས་དེ་རྫས་ཀྱི་ངོ་
བོ་ཉིད་དུ་ཡོད་པ་ཁོ་ནར་བསྒྲུབ་པའི་ཕྱིར་དུས་ཀྱི་རྟགས་སྔ་མ་དང་ཕྱི་མ་ལ་སོགས་པ་དག་ཡོད་པའི་ཕྱིར་རོ་ཞེས་གཏན་ཚིགས་བསྟན་པ་མ་གྲུབ་པའི་ཕྱིར་དོན་དམ་པར་དུས་ལྷ་རྫས་ཀྱི་ངོ་བོ་ཉིད་ཡོད་པར་ག་ལ་འགྱུར་ཞེས་བྱ་བར་དགོངས་སོ། །ཅི་སྟེ་སྔ་མ་ལ་སོགས་པར་ཤེས་པ་འདུ་བྱེད་ཀྱི་ཆོས་ཡིན་གྱི་དུས་ཀྱི་ཆོས་
མ་ཡིན་པ་ཞེས་བྱ་བ་དེ་ག་ལ་ཤེས་ཤེ་ན་ཞེས་བྱ་བ་ནི་ཕ་རོལ་པོ་དག་ན་རེ་དེ་འཐད་པ་གང་ལས་དེ་ལྟར་ཤེས་ཞེས་འདྲི་བའི་ཚིག་ཡིན་ནོ། །དེའི་ལན་དུ། དུས་རྟག་པ་དང་གཅིག་པུར་སྟོན་པའི་རྗེས་སུ་དཔག་པ་མེད་པ་ལས་ཏེ་ཞེས་བྱ་བ་སྨྲས་ཏེ། ཕ་རོལ་པོ་དག་ལ་དུས་རྟག་པ་དང་། གཅིག་པུར་
སྟོན་པའི་རྗེས་སུ་དཔག་པ་མེད་པ་ལས་དཔགས་ན་སྔ་མ་ལ་སོགས་པར་ཤེས་པ་ནི་འདུ་བྱེད་ཀྱི་ཆོས་ཡིན་གྱི་དུས་ཀྱི་ཆོས་མ་ཡིན་པར་ཤེས་སོ། །དེ་ཉིད་ཀྱི་རྗེས་སུ་དཔག་པ་བསྟན་པའི་ཕྱིར། ཐ་སྙད་དུ་ཡང་སྔ་མ་ལ་སོགས་པར་ཤེས་པ་ནི་དུས་རྟག་པ་དང་གཅིག་པུའི་རྒྱུ་མ་ཡིན་ཏེ། ཤེས་པ་ཡིན་
པའི་ཕྱིར་དཔེར་ན་གཟུགས་ལ་སོགས་པར་ཤེས་པ་བཞིན་ནོ་ཞེས་བྱ་བ་སྨྲས་ཏེ། དེ་དག་ནི་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་གཟུགས་ལ་སོགས་པར་ཤེས་པ་ནི་ཤེས་པ་ཡིན་པའི་ཕྱིར་ཐ་སྙད་དུ་ཡང་

དུས་རྟག་པ་དང་གཅིག་པུའི་རྒྱུ་མ་ཡིན་པ་དེ་བཞིན་དུ་སྔ་མ་ལ་སོགས་པར་ཤེས་པ་ཡིན་པའི་ཕྱིར་ཐ་སྙད་དུ་ཡང་དུས་རྟག་པ་དང་གཅིག་པུའི་རྒྱུ་མ་ཡིན་ནོ། །གལ་ཏེ་དུས་ནི་རྫས་སུ་ཡོད་པ་ཡིན་ཏེ། བཏགས་པར་ཡོད་པའི་ཕྱིར་རོ་ཞེ་ན་ཞེས་བྱ་བ་ནི་ཕ་རོལ་པོ་དག་བཏགས་པར་ཡོད་པའི་གཏན་ཚིགས་ཀྱིས་དུས་རྗས་
སུ་ཡོད་པར་སྒྲུབ་པའི་ཚིག་ཡིན་ཏེ། དེ་དག་གི་ནི་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་རོ། །དེ་སྐད་ཅེས་ཟེར་བ་དེ་དག་ལ་དབུ་མ་པས། ཇི་ལྟ་བུ་ཞེས་བརྗོད་པར་བྱའོ་ཞེས་བྱ་བ་ནི་དཔེར་ན་ཇི་ལྟ་བུ་ཞེས་དྲི་བར་བྱའོ། །དེ་སྐད་ཅེས་
དྲིས་པ་ན་ཕ་རོལ་པོ་དག་ན་རེ། གལ་ཏེ་གཟུགས་ལ་སོགས་པ་བཞིན་ཞེ་ན་ཞེས་བྱ་བ་ནི་གལ་ཏེ་ཕ་རོལ་པོ་དག་ན་རེ་དུས་ནི་རྫས་སུ་ཡོད་པ་ཡིན་ཏེ། བཏགས་པར་ཡོད་པའི་ཕྱིར་དཔེར་ན་གཟུགས་ལ་སོགས་པ་བཞིན་ནོ་ཞེ་ནའོ། །དེ་སྐད་ཅེས་ཟེར་ན་དེ་དག་ལ་དབུ་མ་པས་འདི་སྐད་ཅེས། དོན་དམ་པར་ཇི་སྐད་
བསྟན་པའི་ཚུལ་གྱིས་གཟུགས་ལ་སོགས་པའི་དངོས་པོ་གྲུབ་པ་མེད་པས། དངོས་མེད་དུས་ནི་ག་ལ་ཡོད། །ཅེས་བརྗོད་པར་བྱ་སྟེ། དོན་དམ་པར་སྔར་རིགས་པ་ཇི་སྐད་བསྟན་པའི་ཚུལ་གྱིས་གཟུགས་ལ་སོགས་པའི་དངོས་པོ་གྲུབ་པས་མེད་པས་ཕ་རོལ་པོའི་དཔེ་མེད་དེ་ཡོད་པ་མ་ཡིན་པ་ཉིད་དོ། །
དེའི་ཕྱིར་ཇི་སྐད་སྨྲས་པའི་སྐྱོན་ཉམས་པ་མེད་དོ་ཞེས་བྱ་བ་ནི་མཇུག་བསྡུ་བ་ཡིན་ཏེ། དེ་ལྟར་དོན་དམ་པར་དུས་དངོས་པོ་ལས་གཞན་པ་དང་། རྟག་པ་ཉིད་མེད་པ་དེའི་ཕྱིར་སྔར་ཕ་རོལ་པོ་དག་གི་གཏན་ཚིགས་ཀྱི་གཞི་མ་གྲུབ་པ་ཉིད་དང་དཔེ་ཡང་མེད་དོ་ཞེས་ཇི་སྐད་སྨྲས་པའི་སྐྱོན་ཉམས་པ་མེད་
དོ། །འདིར་སྨྲས་པ། དོན་དམ་པར་དུས་ནི་རྫས་ཀྱི་ངོ་བོ་ཉིད་དུ་ཡོད་པ་ཁོ་ན་ཡིན་ཏེ། རྟགས་ཡོད་པའི་ཕྱིར་རོ། །འདི་ན་གང་ཡོད་པ་མ་ཡིན་པ་དེ་ལ་ནི་རྟགས་མེད་དེ། དཔེར་ན་རི་བོང་གི་རྭ་བཞིན་ནོ། །དུས་ལ་ནི་རྟགས་སྔ་མ་དང་། ཕྱི་མ་དང་། ཅིག་ཅར་དང་། ཅིག་ཅར་མ་ཡིན་པ་དང་།
ཡུན་རིང་པོ་དང་མྱུར་བ་ཞེས་བྱ་བ་དག་ཡོད་པས་དེའི་ཕྱིར་དུས་ནི་རྫས་ཀྱི་ངོ་བོ་ཉིད་དུ་ཡོད་པ་ཁོ་ན་ཡིན་ནོ་ཞེས་བྱ་བ་ནི་ཕ་རོལ་པོ་དག་དུས་ཀྱི་རྟགས་སྔ་མ་དང་ཕྱི་མ་ལ་སོགས་པ་དག་ཡོད་པའི་གཏན་ཚིགས་ཀྱིས་དུས་རྫས་ཀྱི་ངོ་བོ་ཉིད་དུ་ཡོད་པར་སྒྲུབ་པའི་ཚིག་ཡིན་ཏེ། དེ་དག་ནི་ཆོས་ཅན་དང་། བསྒྲུབ་པར་བྱ་བ་

ཆོས་དང་། སྒྲུབ་པའི་ཆོས་དང་། ཆོས་མི་མཐུན་པའི་ཕྱོགས་ཀྱི་དཔེ་དང་། ཉེ་བར་སྦྱར་བའི་སྦྱོར་བ་དང་། མཇུག་བསྡུ་བ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། འདི་ན་རི་བོང་གི་རྭ་ལྟ་བུ་ཡོད་པ་མ་ཡིན་པ་གང་ལ་རྟགས་མེད་པ་དེ་ནི་རྫས་ཀྱི་ངོ་བོ་ཉིད་དུ་ཡོད་པ་མ་ཡིན་གྱི། དུས་ལ་ནི་རྟགས་
སྔ་མ་དང་ཕྱི་མ་ལ་སོགས་པ་དག་ཡོད་པས་དེའི་ཕྱིར་དུས་ནི་དོན་དམ་པར་རྫས་ཀྱི་ངོ་བོ་ཉིད་དུ་ཡོད་པ་ཁོ་ན་ཡིན་ནོ་ཞེས་ཟེར་རོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འགྲེལ་པ་བྱེད་པ་ཉིད་ཀྱིས་འདིར་བཤད་པ། དངོས་པོ་འགའ་ཡང་ཡོད་མིན་ན། །ཞེས་བྱ་བ་སྨྲས་ཏེ། དོན་དམ་པར་དངོས་པོ་འགའ་ཡང་ཡོད་པ་མ་
ཡིན་པ་ཉིད་ཡིན་ན་དུས་ཀྱི་རྟགས་སྔ་མ་དང་ཕྱི་མ་ལ་སོགས་པ་དག་ལྟ་ཡོད་པར་ག་ལ་འགྱུར་ཞེས་སྟོན་ཏོ། །ཡང་ཞེས་བྱ་བའི་སྒྲ་ནི་ངེས་པར་བཟུང་བའི་དོན་ཏོ་ཞེས་བྱ་བ་ནི་ཚིག་ལེའུར་བྱས་པའི་རྩ་བ་དེ་ལས་ཡང་ཞེས་བྱ་བའི་སྒྲ་སྨོས་པ་ནི་ཉིད་ཅེས་ངེས་པར་བཟུང་བའི་དོན་ཏོ། །དེ་ཉིད་བསྟན་པའི་ཕྱིར། ཁོ་བོ་ཅག་གི་
ཕྱོགས་ལ་དོན་དམ་པར་དངོས་པོ་འགའ་ཡང་ཡོད་པ་མ་ཡིན་པ་ཉིད་དོ་ཞེས་བྱ་བ་སྨྲས་ཏེ། དེས་ནི་དོན་དམ་པར་དངོས་པོ་འགའ་ཡང་ཡོད་པ་མ་ཡིན་པ་ཉིད་ཡིན་ན་དུས་ཀྱི་རྟགས་སྔ་མ་དང་ཕྱི་མ་ལ་སོགས་པ་དག་ལྟ་ཡོད་པར་ག་ལ་འགྱུར་ཏེ། དེ་ལྟར་རྟགས་མེད་པས་ཕ་རོལ་པོ་དག་གི་གཏན་ཚིགས་དུས་ལ་རྟགས་
སྔ་མ་དང་ཕྱི་མ་ལ་སོགས་པ་དག་ཡོད་པའི་ཕྱིར་རོ་ཞེས་བྱ་བའི་དོན་མ་གྲུབ་པས་དོན་དམ་པར་དུས་རྫས་ཀྱི་ངོ་བོ་ཉིད་དུ་ཡོད་པ་མ་ཡིན་ནོ། །ཀུན་རྫོབ་ཀྱི་ཐ་སྙད་དུ་ཡང་སྔ་མ་དང་ཕྱི་མ་ལ་སོགས་པར་ཤེས་པ་ནི་འདུ་བྱེད་ཀྱི་ཆོས་ཡིན་གྱི་དུས་ཀྱི་མ་ཡིན་པས་ཕ་རོལ་པོ་དག་གི་གཏན་ཚིགས་མ་གྲུབ་པར་བསྟན་པའི་ཕྱིར།
ཐ་སྙད་དུ་ནི་འདུ་བྱེད་ཀྱི་རྒྱུན་ཐ་དད་པ་ལ་ལྟོས་ནས་སྔ་མ་དང་ཕྱི་མ་ཞེས་བྱ་བར་ཤེས་པ་དེ་སྐྱེ་ཞིང་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། ཀུན་རྫོབ་ཀྱི་ཐ་སྙད་དུ་ནི་དཔེར་ན་ཁང་ཁྱིམ་ཐ་དད་པར་མར་མེ་བཙུགས་པའི་རྒྱུན་ཐ་དད་པ་ལ་ལྟོས་ནས་ཁང་ཁྱིམ་སྔ་མའི་མར་མེའི་རྒྱུན་ལས་ཕྱི་མའི་མར་མེ་རྒྱུན་སྔ་ཕྱིར་གྱུར་པ་ལྟ་བུ་ལ་
སྔ་མ་དང་ཕྱི་མ་ཞེའམ། ཕ་རོལ་པོ་དག་དང་ཚུ་རོལ་ཞེའམ། གཞན་དང་གཞན་མ་ཡིན་པ་ཞེས་བྱ་བར་ཤེས་པ་སྐྱེ་བས་དེ་ཡང་འདུ་བྱེད་ཀྱི་ཆོས་ཡིན་གྱི་དུས་ཀྱི་ཆོས་མ་ཡིན་ནོ། །འདུ་བྱེད་ཀྱི་སྐད་ཅིག་མ་ཐ་མི་དད་པར་ཉེ་བར་གྱུར་པ་ལས་ཅིག་ཅར་ཞེས་བྱ་བ་དང་དེ་ལས་བཟློག་པ་ལས་ཅིག་ཅར་མ་ཡིན་པ་ཞེས་བྱ་བ་དང་ཞེས་བྱ་བ་

ཡང་དཔེར་ན་མར་མེ་དེ་གཉིས་དུས་གཅིག་ཏུ་བྱུང་བ་ལ་ཅིག་ཅར་ཞེས་བྱ་ཞིང་དུས་གཅིག་མ་ཡིན་པར་བྱུང་བ་ལ་ཅིག་ཅར་མ་ཡིན་པ་ཞེས་བྱ་བར་ཤེས་པའི་ཕྱིར། དུས་རྫས་སུ་ཡོད་པར་མི་འགྲུབ་པོ་ཞེས་བསྟན་པར་བྱའོ། །དེ་ཉིད་བསྟན་པའི་ཕྱིར། གཟུགས་ཀྱི་མཚན་ཉིད་ཀྱི་དངོས་པོ་མེད་པའི་ཕྱིར་དཔེ་
ཉིད་དུ་བཞག་པ་དག་གི་དངོས་པོ་མེད་ན་དུས་ག་ལ་ཡོད་དེ་དཔེ་མ་བསྟན་པས་དུས་མི་འགྲུབ་པོ་ཞེས་བྱ་བའི་ཐ་ཚིག་གོ་ཞེས་བྱ་བ་སྨྲས་ཏེ། རེ་ཞིག་དེ་དག་གིས་ནི་ཕ་རོལ་པོའི་སྒྲུབ་པ་ལ་དཔེ་མེད་པས་དུས་རྫས་སུ་ཡོད་པར་མ་གྲུབ་པོ་ཞེས་བསྟན་ཏོ། །ཤིང་རྟ་དང་དམག་དང་ནགས་ཚལ་ལ་སོགས་པ་རྫས་
སུ་ཡོད་པ་མ་ཡིན་པ་དག་ལ་ཡང་མེད་ཀྱང་ཡོད་དོ་ཞེས་བཏགས་པར་ཡོད་པའི་ཕྱིར་གཏན་ཚིགས་མ་ངེས་པ་ཉིད་ཀྱང་ཡིན་ནོ་ཞེས་བྱ་བས་ནི་ཕ་རོལ་པོ་དག་གི་གཏན་ཚིགས་བཏགས་པར་ཡོད་པའི་ཕྱིར་རོ་ཞེས་བྱ་བ་དེ་མ་ངེས་པ་ཉིད་ཡིན་པར་མ་གྲུབ་པར་སྟོན་ཏེ། འདི་ན་ཤིང་རྟ་དང་དམག་དང་ནགས་ཚལ་ལ་སོགས་
པ་རྫས་སུ་ཡོད་པ་མ་ཡིན་པ་དག་ལ་ཡང་མེད་དོ་ཞེས་བཏགས་པར་ཡོད་པར་མཐོང་བས་དེས་ན་ཅི་རེ་ཞིག་བཏགས་པར་ཡོད་པའི་ཕྱིར་ཤིང་རྟ་དང་དམག་དང་ནགས་ཚལ་ལ་སོགས་པ་དག་བཞིན་དུ་རྫས་སུ་ཡོད་པ་མ་ཡིན་པར་འགྱུར་རམ། འོན་ཏེ་བཏགས་པར་ཡོད་པའི་ཕྱིར་དུས་རྫས་སུ་ཡོད་པར་འགྱུར་
བ་མ་ངེས་པ་ཉིད་ཡིན་པས་ཕ་རོལ་པོ་དག་གི་གཏན་ཚིགས་དེ་མ་གྲུབ་པོ། །གལ་ཏེ་ཤིང་རྟ་ལ་སོགས་པ་ཡན་ལག་ཅན་དག་རྫས་ཉིད་དུ་བསྟན་པའི་ཕྱིར་སྐྱོན་མེད་དོ་ཞེ་ན་ཞེས་བྱ་བ་ནི་ཕ་རོལ་པོ་དག་ན་རེ་ཁོ་བོ་ཅག་གི་གཞུང་ལས་ཤིང་རྟ་ལ་སོགས་པ་ཡན་ལག་ཅན་དག་རྩིབས་ལ་སོགས་པ་ཡན་ལག་དག་གིས་
བརྩམས་པས་རྫས་ཉིད་དུ་བསྟན་པའི་ཕྱིར་ཁོ་བོ་ཅག་གི་གཏན་ཚིགས་མ་ངེས་པ་ཉིད་ཀྱི་སྐྱོན་མེད་དོ་ཞེས་ཟེར་བའི་ཚིག་ཡིན་ནོ། །དེའི་ལན་དུ། ཡན་ལག་ཅན་དག་རྫས་ཉིད་དུ་བསྟན་པ་དགག་པ་སྔར་བཤད་ཟིན་པས་སྐྱོན་མེད་པ་མ་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། ཡན་ལག་ཅན་རྫས་ཉིད་དུ་ཡོད་པ་མ་
ཡིན་པར་དགག་པའི་ཕྱིར་རྫས་སུ་དཔག་པ་སྔར་བཤད་པ་དག་གིས་ཤིང་རྟ་ལ་སོགས་པ་ཡན་ལག་ཅན་དག་རྫས་ཉིད་དུ་བསྟན་པ་བཀག་ཟིན་པས་ཕ་རོལ་པོ་དག་གི་གཏན་ཚིགས་མ་ངེས་པ་ཉིད་ཀྱི་སྐྱོན་མེད་པ་མ་ཡིན་པས་རྫས་སུ་ཡོད་པར་མ་གྲུབ་པོ། །གང་དག་དུས་ནི་དངོས་པོ་ལ་བསྟེན་ནས་གདགས་པ་ཁོ་ན་

ཡིན་ཏེ། ཡུད་ཙམ་ཞིག་འདུག་པར་གྱུར་ཏོ། །ཉིན་གཅིག་འདུག་གོ། །ཟླ་བ་གཅིག་འདུག་པར་འགྱུར་རོ་ཞེས་བྱ་བ་ལྟ་བུའོ་ཞེས་ཟེར་བ་དེ་དག་ལ་ཡང་ཞེས་བྱ་བས་ནི་བྱེ་བྲག་པ་ལ་སོགས་པ་གང་དག་དུས་དངོས་པོ་ལ་བརྟེན་ནས་གདགས་པ་ཁོ་ན་ཡིན་ཏེ། ཡུད་ཙམ་དང་། ཉིན་མོ་
དང་། ཟླ་བའི་དངོས་པོ་ལ་བརྟེན་ནས་འདུག་པར་གྱུར་ཏོ། །འདུག་གོ། །འདུག་པར་འགྱུར་རོ་ཞེས་དུས་གསུམ་པ་གདགས་པར་འདོད་པ་དེ་དག་གི་གཞུང་དགག་པ་སྟོན་ཏོ། །དེ་སྐད་ཅེས་ཟེར་བ་དེ་དག་ལ་ཡང་། དངོས་པོ་འགའ་ཡང་ཡོད་མིན་ན། །དུས་ལྟ་ཡོད་པར་ག་ལ་འགྱུར། །ཞེས་
བརྗོད་པར་བྱ་སྟེ། དེ་ལས་གཞན་པའི་དུས་མེད་པར་རོ་ཞེས་བྱ་བར་དགོངས་སོ་ཞེས་བྱ་བས་ནི་ཡུད་ཙམ་དང་། ཉིན་མོ་དང་། ཟླ་བ་ལ་སོགས་པའི་དངོས་པོ་དག་ཀྱང་དོན་དམ་པར་འགའ་ཡང་ཡོད་པ་མ་ཡིན་པས་དེ་ལས་གཞན་པའི་དུས་ཀྱང་མེད་པའི་ཕྱིར་དངོས་པོ་ལ་བརྟེན་ནས་གདགས་པའི་དུས་ལྟ་
ཡོད་པར་ག་ལ་འགྱུར་ཞེས་བྱ་བར་དགོངས་སོ་ཞེས་བསྟན་ཏོ། །དུས་ཡོད་པར་སྨྲ་བ་དག་ན་རེ་དུས་ན་ཡོད་པ་ཁོ་ན་ཡིན་ཏེ། བརྗོད་པ་ཁྱད་པར་ཅན་འཇུག་པའི་རྒྱུ་ཡིན་པའི་ཕྱིར་རོ། །འདི་ན་གང་མེད་པ་དེ་ནི་བརྗོད་པ་ཁྱད་པར་ཅན་འཇུག་པའི་རྒྱུ་ཉིད་ཡིན་པར་མ་མཐོང་སྟེ། དཔེར་ན་རི་བོང་
གི་རྭ་བཞིན་ནོ། །དུས་ནི་སབ་མ་བྱས་སོ། །བྱེད་དོ། །བྱེད་པར་འགྱུར་རོ་ཞེས་བརྗོད་པ་ཁྱད་པར་ཅན་འཇུག་པའི་རྒྱུ་ཉིད་ཡིན་པར་མཐོང་བས། དེའི་ཕྱིར་དུས་ནི་ཡོད་པ་ཁོ་ན་ཡིན་ནོ་ཞེས་ཟེར་རོ་ཞེས་བྱ་བ་ནི། འདིར་དུས་ཡོད་པར་སྨྲ་བ་དག་དུས་ནི་སབ་མ་ལ་སོགས་
པ་བྱས་སོ། །བྱེད་དོ། །བྱེད་པར་འགྱུར་རོ་ཞེས་བརྗོད་པ་ཁྱད་པར་ཅན་འཇུག་པའི་རྒྱུ་ཉིད་ཡིན་པའི་གཏན་ཚིགས་ཀྱི་དུས་ཡོད་པ་ཁོ་ནར་སྒྲུབ་པའི་ཚིག་ཡིན་ཏེ། དེ་དག་ནི་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། ཆོས་མི་མཐུན་པའི་ཕྱོགས་ཀྱི་དཔེ་དང་། ཉེ་བར་སྦྱར་བའི་
སྦྱོར་བ་དང་། མཇུག་བསྡུ་བ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། འདི་ན་རི་བོང་གི་རྭ་ལྟ་བུ་མེད་པ་གང་བརྗོད་པ་ཁྱད་པར་ཅན་འཇུག་པའི་རྒྱུ་ཉིད་མ་ཡིན་པ་དེ་ནི་ཡོད་པ་མ་ཡིན་གྱི། དུས་ནི་སབ་མ་ལ་སོགས་པ་བྱས་སོ། །བྱེད་དོ། །བྱེད་པར་འགྱུར་རོ་ཞེས་བརྗོད་པ་ཁྱད་པར་ཅན་འཇུག་པའི་རྒྱུ་ཡིན་པས་

དེའི་ཕྱིར་དུས་ནི་ཡོད་པ་ཁོ་ན་ཡིན་ནོ་ཞེས་ཟེར་རོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས། དེ་ནི་བཟང་པོ་མ་ཡིན་ཏེ། བྱས་པ་ལ་སོགས་པའི་བརྗོད་པ་ཁྱད་པར་ཅན་འཇུག་པ་ནི་འདུ་བྱེད་ཀྱི་ཆོས་ཡིན་པའི་ཕྱིར་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་དོ་ཞེས་བྱ་བ་སྨྲས་ཏེ། བྱས་པ་
ལ་སོགས་པའི་བརྗོད་པ་ཁྱད་པར་ཅན་འཇུག་པ་ནི་སབ་མ་ལ་སོགས་པ་འདུ་བྱེད་ཀྱི་ཆོས་ཡིན་གྱི། དུས་ཀྱི་མ་ཡིན་པའི་ཕྱིར་ཕ་རོལ་པོའི་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་དོ། །དོན་འགལ་བ་ཉིད་ཀྱང་ཡིན་ཏེ། བརྗོད་པ་ཁྱད་པར་ཅན་འཇུག་པའི་རྒྱུ་ཉིད་ནི་ཀུན་རྫོབ་པ་ཡིན་པའི་ཕྱིར་རོ་ཞེས་བྱ་
བ་ནི་ཕ་རོལ་པོའི་གཏན་ཚིགས་དེའི་དོན་འགལ་བ་ཉིད་དུ་སྟོན་ཏོ། །བརྗོད་པ་ཁྱད་པར་ཅན་འཇུག་པའི་རྒྱུ་ཉིད་ནི་ཀུན་རྫོབ་པ་མ་ཡིན་པའི་ཕྱིར་གལ་ཏེ་དེ་ཀུན་རྫོབ་པ་ཡིན་པར་བསྒྲུབས་ན་དུས་དོན་དམ་པར་ཡོད་པར་འདོད་པ་དང་འགལ་བའི་ཕྱིར་རོ། །དེའི་ཕྱིར་དེ་ལྟར་རྣམ་པ་ཐམས་ཅད་དུ་དུས་མ་གྲུབ་པའི་ཕྱིར་
དེ་བསལ་བའི་རྒྱུ་ཡིན་པའི་ཕྱིར་ཞེས་བྱ་བའི་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་དོ་ཞེས་བྱ་བ་ནི་གཏན་ཚིགས་ཀྱི་རྩ་བའི་མཇུག་བསྡུ་བ་ཡིན་ཏེ། དེ་ལྟར་དུས་ལྟོས་པ་དང་། མ་ལྟོས་པ་ལ་སོགས་པས་རྣམ་པ་ཐམས་ཅད་དུ་མ་གྲུབ་པའི་ཕྱིར་སྔར་ཕ་རོལ་པོ་དག་གིས་དོན་དམ་པར་དངོས་པོ་རྣམས་ཀྱི་ངོ་བོ་
ཉིད་ཡོད་པ་ཁོ་ན་ཡིན་ཏེ། གསལ་བའི་རྒྱུ་ཡིན་པའི་ཕྱིར་དཔེར་ན་མར་མེ་བཞིན་ནོ་ཞེས་སྨྲས་པའི་གཏན་ཚིགས་ཀྱི་རྩ་བའི་དོན་མ་གྲུབ་པ་ཉིད་དེ། དེ་ལྟར་དུས་ཉིད་མ་གྲུབ་པས་དངོས་པོ་རྣམས་ཀྱི་ངོ་བོ་ཉིད་ནི་དུས་དེ་གསལ་བའི་རྒྱུ་མ་ཡིན་པའི་ཕྱིར་དོན་དམ་པར་དངོས་པོ་རྣམས་ཀྱི་ངོ་བོ་ཉིད་ཡོད་པ་མ་
ཡིན་པ་ཁོ་ནར་གྲུབ་པོ། །དེ་ལ་འདིར་རབ་ཏུ་བྱེད་པའི་དོན་ནི་ཕ་རོལ་པོས་རབ་ཏུ་བྱེད་པའི་དང་པོར་སྒྲུབ་པ་སྨྲས་པའི་སྐྱོན་བརྗོད་པ་དང་། རང་གི་སྒྲུབ་པ་ཁ་ན་མ་ཐོ་བ་མེད་པ་བསྟན་པ་དག་གིས་སྟོང་པ་ཉིད་ཀྱི་མི་མཐུན་པའི་ཕྱོགས་ཀྱི་ཁྱད་པར་དགག་པས་དུས་ངོ་བོ་ཉིད་མེད་པ་ཉིད་དུ་བསྟན་པ་ཡིན་ནོ་ཞེས་བྱ་
བ་ནི་མཇུག་བསྡུ་བ་དང་ཚད་མའི་འབྲས་བུ་ཡིན་ཏེ། དུས་བརྟག་པའི་རབ་ཏུ་བྱེད་པ་བཅུ་དགུ་པའི་སྐབས་འདིར་རབ་ཏུ་བྱེད་པའི་དོན་ཚད་མའི་འབྲས་བུར་བལྟ་བ་ནི་ཕ་རོལ་པོས་རབ་ཏུ་བྱེད་པ་འདིའི་དང་པོར་དོན་དམ་པར་དངོས་པོ་རྣམས་ཀྱི་ངོ་བོ་ཉིད་ཡོད་པ་ཁོ་ན་ཡིན་ཏེ། གསལ་བའི་རྒྱུ་ཡིན་པའི་ཕྱིར་དཔེར་

ན་མར་མེ་བཞིན་ནོ་ཞེས་བྱ་བ་ལ་སོགས་པ་སྒྲུབ་པ་སྨྲས་པའི་སྐྱོན་བརྗོད་པ་དང་། བསྟན་བཅོས་མཛད་པས་རང་གི་དུས་མི་འཐད་པའི་སྒྲུབ་པ་ཁ་ན་མ་ཐོ་བ་མེད་པ་བསྟན་པ་དག་གིས་སྟོང་པ་ཉིད་ཀྱི་མི་མཐུན་པའི་ཕྱོགས་ཀྱི་ཁྱད་པར་དགག་པས་དུས་ངོ་བོ་ཉིད་མེད་པ་ཉིད་དུ་བསྟན་
པ་ཡིན་ནོ། །དུས་ངོ་བོ་ཉིད་མེད་པ་ཉིད་དུ་བསྟན་པ་ལ་ཡོན་ཏན་ཅི་ཡོད་པ་དང་། དེ་བསྟན་པ་འདི་ལ་གཞན་དག་ན་རེ་རྟོག་གེ་སྐམ་པོའི་བསྟན་བཅོས་ཙམ་ཉི་ཚེས་བསྒྲུབས་སོ་ཞེས་ཟེར་བ་བསལ་བའི་ཕྱིར་འདིར་ཡིད་ཆེས་པའི་ལུང་གི་ཁུངས་ཀྱང་བསྒྲུབ་པར་བྱ་སྟེ། དེའི་ཕྱིར་བཅོམ་ལྡན་འདས་ཀྱིས་
འཕགས་པ་ལག་བཟངས་ཀྱིས་ཞུས་པའི་མདོ་ལས། དེས་དུས་གསུམ་པོ་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བ་དག་རབ་ཏུ་ཤེས་ཏེ། དེ་ལ་འདུ་བྱེད་གང་དག་འདས་ཤིང་འགགས་པ་དེ་ནི་འདས་པའི་དུས་ཞེས་བྱའོ། །གང་དག་མ་འོངས་ཤིང་མ་བྱུང་བ་དེ་ནི་མ་འོངས་པའི་དུས་ཞེས་བྱའོ། །གང་
དག་ད་ལྟར་བྱུང་ཞིང་འཇུག་པ་དེ་ནི་ད་ལྟར་བྱུང་བའི་དུས་ཞེས་བྱའོ། །དེ་ལ་ད་ལྟར་གྱི་དུས་ཀྱི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་གང་ཡིན་པ་དེ་ནི་མི་གནས་པ་དང་ངེས་པར་མི་གནས་པར་རབ་ཏུ་ཤེས་ཏེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་འཇིག་རྟེན་ནི་སྐད་ཅིག་ལས་ལྷག་པར་མི་གནས་པའི་ཕྱིར་རོ། །སྐད་ཅིག་མ་
གང་ཡིན་པ་དེ་ལ་ཡང་སྐྱེ་བའི་དུས་ཀྱང་གཞན་ལ། གནས་པའི་དུས་ཀྱང་གཞན། འགག་པའི་དུས་ཀྱང་གཞན། སྐད་ཅིག་མ་དེ་ཡང་མི་གནས་པ་དང་ངེས་པར་མི་གནས་པར་རབ་ཏུ་ཤེས་སོ་ཞེས་བྱ་བ་ལ་སོགས་པ་དང་། དེ་བཞིན་དུ་མདོ་སྡེའི་མཐའ་གཞན་དག་ལས་ཆོས་ཉིད་ཀྱི་ཡང་ཆོས་ཉིད་གང་
ཡིན་པ་དེ་ནི་འདས་པ་མ་ཡིན། ད་ལྟར་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་དང་། དེ་བཞིན་དུ་མདོ་སྡེའི་མཐའ་གཞན་ལས་ཀྱང་དེ་བཞིན་གཤེགས་པ་ནི་འདས་པ་མ་ཡིན་མ་འོངས་པ་མ་ཡིན། ད་ལྟར་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་དེ་དག་འགྲུབ་པ་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ།
མདོ་སྡེ་མཚན་ཉིད་དང་བཅས་པ་དེ་དག་གི་དོན་ནི་བཅོམ་ལྡན་འདས་ཀྱིས་ཀྱང་འདུ་བྱེད་རྣམས་ཁོ་ན་དུས་ཉིད་དུ་གསུངས་ཀྱི་དེ་དག་ལས་གཞན་པའི་འདུ་བྱེད་མེད་པར་བསྟན་པ་ཡིན་ནོ། །དེ་ལྟར་ཡིད་ཆེས་པའི་ལུང་དེ་དག་གྲུབ་པ་ནི་དུས་ངོ་བོ་ཉིད་མེད་པ་ཉིད་དུ་བསྟན་པའི་ཡོན་ཏན་དང་ཁུངས་ཡིན་

པས་དེའི་ཕྱིར་རྟོག་གེ་སྐམ་པོ་ཙམ་ཉི་ཚེས་བསྒྲུབས་པ་མ་ཡིན་ནོ། །དེ་དག་བསྟན་བཅོས་འདིས་རྣམ་པར་བཤད་པར་བྱ་བའི་ཡུལ་ཉིད་དུ་བསྟན་པ་ཡང་སློབ་དཔོན་གྱི་ཞལ་སྔ་ནས་ཀྱི་མཁྱེན་རླབས་དང་འགྲེལ་པ་བྱེད་པའི་མཁས་པ་ཉིད་ཡིན་ནོ། །སློབ་དཔོན་ལེགས་ལྡན་བྱེད་ཀྱིས་ཉེ་བར་སྦྱར་བ་དབུ་མ་རྩ་བའི་
འགྲེལ་པ་ཤེས་རབ་སྒྲོན་མ་ལས་དུས་བརྟག་པ་ཞེས་བྱ་བ་སྟེ་རབ་ཏུ་བྱེད་པ་བཅུ་དགུ་པའི་རྒྱ་ཆེར་འགྲེལ་པ་སློབ་དཔོན་སྤྱན་རས་གཟིགས་བརྟུལ་ཞུགས་ཀྱིས་ཉེ་བར་སྦྱར་བ་རྫོགས་སོ།། །།ད་ནི་དུས་ངོ་བོ་ཉིད་མེད་པ་ཉིད་དུ་བསྟན་པའི་མི་མཐུན་པའི་ཕྱོགས་ཀྱི་ཁྱད་པར་དགག་པས་རྒྱུ་དང་
འབྲས་བུ་ངོ་བོ་ཉིད་མེད་པ་ཉིད་དུ་བསྟན་པའི་དོན་གྱི་དབང་གིས་རབ་ཏུ་བྱེད་པ་ཉི་ཤུ་པ་བརྩམ་མོ་ཞེས་བྱ་བ་ལ། དབང་གིས་ཞེས་བྱ་བའི་སྒྲ་སྐབས་འདིར་ཡང་དམ་བཅས་པ་ལ་འཇུག་པའི་རྒྱུའི་དོན་དང་། གཞུང་འོག་ནས་འབྱུང་བ་དང་སྦྱར་བའི་དོན་དུ་བལྟ་སྟེ། ཚིག་གི་དོན་ནི་སྔ་མ་བཞིན་ནོ། །དེ་ལ་དམ་
བཅས་པ་ལ་འཇུག་པའི་རྒྱུའི་དོན་གྱི་དབང་དུ་བྱས་ནས། ད་ནི་དུས་ངོ་བོ་ཉིད་མེད་པ་ཉིད་དུ་བསྟན་པའི་མི་མཐུན་པའི་ཕྱོགས་ཀྱི་ཁྱད་པར་དགག་པས་ཞེས་བྱ་བ་སྨྲས་ཏེ། བསྟན་བཅོས་མཛད་པས་རྐྱེན་བརྟག་པའི་རབ་ཏུ་བྱེད་པ་དང་པོ་བརྩམ་པའི་སྐབས་སུ་དངོས་པོ་ཐམས་ཅད་སྐྱེ་བ་མེད་པར་དམ་བཅས་
པ་མཛད་པས་འདིར་ཡང་བསྟན་བཅོས་མཛད་པས་ཇི་ལྟར་དམ་བཅས་པ་དེ་ལ་འཇུག་པའི་རྒྱུའི་དོན་གྱི་དབང་དུ་བྱས་ནས་དེ་སྐད་སྨྲས་ཏེ། དུས་ངོ་བོ་ཉིད་མེད་པ་ཉིད་དུ་བསྟན་པ་ཞེས་བྱ་བ་ནི་སྔར་དུས་བརྟག་པའི་རབ་ཏུ་བྱེད་པའི་སྐབས་སུ་ད་ནི་སྟོང་པ་ཉིད་ཀྱི་མི་མཐུན་པའི་ཕྱོགས་ཀྱི་ཁྱད་པར་དགག་པས་
དུས་ངོ་བོ་ཉིད་མེད་པ་ཉིད་དུ་བསྟན་པའི་དོན་གྱི་དབང་གིས་རབ་ཏུ་བྱེད་པ་བཅུ་དགུ་པ་བརྩམ་མོ་ཞེས་བྱ་བས་དུས་ངོ་བོ་ཉིད་མེད་པ་ཉིད་དུ་བསྟན་པ་ཡིན་ནོ། །དེའི་མི་མཐུན་པའི་ཕྱོགས་ཞེས་བྱ་བ་ནི་ཕྱིར་རྒོལ་བར་བྱེད་པའི་ཕྱོགས་ཏེ། དུས་ངོ་བོ་ཉིད་ཡོད་པ་ཁོ་ནར་སྟོན་པ་ཡིན་ནོ། །དེའི་ཁྱད་པར་ཞེས་
བྱ་བ་ནི་དུས་ངོ་བོ་ཉིད་ཡོད་པ་ཉིད་དུ་སྨྲ་བའི་ཁྱད་པར་འོག་ནས་དོན་དམ་པར་དུས་ནི་ཡོད་པ་ཁོ་ནར་ཤེས་པར་བྱ་སྟེ། འབྲས་བུ་འཇུག་པའི་རྒྱུ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ལ་སོགས་པ་འབྱུང་བ་དག་ཡིན་ནོ། །དེ་དགག་པས་ཞེས་བྱ་བ་ནི་དེ་དགག་པའི་དོན་གྱི་དབང་གིས་ནི་རབ་ཏུ་བྱེད་པ་ཉི་ཤུ་པ་

བརྩམ་མོ་ཞེས་བྱ་བར་སྦྱར་རོ། །གཞུང་འོག་ནས་འབྱུང་བ་དང་སྦྱར་བའི་དོན་གྱི་དབང་དུ་བྱས་ནས་རྒྱུ་དང་འབྲས་བུ་ངོ་བོ་ཉིད་མེད་པ་ཉིད་དུ་བསྟན་པའི་དོན་གྱི་དབང་གིས་རབ་ཏུ་བྱེད་པ་ཉི་ཤུ་པ་བརྩམ་མོ་ཞེས་བྱ་བ་སྨྲས་ཏེ། རྒྱུ་དང་འབྲས་བུ་བརྟག་པའི་རབ་ཏུ་བྱེད་པ་ཉི་ཤུ་པའི་གཞུང་འོག་ནས་འབྱུང་
བ་འདིའི་དོན་ནི་རྒྱུ་དང་འབྲས་བུ་ངོ་བོ་ཉིད་མེད་པ་ཉིད་དུ་བསྟན་པ་ཡིན་པས་དེའི་དབང་དུ་བྱས་ནས་དེ་སྐད་ཅེས་སྨྲས་སོ། །དེ་ལ་རབ་ཏུ་བྱེད་པ་འདིའི་འབྲས་བུ་ནི་གང་ཡིན། །རྣམ་པ་གང་གིས་ནི་འབྲས་བུ་དེ་འཐོབ་ཅེ་ན། རྒྱུ་དང་འབྲས་བུ་ངོ་བོ་ཉིད་མེད་པ་ཉིད་དུ་བསྟན་པ་ནི་འདིའི་འབྲས་བུ་ཡིན་ལ། དུས་ངོ་བོ་ཉིད་མེད་
པ་ཉིད་དུ་བསྟན་པའི་མི་མཐུན་པའི་ཕྱོགས་ཀྱི་ཁྱད་པར་དགག་པའི་རྣམ་པས་ནི་འབྲས་བུ་དེ་འཐོབ་པས་དེའི་ཕྱིར་འགྲེལ་པ་བྱེད་པས་རབ་ཏུ་བྱེད་པའི་མཚམས་སྦྱར་བའི་སྐབས་འདིར་ཐབས་དང་ཐབས་ལས་བྱུང་བའི་འབྲས་བུ་དང་པོ་ཁོ་ནར་བསྟན་ཏོ། །དུས་ངོ་བོ་ཉིད་མེད་པ་ཉིད་དུ་བསྟན་པའི་མི་མཐུན་པའི་ཕྱོགས་ཀྱི་
ཁྱད་པར་ཞེས་སྨོས་པ་དེ་ཉིད་བསྟན་པའི་ཕྱིར། རབ་ཏུ་བྱེད་པ་འདས་མ་ཐག་པར་དུས་མ་གྲུབ་པས་གཏན་ཚིགས་ཀྱི་སྐྱོན་བསྟན་པའི་ཕྱིར་དུས་གྲུབ་ན་སྐྱོན་མེད་པས་འདོད་པའི་དོན་འགྲུབ་པར་བསྟན་པའི་ཕྱིར་འདིར་སྨྲས་པ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། སྔར་དུས་བརྟག་པའི་རབ་ཏུ་བྱེད་པ་འདས་མ་ཐག་
པའི་སྐབས་སུ་དབུ་མ་པས་དུས་ལྟོས་པ་དང་མ་ལྟོས་པར་ཡང་འགྲུབ་པ་མེད་པར་བསྟན་པས། དུས་མ་གྲུབ་པས་ཕ་རོལ་པོ་དག་གི་གཏན་ཚིགས་དོན་དམ་པར་དངོས་པོ་རྣམས་ཀྱི་ངོ་བོ་ཉིད་ཡོད་པ་ཁོ་ན་ཡིན་ཏེ། གསལ་བའི་རྒྱུ་ཡིན་པའི་ཕྱིར་ཞེས་བྱ་བ་མ་གྲུབ་པའི་སྐྱོན་བསྟན་པའི་ཕྱིར་འདིར་
ཕ་རོལ་པོ་དག་དུས་གྲུབ་ན་གཏན་ཚིགས་མ་གྲུབ་པའི་སྐྱོན་མེད་པས་རང་གི་འདོད་པའི་དོན་གྲུབ་པར་བསྟན་པའི་ཕྱིར་ཡང་འདིར་འདི་སྐད་ཅེས་ཟེར་རོ་ཞེས་བྱ་བར་སྦྱར་རོ། །དེ་ཉིད་བསྟན་པའི་ཕྱིར། དོན་དམ་པར་དུས་ནི་ཡོད་པ་ཁོ་ནར་ཤེས་པར་བྱ་སྟེ། འབྲས་བུ་འགྲུབ་པའི་རྒྱུ་ཡིན་པའི་ཕྱིར་རོ། །འདི་
ནས་ས་བོན་ལ་སོགས་པ་ཚོགས་པ་ཉིད་ཡོད་ཀྱང་དུས་ཚིགས་མེད་ན་མྱུ་གུ་འབྱུང་བར་མི་འགྱུར་གྱི་ཡོད་ན་འགྱུར་ལ། གང་ཡོད་པ་མ་ཡིན་པ་དེ་ནི་འབྲས་བུ་འགྲུབ་པའི་རྒྱུ་ཉིད་ཡིན་པར་མ་མཐོང་བས་དེའི་ཕྱིར་གཏན་ཚིགས་ཇི་སྐད་སྨོས་པའི་མཐུས་དོན་དམ་པར་དུས་ནི་ཡོད་པ་ཁོ་ན་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། དེ་དག་

ནི་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། རྗེས་སུ་འགྲོ་བས་མཐུན་པའི་ཕྱོགས་བསྟན་པ་དང་། ལྡོག་པའི་མི་མཐུན་པའི་ཕྱོགས་བསྟན་པ་དང་། མཇུག་བསྡུ་བ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། འདི་ན་རི་བོང་གི་རྭ་ལྟ་བུ་གང་མེད་པ་འབྲས་བུ་འགྲུབ་པའི་རྒྱུ་ཉིད་ཡིན་པར་མ་མཐོང་བ་དེ་ནི་ཡོད་པ་མ་ཡིན་གྱི་
དུས་ཚིག་ནི་ས་བོན་ལ་སོགས་པའི་ཚོགས་པ་ཉིད་ཡོད་ཀྱང་དེ་མེད་ན་མྱུ་གུ་འབྱུང་བར་མི་འགྱུར་གྱི་ཡོད་ན་འགྱུར་བས་འབྲས་བུ་འགྲུབ་པའི་རྒྱུ་ཡིན་པའི་ཕྱིར་གཏན་ཚིགས་ཇི་སྐད་སྨོས་པའི་མཐུས་དོན་དམ་པར་དུས་ནི་ཡོད་པ་ཁོ་ན་ཡིན་ནོ་ཞེས་ཟེར་རོ། །དུས་ངོ་བོ་ཉིད་མེད་པ་ཉིད་དུ་བསྟན་པའི་མི་
མཐུན་པའི་ཕྱོགས་ཀྱི་ཁྱད་པར་དེ་དགག་པས་རྒྱུ་དང་འབྲས་བུ་ངོ་བོ་ཉིད་མེད་པ་ཉིད་དུ་བསྟན་པའི་ཕྱིར་དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས། དེ་ལ་རེ་ཞིག་གང་དག་གི །གྲུབ་པའི་མཐའ་ལས་རྒྱུ་དང་རྐྱེན་རྣམས་ཀྱི་ཚོགས་པ་ཉིད་ལས་འབྲས་བུ་ཡོད་པར་འདོད་པ་དེ་དག་གི་ཕྱིར་འདི་
བཤད་དེ་ཞེས་བྱ་བ་སྨྲས་ཏེ། གྲངས་ཅན་དང་། བྱེ་བྲག་པ་དག་གི་གྲུབ་པའི་མཐའ་ལས་རྒྱུ་དང་རྐྱེན་རྣམས་ཀྱི་ཚོགས་པ་ཉིད་ལ་འབྲས་བུ་སྔ་ན་ཡོད་པ་ལས་སྐྱེ་བར་འདོད་པ་དེ་དག་གི་གཞུང་དགག་པའི་ཕྱིར་ཚིག་ལེའུར་བྱས་པ་དང་པོ་འདི་བཤད་དེ། དེ་ཡང་གལ་ཏེ་འབྲས་བུ་སྐྱེ་བ་ཉིད་
འཐད་པར་གྱུར་ན་ནི་འབྲས་བུ་སྐྱེ་བས་དུས་ཀྱང་ཡོད་པར་འགྱུར་གྲང་ན། འབྲས་བུ་སྐྱེ་བ་ཉིད་མི་འཐད་པས་འབྲས་བུའི་རྒྱུ་ཅན་གྱི་དུས་ཡོད་པར་ག་ལ་འགྱུར། འདི་ལྟར་གལ་ཏེ་ཚོགས་པ་ཉིད་ལས་འབྲས་བུ་སྐྱེ་བར་གྱུར་ན་འབྲས་བུ་དེ་ཚོགས་པ་ཉིད་དེ་ལ་ཡོད་པའམ་མེད་པ་ལས་སྐྱེ་བར་འགྱུར་གྲང་ན། གཉི་ག་
ལས་ཀྱང་དེ་སྐྱེ་བ་མི་འཐད་དོ། །དེ་ལ་རེ་ཞིག་བརྟག་པ་དང་པོ་མི་འཐད་པར་བསྟན་པའི་ཕྱིར་ཚིག་ལེའུར་བྱས་པའི་དང་པོ་འདི་བཤད་དོ་ཞེས་བྱ་བར་སྦྱར་རོ། །དེ་ཉིད་བསྟན་པའི་ཕྱིར། གལ་ཏེ་རྒྱུ་དང་རྐྱེན་རྣམས་ཀྱི། །ཚོགས་པ་ཉིད་ལས་སྐྱེ་གྱུར་ན། །ཕ་རོལ་པོའི་ཚུལ་གྱིས་འབྲས་བུའོ་ཞེས་བྱ་བ་སྨྲས་ཏེ།
དེས་ནི་ཕ་རོལ་པོའི་གཞུང་བསྣན་པ་སྟོན་ཏེ། གྲངས་ཅན་དང་། བྱེ་བྲག་པ་ལ་སོགས་པ་དག་གི་གྲུབ་པའི་མཐའ་ལས་རྒྱུ་དང་རྐྱེན་རྣམས་ཀྱི་ཚོགས་པ་ཉིད་ལས་འབྲས་བུ་སྔ་ན་ཡོད་པ་ལས་སྐྱེ་བར་འདོད་པས་གལ་ཏེ་དེ་དག་གི་ཚུལ་གྱིས་རྒྱུ་དང་རྐྱེན་རྣམས་ཀྱི་ཚོགས་པ་ཉིད་ལ་འབྲས་བུ་སྔ་ན་ཡོད་པ་ཉིད་ལས་

སྐྱེ་བར་གྱུར་ནའོ། །ད་ནི་དེ་མི་འཐད་པར་བསྟན་པའི་ཕྱིར། དེ་ཡང་དེ་ལ་ཡོད་ན། འོ་ན་དེ་ལྟ་ན། ཚོགས་ལ་འབྲས་བུ་ཡོད་ན་ནི། །ཇི་ལྟར་ཚོགས་པ་ཉིད་ལས་སྐྱེ། །སྐྱེ་བར་མི་འགྱུར་བ་ཉིད་དེ། །དགག་པ་མི་མཐུན་པའི་སྐྱོན་དུ་འགྱུར་བའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། ཡོད་པ་
དང་སྐྱེ་བ་ནི་མི་མཐུན་པའི་ཕྱོགས་གཅིག་གིས་གཅིག་འགོག་པས་དགག་པ་མི་མཐུན་པའི་སྐྱོན་དུ་འགྱུར་བའི་ཕྱིར་རོ་ཞེས་བྱ་བར་དགོངས་སོ། །དེ་ཉིད་བསྟན་པའི་ཕྱིར། གལ་ཏེ་ཡོད་ན་ནི་ཅིའི་ཕྱིར་སྐྱེ་འོན་ཏེ་སྐྱེ་ན་ནི་ཡོད་པ་ཞེས་བྱ་བ་མ་ཡིན་ཏེ། ཡོད་པ་ཞེས་བྱ་བ་དང་སྐྱེའོ་ཞེས་བྱ་བ་དེ་དག་མི་མཐུན་པས་
བཀག་པའི་ཕྱིར་རོ་ཞེས་བྱ་བར་དགོངས་སོ་ཞེས་བྱ་བ་སྨྲས་ཏེ། ཚོགས་པ་ཉིད་དེ་ལ་འབྲས་བུ་དེ་ཡོད་པ་ཉིད་ཡིན་ན་འབྲས་བུ་ཡོད་པ་དེ་ཇི་ལྟར་ཚོགས་པ་ཉིད་དེ་ལས་སྐྱེ་བར་འགྱུར། ཅི་སྟེ་ཡོད་ཀྱང་ཡང་སྐྱེ་བར་འགྱུར་ན་ནི་དེ་ལྟ་ན་དེའི་སྐྱེ་བ་བརྟག་པ་དོན་མེད་པ་ཉིད་དུ་འགྱུར་ཏེ། འདི་ལྟར་ཡོད་པ་ལ་ཡང་
སྐྱེ་བས་ཅི་བྱ། ཐུག་པ་མེད་པར་ཐལ་བར་ཡང་འགྱུར་ཏེ། འདི་ལྟར་ནམ་ཡང་མི་སྐྱེ་བར་མི་འགྱུར་བའི་ཕྱིར་རོ། །ཡང་ན་གལ་ཏེ་ཡོད་ན་དེ་སྐྱེ་བར་མི་འགྱུར་ཏེ་ཞེས་བྱ་བ་ལ་སོགས་པས་ནི་ཕ་རོལ་པོ་དག་རྒྱུ་དང་རྐྱེན་རྣམས་ཀྱི་ཚོགས་པ་ཉིད་ལ་འབྲས་བུ་སྔ་ན་ཡོད་པར་རྗེས་སུ་དཔོག་པའི་དམ་བཅས་
པ་ལ་འབྲས་བུ་སྐྱེ་བའི་ངོ་བོ་ཉིད་བརྩལ་བའི་སྐྱོན་ཡོད་པས་མི་རུང་བར་སྟོན་ཏོ། །དེ་ཉིད་བསྟན་པའི་ཕྱིར། ཡོད་པ་ཉིད་དུ་རྗེས་སུ་དཔོག་པ་ཉིད་ཀྱིས་ཡོད་པ་ལ་ཡང་སྐྱེ་བ་མེད་པས་འབྲས་བུ་དེའི་སྐྱེ་བ་བསལ་བའི་ཕྱིར་ཕ་རོལ་པོ་དག་གི་དམ་བཅས་པ་ལ་འབྲས་བུ་ཆོས་ཀྱི་སྐྱེ་བའི་ངོ་བོ་ཉིད་བསལ་བའི་སྐྱོན་
ཡོད་པས། ཚོགས་ལ་འབྲས་བུ་ཡོད་ན་ནི། །ཇི་ལྟར་ཚོགས་པ་ཉིད་ལས་སྐྱེ། །སྐྱེ་བར་མི་འགྱུར་བ་ཉིད་དེ། །ཇི་སྐད་བསྟན་པའི་སྐྱོན་དུ་འགྱུར་བའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ་ཞེས་བྱ་བ་སྨྲས་ཏེ། དགག་པ་མི་མཐུན་པའི་སྐྱོན་ཇི་སྐད་བསྟན་པ་ཉིད་དུ་འགྱུར་བའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ །
འདི་སྐད་བསྟན་ཏེ། དོན་དམ་པར་འབྲས་བུ་ཡོད་པར་ནི་སྐྱེ་བར་མི་འགྱུར་ཏེ། ཡོད་པའི་ཕྱིར་བུམ་པ་ལ་སོགས་པ་ཡོད་པ་བཞིན་པས་དེའི་ཕྱིར་བརྟག་པ་དང་པོ་མི་འཐད་དོ་ཞེས་བསྟན་ཏེ། །བརྟག་པ་གཉིས་པ་མི་འཐད་པར་བསྟན་པའི་ཕྱིར། གང་དག་གི་གྲུབ་པའི་མཐའ་ལས་རྒྱུ་དང་རྐྱེན་

རྣམས་ཀྱི་ཚོགས་པ་ཉིད་ལ་འབྲས་བུ་མེད་པར་འདོད་པ་དེ་དག་གི་ཕྱིར་འདི་བཤད་དེ་ཞེས་བྱ་བ་སྨྲས་ཏེ། བྱེ་བྲག་ཏུ་སྨྲ་བ་དང་། མདོ་སྡེ་པ་དག་གི་གྲུབ་པའི་མཐའ་ལས་རྒྱུ་དང་རྐྱེན་རྣམས་ཀྱི་ཚོགས་པ་ཉིད་ལ་འབྲས་བུ་སྔ་ན་མེད་པ་ལས་སྐྱེ་བར་འདོད་པ་དེ་དག་གི་གཞུང་དགག་པའི་ཕྱིར་ཚིག་ལེའུར་བྱས་པ་གཉིས་
པ་འདི་བཤད་དེ་ཞེས་བྱ་བར་སྦྱར་རོ། །དེ་ཉིད་བསྟན་པའི་ཕྱིར། གལ་ཏེ་རྒྱུ་དང་རྐྱེན་རྣམས་ཀྱི། །ཚོགས་པ་ཉིད་ལས་སྐྱེ་གྱུར་ན། །ཕ་རོལ་པོའི་ཚུལ་གྱིས་འབྲས་བུའོ། །ཞེས་བྱ་བ་སྨྲས་ཏེ། དེས་ན་ཕ་རོལ་པོའི་གཞུང་བསྟན་པ་སྟོན་ཏེ། བྱེ་བྲག་ཏུ་སྨྲ་བ་དང་། མདོ་སྡེ་པ་ལ་སོགས་པ་དག་གི་
གྲུབ་པའི་མཐའ་ལས་རྒྱུ་དང་རྐྱེན་རྣམས་ཀྱི་ཚོགས་པ་ཉིད་ལ་འབྲས་བུ་སྔ་ན་མེད་པ་ལས་སྐྱེ་བར་འདོད་པས་གལ་ཏེ་དེ་དག་གི་ཚུལ་གྱིས་རྒྱུ་དང་རྐྱེན་རྣམས་ཀྱི་ཚོགས་པ་ཉིད་ལ་འབྲས་བུ་སྔ་ན་མེད་པ་ཉིད་ལས་སྐྱེ་བར་གྱུར་ནའོ། །ད་ནི་དེ་མི་འཐད་པར་བསྟན་པའི་ཕྱིར། དེ་ཡང་ཁྱེད་དོན་དམ་པར་མེད་པར་
སྟོན་པས་འོ་ན་དེས་ན། ཚོགས་ལ་འབྲས་བུ་མེད་ན་ནི། །ཇི་ལྟར་ཚོགས་པ་ཉིད་ལས་སྐྱེ། །སྐྱེ་བར་མི་འགྱུར་བ་ཉིད་དེ། །ཞེས་བྱ་བ་སྨྲས་ཏེ། ཚོགས་པ་ཉིད་དེ་ལ་འབྲས་བུ་དེ་མེད་པ་ཉིད་ཡིན་ན་འབྲས་བུ་མེད་པ་དེ་ཇི་ལྟར་ཚོགས་པ་ཉིད་དེ་ལས་སྐྱེ་བར་འགྱུར། ཅི་སྟེ་མེད་ཀྱང་སྐྱེ་བར་འགྱུར་ན་ནི་དེ་ལྟ་ན་དེ་
སྐྱེས་ན་ཡང་མེད་པ་ཉིད་དུ་འགྱུར་ཏེ། སྐྱེ་བ་ན་མེད་པ་སྐྱེས་ན་ཇི་ལྟར་ཡོད་པར་འགྱུར། །འདི་ལྟར་བ་ལང་སྐྱེ་བ་སྐྱེས་ན་རྟར་མི་འགྱུར་བ་བཞིན་ནོ། །དེ་ཉིད་བསྟན་པའི་ཕྱིར། མེད་པ་ཉིད་དུ་རྗེས་སུ་དཔོག་པ་ཉིད་ཀྱིས་མེད་པ་ལ་སྐྱེ་བ་མེད་པས་འབྲས་བུ་དེའི་སྐྱེ་བ་བསལ་བའི་ཕྱིར་ཕ་རོལ་པོ་
དག་གི་དམ་བཅས་པ་ལ་འབྲས་བུ་ཆོས་ཀྱི་སྐྱེ་བའི་ངོ་བོ་ཉིད་ལས་བཟློག་པའི་སྐྱོན་ཡོད་པའི་ཕྱིར་རོ་ཞེས་བྱ་བར་དགོངས་སོ་ཞེས་བྱ་བ་སྨྲས་ཏེ། ཕ་རོལ་པོ་དག་རྒྱུ་དང་རྐྱེན་རྣམས་ཀྱི་ཚོགས་པ་ཉིད་ལ་འབྲས་བུ་སྔ་ན་མེད་པར་རྗེས་སུ་དཔོག་པའི་དམ་བཅས་པ་ལ་འབྲས་བུ་སྐྱེ་བའི་ངོ་བོ་ཉིད་
ལས་བཟློག་པའི་སྐྱོན་ཡོད་པའི་ཕྱིར་མི་རུང་ངོ་ཞེས་བྱ་བར་དགོངས་སོ། །འདི་སྐད་བསྟན་ཏེ། དོན་དམ་པར་འབྲས་བུ་མེད་པར་ནི་སྐྱེ་བར་མི་འགྱུར་ཏེ། མེད་པའི་ཕྱིར་ནམ་མཁའི་མེ་ཏོག་ལ་སོགས་པ་མེད་པ་བཞིན་པས་དེའི་ཕྱིར་བརྟག་པ་གཉིས་པ་མི་འཐད་དོ་ཞེས་བསྟན་ཏོ། །བསྟན་

བཅོས་མཛད་པས་ཡང་སེར་སྐྱ་པ་དག་གི་གཞུང་དགག་པའི་ཕྱིར། གང་དག་གིས་རྒྱུ་དང་རྐྱེན་རྣམས་ཀྱི་ཚོགས་པ་ཉིད་ལ་འབྲས་བུ་ཡོད་པར་དམ་བཅས་པ་དེ་དག་གི་ཕྱིར་ཡང་བཤད་པ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། འདིས་ནི་གྲངས་ཅན་དག་རྒྱུའི་ཚོགས་པ་ཉིད་ལ་འབྲས་བུ་ནུས་
པའི་ཚུལ་གྱིས་སྔ་ན་ཡོད་པ་ལས་སྐྱེ་བར་འདོད་པའི་གཞུང་དགག་པ་རྣམ་པ་གཞན་སྟོན་ཏོ། །དེ་ཉིད་བསྟན་པའི་ཕྱིར། གལ་ཏེ་རྒྱུ་དང་རྐྱེན་རྣམས་ཀྱི། །ཚོགས་ལ་འབྲས་བུ་ཡོད་ན་ནི། །ཞེས་བྱ་བ་སྨྲས་ཏེ། དེས་ནི་གྲངས་ཅན་དག་རྒྱུ་ལ་འབྲས་བུ་སྔ་ན་ཡོད་པ་ལས་སྐྱེ་བར་འདོད་པའི་གཞུང་བསྣན་པ་
སྟོན་ཏེ། གྲངས་ཅན་དག་གི་གྲུབ་པའི་མཐའ་ལས་རྒྱུ་ལ་འབྲས་བུ་ནུས་པའི་ཚུལ་དུ་སྔ་ན་ཡོད་པ་ལས་ཕྱིས་རྐྱེན་གྱི་མཐུས་གསལ་བའི་ངོ་བོ་ཉིད་དུ་སྐྱེ་བར་འདོད་པས་གལ་ཏེ་དེ་དག་གི་ཚུལ་གྱིས་རྒྱུའི་ཚོགས་པ་ཉིད་ལས་འབྲས་བུ་ནུས་པའི་ཚུལ་དུ་སྔ་ན་ཡོད་པ་ཉིད་ལས་སྐྱེ་བར་གྱུར་ན་ནི། ད་ནི་དེ་མི་འཐད་པར་
བསྟན་པའི་ཕྱིར། ཚོགས་ལ་གཟུང་དུ་ཡོད་རིགས་ན། །ཡོད་པའི་ཕྱིར་སྐྱེ་བ་བཞིན་དུའོ་ཞེས་བྱ་བ་སྨྲས་ཏེ། དེ་ལྟར་རྒྱུའི་ཚོགས་པ་ཉིད་ལ་འབྲས་བུ་ནུས་པའི་ཚུལ་དུ་སྔ་ན་ཡོད་པ་ཉིད་ཡིན་ན་ཡོད་པའི་ཕྱིར་དཔེར་ན་གསལ་བའི་ངོ་བོ་ཉིད་དུ་སྐྱེས་པ་བཞིན་དུ་རྒྱུའི་ཚོགས་པ་ཉིད་ལ་འབྲས་བུའི་ནུས་པ་གཟུང་དུ་
ཡོད་པའི་རིགས་སོ། །དེ་ཡང་མེད་པར་བསྟན་པའི་ཕྱིར། །ཚོགས་པ་ཉིད་ལ་གཟུང་དུ་མེད། །ཡིད་བཏུད་པས་ཀྱང་ངོ་ཞེས་བྱ་བ་སྨྲས་ཏེ། རྒྱུའི་ཚོགས་པ་ཉིད་ལ་འབྲས་བུའི་ནུས་པ་ཉིད་ནི་ཡིད་བཏུད་པས་བརྟགས་ན་ཡང་གཟུང་དུ་མེད་པའི་ཕྱིར་དེ་ཡོད་པ་མ་ཡིན་ནོ་ཞེས་སྟོན་ཏོ། །དེ་ལྟར་ན་འདིས་ནི་ཚོགས་པ་ཉིད་ལས་
འབྲས་བུའི་ཆོས་གཟུང་དུ་མེད་པ་ཉིད་ཡིན་པར་བསྟན་ཏོ་ཞེས་བྱ་བར་ནི་དེ་ལྟར་ཚིག་ལེའུར་བྱས་པའི་རྩ་བ་ཐ་མ་འདིས་ནི་རྒྱུའི་ཚོགས་པ་ཉིད་ལ་འབྲས་བུའི་ནུས་པ་སྔ་ན་ཡོད་པ་མ་ཡིན་པར་སྒྲུབ་པའི་ཆོས་གཏན་ཚིགས་ནི་གཟུང་དུ་མེད་པ་ཉིད་ཡིན་པར་མདོ་མཛད་པས་བསྟན་ཏོ། །དེ་ཉིད་ཀྱི་ཚད་མ་བསྟན་པའི་ཕྱིར། དེའི་
ཕྱིར་རྗེས་སུ་དཔག་པ་ནི་ས་བོན་ལ་སོགས་པ་ཚོགས་པ་ཉིད་ལ་འབྲས་བུ་མྱུ་གུ་ཞེས་བྱ་བ་ལ་སོགས་པ་ཡོད་པ་མ་ཡིན་པར་གཟུང་བར་བྱ་སྟེ། དེ་ལ་གཟུང་དུ་མེད་པའི་ཕྱིར་རོ། །གང་ལ་གང་གཟུང་དུ་མེད་པ་དེ་ལ་དེ་ཡོད་པ་མ་ཡིན་ཏེ། དཔེར་ན་བུམ་པ་ལ་སྣམ་བུ་བཞིན་ནོ། །ཚོགས་པ་ཉིད་ལ་མྱུ་གུ་ཡང་དེ་བཞིན་པས་

དེའི་ཕྱིར་ས་བོན་ལ་སོགས་པ་ཚོགས་པ་ཉིད་ལ་འབྲས་བུ་མྱུ་གུ་ཞེས་བྱ་བ་ལ་སོགས་པ་ཡོད་པ་མ་ཡིན་པར་གཟུང་བར་བྱའོ་ཞེས་བྱ་བ་སྨྲས་ཏེ། དེ་དག་ནི་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། ཆོས་མི་མཐུན་པའི་ཕྱོགས་ཀྱི་དཔེ་དང་། ཉེ་བར་སྦྱར་བའི་སྦྱོར་བ་དང་། མཇུག་
བསྡུ་བ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་བུམ་པ་གང་ལ་སྣམ་བུ་གང་གཟུང་དུ་མེད་པའི་བུམ་པ་དེ་ལ་སྣམ་བུ་དེ་ཡོད་པ་མ་ཡིན་པ་དེ་བཞིན་དུ་ཚོགས་པ་ཉིད་གང་ལ་མྱུ་གུ་གང་གཟུང་དུ་མེད་པའི་ཚོགས་པ་ཉིད་དེ་ལ་ཡང་མྱུ་གུ་དེ་ཡོད་པ་མ་ཡིན་པས་དེའི་ཕྱིར་ས་བོན་ལ་སོགས་པའི་རྒྱུའི་
ཚོགས་པ་ཉིད་ལས་འབྲས་བུ་མྱུ་གུ་ཞེས་བྱ་བ་ལ་སོགས་པའི་ནུས་པ་སྔ་ན་ཡོད་པ་མ་ཡིན་པར་གཟུང་བར་བྱའོ། །འདིར་གྲངས་ཅན་དག་ལས་ཁ་ཅིག་ཕྱིར་ཟློག་པར་བྱེད་དེ། ཧ་ཅང་རིང་བ་དང་། ཧ་ཅང་ཉེ་བ་དང་། དབང་པོ་ཉམས་པ་དང་། ཡིད་ངེས་པར་མི་གནས་པ་དང་། ཆ་ཕྲ་བ་དང་།
བསྒྲིབས་པ་དང་། ཟིལ་གྱིས་གནོན་པ་དང་། འདྲ་བ། འདྲེས་པ་ཞེས་བྱ་བ་གཟུང་བའི་གེགས་སུ་གྱུར་པ་དག་ཡོད་ན་དངོས་པོ་ཡོད་པ་རྣམས་ཀྱང་གཟུང་དུ་མེད་པའི་ཕྱིར་གཏན་ཚིགས་མ་ངེས་པ་ཉིད་ཀྱི་སྐྱོན་ཡོད་དོ་ཞེས་བྱ་བ་ནི་འདིར་གྲངས་ཅན་དག་ལས་ཁ་ཅིག་ན་རེ་དབུ་མ་པའི་གཏན་ཚིགས་ས་
བོན་ལ་སོགས་པ་ཚོགས་པ་ཉིད་ལ་འབྲས་བུ་མྱུ་གུ་ཞེས་བྱ་བ་ལ་སོགས་པ་ཡོད་པ་མ་ཡིན་པར་གཟུང་བར་བྱ་སྟེ། དེ་ལ་གཟུང་དུ་མེད་པའི་ཕྱིར་རོ་ཞེས་བྱ་བ་དེ་མ་ངེས་པ་ཉིད་ཡིན་ནོ་ཞེས་ཕྱིར་ཟློག་པར་བྱེད་པའི་ཚིག་ཡིན་ཏེ། འདི་ལ་གྲངས་ཅན་དག་གི་གྲུབ་པའི་མཐའ་རྒྱུད་དྲུག་ཅུ་པ་ཞེས་བྱ་བ་ལས་
དངོས་པོ་ཡོད་ཀྱང་དམིགས་པར་མི་འགྱུར་བའི་རྒྱུ་རྣམ་པ་བརྒྱད་ཡོད་དེ། དེ་ཡང་། ཧ་ཅང་རིང་ཕྱིར་ཉེ་ཕྱིར་དང་། །དབང་པོ་ཉམས་ཕྱིར་ཡིད་མེད་ཕྱིར། །ཆ་ཕྲ་ཕྱིར་དང་བསྒྲིབས་ཕྱིར་དང་། །ཟིལ་ནོན་ཕྱིར་དང་འདྲེས་ཕྱིར་རོ། །ཞེས་འབྱུང་སྟེ། དེ་ལ་ཧ་ཅང་རིང་བའི་ཕྱིར་དམིགས་པར་མི་འགྱུར་བ་ནི་
དཔེར་ན་བྱ་ཞིག་གྲོང་འདི་ནས་གྲོང་གཞན་དུ་འཕུར་བ་མི་དམིགས་ཀྱང་དེ་མེད་པ་མ་ཡིན་གྱི་ཧ་ཅང་ཐག་རིང་བའི་ཕྱིར་མི་དམིགས་པ་ལྟ་བུའོ། །གང་ཧ་ཅང་ཐག་རིང་བ་མ་ཡིན་པ་དེ་ཅིའི་ཕྱིར་མི་དམིགས་ཤེ་ན། ཉེ་ཕྱིར་དང་ཞེས་བྱ་བ་སྨྲས་ཏེ། དཔེར་ན་ལྷས་བྱིན་གྱི་མིག་ལ་མིག་སྨན་གནས་པ་མི་དམིགས་

ཀྱང་དེ་མེད་པ་མ་ཡིན་གྱི། ཧ་ཅང་ཐག་ཉེ་བའི་ཕྱིར་མི་དམིགས་པ་ལྟ་བུའོ། །གང་ཧ་ཀྱང་ཐག་ཉེ་བ་མ་ཡིན་པ་དེ་ཅིའི་ཕྱིར་མི་དམིགས་ཤེ་ན། དབང་པོ་ཉམས་ཕྱིར་ཞེས་བྱ་བ་སྨྲས་ཏེ། དཔེར་ན་སློབ་པས་ལྡོངས་ཞེས་སྨྲས་པའི་སྒྲ་འོན་པས་མི་ཐོས་ཀྱང་དེ་མེད་པ་མ་ཡིན་གྱི། དབང་
པོ་ཉམས་པའི་ཕྱིར་མི་དམིགས་པ་ལྟ་བུའོ། །གང་དབང་པོ་མ་ཉམས་པས་དེ་ཅིའི་ཕྱིར་མི་དམིགས་ཤེ་ན། ཡིད་མེད་ཕྱིར་ཞེས་བྱ་བ་སྨྲས་ཏེ། དཔེར་ན་མདའ་མཁན་གྱི་ཉེན་ཀོར་ནས་རྒྱལ་པོའི་ཕོ་བྲང་བསྐྱོད་པ་ན་མདའ་མཁན་མདའི་ལས་ལ་སེམས་གཡེངས་པས་མི་དམིགས་ཀྱང་དེ་མེད་པ་མ་ཡིན་
གྱི། ཡིད་ངེས་པར་མི་གནས་པའི་ཕྱིར་མི་དམིགས་པ་ལྟ་བུའོ། །གང་ཡིད་ངེས་པར་གནས་པ་དེས་ཅིའི་ཕྱིར་མི་དམིགས་ཤེ་ན། ཆ་ཕྲ་ཕྱིར་ཞེས་བྱ་བ་སྨྲས་ཏེ། དཔེར་ན་དུ་བ་དང་རྡུལ་དང་ཁུག་རྣ་ལ་སོགས་པ་ནམ་མཁའ་ལ་ཡན་པ་དག་མི་དམིགས་ཀྱང་དེ་མེད་པ་མ་ཡིན་གྱི་ཆ་ཕྲ་བའི་ཕྱིར་
མི་དམིགས་པ་ལྟ་བུའོ། །གང་ཆ་ཕྲ་བ་མ་ཡིན་པ་དེ་ཅིའི་ཕྱིར་མི་དམིགས་ཤེ་ན། བསྒྲིབས་ཕྱིར་དང་ཞེས་བྱ་བ་སྨྲས་ཏེ། དཔེར་ན་སབ་མ་དང་རྩིག་པ་ལ་སོགས་པས་བསྒྲིབས་པའི་བུམ་པ་ལ་སོགས་པ་དག་མི་དམིགས་ཀྱང་དེ་མེད་པ་མ་ཡིན་གྱི། བསྒྲིབས་པའི་ཕྱིར་མི་དམིགས་
པ་ལྟ་བུའོ། །གང་མ་བསྒྲིབས་པ་དེ་ཅིའི་ཕྱིར་མི་དམིགས་ཤེ་ན། ཟིལ་ནོན་ཕྱིར་ཞེས་བྱ་བ་སྨྲས་ཏེ། དཔེར་ན་ཉི་མའི་འོད་ཀྱིས་གཟའ་དང་རྒྱུ་སྐར་དང་སྐར་མའི་འོད་ཟིལ་གྱིས་ནོན་པ་དག་མི་དམིགས་ཀྱང་དེ་མེད་པ་མ་ཡིན་གྱི། ཟིལ་གྱིས་ནོན་པའི་ཕྱིར་མི་དམིགས་པ་ལྟ་བུའོ། །གང་ཟིལ་
གྱིས་མ་ནོན་པ་དེ་ཅིའི་ཕྱིར་མི་དམིགས་ཤེ་ན། འདྲེས་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། དཔེར་ན་ཕུག་རོན་དང་སྲན་ཆུང་ལ་སོགས་པ་འདྲ་བ་མང་པོ་འདྲེས་པ་དག་མི་དམིགས་ཀྱང་དེ་མེད་པ་མ་ཡིན་གྱི། འདྲ་བ་འདྲེས་པའི་ཕྱིར་མི་དམིགས་པ་ལྟ་བུའོ། །དེ་ལྟར་འདི་ན་དངོས་པོ་ཡོད་ཀྱང་མི་དམིགས་
པའི་རྒྱུ་རྣམ་པ་བརྒྱད་ཀྱིས་གཟུང་དུ་མེད་པ་དག་མཐོང་བས་དེས་རེ་ཞིག་གཟུང་དུ་མེད་པའི་ཕྱིར་དཔེར་ན་བུམ་པ་ལ་སྣམ་བུ་བཞིན་དུ་ས་བོན་ལ་སོགས་པ་ཚོགས་པ་ཉིད་ལ་འབྲས་བུ་མྱུ་གུ་ཞེས་བྱ་བ་ལ་སོགས་པ་ཡོད་པ་མ་ཡིན་པར་གཟུང་བར་བྱ་འམ། འོན་ཏེ་གཟུང་དུ་མེད་པའི་ཕྱིར་དཔེར་ན་ཧ་ཅང་

རིང་བ་ལ་སོགས་པ་བཞིན་དུ་ས་བོན་ལ་སོགས་པ་ཚོགས་པ་ཉིད་ལ་འབྲས་བུ་མྱུ་གུ་ཞེས་བྱ་བ་ལ་སོགས་པ་ཡོད་པ་ཉིད་དུ་གཟུང་བར་བྱ་བ་མ་ངེས་པའི་ཕྱིར་དབུ་མ་པའི་གཏན་ཚིགས་དེ་ལ་མ་ངེས་པ་ཉིད་ཀྱི་སྐྱོན་ཡོད་དོ་ཞེས་ཟེར་རོ། །གྲངས་ཅན་དག་ལས་གཞན་དག་སྐྱོན་གཞན་འདི་སྐད་ཅེས་སྨྲས་ཏེ་ཞེས་བྱ་
བ་ལ་སོགས་པས་ནི་གྲངས་ཅན་དག་ལས་གཞན་ཁ་ཅིག་ན་རེ་དབུ་མ་པའི་གཏན་ཚིགས་གཟུང་དུ་མེད་པའི་ཕྱིར་རོ་ཞེས་བྱ་བ་དེའི་དོན་མ་ངེས་པ་ཉིད་དང་མ་གྲུབ་པ་ཉིད་ཡིན་ནོ་ཞེས་ཟེར་བའི་སྐྱོན་གཞན་འདོགས་པ་སྟོན་ཏེ། དེའི་ཕྱིར་དེ་དག་ན་རེ་དབུ་མ་པའི་གཏན་ཚིགས་གཟུང་དུ་མེད་པའི་ཕྱིར་རོ་ཞེས་བྱ་བའི་
གཏན་ཚིགས་དེའི་དོན་གང་ཡིན། གལ་ཏེ་མངོན་སུམ་གྱིས་གཟུང་དུ་མེད་པའི་ཕྱིར་རོ་ཞེ་ན་ནི་མ་ངེས་པ་ཉིད་དེ། དབང་པོའི་དེ་ཁོ་ན་དག་མངོན་སུམ་གྱིས་གཟུང་དུ་མེད་ཀྱང་ཡོད་པའི་ཕྱིར་རོ་ཞེས་ཟེར་ཏེ། འདི་ན་དེ་ཁོ་ན་ཉི་ཤུ་རྩ་ལྔ་དག་ལས་བློའི་དབང་པོའི་དེ་ཁོ་ན་དག་མངོན་སུམ་གྱིས་གཟུང་དུ་མེད་ཀྱང་ཡོད་
པར་ཤེས་པས་དེས་ན་ཅི་རེ་ཞིག་མངོན་སུམ་གྱིས་གཟུང་དུ་མེད་པའི་ཕྱིར་དཔེར་ན་བུམ་པ་ལ་སྣམ་བུ་བཞིན་དུ་ས་བོན་ལ་སོགས་པ་ཚོགས་པ་ཉིད་ལ་འབྲས་བུ་མྱུ་གུ་ཞེས་བྱ་བ་ལ་སོགས་པ་ཡོད་པ་མ་ཡིན་པར་གཟུང་བར་བྱའམ། འོན་ཏེ་མངོན་སུམ་གྱིས་གཟུང་དུ་མེད་པའི་ཕྱིར་དཔེར་ན་དབང་པོའི་དེ་ཁོ་ན་དག་
བཞིན་དུ་ས་བོན་ལ་སོགས་པ་ཚོགས་པ་ཉིད་ལ་འབྲས་བུ་མྱུ་གུ་ཞེས་བྱ་བ་ཡོད་པ་ཉིད་དུ་གཟུང་བར་བྱ་བ་མ་ངེས་པའི་ཕྱིར་གལ་ཏེ་དབུ་མ་པའི་གཏན་ཚིགས་དེའི་དོན་མངོན་སུམ་གྱིས་གཟུང་དུ་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི་མ་ངེས་པ་ཉིད་ཡིན་ནོ། །གལ་ཏེ་རྗེས་སུ་དཔག་པས་གཟུང་དུ་མེད་པའི་ཕྱིར་རོ་ཞེ་ན་ནི་དོན་མ་གྲུབ་
པ་ཉིད་དེ་ཞེས་བྱ་བས་ནི་གལ་ཏེ་དབུ་མ་པའི་གཏན་ཚིགས་གཟུང་དུ་མེད་པའི་ཕྱིར་རོ་ཞེས་བྱ་བ་དེ་རྗེས་སུ་དཔག་པས་གཟུང་དུ་མེད་པའི་ཕྱིར་རོ་ཞེ་ན་ནི་དོན་མ་གྲུབ་པ་ཉིད་དེ། འདི་ལྟར་ས་བོན་ལ་སོགས་པ་རྒྱུའི་ཚོགས་པ་ཉིད་ལས་འབྲས་བུ་མྱུ་གུ་ཞེས་བྱ་བ་ལ་སོགས་པའི་ནུས་པ་ཡོད་པར་རྗེས་སུ་དཔག་པས་གཟུང་དུ་ཡོད་
པའི་ཕྱིར་རོ་ཞེས་ཟེར་བའི་གཞུང་སྟོན་ཏོ། །དེ་ཉིད་ཀྱི་རྗེས་སུ་དཔག་པ་བསྟན་པའི་ཕྱིར། འདི་ལྟར་རྗེས་སུ་དཔག་པ་ལས་རྒྱུ་ནི་འབྲས་བུས་མི་སྟོང་བར་གཟུང་བར་བྱ་སྟེ། ཚད་ཡོད་པའི་ཕྱིར་རོ། །གང་ཚད་ཡོད་པ་དེས་མི་སྟོང་སྟེ། དཔེར་ན་འབྲས་བུའི་བདག་ཉིད་བཞིན་ནོ། །དེ་བཞིན་དུ་རྒྱུ་ཡང་བདེ་བ་དང་

སྡུག་བསྔལ་དང་གཏི་མུག་གསུམ་དང་སྒྲ་ལ་སོགས་པ་ལྔ་དང་གཅིག་ལ་སོགས་པ་རྒྱུའི་ཚད་ཀྱིས་ན་ཚད་ཡོད་པས་དེའི་ཕྱིར་རྒྱུ་ནི་ཚད་ཡོད་པའི་ཕྱིར་འབྲས་བུ་མི་སྟོང་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། དེ་དག་ནི་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། ཆོས་མཐུན་པའི་ཕྱོགས་
ཀྱི་དཔེ་དང་། ཉེ་བར་སྦྱར་བའི་སྦྱོར་བ་དང་། མཇུག་བསྡུ་བ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་འབྲས་བུའི་བདག་ཉིད་ལྟ་བུ་གང་ཚད་ཡོད་པ་དེ་ནི་འབྲས་བུ་དེ་ཉིད་ཀྱིས་མི་སྟོང་པ་དེ་བཞིན་དུ་རྒྱུ་ཡང་སྙིང་སྟོབས་དང་། རྡུལ་དང་། མུན་པའི་རང་བཞིན་གསུམ་གྱི་འགྱུར་བ་དང་། ཡན་ལག་བདེ་བ་དང་།
སྡུག་བསྔལ་བ་དང་། གཏི་མུག་གསུམ་དང་། སྒྲ་ལ་སོགས་པ་དེ་ཙམ་ལྔ་དང་། གཙོ་བོ་ཞེས་བྱ་བ་གཅིག་དང་། དེ་དག་ལ་སོགས་པ་རང་བཞིན་གྱི་ཆར་གཏོགས་པའི་རྒྱུ་ཚད་ཡོད་པས་དེའི་ཕྱིར་རྒྱུ་ནི་ཚད་ཡོད་པའི་ཕྱིར་འབྲས་བུས་ནུས་པས་ས་བོན་མི་སྟོང་པ་ས་བོན་ལ་སོགས་པ་རྒྱུའི་ཚོགས་པ་ཉིད་ལ་
འབྲས་བུ་མྱུ་གུ་ཞེས་བྱ་བ་ལ་སོགས་པ་ཡོད་པ་ཉིད་དུ་རྗེས་སུ་དཔག་པས་གཟུང་དུ་ཡོད་པའི་ཕྱིར་གལ་ཏེ་དབུ་མ་པའི་གཏན་ཚིགས་དེ་རྗེས་སུ་དཔག་པས་གཟུང་དུ་མེད་པའི་ཕྱིར་རོ་ཞེས་བྱ་བ་ཡིན་ན་ནི་དོན་མ་གྲུབ་པ་ཉིད་དོ་ཞེས་ཟེར་རོ། །མངོན་སུམ་གྱི་གཟུང་བ་ཉིད་མ་ཡིན་པས་མངོན་སུམ་ཁོ་ནར་གཟུང་དུ་མེད་པའི་ཕྱིར་
རོ་ཞེས་གཏན་ཚིགས་ཁྱད་པར་དང་བཅས་པ་བརྗོད་ན་ཡང་གཏན་ཚིགས་ཀྱི་དོན་མ་ངེས་པ་ཉིད་དེ། མངོན་སུམ་གྱི་གཟུང་བ་མ་ཡིན་པའི་དངོས་པོ་ཡང་རྗེས་སུ་དཔག་པས་གཟུང་བ་ཉིད་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི་གྲངས་ཅན་དག་ན་རེ་ཅི་སྟེ་སངས་རྒྱས་པ་དག་རང་གི་གཏན་ཚིགས་གཟུང་དུ་མེད་པའི་ཕྱིར་རོ་ཞེས་
བྱ་བ་དེ་གལ་ཏེ་རྗེས་སུ་དཔག་པས་གཟུང་དུ་མེད་པའི་ཕྱིར་རོ་ཞེས་བྱ་བར་སྦྱར་ན་དོན་མ་གྲུབ་པ་ཉིད་ཀྱི་སྐྱོན་དུ་འགྱུར་བ་དེ་ཡོངས་སུ་སྤང་བར་འདོད་པས། འདིར་རང་གི་གཏན་ཚིགས་གཟུང་དུ་མེད་པའི་ཕྱིར་རོ་ཞེས་བྱ་བ་དེ་མངོན་སུམ་གྱི་གཟུང་བ་ཉིད་མ་ཡིན་པས་མངོན་སུམ་ཁོ་ནས་གཟུང་དུ་མེད་པའི་ཕྱིར་རོ་
ཞེས་གཏན་ཚིགས་ཁྱད་པར་དང་བཅས་པ་བརྗོད་ན་ཡང་གཏན་ཚིགས་དེའི་དོན་མ་ངེས་པ་ཉིད་དེ། འདི་ལྟར་འདི་ན་མངོན་སུམ་གྱིས་གཟུང་བ་མ་ཡིན་པའི་དངོས་པོ་ཡུལ་དང་དུས་དང་རང་བཞིན་གྱིས་བསྐལ་པ་དག་ཀྱང་རྗེས་སུ་དཔག་པས་གཟུང་བ་ཉིད་ཡིན་པར་མཐོང་བས་དེས་ན་ཅི་རེ་ཞིག་མངོན་སུམ་

ཁོ་ནས་གཟུང་དུ་མེད་པའི་ཕྱིར་དཔེར་ན་བུམ་པ་ལ་སྣམ་བུ་བཞིན་དུ་ས་བོན་ལ་སོགས་པ་ཚོགས་པ་ཉིད་ལ་འབྲས་བུ་མྱུ་གུ་ཞེས་བྱ་བ་ལ་སོགས་པ་ཡོད་པ་མ་ཡིན་པར་གཟུང་བར་བྱ་བའམ། འོན་ཏེ་མངོན་སུམ་ཁོ་ནས་གཟུང་དུ་མེད་པའི་ཕྱིར་དཔེར་ན་མངོན་སུམ་གྱི་གཟུང་བ་མ་ཡིན་པའི་དངོས་པོ་ཡུལ་དང་དུས་དང་
རང་བཞིན་གྱིས་བསྐལ་པ་དག་རྗེས་སུ་དཔག་པས་གཟུང་བ་ཉིད་ཡིན་པ་བཞིན་དུ་ས་བོན་ལ་སོགས་པ་ཚོགས་པ་ཉིད་ལ་འབྲས་བུ་མྱུ་གུ་ཞེས་བྱ་བ་ལ་སོགས་པ་ཡོད་པ་ཉིད་དུ་རྗེས་སུ་དཔག་པས་གཟུང་དུ་ཡོད་པར་འགྱུར་བ་མ་ངེས་པའི་ཕྱིར་དབུ་མ་པ་མངོན་སུམ་གྱིས་གཟུང་བ་ཉིད་མ་ཡིན་པས་མངོན་སུམ་ཁོ་
ནས་གཟུང་དུ་མེད་པའི་ཕྱིར་རོ་ཞེས་གཏན་ཚིགས་ཁྱད་པར་དང་བཅས་པ་བརྗོད་ན་ཡང་གཏན་ཚིགས་དེའི་དོན་མ་ངེས་པ་ཉིད་ཡིན་པས་མི་རུང་ངོ་ཞེས་ཟེར་རོ། །རྣམ་པ་ཐམས་ཅད་དུ་གཟུང་དུ་མེད་པའི་ཕྱིར་རོ་ཞེས་བྱ་བར་གཏན་ཚིགས་ཀྱི་དོན་རྟོགས་ན་ཡང་དེ་ཉིད་དོན་མ་གྲུབ་པ་ཉིད་ཀྱི་སྐྱོན་ཡོད་དོ་ཞེས་བྱ་བ་ནི་
གྲངས་ཅན་དག་ན་རེ་ཅི་སྟེ་སངས་རྒྱས་པ་དག་རང་གི་གཏན་ཚིགས་གཟུང་དུ་མེད་པའི་ཕྱིར་རོ་ཞེས་བྱ་བ་དེ་གལ་ཏེ་མངོན་སུམ་གྱི་གཟུང་བ་ཉིད་མ་ཡིན་པས་མངོན་སུམ་ཁོ་ནས་གཟུང་དུ་མེད་པའི་ཕྱིར་རོ་ཞེས་གཏན་ཚིགས་ཁྱད་པར་དང་བཅས་པ་བརྗོད་ན་ཡང་གཏན་ཚིགས་ཀྱི་དོན་མ་ངེས་པ་ཉིད་ཀྱི་སྐྱོན་དུ་འགྱུར་བ་
དེ་ཡོངས་སུ་སྤང་བར་འདོད་པས་འདིར་རང་གི་གཏན་ཚིགས་གཟུང་དུ་མེད་པའི་ཕྱིར་རོ་ཞེས་བྱ་བ་དེ་མངོན་སུམ་དང་རྗེས་སུ་དཔག་པ་དང་ཚད་མ་ཐམས་ཅད་ཀྱི་རྣམ་པ་ཐམས་ཅད་དུ་གཟུང་དུ་མེད་པའི་ཕྱིར་རོ་ཞེས་བྱ་བར་གཏན་ཚིགས་ཀྱི་དོན་རྟོགས་ན་ཡང་དེ་ཉིད་དོན་མ་གྲུབ་པ་ཉིད་ཀྱི་སྐྱོན་ཡོད་དེ། འདི་ལྟར་ས་
བོན་ལ་སོགས་པ་ཉིད་ལ་འབྲས་བུ་མྱུ་གུ་ཞེས་བྱ་བ་ལ་སོགས་པ་ནུས་པའི་ཚུལ་དུ་སྔ་ན་ཡོད་པ་ནི་རྗེས་སུ་དཔག་པས་གཟུང་དུ་ཡོད་པའི་ཕྱིར་རོ་ཞེས་ཟེར་ཏེ། རེ་ཞིག་དེ་དག་ནི་གྲངས་ཅན་དག་ལས་གཞན་དག་དབུ་མ་པའི་གཏན་ཚིགས་གཟུང་དུ་མེད་པའི་ཕྱིར་རོ་ཞེས་བྱ་བ་དེ་མ་ངེས
Luận tạng Tây Tạng (Tengyur) — Tập 101 | Tra cứu Kinh điển | Tàng Kinh Việt