Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 101
Văn bản gốc(Tây Tạng)
Trang 6 / 23 (50.000 ký tự/trang)
ན་པའི་སྐྱེ་གནས་ཅན་ཡིན་པའི་ཕྱིར་རོ། །ཉེ་བར་ལེན་པ་འགག་པའི་ཕྱིར་དེའི་སྐྱེ་གནས་ལས་བྱུང་བའི་སྲིད་པ་ཟད་པར་འགྱུར་བས་དེ་ ཟད་པས་ན་སྐྱེ་བ་ཟད་དེ། དེ་ནི་ཐར་པ་ཞེས་བྱའོ་ཞེས་བྱ་བ་སྨྲས་ཏེ། དེ་ནི་གང་ཟག་བདག་མེད་པའི་དེ་ཁོ་ན་རྟོགས་པའི་འབྲས་བུ་ཡིན་ནོ། །དེ་ཉིད་བསྟན་པའི་ཕྱིར། ཐར་པ་དེ་ཡང་གང་ཟག་བདག་མེད་པ་མཐོང་བའི་ཕྱིར་འཕགས་པ་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། སངས་རྒྱས་ཀྱི་ཐེག་པས་འགྲོ་བ་རྣམས་ཀྱི་ནི་ཉོན་མོངས་པའི་སྒྲིབ་པ་སྤངས་པ་དང་། ཤེས་བྱའི་སྒྲིབ་པ་སྤངས་པས་འཐོབ་སྟེ། ཉོན་མོངས་པའི་སྒྲིབ་པ་སྤོང་བའི་ཐབས་ནི་ཇི་སྐད་བསྟན་པ་དེ་དག་ཡིན་ནོ་ཞེས་བྱ་བས་ནི་སངས་རྒྱས་ཉིད་ཀྱི་ཐར་པ་ནི། སྒྲིབ་པ་རྣམ་གཉིས་སྤངས་པས་འཐོབ་ པོ་ཞེས་ཁྱད་པར་དུ་བསྟན་ཅིང་། ཉོན་མོངས་པའི་སྒྲིབ་པ་སྤོང་བའི་ཐབས་ནི་ཐེག་པ་གསུམ་ཆར་གྱི་ཡང་ཐུན་མོང་ཡིན་ཏེ། དེ་ནི་འདི་ཡན་ཆད་དུ་ཇི་སྐད་བསྟན་པ་དེ་དག་ཡིན་ནོ་ཞེས་བསྟན་ཏོ། །དེ་ལྟར་རེ་ཞིག་གཞན་གྱིས་སྨྲས་པའི་སྒྲུབ་པ་བསྩལ་བ་དང་། བདག་ཉིད་ཀྱིས་སྒྲུབ་ པ་ཁ་ན་མ་ཐོ་བ་མེད་པ་བསྟན་པས་གང་ཟག་བདག་མེད་པ་བསྟན་ཏོ། །ད་ནི་གཞན་གྱིས་སྨྲས་པའི་སྒྲུབ་པ་བསྩལ་བ་དང་། བདག་ཉིད་ཀྱི་སྒྲུབ་པ་ཁ་ན་མ་ཐོ་བ་མེད་པར་བསྟན་པས་ཆོས་བདག་མེད་པ་བསྟན་པར་བྱ་སྟེ། ཆོས་བདག་མེད་པས་ནི་ཤེས་བྱའི་སྒྲིབ་པ་སྤོང་ཞིང་། བླ་ན་མེད་པའི་ ཡེ་ཤེས་ཐོབ་པས་དེ་ནི་ཉན་ཐོས་ལ་སོགས་པ་དང་ཐུན་མོང་མ་ཡིན་ཏེ། དེ་ཐོབ་པའི་ཐབས་བསྟན་པའི་ཕྱིར། ཤེས་བྱའི་སྒྲིབ་པ་སྤང་བའི་ཕྱིར་ནི་འདི་བཤད་དེ། ལས་དང་ཉོན་མོངས་ཟད་པས་ཐར། །ལས་དང་ཉོན་མོངས་རྣམ་རྟོག་ལས། །དེ་དག་སྤྲོས་ལས་སྤྲོས་པ་ནི། །སྟོང་པ་ ཉིད་ཀྱིས་འགག་པར་འགྱུར། །ཞེས་བྱ་བའི་སྐབས་སྨྲས་ཏེ། འདི་ལ་ལས་དང་ཉོན་མོངས་པ་དག་ནི་སྐྱེ་བའི་རྒྱུ་ཡིན་པའི་ཕྱིར། ལས་དང་ཉོན་མོངས་པ་ཟད་པས་ཐར་པ་ཞེས་བྱའོ། །ལས་དང་ཉོན་མོངས་པ་དེ་དག་ཀྱང་ཡང་དག་པ་མ་ཡིན་པའི་རྣམ་པར་རྟོག་པ་ལས་བྱུང་བ་ཡིན་གྱི། ངོ་བོ་ཉིད་ཀྱིས་ཡོད་པ་ནི་མ་ཡིན་ནོ། །དེ་ལ་ཉོན་མོངས་པ་ནི་ཚུལ་བཞིན་མ་ཡིན་པར་རྣམ་པར་རྟོག་པ་ལས་བྱུང་བ་ཡིན་ཏེ། ཇི་ལྟར་ཡུལ་གཅིག་ཁོ་ན་ལ་ཡང་ལ་ལ་ནི་ཆགས་པར་འགྱུར། ལ་ལ་ནི་སྡང་བར་འགྱུར། ལ་ལ་ནི་རྨོངས་པར་འགྱུར་བས་དེའི་ཕྱིར་ཉོན་མོངས་པ་རྣམས་ནི་རྣམ་ པར་རྟོག་པ་ལས་བྱུང་ངོ་། །ལས་ནི་ཉོན་མོངས་པ་ཅན་གྱི་སེམས་དང་ལྡན་པའི་ལུས་དང་། ངག་དང་། ཡིད་ཀྱིས་མངོན་པར་འདུ་བྱེད་པ་དག་ཡིན་ཏེ། བཅོམ་ལྡན་འདས་ཀྱིས་ཀྱང་གང་ཟག་མ་རིག་པ་དང་ལྡན་པ་ནི་བསོད་ནམས་དང་བསོད་ནམས་མ་ཡིན་པ་ལས་བྱུང་བའི་ལས་མངོན་པར་འདུ་ བྱ་བ་དག་ཀྱང་མངོན་པར་འདུ་བྱེད་དོ་ཞེས་བཀའ་སྩལ་པས། ལས་ཀྱང་ཡང་དག་པ་མ་ཡིན་པའི་རྣམ་པར་རྟོག་པ་ལས་བྱུང་བ་ཡིན་ནོ། །རྣམ་པར་རྟོག་པ་དེ་དག་ནི་འཇིག་རྟེན་པའི་རྙེད་པ་དང་མ་རྙེད་པ་ལ་སོགས་པའི་ཆོས་རྣམས་ལ་འདི་བདེན་ནོ་སྙམ་དུ་མངོན་པར་ཞེན་པའི་སྤྲོས་པ་ལས་བྱུང་ ངོ་། །སྤྲོས་པ་དེ་ནི་སྟོང་པ་ཉིད་ཀྱིས་འགག་པར་འགྱུར་ཏེ། ཆོས་བདག་མེད་པ་ཉིད་ཀྱི་མཚན་ཉིད་སྟོང་པ་ཉིད་རྟོགས་པ་དང་སྟོང་པ་ཉིད་ཤེས་པ་སྐྱེས་ན་དེའི་འཇིག་རྟེན་པའི་སྤྲོས་པ་འགག་པར་འགྱུར་རོ། །དེ་ལྟ་བས་ན་ཆོས་བདག་མེད་པ་སྟོང་པ་ཉིད་ནི་དེ་ཁོ་ན་ཡིན་ལ་སྟོང་པ་ཉིད་བསྒོམ་པ་ཁོ་ནས་ནི་དེ་ཁོ་ན་ རྟོགས་ཤིང་ཤེས་བྱའི་སྒྲིབ་པ་སྤོང་བར་འགྱུར་བས། དེ་ནི་ཉན་ཐོས་ལ་སོགས་པ་དང་ཐུན་མོང་མ་ཡིན་པའི་ཐར་པ་སྟེ། ཆོས་བདག་མེད་པའི་དེ་ཁོ་ན་བསྒོམས་པའི་འབྲས་བུ་བླ་ན་མེད་པའི་ཡེ་ཤེས་ཉིད་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །ལས་དང་ཉོན་མོངས་ཟད་པས་ཐར། །ཞེས་གསུངས་པ་དེ་ཉིད་ བསྟན་པའི་ཕྱིར། ལས་དང་ཉོན་མོང་པ་དག་ནི་སྐྱེ་བའི་རྒྱུ་ཡིན་པའི་ཕྱིར་དེ་དག་ཟད་པས། སྡུག་བསྔལ་ལས་རྣམ་པར་གྲོལ་བ་ནི་ཐར་པའོ་ཞེས་བྱ་བ་སྨྲས་སོ། །ལས་དང་ཉོན་མོངས་པ་དེ་དག་ཅི་ལས་འབྱུང་བ་དེ་དག་བསྟན་པའི་ཕྱིར། སྐྱེ་བའི་རྒྱུ་ལས་དང་ཉོན་མོངས་པ་དེ་དག་ནི་ཡུལ་རྣམས་ ལས་མི་འབྱུང་སྟེ། འདོད་ཆགས་དང་བྲལ་བ་ལ་ཡུལ་རྣམས་ཡོད་ཀྱང་དེ་དག་མེད་པའི་ཕྱིར་རོ། །འོ་ན་ཅི་ལས་འབྱུང་ཞེ་ན། ལས་དང་ཉོན་མོངས་རྣམ་རྟོག་ལས། །ཞེས་བྱ་བ་གསུངས་ཏེ། ལས་དང་ཉོན་མོངས་པ་དག་ནི་སྡུག་པ་དང་མི་སྡུག་པར་ཀུན་ཏུ་རྟོག་པའི་མཚན་ཉིད་ཀྱི་རྣམ་པར་ རྟོག་པ་དག་ལས་འབྱུང་སྟེ། དེ་དག་ཡོད་ན་འབྱུང་བའི་ཕྱིར་རོ་ཞེས་བྱ་བ་སྨྲས་སོ། །འདི་ན་གང་ཡོད་ན་གང་འབྱུང་བ་དེ་ནི་དེའི་རྒྱུ་ཅན་ཡིན་པར་ཤེས་པར་བྱ་སྟེ། དཔེར་ན་ས་བོན་ཡོད་ན་མྱུ་གུ་འབྱུང་བ་དེ་བཞིན་དུ་འཕགས་པ་མ་ཡིན་པའི་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་ པ་ཞེས་བྱ་བའི་རྣམ་པར་རྟོག་པ་ཡོད་ན་ལས་དང་ཉོན་མོངས་པ་དག་ཀྱང་འབྱུང་བར་འགྱུར་རོ་ཞེས་བྱ་བས་ནི། དེའི་རྗེས་སུ་འགྲོ་བའི་དཔེ་བསྟན་ཏོ། །གང་ལ་རྣམ་པར་རྟོག་པ་མེད་པས་དེ་ལ་དེ་དག་ཀྱང་མི་འབྱུང་སྟེ། དཔེར་ན་འཕགས་པའི་རྒྱུད་བཞིན་ནོ་ཞེས་བྱ་བས་ནི་དེའི་ལྡོག་ པའི་དཔེ་བསྟན་ཏོ། །ལས་དང་ཉོན་མོངས་པ་དག་གི་མཚན་ཉིད་བསྟན་པའི་ཕྱིར། དེ་ལ་ལས་ནི་ཉོན་མོངས་པ་ཅན་གྱི་སེམས་དང་ལྡན་པའི་ཡིད་ཀྱི་མངོན་པར་འདུ་བྱེད་པ་དང་། དེས་ཀུན་ནས་བསླང་བའི་ལུས་དང་ངག་གི་འཇུག་པའོ། །ཉོན་མོངས་པ་ནི་སེམས་ཅན་གྱི་རྒྱུད་ཉོན་མོངས་པར་ བྱེད་པ་དག་སྟེ། འདོད་ཆགས་ལ་སོགས་པ་དག་གོ་ཞེས་བྱ་བ་སྨྲས་སོ། །རྣམ་པར་རྟོག་པ་དེ་དག་ཅི་ལས་འབྱུང་བ་བསྟན་པའི་ཕྱིར། ལས་དང་ཉོན་མོངས་པའི་རྒྱུ་རྣམ་པར་རྟོག་པ་གང་དག་ཡིན་པ་དེ་དག་ནི་སྤྲོས་པ་ལས་འབྱུང་བས་དེ་དག་སྤྲོས་ལས་བྱུང་ཞེས་བྱ་བ་གསུངས་ཏེ། ཐ་ སྙད་ཀྱི་བདེན་པ་ལ་མངོན་པར་ཞེན་པའི་མཚན་ཉིད་ཀྱི་སྤྲོས་པ་ལས་འབྱུང་ངོ་ཞེས་བྱ་བ་སྨྲས་སོ། །སྤྲོས་པ་དེ་གང་གིས་འགག་པར་འགྱུར་བ་བསྟན་པའི་ཕྱིར། སྤྲོས་པ་དེ་ཡང་གང་གིས་འགག་པར་འགྱུར་ཞེ་ན། སྤྲོས་པ་ནི་སྟོང་པ་ཉིད་ཀྱིས་འགག་པར་འགྱུར་རོ་ཞེས་བྱ་བ་གསུངས་ཏེ། རྟོགས་པས་ཞེས་བྱ་བའི་ཚིག་གི་ལྷག་མའོ་ཞེས་བྱ་བ་སྨྲས་སོ། །སྟོང་པ་ཉིད་རྟོགས་པས་སྤྲོས་པ་འགག་པར་འགྱུར་བའི་དོན་བསྟན་པའི་ཕྱིར། ཆོས་བདག་མེད་པ་ཉིད་ཀྱི་མཚན་ཉིད་རྟོགས་པས་འགག་པར་འགྱུར་རོ་ཞེས་བྱ་བ་སྨྲས་ཏེ། དེས་ནི་ཆོས་བདག་མེད་པ་ཉིད་ཀྱི་མཚན་ཉིད་ སྟོང་པ་ཉིད་རྟོགས་པས་སྤྲོས་པ་འགག་པར་བསྟན་ཏོ། །ཡང་ན། སྟོང་པ་ཉིད་ཀྱིས་འགག་པར་འགྱུར། །ཞེས་བྱ་བ་ལ། སྟོང་པ་ཉིད་ནི་སྟོང་པ་ཉིད་ཤེས་པ་སྟེ། སྟོང་པ་ཉིད་ཤེས་པ་སྐྱེས་ན་འགག་པར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ་ཞེས་བྱ་བས་ནི་ཆོས་བདག་མེད་པ་ཉིད་ཀྱི་མཚན་ཉིད་སྟོང་པ་ ཉིད་ཤེས་པ་སྐྱེས་ན་སྤྲོས་པ་འགག་པར་བསྟན་ཏེ། དེ་ལྟར་ཆོས་བདག་མེད་པ་ཉིད་ཀྱི་མཚན་ཉིད་སྟོང་པ་ཉིད་རྟོགས་པ་དང་སྟོང་པ་ཉིད་ཤེས་པ་སྐྱེས་པས་སྤྲོས་པ་འགག་པ་དེ་ནི་ཉན་ཐོས་ལ་སོགས་པ་དང་ཐུན་མོང་མ་ཡིན་པའི་ཐར་པ་སྟེ། ཆོས་བདག་མེད་པའི་དེ་ཁོ་ན་བསྒོམས་པའི་འབྲས་ བུ་བླ་ན་མེད་པའི་ཡེ་ཤེས་ཉིད་ཡིན་ནོ། །གལ་ཏེ་གང་ཟག་བདག་མེད་པ་ཉིད་མཐོང་བ་ཁོ་ནས་སྡུག་པ་དང་མི་སྡུག་པར་རྣམ་པར་རྟོག་པ་ལས་བྱུང་བའི་ལས་དང་ཉོན་མོངས་པ་དེ་དག་ཉེ་བར་ཞི་བ་འགྲུབ་པའི་ཕྱིར། ཆོས་བདག་མེད་པ་ཉིད་མཐོང་བ་དོན་མེད་པར་འགྱུར་རོ་ཞེ་ན་ཞེས་བྱ་བ་ནི། ཕ་རོལ་པོ་ དག་ན་རེ་ཐེག་པ་གསུམ་གྱི་རྣམ་པར་གྲོལ་བ་ནི་ཐུན་མོང་ཡིན་ལ། དེ་ཡང་གང་ཟག་བདག་མེད་པ་ཉིད་མཐོང་བ་ཁོ་ནས་འཁྲུལ་པའི་ཕྱིར་ཆོས་བདག་མེད་པ་ཉིད་མཐོང་བ་དོན་མེད་པར་འགྱུར་རོ་ཞེས་ཟེར་བའི་ཐ་ཚིག་ཡིན་ནོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ། འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས། དེ་ནི་རིགས་པ་མ་ཡིན་ཏེ། ཉོན་མོངས་པའི་དྲ་བ་བག་ཆགས་དང་བཅས་པ་མ་ལུས་པ་དྲུངས་ནས་དབྱུང་བར་འདོད་པའི་ཕྱིར་ཏེ། དེ་ཡང་ཆོས་བདག་མེད་པ་ཉིད་མཐོང་བ་མེད་པར་མི་སྲིད་པའི་ཕྱིར་དང་། ཉོན་མོངས་པ་ཅན་མ་ཡིན་པའི་མི་ཤེས་པ་གཉེན་པོ་རང་བྱུང་གི་ཡེ་ཤེས་ཆོས་ཐམས་ཅད་ ཀྱི་ཡུལ་ཕྱིན་ཅི་མ་ལོག་པར་ཐུགས་སུ་ཆུད་པ་ཅན་ཡང་དེས་སྤང་བར་བྱ་བ་ཡིན་པའི་ཕྱིར། ཆོས་བདག་མེད་པ་ཉིད་མཐོང་བ་དོན་མེད་པར་མི་འགྱུར་རོ་ཞེས་བྱ་བ་སྨྲས་ཏེ། ཐེག་པ་གསུམ་གྱི་རྣམ་པར་གྲོལ་བ་ཐུན་མོང་ཡིན་ཞིང་དེ་གང་ཟག་བདག་མེད་པ་ཉིད་མཐོང་བ་ཁོ་ནས་འགྲུབ་ཏུ་ཟིན་ཀྱང་བླ་ན་ མེད་པའི་ཐེག་པས་འགྲོ་བ་རྣམས་ཀྱི་གྲུབ་པའི་མཐའ་ནི་ཡེ་ཤེས་ཕུན་སུམ་ཚོགས་པ་དང་། སྤངས་པ་ཕུན་སུམ་ཚོགས་པས་རབ་ཏུ་ཕྱེ་བ་ཡིན་པར་འདོད་ལ། ཡེ་ཤེས་ཕུན་སུམ་ཚོགས་པ་ཉོན་མོངས་པའི་དྲ་བ་བག་ཆགས་དང་བཅས་པ་མ་ལུས་པ་དྲུངས་ཕྱུང་བས་རབ་ཏུ་ཕྱེ་བ་དེ་ཡང་ཆོས་ བདག་མེད་པ་ཉིད་མཐོང་བ་མེད་པར་མི་སྲིད་པའི་ཕྱིར་དང་། སྤངས་པ་ཕུན་སུམ་ཚོགས་པ་ཉོན་མོངས་པ་ཅན་མ་ཡིན་པའི་ཤེས་པ་གང་ལ་གཉེན་པོ་རང་བྱུང་གི་ཡེ་ཤེས་ཆོས་ཐམས་ཅད་ཀྱི་ཡུལ་ཕྱིན་ཅི་མ་ལོག་པར་ཐུགས་སུ་ཆུད་པ་ཡོད་པ་སྤངས་པས་རབ་ཏུ་ཕྱེ་བ་དེ་ཡང་ཆོས་བདག་མེད་པ་ ཉིད་མཐོང་བས་དེ་སྤང་བར་བྱ་བ་ཡིན་པའི་ཕྱིར། ཆོས་བདག་མེད་པ་ཉིད་མཐོང་བའི་སྒོ་འདི་ནས་ཡེ་ཤེས་ཕུན་སུམ་ཚོགས་པ་དང་སྤངས་པ་ཕུན་སུམ་ཚོགས་པས་རབ་ཏུ་ཕྱེ་བའི་འབྲས་བུ་བླ་ན་མེད་པ་འཐོབ་པའི་ཕྱིར་ཆོས་བདག་མེད་པ་ཉིད་མཐོང་བ་དོན་མེད་པར་མི་འགྱུར་རོ། །དེའི་ཕྱིར་དེ་ལྟར་སྤྲོས་ པ་མ་ལུས་པ་ཉེ་བར་ཞི་བའི་མཚན་ཉིད་སྟོང་པ་ཉིད་ནི་ཐར་པ་ཡིན་ཏེ་ཞེས་བྱ་བ་ནི་མཇུག་བསྡུ་བ་ཡིན་ཏེ། ཐེག་པ་ཆེན་པོ་ལ་མྱ་ངན་ལས་འདས་པ་ནི་འདུས་བྱས་སྟོང་པ་ཉིད་དུ་ཤེས་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ཉིད་ཀྱི་ཁུངས་སློབ་དཔོན་འཕགས་པ་ལྷས་མཛད་པ་བསྟན་པའི་ཕྱིར། དེ་ ལྟར་ཡང་། མདོར་ན་ཆོས་ནི་མི་འཚེ་སྟེ། །མྱ་ངན་འདས་པ་སྟོང་པ་ཉིད། །འདི་ལ་དེ་གཉིས་འབའ་ཞིག་ཅེས། །དེ་བཞིན་གཤེགས་པ་རྣམས་ཀྱིས་གསུངས། །ཞེས་གསུངས་སོ་ཞེས་བྱ་བ་སྨྲས་ཏེ། དེ་བཞིན་གཤེགས་པ་རྣམས་ཀྱིས་ཐེག་པ་ཆེན་པོ་འདི་ལ་མདོར་བསྡུ་ན་དགེ་བའི་ ཆོས་ནི་སྲོག་ཆགས་རྣམས་ལ་མི་འཚེ་བ་ཡིན་ཏེ། དེས་ནི་ཀུན་རྫོབ་ཀྱི་བདེན་པ་བསྟན་ལ། མྱ་ངན་ལས་འདས་པ་ནི་འདུས་བྱས་སྟོང་པ་ཉིད་དུ་ཤེས་པ་ཡིན་ཏེ། དེས་ནི་དོན་དམ་པའི་བདེན་པ་བསྟན་པས། ཐེག་པ་ཆེན་པོ་འདི་ལ་མདོར་བསྡུས་ན། དོན་གྱི་དམིགས་ནི་དེ་གཉིས་ འབའ་ཞིག་ཏུ་འདུས་སོ་ཞེས་གསུངས་པས་དེའི་ཕྱིར་དེ་ལྟར་སྤྲོས་པ་མ་ལུས་པ་ཉེ་བར་ཞི་བའི་མཚན་ཉིད་སྟོང་པ་ཉིད་ནི་མྱ་ངན་ལས་འདས་པ་ཡིན་ནོ།། །།བམ་པོ་དྲུག་ཅུ་གཅིག་པ། མུ་སྟེགས་ཅན་ཁ་ཅིག་གིས་སྨྲས་པ། འདི་ལ་ཁྱེད་ཀྱི་སྟོན་པས་མདོ་སྡེ་ལས། བདག་གི་མགོན་ནི་བདག་ཉིད་ཡིན། །གཞན་ནི་མགོན་དུ་སུ་ཞིག་འགྱུར། །མཁས་པ་བདག་ཉིད་ལེགས་དུལ་བས། །མཐོ་རིས་དག་ཀྱང་འཐོབ་པར་འགྱུར། །ཞེས་གསུངས་ཤིང་། དེ་བཞིན་དུ། སེམས་ཅན་འཁོར་བར་ཞུགས་པ་ནི། །སྡུག་བསྔལ་ལས་ནི་རྣམ་མི་ འགྲོལ། །ཞེས་ཀྱང་གསུངས་པས། ཁྱེད་བདག་མེད་དོ་ཞེས་སྨྲ་བ་ལ་ཁས་བླངས་པ་སྔ་མས་གནོད་པར་འགྱུར་བས། དེའི་ཕྱིར་བདག་དགག་པའི་རྗེས་སུ་དཔག་པ་མ་གྲུབ་པོ་ཞེས་བྱ་བ་ནི། དེ་ལྟར་གཟུགས་བདག་མེད་པ་ཉིད་བསྟན་པ་ལ། འདིར་གཞན་མུ་སྟེགས་ཅན་ དག་གིས་སྐྱོན་གཞན་མ་མཐོང་ནས་ཁས་བླངས་པ་ལ་གནོད་པར་འགྱུར་རོ་ཞེས་ཟེར་བའི་ཚིག་ཡིན་ནོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འགྲེལ་པ་བྱེད་པ་ཉིད་ཀྱིས་འདིར་བཤད་པ། སེམས་ཅན་གང་དག་རྒྱུ་དང་འབྲས་བུ་ལ་སྐུར་པ་འདེབས་པའི་ལྟ་བས་བློ་གྲོས་ཉམས་པ། འཇིག་རྟེན་འདི་མེད་དོ། །འཇིག་རྟེན་ཕ་རོལ་མེད་དོ། །ལེགས་པར་བྱས་པ་དང་། ཉེས་པར་བྱས་པའི་ལས་རྣམས་ཀྱི་འབྲས་བུ་རྣམ་པར་སྨིན་པ་མེད་དོ། །སེམས་ཅན་རྫུས་ཏེ་སྐྱེ་བ་མེད་དོ་ཞེས་བྱ་བ་ལ་མངོན་པར་ཞེན་པ་རྟག་ཏུ་མི་དགེ་བ་མངོན་པར་འདུ་བྱ་བ་ལ་གཞོལ་བའི་ཡིད་དང་ལྡན་པ་ངན་སོང་ གི་གཡང་ས་ཆེན་པོའི་འགྲམ་ན་གནས་པ་དག་ཡོད་པས། དེའི་ཕྱིར་སངས་རྒྱས་བཅོམ་ལྡན་འདས་དེ་དག་ལ་ཕན་གདགས་པར་བཞེད་པ་གཞན་ལ་ཕན་པ་བསྐྱེད་པའི་ཐུགས་དམ་མངའ་བ། སེམས་དང་སེམས་ལས་བྱུང་བའི་རྒྱུན་ལ་བརྟེན་ནས། ཕྱི་མ་ལ་དེ་དག་གི་རྒྱུན་མི་འཆད་ པར་གཟིགས་པ་རྣམས་ཀྱིས་ཐ་སྙད་ཀྱི་བདེན་པའི་དབང་གིས་བདག་ཡོད་དོ་ཞེས་ཀྱང་གདགས་པར་མཛད་པས་དེའི་ཕྱིར། བདག་གོ་ཞེས་ཀྱང་བཏགས་གྱུར་ཅིང་། །ཅེས་བྱ་བ་གསུངས་སོ། །སེམས་ཅན་གང་དག་བདག་རྟག་པ་དང་། ཐམས་ཅད་དུ་སོང་བ་དང་། དགེ་བ་དང་། མི་དགེ་ བའི་བྱ་བ་ལ་རང་དབང་ཅན་དང་། ཟ་བ་པོ་ཡིན་ནོ་སྙམ་དུ་མངོན་པར་ཞེན་པ་དག་ཡོད་དོ། །དེ་དག་བདག་ཏུ་ལོག་པར་ལྟ་བའི་ཐག་པས་སེམས་བཅིངས་ཤིང་། ལུས་དང་དབང་པོ་དང་བློའི་ཡུལ་ལ་བདག་མེད་པའི་ལྟ་བ་མ་བསྐྱེད་པས། བསམ་གཏན་དང་ཏིང་ངེ་འཛིན་དང་སྙོམས་པར་ འཇུག་པའི་སྟོབས་ཀྱིས་ཤིན་ཏུ་རིང་དུ་སོང་ཡང་། བྱ་རྐང་པ་བཤལ་ཐག་གིས་བཅིངས་པ་ཐག་རིང་པོར་སོང་ཡང་ཕྱིར་ལྷུང་བ་བཞིན་དུ་སྐྱེ་བ་ལ་སོགས་པའི་སྡུག་བསྔལ་དག་ལས་རྣམ་པར་མི་འགྲོལ་བར་ཐུགས་སུ་ཆུད་ནས། དེ་ལྟར་བདག་ཏུ་ལྟ་བའི་ཐག་པ་བཅད་པས་སྡུག་བསྔལ་ཉེ་བར་ཞི་ བར་མཛད་པའི་ཕྱིར། ཕུང་པོ་ལྔ་ལ་བདག་མེད་དོ་ཞེས་ཀྱང་བསྟན་པ་མཛད་པས་དེའི་ཕྱིར། བདག་མེད་ཅེས་ཀྱང་བསྟན་པར་གྱུར། །ཞེས་བྱ་བ་གསུངས་སོ། །གང་དག་དགེ་བའི་རྩ་བ་རྒྱ་ཆེན་པོ་ཤིན་ཏུ་ཉེ་བར་བསགས་པ། དབང་པོ་ཡོངས་སུ་སྨིན་པ། ཟབ་ཅིང་རྒྱ་ཆེ་བ་ལ་མོས་པ། ཐམས་ཅད་མཁྱེན་པ་ཉིད་རྟོགས་པའི་བཤད་པ་བདུད་རྩིའི་སྣོད་དུ་གྱུར་པ་དེ་དག་ལ་ནི། འདུས་བྱས་ངོ་བོ་ཉིད་སྟོང་པ་རྨི་ལམ་དང་མིག་འཕྲུལ་དང་ཆུ་ཟླ་ལྟ་བུར་ཐུགས་སུ་ཆུད་ནས། དོན་དམ་པར་བདག་དང་བདག་མེད་པ་འགའ་ཡང་མེད་པར་བསྟན་པ་མཛད་པས་དེའི་ཕྱིར། སངས་རྒྱས་ རྣམས་ཀྱིས་བདག་དང་ནི། །བདག་མེད་འགའ་ཡང་མེད་པར་བསྟན། །ཞེས་བྱ་བ་གསུངས་ཏེ། བདག་དང་བདག་མེད་པར་རྣམ་པར་བརྟག་པའི་གཞི་དངོས་པོ་ཡོད་པ་མ་ཡིན་པའི་ཕྱིར་རོ་ཞེས་བྱ་བར་དགོངས་སོ། །དེའི་ཕྱིར་དེ་ལྟར་ཐ་སྙད་དུ་བདག་ཁས་བླངས་པའི་ཕྱིར་ཁས་བླངས་པ་ལ་མི་གནོད་དོ་ ཞེས་བྱ་བ་སྨྲས་ཏེ། དེས་ནི་སངས་རྒྱས་བཅོམ་ལྡན་འདས་ཉིད་ཀྱིས་ཀུན་རྫོབ་ཏུ་གདུལ་བའི་དབང་གི་ཕྱིར་བདག་ཡོད་པར་ཡང་བསྟན། བདག་མེད་པར་ཡང་བསྟན། བདག་དང་བདག་མེད་པ་འགའ་ཡང་མེད་པར་ཡང་བསྟན་ཏོ་ཞེས་བྱ་བར་སྦྱར་ཏེ། སློབ་དཔོན་འཕགས་པ་ལྷས་ཀྱང་། མེད་ དང་ཡོད་དང་གཉིས་ཀ་དང་། །གཉི་ག་མིན་པའང་སྟོན་མཛད་དེ། །ནད་ཀྱི་དབང་གིས་ངེས་པར་ནི། །སྨན་ནི་འཕྲོད་པར་འགྱུར་བ་བཞིན། །ཞེས་གསུངས་སོ། །གལ་ཏེ་དེ་ནི་དོན་དམ་པར་བསྟན་པའི་ཕྱིར་ལན་མ་ཡིན་ནོ་ཞེ་ན་ཞེས་བྱ་བ་ནི་ཕ་རོལ་པོ་དག་ན་རེ། དེ་ནི་བཅོམ་ལྡན་འདས་ཀྱིས་ དོན་དམ་པར་བདག་ཡོད་པར་བསྟན་པའི་ཚིག་ཡིན་པའི་ཕྱིར་ཁྱོད་ཀྱིས་དེ་མེད་པར་བསལ་བས་ཁས་བླངས་པ་ལ་གནོད་པར་འགྱུར་བའི་སྐྱོན་མ་སྤངས་པའི་ཕྱིར་ལན་མ་ཡིན་ནོ་ཞེས་ཟེར་བའི་ཚིག་ཡིན་ནོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས་ལན་མ་ཡིན་པ་ མ་ཡིན་ཏེ། ལུང་ལས། འདི་ལ་བདག་དང་སེམས་ཅན་མེད། །ཆོས་འདི་དག་ནི་རྒྱུ་དང་བཅས། །ཞེས་གསུངས་པའི་ཕྱིར་དང་། དེ་ཡོད་པ་ཉིད་དུ་སྟོན་པའི་རྗེས་སུ་དཔག་པ་ཁྱོད་ཀྱིས་མ་སྨྲས་པའི་ཕྱིར་དང་། བདག་དགག་པར་ནུས་པའི་སྒྲུབ་པ་ཁོ་བོས་བསྟན་པའི་ཕྱིར་རོ་ཞེས་ བྱ་བ་སྨྲས་ཏེ། བཅོམ་ལྡན་འདས་ཀྱིས་དོན་དམ་པར་བདག་མེད་པར་བསྟན་པའི་ཕྱིར་དང་། ཁྱེད་ཀྱིས་བདག་ཡོད་པ་ཉིད་དུ་སྟོན་པའི་རྗེས་སུ་དཔག་པ་མ་སྨྲས་པའི་ཕྱིར་དང་ཁོ་བོས་བདག་དགག་པར་ནུས་པའི་སྒྲུབ་པ་བསྟན་པའི་ཕྱིར། ཁས་བླངས་པ་ལ་མི་གནོད་པས་དེ་ནི་རིགས་ པ་མ་ཡིན་པ་མ་ཡིན་ནོ། །ཚིག་ལེའུར་བྱས་པ་སྔ་མ་དེ་ཉིད་ཀྱི་དོན་གཞན་དུ་བཤད་པ་བསྟན་པའི་ཕྱིར། ཡང་ན་གཞན་དུ་བརྟག་སྟེ། མུ་སྟེགས་བྱེད་ཁ་ཅིག་འདུ་བྱེད་བདག་མེད་པ་སྐད་ཅིག་མ་རེ་རེ་ལ་རྣམ་པར་འཇིག་པའི་ངང་ཅན་ནམ་དུས་གཞན་དུ་ངེས་པར་གནས་པ་ རྣམས་ལ་བདག་མེད་ན་ལས་དང་འབྲས་བུ་མེད་པར་བཏགས་ནས་འཇིགས་པར་གྱུར་པ་དག་གིས་བདག་ཡོད་དོ་ཞེས་ཀྱང་བཏགས་པས་དེའི་ཕྱིར། བདག་གོ་ཞེས་ཀྱང་བཏགས་གྱུར་ཅིང་། །ཞེས་བྱ་བ་གསུངས་སོ། །གཞན་གང་དག་འདི་ནི་ལུས་དང་དབང་པོ་དང་བློའི་ཚོགས་ཙམ་དུ་ཟད་དེ། འདི་ལ་རྒྱུ་དང་འབྲས་བུ་ལས་གང་རྟོགས་པར་འགྱུར་བའི་བདག་ནི་ངོ་བོ་ཉིད་ཀྱིས་མེད་དེ། སེམས་སུ་བགྲང་བའི་འདུ་བྱེད་བདག་མེད་པ་ངེས་པར་མི་གནས་སུ་མ་བྱས་པ་འདི་དག་ལ་ཡང་འཁོར་བ་མི་འཐད་དོ་ཞེས་བྱ་བར་རིག་ནས་རྒྱུ་དང་འབྲས་བུའི་འབྲེལ་པ་ལ་རྨོངས་པ། ཇི་ཙམ་དབང་པོའི་སྤྱོད་ཡུལ་ བ། །སྐྱེས་བུའང་དེ་ཙམ་ཉིད་དུ་ཟད། །སྔོ་བསངས་མང་ཐོས་གང་སྨྲ་བ། །དེ་དག་སྤྱང་ཀིའི་རྗེས་དང་འདྲ། །མཛེས་མ་ལེགས་པར་སྤྱོད་ཅིང་ཟོ། །ལུས་མཆོག་ཁྱེད་འདས་གང་དེ་མེད། །འཇིགས་རུང་སོང་བ་ཕྱིར་མི་ལྡོག །ལུས་འདི་འདུས་པ་ཙམ་དུ་ཟད། །ཅེས་ཟེར་བ་དག་གིས་ལུས་ དང་དབང་པོ་ལ་བདག་མེད་དོ་ཞེས་ཀྱང་བསྟན་པས། དེའི་ཕྱིར། བདག་མེད་ཅེས་ཀྱང་བསྟན་པར་གྱུར། །ཞེས་བྱ་བ་གསུངས་སོ། །སངས་རྒྱས་བཅོམ་ལྡན་འདས་ཆོས་ཐམས་ཅད་ལ་མཁྱེན་པ་ལྐོག་ཏུ་མ་གྱུར་པ་འཇུག་པ་རྣམས་ཀྱིས་ནི། བདག་དང་བདག་མེད་པ་འགའ་ཡང་མེད་པར་ བསྟན་པ་མཛད་པས་དེའི་ཕྱིར། སངས་རྒྱས་རྣམས་ཀྱིས་བདག་དང་ནི། །བདག་མེད་འགའ་ཡང་མེད་པར་བསྟན། །ཞེས་བྱ་བ་གསུངས་ཏེ། ཆོས་ཐམས་ཅད་ཀྱི་དེ་ཁོ་ན་སྤྲོས་པ་མེད་པ་ཉིད་ལེགས་པར་ཐུགས་སུ་ཆུད་པའི་ཕྱིར་དང་། བདག་དང་བདག་མེད་པར་འཛིན་པ་ཉིད་སྤངས་པའི་ཕྱིར་དང་། བདག་དང་བདག་མེད་པར་རྣམ་པར་རྟོག་པ་འཇུག་པའི་རྒྱུ་མེད་པ་མཁྱེན་པའི་ཕྱིར་རོ་ཞེས་བྱ་བར་དགོངས་ཏེ། བདག་དང་བདག་མེད་པའི་རྣམ་པར་སྒྲོ་འདོགས་པས་གཟུགས་ལ་སོགས་པ་དག་ལ་ཀུན་ཏུ་མི་རྟོག་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། དེས་ནི་མུ་སྟེགས་བདག་ཏུ་སྨྲ་བ་ཁ་ཅིག་གིས་ ནི་བདག་ཡོད་པར་བསྟན་ལ། འཇིག་རྟེན་རྒྱང་པན་པ་དག་གིས་ནི་བདག་མེད་པར་བསྟན་གྱི། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ནི་བདག་དང་བདག་མེད་པ་འགའ་ཡང་མེད་པ་བསྟན་ཏོ་ཞེས་བཤད་དོ། །དེ་ཉིད་ཀྱི་ཁུངས་བསྟན་པའི་ཕྱིར། བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ ཕ་རོལ་ཏུ་ཕྱིན་པ། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པས་ཞུས་པའི་མདོ་ལས། དེ་ལྟར་ཡང་ཇི་སྐད་དུ་རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་གཟུགས་ནི་བདག་གམ་བདག་མེད་པ་མ་ཡིན་ནོ། །དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་རྣམ་པར་ཤེས་པ་ཡང་བདག་ གམ་བདག་མེད་པ་མ་ཡིན་ནོ། །གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་བདག་གམ་བདག་མེད་པ་ཉིད་མ་ཡིན་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ་ཞེས་གསུངས་སོ་ཞེས་བྱ་བ་སྨྲས་སོ། །སྤྲོས་པ་ནི་སྟོང་པ་ཉིད་ཀྱིས་འགག་པར་འགྱུར་རོ་ཞེས་ གང་སྨྲས་པ་དེ་ཇི་ལྟར་སྟོང་པ་ཉིད་ཀྱིས་འགག་པར་འགྱུར་བ་དེ་ལྟར་འདི་བཤད་པར་བྱ་སྟེ་ཞེས་བྱ་བས་ནི་སྔར། ལས་དང་ཉོན་མོངས་ཟད་པས་ཐར། །ལས་དང་ཉོན་མོངས་རྣམ་རྟོག་ལས། །དེ་དག་སྤྲོས་ལས་སྤྲོས་པ་ནི། །སྟོང་པ་ཉིད་ཀྱིས་འགག་པར་འགྱུར། །ཞེས་བསྟན་པ་དེའི་རིགས་ པ་བསྟན་ཏོ། །དེའི་ཕྱིར་འདི་ལ་བརྗོད་པར་བྱ་བ་ལ་རྟོག་པས་སྒྲོ་བཏགས་པ་ལས་ནི་བརྗོད་པའི་བདག་ཉིད་ཀྱི་སྤྲོས་པ་དཔག་ཏུ་མེད་པ་འབྱུང་ལ་ཞེས་བྱ་བ་སྨྲས་ཏེ། དེས་ནི་སྒྲས་བརྗོད་པར་བྱ་བའི་དོན་ལ་རྟག་པ་དང་མི་རྟག་པ་ལ་སོགས་པར་རྟོག་པར་བརྗོད་པར་བྱ་བ་ཉིད་དུ་སྒྲོ་བཏགས་པ་ལས་ནི་ སྒྲའི་མཚན་ཉིད་ཀྱི་སྤྲོས་པ་དཔག་ཏུ་མེད་པ་འབྱུང་བར་བསྟན་ཏོ། །དངོས་པོ་ཐམས་ཅད་ཀྱི་ངོ་བོ་ཉིད་རབ་ཏུ་དབེན་པའི་མཚན་ཉིད་ཀྱི་སྟོང་པ་ཉིད་ནམ་མཁའ་ལྟ་བུ་མངོན་སུམ་དུ་བྱར་མེད་པའི་ཚུལ་གྱིས་མངོན་སུམ་དུ་བྱས་ཤིང་དངོས་པོ་ཐམས་ཅད་བརྗོད་དུ་མེད་པར་མཐོང་བའི་བརྗོད་པར་བྱ་བ་ལྡོག་པས་ཏེ། བརྗོད་པ་ འཇུག་པའི་རྒྱུ་མེད་པས་སོ་ཞེས་བྱ་བའི་ཐ་ཚིག་གོ་ཞེས་བྱ་བས་ནི། རྣལ་འབྱོར་པ་གང་གིས་དེ་ལྟར་མཐོང་བ་དེའི་བརྗོད་པར་བྱ་བ་ལྡོག་པས་སྤྲོས་པ་འགག་པར་འགྱུར་ཏེ། བརྗོད་པ་འཇུག་པའི་རྒྱུ་དངོས་པོ་མེད་པས་སྤྲོས་པ་འགག་གོ་ཞེས་བྱ་བའི་ཐ་ཚིག་གོ་ཞེས་བསྟན་ཏེ། གང་གི་ཕྱིར་དངོས་པོ་རྣམས་སྟོང་པར་མཐོང་ན་ བརྗོད་པར་བྱ་བ་ཉིད་ལྡོག་པར་འགྱུར་བ་དེའི་ཕྱིར་སྤྲོས་པ་ནི་སྟོང་པ་ཉིད་ཀྱིས་འགག་པར་འགྱུར་ཏེ། འདི་ལྟར་བརྗོད་པར་བྱ་བ་ཡོད་ན་དེ་ལ་བརྟེན་ནས་སྤྲོས་པ་ཡང་ཡོད་པར་འགྱུར་གྱི། བརྗོད་པར་བྱ་བ་མེད་ན་གཞི་མེད་པའི་སྤྲོས་པ་ཇི་ལྟར་ཡོད་པར་འགྱུར་ཏེ་མི་འགྱུར་རོ། ། དེ་ཉིད་བསྟན་པའི་ཕྱིར། བརྗོད་པར་བྱ་བ་དེ་ཡང་ཇི་ལྟར་ལྡོག་པར་འགྱུར་ཞེ་ན། སེམས་ཀྱི་སྤྱོད་ཡུལ་ལྡོག་པའོ། །གང་གི་ཕྱིར་ཞེས་བྱ་བའི་ཚིག་གི་ལྷག་མའོ་ཞེས་བྱ་བ་སྨྲས་ཏེ། གང་གི་ཕྱིར་སེམས་ཀྱི་སྤྱོད་ཡུལ་ལྡོག་པ་དེས་བརྗོད་པར་བྱ་བ་ལྡོག་པར་འགྱུར་རོ་ཞེས་བྱ་བར་སྦྱར་རོ། ། དེ་ཉིད་བྱེ་བྲག་ཏུ་བཤད་པ་བསྟན་པའི་ཕྱིར། སེམས་ཀྱི་སྤྱོད་ཡུལ་ནི་སེམས་ཀྱི་སྤྱོད་ཡུལ་ཏེ། གཟུགས་ལ་སོགས་པ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ཡང་དོན་དམ་པར་ཡོངས་སུ་མ་གྲུབ་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། གང་གི་ཕྱིར་དེའི་སེམས་ཀྱི་སྤྱོད་ཡུལ་གཟུགས་ལ་སོགས་པ་དག་ ཉིད་དོན་དམ་པར་ཡོངས་སུ་མ་གྲུབ་པས། ལོག་པར་འགྱུར་བ་དེའི་ཕྱིར་བརྗོད་པར་བྱ་བ་ལྡོག་པར་འགྱུར་ཏེ། འདི་ལྟར་བརྗོད་པར་བྱ་བ་ནི་གཟུགས་ལ་སོགས་པ་དག་ཡིན་ན་དེ་དག་མེད་ན་ཇི་ཞིག་བརྗོད་པར་འགྱུར་ཏེ་མི་འགྱུར་རོ། །སེམས་ཀྱི་སྤྱོད་ཡུལ་ཞེས་བྱ་བའི་ཚིག་གི་དོན་བསྟན་པའི་ཕྱིར། སེམས་ཀྱི་སྤྱོད་ཡུལ་ནི་དངོས་པོར་བརྗོད་དེ། རང་གི་ངོ་བོ་དང་སྤྱིའི་ངོ་བོ་སྟོན་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་སོ། །ལྡོག་པའི་དོན་བསྟན་པའི་ཕྱིར། ལྡོག་པ་ནི་ལྡོག་པ་ལྟ་བུ་སྟེ། ལྟ་བ་པོའི་དེ་ཁོ་ན་ཤེས་པ་སྐྱེས་པ་དང་མ་སྐྱེས་པ་ན་ཡང་དངོས་པོའི་དེ་ཁོ་ན་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་གྱི་ རང་གི་ངོ་བོ་ཡོངས་སུ་མི་གཏོང་བའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། དངོས་སུ་ལྡོག་པར་བྱ་བ་མེད་པའི་ཕྱིར་ལྡོག་པ་ལྟ་བུ་ཞེས་བཤད་དོ། །དེའི་ཕྱིར་ལྡོག་པས་བརྗོད་པའི་བདག་ཉིད་ཀྱི་སྤྲོས་པ་ལྡོག་གོ་ཞེས་བྱ་བ་ནི་མཇུག་བསྡུ་བ་ཡིན་ནོ། །སེམས་ཀྱི་སྤྱོད་ཡུལ་ལྡོག་པ་དེ་ཡང་གང་གིས་ཀྱང་མི་བྱེད་ དེ། འོ་ན་ཇི་ལྟ་བུ་ཞེ་ན། སེམས་ཀྱི་སྤྱོད་ཡུལ་གཟུགས་ལ་སོགས་པ་དག །མ་སྐྱེས་པ་དང་མ་འགགས་པ། །ཆོས་ཉིད་མྱ་ངན་འདས་དང་མཚུངས། །ཆོས་ཉིད་དང་ཆོས་ཀྱི་ངོ་བོ་ཉིད་དང་རང་བཞིན་ཞེས་བྱ་བ་དག་ནི་རྣམ་གྲངས་སོ་ཞེས་བྱ་བ་ནི་དེའི་སེམས་ཀྱི་སྤྱོད་ཡུལ་གཟུགས་ལ་ སོགས་པ་དག་ཇི་ལྟར་ལྡོག་པར་འགྱུར་བ་བསྟན་ཏེ། གང་གི་ཕྱིར་དེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་མཐོང་བ་ན་སེམས་ཀྱི་སྤྱོད་ཡུལ་གཟུགས་ལ་སོགས་པ་དག་མ་སྐྱེས་པ་དང་མ་འགགས་པའི་ཆོས་ཉིད་མྱ་ངན་ལས་འདས་པ་དང་མཚུངས་པར་རབ་ཏུ་ཤེས་པ་དེའི་ཕྱིར་དེའི་སེམས་ཀྱི་ སྤྱོད་ཡུལ་ལྡོག་པར་འགྱུར་རོ། །ཡང་ན་གཞན་གྱིས་སྤྲོས་པ་ནི་སྟོང་པ་ཉིད་ཀྱིས་འགག་པར་འགྱུར་རོ་ཞེས་བྱ་བ་དེ་ལ་རིག་པ་གང་ཡིན་ཞེས་སྨྲས་པ་ནི། སློབ་དཔོན་གྱི་རྣལ་འབྱོར་པ་སྟོང་པ་ཉིད་ལ་གནས་ཤིང་མཚན་མ་མེད་པ་ལ་གནས་པའི་བརྗོད་པར་བྱ་བ་ལྡོག་པས་དེའི་ཕྱིར། བརྗོད་པར་བྱ་བ་ལྡོག་པ་སྟེ། །ཞེས་བཤད་དེ། བརྗོད་པ་འཇུག་པ་ལྡོག་པས་སོ། །ཞེས་བྱ་བའི་ཐ་ཚིག་གོ་ཞེས་བྱ་བ་ལ་སོགས་པ་ནི་ཚིག་ལེའུར་བྱས་པ་སྔ་མ་དེ་ཉིད་ཀྱི་དོན་རྣམ་པ་གཞན་དུ་བཤད་པ་སྟོན་ཏོ། །འདིར་ཕ་རོལ་པོ་དག་གིས་ཁྱོད་དབུ་མ་པས་སྔར་སྤྲོས་པ་ནི་སྟོང་པ་ཉིད་ཀྱིས་འགག་ པར་འགྱུར་རོ་ཞེས་གང་སྨྲས་པ་དེ་ལ་རིགས་པ་གང་ཡིན་ཞེས་དྲིས་པ་ན་སློབ་དཔོན་གྱིས་རྣལ་འབྱོར་པ་སྟོང་པ་ཉིད་ལ་གནས་ཤིང་མཚན་མ་མེད་པ་ལ་གནས་པའི་བརྗོད་པར་བྱ་བ་ལྡོག་པས་དེའི་ཕྱིར་བརྗོད་པར་བྱ་བ་ལྡོག་པས་སྤྲོས་པ་འགག་པར་འགྱུར་རོ་ཞེས་བཤད་དེ། བརྗོད་པ་འཇུག་པའི་རྒྱུ་ དངོས་པོ་རྣམས་སྟོང་པར་མཐོང་ཞིང་ལྡོག་པས་བརྗོད་པའི་བདག་ཉིད་ཀྱི་སྤྲོས་པ་ལྡོག་པར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །དེས་ན་སེམས་ཀྱི་སྤྱོད་ཡུལ་ལྡོག་པས་སོ། །སེམས་ཀྱི་སྤྱོད་ཡུལ་ནི་སེམས་ཀྱི་རྒྱུ་བ་ཞེས་བྱ་བའི་ཐ་ཚིག་གོ་ཞེས་བྱ་བས་ནི་དེའི་བརྗོད་པར་བྱ་བ་ཇི་ལྟར་ལྡོག་པར་འགྱུར་ བའི་རྒྱུ་བསྟན་ཏེ། དེ་ཡང་སེམས་ཀྱི་སྤྱོད་ཡུལ་ནི་གཟུགས་ལ་སོགས་པ་ཡུལ་རྣམས་ལ་སེམས་རྒྱུ་བ་དང་འཇུག་པ་དག་དཔྱོད་པ་དང་རྟོག་པ་ཞེས་བྱ་བ་དག་གི་རྣམ་གྲངས་ཡིན་པས་གང་གི་ཕྱིར་དེའི་སེམས་ཀྱི་སྤྱོད་ཡུལ་དེ་དག་ཉིད་ལྡོག་པར་གྱུར་པ་དེའི་ཕྱིར་བརྗོད་པར་བྱ་བ་ལྡོག་པར་འགྱུར་རོ་ཞེས་བྱ་ བར་སྦྱར་རོ། །སེམས་ཀྱི་སྤྱོད་ཡུལ་ནི་སེམས་ཀྱི་རྒྱུ་བ་ཞེས་བྱ་བའི་ཐ་ཚིག་གོ་ཞེས་བྱ་བ་སྨོས་པ་དེ་ཉིད་བསྟན་པའི་ཕྱིར་ཡུལ་གྱི་ངོ་བོ་ཉིད་ནི་སེམས་ཀྱིས་མངོན་པར་བརྟག་པ་ཡིན་པར་བརྗོད་དེ་ཞེས་བྱ་བ་སྨྲས་ཏེ། སློབ་དཔོན་འཕགས་པ་ལྷས་ཀྱང་། སྲིད་པའི་ས་བོན་རྣམ་ཤེས་ཏེ། །ཡུལ་རྣམས་ དེ་ཡི་སྤྱོད་ཡུལ་ལོ། །ཞེས་གསུངས་པས། སྲེད་པའི་ས་བོན་ནི་རྣམ་པར་ཤེས་པ་ཡིན་ལ་ཡུལ་རྣམས་ནི་དེའི་སྤྱོད་ཡུལ་ཡིན་པས་ཇི་སྲིད་དུ་ཡུལ་རྣམས་ལ་སེམས་ཀྱིས་རྣམ་པར་བརྟགས་ཤིང་སེམས་ཀྱི་རྒྱུ་བ་དང་། འཇུག་པ་དང་། དཔྱོད་པ་དང་རྟོག་པ་ཡོད་པ་དེ་སྲིད་དུ་སེམས་ ཀྱི་སྤྱོད་ཡུལ་ཡིན་པར་བརྗོད་དོ། །སེམས་ཀྱི་སྤྱོད་ཡུལ་དེ་ཇི་ལྟར་ལྡོག་པ་བསྟན་པའི་ཕྱིར། དེ་ཡང་དམིགས་སུ་མེད་པ་ལ་གནས་པས་ལྡོག་པའི་ཕྱིར་ཞེས་བྱ་བ་སྨྲས་ཏེ། སློབ་དཔོན་འཕགས་པ་ལྷས་ཀྱང་། ཡུལ་ལ་བདག་མེད་མཐོང་ན་ནི། །སྲིད་པའི་ས་བོན་འགག་པར་འགྱུར། །ཞེས་ གསུངས་པས་སེམས་ཀྱི་སྤྱོད་ཡུལ་ལྡོག་པ་དེ་ཡང་ཡུལ་དམིགས་སུ་མེད་པ་ལ་གནས་པས་ལྡོག་པར་འགྱུར་རོ། །དེ་ལྟར་སེམས་ཀྱི་སྤྱོད་ཡུལ་ལྡོག་པས་བརྗོད་པར་བྱ་བ་ལྡོག་པའི་མཇུག་བསྡུ་བ་བསྟན་པའི་ཕྱིར། སེམས་ཀྱི་སྤྱོད་ཡུལ་ལྡོག་པས་སོ་ཞེས་བྱ་བ་སྨྲས་ཏེ། སེམས་ཀྱི་སྤྱོད་ཡུལ་ ལྡོག་པས་བརྗོད་པར་བྱ་བ་ལྡོག་ལ། བརྗོད་པར་བྱ་བ་ལྡོག་པས་སྤྲོས་པ་འགག་པར་འགྱུར་རོ་ཞེས་བྱ་བར་སྦྱར་རོ། །ཇི་ལྟར་སེམས་ཀྱི་སྤྱོད་ཡུལ་ལྡོག་པར་འགྱུར་བ་བསྟན་པའི་ཕྱིར། ཇི་ལྟར་སེམས་ཀྱི་སྤྱོད་ཡུལ་ལྡོག་པར་འགྱུར་ཞེ་ན། མ་སྐྱེས་པ་དང་མ་འགགས་པ། །ཆོས་ཉིད་མྱ་ངན་འདས་ དང་མཚུངས། །གང་གི་ཕྱིར་སེམས་ཀྱི་དེ་ཁོ་ན་ཞེས་བྱ་བའི་ཚིག་གི་ལྷག་མའོ་ཞེས་བྱ་བ་སྨྲས་ཏེ། གང་གི་སེམས་ཀྱི་དེ་ཁོ་ན་མ་སྐྱེས་པ་དང་། མ་འགགས་པའི་ཆོས་ཉིད་མྱ་ངན་ལས་འདས་པ་དང་མཚུངས་པར་རབ་ཏུ་ཤེས་པ་དེའི་ཕྱིར། དེའི་སེམས་ཀྱི་སྤྱོད་ཡུལ་ལྡོག་པར་འགྱུར་རོ། ། དེ་ལྟ་བས་ན་གང་གི་ཕྱིར་སེམས་ཀྱི་དེ་ཁོ་ན་མ་སྐྱེས་པ་དང་མ་འགགས་པའི་ཆོས་ཉིད་མྱ་ངན་ལས་འདས་པ་དང་མཚུངས་པར་རབ་ཏུ་ཤེས་པ་དེའི་ཕྱིར་སེམས་ཀྱི་སྤྱོད་ཡུལ་ལྡོག་པར་འགྱུར་ལ་སེམས་ཀྱི་སྤྱོད་ཡུལ་ལོག་པས་བརྗོད་པར་བྱ་བ་ལྡོག་ཅིང་བརྗོད་པར་བྱ་བ་ལོག་པས་སྤྲོས་པ་འགགས་པས་ སྤྲོས་པ་ནི་སྟོང་པ་ཉིད་ཀྱིས་འགག་པར་འགྱུར་རོ། །སྤྲོས་པ་སྟོང་པ་ཉིད་ཀྱིས་འགགས་ན་རྣམ་པར་རྟོག་པ་མི་འབྱུང་ལ། རྣམ་པར་རྟོག་པ་མི་འབྱུང་བས་ལས་དང་ཉོན་མོངས་པ་ཟད་པར་འགྱུར་ཞིང་། ལས་དང་ཉོན་མོངས་པ་ཟད་པས་ཐར་པ་ཐོབ་པ་ནི་གང་ཟག་དང་ཆོས་བདག་མེད་པ་བསྒོམས་པའི་ འབྲས་བུ་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །ཡང་ན་དངོས་པོ་དང་དངོས་པོ་མེད་པ་དག་མ་མཐོང་བ་ནི་དེ་ཁོ་ན་མཐོང་བ་ཞེས་བྱ་སྟེ་ཞེས་བྱ་བ་ལ་སོགས་པས་ནི་སྤྲོས་པ་ནི་སྟོང་པ་ཉིད་ཀྱིས་འགག་པར་འགྱུར་རོ་ཞེས་བྱ་བ་དེ་ཉིད་ཀྱི་དོན་བསྟན་ཅིང་ཚིག་ལེའུར་བྱས་པ་སྔ་མ་དེ་ཉིད་ཀྱི་རྣམ་པར་བཤད་པ་གཞན་སྟོན་ ཏོ། །དེ་ཡང་ཇི་ལྟ་བུ་ཞིག་ཡིན་སྙམ་དུ་ཁ་ཅིག་དེ་ལྟར་སེམས་པས་དེའི་ཕྱིར། བརྗོད་པར་བྱ་བ་ལྡོག་པ་སྟེ། །ཞེས་བཤད་དེ། དངོས་པོ་དང་དངོས་པོ་མེད་པ་དག་མ་མཐོང་ནའོ་ཞེས་བྱ་བས་ནི། ཡང་ན་དངོས་པོ་དང་དངོས་པོ་མེད་པ་དག་མ་མཐོང་བ་ནི་དེ་ཁོ་ན་མཐོང་བ་ཞེས་བྱ་སྟེ་ཞེས་བཤད་པ་ དེ་ལ་ཁ་ཅིག་དེ་ཡང་ཇི་ལྟ་བུ་ཞིག་ཡིན་སྙམ་དུ་དེ་ལྟར་སེམས་པས་དེའི་ཕྱིར། བརྗོད་པར་བྱ་བ་ལྡོག་པ་སྟེ། །ཞེས་བཤད་དེ། དངོས་པོ་དང་དངོས་པོ་མེད་པ་དག་མ་མཐོང་ན་བརྗོད་པར་བྱ་བ་ལྡོག་པ་ནི་དེ་ཁོ་ན་མཐོང་བ་ཡིན་ལ། དེ་ཁོ་ན་མཐོང་བས་ནི་སྤྲོས་པ་འགག་པར་འགྱུར་རོ་ཞེས་བྱ་བར་སྦྱར་རོ། ། དངོས་པོ་དང་དངོས་པོ་མེད་པ་དག་མ་མཐོང་བ་བརྗོད་པར་བྱ་བ་ལྡོག་པ་དེ་ཡང་ཇི་ལྟར་ལྡོག་པར་འགྱུར་བ་བསྟན་པའི་ཕྱིར་དེ་ཡང་ཇི་ལྟར་ཞེ་ན། གང་གི་ཕྱིར། སེམས་ཀྱི་སྤྱོད་ཡུལ་ལྡོག་པས་སོ། །སེམས་ལ་སོགས་པའི་སྤྱོད་པ་སྟེ། །དངོས་པོ་ལ་སོགས་པར་མི་དམིགས་པའི་ཕྱིར་རོ་ཞེས་བྱ་ བར་དགོངས་སོ། །ཞེས་བྱ་བ་སྨྲས་ཏེ། སེམས་ཀྱི་སྤྱོད་ཡུལ་ནི་སེམས་ལ་སོགས་པའི་སྤྱོད་པ་སྟེ། དེ་ནི་དངོས་པོ་ལ་སོགས་པར་མི་དམིགས་པའི་ཕྱིར་ལྡོག་པར་འགྱུར་ལ། སེམས་ཀྱི་སྤྱོད་ཡུལ་ལོག་པས་ནི་བརྗོད་པར་བྱ་བ་ལྡོག་ལ། བརྗོད་པར་བྱ་བ་ལོག་པས་ནི་སྤྲོས་པ་འགག་པར་འགྱུར་རོ་ཞེས་བྱ་ བར་དགོངས་སོ། །འདིར་ཡང་སོགས་པའི་སྒྲ་ཁོང་ནས་དབྱུང་བར་བལྟ་བར་བྱ་སྟེ། སེམས་ལ་སོགས་པའི་སྤྱོད་པ་ནི་སེམས་ཀྱི་སྤྱོད་ཡུལ་ལོ་ཞེས་བྱ་བ་ནི། ཚིག་ལེའུར་བྱས་པའི་རྩ་བ་དེ་ལས་སེམས་ཀྱི་སྤྱོད་ཡུལ་ལྡོག་པས་སོ་ཞེས་གསུངས་པའི་སྐབས་སུ་སོགས་པ་ཞེས་བྱ་བའི་སྒྲ་མ་སྨོས་ལ། འགྲེལ་པ་བྱེད་པས། སེམས་ལ་སོགས་པའི་སྤྱོད་པས་སྟེ། །ཞེས་སོགས་པའི་སྒྲ་སྨོས་པ་ནི། ཚིག་ལེའུར་བྱས་པ་རྩ་བ་དེའི་སྐབས་འདིར་ཡང་སོགས་པའི་སྒྲ་ཁོང་ནས་དབྱུང་བར་བལྟ་བར་བྱ་སྟེ། སོགས་པའི་སྒྲས་ནི་ངག་གི་སྤྱོད་པ་དག་ཀྱང་བསྡུའོ། །གལ་ཏེ་འདིར་གཞན་དག་འདི་ སྐད་ཅེས་དེ་ལྟར་ཡུལ་དངོས་པོ་དང་དངོས་པོ་མེད་པའི་རྣམ་པར་ཡང་མི་སྣང་ལ། དེ་ལ་འཛིན་པའི་སེམས་ཀྱི་སྤྱོད་པ་ཡང་མི་སྣང་ཞིང་། དེ་བརྗོད་པའི་ངག་གི་སྤྱོད་པ་ཡང་མི་སྣང་ན་དེ་ཁོ་ན་མཐོང་བ་མེད་པའི་སྐྱོན་དུ་ཐལ་བར་མི་འགྱུར་རམ་ཞེས་ཟེར་བའི་ཕྱོགས་སྔ་མ་ཁོང་ནས་དབྱུང་ བ་དེའི་ལན་དུ། འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས། དེ་ཁོ་ན་མཐོང་བ་མེད་པ་ཡང་མ་ཡིན་ཏེ། གང་གི་ཕྱིར་གཟུགས་ལ་སོགས་པ་ཡུལ་རྣམས་མ་མཐོང་བ་གང་ཁོ་ན་ཡིན་པ་དེ་ཉིད་དེ་ཁོ་ན་མཐོང་བའི་སྒྲར་བརྗོད་དེ། དངོས་པོའི་ངོ་བོ་ཉིད་ཕྱིན་ཅི་མ་ལོག་པར་རྟོགས་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། འདི་ལ་ མཐའ་གཉིས་སུ་མ་མཐོང་བ་ཉིད་དེ་ཁོ་ན་མཐོང་བ་ཡིན་ཏེ། དངོས་པོའི་ངོ་བོ་ཉིད་ཕྱིན་ཅི་མ་ལོག་པ་རྟོགས་པའི་ཕྱིར་རོ། །དེ་ལྟར་ཡང་འཕགས་པ་བདེན་པ་པོས་བསྟན་པའི་ལེའུ་ལས། ཇི་སྐད་དུ་མཐོང་བ་མེད་པ་ནི་དེ་ཁོ་ན་མཐོང་བའོ་ཞེས་གསུངས་སོ་ཞེས་བྱ་བས་ནི་དེ་ཉིད་ཀྱི་ཁུངས་བསྟན་ཏོ། །དེའི་ཕྱིར། བརྗོད་པར་བྱ་བ་ལྡོག་པ་སྟེ། །ཞེས་བྱ་བས་ནི། བརྗོད་པར་བྱ་བ་ལྡོག་པས་སྤྲོས་པ་འགག་པར་བསྟན་པའི་སྐབས་ཀྱི་མཇུག་བསྡུ་བ་བསྟན་ཏོ། །དེ་ཉིད་ཀྱི་ཁུངས་བསྟན་པའི་ཕྱིར། ཇི་སྐད་དུ་འཕགས་པ་བློ་གྲོས་མི་ཟད་པས་བསྟན་པའི་མདོ་ལས། དོན་དམ་པའི་བདེན་པ་གང་ཞེ་ན། གང་ལ་ སེམས་ཀྱང་མི་རྒྱུ་ན་ཡི་གེ་རྣམས་ལྟ་སྨོས་ཀྱང་ཅི་དགོས་པའོ་ཞེས་གསུངས་པ་དང་། དེ་བཞིན་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཞན་ནས་ཀྱང་། སེམས་དང་ཡིད་དང་རྣམ་པར་ཤེས་པ་དང་བྲལ་བ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལྟ་བུའོ་ཞེས་ བྱ་བ་སྨྲས་ཏེ། དེའི་ཕྱིར་ལུང་དེ་དག་གིས་ན་མཐོང་བ་མེད་པ་གང་ཡིན་པ་དེ་ཉིད་དེ་ཁོ་ན་མཐོང་བ་ཡིན་པས་དེ་ཁོ་ན་མཐོང་བ་མེད་པ་ཡང་མ་ཡིན་ནོ། །དེའི་ཕྱིར་རེ་ཞིག་དེ་ཁོ་ན་ལ་ནི། མ་སྐྱེས་པ་དང་མ་འགགས་པ། །ཆོས་ཉིད་མྱ་ངན་འདས་དང་མཚུངས། །ཞེས་བྱ་བ་དེ་ཙམ་དག་སྨྲ་བར་ནུས་ཏེ། ཆོས་ཐམས་ ཅད་དབེན་པའི་མཚན་ཉིད་ཡིན་པའི་ཕྱིར་རོ་ཞེས་བྱ་བས་ནི་འདི་སྐད་བསྟན་ཏེ། དེའི་ཕྱིར་རེ་ཞིག་དེ་ཁོ་ན་ལ་ནི་ཐ་སྙད་ཀྱི་སྒོ་ནས་དེ་ཙམ་དག་སྨྲ་བར་ནུས་ཀྱི་དོན་དམ་པར་ནི་བརྗོད་པར་བྱ་བ་མེད་དེ། ཆོས་ཐམས་ཅད་དབེན་པ་དང་སྟོང་པའི་མཚན་ཉིད་ཡིན་པའི་ཕྱིར་རོ། །ཡང་ན་སྟོང་པ་ཉིད་ཤེས་པའི་ཉི་མའི་འོད་ཟེར་ སྣང་བར་བྱས་པའི་དངོས་པོ་ཐམས་ཅད་ངོ་བོ་ཉིད་ལ་ཀུན་ཏུ་ལྟ་ཞིང་དམིགས་སུ་མེད་པ་ལ་རབ་ཏུ་གནས་པའི་ངག་དང་། ཡིད་ཀྱི་བརྗོད་པ་ལྡོག་པའི་ཕྱིར། །བརྗོད་པར་བྱ་བ་ལྡོག་པ་སྟེ། །ཞེས་བྱ་བ་ལ་སོགས་པས་ཀྱང་སྤྲོས་པ་ནི་སྟོང་པ་ཉིད་ཀྱིས་འགག་པར་འགྱུར་རོ་ཞེས་བྱ་བ་དེའི་དོན་སྟོན་ཅིང་། ཚིག་ལེའུར་བྱས་ པ་སྔ་མ་དེ་ཉིད་ཀྱི་དོན་རྣམ་པར་བཤད་པ་གཞན་སྟོན་ཏེ། ཡང་ན་རྣལ་འབྱོར་པ་གང་སྟོང་པ་ཉིད་ཤེས་པའི་ཉི་མའི་འོད་ཟེར་གྱིས་སྣང་བར་བྱས་པའི་དངོས་པོ་ཐམས་ཅད་ཀྱི་ངོ་བོ་ཉིད་ལ་ཀུན་ཏུ་ལྟ་ཞིང་དམིགས་སུ་མེད་པ་ལ་རབ་ཏུ་གནས་པའི་རྣལ་འབྱོར་པ་དེའི་ངག་དང་ཡིད་ཀྱི་བརྗོད་པ་ལྡོག་པའི་ཕྱིར་བརྗོད་ པར་བྱ་བ་ལྡོག་ལ། དེའི་ངག་དང་ཡིད་ཀྱི་བརྗོད་པར་བྱ་བ་ལོག་པས་ཐ་སྙད་ཀྱི་བདེན་པ་ལ་མངོན་པར་ཞེན་པའི་མཚན་ཉིད་ཀྱི་སྤྲོས་པ་ཉེ་བར་ཞི་བར་འགྱུར་བ་ནི་སྟོང་པ་ཉིད་ཀྱི་སྤྲོས་པ་འགག་པ་ཡིན་ཏེ། དེ་ཉིད་ཐེག་པ་ཆེན་པོ་ལ་ཆོས་བདག་མེད་པ་ཉིད་བསྒོམས་པའི་འབྲས་བུ་སྤངས་པ་ཕུན་སུམ་ ཚོགས་པ་དང་ཡེ་ཤེས་ཕུན་སུམ་ཚོགས་པ་ཐོབ་པའི་ཐབས་ཡིན་ནོ་ཞེས་བྱ་བར་སྟོན་ཏོ། །དེ་ཉིད་ཀྱང་། སེམས་ཀྱི་སྤྱོད་ཡུལ་ལྡོག་པས་སོ། །ཞེས་བྱ་བས་ནི་བརྗོད་པར་བྱ་བ་ལྡོག་པ་དེ་ཉིད་ཀྱང་གང་གིས་ལྡོག་པར་འགྱུར་ཞེ་ན། །སེམས་ཀྱི་སྤྱོད་ཡུལ་ལྡོག་པས་སོ། །ཞེས་བྱ་བར་སྟོན་ ཏོ། །འདི་སེམས་ཀྱི་སྤྱོད་ཡུལ་ཞེས་བྱ་བ་གང་ཞེ་ན། སྤྱོད་ཡུལ་ནི་མཐུ་མེད་དོ་ཞེས་བྱ་བ་སྨྲས་ཏེ། སེམས་ཀྱི་ངོ་བོ་ཉིད་རང་བཞིན་གྱིས་འོད་གསལ་བ་ཉིད་དོ། །དེ་ལྡོག་པ་ནི་གློ་བུར་གྱི་སྒྲིབ་པ་ལས་རྣམ་པར་གྲོལ་ཞིང་གནས་འགྱུར་བ་ཉིད་དོ། །དེ་ཉིད་བསྟན་པའི་ཕྱིར། ཇི་ལྟར་སེམས་ཀྱི་མཐུ་ ཉིད་ལྡོག་པར་འགྱུར་ཞེ་ན། འདི་ལ་ཡུལ་གྱི་སྟོབས་ཀྱིས་རྣམ་པར་ཤེས་པ་སྐྱེས་ཤིང་དངོས་པོའི་ངོ་བོ་ཉིད་དང་ཁྱད་པར་གྱི་ཡུལ་ཐ་དད་པ་ལ་རྟོག་པའི་རྒྱུན་དག་གིས་རྣམ་པ་ཐ་དད་པ་དུ་མར་རྟོག་པ་ན་དར་གྱི་སྲིན་བུ་བཞིན་དུ་བདག་གི་མཐུ་ཉིད་ཀུན་ནས་དཀྲིས་པར་འགྱུར་རོ། །ཆོས་ཐམས་ཅད་བདག་ མེད་པར་མཐོང་བས་ནི་དེ་མི་འཇུག་པའི་ཕྱིར་སེམས་ཀྱི་སྤྱོད་ཡུལ་ལྡོག་གོ་ཞེས་བྱ་བ་སྨྲས་ཏེ། དེས་ནི་གློ་བུར་གྱི་སྒྲིབ་པས་འཆིང་བ་དང་། ཆོས་བདག་མེད་པར་མཐོང་བས་རྣམ་པར་གྲོལ་ཞིང་གནས་འགྱུར་བའི་ཚུལ་བསྟན་ཏོ། །སེམས་ཀྱི་སྤྱོད་ཡུལ་ལོག་པ་ཡང་དེ་ཁོ་ན་ཤེས་པའི་བྱེད་པ་པོ་དང་ལྡན་ པ་མ་ཡིན་ཏེ། འོ་ན་ཇི་ལྟ་བུ་ཞེ་ན། མ་སྐྱེས་པ་དང་མ་འགགས་པ། །ཆོས་ཉིད་མྱ་ངན་འདས་དང་མཚུངས། །གང་གི་ཕྱིར་སེམས་དང་དེ་ལས་གཞན་པའི་ཆོས་རྣམས་ཀྱི་སྤྱོད་ཡུལ་ལྡོག་པ་དེ་ནི་གང་གིས་ཀྱང་བྱ་བ་མ་ཡིན་པའི་ཕྱིར་ཏེ་ཞེས་བྱ་བས་ནི། སེམས་ཀྱི་སྤྱོད་ཡུལ་རང་ རིག་པའི་ཚུལ་གྱིས་ལྡོག་པ་ཉིད་དུ་བསྟན་ཏོ། །དེ་ཉིད་ཀྱི་ཁུངས་བསྟན་པའི་ཕྱིར། དེ་ལྟར་ཡང་འཕགས་པ་དཀོན་མཆོག་བརྩེགས་པའི་མདོ་ལས། སྟོང་པ་ཉིད་ཀྱི་ཆོས་རྣམས་སྟོང་པར་མི་བྱེད་ཀྱི་འདི་ལྟར་ཆོས་རྣམས་ཉིད་སྟོང་པའོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ་ཞེས་བྱ་བ་སྨྲས་སོ། །འོན་ཀྱང་དེ་དག་ གི་རང་བཞིན་ནི་མྱ་ངན་ལས་འདས་པ་དང་མཚུངས་སོ་ཞེས་བྱ་བར་ཁོང་དུ་ཆུད་པར་བྱ་སྟེ་ཞེས་བྱ་བས་ནི། མི་གནས་པའི་མྱ་ངན་ལས་འདས་པའི་ཚུལ་གྱིས་ཆོས་ཐམས་ཅད་སྐྱེ་འགག་མེད་པར་རོ་གཅིག་པར་ཁོང་དུ་ཆུད་པར་བྱ་སྟེ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཤེས་བྱའི་མཐའ་ཡང་རྟོགས་པ་དང་། བརྗོད་པ་དེ་ཙམ་དུ་ཟད་དོ་ཞེས་བསྟན་ཏོ། །དེ་ཉིད་ཀྱི་ཁུངས་བསྟན་པའི་ཕྱིར། འཕགས་པ་ཚངས་པས་ཞུས་པའི་མདོ་ལས། ཇི་སྐད་དུ་འདི་ལྟར་དེ་བཞིན་གཤེགས་པ་བྱང་ཆུབ་ཀྱི་སྙིང་པོ་ལ་ཞུགས་ནས་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པས་ཀུན་ནས་བསླང་བའི་ཉོན་མོངས་པ་ཡོད་པ་མ་ཡིན་པའི་རང་ བཞིན་ཤིན་ཏུ་སྐྱེ་བ་མེད་པའི་ངོ་བོ་ཉིད་ཀུན་ཏུ་མཁྱེན་པར་གྱུར་ཏོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ་ཞེས་བྱ་བ་སྨྲས་སོ། །དེ་ལྟར་སྤྲོས་པ་ནི་སྟོང་པ་ཉིད་ཀྱིས་འགག་པར་འགྱུར་བ་དེའི་ཕྱིར་འགྲེལ་པ་བྱེད་པ་ཉིད་ཀྱིས། སློབ་དཔོན་འཕགས་པ་ལྷས་གསུངས་པ། སྲིད་པའི་ས་བོན་རྣམ་ཤེས་ཏེ། །ཡུལ་རྣམས་ དེ་ཡི་སྤྱོད་ཡུལ་ལོ། །ཡུལ་ལ་བདག་མེད་མཐོང་ན་ནི། །སྲིད་པའི་ས་བོན་འགག་པར་འགྱུར། །ཞེས་བྱ་བ་དེ་ཡང་འཐད་པ་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། ཇི་ལྟར་གཞན་མུ་སྟེགས་ཅན་དག་གིས་བདག་དང་བདག་གིར་བཏགས་པ་དང་སྡེ་པ་གཞན་དག་གིས་གཟུང་བ་དང་འཛིན་པའི་དངོས་པོར་བཏགས་པ་དང་། རྣམ་པར་ཤེས་པ་ཙམ་དུ་སྨྲ་བ་དག་གིས། །སེམས་དང་སེམས་ཀྱིས་རྣམ་པར་བཏགས་པ་ལྟ་བུ་མ་ཡིན་གྱི། ཐེག་པ་ཆེན་པོའི་དབུ་མ་པའི་ཚུལ་འདི་ལ་ཀུན་རྫོབ་ཀྱི་ཐ་སྙད་དུ་ནི་ཕྱི་དང་ནང་གི་རྟེན་ཅིང་རྟེན་ཅིང་འབྲེལ་པར་འབྱུང་བ་མ་བརྟགས་གཅིག་པུ་ན་ཉམས་དགའ་བ་སྒྱུ་མ་ཙམ་དུ་བྱ་བ་བྱེད་ནུས་པར་ཡོད་ ཅིང་དེ་ལ་མངོན་པར་ཞེན་པས་ནི་སྲིད་པ་གསུམ་དུ་འཁོར་ཞིང་ཀུན་ནས་ཉོན་མོངས་པའི་རྒྱུན་ཀྱང་འབྲེལ་པར་འགྱུར་ལ། དེ་ལ་མངོན་པར་མ་ཞེན་ཅིང་དོན་དམ་པར་ངོ་བོ་ཉིད་མེད་པར་ཤེས་པས་ནི་སྲིད་པའི་ས་བོན་འགག་ཅིང་མི་གནས་པའི་མྱ་ངན་ལས་འདས་པའི་བདེ་བ་ཆེན་པོ་ཡང་ཐོབ་པ་མེད་པའི་ཚུལ་གྱིས་ འཐོབ་པར་འགྱུར་ཏེ། དེ་ནི། སློབ་དཔོན་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་དང་། འཕགས་པ་ལྷ་དང་། ལེགས་ལྡན་འབྱེད་དང་། བུད་དྷ་པཱ་ལི་ཏ་ལ་སོགས་པ་ཐེག་པ་ཆེན་པོ་དབུ་མ་པའི་ལམ་སྨྲ་བ་རྣམས་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་བསྟན་པ་ཡིན་ནོ། །དེའི་ཕྱིར་དེ་ལྟར་ཆོས་ཐམས་ཅད་ཀྱི་ མཉམ་པ་ཉིད་མྱ་ངན་ལས་འདས་པ་དང་མཚུངས་པ་སྐྱེ་བ་མེད་པར་མཐོང་བས་ནི་སེམས་ཀྱི་སྤྱོད་ཡུལ་ལྡོག་པར་འགྱུར་ལ། སེམས་ཀྱི་སྤྱོད་ཡུལ་ལོག་པས་ནི་བརྗོད་པར་བྱ་བ་ལྡོག་ཅིང་། དེ་ལོག་པས་ནི་ཐ་སྙད་ཀྱི་བདེན་པ་ལ་མངོན་པར་ཞེན་པའི་མཚན་ཉིད་ཀྱི་སྤྲོས་པ་ཉེ་བར་ཞི་བར་འགྱུར་རོ་ ཞེས་བྱ་བས་ནི་སྤྲོས་པ་ནི་སྟོང་པ་ཉིད་ཀྱིས་འགག་པ་བསྟན་པའི་སྐབས་ཀྱིས་མཇུག་བསྡུ་བ་ཡིན་ཏེ། སྔར། ལས་དང་ཉོན་མོངས་ཟད་པས་ཐར། །ལས་དང་ཉོན་མོངས་རྣམ་རྟོག་ལས། །དེ་དག་སྤྲོས་ལས་སྤྲོས་པ་ནི། །སྟོང་པ་ཉིད་ཀྱིས་འགག་པར་འགྱུར། །ཞེས་སྨོས་པས་རྣམ་པར་གྲོལ་ བ་ཐུན་མོང་མ་ཡིན་པ་བསྟན་ཏེ། དེ་ལ་འཇིག་རྟེན་པའི་སྤྲོས་པ་ལས་ནི་རྣམ་པར་རྟོག་པ་འབྱུང་ལ། རྣམ་པར་རྟོག་པ་ལས་ནི་ལས་དང་ཉོན་མོངས་པ་འབྱུང་ཞིང་། ལས་དང་ཉོན་མོངས་པ་ཟད་པས་ནི་ཐར་པར་འགྱུར་ཏེ། ལས་དང་ཉོན་མོངས་པ་ཟད་པས་ཐར་པ་ཐོབ་པ་དེ་ཡང་སྔར། ནང་དང་ཕྱི་རོལ་ ཉིད་དག་ལ། །བདག་དང་བདག་གི་ཟད་གྱུར་ན། །ཉེ་བར་ལེན་པ་འགག་འགྱུར་ཞིང་། །དེ་ཟད་པས་ན་སྐྱེ་བ་ཟད། །ཅེས་སྨོས་པས་བསྟན་པ་ཡིན་ཏེ། དེ་ནི་ཉན་ཐོས་དང་རང་སངས་རྒྱས་དང་ཐུན་མོང་བའི་རྣམ་པར་གྲོལ་བ་གང་ཟག་བདག་མེད་པ་ཉིད་རྟོགས་པས་རབ་ཏུ་ཕྱེ་བ་ཉོན་མོངས་པའི་སྒྲིབ་པ་སྤོང་བའི་ ཐབས་ཡིན་ཏེ། །སྒོ་དེ་ནས་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱི་ལམ་འབྲས་བུ་དང་བཅས་པ་ཐམས་ཅད་ཡོངས་སུ་རྫོགས་ཤིང་། དགེ་སྦྱོང་གི་འབྲས་བུ་མཐར་ཐུག་པས་རབ་ཏུ་ཕྱེ་བའི་མི་སློབ་པ་ཚོགས་དང་སྤྱོད་པ་དང་བསེ་རུ་ལྟ་བུའི་གོ་འཕང་ཉིད་ཐོབ་པར་འགྱུར་རོ། །སྤྲོས་པ་ནི་སྟོང་པ་ཉིད་ཀྱིས་འགག་པར་འགྱུར་རོ་ ཞེས་གང་སྨྲས་པ་དེ་ལ་ཇི་ལྟར་སྟོང་པ་ཉིད་ཀྱིས་འགག་པར་འགྱུར་ཞེ་ན། སྔར་བརྗོད་པར་བྱ་བ་ལྡོག་པ་སེམས་ཀྱི་སྤྱོད་ཡུལ་ལྡོག་པས་སོ། །མ་སྐྱེས་པ་དང་མ་འགགས་པ། །ཆོས་ཉིད་མྱ་ངན་འདས་དང་མཚུངས། །ཞེས་སྨོས་པའི་རིམ་གྱིས་ཆོས་ཐམས་ཅད་ཀྱི་མཉམ་པ་ཉིད་མྱ་ངན་ལས་ འདས་པ་དང་མཚུངས་པ་སྐྱེ་བ་མེད་པར་མཐོང་བས་ནི་སེམས་ཀྱི་སྤྱོད་ཡུལ་ལྡོག་པར་འགྱུར་ལ། སེམས་ཀྱི་སྤྱོད་ཡུལ་ལོག་པས་ནི་བརྗོད་པར་བྱ་བ་ལྡོག་ཅིང་། དེ་ལོག་པས་ནི་ཐ་སྙད་ཀྱི་བདེན་པ་ལ་མངོན་པར་ཞེན་པའི་མཚན་ཉིད་ཀྱི་སྤྲོས་པ་ཉེ་བར་ཞི་བར་འགྱུར་ཏེ། དེ་ནི་ཉན་ཐོས་དང་རང་སངས་རྒྱས་དང་། ཐུན་མོང་མ་ཡིན་པའི་རྣམ་པར་གྲོལ་བ་ཆོས་བདག་མེད་པ་ཉིད་དུ་རྟོགས་པས་རབ་ཏུ་ཕྱེ་བ་ཤེས་བྱའི་སྒྲིབ་པ་སྤོང་བའི་ཐབས་ཡིན་ཏེ། སྒོ་དེ་ནས་ནི་ཐེག་པ་ཆེན་པོའི་ལམ་འབྲས་བུ་དང་བཅས་པ་ཐམས་ཅད་ཡོངས་སུ་རྫོགས་ཤིང་། བླ་ན་མེད་པའི་སངས་རྒྱས་བཅོམ་ལྡན་འདས་ཀྱི་གོ་འཕང་ཉིད་ཐོབ་པར་ འགྱུར་རོ། །རང་གི་སྡེ་པ་དང་གཞན་གྱི་སྡེ་པ་ཁ་ཅིག་ན་རེ་དབུ་མ་སྨྲ་བ་ནི་དངོས་པོ་ཐམས་ཅད་ལ་སྐུར་པ་འདེབས་པའི་ཕྱིར་མེད་པ་པ་དག་དང་ཁྱད་པར་མེད་དོ་ཞེས་ཟེར་བ་དེ་དག་ལ། ཁ་ཅིག་གིས་དངོས་པོ་སེལ་བ་ཉིད་དུ་མཚུངས་སུ་ཟིན་ཀྱང་སོ་སོའི་སྐྱེ་བོ་དང་དགྲ་བཅོམ་པ་སོ་སོར་མ་བརྟགས་པ་དང་། སོ་སོར་བརྟགས་པའི་བཏང་སྙོམས་པ་དག་བཞིན་ནམ། དམུས་ལོང་དང་མིག་ཅན་གྱིས་ཕྱོགས་མི་བདེའོ་སྙམ་དུ་ངེས་པར་ཤེས་པ་དང་མཚུངས་སུ་ཟིན་ཀྱང་ཁྱད་པར་ཡོད་པ་བཞིན་དུ་མེད་པ་པ་དང་། དབུ་མ་པ་དག་ལ་ཡང་ཁྱད་པར་ཡོད་དོ་ཞེས་ལན་འདེབས་པར་བྱེད་པས་ནི་ཕ་རོལ་པོས་དངོས་ པོའི་དེ་ཁོ་ན་རྟོགས་པ་ལ་ཁྱད་པར་མེད་དོ་ཞེས་བསྟན་པ་ལ་ཁྱད་པར་ཡོད་པར་མ་བརྗོད་པས་ལན་མ་ཡིན་ནོ་ཞེས་བྱ་བ་ནི། སྐབས་འདིར་རང་གི་སྡེ་པ་དང་གཞན་གྱི་སྡེ་པ་ཁ་ཅིག་ན་རེ་གང་འཇིག་རྟེན་འདི་མེད་དོ། །འཇིག་རྟེན་ཕ་རོལ་མེད་དོ། །སེམས་ཅན་རྫུས་ཏེ་སྐྱེས་པ་མེད་དོ་ཞེས་བྱ་བ་ལ་སོགས་པར་ ལྟ་བ་དེ་དང་གང་དངོས་པོ་ཐམས་ཅད་མ་སྐྱེས་པ་དང་མ་འགགས་པར་ལྟ་བ་ཞེས་བྱ་བ་དེ་གཉིས་ལ་ཁྱད་པར་ཅི་ཡོད་ཅེས་ཟེར་བའི་ལན་དུ། སློབ་དཔོན་བུད་དྷ་པཱ་ལི་ཏས་དེ་གཉིས་ལ་ཁྱད་པར་ཤིན་ཏུ་ཆེ་ན་ཁྱོད་ནི་སྟོང་པ་ཉིད་ཀྱི་དོན་རྣམ་པར་མི་ཤེས་ནས་དེ་གཉིས་འདྲའོ་སྙམ་དུ་སེམས་སོ། །འདི་ལ་སོ་ སོར་མ་བརྟགས་པར་བཏང་སྙོམས་བྱེད་པ་གང་ཡིན་པ་དང་། སོ་སོར་བརྟགས་ནས་བཏང་སྙོམས་བྱེད་པ་གང་ཡིན་པ་དེ་གཉིས་བཏང་སྙོམས་བྱེད་པར་ནི་འདྲ་མོད་ཀྱི་སོ་སོར་མ་བརྟགས་པར་བཏང་སྙོམས་བྱེད་པ་ནི། མ་རིག་པའི་ཀུན་ཏུ་སྦྱོར་བ་དང་ལྡན་པར་བསྟན་ལ། བཏང་སྙོམས་བྱེད་པ་ཅིག་ཤོས་ནི། སངས་ རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཀུན་ཏུ་བསྟན་པ་ཡིན་པས་དེ་གཉིས་ལ་ཁྱད་པར་ཤིན་ཏུ་ཆེ་བ་དེ་བཞིན་དུ། འདི་ལ་ཡང་འཇིག་རྟེན་འདི་མེད་དོ་ཞེས་བྱ་བ་ལ་སོགས་པ་དེ་ལྟར་མཐོང་བ་ནི་མ་རིག་པས་ཀུན་ཏུ་རྨོངས་པའི་སེམས་དང་ལྡན་པ་ཡིན་གྱི། དངོས་པོ་ཐམས་ཅད་ངོ་བོ་ཉིད་སྟོང་པའི་ཕྱིར། མ་སྐྱེས་ པ་དང་མ་འགགས་པར་མཐོང་བ་ཅིག་ཤོས་ནི་ཤེས་པ་སྔོན་དུ་བཏང་བ་ཡིན་པས་དེ་གཉིས་ལ་ཁྱད་པར་ཤིན་ཏུ་ཆེའོ། །གཞན་ཡང་མེད་པ་ཉིད་མཐོང་བཞིན་དུ་འཇིག་རྟེན་འདི་མེད་དོ་ཞེས་ཚིག་འབའ་ཞིག་བརྗོད་པ་དེ་ལ་ནི་དཔེར་ན་དམུས་ལོང་ཕྱོགས་འདི་མི་བདེའོ་ཞེས་བརྗོད་ཀྱང་མིག་མེད་པའི་ཕྱིར་མི་མཐོང་ བས་དེར་འཁྲུལ་པ་དང་རྡེག་འཆའ་བར་འགྱུར་བ་དེ་བཞིན་དུ། དེ་ཡང་འཇིག་རྟེན་འདི་མེད་དོ་ཞེས་བརྗོད་ཀྱང་ཤེས་པའི་མིག་མེད་པའི་ཕྱིར་མི་མཐོང་བས་སྐྱོན་དེ་དག་གིས་གོས་པར་འགྱུར་ཞེས་བཤད་པ་དེ་ནི་ལན་མ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། ཕ་རོལ་པོས་མེད་པ་པ་དང་དབུ་མ་པ་གཉིས་དངོས་པོའི་དེ་ཁོ་ན་ རྟོག་པ་ལ་ཁྱད་པར་མེད་དོ་ཞེས་བསྟན་པ་ལ། བུད་དྷ་པཱ་ལི་ཏས་ཁྱད་པར་ཡོད་པའི་གཏན་ཚིགས་མ་བརྗོད་པའི་ཕྱིར་རོ། །འདི་སྐད་བརྗོད་ན་རིགས་ཏེ་ཞེས་བྱ་བ་ལ་སོགས་པས་ནི་ཕ་རོལ་པོ་དག་དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འདི་སྐད་ཅེས་བརྗོད་ན་རིགས་སོ་ཞེས་འགྲེལ་པ་བྱེད་པ་ཉིད་ཀྱིས། དེ་དག་གི་ལན་གདབ་པའི་ ཚིག་སྟོན་ཏོ། །དེའི་ཕྱིར། མེད་པ་པ་དང་དབུ་མ་སྨྲ་བ་དག་གང་གི་ཚེ་མཚུངས་པར་རྟོག །ཐ་སྙད་ཀྱི་དུས་སུའམ། འོན་ཏེ་དེ་ཁོ་ན་ལ་ལྟ་བའི་དུས་སུ་ཞེས་བྱ་བ་སྨྲས་ཏེ། དེ་གཉི་གའི་དུས་སུ་ཡང་ཤིན་ཏུ་མི་མཚུངས་པར་སྟོན་ཏོ། །དེ་ལ་རེ་ཞིག་ཐ་སྙད་ཀྱི་དུས་སུ་ནི་དེ་དག་རྒྱུ་དང་འབྲས་བུ་ལ་སྐུར་པ་ འདེབས་པ་ལ་མངོན་པར་ཞེན་པས་དགེ་བའི་ཕྱོགས་དྲུངས་ཕྱུང་ཞིང་མི་དགེ་བའི་ལས་ཀྱི་ལམ་ཐམས་ཅད་ལ་ཞུགས་པ་དང་། ཐ་སྙད་ཀྱི་བདེན་པ་ཉིད་ལ་གནོད་པ་བྱེད་པ་དེ་ལྟར་དབུ་མ་སྨྲ་བ་དག་རྒྱུ་དང་འབྲས་བུའི་འབྲེལ་པ་སྒྱུ་མ་དང་སྨིག་རྒྱུ་ལྟ་བུ་དག་ལ་སྐུར་པ་མི་འདེབས་ཤིང་། མི་དགེ་བའི་ལས་ཀྱི་ལམ་ ལ་མ་ཞུགས་པ་དང་ཟག་པ་དང་བཅས་པའི་ཕུང་པོའི་རྒྱུན་ལས་ཡང་འབྱུང་བའི་སྲིད་པའི་ཕུང་པོ་འབྱུང་ཞིང་ཕུང་པོའི་རྒྱུན་འགགས་པ་སྔོན་དུ་འགྲོ་བ་ལས་ད་ལྟར་དང་མ་འོངས་པ་རྨི་ལམ་ལྟ་བུ་དག་འབྱུང་བར་སྟོན་པས་ཐ་སྙད་ཀྱི་བདེན་པ་ཉིད་ལ་གནོད་པ་མི་བྱེད་པའི་ཕྱིར་རོ། །ཐ་སྙད་ཀྱི་དུས་སུ་ཡང་ མེད་པ་པ་དག་དང་། དབུ་མ་སྨྲ་བ་དག་མཚུངས་པ་མ་ཡིན་ལ་ཞེས་བྱ་བས་ནི་ཐ་སྙད་ཀྱི་དུས་སུ་ཡང་ཤིན་ཏུ་མི་མཚུངས་པར་བསྟན་ཏོ། །དེ་ཁོ་ན་ལ་ལྟ་བའི་དུས་སུ་ཡང་མཚུངས་པ་མ་ཡིན་ཏེ། འདི་ལྟར་མེད་པ་པ་དག་ལ་ནི་རྣམ་པར་ཤེས་པ་མེད་དོ་ཞེས་མེད་པའི་ཡུལ་ཅན་དངོས་པོ་ཐམས་ཅད་ལ་སྐུར་པ་ འདེབས་པ་འབྱུང་ཞིང་། དེ་ཡང་ལོག་པར་ཤེས་པ་ཡིན་པས་འཆལ་པའི་ཚུལ་ཁྲིམས་ཀྱི་དྲི་མས་ཉེ་བར་སྦགས་པ་ཉིད་ཀྱིས་སྡུག་བསྔལ་ཉེ་བར་ཞི་བར་མི་འགྱུར་གྱི། དབུ་མ་སྨྲ་བ་དག་ལ་ནི་དེ་ཁོ་ན་ལ་ལྟ་བའི་དུས་སུ་ཡང་གཟུགས་ལ་སོགས་པའི་ཡུལ་གྱི་དངོས་པོ་དག་ལ་ཡང་ཡོད་པའི་བློ་སྔར་བྱུང་བར་ གྱུར་པ་གང་ཡིན་པ་དེ་ཡང་གཟུགས་ལ་སོགས་པའི་དངོས་པོ་སྟོང་པ་ཉིད་དུ་རྟོགས་པས་གཟུགས་ལ་སོགས་པའི་དངོས་པོ་འདི་དག་ནི་ཡོད་པ་མ་ཡིན་ནོ་སྙམ་པས་རྣམ་པར་ལྡོག་པར་འགྱུར་ཞེས་བྱ་བས་ནི་དེ་ཁོ་ན་ལ་ཡང་ལྟ་བའི་དུས་སུ་ཡང་ཤིན་ཏུ་མི་མཚུངས་པར་བསྟན་ཏོ། །གལ་ཏེ་འདིར་ཕ་རོལ་པོ་དག་ འདི་སྐད་དུ་དབུ་མ་པས་དོན་དམ་པར་དངོས་པོ་ཡོད་པར་བཀག་པས་དེའི་ཟླས་དོན་གྱིས་གོ་བས་དབུ་མ་པ་ལ་མེད་པའི་བློ་སྐྱེ་སྟེ། དཔེར་ན་ལྷས་བྱིན་ཉིན་མོ་ཟས་མི་ཟ་ལ་འཚག་བཟང་བ་ལས་ན། དོན་གྱིས་གོ་བས་ནུབ་མོ་ཟ་བར་ཤེས་པར་འགྱུར་བ་བཞིན་ནོ་ཞེས་ཟེར་བའི་ཕྱོགས་སྔ་མ་ཁོང་ནས་ དབྱུང་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས། དོན་གྱིས་གོ་བས་མེད་པའི་བློ་སྐྱེས་སོ་སྙམ་པ་ཡང་སྐྱེ་བར་མི་འགྱུར་ཏེ་ཞེས་བྱ་བ་སྨྲས་སོ། །དེ་ཉིད་ཀྱི་ཚད་མ་བསྟན་པའི་ཕྱིར་དོན་དམ་པར་གཟུགས་ལ་སོགས་པའི་ཡུལ་མེད་དོ་སྙམ་པའི་བློ་གང་ཡིན་པ་དེ་ཡང་དོན་ཇི་ལྟ་བ་བཞིན་མ་ཡིན་ཏེ། བློ་ཡིན་པའི་ཕྱིར། དཔེར་ན་ཡོད་པའི་བློ་བཞིན་པས། །བློ་དེ་སུན་ཕྱུང་བའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། དེ་དག་ནི་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་དང་། མཇུག་བསྡུ་བ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་ཡོད་པའི་བློ་ནི་བློ་ཡིན་པའི་ཕྱིར་མེད་དོ་སྙམ་ པའི་དོན་ཇི་ལྟ་བ་བཞིན་གྱིས་ཡུལ་ཅན་མ་ཡིན་པ་དེ་བཞིན་དུ་མེད་དོ་སྙམ་པའི་བློ་གང་ཡིན་པ་དེ་ཡང་བློ་ཡིན་པའི་ཕྱིར། མེད་པའི་དོན་ཇི་ལྟ་བ་བཞིན་གྱི་ཡུལ་ཅན་མ་ཡིན་པས་མེད་པའི་བློ་དེ་སུན་ཕྱུང་བའི་ཕྱིར་དབུ་མ་པ་ལ་མེད་པར་ལྟ་བའི་བློ་མེད་དོ། །ཡང་ན་གང་ན་དངོས་པོར་སྣང་བའི་བློ་སྐྱེ་བ་དེ་ལ་ནི་དེ་བསལ་ བས་མེད་པའི་བློ་སྐྱེ་བའི་སྐབས་ཡོད་ཀྱི་སེལ་བ་མེད་པ་ལ་ནི་མེད་པར་རྟོགས་པའི་སྒོ་ནས་མེད་པའི་བློ་ཡང་ལྡོག་པར་འགྱུར་ཏེ་ཞེས་བྱ་བས་ནི། དབུ་མ་པ་དོན་དམ་པར་དངོས་པོ་ཡོད་པར་མི་ལྟ་བ་ལ་ཡོད་པ་བསལ་བས་མེད་པར་ལྟ་བའི་བློ་ཡང་སྐྱེ་བར་མི་འགྱུར་བར་བསྟན་ཏོ། །སྤྱོད་པ་མེད་པར་སྤྱོད་པའི་ ཤེས་རབ་ཀྱི་སྤྱོད་པ་ལ་གནས་པར་རབ་ཏུ་དབེན་པར་གྱུར་པ་རྣམས་ལ་མེད་དོ་སྙམ་པའི་བློ་མི་སྐྱེ་བའི་ཕྱིར་མེད་པ་དག་དང་དབུ་མ་སྨྲ་བ་དག་ལ་སྒྲ་མཚུངས་པ་ཙམ་ཡང་མེད་དོ་ཞེས་བྱ་བས་ནི་སྒྲ་ཙམ་མཚུངས་པ་ཡང་མེད་པར་བསྟན་ཏོ། །སྟོན་པའི་དུས་ན་ཡང་ཡོད་པ་ཉིད་དགག་པ་ཙམ་བྱེད་པའི་ཕྱིར། མེད་པ་ ཉིད་དུ་སྟོན་པ་མི་བྱེད་པས་ཡུངས་འབྲུ་དང་རི་རབ་བཞིན་དུ་ཁྱད་པར་ཤིན་ཏུ་ཆེའོ་ཞེས་བྱ་བས་ནི་ཚིག་བསྟན་པའི་དུས་ན་ཡང་ཁྱད་པར་ཤིན་ཏུ་ཆེ་བར་བསྟན་ཏོ། །དེ་ལྟར་རེ་ཞིག་མདོ་མཛད་པས། །མ་སྐྱེས་པ་དང་མ་འགགས་པ། །ཆོས་ཉིད་མྱ་ངན་འདས་དང་མཚུངས། །ཞེས་གསུངས་པས་དོན་ དམ་པར་ཆོས་ཐམས་ཅད་སྐྱེ་བ་དང་འགག་པ་མེད་པའི་ཆོས་ཉིད་མྱ་ངན་ལས་འདས་པ་དང་མཚུངས་པར་བསྟན་ནས་ད་ནི་འཇིག་རྟེན་ཐ་སྙད་དུ་ནི་དོན་དམ་པར་རྟོགས་པར་འགྱུར་བའི་ཚོགས་སྦྱིན་པ་ལ་སོགས་པ་ལ་མང་པོ་ཉེ་བར་བླངས་པ་དང་རྗེས་སུ་མཐུན་པ་དང་། འཇིག་རྟེན་གྱི་ཐ་སྙད་དུ་གྲགས་པ་ཕྱི་ ནང་གི་དངོས་པོ་གང་དག་འཇིག་རྟེན་ལ་ཡང་དག་པ་ཉིད་དུ་གྲགས་པ་དེ་དག་ནི་བཅོམ་ལྡན་འདས་ཀྱིས་ཀྱང་ཡང་དག་པ་ཉིད་དོ་ཞེས་གསུངས་པ་དང་། ནམ་མཁའི་མེ་ཏོག་དང་། རི་བོང་གི་རྭ་ལ་སོགས་པ་གང་དག་འཇིག་རྟེན་ལ་ཡང་དག་པ་མ་ཡིན་པར་གྲགས་པ་དེ་དག་ནི་བཅོམ་ལྡན་འདས་ཀྱིས་ཀྱང་ཡང་ དག་པ་ཉིད་མ་ཡིན་ནོ་ཞེས་གསུངས་པ་དང་། བདེན་པ་གཉིས་རྣམ་པར་གཞག་པའི་ཚུལ་གང་དག་འཇིག་རྟེན་ལ་ཡང་དག་པ་ཉིད་དང་ཡང་དག་པ་མ་ཡིན་པ་ཉིད་དུ་གྲགས་པ་དེ་དག་ནི། བཅོམ་ལྡན་འདས་ཀྱིས་ཀྱང་ཡང་དག་པ་ཉིད་དང་ཡང་དག་པ་ཉིད་མ་ཡིན་པ་ཉིད་དོ་ཞེས་གསུངས་པས་ ཐ་སྙད་ཀྱི་བདེན་པའི་ལུགས་རྣམ་པར་གཞག་པའི་ཚུལ་བསྟན་པའི་ཕྱིར། ཆོས་ཐམས་ཅད་མྱ་ངན་ལས་འདས་པ་དང་མཚུངས་སུ་ཟིན་ཀྱང་དོན་དམ་པར་རྟོགས་པར་འགྱུར་བའི་ཚོགས་སྦྱིན་པ་ལ་སོགས་པ་མང་པོ་ཉེ་བར་བླང་བ་དང་རྗེས་སུ་མཐུན་པའི་ཕྱིར་དང་། འཇིག་རྟེན་གྱི་ཐ་སྙད་ དུ་ཡང་ཕྱི་ནང་གི་དངོས་པོ་འདི་དག་དེ་ལྟར་བདེན་པ་ཡིན་པའི་ཕྱིར། ཇི་ལྟར་ནང་དང་ཕྱི་རོལ་གྱི་དངོས་པོ་འཇིག་རྟེན་ལ་ཡང་དག་པ་ཉིད་དུ་གྲགས་པ་དང་། ནམ་མཁའི་མེ་ཏོག་དང་། རི་བོང་གི་རྭ་ལ་སོགས་པ་ཡང་དག་པ་ཉིད་མ་ཡིན་པར་གྲགས་པ་གང་དག་ཡིན་པ་དེ་དག་ཐ་སྙད་དུ། །ཐམས་ཅད་ཡང་ དག་ཡང་དག་མིན། །ཞེས་བྱ་བ་སྨྲས་སོ། །དེ་ཉིད་ཀྱི་ཁུངས་བསྟན་པའི་ཕྱིར། འདི་ལྟར་བཅོམ་ལྡན་འདས་ཀྱིས་ཀྱང་གང་འཇིག་རྟེན་ལ་ཡོད་པར་གྲགས་པ་དེ་ང་ཡང་ཡོད་པར་སྨྲའོ། །གང་འཇིག་རྟེན་ལ་མེད་པར་གྲགས་པ་དེ་ང་ཡང་མེད་པར་སྨྲའོ། །ཞེས་ཇི་སྐད་གསུངས་པ་ལྟ་བུའོ་ཞེས་བྱ་བ་སྨྲས་ ཏེ། བཅོམ་ལྡན་འདས་ཀྱིས་དོན་དམ་པར་དངོས་པོ་རྣམས་ངོ་བོ་ཉིད་སྟོང་པར་གཟིགས་ཀྱང་འཇིག་རྟེན་གྱི་ཐ་སྙད་ཀྱི་དབང་གིས་འདི་ནི་ཡང་དག་པ་ཉིད་དོ། །འདི་ནི་ཡང་དག་པ་ཉིད་མ་ཡིན་ནོ། །འདི་ནི་ཡང་དག་པ་ཉིད་དང་ཡང་དག་པ་ཉིད་མ་ཡིན་པ་ཉིད་དོ་ཞེས་གསུངས་སོ། །དེའི་ཕྱིར་གང་གི་ ཚེ་འཇིག་རྟེན་གྱི་ཐ་སྙད་བྱ་བ་དེའི་ཚེ་ན་དོན་དམ་པར་རྟོགས་པར་འགྱུར་བའི་ཚོགས་སྦྱིན་པ་ལ་སོགས་པ་མང་པོ་ཉེ་བར་བླང་བ་དང་རྗེས་སུ་མཐུན་པ་དང་འཇིག་རྟེན་གྱི་ཐ་སྙད་དུ་གྲགས་པ་ཕུང་པོ་ལྔ་ལ་སོགས་པ་ནང་གི་དངོས་པོ་དང་བུམ་པ་དང་སྣམ་བུ་ལ་སོགས་པ་ཕྱི་རོལ་གྱི་དངོས་པོ་གང་དག་འཇིག་རྟེན་ལ་ ཡང་དག་པ་ཉིད་དུ་གྲགས་པ་དེ་དག་ཐམས་ཅད་ནི་བཅོམ་ལྡན་འདས་ཀྱིས་ཀྱང་ཡང་དག་པ་ཉིད་དོ་ཞེས་གསུངས་པས་ཡང་དག་པ་ཉིད་དུ་བརྗོད་པར་བྱའོ། །ནམ་མཁའི་མེ་ཏོག་དང་། རི་བོང་གི་རྭ་ལ་སོགས་པ་གང་དག་འཇིག་རྟེན་ལ་ཡང་དག་པ་ཉིད་མ་ཡིན་པར་གྲགས་པ་དེ་དག་ཐམས་ཅད་ནི། བཅོམ་ ལྡན་འདས་ཀྱིས་ཀྱང་ཡང་དག་པ་ཉིད་མ་ཡིན་ནོ་ཞེས་གསུངས་པས་ཡང་དག་པ་ཉིད་མ་ཡིན་པར་བརྗོད་པར་བྱའོ། །ཡང་ན་མིག་ལ་སོགས་པ་སྐྱེ་མཆེད་རྣམས་དང་། གཟུགས་ལ་སོགས་པ་ཡུལ་རྣམས་ཐ་སྙད་ཀྱི་བདེན་པ་དང་མི་འགལ་བར་ཡོད་པས་ཐམས་ཅད་ཡང་དག་ཅེས་གསུངས་སོ་ཞེས་ བྱ་བས་ནི། ཡང་ན་ཐམས་ཅད་ཡང་དག་ཅེས་བྱ་བ་ནི་ཕྱི་དང་ནང་གི་སྐྱེ་མཆེད་རྣམས་ཀུན་རྫོབ་ཀྱི་བདེན་པ་དང་རྗེས་སུ་མཐུན་པར་ཡོད་པས་ཐམས་ཅད་ཡང་དག་ཅེས་བྱའོ་ཞེས་བསྟན་ཏོ། །དོན་དམ་པར་ནི་བརྟེན་ནས་བྱུང་བ་སྒྱུ་མ་བཞིན་དུ་ངོ་བོ་ཉིད་ཡོངས་སུ་མ་གྲུབ་པའི་ཕྱིར། ཇི་ལྟར་སྣང་བ་དེ་ལྟར་ཡོད་པ་ མ་ཡིན་པས་ཡང་དག་མིན་ཞེས་གསུངས་སོ་ཞེས་བྱ་བས་ནི་ཡང་ན་ཡང་དག་མིན་ཞེས་བྱ་བ་ནི། ཕྱི་ནང་གི་སྐྱེ་མཆེད་རྣམས་དོན་དམ་པར་བརྟེན་ནས་བྱུང་བ་སྒྱུ་མ་བཞིན་དུ་ངོ་བོ་ཉིད་ཡོངས་སུ་མ་གྲུབ་པའི་ཕྱིར། ཇི་ལྟར་སྣང་བ་དེ་ལྟར་ཡོད་པ་མ་ཡིན་པས་ཡང་དག་མིན་ཞེས་བྱའོ་ཞེས་ བསྟན་ཏོ། །བདེན་པ་གཉི་གའི་རྣམ་པ་ལ་ལྟོས་ནས། ཡང་དག་ཡང་དག་མ་ཡིན་ཉིད། །ཅེས་གསུངས་སོ་ཞེས་བྱ་བས་ནི་ཕྱི་ནང་གི་སྐྱེ་མཆེད་རྣམས་ཀུན་རྫོབ་ཀྱི་བདེན་པ་ལ་ལྟོས་ནས་ནི་སྒྱུ་མ་ཙམ་དུ་བྱ་བ་བྱེད་ནུས་པ་ཉིད་དུ་ཡོད་པའི་ཕྱིར་ཡང་དག་ཉིད་ཅེས་བྱའོ། །དེ་དག་ཉིད་དོན་དམ་པའི་ བདེན་པ་ལ་ལྟོས་ནས་ངོ་བོ་ཉིད་མེད་པ་ཉིད་ཡིན་པའི་ཕྱིར་ཡང་དག་པ་མ་ཡིན་པ་ཉིད་ཅེས་བྱའོ་ཞེས་སྟོན་ཏོ། །ད་ནི་དོན་དམ་པར་ཡང་དག་པ་ཉིད་མ་ཡིན་པ་ཡང་མ་ཡིན་ལ་ཡང་དག་པ་ཉིད་ཀྱང་མ་ཡིན་པ་དེ་ནི་སངས་རྒྱས་ཀྱི་བསྟན་པ་ཡིན་པར་བསྟན་པའི་ཕྱིར། མངོན་པར་རྟོགས་པའི་དུས་ན་རྣལ་ འབྱོར་པ་རྣམ་པ་ཐམས་ཅད་དུ་ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ལ་རྣམ་པར་མི་རྟོག་པའི་ཕྱིར། ཡང་དག་མིན་མིན་ཡང་དག་མིན། །དེ་ནི་སངས་རྒྱས་བསྟན་པའོ། །ཞེས་བྱ་བ་སྨྲས་ཏེ། དོན་དམ་པར་དངོས་པོའི་ངོ་བོ་ཉིད་སྟོང་པ་སྒྱུ་མ་དང་། རྨི་ལམ་དང་། སྨིག་རྒྱུ་དང་། གཟུགས་བརྙན་དང་། བྲག་ཅ་ལྟ་བུ་དག་མངོན་པར་རྟོགས་པའི་དུས་ན་རྣལ་འབྱོར་པ་རྣམ་པ་ཐམས་ཅད་དུ་ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ལ་རྣམ་པར་མི་རྟོག་པའི་ཕྱིར། ཡང་དག་པ་ཉིད་མ་ཡིན་པར་ཡང་མི་བརྗོད་ལ། ཡང་དག་པ་ཉིད་དུ་ཡང་མི་བརྗོད་པས་ཡང་དག་པ་ཉིད་མ་ཡིན་པ་ཡང་མ་ཡིན་ལ། ཡང་དག་ པ་ཉིད་ཀྱང་མ་ཡིན་པ་དེ་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བསྟན་པ་ཡོད་པ་དང་མེད་པ་ཉིད་ཀྱི་སྐྱོན་དང་བྲལ་བ་མུ་སྟེགས་བྱེད་ཐམས་ཅད་དང་ཐུན་མོང་མ་ཡིན་པ་དོན་དམ་པ་གསལ་བར་བྱེད་པ་ཡིན་ནོ། །ཡང་ན་འདི་ནི་དོན་གཞན་ཡིན་ཏེ། ཐམས་ཅད་ཡང་དག་ཡང་དག་མིན། །ཡང་དག་ ཡང་དག་མ་ཡིན་ཉིད། །ཡང་དག་མིན་མིན་ཡང་དག་མིན། །དེ་ནི་སངས་རྒྱས་བསྟན་པའོ། །ཞེས་བྱ་བ་ཚིག་ལེའུར་བྱས་པ་འདིའི་དོན་ནི་རྣམ་པ་གཞན་དུ་རྣམ་པར་བཤད་པ་བསྟན་པའི་ཕྱིར། ཡང་ན་བཅོམ་ལྡན་འདས་ཀྱིས་ཉོན་མོངས་པའི་སྒྲིབ་པ་སྤང་བའི་ཕྱིར་ནང་དང་ཕྱི་ རོལ་གྱི་སྐྱེ་མཆེད་བདག་དང་བདག་གི་དང་བྲལ་བའི་མཚན་ཉིད་གཡོ་བ་མེད་པ་ཤེས་བྱར་བསྟན་པ་གང་དག་ཡིན་པ་དེ་དག་ཐམས་ཅད་ཡང་དག་ཅེས་གསུངས་སོ་ཞེས་བྱ་བས་ནི། ཐམས་ཅད་ཡང་དག་ཅེས་བྱ་བའི་ཐ་ཚིག་གོ། །དོན་རྣམ་པ་གཞན་དུ་རྣམ་པར་བཤད་པ་སྟོན་ཏེ། བཅོམ་ ལྡན་འདས་ཀྱིས་ཉོན་མོངས་པའི་སྒྲིབ་པ་སྤང་བའི་ཕྱིར་མིག་ལ་སོགས་པ་ནང་གི་སྐྱེ་མཆེད་དང་གཟུགས་ལ་སོགས་པ་ཕྱི་རོལ་གྱི་སྐྱེ་མཆེད་བདག་དང་བདག་གི་དང་བྲལ་བའི་མཚན་ཉིད་གཡོ་བ་མེད་པ་སེམས་པ་མེད་པ་གང་ཡིན་པ་དེ་ཤེས་བྱར་བསྟན་པ་གང་དག་ཡིན་པ་དེ་དག་ཐམས་ ཅད་ནི་ཡང་དག་པ་ཉིད་ཅེས་བྱ་སྟེ། དེ་རྟོགས་ན་ཉོན་མོངས་པ་རྣམས་མི་སྐྱེ་བའི་ཕྱིར་རོ། །རྣམ་པར་ཤེས་པའི་མཚན་ཉིད་ཀྱང་བདག་གིས་བདག་དང་བཅས་པའི་ཕྱིར་དང་བདག་གི་ཡིན་པའི་ཕྱིར་བྱེད་པ་པོར་བརྗོད་པས་ཉན་པ་དང་སེམས་པ་དང་སྒོམ་པར་བྱེད་པ་དག་ཡང་དག་མིན་ཞེས་ གསུངས་སོ་ཞེས་བྱ་བས་ནི། ཐམས་ཅད་ཡང་དག་མིན་ཞེས་བྱ་བའི་ཐ་ཚིག་གི་དོན་རྣམ་པ་གཞན་དུ་རྣམ་པར་བཤད་པ་སྟོན་ཏེ། བཅོམ་ལྡན་འདས་ཀྱིས་རྣམ་པར་ཤེས་པའི་མཚན་ཉིད་ཀྱི་ཕུང་པོ་བདག་ཏུ་གསུངས་པས་རྣམ་པར་ཤེས་པའི་མཚན་ཉིད་ཀྱི་བདག་དེས་བདག་དང་བཅས་ པའི་ཕྱིར་དང་བདག་གི་ཡིན་པའི་ཕྱིར་དང་། རྣམ་པར་ཤེས་པར་བྱེད་པ་པོར་བརྗོད་པས་ཉན་པ་དང་སེམས་པ་དང་གོམ་པར་བྱེད་པ་དག་ནི་ཡང་དག་པ་ཉིད་མ་ཡིན་ཏེ། འདི་ལྟར་དོན་དམ་པར་རྣམ་པར་ཤེས་པ་ཡང་བདག་ཏུ་མི་འདོད་པའི་ཕྱིར་རོ། །འཇིག་རྟེན་གྱི་བསྟན་བཅོས་ཀྱི་ཐ་སྙད་ལ་ ལྟོས་པའི་དབང་གིས། ཡང་དག་ཡང་དག་མ་ཡིན་ཉིད། །ཅེས་གསུངས་སོ་ཞེས་བྱ་བས་ནི། ཡང་དག་པ་ཉིད་དང་ཡང་དག་པ་མ་ཡིན་པ་ཉིད་ཅེས་བྱ་བའི་ཚིག་གི་དོན་རྣམ་པ་གཞན་དུ་རྣམ་པར་བཤད་པ་སྟོན་ཏེ། འདི་ལྟར་འཇིག་རྟེན་བདག་ཏུ་མངོན་པར་ཞེན་པ་དེའི་ཕྱིར། འཇིག་ རྟེན་གྱི་ཐ་སྙད་ལ་ལྟོས་པའི་དབང་གིས་རྣམ་པར་ཤེས་པ་བདག་ཏུ་སྨྲ་བ་བསྟན་པ་ནི་ཡང་དག་པ་ཉིད་ཡིན་ལ། བསྟན་བཅོས་ཀྱི་ཐ་སྙད་ལ་ལྟོས་པའི་དབང་གིས་བདག་མེད་པའི་ཕྱིར་རྣམ་པར་ཤེས་པ་བདག་མ་ཡིན་པར་བསྟན་པ་ནི་ཡང་དག་པ་མ་ཡིན་པ་ཉིད་དོ། །ཐེག་པ་ཆེན་པོའི་ཚུལ་གྱིས་ཆོས་ ཐམས་ཅད་སྐྱེ་བ་མེད་པའི་ཕྱིར། ཤེས་པ་རྣམ་པར་རྟོག་པ་དང་བཅས་པ་དང་རྣམ་པར་རྟོག་པ་མེད་པའི་སྤྱོད་ཡུལ་ཉིད་དུ་འགྱུར་བ་དངོས་པོའི་ཚུལ་གྱིས་ཡང་དག་པ་ཉིད་ལ་སོགས་པར་རྣམ་པར་བརྟགས་པ་གང་ཡིན་པ་དེ་ལྟ་བུ་མེད་པས། ཡང་དག་མིན་མིན་ཡང་དག་མིན། །དེ་ནི་སངས་རྒྱས་ བསྟན་པའོ། །ཞེས་བྱ་བས་ནི་ཡང་དག་པ་མ་ཡིན་པ་ཉིད་ཀྱང་མ་ཡིན་ལ། ཡང་དག་པ་ཉིད་ཀྱང་མ་ཡིན་པ་ཞེས་བྱ་བའི་ཚིག་གི་དོན་རྣམ་པ་གཞན་དུ་རྣམ་པར་བཤད་པ་སྟོན་ཏེ། ཐེག་པ་ཆེན་པོའི་ཚུལ་ནི་དོན་དམ་པ་པ་སྟེ། དེས་ཆོས་ཐམས་ཅད་སྐྱེ་བ་མེད་པའི་ཕྱིར་རྣམ་པར་རྟོག་པ་དང་བཅས་ པའི་ཤེས་པ་དང་། རྣམ་པར་རྟོག་པ་མེད་པའི་ཤེས་པའི་སྤྱོད་ཡུལ་ཉིད་དུ་འགྱུར་བ་དངོས་པོའི་ཚུལ་གྱིས་ཡང་དག་པ་མ་ཡིན་པ་ཉིད་དུ་རྣམ་པར་རྟོག་པ་གང་ཡིན་པ་དེ་ལྟ་བུ་མེད་པས་ཡང་དག་པ་མ་ཡིན་པ་ཉིད་ཀྱང་མ་ཡིན་ཏེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བསྟན་པ་ནི་དངོས་པོ་ རྒྱུ་དང་རྐྱེན་ལས་གདགས་པར་ཟད་ཀྱི། ཡོད་པ་དང་མེད་པ་ནི་མ་ཡིན་པའི་ཕྱིར་རོ། །དེ་ནི་སངས་རྒྱས་བསྟན་པའོ། །ཞེས་གསུངས་པ་ལ། སངས་རྒྱས་ཞེས་བྱ་བ་དང་། བསྟན་པ་ཞེས་བྱ་བ་དང་། སངས་རྒྱས་ཀྱི་བསྟན་པ་ཞེས་བྱ་བའི་ཚིག་གི་དོན་བྱེ་བྲག་ཏུ་བཤད་པ་བསྟན་པའི་ཕྱིར། དེ་ལ་སངས་རྒྱས་ཞེས་བྱ་བ་ནི་ཆོས་ཀྱི་དེ་ཁོ་ན་ཉིད་ཕྱིན་ཅི་མ་ལོག་པ་མ་ལུས་པར་ཐུགས་སུ་ཆུད་པའི་ཕྱིར། སངས་རྒྱས་ཏེ་དྲང་སྲོང་མཆོག་རྣམས་སོ། །བསྟན་པ་ཞེས་བྱ་བ་ནི་ལྷ་དང་མིའི་མཐོ་རིས་དང་བྱང་གྲོལ་གྱི་བདེ་བ་འདོད་པ་རྣམས་ལ་དབང་པོ་དང་བསམ་པ་དང་བག་ལ་ཉལ་དང་དུས་ཀྱི་དབང་གིས་ མཐོ་རིས་དང་བྱང་གྲོལ་གྱི་ལམ་ཕྱིན་ཅི་མ་ལོག་པར་རྗེས་སུ་སྟོན་པས་བསྟན་པའོ། །ཡང་ན་རང་དང་གཞན་གྱི་རྒྱུད་ལ་ཡོད་པའི་ཉོན་མོངས་པ་བག་ཆགས་དང་བཅས་པའི་དགྲ་ཐམས་ཅད་ཚར་གཅོད་པས་བསྟན་པའོ། །སངས་རྒྱས་ཀྱི་བསྟན་པ་ཞེས་བྱ་བ་ནི་སངས་རྒྱས་རྣམས་ཀྱི་བསྟན་པ་ སྟེ་ཞེས་བྱ་བ་སྨྲས་སོ། །སངས་རྒྱས་རྣམས་ཀྱི་བསྟན་པ་དེའི་ངོ་བོ་ཉིད་གང་ཡིན་པ་དང་དེ་ལ་ནན་ཏན་བྱ་བར་བསྐུལ་བ་བསྟན་པའི་ཕྱིར། ཐ་སྙད་དང་དོན་དམ་པའི་བདེན་པའི་ཚུལ་མཆོག་ཏུ་རྨད་དུ་བྱུང་བ་ཐོགས་པ་མེད་པ་སྨྲ་བ་གཞན་དག་དང་ཐུན་མོང་མ་ཡིན་པ་སྟེ། མངོན་པར་ཞེན་པའི་ཟུག་རྔུ་ཐམས་ཅད་དབྱུང་བའི་ཕྱིར་དེ་ལ་ནན་ཏན་བྱའོ་ཞེས་བྱ་བ་སྨྲས་ཏེ། དེ་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བསྟན་པ་ཐ་སྙད་དང་དོན་དམ་པའི་བདེན་པའི་ཚུལ་ཡོད་པ་དང་མེད་པ་ཉིད་ཀྱི་སྐྱོན་དང་བྲལ་བ་མུ་སྟེགས་བྱེད་ཐམས་ཅད་དང་ཐུན་མོང་མ་ ཡིན་པ་དོན་དམ་པ་གསལ་བར་བྱེད་པ་ཡིན་ཏེ། དེའི་ཕྱིར་དེ་ཁོ་ན་མཐོང་བར་འདོད་པ་རྣམས་ཀྱིས། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་པོ་ཐམས་ཅད་ལ་མངོན་པར་ཞེན་པའི་ཟུག་རྔུ་ཐམས་ཅད་དབྱུང་བའི་ཕྱིར། འཇིག་རྟེན་གྱི་ཐ་སྙད་ཀྱི་དབང་གིས་གསུངས་པ་དག་ལ་མངོན་ པར་མ་ཞེན་པར་བྱས་ཏེ་དེ་ཁོ་ན་གང་ཉིད་ཡིན་པ་དེ་ཉིད་ལ་ནན་ཏན་བྱའོ།། །།བམ་པོ་དྲུག་ཅུ་གཉིས་པ། རང་གི་སྡེ་དང་། གཞན་གྱི་སྡེ་པ་དག་ལས་ཕལ་ཆེར་སྐྱོན་འདོགས་པར་བྱེད་དེ། གལ་ཏེ་ཁྱོད་དངོས་པོའི་ངོ་བོ་ཉིད་གཞན་གྱིས་ཡོངས་སུ་བཏགས་པ་མ་ལུས་པར་ བསལ་བས་དེ་ཁོ་ན་རྟོགས་པར་འདོགས་ན། འོ་ན་དེའི་མཚན་ཉིད་བསྟན་པར་བྱ་དགོས་སོ། །ཅི་སྟེ་མི་སྟོན་ན་ནི་རང་གི་ཕྱོགས་ངེས་པར་མི་འཇོག་ལ། གཞན་གྱི་ཕྱོགས་སུན་འབྱིན་པར་བྱེད་པའི་ཕྱིར་ཁྱེད་ཅོ་འདྲི་བ་ཉིད་ཡིན་ནོ་ཞེས་བྱ་བས་ནི། སྔར་བསྟན་བཅོས་མཛད་པ། ཐམས་ཅད་ ཡང་དག་ཡང་དག་མིན། །ཡང་དག་ཡང་དག་མ་ཡིན་ཉིད། །ཡང་དག་མིན་མིན་ཡང་དག་མིན། །དེ་ནི་སངས་རྒྱས་བསྟན་པའོ། །ཞེས་གསུངས་པས། བཅོམ་ལྡན་འདས་ཀྱིས་འཇིག་རྟེན་གྱི་ཐ་སྙད་ཀྱི་དབང་གིས་ནི་འདི་ནི་ཡང་དག་པ་ཉིད་དོ། །འདི་ནི་ཡང་དག་པ་ཉིད་མ་ཡིན་ནོ། །འདི་ནི་ཡང་དག་ པ་ཉིད་དང་། ཡང་དག་པ་ཉིད་མ་ཡིན་ནོ་ཞེས་ཀྱང་གསུངས་ལ། དོན་དམ་པར་ནི་ཡང་དག་པ་ཉིད་མ་ཡིན་པར་ཡང་མི་བརྗོད་ལ། ཡང་དག་པ་ཉིད་དུ་ཡང་མི་བརྗོད་པ་དེས་ན་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བསྟན་པ་ཡོད་པ་དང་མེད་པ་ཉིད་ཀྱི་སྐྱོན་དང་བྲལ་བ། མུ་སྟེགས་བྱེད་ཐམས་ ཅད་དང་ཐུན་མོང་མ་ཡིན་པ། དོན་དམ་པ་གསལ་བར་བྱེད་པ་ཡིན་པར་གསུངས་པས་དེའི་ཕྱིར་དེ་ཁོ་ན་མཐོང་བར་འདོད་པ་རྣམས་ཀྱིས་འཇིག་རྟེན་གྱི་ཐ་སྙད་ཀྱི་དབང་གིས་གསུངས་པ་དེ་དག་ལ་མངོན་པར་མ་ཞེན་པར་བྱས་ཏེ། དོན་དམ་པར་དེ་ཁོ་ན་གང་ཉིད་ཡིན་པ་དེ་ཉིད་ལ་ནན་ཏན་བྱའོ་ཞེས་ བཤད་པ་དེ་ལ། འདིར་རང་གི་སྡེ་པ་དང་། གཞན་གྱི་སྡེ་པ་དག་ལས་ཕལ་ཆེར་སྐྱོན་འདོགས་པར་བྱེད་དེ། དེ་དག་ན་རེ་གལ་ཏེ་ཁྱེད་དབུ་མ་པ་དངོས་པོའི་ངོ་བོ་ཉིད་གཞན་གྱིས་ཡོངས་སུ་བཏགས་པ་མ་ལུས་པར་བསལ་བས་དེ་ཁོ་ན་རྟོགས་པར་འདོད་ན། འོ་ན་དེས་ན་དེ་ཁོ་ནའི་མཚན་ཉིད་གང་ཡིན་ པ་བསྟན་པར་བྱ་དགོས་སོ། །ཅི་སྟེ་མི་སྟོན་ན་ཁྱེད་རང་གི་ཕྱོགས་ངེས་པར་མི་འཇོག་ལ། གཞན་གྱི་ཕྱོགས་སུན་འབྱིན་པར་བྱེད་པའི་ཕྱིར། ཁྱེད་ཀྱི་སྒྲུབ་པ་དེ་གཞན་ལ་ཅོ་འདྲི་བ་ཉིད་ཡིན་པས་བདེན་པ་མ་ཡིན་ནོ་ཞེས་ཟེར་བའི་ཚིག་ཡིན་ནོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འགྲེལ་པ་བྱེད་པ་ཉིད་ཀྱིས་ འདིར་བཤད་པ། གལ་ཏེ་དེ་ཁོ་ནའི་མཚན་ཉིད་བརྗོད་པར་བྱ་བ་ཞིག་ཡིན་ན་ནི། བསྟན་པར་བྱ་དགོས་པ་ཡང་བདེན་པ་ཞིག་ནི་དེ་ནི་བརྗོད་པར་བྱ་བ་མ་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། དོན་དམ་པའི་དེ་ཁོ་ནའི་མཚན་ཉིད་ནི་བརྗོད་པར་བྱ་བ་མ་ཡིན་ཏེ། ཇི་སྐད་དུ། འཇམ་དཔལ་ཁྱོད་ཀྱིས་དོན་དམ་པ་སྟོན་ཅིག་ ཅེས་བཀའ་སྩལ་པ་དང་། འཇམ་དཔལ་ཅང་མི་སྨྲ་བར་འདུག་པ་ན་དེ་བཞིན་གཤེགས་པས་འཇམ་དཔལ་ཁྱོད་ཀྱིས་དོན་དམ་པ་ལེགས་པར་བསྟན་ཏོ་ཞེས་བཀའ་སྩལ་ཏོ་ཞེས་གསུངས་པས། འདིར་ཡང་དོན་དམ་པའི་དེ་ཁོ་ནའི་མཚན་ཉིད་དེ་ནི་བརྗོད་པར་བྱ་བ་མ་ཡིན་པས་ཁོ་བོས་དེ་མ་བསྟན་པར་ཁྱེད་ དེ་ལ་མངོན་པར་ཞེན་པའི་ཕྱོགས་དགག་པ་ཙམ་བྱས་པའི་ཕྱིར། ཁོ་བོས་ཁྱེད་ལ་ཅོ་འདྲི་བ་ཉིད་མ་ཡིན་ནོ་ཞེས་སྟོན་ཏོ། །འོན་ཀྱང་སྐྱེ་བོ་ལས་དང་པོ་པ་དག་ཡང་དག་པར་དབུགས་དབྱུང་བའི་ཕྱིར་སོ་སོར་རྟོག་པའི་ཤེས་པ་རྣམ་པར་རྟོག་པ་དང་བཅས་པས་དེ་ལྟར་རྣམ་པར་ངེས་པས་འདི་བཤད་པར་བྱ་སྟེ་ཞེས་བྱ་བས་ ནི། དེ་ལྟར་དོན་དམ་པའི་དེ་ཁོ་ནའི་མཚན་ཉིད་དེ་ནི་བརྗོད་པར་མི་ནུས་མོད་ཀྱི། འོན་ཀྱང་ཀུན་རྫོབ་ཀྱི་ཐ་སྙད་དུ་སྐྱེ་བོ་ལས་དང་པོ་པ་ཡང་དག་པར་དབུགས་དབྱུང་བའི་ཕྱིར། སོ་སོར་རྟོག་པའི་ཤེས་པ་ཐ་སྙད་པ་རྣམ་པར་རྟོག་པ་དང་བཅས་པས་དེ་ཁོ་ནའི་མཚན་ཉིད་ཇི་ལྟ་བ་དེ་ལྟར་རྣམ་པར་ངེས་པས་དོན་དམ་པ་ པའི་དེ་ཁོ་ནའི་མཚན་ཉིད་འདི་བཤད་པར་བྱ་སྟེ་ཞེས་བྱ་བར་སྦྱར་རོ། །དེ་ཉིད་བསྟན་པའི་ཕྱིར། གཞན་ལས་ཤེས་མིན་ཞི་བ་དང་། །སྤྲོས་པ་རྣམས་ཀྱིས་མ་སྤྲོས་པ། །རྣམ་རྟོག་མེད་དོན་ཐ་དད་མིན། །དེ་ནི་དེ་ཉིད་མཚན་ཉིད་དོ། །ཞེས་བྱ་བ་སྨྲས་ཏེ། དེས་ནི་རེ་ཞིག་དོན་དམ་པ་ པའི་དེ་ཁོ་ནའི་མཚན་ཉིད་བསྟན་ཏོ། །དེ་དག་ཉིད་བྱེ་བྲག་ཏུ་བཤད་པ་བསྟན་པའི་ཕྱིར། །དེ་ལ་གཞན་ལས་ཤེས་མིན་ཞེས་བྱ་བ་ནི། འདི་ལ་གཞན་ལས་ཤེས་པ་མེད་པ་སྟེ། ལུང་མེད་པར་བདག་གི་མངོན་སུམ་དུ་འགྱུར་ཞིང་བདག་ཉིད་ཀྱིས་རང་རིག་པར་བྱ་བ་ཞེས་བྱ་བའི་ཐ་ཚིག་གོ་ཞེས་བྱ་བ་སྨྲས་ཏེ། དོན་དམ་པ་འདི་ལ་གང་ཟག་གཞན་ལས་ཤེས་པ་མེད་པ་སྟེ། གཞན་གྱི་ལུང་མེད་པར་བདག་གི་མངོན་སུམ་དུ་འགྱུར་ཞིང་བདག་ཉིད་ཀྱིས་རང་རིག་པར་བྱ་བ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །ཞི་བ་ཞེས་བྱ་བ་ནི་ངོ་བོ་ཉིད་དང་བྲལ་བའི་ཕྱིར་ཏེ། དངོས་པོའི་ངོ་བོ་ཉིད་དང་ཁྱད་པར་གྱི་ཡུལ་ལ་རྣམ་པར་རྟོག་པའི་ སྤྱོད་ཡུལ་མ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི་ངོ་བོ་ཉིད་སྟོང་པའི་ཕྱིར་དངོས་པོའི་ངོ་བོ་ཉིད་དང་ཁྱད་པར་གྱི་ཡུལ་ལ་རྣམ་པར་རྟོག་པ་མ་ཞི་བའི་སྤྱོད་ཡུལ་མ་ཡིན་པས་ཞི་བ་ཡིན་ནོ། །སྤྲོས་པ་རྣམས་ཀྱིས་མ་སྤྲོས་པ། །ཞེས་བྱ་བ་ནི་མངོན་པར་བརྗོད་པའི་མཚན་ཉིད་ཀྱི་སྤྲོས་པ་ཉེ་བར་ཞི་བའི་ཕྱིར་རོ་ཞེས་བྱ་བ་ནི། འཇིག་རྟེན་པའི་སྤྲོས་པ་གང་ལ་མངོན་པར་བརྗོད་པའི་མཚན་ཉིད་ཡོད་པའི་སྤྲོས་པ་དེ་ཉེ་བར་ཞི་བའི་ཕྱིར་ཏེ། འཇིག་རྟེན་གྱི་ཆོས་རྣམས་དང་བྲལ་བ་ཞེས་བྱ་བའི་ཐ་ཚིག་གོ། །རྣམ་པར་རྟོག་པ་མེད་པ་ཞེས་བྱ་བ་ནི་སྣང་བ་མེད་པ་ཉིད་ཀྱིས་འདི་དང་འདིའོ་ཞེས་རྣམ་པར་མ་བརྟགས་པའི་ཕྱིར་རོ་ཞེས་བྱ་བ་ནི་ གང་ལ་ཡུལ་སྣང་བ་དང་བྲལ་བ་དེ་ནི་སྣང་བ་མེད་པའོ། །དེའི་དངོས་པོ་ནི་སྣང་བ་མེད་པ་ཉིད་དེ། དེས་འདི་ནི་ཁ་དོག་གོ། །འདི་ནི་དབྱིབས་སོ་ཞེས་བྱ་བ་ལ་སོགས་པ་ལྟ་བུར་རྣམ་པར་མ་བརྟགས་པའི་ཕྱིར་རྣམ་པར་རྟོག་པ་མེད་པ་ཞེས་བྱ་བའོ། །དོན་ཐ་དད་པ་མ་ཡིན་པ་ཞེས་བྱ་བ་ནི་ཆོས་ཉིད་རོ་གཅིག་ པའི་ཕྱིར་དོན་དབྱེར་མེད་པ་དེ་ཞེས་བྱ་བ་ནི། ཆོས་ཉིད་ཀྱི་རོ་སྟོང་པ་ཉིད་ཅེས་བྱ་བར་གཅིག་པའི་ཕྱིར་དམིགས་སུ་མེད་པས་དོན་དབྱེར་མེད་པའི་ཕྱིར་དོན་ཐ་དད་པ་མ་ཡིན་པ་ཞེས་བྱའོ། །དེ་ནི་དེ་ཁོ་ནའི་མཚན་ཉིད་ཡིན་ནོ་ཞེས་བྱ་བ་ནི་དོན་སྔ་མ་ལྔ་པོ་དག་གི་མཇུག་བསྡུ་བ་སྟེ། དེ་ནི་དེ་ཉིད་མཚན་ཉིད་དོ། ། ཞེས་བྱ་བ་དང་སྦྱར་རོ། །ད་ནི་ཚིག་གི་དོན་ལྔ་པོ་དེ་དག་གི་མཚམས་སྦྱར་བ་བསྟན་པའི་ཕྱིར་དེ་ལ་གང་གི་ཕྱིར་རྣམ་པར་རྟོག་པ་མེད་པ་དེའི་ཕྱིར་སྤྲོས་པ་རྣམས་ཀྱིས་མ་སྤྲོས་པའོ་ཞེས་བྱ་བ་ནི། འདི་ལྟར་རྣམ་པར་རྟོག་པས་ཀུན་ནས་བསླང་བ་ལས་མངོན་པར་བརྗོད་པའི་མཚན་ཉིད་ཀྱི་སྤྲོས་པ་ འབྱུང་བའི་ཕྱིར་རོ། །གང་གི་ཕྱིར་སྤྲོས་པ་རྣམས་ཀྱིས་མ་སྤྲོས་པ་དེའི་ཕྱིར་ཞི་བའོ་ཞེས་བྱ་བ་ནི། འདི་ལྟར་སྤྲོས་པ་དག་མི་འཇུག་པ་ཉིད་ཞི་བ་ཞེས་བརྗོད་པའི་ཕྱིར་རོ། །གང་གི་ཕྱིར་ཞི་བ་དེའི་ཕྱིར་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་ལོ་ཞེས་བྱ་བ་ནི་འདི་ལྟར་མ་ཞི་བ་ཉིད་ལ་ རྣམ་པར་རྟོག་པའི་ཤེས་པ་དོན་ཐ་དད་པའི་ཡུལ་ཅན་སྐྱེ་བའི་ཕྱིར་རོ། །གང་གི་ཕྱིར་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་ཡིན་པ་དེའི་ཕྱིར་གཞན་ལས་ཤེས་པ་མ་ཡིན་ནོ་ཞེས་བྱ་བ་ནི། འདི་ལྟར་གཞན་ལས་ཤེས་པ་ལ་རྣམ་པར་རྟོག་པ་འབྱུང་བའི་ཕྱིར་རོ། །གང་གཞན་ལས་ཤེས་ པ་མ་ཡིན་པ་དེ་ལ་ཚིག་མི་འཇུག་པས་དེའི་ཕྱིར། དེ་ཁོ་ནའི་ངོ་བོ་ཉིད་ནི་ཚིག་གིས་སྒྲོ་གདགས་པ་ལས་ཡང་དག་པར་འདས་པ་ཡིན་ནོ་ཞེས་བྱ་བ་ནི་འདི་ལྟར་ཚིག་ཏུ་བརྗོད་པར་བྱ་བ་ཡིན་ན་གཞན་ལས་ཤེས་པ་ཉིད་དུ་འགྱུར་བས་དེའི་ཕྱིར། དེ་ཁོ་ནའི་ངོ་བོ་ཉིད་ནི་ཚིག་གི་སྒྲོ་གདགས་ པ་ལས་ཡང་དག་པར་འདས་པ་ཡིན་པས་དེ་ནི་བརྗོད་པར་བྱ་བ་མ་ཡིན་ནོ། །དེ་ནི་བརྗོད་པར་མི་ནུས་མོད་ཀྱི་ཞེས་བྱ་བ་ལ་སོགས་པས་ནི། དེ་ལྟར་དེ་ཁོ་ནའི་མཚན་ཉིད་དེ་ནི་བརྗོད་པར་མི་ནུས་མོད་ཀྱི། འོན་ཀྱང་ཀུན་རྫོབ་ཀྱི་ཐ་སྙད་དུ་དངོས་པོ་ཐམས་ཅད་ཀྱི་ངོ་བོ་ཉིད་དང་ཁྱད་པར་ དགག་པ་སྟོན་པའི་བཤད་པ་ཡི་གེ་ལ་བརྟེན་ཏེ་འབྱུང་བས་དོན་དམ་པ་པའི་དེ་ཁོ་ན་ཐབས་ཀྱི་སྒོ་ནས་བསྟན་ཏོ་ཞེས་བྱ་བར་སྦྱར་རོ། །ད་ཉིད་བསྟན་པའི་ཕྱིར། དངོས་པོ་ཐམས་ཅད་ཀྱི་ངོ་བོ་ཉིད་དང་ཁྱད་པར་དགག་པ་སྟོན་པའི་བཤད་པ་དེ་ཁོ་ནའི་ངོ་བོ་ཉིད་རྟོགས་པར་ནུས་པ། རྣམ་པར་ མི་རྟོག་པའི་ཤེས་པ་སྐྱེ་བ་མེད་པའི་ཚུལ་གྱིས་སྐྱེ་བ་དང་རྗེས་སུ་མཐུན་པ། ཡི་གེར་སྒྲོ་བཏགས་པ་ལས་འབྱུང་བར་འགྱུར་ཏེ་ཞེས་བྱ་བ་སྨྲས་ཏེ། དེ་ལ་དངོས་པོ་ཐམས་ཅད་ཀྱི་ངོ་བོ་ཉིད་དང་། ཁྱད་པར་དགག་པ་སྟོན་པའི་བཤད་པ་ཞེས་བྱ་བ་ནི་ཁྱད་པར་གྱི་གཞི་ཡིན་ལ། དེ་ཁོ་ ནའི་ངོ་བོ་ཉིད་རྟོགས་པར་ནུས་པ་རྣམ་པར་མི་རྟོག་པའི་ཤེས་པ་སྐྱེ་བ་མེད་པའི་ཚུལ་གྱིས་སྐྱེ་བ་དང་རྗེས་སུ་མཐུན་པ་ཞེས་བྱ་བ་དག་ནི་བཤད་པ་དེའི་ཁྱད་པར་ཡིན་ནོ། །དེ་ལྟ་བུའི་ཁྱད་པར་དང་ལྡན་པའི་བཤད་པ་དེ་སྒོ་གང་ནས་འབྱུང་བར་འགྱུར་ཞེ་ན། ཡི་གེར་སྒྲོ་བཏགས་པ་ པ་ལས་འབྱུང་བར་འགྱུར་ཏེ་ཀུན་རྫོབ་ཀྱི་ཐ་སྙད་དུ་དེ་ལྟ་བུའི་བཤད་པ་ཡི་གེ་ལ་བརྟེན་ཏེ་འབྱུང་བས་དོན་དམ་པ་པའི་དེ་ཁོ་ན་ཐབས་ཀྱིས་བསྟན་ཏོ་ཞེས་བྱ་བར་སྦྱར་རོ། །དེ་ལྟར་དེ་ཁོ་ན་རང་རིག་པར་བྱ་བ་ཐབས་ཀྱི་སྒོ་ནས་བསྟན་པས་མཚན་ཉིད་མ་བསྟན་པ་མ་ཡིན་པའི་ཕྱིར་ཅོ་འདྲི་བ་ཉིད་མ་ཡིན་ པས་སྐྱོན་གདགས་སུ་མེད་དོ་ཞེས་བྱ་བ་ནི་ཕྱོགས་སྔ་མའི་ལན་གྱི་མཇུག་བསྡུ་བ་ཡིན་ནོ། །དེ་ལྟར་རེ་ཞིག་དོན་དམ་པ་པའི་དེ་ཁོ་ན་བསྟན་ཏོ་ཞེས་བྱ་བ་ནི། གཞན་ལས་ཤེས་མིན་ཞི་བ་དང་། །སྤྲོས་པ་རྣམས་ཀྱིས་མ་སྤྲོས་པ། །རྣམ་རྟོག་མེད་དོན་ཐ་དད་མིན། །དེ་ནི་དེ་ཉིད་མཚན་ཉིད་དོ། ། ཞེས་བྱ་བ་དེ་ནི་རེ་ཞིག་དོན་དམ་པ་པའི་དེ་ཁོ་ནའི་མཚན་ཉིད་བསྟན་པ་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །ད་ནི་ཀུན་རྫོབ་པ་བཤད་པར་བྱ་སྟེ་ཞེས་བྱ་བ་ལ་སོགས་པས་ནི། ཀུན་རྫོབ་པའི་དེ་ཁོ་ནའི་མཚན་ཉིད་སྟོན་ཏོ། །དེ་ཉིད་བསྟན་པའི་ཕྱིར། གང་ལ་བརྟེན་ཏེ་གང་འབྱུང་བ། །དེ་ནི་རེ་ཞིག་དེ་ ཉིད་མིན། །རྒྱུ་གང་ལ་བརྟེན་ཏེ་འབྲས་བུ་གང་བྱུང་བ་དེ་ནི་རེ་ཞིག་དེ་ཉིད་མ་ཡིན་ཏེ། རྒྱུ་ལས་འབྲས་བུ་གཞན་མ་ཡིན་པ་ཉིད་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ་ཞེས་བྱ་བ་སྨྲས་ཏེ། དཔེར་ན་ས་བོན་ལ་བརྟེན་ཏེ་མྱུ་གུ་འབྱུང་བ་ནི་ས་བོན་གང་ཁོ་ན་ཡིན་པ་དེ་མྱུ་གུ་ཁོ་ན་མ་ཡིན་པ་བཞིན་ནོ། ། དེ་ཉིད་ཀྱི་ཚད་མ་བསྟན་པའི་ཕྱིར། རྒྱུ་ལས་འབྲས་བུ་གཞན་མ་ཡིན་པ་དེ་ཉིད་མ་ཡིན་ནོ་ཞེས་ཤེས་པར་བྱར་ནུས་ཏེ། བློ་ཐ་དད་པས་ཤེས་པར་བྱ་བ་ཡིན་པའི་ཕྱིར། དཔེར་ན་རྟོགས་པ་དང་རྟོགས་པར་བྱ་བ་བཞིན་ནོ་ཞེས་བྱ་བ་སྨྲས་ཏེ། དེ་དག་ནི་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་རྟོགས་པ་དང་རྟོགས་པར་བྱ་བ་ནི་བློ་ཐ་དད་པས་ཤེས་པར་བྱ་བ་ཡིན་པའི་ཕྱིར། དེ་གཉིས་གཅིག་པ་