Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 101
Văn bản gốc(Tây Tạng)
Trang 5 / 23 (50.000 ký tự/trang)
ར་བཏགས་པའི་ཕྱིར་ཞེས་བྱ་བ་སྨྲས་པའི་དོན་འགལ་བ་ཉིད་དུ་སྟོན་ཏེ། དེ་དག་ནི་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་དང་། ཉེ་བར་སྦྱར་བའི་སྦྱོར་བ་དང་། མཇུག་བསྡུ་བ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་སེང་གེ་ལ་སོགས་པའི་སྒྲ་ ནི་སྤྱི་ལ་ཉེ་བར་བཏགས་པའི་ཕྱིར་སེང་གེ་སྡེར་མོ་དང་མཆེ་བ་རྣམ་པར་འགྱུར་བ་དང་དམ་བསྡུར་རྔམ་པ་དང་རལ་པ་དང་ཟེ་བ་སྤུངས་པ་དང་མཇུག་མ་ལྡང་དུ་གཟར་བ་དག་གིས་འཇིགས་སུ་རུང་བ་འདུས་པ་ལ་ཡོད་པར་མཐོང་བས་འགའ་ཞིག་ལ་ཉེ་བར་བཏགས་པ་མ་ཡིན་པ་དེ་བཞིན་དུ། བདག་ ཅེས་བྱ་བའི་སྒྲ་དེ་ཡང་སྤྱི་ལ་ཉེ་བར་བཏགས་པའི་ཕྱིར་ལུས་དང་དབང་པོ་དང་བློ་འདུས་པ་ལ་ཡོད་པར་མཐོང་བས་འགའ་ཞིག་ལ་ཉེ་བར་བཏགས་པ་མ་ཡིན་པར། དེས་ཕ་རོལ་པོ་དག་བདག་གི་སྒྲ་བདག་གཅིག་པུ་འདུས་པ་མ་ཡིན་པ་ལ་དངོས་སུ་ཡོད་པར་འདོད་པ་ཉིད་སེལ་བར་བྱེད་པས་དེས་ནི་ཕ་རོལ་པོ་དག་ གིས་དམ་བཅས་པ་ལ་ཆོས་ཅན་བདག་གི་སྒྲའི་ཆོས་ཀྱི་ཁྱད་པར་འགའ་ཞིག་ལ་ཉེ་བར་བཏགས་པ་ཞེས་བྱ་བ་བསལ་བའི་སྐྱོན་ཡོད་པས། ཕ་རོལ་པོ་དག་གི་གཏན་ཚིགས་འགའ་ཞིག་ལ་ཉེ་བར་བཏགས་པའི་ཕྱིར་ཞེས་བྱ་བ་དེ་སེང་གེ་ལ་སོགས་པའི་སྒྲ་སྤྱི་ལ་ཉེ་བར་བཏགས་པའི་གཏན་ཚིགས་དང་དཔེས་ འགལ་བའི་ཕྱིར། བདག་ཅེས་བྱ་བའི་སྒྲ་གཅིག་པུ་འགའ་ཞིག་ལ་དངོས་སུ་ཡོད་པར་མི་འགྲུབ་སྟེ། ལུས་དང་དབང་པོ་དང་བློའི་ཚོགས་འདུས་པ་སྤྱི་ལ་ཉེ་བར་གདགས་པ་ཙམ་དུ་ཟད་པས་ལུས་དང་དབང་པོ་དང་བློ་འདུས་པ་དག་ལས་གཞན་པ་བདག་གཅིག་པུའི་ཡུལ་དངོས་ལོགས་ཤིག་ན་མེད་དོ་ཞེས་ བསྟན་ཏོ། །དེས་བློའི་ཕྱོགས་ལ་ཡང་སྐྱོན་གྱིས་ལན་བཏབ་བོ་ཞེས་བྱ་བ་ནི། སྒྲ་གང་འགའ་ཞིག་ལ་ཉེ་བར་བཏགས་པ་དེ་ནི་འདུས་པ་ལ་ཡོད་པར་མཐོང་སྟེ་ཞེས་བྱ་བ་ལ་སོགས་པའི་སྒྲུབ་པ་དེས་བློའི་ཕྱོགས་ལ་ཡང་གཞན་འགའ་ཞིག་ལ་ལོག་པར་ཤེས་པའི་ཕྱིར་ཞེས་བྱ་བའི་གཏན་ཚིགས་དེའི་དོན་འགལ་བའི་ སྐྱོན་ཡོད་པར་བསྟན་ཏོ། །དེ་ཡང་བློ་གང་ཡང་གཞན་འགའ་ཞིག་ལ་ལོག་པར་ཤེས་པ་དེ་ནི་འདུས་པ་ལ་ཡོད་པར་མཐོང་སྟེ། སྤྱི་ལ་ལོག་པར་ཤེས་པའི་ཕྱིར། སྡོང་དུམ་ལ་སོགས་པ་ལ་ལོག་པར་ཤེས་པའི་བློ་བཞིན་པས། དེས་བདག་ཅེས་བྱ་བར་ཤེས་པའི་བློ་འདུས་པ་མ་ཡིན་པ་ལ་དངོས་སུ་ཡོད་པ་ཉིད་ སེལ་བར་བྱེད་པས། དེས་ན་དམ་བཅས་པ་ལ་ཆོས་ཀྱི་ཁྱད་པར་བསལ་བའི་སྐྱོན་ཡོད་དོ་ཞེས་བྱ་བར་སྦྱར་ཏེ། དེ་དག་ཀྱང་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་དང་། ཉེ་བར་སྦྱར་བའི་སྦྱོར་བ་དང་། མཇུག་བསྡུ་བ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། འདི་ནི་སྡོང་དུམ་ ལ་མིར་ཤེས་པ་ལ་སོགས་པའི་བློ་ནི་སྤྱི་ལ་ལོག་པར་ཤེས་པའི་ཕྱིར། སྡོང་དུམ་ཁ་དོག་དང་དབྱིབས་ལ་སོགས་པ་འདུས་པ་ལ་ཡོད་པར་མཐོང་བས་འགའ་ཞིག་ལ་ལོག་པར་ཤེས་པ་མ་ཡིན་པ་དེ་བཞིན་དུ་བདག་ཅེས་བྱ་བར་ཤེས་པའི་བློ་དེ་ཡང་སྤྱི་ལ་ལོག་པར་ཤེས་པའི་ཕྱིར་རྒྱུ་དང་འབྲས་བུ་འདུས་པ་ལ་ཡོད་ པར་མཐོང་བས་འགའ་ཞིག་ལ་ལོག་པར་ཤེས་པ་མ་ཡིན་པས་དེས་ཕ་རོལ་པོ་བདག་ཅེས་བྱ་བར་ཤེས་པའི་བློ་བདག་གཅིག་པུ་འདུས་པ་མ་ཡིན་པ་ལ་དངོས་སུ་ཡོད་པར་འདོད་པ་ཉིད་སེལ་བར་བྱེད་པས། དེས་ན་ཕ་རོལ་པོ་དག་གི་དམ་བཅས་པ་ལ་ཆོས་ཅན་བདག་ཅེས་བྱ་བར་ཤེས་པའི་བློའི་ཆོས་ཀྱི་ ཁྱད་པར་ཡུལ་འགའ་ཞིག་ལ་ལོག་པར་ཤེས་པ་ཞེས་བྱ་བ་བསལ་བའི་སྐྱོན་ཡོད་པས། ཕ་རོལ་པོ་དག་གི་གཏན་ཚིགས་ཡུལ་འགའ་ཞིག་ལ་ལོག་པར་ཤེས་པའི་ཕྱིར་ཞེས་བྱ་བ་དེ་སྡོང་དུམ་ལ་མིར་ཤེས་པའི་བློ་སྤྱི་ལ་ལོག་པར་ཤེས་པའི་གཏན་ཚིགས་དང་དཔེ་འགལ་བའི་ཕྱིར། བདག་ཅེས་བྱ་ བར་ཤེས་པའི་བློ་བདག་གཅིག་པུ་འགའ་ཞིག་ལ་དངོས་སུ་ཡོད་པར་མི་འགྲུབ་སྟེ། རྒྱུ་དང་འབྲས་བུའི་ཚོགས་འདུས་པ་སྤྱི་ལ་ལོག་པར་ཤེས་པ་ཙམ་དུ་ཟད་པས་རྒྱུ་དང་འབྲས་བུ་འདུས་པ་དག་ལས་གཞན་པ་བདག་གཅིག་པུའི་ཡུལ་དངོས་ལོགས་ཤིག་ན་མེད་དོ་ཞེས་བསྟན་ཏོ། །གྲངས་ཅན་དག་ ལས་ཁ་ཅིག་གིས་སྨྲས་པ། ཤེས་པ་ཡོད་པ་ཉིད་ནི་སྐྱེས་བུའི་ངོ་བོ་ཉིད་ཡིན་ཏེ། དེ་ཡང་སྨྲ་བ་ཐམས་ཅད་ཀྱིས་ཁས་བླང་བར་བྱ་བ་ཡིན་པས་ཁོ་བོ་ཅག་གིས་དེ་ཡོད་པ་ཉིད་དུ་བསྟན་པའི་ཕྱིར་རྗེས་སུ་དཔག་པ་སྨྲ་བར་མི་བྱ་སྟེ། འདི་ལྟར་དེའི་ཁྱད་པར་ཟ་བ་པོ་ཉིད་ལ་སོགས་པ་དག་བསྟན་པར་ བྱའོ་ཞེས་བྱ་བ་ནི། འདིར་གྲངས་ཅན་དག་ལས། ཁ་ཅིག་ཤེས་པ་ཡོད་པ་ཉིད། །ཅེས་བྱ་བ་ནི་སྐྱེས་བུའི་ངོ་བོ་ཉིད་ཡིན་ཏེ། དེ་ནི་བདག་ཡིན་པས་བདག་ནི་ཡོད་པ་ཁོ་ན་ཡིན་ནོ་ཞེས་ཟེར་བའི་གཞུང་ཡིན་ཏེ། དེ་དག་ན་རེ་ཁོ་བོ་ཅག་གི་གཞུང་ལས་ཤེས་པ་ཡོད་པ་ཉིད་ཅེས་བྱ་བ་ནི་སྐྱེས་བུའི་ངོ་བོ་ཉིད་ཡིན་ ལ། སྙིང་སྟོབས་དང་། རྡུལ་དང་། མུན་པའི་ཡོན་ཏན་གསུམ་ཆ་མཉམ་པ་ནི་རང་བཞིན་ཡིན་པས་རང་བཞིན་ནི་བྱེད་པ་པོ་ཡིན་ལ་སྐྱེས་བུ་ནི་ཟ་བ་པོ་ཡིན་ཏེ། ལོང་བ་དང་གྲུམ་པོ་བཞིན་ནོ་ཞེས་འབྱུང་བས་ཤེས་པ་ཡོད་པ་ཉིད་དེ། ཡང་བདག་ཏུ་སྨྲ་བ་ཐམས་ཅད་ཀྱིས་ཁས་བླང་བར་བྱ་བ་ཡིན་ པས་ཁོ་བོ་ཅག་གིས། དེ་ཡོད་པ་ཉིད་དུ་བསྟན་པའི་རྗེས་སུ་དཔག་པ་ནི་སྨྲ་བར་མི་བྱ་སྟེ། གྲུབ་པ་ལ་སྒྲུབ་པའི་སྐྱོན་དུ་འགྱུར་བའི་ཕྱིར་རོ། །འདི་ལྟར་ཤེས་པ་ཡོད་པ་ཉིད་དེའི་ཁྱད་པར་ཟ་བ་པོ་ཉིད་དང་རྟག་པ་དང་ཐམས་ཅད་དུ་སོང་བ་ཉིད་དང་ཡལ་བར་འདོར་བ་ཉིད་ལ་སོགས་པ་གང་ དག་ཕ་རོལ་པོ་དག་ལ་མ་གྲགས་པ་དེ་དག་འདིར་བསྟན་པར་བྱའོ་ཞེས་ཟེར་རོ། །དེའི་ཕྱིར་གལ་ཏེ་གཞན་དག་འདི་སྐད་ཅེས་ཤེས་པ་ཡོད་པ་ཉིད་ནི་དོན་གཅིག་ལ་ཤེས་པ་ནི་བློ་ཡིན་པས་དེའི་ཕྱིར་ཤེས་པ་ཡོད་པ་ཉིད་ནི་སྐྱེས་བུའི་ངོ་བོ་ཉིད་མ་ཡིན་ནོ་ཞེས་ཟེར་ན་ཞེས་བྱ་བ་སྨྲས་ཏེ། དེ་ནི་གྲངས་ཅན་དག་ན་རེ་ཁོ་བོ་ ཅག་གི་གཞུང་ལས་ཤེས་པ་ཡོད་པ་ཉིད་ནི་སྐྱེས་བུའི་ངོ་བོ་ཉིད་ཡིན་ཏེ། བློ་མ་ཡིན་ནོ་ཞེས་བྱ་བ་དེ་སངས་རྒྱས་པ་དག་ལ་སོགས་པའི་གཞུང་ལ་མ་གྲགས་པས། གལ་ཏེ་སངས་རྒྱས་པ་དག་ལ་སོགས་པ་གཞན་དག་སྐྱེས་བུ་ཞེས་བྱ་བའི་ངོ་བོ་ཉིད་མེད་པར་སེམས་ཤིང་དེ་སྐད་ཅེས་ཟེར་ན། དེ་ཡང་རིགས་པ་ མ་ཡིན་ནོ་ཞེས་ཟེར་བའི་ཚིག་ཡིན་ནོ། །དེ་ཇི་ལྟར་རིགས་པ་མ་ཡིན་པའི་ཚད་མ་བསྟན་པའི་ཕྱིར། དེ་ཡང་རིགས་པ་མ་ཡིན་ཏེ། བློ་ནི་ཤེས་པ་ཡོད་པ་ཉིད་མ་ཡིན་ཏེ། སྐྱེ་བའི་ཕྱིར། དཔེར་ན་བུམ་པ་བཞིན་ནོ་ཞེས་བྱ་བ་སྨྲས་ཏེ། དེས་ནི་བློ་ནི་ཤེས་པ་ཡོད་པ་ཉིད་མ་ཡིན་པར་སྒྲུབ་པའི་ཚད་མ་སྟོན་ ཏེ། དེ་དག་ནི་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་བུམ་པ་ནི་སྐྱེ་བའི་ཕྱིར། ཤེས་པ་ཡོད་པ་ཉིད་མ་ཡིན་པ་དེ་བཞིན་དུ། བློ་ཡང་སྐྱེ་བའི་ཕྱིར་ཤེས་པ་ཡོད་པ་ཉིད་མ་ཡིན་ནོ། །དེ་བཞིན་དུ་དག་པར་བྱ་བ་ཉིད་དང་། སྦག་ པར་བྱ་བ་ཉིད་དང་། ཕན་གདགས་པར་བྱ་བ་ཉིད་ལ་སོགས་པ་དག་ཡིན་པའི་ཕྱིར། དཔེར་ན་ཧྭགས་ལ་སོགས་པ་བཞིན་པས། དེའི་ཕྱིར་བློ་ནི་ཤེས་པ་ཡོད་པ་ཉིད་མ་ཡིན་ནོ་ཞེས་བྱ་བ་ནི། བསྒྲུབ་པ་སྔ་མ་དེའི་གཏན་ཚིགས་དང་དཔེ་ནི་འདི་དག་ཀྱང་ཡིན་པར་སྦྱར་ཏེ། དཔེར་ན་ཧྭགས་ལ་སོགས་པ་ནི་དྲི་མ་ དག་པར་བྱ་བ་ཉིད་དང་། དྲི་མས་སྦག་པར་བྱ་བ་ཉིད་དང་། བྱི་དོར་བྱ་བ་ལ་སོགས་པས་ཕན་གདགས་པར་བྱ་བ་ཉིད་ཡིན་པའི་ཕྱིར་ཤེས་པ་ཡོད་པ་ཉིད་མ་ཡིན་པ་དེ་བཞིན་དུ། བློ་ཡང་དྲི་མ་དག་པར་བྱ་བ་ཉིད་དང་། དྲི་མས་སྦག་པར་བྱ་བ་ཉིད་དང་། སྦྱང་བ་ལ་སོགས་པས་ཕན་གདགས་པར་བྱ་བ་ ཉིད་ཡིན་པའི་ཕྱིར་ཤེས་པ་ཡོད་པ་ཉིད་མ་ཡིན་པས། དེའི་ཕྱིར་བློ་ནི་ཤེས་པ་ཡོད་པ་ཉིད་མ་ཡིན་ནོ། །དེའི་ཤེས་པ་ཉིད་དེ་ནི་ལོངས་སྤྱད་པར་བྱ་བའི་ཁོངས་སུ་མ་གཏོགས་པས་དེས་ནི་ཟ་བ་པོ་ཉིད་ཡིན་པར་གྲུབ་སྟེ། བདག་དང་ཞིང་ཤེས་པ་ཞེས་བྱ་བ་དག་གི་རྣམ་གྲངས་སོ་ཞེས་བྱ་བ་ནི་དེ་ལྟར་ ཤེས་པ་ཡོད་པ་ཉིད་ཅེས་བྱ་བ་དེ་སངས་རྒྱས་པ་ལ་སོགས་པ་དག་འདོད་པ་ལྟར་བློའི་ངོ་བོ་ཉིད་མ་ཡིན་གྱི། སྐྱེས་བུའི་ངོ་བོ་ཉིད་ཡིན་པ་དེའི་ཕྱིར། དེ་ནི་སྙིང་སྟོབས་དང་། རྡུལ་དང་། མུན་པའི་རང་བཞིན་ལོང་བ་ལྟར་ལོངས་སྤྱད་པར་བྱ་བའི་ཁོངས་སུ་མ་གཏོགས་པས་དེ་ནི་གྲུམ་པོ་ལྟར་ཟ་བ་པོ་ཉིད་ ཡིན་པར་གྲུབ་ཏེ། དེའི་མིང་གི་རྣམ་གྲངས་ནི་ཤེས་པ་ཡོད་པ་ཉིད་དང་སྐྱེས་བུ་དང་ཟ་བ་པོ་དང་བདག་དང་ཞིང་ཤེས་པ་ཞེས་བྱ་བ་ཡིན་ཏེ། ཤེས་བྱའི་ཞིང་ཐམས་ཅད་དུ་མངོན་སུམ་དུ་ཤེས་པས་ཞིང་ཤེས་པ་ཞེས་བྱའོ། །དེའི་ཁྱད་པར་ནི་རྟག་པ་དང་། ཐམས་ཅད་དུ་སོང་བ་ཉིད་དང་ཡལ་བར་ འདོར་བ་ཉིད་ལ་སོགས་པ་དག་ཡིན་ནོ་ཞེས་བྱ་བས་ནི། སྔར་གྲངས་ཅན་དག་གིས་འདི་ལྟར་དེའི་ཁྱད་པར་ཟ་བ་པོ་ཉིད་ལ་སོགས་པ་དག་བསྟན་པར་བྱའོ་ཞེས་དམ་བཅས་པའི་སྐབས་ཉིད་བསྟན་ཏེ། ཤེས་པ་ཡོད་པ་ཉིད་དེ་ནི་མི་འགྱུར་བས་རྟག་པ་ཡང་ཡིན། ཁྱབ་བདག་ཡིན་པས་ཐམས་ཅད་ དུ་སོང་བ་ཉིད་ཀྱང་ཡིན། བྱེད་པ་པོ་མ་ཡིན་པས་ཡལ་བར་འདོར་བ་ཉིད་ཀྱང་ཡིན་ནོ་ཞེས་ཟེར་རོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས། དེ་ལ་འདིར་བདག་གིས་ཤེས་པ་ཡོད་པ་ཉིད་དང་ཐམས་ཅད་དུ་སོང་བ་ཉིད་དང་། ཟ་བ་པོ་ཉིད་ལ་སོགས་པ་དག་དགག་པ་ སྨྲས་ཟིན་པས་དེ་ནི་བཟང་པོ་མ་ཡིན་ནོ་ཞེས་བྱ་བར་སྨྲས་ཏེ། དེ་ནི་སྔར་གྲངས་ཅན་དག་ནི་བདག་འབྲས་བུ་དང་རྒྱུ་ལས་གཞན་པ། བྱེད་པ་པོ་མ་ཡིན་པ་དང་། ཟ་བ་པོ་དང་། དག་པ་དང་། ཐམས་ཅད་དུ་སོང་བ་དང་། མི་འགྱུར་བ་དང་། སེམས་པ་ཡོད་པ་ཡིན་པར་བརྗོད་ཅིང་ཞེས་ བྱ་བ་དེ་དགག་པའི་སྐབས་གོང་དུ་རྒྱ་ཆེར་སྨྲས་ཟིན་པས། སྒྲུབ་པ་དེ་ནི་བཟང་པོ་མ་ཡིན་ནོ། །བློ་ནི་ཤེས་པ་ཡོད་པ་ཉིད་མ་ཡིན་ཏེ་ཞེས་བྱ་བ་དེའི་དམ་བཅས་པའི་དོན་གང་ཡིན་ཞེས་བྱ་བས་ནི་སྔར་གྲངས་ཅན་དག་གིས་གལ་ཏེ་གཞན་དག་འདི་སྐད་ཅེས་ཤེས་པ་ཡོད་པ་ཉིད་ནི་ཤེས་པ་དང་དོན་གཅིག་ལ་ ཤེས་པ་ནི་བློ་ཡིན་པས་དེའི་ཕྱིར་ཤེས་པ་ཡོད་པ་ཉིད་ནི་སྐྱེས་བུའི་ངོ་བོ་ཉིད་མ་ཡིན་ནོ་ཞེས་ཟེར་ན། དེ་ཡང་རིགས་པ་མ་ཡིན་ཏེ། བློ་ནི་ཤེས་པ་ཡོད་པ་ཉིད་མ་ཡིན་ཏེ་ཞེས་དམ་བཅས་པ་དེའི་དོན་གང་ཡིན་ཞེས་བརྟག་པ་སྟོན་ཏོ། །གལ་ཏེ་དམ་བཅས་པ་དེའི་དོན་སེམས་པ་མེད་པའམ། ཤེས་པ་ཡོད་པ་ཉིད་ཀྱི་ ནུས་པ་ཡིན་ནོ་ཞེ་ན་ནི། ཕྱོགས་སྔ་མ་ལ་གནོད་དོ་ཞེས་བྱ་བ་ནི་གལ་ཏེ་དམ་བཅས་པ་དེའི་དོན་བློ་ལ་སེམས་པ་གཏན་མེད་པས་ཤེས་པ་ཡོད་པ་ཉིད་མ་ཡིན་ནོ་ཞེའམ། བློ་ལ་ཤེས་པ་ཡོད་པ་ཉིད་གསལ་བའི་དངོས་པོར་ནི་མེད་ལ་ཤེས་པ་ཡོད་པ་ཉིད་ཀྱི་ནུས་པ་ཡོད་པ་ཉིད་མ་ཡིན་ནོ་ཞེ་ན་ནི། ཕྱོགས་སྔ་ མ་ལ་གནོད་པས་མི་རུང་སྟེ། འདི་ལྟར་ཁྱེད་ཉིད་ཀྱི་གྲུབ་པའི་མཐའ་ལས་བློ་ལ་སེམས་པ་གཏན་མེད་པར་ཡང་མི་འདོད་ལ། ཤེས་པ་ཡོད་པ་ཉིད་ཀྱི་ནུས་པ་བློ་ལ་ཡོད་པར་ཡང་མི་འདོད་པའི་ཕྱིར་རོ། །གལ་ཏེ་སེམས་པ་ལས་གཞན་ཞིག་ཡིན་ནོ་ཞེ་ན་ཡང་། གང་ལས་གཞན་ཉིད་དུ་འགྱུར་བ་དེ་གང་ ཡིན་ཏེ་དེ་ཡང་མེད་དོ་ཞེས་བྱ་བ་ནི། གལ་ཏེ་དམ་བཅས་པ་དེའི་དོན་སེམས་པ་ལས་བློ་གཞན་ཞིག་ཡིན་པས་བློ་ནི་ཤེས་པ་ཡོད་པ་ཉིད་མ་ཡིན་ནོ་ཞེ་ན་ཡང་། གང་ལས་བློ་གཞན་ཉིད་དུ་འགྱུར་བའི་སེམས་པ་དེ་གང་ཡིན་ཏེ། སེམས་པ་དེ་ཡང་མེད་པས་དེ་ལས་བློ་གཞན་ཞིག་ཡིན་ནོ་ཞེས་བྱར་མི་རུང་ངོ་། ། དེ་ལྟར་དེ་མ་གྲུབ་པའི་ཕྱིར་རམ། དམ་བཅས་པ་ལ་བརྟེན་པ་མ་གྲུབ་པའི་སྐྱོན་ཡོད་དོ་ཞེས་བྱ་བ་ནི། དེ་ལྟར་སེམས་པ་དེ་མ་གྲུབ་པའི་ཕྱིར། ཁྱེད་ཀྱིས་དམ་བཅས་པ་ལ་སེམས་པ་ལས་བློ་གཞན་ཡིན་པར་བསྒྲུབ་པ་བརྟེན་པ་དེ་མ་གྲུབ་པའི་སྐྱོན་ཡོད་པས། ཁྱེད་ཀྱི་བློ་ནི་ཤེས་པ་ཡོད་པ་ཉིད་མ་ཡིན་ ཏེ། ཞེས་དམ་བཅས་པའི་ཕྱོགས་མ་གྲུབ་པོ། །སྐྱེ་བའི་ཕྱིར་ཞེས་བྱ་བའི་གཏན་ཚིགས་དེའི་དོན་ཡང་གང་ཡིན་ཞེས་བྱ་བས་ནི། སྔར་གྲངས་ཅན་དག་གིས་བློ་ནི་ཤེས་པ་ཡོད་པ་ཉིད་མ་ཡིན་ཏེ་ཞེས་དམ་བཅས་པའི་ཕྱོགས་དེ་སྒྲུབ་པའི་ཆོས་སྐྱེ་བའི་ཕྱིར་ཞེས་སྨྲས་པའི་གཏན་ཚིགས་དེའི་དོན་ ཡང་གང་ཡིན་ཞེས་བརྟག་པ་སྟོན་ཏེ། གལ་ཏེ་མ་བྱུང་བ་ལས་འབྱུང་བའི་ཕྱིར་རོ་ཞེ་ན་ནི་རང་ལ་གཏན་ཚིགས་མ་གྲུབ་པོ་ཞེས་བྱ་བ་ནི། གལ་ཏེ་གཏན་ཚིགས་དེའི་དོན་དངོས་པོ་རྣམས་སྔོན་མ་བྱུང་བ་ལས་ཕྱིས་བྱུང་བའི་ཕྱིར་སྐྱེ་བ་ཞེས་པའོ་ཞེ་ན་ནི། རང་ལ་གཏན་ཚིགས་མ་གྲུབ་པས་མི་རུང་སྟེ། འདི་ལྟར་ཁྱེད་ གྲངས་ཅན་དག་འབྲས་བུ་སྔ་ན་ཡོད་པར་སྨྲ་བའི་ཕྱོགས་ལ་མ་བྱུང་བ་ལས་འབྱུང་བ་ཡིན་པར་མི་འདོད་པས་གཏན་ཚིགས་གང་ཡང་རུང་བ་ལ་མ་གྲུབ་པོ། །གལ་ཏེ་རང་ལ་གཏན་ཚིགས་མ་གྲུབ་པས་ཀྱང་འདོད་པའི་དོན་སྟོན་པར་བྱེད་དེ། གཞན་གྱི་ཕྱོགས་ལ་གྲུབ་པའི་ཕྱིར་ཕྱོགས་གཉི་ག་ལ་གྲགས་པའི་ཆོས་ བཞིན་ནོ་ཞེ་ན་ཞེས་བྱ་བས་ནི། གྲངས་ཅན་དག་སྐྱེ་བའི་ཕྱིར་ཞེས་བྱ་བའི་གཏན་ཚིགས་དེ་མ་བྱུང་བ་ལས་བྱུང་བ་ཡིན་པའི་ཕྱིར་རང་ལ་མ་གྲུབ་ཏུ་ཟིན་ཀྱང་། དེས་བློ་ནི་ཤེས་པ་ཡོད་པ་ཉིད་མ་ཡིན་ཏེ་ཞེས་དམ་བཅས་པའི་འདོད་པའི་དོན་སྟོན་པར་ནུས་སོ་ཞེས་གཞུང་འཇུག་པའི་ཚད་མ་སྟོན་ཏེ། དེ་དག་ནི་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་ཕྱོགས་གཉི་ག་ལ་གྲགས་པའི་ཆོས་བརྩལ་མ་ཐག་ཏུ་འབྱུང་བ་ཞེས་བྱ་བ་ནི་གཞན་གྱི་ཕྱོགས་ལ་སྒྲུབ་པའི་ཕྱིར། དེས་སྒྲ་མི་རྟག་སྟེ་ཞེས་དམ་བཅས་པའི་འདོད་པའི་དོན་སྟོན་པར་ནུས་པ་དེ་བཞིན་དུ་མ་བྱུང་བ་ ལས་འབྱུང་བའི་ཕྱིར་ཞེས་བྱ་བའི་གཏན་ཚིགས་རང་ལ་མ་གྲུབ་པ་ཡང་གཞན་གྱི་ཕྱོགས་ལ་གྲུབ་པའི་ཕྱིར། དེས་ཀྱང་བློ་ནི་ཤེས་པ་ཡོད་པ་ཉིད་མ་ཡིན་ཏེ་ཞེས་དམ་བཅས་པའི་འདོད་པའི་དོན་སྟོན་པར་ནུས་སོ་ཞེས་ཟེར་རོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས་གཞན་གྱི་ཕྱོགས་ འབའ་ཞིག་ལ་གྲགས་པའི་ཕྱོགས་ཀྱི་ཆོས་ཀྱིས་ནི། བསྒྲུབ་པར་བྱ་བའི་དོན་སྒྲུབ་མི་ནུས་པར་ངེས་པར་བཟུང་སྟེ། གང་ཡང་རུང་བ་ལ་མ་གྲུབ་པའི་ཕྱིར། གཞན་གྱི་ཕྱོགས་ལ་ཡང་མ་གྲུབ་པ་བཞིན་པས། བློ་ཤེས་པ་ཡོད་པ་ཉིད་མ་ཡིན་པར་སྟོན་པའི་རྗེས་སུ་དཔག་པ་འགལ་བས་བཟློག་པའི་ ཕྱིར་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་ཉམས་པ་མེད་དོ་ཞེས་བྱ་བ་སྨྲས་ཏེ། དེས་ནི་སྔར་གྲངས་ཅན་དག་གིས་རང་ལ་གཏན་ཚིགས་མ་གྲུབ་པས་ཀྱང་འདོད་པའི་དོན་སྟོན་པར་བྱེད་དེ་ཞེས་དམ་བཅས་པའི་ཕྱོགས་དེ་སྒྲུབ་པའི་ཆོས་གཞན་གྱི་ཕྱོགས་ལ་སྒྲུབ་པའི་ཕྱིར་ཞེས་སྨྲས་པའི་གཏན་ཚིགས་དེ་ སུན་དབྱུང་བའི་ཚད་མ་སྟོན་ཏེ། དེ་དག་ནི་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་དང་། ཉེ་བར་སྦྱར་བའི་སྦྱོར་བ་དང་། མཇུག་བསྡུ་བ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་བསལ་བ་སྨྲ་བ་གཞན་གྱི་ཕྱོགས་ལ་མ་གྲུབ་པ་བྱས་པའི་ཕྱིར་ཞེས་བྱ་བ་ནི་གང་ ཡང་རུང་བ་ལ་མ་གྲུབ་པའི་ཕྱིར་དེས་བསྒྲུབ་པར་བྱ་བའི་དོན་སྒྲ་མི་རྟག་སྟེ་ཞེས་བྱ་བ་སྒྲུབ་མི་ནུས་པར་ངེས་པར་བཟུང་བ་དེ་བཞིན་དུ། སངས་རྒྱས་པ་གཞན་གྱི་ཕྱོགས་འབའ་ཞིག་ལ་གྲགས་པའི་ཕྱོགས་ཀྱི་ཆོས་མ་བྱུང་བ་ལས་འབྱུང་བའི་ཕྱིར་ཞེས་བྱ་བ་ཡང་གང་ཡང་རུང་བ་ལ་མ་གྲུབ་ པའི་ཕྱིར་དེས་ཀྱང་བསྒྲུབ་པར་བྱ་བའི་དོན་བློ་ནི་ཤེས་པ་ཡོད་པ་ཉིད་མ་ཡིན་ཏེ་ཞེས་བྱ་བ་སྒྲུབ་མི་ནུས་པར་ངེས་པར་བཟུང་སྟེ། དེས་ན་གྲངས་ཅན་དག་གི་བློ་ཤེས་པ་ཡོད་པ་ཉིད་མ་ཡིན་པར་སྟོན་པའི་རྗེས་སུ་དཔག་པ་དེ་འགལ་བ་འཁྲུལ་པ་མེད་པའི་གནོད་པས་བཟློག་པའི་ཕྱིར་གྲངས་ཅན་དག་གི་གཏན་ ཚིགས་སྐྱེ་བའི་ཕྱིར་ཞེས་བྱ་བ་དེའི་དོན་མ་གྲུབ་པ་ཉིད་ཉམས་པ་མེད་དོ། །སྐྱེ་བའི་ཕྱིར་ཞེས་བྱ་བའི་གཏན་ཚིགས་ཀྱི་དོན་གསལ་བ་ཉིད་ཡིན་པར་རྟོག་ན་ཡང་ཞེས་བྱ་བ་ནི། སྔར་གྲངས་ཅན་དག་གིས་བློ་ནི་ཤེས་པ་ཡོད་པ་ཉིད་མ་ཡིན་ཏེ་ཞེས་དམ་བཅས་པའི་ཕྱོགས་ཀྱི་ཆོས་སྐྱེ་བའི་ཕྱིར་ཞེས་བྱ་བའི་གཏན་ ཚིགས་དེའི་དོན་གསལ་བ་ཉིད་ཡིན་པར་རྟོག་ཅིང་འདི་སྐད་ཅེས། དཔེར་ན་བུམ་པ་ནི་གསལ་བར་བྱ་བ་ཡིན་པའི་ཕྱིར་ཤེས་པ་ཡོད་པ་ཉིད་མ་ཡིན་པ་དེ་བཞིན་དུ། བློ་ཡང་གསལ་བར་བྱ་བ་ཡིན་པའི་ཕྱིར་ཤེས་པ་ཡོད་པ་ཉིད་མ་ཡིན་ཏེ་ཞེས་བྱ་བར་རྟོག་ནའོ། །དེ་ལྟ་ན་ཡང་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་ དང་དཔེ་ལ་སྒྲུབ་པའི་ཆོས་མེད་པ་ཉིད་ཀྱི་སྐྱོན་དུ་འགྱུར་ཏེ། ཇི་ལྟར་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་ཀྱི་སྐྱོན་དུ་འགྱུར་ཞེ་ན། གསལ་བ་དགག་པ་སྨྲས་ཟིན་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། དབུ་མ་པས་གྲངས་ཅན་དག་གི་གསལ་བ་དགག་པ་སྨྲས་ཟིན་པའི་ཕྱིར་དེ་དག་གི་གཏན་ཚིགས་གསལ་བའི་ཕྱིར་ ཞེས་བྱ་བའི་དོན་མ་གྲུབ་པ་ཉིད་དོ། །ཇི་ལྟར་དཔེ་ལ་གྲུབ་པའི་ཆོས་མེད་པ་ཉིད་ཀྱི་སྐྱོན་དུ་འགྱུར་ཞེ་ན། དཔེར་ན་བུམ་པ་བཞིན་ནོ་ཞེས་བྱ་བ་དེ་ལ་སྒྲུབ་པའི་ཆོས་གསལ་བའི་ཕྱིར་རོ་ཞེས་བྱ་བ་དེ་མེད་དེ། འདི་ལྟར་བུམ་པ་ནི་བྱ་བ་ཡིན་གྱི་གསལ་བར་བྱ་བ་མ་ཡིན་པའི་ཕྱིར་རོ། །རིགས་པ་ལ་མི་མཁས་པ་ཁ་ཅིག་ གིས་སྨྲས་པ། ཕུང་པོ་ལྔ་དང་དབང་པོ་དང་བཅས་པའི་ལུས་འདི་བདག་གི་དམིགས་པའི་རྒྱུ་ཐུན་མོང་མ་ཡིན་པ་ཉིད་ཀྱང་མ་ཡིན་ནོ་ཞེས་བྱ་བ་ནི། བདག་ཁས་མ་བླངས་པར་དེའི་ཁྱད་པར་དགག་པའི་སྒྲུབ་པ་སྨྲ་བར་མི་རིགས་པས། བདག་ལ་སྡོང་བ་ཁྱེད་ཀྱིས་ཁས་བླངས་པ་ལ་གནོད་པར་འགྱུར་རོ་ཞེས་བྱ་བ་ནི་ སྔར་དབུ་མ་པས་ཡང་ན་སྦྱོར་བའི་ལམ་གཞན་བྱ་སྟེ། དབང་པོ་དང་བཅས་པའི་ལུས་ནི་རྟག་པ་དང་། ཐམས་ཅད་དུ་སོང་བའི་ཚིག་གི་དོན་གྱི་དམིགས་པའི་རྒྱུ་ཐུན་མོང་མ་ཡིན་པ་ཉིད་ཀྱང་མ་ཡིན་ཏེ། དམིགས་པར་བྱ་བ་ཡིན་པའི་ཕྱིར་དཔེར་ན་ཀ་བ་བཞིན་ནོ་ཞེས་སྨྲས་པ་དེ་ལ། འདིར་མུ་སྟེགས་རིགས་པ་ཅན་རིགས་པ་ པ་ལ་མི་མཁས་པ་དག་འདི་སྐད་ཅེས། ཁྱེད་ཀྱིས་དེ་སྐད་སྨྲས་པ་དེ་ནི་ཁྱད་པར་གྱི་གཞི་བདག་ཡོད་པར་ཁས་མ་བླངས་པར་དེའི་ཁྱད་པར་བདག་དེ་ཡུལ་ལ་དམིགས་པའི་རྒྱུ་ཐུན་མོང་མ་ཡིན་པ་ནི་ཕུང་པོ་ལྔ་དང་དབང་པོ་དང་བཅས་པའི་ལུས་འདི་མ་ཡིན་ནོ་ཞེས་དགག་པའི་སྒྲུབ་པ་སྨྲ་བར་མི་རིགས་པས་དེས་ན་ཁྱེད་ དབུ་མ་པས་ཀྱང་བདག་ཡོད་པར་ཁས་བླངས་པ་ཡིན་པས་དེ་ལྟ་ན་བདག་ལ་སྡང་བ་ཁྱེད་ཀྱིས་བདག་མེད་པར་ཁས་བླངས་པ་ལ་གནོད་པར་འགྱུར་རོ་ཞེས་ཟེར་བའི་ཚིག་ཡིན་ནོ། །དེ་སྐད་ཅེས་ཟེར་བའི་ལན་དུ། འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས། དེ་ལ་འདིར་ཐ་སྙད་ཀྱི་དབང་གིས་བདག་སྤྱིར་ཁས་བླངས་ ནས་གཞན་གྱིས་ཡོངས་སུ་བཏགས་པའི་བདག་གི་ཆོས་རྟག་པ་དང་ཐམས་ཅད་དུ་སོང་བ་དང་བྱེད་པ་པོ་དང་ཟ་བ་པོ་ཉིད་ལ་སོགས་པ་དག་གསལ་བས་ཐ་སྙད་དུ་གཞན་གྱིས་བཏགས་པའི་བདག་སྟོང་པ་ཉིད་དུ་སྟོན་པའི་ཕྱིར་དང་། དོན་དམ་པར་ནི་ཐམས་ཅད་ཀྱང་སྟོང་པ་ཉིད་དུ་སྟོན་པས་ཐ་སྙད་དུ་དེའི་ ཁྱད་པར་ཙམ་བསལ་དུ་མེད་པ་མ་ཡིན་པའི་ཕྱིར་ཁས་བླངས་པ་ལ་གནོད་པར་མི་འགྱུར་བས། དེའི་ཕྱིར་དེ་ནི་ནམ་མཁའ་ལྡང་དུ་ཟད་དོ་ཞེས་བྱ་བ་སྨྲས་ཏེ། ཁོ་བོ་ཅག་དབུ་མ་པས་དོན་དམ་པར་ནི་བདག་གི་ཁྱད་པར་ཐམས་ཅད་ཀྱང་སྟོང་པ་ཉིད་དུ་བསྟན་ལ་ཀུན་རྫོབ་ཀྱི་ཐ་སྙད་ཀྱི་དབང་གིས་ བདག་སྤྱིར་སྨྲས་པ་ཁས་བླངས་ནས་གཞན་གྱིས་ཡོངས་སུ་བཏགས་པའི་བདག་གི་ཆོས་རྟག་པ་དང་ཐམས་ཅད་དུ་སོང་བ་དང་བྱེད་པ་པོ་དང་ཟ་བ་པོ་ཉིད་དང་། བདག་དེ་ཡུལ་ལ་དམིགས་པའི་རྒྱུ་ཐུན་མོང་མ་ཡིན་པ་ཕུང་པོ་ལྔ་དང་དབང་པོ་དང་བཅས་པའི་ལུས་འདི་ཡིན་པར་འདོད་པ་སེལ་ བར་བྱེད་པ་ཡིན་པས། ཐ་སྙད་དུ་དེའི་ཁྱད་པར་ཙམ་བསལ་དུ་མེད་པ་མ་ཡིན་པའི་ཕྱིར་ཁས་བླངས་པ་ལ་གནོད་པར་མི་འགྱུར་བས། དེའི་ཕྱིར་རིགས་པ་ཅན་དག་གི་ཆོས་དེ་ནི་ནམ་མཁའ་ལྡང་བ་དང་འདྲའོ། །ཕྱིར་རྒོལ་བ་དག་ན་རེ། བདག་ནི་ཡོད་པ་ཁོ་ན་ཡིན་ཏེ་ཁ་ཅིག་ཏུ་དེ་བཀག་པའི་ཕྱིར། འདི་ན་ ཁྲོན་པ་ན་ཆུ་མེད་དོ་ཞེས་ཁྲོན་པར་བཀག་པའི་ཕྱིར་གཞན་ན་ཆུ་ཡོད་པ་ཉིད་དུ་ཤེས་པ་བཞིན་ནོ། །དེ་བཞིན་དུ་ལུས་དང་དབང་པོ་དང་བློ་དག་ལ་བདག་བཀག་པའི་ཕྱིར་དབང་པོ་དང་བཅས་པའི་ལུས་ལ་བདག་མེད་དོ་ཞེས་ལུས་དང་དབང་པོ་དང་བློ་དག་ལ་བདག་བཀག་པ་ཡོད་པས་གཞན་ལ་བདག་ ཡོད་པ་ཉིད་དུ་འགྱུར་བས། དེའི་ཕྱིར་བདག་ནི་ཡོད་པ་ཁོ་ན་ཡིན་ནོ་ཞེས་ཟེར་རོ་ཞེས་བྱ་བས་ནི། བདག་ཏུ་སྨྲ་བ་ཁ་ཅིག་ན་རེ་དབུ་མ་པས་ལུས་དང་དབང་པོ་དང་བློའི་ཚོགས་དག་གི་ཡུལ་ཁ་ཅིག་ཏུ་བདག་བཀག་པའི་ཕྱིར་དེ་ལས་གཞན་པ་བདག་གི་ཡུལ་ཉིད་ལ་ནི་བདག་ཡོད་པ་ཁོ་ན་ཡིན་ནོ་ཞེས་ཟེར་བའི་ཚིག་ ཡིན་ཏེ། དེ་དག་ནི་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་དང་། ཉེ་བར་སྦྱར་བའི་སྦྱོར་བ་དང་། མཇུག་བསྡུ་བ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་འཇིག་རྟེན་འདི་ན་ཁྲོན་པ་ན་ཆུ་མེད་དོ་ཞེས་ཁྲོན་པར་བཀག་པའི་ཕྱིར་གཞན་ན་ཆུ་ཡོད་པ་ཉིད་དུ་ཤེས་པ་བཞིན་དུ། ཁྱོད་ དབུ་མ་པས་འདིར་ལུས་དང་དབང་པོ་དང་བློའི་ཚོགས་དག་ལ་བདག་མེད་དོ་ཞེས་བཀག་པའི་ཕྱིར་དེ་དག་ལས་གཞན་པ་དག་གི་ཡུལ་ལ་བདག་ཡོད་པ་ཉིད་དུ་འགྱུར་བས་དེའི་ཕྱིར་བདག་ནི་ཡོད་པ་ཁོ་ན་ཡིན་ནོ་ཞེས་ཟེར་རོ། །དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས། ནང་གི་སྐྱེ་མཆེད་རྣམས་ལ་བྱེད་པ་པོ་དབང་ཕྱུག་ དང་བྱེད་པ་པོ་གཙོ་བོ་དང་། བྱེད་པ་པོ་དུས་དང་། བྱེད་པ་པོ་སྲེད་མེད་ཀྱི་བུ་དག་མེད་དོ་ཞེས་བཀག་ཀྱང་གཞན་གང་ལ་ཡང་བྱེད་པ་པོ་དེ་དག་གི་འབྲས་བུ་མེད་པའི་ཕྱིར་མ་ངེས་པ་ཉིད་དོ། །དོན་དམ་པར་ནི་ཆུ་ལ་སོགས་པ་དག་ཀྱང་མ་གྲུབ་པའི་ཕྱིར་དཔེ་མེད་པས་དེ་ནི་རིགས་པ་མ་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། ཕ་རོལ་པོའི་ སྒྲུབ་པ་དེའི་གཏན་ཚིགས་མ་ངེས་པ་ཉིད་དང་དཔེ་མེད་པས་དེ་རིགས་པ་མ་ཡིན་ནོ་ཞེས་སྟོན་ཏེ། འདི་ནི་རང་དང་གཞན་གྱི་ཕྱོགས་འཛིན་པ་གང་དག་ནང་གི་སྐྱེ་མཆེད་རྣམས་ཀྱི་བྱེད་པ་པོ་དབང་ཕྱུག་དང་། གཙོ་བོ་དང་། དུས་དང་། སྲེད་མེད་ཀྱི་བུ་དག་མ་ཡིན་པར་འདོད་པ་དག་གིས་ནང་གི་སྐྱེ་མཆེད་རྣམས་ནི་བྱེད་ པ་པོ་དེ་དག་གིས་བྱས་པའི་འབྲས་བུ་མ་ཡིན་པར་བཀག་པ་ན་གཞན་དག་ལ་ཡང་བྱེད་པ་པོ་དེ་དག་གིས་བྱས་པའི་འབྲས་བུ་མེད་པར་མཐོང་བས། དེས་ན། ཅི་རེ་ཞིག་ཁ་ཅིག་ཏུ་བཀག་པའི་ཕྱིར་དཔེར་ན་ཁྲོན་པ་ན་ཆུ་མེད་དོ་ཞེས་བཀག་པའི་ཕྱིར་གཞན་ན་ཆུ་ཡོད་པ་ཉིད་དུ་ཤེས་པ་བཞིན་དུ་ལུས་དང་དབང་ པོ་དང་བློའི་ཚོགས་དག་ལ་བདག་མེད་དོ་ཞེས་བཀག་པའི་ཕྱིར་དེ་དག་ལས་གཞན་པ་ལ་བདག་ཡོད་པ་ཉིད་དུ་འགྱུར་རམ། འོན་ཏེ་ཁ་ཅིག་ཏུ་དེ་བཀག་པའི་ཕྱིར་དཔེར་ན་ནང་གི་སྐྱེ་མཆེད་རྣམས་ལ་བྱེད་པ་པོ་དབང་ཕྱུག་ལ་སོགས་པས་བྱས་པའི་འབྲས་བུ་མེད་པར་བཀག་པས་གཞན་དག་ལ་ཡང་མེད་པ་ ཉིད་ཡིན་པ་དེ་བཞིན་དུ་ལུས་དང་དབང་པོ་དང་བློའི་ཚོགས་དག་ལ་བདག་མེད་པར་བཀག་པས་གཞན་ལ་ཡང་བདག་མེད་པ་ཉིད་ཡིན་པར་འགྱུར་བ་མ་ངེས་པས་དེའི་ཕྱིར་ཕ་རོལ་པོའི་གཏན་ཚིགས་ཁ་ཅིག་ཏུ་དེ་བཀག་པའི་ཕྱིར་ཞེས་བྱ་བ་དེ་མ་ངེས་པ་ཉིད་ཡིན་པས་རིག་པ་མ་ཡིན་ནོ། །དོན་དམ་པར་ཆུ་ ལ་སོགས་པ་དག་ཀྱང་མ་གྲུབ་པའི་ཕྱིར་ཕ་རོལ་པོའི་དཔེ་འདི་ན་ཁྲོན་པ་ན་ཆུ་མེད་དོ་ཞེས། ཁྲོན་པར་བཀག་པའི་ཕྱིར་གཞན་ན་ཆུ་ཡོད་པ་ཉིད་དུ་ཤེས་པ་བཞིན་ནོ་ཞེས་བྱ་བ་དེ་མེད་པས་དེ་ཡང་རིགས་པ་མ་ཡིན་ནོ། །གྲངས་ཅན་དག་ལས་ཁ་ཅིག་ཡང་བདག་དགག་པའི་རྗེས་སུ་དཔག་པ་སྔར་བསྟན་པ་ དག་ལ་སྐྱོན་འདོགས་པར་བྱེད་དེ་ཞེས་བྱ་བ་ནི་གྲངས་ཅན་དག་ལ་སྔར་དབུ་མ་པས་དོན་དམ་པར་གཟུགས་སུ་རུང་བ་དང་མྱོང་བ་དང་མཚན་མར་འཛིན་པ་དང་མངོན་པར་འདུ་བྱེད་པ་དང་རྣམ་པར་ཤེས་པར་བྱེད་པའི་མཚན་ཉིད་ཀྱི་ཕུང་པོ་ལྔ་པོ་དག་ནི་བདག་མ་ཡིན་པར་ཤེས་པར་བྱར་ནུས་ཏེ། སྐྱེ་བ་དང་འཇིག་པའི་ཆོས་ ཅན་ཉིད་ཡིན་པའི་ཕྱིར་དཔེར་ན་བུམ་པ་བཞིན་ནོ་ཞེས་རྗེས་སུ་དཔག་པ་བསྟན་པ་དེས་ཕུང་པོ་ལྔ་དང་ལུས་ནི་བདག་གི་དམིགས་པའི་རྒྱུ་ཐུན་མོང་མ་ཡིན་པ་ཉིད་ཀྱང་མ་ཡིན་ཏེ། སྐྱེ་བ་དང་འཇིག་པའི་ཆོས་ཅན་ཉིད་ཡིན་པའི་ཕྱིར། དཔེར་ན་བུམ་པ་བཞིན་ནོ་ཞེས་བཤད་པའི་དཔེ་དེ་མི་རུང་བར་སྐྱོན་འདོགས་པའི་ ཚིག་ཡིན་ནོ། །དེའི་ཕྱིར་གྲངས་ཅན་དག་ན་རེ། རྣམ་པར་འཇིག་པའི་ཆོས་ཅན་བུམ་པ་ལ་སོགས་པ་ལྟ་བུ་དག་ཀྱང་དམིགས་པའི་རྒྱུ་ཐུན་མོང་མ་ཡིན་པ་ཉིད་ཡིན་པས་དཔེ་མེད་པ་དང་ཞེས་ཟེར་ཏེ། དེ་དག་ན་རེ་འདི་ན་རྣལ་འབྱོར་པ་ལུས་སུ་འཕོ་བའི་སྦྱོར་བ་གཞན་གྱི་ཁྱིམ་ལས་རྒྱལ་བ་ཞེས་བྱ་བ་སྒོམ་པར་བྱེད་ པ་ན། གཞན་གྱི་ཁྱིམ་ན་མི་རོ་རྣམ་པར་འཇིག་པའི་ཆོས་ཅན་སེམས་པ་མེད་པ་དག་འདུག་པའི་ནང་དུ་རྣལ་འབྱོར་པ་དེས་རང་གི་སེམས་བཏང་ནས་བདག་ཉིད་ཀྱི་ལུས་འདི་རོ་དང་འདྲ་བར་གྱུར་ལ། གཞན་གྱི་ཁྱིམ་ན་འདུག་པའི་རོ་དེ་ནི་སེམས་པ་དང་བཅས་པ་གསོན་པོར་གྱུར་ནས་དེས་གཞན་གྱི་དབང་ ཕྱུག་དང་འབྱོར་པ་ཐམས་ཅད་བདག་གིར་བྱེད་པ་ན། རྣལ་འབྱོར་པ་དེའི་སེམས་གཞན་གྱི་ཁྱིམ་ན་འདུག་པའི་རོ་རྣམ་པར་འཇིག་པའི་ཆོས་ཅན་དེའི་ནང་དུ་འཇུག་པའི་དམིགས་པའི་རྒྱུ་ཐུན་མོང་མ་ཡིན་པ་ནི་རོ་རྣམ་པར་འཇིག་པའི་ཆོས་ཅན་སེམས་པ་མེད་པ་དེ་ཉིད་ཡིན་པས། དེས་ན་ ཇི་ལྟར་རོ་རྣམ་པར་འཇིག་པའི་ཆོས་ཅན་སེམས་པ་མེད་པ་དེ་རྣལ་འབྱོར་པ་དེའི་སེམས་གཞན་གྱི་ལུས་ལ་འཕོ་བའི་དམིགས་པའི་རྒྱུ་ཐུན་མོང་མ་ཡིན་པ་ཉིད་ཡིན་པ་དེ་བཞིན་དུ་བུམ་པ་ལ་སོགས་པ་དག་ཀྱང་སེམས་པ་མེད་ཅིང་རོ་རྣམ་པར་འཇིག་པའི་ཆོས་ཅན་དང་འདྲ་བ་ཡིན་པས། དེའི་ཕྱིར་བུམ་པ་ལ་སོགས་ པ་སེམས་པ་མེད་པ་དག་ཀྱང་བདག་དེ་ཡུལ་ལ་དམིགས་པའི་རྒྱུ་ཐུན་མོང་མ་ཡིན་པ་ཉིད་ཡིན་པས། དེས་ན་ཁྱེད་དབུ་མ་པས་ཕུང་པོ་ལྔ་དང་ལུས་ནི་བདག་གི་དམིགས་པའི་རྒྱུ་ཐུན་མོང་མ་ཡིན་པ་ཉིད་ཀྱང་མ་ཡིན་ཏེ། སྐྱེ་བ་དང་འཇིག་པའི་ཆོས་ཅན་ཉིད་ཡིན་པའི་ཕྱིར། དཔེར་ན་བུམ་པ་བཞིན་ནོ་ཞེས་བཤད་པའི་ དཔེ་དེ་མི་རུང་ངོ་ཞེས་ཟེར་རོ། །གཞན་ཡང་གྲངས་ཅན་དག་ན་རེ། བུམ་པ་ལ་སོགས་པ་དབང་པོའི་དངོས་པོར་གྱུར་པ་དག་ཀྱང་དམིགས་པའི་རྒྱུ་ཐུན་མོང་མ་ཡིན་པ་ཉིད་ཡིན་པའི་ཕྱིར་ཡང་དཔེ་མེད་དོ་ཞེ་ན་ཞེས་བྱ་བས་ནི། འདི་སྐད་ཅེས་བསྟན་ཏེ། བུམ་པ་ལས་སོགས་པ་དག་འཇིག་པ་ཆེན་པོ་འབྱུང་བའི་ དུས་ཀྱི་ཚེ་རྡུལ་ཕྲ་མོར་གྱུར་ནས་གཙོ་བོའི་བག་ལ་ཞ་ཞིང་འཁོར་བ་དག་གང་གི་ཚེ་འཆགས་པའི་བསྐལ་པ་འབྱུང་བ་དེའི་ཚེ་ན་ལུས་ཅན་རྣམས་ཀྱི་མིག་ལ་སོགས་པ་དབང་པོའི་དངོས་པོར་འགྱུར་ཞིང་། དེ་དག་དབང་པོར་རེད་ནས་སྐྱེས་བུ་ཞེས་བྱ་བ་བདག་དེ་ཡུལ་ལ་ལོངས་སྤྱད་པར་འདོད་པའི་ཚེ་ན་བུམ་ པ་ལ་སོགས་པའི་རྡུལ་ཕྲ་མོ་ལུས་ཅན་རྣམས་ཀྱི་མིག་ལ་སོགས་པའི་དབང་པོའི་དངོས་པོར་གྱུར་པ་དེ་དག་སྐྱེས་བུ་ཞེས་བྱ་བའི་བདག་དེ་ཡུལ་ལ་དམིགས་པའི་རྒྱུ་ཐུན་མོང་མ་ཡིན་པ་ཉིད་ཡིན་པའི་ཕྱིར་ཡང་ཁྱེད་དབུ་མ་པས་ཕུང་པོ་ལྔ་དང་ལུས་ནི། བདག་གི་དམིགས་པའི་རྒྱུ་ཐུན་མོང་མ་ཡིན་པ་ཉིད་ཀྱང་ མ་ཡིན་ཏེ། སྐྱེ་བ་དང་འཇིག་པའི་ཆོས་ཅན་ཉིད་ཡིན་པའི་ཕྱིར། དཔེར་ན་བུམ་པ་བཞིན་ནོ་ཞེས་བཤད་པའི་དཔེ་དེ་མི་རུང་ངོ་ཞེས་ཟེར་རོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ། འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས། དེ་ནི་བཟང་པོ་མ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པས་གྲངས་ཅན་དག་གི། རྟོག་པ་རྣམ་པ་ དེ་གཉི་ག་ཡང་མི་འཐད་པར་གོ་རིམས་བཞིན་དུ་སྟོན་ཏོ། །དེ་ལ་རེ་ཞིག་རྟོག་པ་དང་པོ་དེ་མི་འཐད་པར་བསྟན་པའི་ཕྱིར། བུམ་པ་ལ་སོགས་པ་དག་ནི་དེ་ཁོ་ན་རྟོགས་པ་དང་ལྡན་པ་རྣམས་ཀྱི་དམིགས་པའི་རྒྱུ་ཐུན་མོང་མ་ཡིན་པ་ཉིད་ཡིན་པར་མི་རིགས་ཏེ། རྣ་བ་ལ་སོགས་པའི་བློ་དག་གི་ཡུལ་ཡིན་པའི་ཕྱིར། དཔེར་ན་དེ་ལས་གཞན་པའི་རྣ་བ་ལ་སོགས་པ་དག་གི་བློའི་ཡུལ་ཡིན་ནོ་ཞེས་རྗེས་སུ་དཔག་པའི་ཕྱིར་དང་ཞེས་བྱ་བ་སྨྲས་ཏེ། དེ་དག་ནི་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་རྣལ་འབྱོར་པ་དེ་ཁོ་ན་རྟོགས་པ་དང་ལྡན་པ་དེ་ ལས་གཞན་པ་སོ་སོའི་སྐྱེ་བོ་རྣམས་ཀྱི་རྣ་བ་ལ་སོགས་པ་དག་གི་བློའི་ཡུལ་ནི་རྣ་བ་ལ་སོགས་པའི་བློ་དག་གི་ཡུལ་ཡིན་པའི་ཕྱིར། རྣལ་འབྱོར་པ་དེ་ཁོ་ན་རྟོགས་པ་དང་ལྡན་པ་རྣམས་ཀྱི་དམིགས་པའི་རྒྱུ་ཐུན་མོང་མ་ཡིན་པ་ཉིད་ཡིན་པ་དེ་བཞིན་དུ། བུམ་པ་ལ་སོགས་པ་དག་ཀྱང་རྣ་བ་ལ་སོགས་པའི་བློ་དག་གི་ཡུལ་ ཡིན་པའི་ཕྱིར། རྣལ་འབྱོར་པ་དེ་ཁོ་ན་རྟོགས་པ་དང་ལྡན་པ་རྣམས་ཀྱི་དམིགས་པའི་རྒྱུ་ཐུན་མོང་མ་ཡིན་པ་ཉིད་མ་ཡིན་པས། དེས་ན་ཁོ་བོ་ཅག་གི་དཔེ་བུམ་པ་བདག་ཡུལ་ལ་དམིགས་པའི་རྒྱུ་ཐུན་མོང་མ་ཡིན་པ་ཉིད་ཀྱང་མ་ཡིན་ནོ་ཞེས་བྱ་བ་དེ་གྲུབ་པས། གྲངས་ཅན་དག་གི་རྟོག་པ་དེ་བཟང་པོ་མ་ཡིན་ནོ། །རྟོག་ པ་གཉིས་པ་མི་འཐད་པར་བསྟན་པའི་ཕྱིར། བུམ་པ་ལ་སོགས་པ་དབང་པོའི་ངོ་བོ་ཉིད་དུ་མ་གྱུར་པ་དག་དཔེ་ཉིད་དུ་འདོད་པའི་ཕྱིར་ཇི་སྐད་སྨྲས་པའི་སྐྱོན་དུ་མི་འགྱུར་རོ་ཞེས་བྱ་བ་སྨྲས་ཏེ། ཁོ་བོ་ཅག་གི་ཁྱེད་ཀྱིས་བརྟགས་པའི་འཇིག་པ་ཆེན་པོ་འབྱུང་བའི་དུས་ཀྱི་ཚེ་བུམ་པ་ལ་སོགས་པ་དབང་པོའི་ངོ་བོ་ཉིད་དུ་ གྱུར་པ་དག་དཔེ་ཉིད་དུ་མི་འདོད་ཀྱི། ད་ལྟར་བུམ་པ་དངོས་སུ་ཡོད་པ་འདི་དཔེ་ཉིད་དུ་འདོད་པའི་ཕྱིར། དེས་ན་དཔེར་ན་བུམ་པ་ནི་སྐྱེ་བ་དང་འཇིག་པའི་ཆོས་ཅན་ཉིད་ཡིན་པའི་ཕྱིར་བདག་གི་དམིགས་པའི་རྒྱུ་ཐུན་མོང་མ་ཡིན་པ་ཉིད་ཀྱང་མ་ཡིན་པ་དེ་བཞིན་དུ། ཕུང་པོ་ལྔ་དང་ལུས་ཀྱང་སྐྱེ་བ་དང་འཇིག་པའི་ཆོས་ཅན་ ཉིད་ཡིན་པའི་ཕྱིར་བདག་གི་དམིགས་པའི་རྒྱུ་ཐུན་མོང་མ་ཡིན་པ་ཉིད་ཀྱང་མ་ཡིན་པར་འགྲུབ་པས། ཁོ་བོ་ཅག་གི་སྒྲུབ་པ་ལ་དཔེ་མེད་པའི་སྐྱོན་དུ་མི་འགྱུར་རོ། །འདིར་གྲངས་ཅན་དག་འདི་སྐད་ཅེས་སྙིང་སྟོབས་དང་རྡུལ་དང་མུན་པའི་ཡོན་ཏན་ནི་ཐམས་ཅད་དུ་སོང་བའི་ཕྱིར་བུམ་པ་ལ་སོགས་པ་དག་ལ་དབང་པོ་ རྣམས་ཀྱི་ནུས་པ་ཡོད་ལ། དབང་པོ་རྣམས་ནི་བདག་ཡུལ་ལ་དམིགས་པའི་རྒྱུ་ཐུན་མོང་མ་ཡིན་པ་ཉིད་ཡིན་པས། དེས་ན་ཁྱེད་དབུ་མ་པའི་དཔེ་མེད་པས་མི་རུང་ངོ་ཞེས་ཟེར་བའི་ཕྱོགས་སྔ་མ་ཁོང་ནས་དབྱུང་བ་དེའི་ལན་དུ། འདིར་ནུས་པ་ཡོད་པར་སྟོན་པའི་རྗེས་སུ་དཔག་པ་མེད་པའི་ཕྱིར། དེ་ཡོད་ པས་བུམ་པ་ལ་སོགས་པའི་དཔེ་མེད་པར་ཡང་མི་འགྱུར་བས་དེ་ནི་སྙིང་པོ་མ་ཡིན་ནོ་ཞེས་བྱ་བ་སྨྲས་སོ། །རེ་ཞིག་དེ་དག་གིས་ནི། གལ་ཏེ་ཕུང་པོ་བདག་ཡིན་ན། །སྐྱེ་དང་འཇིག་པ་ཅན་དུ་འགྱུར། །གལ་ཏེ་ཕུང་པོ་རྣམས་ལས་གཞན། །ཕུང་པོའི་མཚན་ཉིད་མེད་པར་འགྱུར། །ཞེས་གསུངས་པས་བདག་ ཕུང་པོ་རྣམས་ཉིད་ཀྱང་མ་ཡིན་ལ། ཕུང་པོ་རྣམས་ལས་གཞན་ཡང་མ་ཡིན་པའི་ཚུལ་གྱིས་བདག་མེད་པར་བསྟན་ཏོ།། །།བམ་པོ་དྲུག་ཅུ་པ། དེ་ལྟར་བདག་མེད་པར་བསྟན་ནས། ད་ནི་བདག་གི་མེད་པར་བསྟན་པར་བྱ་སྟེ། དེའི་ཕྱོགས་སྔ་མ་བསྟན་པའི་ཕྱིར། བདག་ཏུ་སྨྲ་བ་དག་ན་ རེ། བདག་ནི་ཡོད་པ་ཁོ་ན་ཡིན་ཏེ་བདག་གི་ཡོད་པའི་ཕྱིར། དཔེར་ན་ནོར་ཡོད་པའི་ཕྱིར་ནོར་བདག་ཡོད་པ་བཞིན་ནོ། །འདི་ལ་བདག་གི་ཁང་ཁྱིམ་དང་། གནས་མལ་དང་། གོས་ཟས་དང་། ལྟ་བ་དང་ཉན་པ་ལ་སོགས་པ་དེ་དག་ཡོད་པས་དེའི་ཕྱིར་བདག་ནི་ཡོད་པ་ཁོ་ན་ཡིན་ནོ་ཞེས་ཟེར་རོ་ཞེས་བྱ་བ་སྨྲས་ ཏེ། དེ་ནི་ཕ་རོལ་པོ་དག་བདག་གི་ཡོད་པའི་གཏན་ཚིགས་ཀྱིས་བདག་ཡོད་པར་སྒྲུབ་པའི་ཚིག་ཡིན་ཏེ། དེ་དག་ནི་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་དང་། ཉེ་བར་སྦྱར་བའི་སྦྱོར་བ་དང་། མཇུག་བསྡུ་བ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་འདི་ན་ནོར་ དབྱིག་ལ་སོགས་པ་ཡོད་པའི་ཕྱིར། ནོར་བདག་རྣམ་ཐོས་ཀྱི་བུ་ལ་སོགས་པ་དག་ཀྱང་ཡོད་པ་དེ་བཞིན་དུ། འདི་ལ་བདག་གི་ཁང་ཁྱིམ་ལ་སོགས་པ་ཡོད་པའི་ཕྱིར་བདག་ཀྱང་ཡོད་པ་ཡིན་པས། དེའི་ཕྱིར་བདག་ནི་ཡོད་པ་ཁོ་ན་ཡིན་ནོ་ཞེས་ཟེར་རོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ། འགྲེལ་པ་བྱེད་པ་ཉིད་ ཀྱིས་འདིར་བཤད་པ། འདི་ལྟར་བདག་ཡོད་ན་ནི་དེའི་འདི་ཡིན་ནོ་ཞེས་བདག་གི་ཡང་འགྲུབ་པར་འགྱུར་བ་ཞིག་ན། བདག་དེ་ནི་མེད་པར་བསྟན་ཟིན་པས་དེའི་ཕྱིར། བདག་ཉིད་ཡོད་པ་མ་ཡིན་ན། །བདག་གི་ཡོད་པར་ག་ལ་འགྱུར། །ཞེས་བྱ་བ་སྨྲས་ཏེ། བརྟགས་ན་དེ་ལྟར་བདག་ཉིད་རྣམ་པ་ཐམས་ ཅད་དུ་མི་འཐད་ན། བདག་གི་ཡོད་པར་ག་ལ་འགྱུར། འདི་ལྟར་བདག་ཅེས་བྱ་བ་གང་ཡིན་པ་དེ་བདག་གི་ཞེས་བྱ་ན། བདག་དེ་ཡང་མེད་དེ། དེ་མེད་ན་དེའི་དེ་ཡིན་ནོ་ཞེས་བྱ་བར་ཇི་ལྟར་འཐད་པར་འགྱུར་ཏེ། དེ་ལྟ་བས་ན་བདག་གི་ཡང་མི་འཐད་དོ། །དེས་ན་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་ དོ་ཞེས་བྱ་བས་ནི། དེ་ལྟར་བདག་མེད་པས། བདག་གི་མེད་པ་དེས་ན་ཕ་རོལ་པོ་དག་གི་གཏན་ཚིགས་བདག་གི་ཡོད་པའི་ཕྱིར་ཞེས་བྱ་བ་དེའི་དོན་མ་གྲུབ་པ་ཉིད་དོ། །དཔེ་ཡང་མེད་དེ། དོན་དམ་པར་ནོར་དང་ནོར་བདག་ཡོད་པ་ཉིད་དུ་མ་གྲུབ་པའི་ཕྱིར་རོ་ཞེས་བྱ་བས་ནི། ཕ་རོལ་པོ་དག་གི་དཔེ་ནོར་ཡོད་ པའི་ཕྱིར། ནོར་བདག་ཡོད་པ་བཞིན་ནོ་ཞེས་བྱ་བ་དེ་མ་གྲུབ་པར་བསྟན་ཏོ། །དོན་འགལ་བ་ཉིད་ཀྱང་ཡིན་ཏེ། བདག་ཐ་སྙད་པ་ཡིན་པར་སྟོན་པའི་ཕྱིར་ཞེས་བྱ་བ་ནི་ཕ་རོལ་པོ་དག་གིས་ཉེ་བར་སྦྱར་བའི་སྦྱོར་བ་འདི་ལ་བདག་གི་ཁང་ཁྱིམ་དང་། གནས་མལ་དང་། གོས་ཟས་དང་། ལྟ་བ་དང་། ཉན་ པ་ལ་སོགས་པ་དེ་དག་ཡོད་པས་ཞེས་སྨྲས་པ་དེས་བདག་ཐ་སྙད་པ་ཡིན་པར་སྟོན་པའི་ཕྱིར་དོན་དམ་པར་བདག་ཡོད་པ་ཁོ་ནར་འདོད་པ་དང་དོན་འགལ་བ་ཉིད་ཡིན་པར་སྟོན་ཏོ། །འདིས་ན་དེའི་འབྲས་བུ་ཡོད་པའི་ཕྱིར་དང་། དེའི་ཡོན་ཏན་ཡོད་པའི་ཕྱིར་རོ་ཞེས་བྱ་བ་ལ་སོགས་པའི་གཏན་ཚིགས་དག་ལ་ ཡང་སྐྱོན་གྱིས་ལན་བཏབ་པ་ཡིན་ནོ་ཞེས་བྱ་བ་ནི། སྒྲུབ་པ་སྔ་མ་འདིས་ནི་གལ་ཏེ་ཕ་རོལ་པོ་དག་འདི་སྐད་ཅེས། བདག་ནི་ཡོད་པ་ཁོ་ན་ཡིན་ཏེ། དེའི་འབྲས་བུ་ཡོད་པའི་ཕྱིར་རོ། །འདི་ལྟར་ཕྱི་ནང་གི་དངོས་པོ་འདི་དག་ཐམས་ཅད་བདག་གིས་བྱས་པའི་འབྲས་བུ་ཡིན་པའི་ཕྱིར། གལ་ཏེ་བདག་མེད་དུ་ཟིན་ ན་གཞི་མེད་པའི་ཕྱིར་དེའི་འབྲས་བུ་ཡོད་པར་མི་འགྱུར་རོ་ཞེས་ཟེར་བ་དང་། དེ་བཞིན་དུ་བདག་ནི་ཡོད་པ་ཁོ་ན་ཡིན་ཏེ། དེའི་ཡོན་ཏན་ཡོད་པའི་ཕྱིར་རོ། །འདི་ལྟར་བདེ་བ་དང་སྡུག་བསྔལ་དང་འདོད་པ་དང་སྡང་བ་ལ་སོགས་པ་དག་ནི་བདག་གི་ཡོན་ཏན་ཡིན་པའི་ཕྱིར་ཏེ། གལ་ཏེ་བདག་མེད་དུ་ཟིན་ན། གཞི་མེད་ པའི་ཕྱིར། དེའི་ཡོན་ཏན་ཡོད་པར་མི་འགྱུར་རོ་ཞེས་ཟེར་བ་ལ་སོགས་པའི་གཏན་ཚིགས་དག་ལ་ཡང་། བདག་ཉིད་ཡོད་པ་མ་ཡིན་ན། བདག་གི་འབྲས་བུ་དང་ཡོན་ཏན་ཡོད་པར་ག་ལ་འགྱུར་ཏེ། དེས་ན་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་དང་དཔེ་མེད་པ་དང་གཏན་ཚིགས་ཀྱི་དོན་འགལ་བ་ཉིད་ཀྱང་ཡིན་ནོ་ ཞེས་སྐྱོན་གྱིས་ལན་གདབ་པར་བྱའོ་ཞེས་བྱ་བར་སྦྱར་རོ། །དེ་ལྟར་ཕྱི་དང་ནང་ལ་བདག་དང་བདག་གིར་མི་ལྟ་བ་དེ་ནི་དེ་ཁོ་ན་མཐོང་བ་ཡིན་ཏེ། རྣལ་འབྱོར་པ་དེ་དེ་སྒོམ་པར་བྱེད་ཅིང་བསྟན་པར་བྱེད་དོ། །དེ་སྒོམ་པར་བྱེད་ཅིང་བསྟན་པར་བྱེད་པ་དེའི་བདག་དང་བདག་གིར་མངོན་པར་ཞེན་པ་ཉེ་བར་ཞི་བར་ འགྱུར་བས། དེའི་ཕྱིར་དེ་ལྟར་རྣལ་འབྱོར་པ་ཡང་དག་པ་ཉིད་སོ་སོར་རྟོག་པ་ལ་བརྩོན་པ་ལ། བདག་དང་བདག་གི་ཞི་བའི་ཕྱིར། །ངར་འཛིན་ང་ཡིར་འཛིན་མེད་འགྱུར། །ཞེས་བྱ་བས་ནི། ཇི་སྐད་བསྟན་པའི་ཚུལ་བསྒོམས་པའི་འབྲས་བུ་བསྟན་ཏོ་ཞེས་བྱ་བ་སྨྲས་ཏེ། དེ་ལྟར་བདག་དང་བདག་གིར་མངོན་པར་ ཞེན་པ་ཉེ་བར་ཞི་བའི་ཕྱིར་དེ་ལ་ངར་འཛིན་པ་དང་། ང་ཡིར་འཛིན་པ་མེད་པར་འགྱུར་བ་ནི་གང་ཟག་བདག་མེད་པ་བསྒོམས་པའི་འབྲས་བུ་ཡིན་པར་བསྟན་ཏོ། །བདག་ཏུ་སྨྲ་བ་དག་ཀྱང་ཕྱིར་ཟློག་པར་བྱེད་དེ། བདག་ནི་ཡོད་པ་ཁོ་ན་ཡིན་ཏེ། ལུས་དང་དབང་པོ་དང་བློ་ལ་སོགས་པ་བདག་དང་བདག་གི་མེད་པ་ རྣམས་ལ་དེ་ཁོ་ན་ཤེས་པ་ཡང་དག་པར་སྐྱེས་པ་ལ་ངར་འཛིན་པ་མེད་པ་དང་ང་ཡིར་འཛིན་པ་མེད་དོ་སྙམ་པའི་ཡང་དག་པའི་ལྟ་བ་ཡོད་པའི་ཕྱིར་རོ། །མོ་གཤམ་གྱི་བུ་ལྟ་བུ་མེད་པ་ལ་ནི་དེ་ལྟ་བུ་མེད་དོ། །ཐར་པའི་གནས་སྐབས་གང་ལ་ངར་འཛིན་པ་མེད་པ་དང་། ང་ཡིར་འཛིན་པ་མེད་པ་དེ་ལ་ནི་དེ་ལྟར་ཤེས་པ་ དེ་ཡོད་པས་དེའི་ཕྱིར་བདག་ནི་ཡོད་པ་ཁོ་ན་ཡིན་ནོ་ཞེས་བྱ་བས་ནི་ཕ་རོལ་པོ་དག་རྣལ་འབྱོར་པ་དེ་ཁོ་ན་ཤེས་པ་ལ་ཡང་དག་པའི་ལྟ་བ་ཡོད་པའི་གཏན་ཚིགས་ཀྱིས་བདག་ཡོད་པར་སྒྲུབ་ཅིང་། གང་གིས་དེ་ལྟར་ཡང་དག་པ་ཇི་ལྟ་བ་བཞིན་དུ་མཐོང་བ་ན་ངར་འཛིན་པ་དང་། ང་ཡིར་འཛིན་པ་མེད་པར་འགྱུར་རོ་ཞེས་ བྱ་བ་དེ་ཉིད་བདག་ཡིན་པས་དེ་ཡོད་པའི་ཕྱིར་བདག་དང་བདག་གི་ཡང་ངེས་པ་ཁོ་ནར་ཡོད་པ་ཡིན་ནོ་ཞེས་ཟེར་བའི་ཚིག་ཡིན་ཏེ། དེ་དག་ནི་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། ཆོས་མི་མཐུན་པའི་ཕྱོགས་ཀྱི་དཔེ་དང་། ཉེ་བར་སྦྱར་བའི་སྦྱོར་བ་དང་། མཇུག་བསྡུ་བ་ ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། འདི་ན་མོ་གཤམ་གྱི་བུ་ལྟ་བུ་མེད་པ་གང་ལ་ངར་འཛིན་པ་མེད་པ་དང་། ང་ཡིར་འཛིན་པ་མེད་དོ་སྙམ་པའི་ཡང་དག་པའི་ལྟ་བ་མེད་པ་དེ་ནི་ཡོད་པ་མ་ཡིན་ཏེ། རྣལ་འབྱོར་པ་གང་གིས་ལུས་དང་དབང་པོ་དང་བློ་ལ་སོགས་པ་བདག་དང་། བདག་གི་མེད་པ་རྣམས་ ལ་ཡང་དག་པ་ཇི་ལྟ་བ་བཞིན་དུ་མཐོང་བ་ལ་ནི་ངར་འཛིན་པ་མེད་པ་དང་། ང་ཡིར་འཛིན་པ་མེད་དོ་སྙམ་པའི་ཡང་དག་པའི་ལྟ་བ་ཡོད་པའི་ཕྱིར། དེ་ལྟར་ཐར་པའི་གནས་སྐབས་གང་ལ་ངར་འཛིན་པ་མེད་པ་དང་། ང་ཡིར་འཛིན་པ་མེད་དོ་སྙམ་པའི་ཤེས་པ་ཡོད་པ་དེ་ཉིད་བདག་ཡིན་པས་དེ་ཡོད་པའི་ ཕྱིར་བདག་དང་བདག་གི་ཡང་ངེས་པ་ཁོ་ནར་ཡོད་པ་ཡིན་ནོ་ཞེས་ཟེར་རོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ། འགྲེལ་པ་བྱེད་པ་ཉིད་ཀྱིས་འདིར་བཤད་པ། འཕགས་པ་ཉན་ཐོས་འདུ་བྱེད་ཀྱི་ཚོགས་གཞན་དང་གཞན་དུ་སྐྱེས་པ་སྐད་ཅིག་མ་རེ་རེ་ལ་འཇིག་པའི་ངང་ཅན་བདག་དང་བདག་གི་བ་མེད་པ་ལ་ ངེས་པར་ལྟ་བ་ལ་ཡང་བདག་ཅེས་བྱ་བའི་དངོས་པོ་མེད་པའི་ཕྱིར་སྐྱེ་བ་དང་འཆི་བ་དང་འདི་དག་ནི་ཆོས་ཙམ་དུ་ཟད་དོ་ཞེས་བྱ་བར་ལྟ་བ་སྐྱེ་སྟེ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། དེ་ལྟར་ངར་འཛིན་པ་མེད་པ་དང་། ང་ཡིར་འཛིན་པ་མེད་པ་ཞེས་བྱ་བ་གང་ཡིན་པ་དེ་ཡང་ཡོད་པ་མ་ཡིན་ཏེ། འཕགས་པ་ ཉན་ཐོས་འདུ་བྱེད་བདག་མེད་པར་མཐོང་བ་རྣམས་ལ་ཡང་དེ་ལྟར་འཛིན་པའི་ལྟ་བ་མི་སྐྱེ་ན། བྱང་ཆུབ་སེམས་དཔའ་ཆེན་པོ་ཆོས་རྣམས་ངོ་བོ་ཉིད་མེད་པ་ཉིད་དུ་མཐོང་བ་རྣམས་ལ་ལྟ་སྨོས་ཀྱང་ཅི་དགོས་པས་དེའི་ཕྱིར་ངར་འཛིན་པ་མེད་པ་དང་། ང་ཡིར་འཛིན་པ་མེད་དོ་སྙམ་དུ་ཤེས་པ་གང་ཡིན་པ་དེ་ ཡང་ཡོད་པ་མ་ཡིན་པས་དེ་མེད་པའི་ཕྱིར། བདག་དང་བདག་གི་ཡང་མེད་པ་ཁོ་ན་ཡིན་ནོ་ཞེས་སྟོན་ཏོ། །ཇི་ལྟར་འཕགས་པ་ཉན་ཐོས་རྣམས་ལ་ངར་འཛིན་པ་དང་། ང་ཡིར་འཛིན་པ་མེད་དོ་སྙམ་པའི་ལྟ་བ་མི་སྐྱེ་ཞེ་ན། དེའི་ཕྱིར། འདི་ལྟར་བདག་ནི་ངར་འཛིན་པའི་ཡུལ་ཡིན་པས་བདག་དེ་མེད་ན་ངར་ འཛིན་པ་དེ་ཡང་མི་འབྱུང་ལ། ངར་འཛིན་པ་དེ་མེད་པ་ཁོ་ནའི་ཕྱིར་ནང་དང་ཕྱི་རོལ་གྱི་དངོས་པོ་གང་ལ་ཡང་ང་ཡིར་འཛིན་པ་མི་འཐད་པའི་ཕྱིར་ངར་འཛིན་པ་མེད་ཅིང་ང་ཡིར་འཛིན་པ་མེད་དེ་ཐ་སྙད་ཀྱི་བརྡར་བྱ་བ་མ་གཏོགས་པར་ང་ཞེས་བྱ་བ་རང་གི་ངོ་བོ་ཉིད་ངེས་པ་སྐྱེ་བར་མི་འགྱུར་ན་ཞེས་བྱ་བ་སྨྲས་སོ། །བྱང་ ཆུབ་སེམས་དཔའ་ཆེན་པོ་ཆོས་རྣམས་ངོ་བོ་ཉིད་མེད་པ་ཉིད་དུ་མཐོང་བ་རྣམས་ལྟ་ལ་དེ་མེད་པ་སྨོས་ཀྱང་ཅི་དགོས་པར་བསྟན་པའི་ཕྱིར། བྱང་ཆུབ་སེམས་དཔའ་ཆེན་པོ་འདུ་བྱེད་སྐྱེ་བ་མེད་པར་ལྟ་བ་རྣམ་པར་མི་རྟོག་པའི་ཤེས་རབ་ཀྱིས་སྤྱོད་པ་ལ་གནས་པ་རྣམས་ལྟ་ལ་སྨོས་ཀྱང་ཅི་དགོས་པས་ཞེས་བྱ་བ་སྨྲས་ སོ། །དེ་ལྟར་དེ་ཁོ་ན་རྟོགས་པ་རྣམས་ལ་ངར་འཛིན་པ་མེད་པ་དང་ང་ཡིར་འཛིན་པ་མེད་དོ་སྙམ་པའི་འཛིན་པ་དེ་ཡང་མེད་པ་དེའི་ཕྱིར། ངར་འཛིན་ང་ཡིར་འཛིན་མེད་གང་། །དེ་ཡང་ཡོད་པ་མ་ཡིན་ཏེ། །ཞེས་བྱ་བ་གསུངས་ཏེ། བདག་ལ་སོགས་པ་དག་བཏགས་པར་ཡོད་པའི་ཕྱིར་དང་། གང་ཟག་གི་ཉེ་བར་ལེན་པ་སྐྱེ་བ་མེད་པའི་ཕྱིར་རོ་ཞེས་བྱ་བར་དགོངས་སོ་ཞེས་བྱ་བ་སྨྲས་ཏེ། བདག་དང་བདག་གི་ཞེས་བྱ་བདག་ནི་ཀུན་རྫོབ་ཏུ་བཏགས་པ་ཡོད་པའི་ཕྱིར་དོན་དམ་པར་མེད་པས་ངར་འཛིན་པ་མེད་ཅིང་ང་ཡིར་འཛིན་པ་མེད་དོ་སྙམ་པའི་འཛིན་པ་གང་ཡིན་པ་དེ་ཡང་མེད་དོ་ཞེས་བྱ་བར་དགོངས་ སོ། །གཞན་ཡང་ངར་འཛིན་པ་མེད་པ་དང་། ང་ཡིར་འཛིན་པ་མེད་དོ་སྙམ་དུ་འཛིན་པ་གང་ཡིན་པ་དེ་ནི། གང་ཟག་གི་ཉེ་བར་ལེན་པ་ཕུང་པོ་རྣམས་ལ་བརྟེན་ནས་གདགས་པ་ཡིན་ན། གང་ཟག་གི་ཉེ་བར་ལེན་པ་ཕུང་པོ་རྣམས་ནི་དོན་དམ་པར་སྐྱེ་བ་མེད་པའི་ཕྱིར་དེ་དག་ལ་ངར་ འཛིན་པ་མེད་པ་དང་ང་ཡིར་འཛིན་པ་མེད་དོ་སྙམ་དུ་འཛིན་པ་གང་ཡིན་པ་དེ་ཡང་མེད་དོ་ཞེས་བྱ་བར་དགོངས་སོ། །དེ་ཉིད་ཡོད་པ་མ་ཡིན་པས་རབ་རིབ་ཅན་དབང་པོ་ཉམས་པ་སྐྲ་ཤད་དང་སྦྲང་བུ་ལ་སོགས་པ་ཡང་དག་པ་མ་ཡིན་པ་མཐོང་བ་ལྟར། ངར་འཛིན་ང་ཡིར་འཛིན་མེད་པར། །གང་གིས་མཐོང་བས་ མི་མཐོང་ངོ་། །ཡོད་པ་དང་མེད་པར་མཐོང་བ་ནི་ལོག་པར་ལྟ་བ་མཆོག་ཏུ་འཛིན་པ་ཡིན་པའི་ཕྱིར་རོ་ཞེས་བྱ་བར་དགོངས་སོ་ཞེས་བྱ་བས་ནི། དེ་ལྟར་ངར་འཛིན་པ་མེད་དོ་སྙམ་དུ་འཛིན་པ་གང་ཡིན་པ་དེ་ཉིད་ཡོད་པ་མ་ཡིན་པས། གང་གིས་རབ་རིབ་ཅན་དབང་པོ་ཉམས་པས་སྐྲ་ཤད་དང་སྦྲང་ བུ་ལ་སོགས་པ་ཡང་དག་པ་མ་ཡིན་པ་མཐོང་བ་ལྟར། ངར་འཛིན་པ་དང་། ང་ཡིར་འཛིན་པ་མེད་དོ་སྙམ་དུ་འཛིན་པ་ཡོད་པར་མཐོང་བ་ལོག་པར་ལྟ་བས་བློ་གྲོས་ཀྱི་མིག་ཉམས་པ་དེས་ནི་དེ་ཁོ་ན་མི་མཐོང་ངོ་ཞེས་བསྟན་ཏེ། ངར་འཛིན་པ་དང་། ང་ཡིར་འཛིན་པ་མེད་པར་ཡང་ལྟ་ལ། དེ་ མེད་པར་ཤེས་པ་ཡོད་པར་ཡང་ལྟ་བ་ནི། ལོག་པར་ལྟ་བ་མཆོག་ཏུ་འཛིན་པ་ཡིན་པའི་ཕྱིར་རོ་ཞེས་བྱ་བར་དགོངས་སོ། །དེས་ན་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་དེ། ངར་འཛིན་པ་དང་ང་ཡིར་འཛིན་པའི་རྒྱུར་གྱུར་པའི་བདག་ཡོད་པའི་ཕྱིར་རོ་ཞེས་བྱ་བས་ནི། སྔར་ཕ་རོལ་པོ་དག་ན་རེ། བདག་ནི་ ཡོད་པ་ཁོ་ན་ཡིན་ཏེ། ལུས་དང་དབང་པོ་དང་བློ་ལ་སོགས་པ་བདག་དང་བདག་གི་མེད་པ་རྣམས་ལ་དེ་ཁོ་ན་ཤེས་པ་ཡང་དག་པར་སྐྱེས་པ་ལ་ངར་འཛིན་པ་མེད་པ་དང་། ང་ཡིར་འཛིན་པ་མེད་དོ་སྙམ་པའི་ཡང་དག་པའི་ལྟ་བ་ཡོད་པའི་ཕྱིར་རོ་ཞེས་ཟེར་བའི་གཏན་ཚིགས་དེའི་དོན་མ་གྲུབ་པ་ཉིད་དུ་བསྟན་ཏེ། ཅིའི་ཕྱིར་ཞེ་ན། ངར་འཛིན་པ་མེད་པ་དང་ང་ཡིར་འཛིན་པ་མེད་དོ་སྙམ་དུ་ཤེས་པ་ཡོད་པར་འདོད་པ་དེ་ལ་ངར་འཛིན་པ་དང་ང་ཡིར་འཛིན་པའི་རྒྱུར་གྱུར་པའི་བདག་ཏུ་འཛིན་པ་ཡོད་པའི་ཕྱིར། དེས་ན་དེ་ངར་འཛིན་པ་མེད་པ་དང་། ང་ཡིར་འཛིན་པ་མེད་པའི་ཡང་དག་པའི་ལྟ་བ་མ་ཡིན་པའི་ ཕྱིར་རོ། །དོན་རང་ལ་མ་གྲུབ་པ་ཉིད་ཀྱང་ཡིན་ཏེ། ངར་འཛིན་པ་དང་ང་ཡིར་འཛིན་པ་མེད་དོ་ཞེས་བྱ་བ་རང་གི་ངོ་བོ་ཉིད་དུ་ངེས་པ་མ་གྲུབ་པའི་ཕྱིར་རོ་ཞེས་བྱ་བས་ནི། ཕ་རོལ་པོ་དག་གི་གཏན་ཚིགས་དེ་རང་ལ་མ་གྲུབ་པ་ཉིད་ཡིན་པར་བསྟན་ཏེ། ཅིའི་ཕྱིར་ཞེ་ན། ཕ་རོལ་པོ་དག་ངར་འཛིན་པ་དང་ང་ཡིར་ འཛིན་པ་མེད་དོ་སྙམ་དུ་ཤེས་པ་ཡོད་པར་འདོད་པ་དེ་ལ་ངར་འཛིན་པ་དང་ང་ཡིར་འཛིན་པའི་རྒྱུར་གྱུར་པའི་བདག་ཏུ་འཛིན་པ་ཡོད་པས་ངར་འཛིན་པ་དང་ང་ཡིར་འཛིན་པ་མེད་དོ་ཞེས་བྱ་བ་རང་གི་ངོ་བོ་ཉིད་དུ་ངེས་པ་མ་གྲུབ་པའི་ཕྱིར་རོ། །གལ་ཏེ་ནང་གི་བྱེད་པ་བདག་མེད་པ་ལ་བདག་མེད་པར་ལྟ་བས་ངར་འཛིན་པ་ ལྡོག་པའི་ཕྱིར་དང་། ཡིད་བདག་མ་ཡིན་པ་གང་གཞན་གྱི་དོན་ལུས་དང་དབང་པོའི་ཡུལ་དག་ལ་ང་ཡིར་འཛིན་པ་མི་འཇུག་པའི་ཕྱིར་སྐྱོན་མེད་དོ་ཞེ་ན་ཞེས་བྱ་བ་ནི། སྔར་དབུ་མ་པས། ངར་འཛིན་ང་ཡིར་འཛིན་མེད་གང་། །དེ་ཡང་ཡོད་པ་མ་ཡིན་ཏེ། །ཞེས་བྱ་བས་རྣལ་འབྱོར་པ་དག་བདག་དང་ བདག་གི་ཞི་བའི་ཕྱིར་ངར་འཛིན་པ་དང་། ང་ཡིར་འཛིན་པ་མེད་པར་གྱུར་པ་ལ་ངར་འཛིན་པ་མེད་པ་དང་ང་ཡིར་འཛིན་པ་མེད་དོ་སྙམ་དུ་ཤེས་པ་གང་ཡིན་པ་དེ་ཡང་ཡོད་པ་མ་ཡིན་པས་ངར་འཛིན་པ་མེད་པ་དང་། ང་ཡིར་འཛིན་པ་མེད་པར་གང་གིས་མཐོང་བ་ལོག་པར་ལྟ་བས་བློ་གྲོས་ཀྱི་མིག་ཉམས་པ་དེས་ ནི་དེ་ཁོ་ན་མི་མཐོང་ངོ་ཞེས་བཤད་པ་དེ་ལ། འདིར་གྲངས་ཅན་དག་འདི་སྐད་ཅེས་ཁོ་བོ་ཅག་གི་གྲུབ་པའི་མཐའ་ལས་ངར་འཛིན་པ་མེད་པ་དང་ང་ཡིར་འཛིན་པ་མེད་པའི་བདག་ངོ་བོ་ཉིད་ཀྱིས་གྲུབ་པ་ཡོད་པས། དེས་ན་ངར་འཛིན་པ་མེད་པ་དང་ང་ཡིར་འཛིན་པ་མེད་དོ་སྙམ་དུ་ཤེས་པའི་བདག་ཀྱང་ཡོད་ ལ། དེས་དེ་ཁོ་ན་ཡང་མཐོང་བར་འགྱུར་བས། ཁྱེད་དབུ་མ་པས་ཇི་སྐད་སྨྲས་པའི་སྐྱོན་དེ་ཁོ་བོ་ཅག་གི་ཕྱོགས་ལ་མེད་དོ་ཞེས་ཟེར་བའི་ཚིག་ཡིན་ཏེ། དེ་དག་ན་རེ་གང་གི་ཕྱིར་རང་བཞིན་གྱི་ཆར་གཏོགས་པའི་དབང་པོ་ལ་སོགས་པ་ནང་གི་བྱེད་པ་བདག་མེད་པའི་ཡུལ་ལ་བློས་བདག་ མེད་པར་ལྟ་བ་ངར་འཛིན་པ་ལྡོག་པའི་ཕྱིར། ངར་འཛིན་པ་མེད་ལ། ཡིད་བདག་མ་ཡིན་པ་བློའི་ཆར་གཏོགས་པ་ཡང་རང་ལས་གཞན་པ་སྐྱེས་བུ་གཞན་གྱི་དོན་ལུས་དང་དབང་པོའི་ཡུལ་དག་ལ་དམིགས་པར་བྱེད་པ་ན་འདི་ནི་ངའི་མ་ཡིན་གྱི་སྐྱེས་བུ་གཞན་གྱི་ཡིན་ནོ་སྙམ་པས་ང་ཡིར་འཛིན་པ་མི་འཇུག་ པའི་ཕྱིར་ང་ཡིར་འཛིན་པ་ཡང་མེད་པས། དེ་ལྟར་ངར་འཛིན་པ་མེད་པ་དང་ང་ཡིར་འཛིན་པ་མེད་པའི་བདག་ཤེས་པ་ཡོད་པ་ཉིད་ཅེས་བྱ་བ་སྐྱེས་བུའི་ངོ་བོ་ཉིད་གང་ཡིན་པ་དེ་ཡང་ཡོད་ལ། དེས་དེ་ཁོ་ན་ཡང་མཐོང་བར་འགྱུར་བས་ཁྱེད་དབུ་མ་པས་ཇི་སྐད་སྨྲས་པའི་སྐྱོན་དེ་ཁོ་བོ་ཅག་གི་ཕྱོགས་ལ་མེད་ དོ་ཞེས་ཟེར་རོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས། བདག་ལ་བདག་ཏུ་ལྟ་བ་ལ་ངར་འཛིན་པ་དོན་ཇི་ལྟ་བ་བཞིན་དུ་ཡོད་པའི་ཕྱིར་དང་། དེའི་དོན་བྱེད་པ་དང་རྟེན་སྒྲ་ལ་སོགས་པ་དག་ལ་ང་ཡིར་འཛིན་པ་འཇུག་པ་མི་ལྡོག་པའི་ཕྱིར། ངར་འཛིན་པ་མེད་པ་དང་ ང་ཡིར་འཛིན་པ་མེད་པ་ཉིད་དུ་མ་གྲུབ་པས་དེ་ནི་ལན་མ་ཡིན་ཏེ་ཞེས་བྱ་བ་སྨྲས་ཏེ། གལ་ཏེ་བདག་ཤེས་པ་ཡོད་པ་ཉིད་ཅེས་བྱ་བ་སྐྱེས་བུའི་ངོ་བོ་ཉིད་དེ་ཡོད་པར་གྱུར་ན། བདག་དེ་ལ་བདག་ཏུ་ལྟ་བ་ལ་ངར་འཛིན་པ་དོན་ཇི་ལྟ་བ་བཞིན་དུ་ཡོད་པའི་ཕྱིར་ངར་འཛིན་པ་མེད་པ་ཉིད་དུ་མ་གྲུབ་པ་དང་། སྐྱེས་ བུའི་དེའི་དོན་རང་བཞིན་གྱི་ཆར་གཏོགས་པའི་དབང་པོ་ལ་སོགས་པ་ནང་གི་བྱེད་པ་དང་བྱེད་པའི་རྟེན་སྒྲ་ལ་སོགས་པ་དེ་ཙམ་དག་ལ་སྐྱེས་བུ་དེའི་ང་ཡིར་འཛིན་པ་འཇུག་པ་མི་ལྡོག་པའི་ཕྱིར། ང་ཡིར་འཛིན་པ་ཡང་མེད་པ་ཉིད་དུ་མ་གྲུབ་པས་ངར་འཛིན་པ་དང་ང་ཡིར་འཛིན་པ་མེད་པ་མ་ཡིན་ པའི་ཕྱིར་སྐྱོན་སྔ་མ་དེ་ཉིད་སོ་ན་གནས་བཞིན་པས་གྲངས་ཅན་དག་གི་ཚིག་དེ་ནི་ཁོ་བོའི་ལན་མ་ཡིན་ནོ། །དོན་དེ་ཉིད་ཀྱི་ཁུངས་སློབ་དཔོན་འཕགས་པ་ལྷས་མཛད་པ་བསྟན་པའི་ཕྱིར། དེ་ལྟར་ཡང་། གལ་ཏེ་བདག་ཅེས་བྱ་བ་ཡོད། །བདག་མེད་ཅེས་བྱ་དེ་མི་རིགས། །ཡང་ན་དེ་ཉིད་ རྟོགས་པའམ། །མྱ་ངན་འདའ་བ་དེས་བརྫུན་འགྱུར། །ཞེས་གསུངས་སོ་ཞེས་བྱ་བ་སྨྲས་ཏེ། གལ་ཏེ་བདག་ཅེས་བྱ་བ་ཡོད་པར་གྱུར་ན་ནི་བདག་མེད་པ་ཞེས་བྱ་བ་དེ་མི་རིགས་པས། ངར་འཛིན་པ་ལྡོག་པར་མི་འགྱུར་རོ། །འོན་ཏེ་ངར་འཛིན་པ་ལྡོག་པར་འདོད་ན་ནི། དེས་ན་ཡང་ན་དེ་ཉིད་ རྟོགས་པ་ཞེས་བྱ་བའི་བདག་ཡོད་པར་གཞན་གྱིས་ཡོངས་སུ་བཏགས་པ་དེ་ངེས་པར་བརྫུན་པར་འགྱུར་རོ། །འོན་ཏེ་དེ་ཉིད་རྟོགས་པ་ཞེས་བྱ་བའི་བདག་ཡོད་པར་གཞན་གྱིས་ཡོངས་སུ་བཏགས་པ་ངེས་པ་དེ་ངེས་པར་མི་བརྫུན་པར་ཡོད་པར་འདོད་ན་ནི། དེ་ལ་ཐར་པ་མི་སྲིད་པས། །དེས་ ན་ཡང་ན་ཕ་རོལ་པོ་དག་བདག་ཅེས་བྱ་བ་མྱ་ངན་ལས་འདའ་བར་འདོད་པ་དེ་ངེས་པར་བརྫུན་པར་འགྱུར་རོ་ཞེས་གསུངས་སོ། །འདིར་གྲངས་ཅན་དག་ལས་ཁ་ཅིག་ནི་རང་བཞིན་ཐར་པར་སྨྲ་ལ། ཁ་ཅིག་ནི་སྐྱེས་བུ་ཐར་པར་སྨྲས་ཏེ་ཞེས་བྱ་བས་ནི། སྔར་སློབ་དཔོན་འཕགས་པ་ལྷས། མྱ་ ངན་འདའ་བ་ངེས་བརྫུན་འགྱུར། །ཞེས་གསུངས་པས། འོན་ཏེ་དེ་ཉིད་རྟོགས་པ་ཞེས་བྱ་བའི་བདག་ཡོད་པར་གཞན་གྱིས་ཡོངས་སུ་བཏགས་པ་དེ་ངེས་པར་མི་བརྫུན་པར་ཡོད་པར་འདོད་ན་ནི། དེ་ལ་ཐར་པ་མི་སྲིད་པས། དེས་ན་ཡང་ན་ཕ་རོལ་པོ་དག་བདག་ཅེས་བྱ་བ་མྱ་ངན་ལས་འདའ་བར་འདོད་ པ་དེ་ངེས་པར་བརྫུན་པར་འགྱུར་རོ་ཞེས་བཤད་པ་དེ་ལ། འདིར་གྲངས་ཅན་དག་བདག་ཡོད་ཀྱང་དེ་ལ་ཐར་པ་སྲིད་པས་བདག་ཅེས་བྱ་བ་མྱ་ངན་ལས་འདའ་བར་འགྱུར་རོ་ཞེས་ཟེར་བའི་གཞུང་སྟོན་ཏེ། དེ་ལ་གྲངས་ཅན་དག་མྱ་ངན་ལས་འདའ་བར་འདོད་པ་དེ་ཡང་ཁ་ཅིག་ནི་རང་བཞིན་ཐར་པར་སྨྲ་ལ། ཁ་ ཅིག་ནི་སྐྱེས་བུ་ཐར་པར་སྨྲ་བའི་གཞུང་གཉིས་ཡོད་པར་སྟོན་ཏོ། །དེ་ལ་རེ་ཞིག་གང་དག། རང་བཞིན་སྣ་ཚོགས་རྟེན་ཅན་ནི། །འཁོར་དང་འཆིང་དང་ཐར་བར་འགྱུར། །ཞེས་བྱ་བས་ནི། རང་བཞིན་ཐར་པར་སྨྲ་བའི་གཞུང་སྟོན་ཏེ། དེ་ཡང་གྲངས་ཅན་རང་བཞིན་ཐར་པར་སྨྲ་བ་དག་གི་གཞུང་། གསེར་བདུན་ཅུ་པ་ཞེས་བྱ་བ་ལས་ཚིགས་སུ་བཅད་པ་དེ་སྐད་ཅེས་འབྱུང་སྟེ། རང་བཞིན་སྣ་ཚོགས་རྟེན་ཅན་ཞེས་བྱ་བ་ནི་རང་བཞིན་ཞེས་བྱ་བ་སྙིང་སྟོབས་དང་། རྡུལ་དང་། མུན་པའི་ཡོན་ཏན་གསུམ་ཆ་མཉམ་པར་གྱུར་པ་དེ་ནི་བློའི་དབང་པོ་ལྔ་དང་། ལས་ཀྱི་དབང་པོ་ལྔ་དང་། ཡིད་ཀྱི་དབང་པོ་ དང་། དེ་ཙམ་ལྔ་ལ་སོགས་པ་འགྲོ་བ་དང་མི་འགྲོ་བ་རྣམ་པ་སྣ་ཚོགས་ཀྱི་རྟེན་ཡིན་ཞིང་། དེ་ལ་སྣ་ཚོགས་རྟེན་པ་དག་ཡོད་པས་སྣ་ཚོགས་རྟེན་ཅན་ཞེས་བྱའོ། །འཁོར་དང་འཆིང་དང་ཐར་པར་འགྱུར། །ཞེས་བྱ་བ་ནི་དེ་ལྟར་རང་བཞིན་སྣ་ཚོགས་རྟེན་ཅན་དེ་ནི་གང་གི་ཚེ་འགྲོ་བ་ལྔ་པོ་དག་ཏུ་ འཁོར་བར་འགྱུར་བ་དེའི་ཚེ་ན་ནི་འཁོར་བར་འགྱུར་བ་ཡིན་ལ། གང་གི་ཚེ་རང་བཞིན་ལོང་བ་གྲུམ་པོའི་དོན་ལ་འཇུག་པ་བཞིན་དུ་སྐྱེས་བུའི་དོན་ལ་ལུས་དང་དབང་པོ་དང་ཡུལ་དག་ལ་འཇུག་པ་དེའི་ཚེ་ན་ནི་འཆིང་བར་འགྱུར་བ་ཡིན་ལ། གང་གི་ཚེ་རང་བཞིན་དེ་སྐྱེས་བུའི་དོན་ལས་ལྡོག་པ་དེའི་ཚེ་ན་ནི་ཐར་ པར་འགྱུར་བ་ཡིན་ཏེ། འདི་ལྟར་རང་བཞིན་ནི་བྱེད་པ་པོ་ཡིན་པས་བྱ་བ་དང་ལྡན་པའི་ཕྱིར་འཁོར་བ་དང་འཆིང་བ་དང་། ཐར་པར་ཡང་འགྱུར་གྱི་སྐྱེས་བུ་ནི་ཟ་བ་པོ་ཡིན་པས་བྱ་བ་དང་མི་ལྡན་པའི་ཕྱིར་འཁོར་བ་དང་འཆིང་བ་དང་ཐར་པར་ཡང་མི་འགྱུར་རོ། །དེ་ལྟར་རང་བཞིན་ཐར་པར་འགྱུར་བ་དེ་མྱ་ངན་ ལས་འདའ་བར་སྨྲ་སྟེ། འདི་ལ་གྲངས་ཅན་དག་རང་བཞིན་ཐར་པར་འདོད་པའི་གཞུང་ནི། གང་གི་ཚེ་བློ་ལ་འབའ་ཞིག་པ་ཉིད་ཀྱི་ཤེས་པ་སྐྱེས་པ་དེའི་ཚེ་ན་བློ་ཉིད་ཐར་པར་འགྱུར་ཏེ། དེ་ཡང་ཇི་སྲིད་དུ་བློས་བློ་བདག་ཀྱང་གཞན་ལ་སྙིང་སྟོབས་དང་རྡུལ་དང་མུན་པའི་རང་བཞིན་ཡང་གཞན་ནོ་སྙམ་དུ་མི་ཤེས་ པ་དེ་སྲིད་དུ་ནི་འབའ་ཞིག་པ་ཉིད་ཀྱི་ཤེས་པ་མི་སྐྱེ་བས་འཆིང་བ་ཡིན་གྱི། གང་གི་ཚེ་བློས་བློ་བདག་ཀྱང་གཞན་ལ་སྙིང་སྟོབས་དང་རྡུལ་དང་མུན་པའི་རང་བཞིན་ཡང་གཞན་ཡིན་ནོ་སྙམ་དུ་ཤེས་པ་དེའི་ཚེ་ན་ནི་འབའ་ཞིག་པ་ཉིད་ཀྱི་ཤེས་པ་སྐྱེ་བས་བློ་ཉིད་ཐར་པར་འགྱུར་བས། དེ་ལ་རང་བཞིན་ཐར་པར་འགྱུར་ བ་དེ་མྱ་ངན་ལས་འདའོ་ཞེས་ཟེར་རོ། །དེ་སྐད་ཅེས་ཟེར་བ་དེ་དག་གི་གཞུང་མི་འཐད་པར་སུན་དབྱུང་བའི་ཕྱིར། འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས། དེ་དག་གི་བདག་ཀྱང་གཞན་ལ་རང་བཞིན་ནོ་སྙམ་པའི་བློ་ནི་ལོག་པར་ལྟ་བ་ཡིན་ཏེ་ཞེས་བྱ་བ་སྨྲས་ཏེ། དེས་ན་གྲངས་ཅན་དེ་དག་གི་བློ་བདག་ཀྱང་ གཞན་ལ། རང་བཞིན་ཡང་གཞན་ནོ་སྙམ་པའི་བློ་དེ་ནི་ལོག་པར་ལྟ་བ་ཡིན་ཏེ། འབའ་ཞིག་ཉིད་ཀྱི་ཤེས་པ་སྐྱེ་བའི་རྒྱུ་མ་ཡིན་པས། དེ་ནི་འཆིང་བའི་རྒྱུ་ཡིན་གྱི་ཐར་པའི་རྒྱུ་མ་ཡིན་པའི་ཕྱིར་དེ་ལ་ཐར་པ་མེད་དོ། །ཅིའི་ཕྱིར་བདག་ཀྱང་གཞན་ལ་རང་བཞིན་ཡང་གཞན་ནོ་སྙམ་པའི་བློ་དེ་ལོག་པར་ལྟ་བ་ ཡིན་ཞེ་ན། དེའི་ཕྱིར། དེ་ལས་གཞན་མ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། གང་གི་ཕྱིར་བློ་ནི་རང་བཞིན་དེ་ལས་གཞན་མ་ཡིན་པ་དེའི་ཕྱིར་བདག་ཀྱང་གཞན་ལ་རང་བཞིན་ཡང་གཞན་ནོ་སྙམ་པའི་བློ་དེ་ལོག་པར་ལྟ་བ་ཡིན་ཏེ། ཇི་ལྟར་བློ་རང་བཞིན་ལས་གཞན་མ་ཡིན་ཞེ་ན། གྲངས་ཅན་དག་ ཉིད་ཀྱི་གཞུང་ལས་རང་བཞིན་ལས་ཆེན་པོ་འབྱུང་ཞིང་དེ་ལས་ང་རྒྱལ་འབྱུང་། དེ་ལས་དབང་པོ་དང་། ཡིད་དང་། དེ་ཙམ་དག་འབྱུང་ངོ་། །བློ་ནི་རང་བཞིན་གྱི་ངོ་བོ་ཉིད་ཡིན་པར་འདོད་པས་དེའི་ཕྱིར་བློ་བདག་ཀྱང་གཞན་ལ། སྙིང་སྟོབས་དང་རྡུལ་དང་མུན་པའི་ཡོན་ཏན་ཆ་མཉམ་པ་ཞེས་བྱ་བའི་རང་ བཞིན་ཡང་གཞན་ནོ་སྙམ་པའི་བློ་ལོག་པར་ལྟ་བ་དེ་ནི་འབའ་ཞིག་པ་ཉིད་ཀྱི་ཤེས་པ་སྐྱེ་བའི་རྒྱུ་མ་ཡིན་པས་དེ་ནི་འཆིང་བའི་རྒྱུ་ཡིན་གྱི་ཐར་པའི་རྒྱུ་མ་ཡིན་པའི་ཕྱིར་དེ་ལ་ཐར་པ་མེད་དོ། །ཅི་སྟེ་གྲངས་ཅན་དག་འདི་སྐད་ཅེས་བློ་དེ་ལ་བདག་ཀྱང་གཞན་ལ་རང་བཞིན་ཡང་གཞན་ནོ་སྙམ་པའི་ཤེས་པ་ཐ་ དད་པ་མེད་ཀྱང་རང་བཞིན་གྱིས་སྐྱེས་བུ་གཅིག་ཐར་པར་བྱས་པ་ན་རང་བཞིན་ཉིད་ཀྱང་ཐར་པར་འགྱུར་ཏེ། ཁོ་བོ་ཅག་གི་གཞུང་ལས་རང་བཞིན་ནི་བྲོ་གར་མཁན་དང་འདྲ་སྟེ། ཇི་ལྟར་བྲོ་གར་མཁན་གྱིས། བྲོ་གར་གྱིས་གྲོང་གཅིག་གི་དོན་བྱས་ནས་གྲོང་གཞན་དགའ་བར་བྱ་བའི་ཕྱིར་གྲོང་གཞན་དག་ ཏུ་ཡང་རྒྱུ་ཞིང་འགྲོ་བ་དེ་བཞིན་དུ། རང་བཞིན་ཡང་སྐྱེས་བུ་གཅིག་ཐར་པར་བྱས་ནས་ཡང་སྐྱེས་བུ་གཞན་དག་ཐར་པར་བྱ་བའི་ཕྱིར་སྐྱེས་བུ་གཞན་དག་གི་དོན་ལ་འཇུག་ཅིང་འགྲོའོ་ཞེས་འབྱུང་བས་རང་བཞིན་ལ་ཐར་པ་ཡོད་དོ་ཞེས་ཟེར་བའི་ཕྱོགས་སྔ་མ་ཁོང་ནས་དབྱུང་བ་དེའི་ལན་དུ། འདིར་འགྲེལ་ པ་བྱེད་པ་ཉིད་ཀྱིས་ཐར་པར་གྱུར་ན་ཡང་སྐྱེས་བུ་དུ་མ་དག་གི་ཐུན་མོང་ཡིན་པའི་ཕྱིར། དོན་མ་བྱས་པའི་སྐྱེས་བུ་དག་གི་ཕྱིར་འཇུག་པས་ཐར་པ་མེད་དོ་ཞེས་བྱ་བ་སྨྲས་ཏེ། དེ་ལྟར་ན་རང་བཞིན་དེས་སྐྱེས་བུ་གཅིག་ཐར་པར་གྱུར་ན་ཡང་དེ་སྐྱེས་བུ་དུ་མ་དག་གི་ཐུན་མོང་ཡིན་པའི་ཕྱིར་དོན་མ་བྱས་པའི་སྐྱེས་བུ་དག་ གི་ཕྱིར་འཇུག་པས། སྐྱེས་བུ་དག་ལ་མཐའ་མེད་པའི་ཕྱིར་རང་བཞིན་དེ་ལ་ནམ་ཡང་ཐར་པ་མེད་དོ། །རེ་ཞིག་དེ་དག་གིས་ནི་རང་བཞིན་ཐར་པར་སྨྲ་བའི་གཞུང་མི་འཐད་པར་བསྟན་ཏོ། །ད་ནི་སྐྱེས་བུ་ཐར་པར་སྨྲ་བའི་གཞུང་མི་འཐད་པར་བསྟན་པའི་ཕྱིར། གང་དག་སྐྱེས་བུའི་དབང་དུ་བྱས་པའི་འཆིང་བས་སྔར་ བཅིངས་པ་ཐར་པར་གྱུར་པར་སྨྲ་བ་ཞེས་བྱ་བ་སྨྲས་ཏེ། དེས་ནི་སྐྱེས་བུ་ཐར་པར་སྨྲ་བའི་གཞུང་སྟོན་ཏེ། དེ་ཡང་གྲངས་ཅན་སྐྱེས་བུ་ཐར་པར་སྨྲ་བ་དག་གི་གཞུང་ལས་འདི་སྐད་ཅེས། གལ་ཏེ་སྐྱེས་བུ་མེད་ན་རང་བཞིན་སྐྱེས་བུའི་དོན་ལ་འཇུག་པར་མི་འགྱུར་བས་དེའི་ཕྱིར་རང་བཞིན་ སྐྱེས་བུའི་དོན་ལ་འཇུག་ཅིང་རང་བཞིན་སྐྱེས་བུའི་འཆིང་བ་ཡིན་པ་ནི་སྐྱེས་བུའི་དབང་དུ་བྱས་པའི་འཆིང་བ་ཞེས་བྱ་སྟེ། འདི་ལྟར་རང་བཞིན་ནི་འཆིང་བ་ཡིན་པས། དེ་བདག་ཉིད་ཀྱིས་བདག་ཉིད་འཆིང་བར་མི་བྱེད་ཀྱི་གཞན་འཆིང་བར་བྱེད་དེ། དེས་བཅིང་བར་བྱ་བ་གཞན་དེ་ནི་སྐྱེས་བུ་ཡིན་པས་ སྐྱེས་བུ་ནི་རང་བཞིན་གྱིས་བཅིངས་སོ། །དེ་ལྟར་སྐྱེས་བུའི་དབང་དུ་བྱས་པའི་རང་བཞིན་གྱིས་འཆིང་བས་སྔར་བཅིངས་པའི་སྐྱེས་བུ་དེ་ནི་ཕྱིས་ཐར་པར་འགྱུར་རོ། །དེ་ལ་ཇི་ལྟར་ན་སྐྱེས་བུའི་དབང་དུ་བྱས་པའི་རང་བཞིན་གྱི་འཆིང་བས་སྐྱེས་བུ་དེ་སྔར་བཅིངས་ཤེ་ན། སྔོན་ཇི་སྲིད་དུ་རང་བཞིན་གྱི་ཆར་ གཏོགས་པའི་བློ་དེས་བློ་བདག་ཀྱང་གཞན་ལ་སྙིང་སྟོབས་དང་རྡུལ་དང་མུན་པའི་རང་བཞིན་ཡང་གཞན་ནོ་སྙམ་དུ་མི་ཤེས་པ་དེ་སྲིད་དུ་ནི་བློ་དེ་ལ་འབའ་ཞིག་པ་ཉིད་ཀྱི་ཤེས་པ་མི་སྐྱེ་བས་བློ་ཉིད་བཅིངས་པ་ཡིན་ལ། བློ་བཅིངས་པ་དེས་དཔེར་ན་གཟུགས་ལ་བརྟེན་ཏེ་གཟུགས་བརྙན་འབྱུང་བ་བཞིན་ དུ་སྐྱེས་བུ་ཡང་འཆིང་བར་བྱེད་པས། དེ་ནི་སྐྱེས་བུའི་དབང་དུ་བྱས་པའི་རང་བཞིན་གྱི་འཆིང་བས་སྐྱེས་བུ་སྔར་བཅིངས་པ་ཡིན་ནོ། །ཇི་ལྟར་ན་སྐྱེས་བུའི་དབང་དུ་བྱས་པའི་རང་བཞིན་གྱི་འཆིང་བས་སྔར་བཅིངས་པའི་སྐྱེས་བུ་དེ་ཕྱིས་ཐར་པར་འགྱུར་ཞེ་ན། གང་གི་ཚེ་རང་བཞིན་གྱི་ཆར་གཏོགས་ པའི་བློ་དེས་བློ་བདག་ཀྱང་གཞན་ལ། སྙིང་སྟོབས་དང་རྡུལ་དང་མུན་པའི་རང་བཞིན་ཡང་གཞན་ནོ་སྙམ་དུ་ཤེས་པ་དེའི་ཚེ་ན་བློ་དེ་ལ་འབའ་ཞིག་པ་ཉིད་ཀྱི་ཤེས་པ་སྐྱེ་བས་བློ་ཉིད་ཐར་པ་ཡིན་ལ། བློ་ཐར་པ་དེས་དཔེར་ན་གཟུགས་ལ་བརྟེན་ནས་གཟུགས་བརྙན་འབྱུང་བ་བཞིན་དུ་སྐྱེས་བུ་ཡང་ཐར་པར་བྱེད་པས་དེ་ ལྟར་བློས་བདག་ཉིད་ཀྱང་གཞན་ལ་རང་བཞིན་ཡང་གཞན་ཡིན་ནོ་སྙམ་དུ་ཤེས་པས་བདག་ཉིད་ཐར་པ་གཟུགས་ལྟ་བུ་དེ་ལ་བརྟེན་ནས་སྐྱེས་བུ་ལ་ཡང་དེ་ལྟར་ཤེས་པ་གཟུགས་བརྙན་ལྟ་བུ་སྐྱེ་ཞིང་སྐྱེས་བུ་ཐར་པར་འགྱུར་བ་ནི། སྐྱེས་བུའི་དབང་དུ་བྱས་པའི་རང་བཞིན་གྱི་འཆིང་བས་སྔར་བཅིངས་པའི་སྐྱེས་ བུ་ཕྱིས་ཐར་པ་ཞེས་བྱ་སྟེ། དེ་ལྟར་སྐྱེས་བུ་ཐར་པར་འགྱུར་བ་དེ་མྱ་ངན་ལས་འདའོ་ཞེས་ཟེར་རོ། །དེ་སྐད་ཅེས་ཟེར་བ་དེ་དག་གི་གཞུང་མི་འཐད་པར་སུན་དབྱུང་བའི་ཕྱིར་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས། དེ་དག་གི་བདག་ཀྱང་གཞན་ལ་རང་བཞིན་ཡང་གཞན་ནོ་སྙམ་དུ་བློ་ངེས་པར་བྱས་པ་ཡང་སྐྱེས་བུ་སྔ་ཕྱིའི་ ཁྱད་པར་མ་སྐྱེས་པ་ལ་གང་གིས་བཅིངས་པ་དང་ཐར་པ་ཞེས་བྱ་བར་བརྗོད་པའི་ཁྱད་པར་མེད་དོ་ཞེས་བྱ་བ་སྨྲས་ཏེ། གྲངས་ཅན་དག་གི་བློ་གཟུགས་ལྟ་བུས་བདག་ཀྱང་གཞན་ལ་རང་བཞིན་ཡང་གཞན་ནོ་སྙམ་དུ་ངེས་པར་བྱས་ཏེ་བདག་ཉིད་ཐར་པས་སྐྱེས་བུ་གཟུགས་བརྙན་ལྟ་བུ་ཡང་ཐར་པར་འགྱུར་རོ་ཞེས་ བྱ་བ་ཡང་། གྲངས་ཅན་བདག་ཉིད་ཀྱིས་གཞུང་ལས་སྐྱེས་བུ་ནི་རྟག་པ་མི་འགྱུར་བ་སྔ་ཕྱིའི་ཁྱད་པར་མ་སྐྱེས་པ་ཡིན་པར་འདོད་པས་དེས་ན་རང་བཞིན་གྱིས་ཆར་གཏོགས་པའི་བློས་བདག་ཀྱང་གཞན་ལ་རང་བཞིན་ཡང་གཞན་ནོ་སྙམ་དུ་ངེས་པར་བྱས་སུ་ཟིན་ཀྱང་། སྐྱེས་བུ་རྟག་པ་མི་འགྱུར་བ་སྔ་ཕྱིའི་ ཁྱད་པར་མ་སྐྱེས་པ་ལ་གནས་སྐབས་གང་གིས་བཅིངས་པ་ཞེས་བྱ་བར་བརྗོད་པའི་ཁྱད་པར་དང་། གནས་སྐབས་གང་གིས་ཐར་པ་ཞེས་བྱ་བར་བརྗོད་པའི་ཁྱད་པར་དམིགས་སུ་མེད་པས་དེའི་ཕྱིར་གཟུགས་དང་གཟུགས་བརྙན་གྱི་ཚུལ་ལྟར་རང་བཞིན་ཐར་པས་སྐྱེས་བུ་ཐར་པར་མི་འགྱུར་བས་སྐྱེས་ བུ་ལ་ཐར་པ་མེད་དོ། །གལ་ཏེ་འདིར་གྲངས་ཅན་དག་འདི་སྐད་ཅེས་ཁོ་བོ་ཅག་གི་གྲུབ་པའི་མཐའ་ལ་ཡོངས་སུ་གྱུར་པ་ཞེས་བྱ་བའི་ཆོས་ཡོད་པས། དེས་དཔེར་ན་གསེར་གྱི་རང་བཞིན་མི་འགྱུར་ཡང་གདུ་བུ་དང་དཔུང་རྒྱན་ལ་སོགས་པའི་དབྱིངས་ཡོངས་སུ་འགྱུར་བ་བཞིན་དུ་སྐྱེས་བུའི་རང་བཞིན་མི་ འགྱུར་ཡང་བློས་བདག་ཀྱང་གཞན་ལ་རང་བཞིན་ཡང་གཞན་ནོ་སྙམ་དུ་ངེས་པར་བྱས་ཏེ་ཐར་པར་གྱུར་པ་ན་སྐྱེས་བུ་ཡང་དེའི་རྣམ་པར་ཡོངས་སུ་འགྱུར་བའི་ཕྱིར་སྐྱེས་བུ་ཐར་བར་འགྱུར་རོ་ཞེས་ཟེར་བའི་ཕྱོགས་སྔ་མ་ཁོང་ནས་དབྱུང་བ་དེའི་ལན་དུ། འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས། གལ་ཏེ་ཡོངས་སུ་ འགྱུར་ན་ཡང་། ཡོངས་སུ་འགྱུར་བའི་ཕྱིར་ཤེས་པ་ཡོད་པ་ཉིད་མ་ཡིན་པའི་སྐྱོན་དུ་འགྱུར་རོ་ཞེས་བྱ་བ་སྨྲས་ཏེ། གང་གི་ཕྱིར་ཡོངས་སུ་འགྱུར་བ་ཞེས་བྱ་བ་ནི་མི་རྟག་པ་སྟེ། རང་བཞིན་གྱི་ཆོས་ཡིན་གྱི། སྐྱེས་བུའི་ཆོས་མ་ཡིན་པ་དེའི་ཕྱིར། གལ་ཏེ་སྐྱེས་བུ་དེ་ཡོངས་སུ་འགྱུར་ན་ ཡོངས་སུ་འགྱུར་བའི་ཕྱིར་ཤེས་པ་ཡོད་པ་ཉིད་མ་ཡིན་པའི་སྐྱོན་དུ་འགྱུར་བས་དེ་ཡང་མི་རུང་ངོ་། །གལ་ཏེ་འདིར་གྲངས་ཅན་དག་འདི་སྐད་ཅེས་དཔེར་ན་གཟུགས་ཡོད་པ་ཙམ་གྱིས་གཟུགས་བརྙན་འབྱུང་བ་དེ་བཞིན་དུ་བློ་ཡོད་པ་ཙམ་གྱིས་སྐྱེས་བུ་ལ་འབའ་ཞིག་པ་ཉིད་ཀྱི་ཤེས་པ་སྐྱེ་བར་འགྱུར་ ཏེ། དེ་ཡང་གང་གི་ཚེ་རང་བཞིན་གྱི་ཆར་གཏོགས་པའི་ནང་གི་བྱེད་པའི་བློ་ལ་སྙིང་སྟོབས་དང་། རྡུལ་དང་། མུན་པའི་ཡོན་ཏན་གསུམ་ལས་སྙིང་སྟོབས་ཤས་ཆེ་བར་གྱུར་པ་ན་བློ་དེ་ལ་བདག་ཀྱང་གཞན་ལ་རང་བཞིན་ཡང་གཞན་ནོ་སྙམ་དུ་ཤེས་པའི་ངེས་པ་སྐྱེ་བར་འགྱུར་ཞིང་དེ་ལྟར་བློ་ལ་ངེས་པ་ སྐྱེས་པ་ཡོད་པ་ཙམ་གྱིས་དཔེར་ན་གཟུགས་ཡོད་ན་གཟུགས་བརྙན་འབྱུང་བ་བཞིན་དུ་སྐྱེས་བུ་ལ་ཡང་འབའ་ཞིག་པ་ཉིད་ཀྱི་ཤེས་པ་སྐྱེ་བར་འགྱུར་བས་སྐྱེས་བུ་ལ་ཐར་པ་ཡོད་དོ་ཞེས་ཟེར་བའི་ཕྱོགས་སྔ་མ་ཁོང་ནས་དབྱུང་བ་དེའི་ལན་དུ། འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས། ཅི་སྟེ་ཡོད་པ་ཙམ་གྱིས་ ཕན་འདོགས་པ་ཉིད་ཀྱིས་ནང་གི་བྱེད་པ་སྙིང་སྟོབས་ཤས་ཆེ་བར་གྱུར་པ་ན་གཟུགས་བརྙན་འབྱུང་བའི་རྒྱུ་ཉིད་ཀྱིས་བདག་ཀྱང་གཞན་ལ་རང་བཞིན་ཡང་གཞན་ནོ་སྙམ་དུ་ངེས་པར་གྱུར་ན་ཡང་། དེ་ལྟ་ན་ཡང་ནང་གི་བྱེད་པ་ལ་བྱེ་བྲག་ཡོད་པར་ཟད་ཀྱི་སྐྱེས་བུ་ལ་བྱེ་བྲག་མེད་པས་ཐར་པ་མེད་དོ་ཞེས་བྱ་བ་སྨྲས་ཏེ། དེ་ ལྟ་ན་ཡང་རང་བཞིན་གྱི་ཆར་གཏོགས་པའི་ནང་གི་བྱེད་པ་པོའི་བློ་ལ་བདག་ཀྱང་གཞན་ལ། རང་བཞིན་ཡང་གཞན་ནོ་སྙམ་དུ་ཤེས་པའི་བྱེ་བྲག་ཡོད་པར་ཟད་ཀྱི། སྐྱེས་བུ་ལ་བྱེ་བྲག་མེད་པས་ཐར་པ་ཡང་མེད་དོ། །གལ་ཏེ་འདིར་གྲངས་ཅན་དག་འདི་སྐད་ཅེས་ཁོ་བོ་ཅག་གི་གྲུབ་ པའི་མཐའ་ལས་གཟུགས་ལས་གཟུགས་བརྙན་འབྱུང་བ་བཞིན་དུ་རང་བཞིན་གྱི་ཆར་གཏོགས་པའི་བློ་ངེས་པ་སྐྱེ་སྟེ། སྔར་བཅིངས་པའི་གནས་སྐབས་ལས་ཕྱིས་ཐར་པའི་གནས་སྐབས་ཀྱི་བྱེ་བྲག་ཡོད་པ་ལ་བརྟེན་ནས། སྐྱེས་བུ་ལ་ཡང་བྱེ་བྲག་ཡོད་པར་འདོད་པས་སྐྱེས་བུ་ཐར་པ་ཡོད་དོ་ཞེས་ཟེར་བའི་ ཕྱོགས་སྔ་མ་ཁོང་ནས་དབྱུང་བ་དེའི་ལན་དུ། འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས། བྱེ་བྲག་ཡོད་ན་ཡང་སྐྱོན་སྔ་མ་བཞིན་དུ་འགྱུར་རོ་ཞེས་བྱ་བ་སྨྲས་ཏེ། སྐྱེས་བུ་ལ་བྱེ་བྲག་ཡོད་ན་འགྱུར་བ་ཡིན་པའི་ཕྱིར་རྟག་པ་ཉིད་མེད་པས་ཤེས་པ་ཡོད་པ་ཉིད་མ་ཡིན་པའི་སྐྱོན་སྔ་མ་བཞིན་དུ་འགྱུར་བས་དེ་ཡང་མི་རུང་ ཡང་གཞན་ཡང་བདག་ཀྱང་གཞན་ལ་རང་བཞིན་ཡང་གཞན་ནོ་སྙམ་དུ་ཤེས་པ་བཟློག་པ་ཡོད་ཀྱང་། སྐྱེས་བུ་ལ་ཤེས་པ་བཟློག་པ་མི་སྐྱེ་བའི་ཕྱིར་རོ་ཞེས་བྱ་བས་ནི། ཡང་གཞན་ཡང་གྲངས་ཅན་དག་ཟེར་བ་ལྟར་རང་བཞིན་གྱི་ཆར་གཏོགས་པའི་བློ་དེ་ལ་བློ་བདག་ཀྱང་གཞན་ལ། སྙིང་སྟོབས་ དང་། རྡུལ་དང་། མུན་པའི་ཡོན་ཏན་གསུམ་ཆ་མཉམ་པའི་རང་བཞིན་ཡང་གཞན་ནོ་སྙམ་དུ་ཤེས་པ་སྐྱེས་པའི་དུས་ན། བློ་དེ་ལ་བཅིངས་པའི་གནས་སྐབས་ཀྱི་སེམས་ལས་བཟློག་པ་རྣམ་པར་གྲོལ་བའི་གནས་སྐབས་ཀྱི་སེམས་སྐྱེ་ཞིང་ཤེས་པ་བཟློག་པ་དེ་ཡོད་ཀྱང་སྐྱེས་བུ་རྟག་པ་མི་ འགྱུར་བ་སྔ་ཕྱིའི་ཁྱད་པར་མ་སྐྱེས་པ་དེ་ལ་ཤེས་པ་བཟློག་པ་མི་སྐྱེ་བའི་ཕྱིར་དེས་ན་སྐྱེས་བུ་དེ་ལ་སྔོན་བཅིངས་པའི་གནས་སྐབས་ཀྱི་སེམས་ལས་བཟློག་པ་རྣམ་པར་གྲོལ་བའི་གནས་སྐབས་ཀྱི་སེམས་ཀྱི་ཁྱད་པར་འགའ་ཡང་མི་སྐྱེ་བས་དེ་ལྟ་ན་ཡང་སྐྱེས་བུ་ལ་ཐར་པ་མེད་དོ། །ཁྱེད་རྒྱའི་ གཟུགས་བརྙན་འབྱུང་བའི་ཚུལ་གྱིས་ཐར་པ་འདོད་པ་དེ་ལ་ཡང་ཞེས་བྱ་བས་ནི། གྲངས་ཅན་དག་རྒྱའི་གཟུགས་ལ་བརྟེན་ནས་འབུར་གྱི་གཟུགས་བརྙན་འབྱུང་བའི་ཚུལ་བཞིན་དུ་གང་གི་ཚེ་རང་བཞིན་གྱི་ཆར་གཏོགས་པའི་བློ་དེས་བློ་བདག་ཀྱང་གཞན་ལ་སྙིང་སྟོབས་དང་། རྡུལ་དང་། མུན་པའི་རང་བཞིན་ཡང་གཞན་ནོ་སྙམ་དུ་ཤེས་པ་དེའི་ཚེ་ན། བློ་དེ་ལ་འབའ་ཞིག་པ་ཉིད་ཀྱི་ཤེས་པ་སྐྱེ་བས་བློ་ཉིད་ཐར་པ་ཡིན་ལ། བློ་ཐར་པ་རྒྱའི་གཟུགས་ལྟ་བུ་དེ་ལ་བརྟེན་ནས་སྐྱེས་བུ་ལ་ཡང་འབུར་གྱི་གཟུགས་བརྙན་ལྟ་བུའི་འབའ་ཞིག་པའི་ཤེས་པ་སྐྱེ་བའི་ཚུལ་གྱིས་སྐྱེས་བུ་ལ་ ཡང་ཐར་པ་ཡོད་པར་འདོད་པའི་ཚུལ་དེ་མི་འཐད་པར་སུན་འབྱིན་པ་སྟོན་ཏོ། །ཇི་ལྟར་དེ་མི་འཐད་ཅེ་ན། དེའི་ཕྱིར། སྐྱེས་བུ་ལ་འགྱུར་བ་མེད་པའི་ཕྱིར་སྔ་ནས་མ་བཟློག་པ་ཡིན་པ་ལ་ཕྱིས་ཀྱང་ཤེས་པ་མ་ནོར་བ་སྐྱེ་མི་སྲིད་དེ། མ་བཟློག་པའི་ཕྱིར། དཔེར་ན་ཕྱི་མ་བཞིན་པས་ཐར་པ་མེད་དོ་ཞེས་བྱ་ བ་སྨྲས་ཏེ། དེས་ནི་སྐྱེས་བུ་ནི་རྟག་པ་འགྱུར་བ་མེད་པའི་ཕྱིར་རང་བཞིན་དང་མཚན་ཉིད་ཐ་དད་པ་ཉིད་ཡིན་པས་སྔ་ནས་བཅིངས་པའི་གནས་སྐབས་ཀྱི་སེམས་ལས་མ་བཟློག་ཅིང་རྣམ་པར་གྲོལ་བའི་གནས་སྐབས་ཀྱི་སེམས་མ་སྐྱེས་པ་ཡིན་པས་དེ་ལྟར་སྐྱེས་བུ་ལ་འགྱུར་བ་མེད་པའི་ཕྱིར་སྔ་ནས་ མ་བཟློག་པ་ཡིན་པ་དེ་ལ། ཕྱིས་ཀྱང་འབའ་ཞིག་པ་ཉིད་ཀྱི་ཤེས་པ་མ་ནོར་བ་སྐྱེ་མི་སྲིད་དེ། སྔ་ནས་མ་བཟློག་པ་ཡིན་པའི་ཕྱིར་དཔེར་ན་རྣམ་པར་གྲོལ་བའི་གནས་སྐབས་ཕྱི་མ་རྣམ་པར་གྲོལ་ཟིན་པ་ལ་ཡང་འབའ་ཞིག་པ་ཉིད་ཀྱི་ཤེས་པ་མ་ནོར་བ་སྐྱེ་མི་སྲིད་པ་བཞིན་པས་དེའི་ཕྱིར་ རྒྱའི་གཟུགས་ལ་བརྟེན་ནས་འབུར་གྱི་གཟུགས་བརྙན་འབྱུང་བའི་ཚུལ་བཞིན་དུ་གང་གི་ཚེ་རང་བཞིན་གྱི་ཆར་གཏོགས་པའི་བློ་བདག་ཀྱང་གཞན་ལ་སྙིང་སྟོབས་དང་། རྡུལ་དང་། མུན་པའི་རང་བཞིན་ཡང་གཞན་ནོ་སྙམ་དུ་ཤེས་པ་དེའི་ཚེ་ན་བློ་དེ་ལ་འབའ་ཞིག་པ་ཉིད་ཀྱི་ཤེས་པ་སྐྱེ་བས་བློ་ཉིད་ཐར་པ་ ཡིན་ལ། བློ་ཐར་པ་རྒྱའི་གཟུགས་ལྟ་བུ་དེ་ལ་བརྟེན་ནས་སྐྱེས་བུ་ལ་ཡང་འབུར་གྱི་གཟུགས་བརྙན་ལྟ་བུའི་འབའ་ཞིག་པ་ཉིད་ཀྱི་ཤེས་པ་སྐྱེ་བའི་ཚུལ་གྱིས་སྐྱེས་བུ་ལ་ཡང་ཐར་པ་ཡོད་པར་འདོད་པའི་ཚུལ་དེ་མི་འཐད་པས་སྐྱེས་བུ་ལ་ཐར་པ་མེད་དོ་ཞེས་སྟོན་ཏེ། དེ་དག་ཀྱང་ཆོས་ཅན་དང་། བསྒྲུབ་པར་ བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་དང་། མཇུག་བསྡུ་བ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་སྔོན་རྣམ་པར་མ་གྲོལ་བའི་གནས་སྐབས་ལ་ལྟོས་ཏེ། རྣམ་པར་གྲོལ་བའི་གནས་སྐབས་ཕྱི་མ་རྣམ་པར་གྲོལ་ཟིན་པ་ནི། རྣམ་པར་གྲོལ་བ་ཚུན་ཆད་ནས་བཅིངས་པའི་གནས་སྐབས་ ཀྱི་སེམས་ལས་མ་བཟློག་ཅིང་རྣམ་པར་གྲོལ་བའི་གནས་སྐབས་ཀྱི་སེམས་གཞན་མ་སྐྱེས་པའི་ཚུལ་གྱིས་སྔ་ནས་མ་བཟློག་པ་ཡིན་པའི་ཕྱིར། དེ་ལ་ཕྱིས་ཀྱང་འབའ་ཞིག་པ་ཉིད་ཀྱི་ཤེས་པ་མ་ནོར་བ་སྐྱེ་མི་སྲིད་པས། དེ་ལ་ཐར་པ་མེད་པ་དེ་བཞིན་དུ་གྲངས་ཅན་དག་གིས་བརྟགས་པའི་སྐྱེས་བུ་རྟག་པ་ འགྱུར་བ་མེད་པ་རང་བཞིན་དང་མཚན་ཉིད་ཐ་དད་པ་ཉིད་ཡིན་པ་སྔ་ནས་བཅིངས་པའི་གནས་སྐབས་ཀྱི་སེམས་ལས་མ་བཟློག་ཅིང་རྣམ་པར་གྲོལ་བའི་གནས་སྐབས་ཀྱི་སེམས་མ་སྐྱེས་པའི་ཚུལ་གྱིས་སྔ་ནས་མ་བཟློག་པ་ཡིན་པ་དེ་ཡང་བཅིངས་པའི་གནས་སྐབས་ཀྱི་སེམས་ལས་མ་བཟློག་ཅིང་རྣམ་པར་ གྲོལ་བའི་གནས་སྐབས་ཀྱི་སེམས་གཞན་མ་སྐྱེས་པའི་ཚུལ་གྱིས་སྔ་ནས་མ་བཟློག་པ་ཡིན་པའི་ཕྱིར་དེ་ལ་ཕྱིས་ཀྱང་འབའ་ཞིག་པ་ཉིད་ཀྱི་ཤེས་པ་མ་ནོར་བ་སྐྱེ་མི་སྲིད་པས། དེ་ལ་ཐར་པ་མེད་དོ། །གལ་ཏེ་འདིར་གྲངས་ཅན་དག་འདི་སྐད་ཅེས་ཁོ་བོ་ཅག་རྒྱའི་གཟུགས་བརྙན་འབྱུང་བའི་ཚུལ་གྱིས་ སྐྱེས་བུ་ལ་ཐར་པ་ཡོད་པར་འདོད་པས། དེས་ན་སྐྱེས་བུ་སྔ་ནས་མ་བཟློག་པ་ཡིན་ཡང་ཕྱིས་དེ་བློ་རྒྱའི་གཟུགས་ལྟ་བུ་ལ་བརྟེན་ནས་སྐྱེས་བུ་ལ་ཡང་འབའ་ཞིག་པ་ཉིད་ཀྱི་ཤེས་པ་མ་ནོར་བ་འབུར་གྱི་གཟུགས་བརྙན་ལྟ་བུ་སྐྱེ་བའི་ཚུལ་གྱིས་སྐྱེས་བུ་ལ་ཐར་པ་ཡོད་པར་འགྱུར་བས་ཁྱེད་ཀྱི་སྒྲུབ་པ་སྔ་མ་དེ་དག་ ཁོ་བོ་ཅག་གི་ཕྱོགས་ལ་མི་གནོད་དོ་ཞེས་ཟེར་བའི་ཕྱོགས་སྔ་མ་ཁོང་ནས་དབྱུང་བ་དེའི་ལན་དུ། འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས། ཤེས་པ་སྐྱེས་ནས་ཡང་འགྱུར་བའི་ཕྱིར་ཤེས་པ་ཡོད་པ་ཉིད་མ་ཡིན་པ་ལ་སོགས་པའི་སྐྱོན་དུ་ཐལ་བར་འགྱུར་རོ་ཞེས་བྱ་བ་སྨྲས་ཏེ། དེ་ལྟར་སྔོན་འབའ་ཞིག་པ་ ཉིད་ཀྱི་ཤེས་པ་མ་ནོར་བ་མ་སྐྱེས་པ་ལས་ཕྱིས་སྐྱེས་པར་གྱུར་ན། དེ་ལྟ་ན་སྐྱེས་བུ་ལ་འགྱུར་བ་ཡོད་པའི་ཕྱིར་ཤེས་པ་ཡོད་པ་ཉིད་མ་ཡིན་པ་དང་། མི་རྟག་པ་དང་། བྱ་བ་དང་བཅས་པ་ཉིད་ལ་སོགས་པའི་སྐྱོན་དུ་ཐལ་བར་འགྱུར་བས་དེ་ཡང་མི་རུང་ངོ་། །འདིར་གལ་ཏེ་གྲངས་ཅན་དག་འདི་ སྐད་ཅེས་གང་གི་ཚེ། མིག་ལ་སོགས་པ་ནང་གི་བྱེད་པ་རང་བཞིན་གྱི་ཆར་གཏོགས་པ་དག་གི་ཆོས་གཟུགས་འཛིན་པ་ལ་སོགས་པ་དག་སྐྱེ་བ་མེད་པར་མཐོང་བ་དེའི་ཚེ་ན་ནང་གི་བྱེད་པ་རྣམས་ཡུལ་ལ་མི་འཇུག་པ་གང་ཡིན་པ་དེ་ཉིད་ཐར་པ་ཡིན་ལ། དེའི་ཚེ་ན་སྐྱེས་བུ་ཡང་ཞར་ལ་ཐར་བས་དེའི་ ཕྱིར་སྐྱེས་བུ་ལ་ཡང་ཐར་པ་ཡོད་དོ་ཞེས་ཟེར་བའི་ཕྱོགས་སྔ་མ་ཁོང་ནས་དབྱུང་བ་དེའི་ལན་དུ། འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས་བྱེད་པོའི་ཆོས་འཛིན་པ་ལ་སོགས་པ་དག་ནི། རྗེ་དཔོན་རྒྱལ་བ་བཞིན་དུ་སྐྱེས་བུ་ལ་ཉེ་བར་བཏགས་པའི་ཕྱིར། ཐར་པ་ཉེ་བར་བཏགས་པ་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། དེ་ ལྟར་གང་གི་ཚེ་མིག་ལ་སོགས་པ་ནང་གི་བྱེད་པ་རང་བཞིན་གྱི་ཆར་གཏོགས་པ་དག་གི་ཆོས་གཟུགས་འཛིན་པ་ལ་སོགས་པ་དག་སྐྱེ་བ་མེད་པར་མཐོང་བས་དེའི་ཚེ་ན། ནང་གི་བྱེད་པ་རྣམས་ཡུལ་ལ་མི་འཇུག་པ་གང་ཡིན་པ་དེ་ཉིད་ཐར་པ་ཡིན་ལ། དེའི་ཚེ་ན་སྐྱེས་བུ་ཡང་ཞར་ལ་ཐར་པ་འདོད་ན་དེ་ལྟར་ བྱེད་པོའི་ཆོས་འཛིན་པ་ལ་སོགས་པ་དག་ཐར་པས་སྐྱེས་བུ་ཐར་པར་འདོད་པ་དེ་ནི་དཔེར་ན་གཡོག་འཁོར་དག་གིས་ཕ་རོལ་གྱི་ཡུལ་འཁོར་ལས་རྒྱལ་བར་བྱས་པ་རྗེ་དཔོན་ལ་ཉེ་བར་བཏགས་ཏེ། རྗེ་དཔོན་རྒྱལ་བར་གྱུར་ཏོ་ཞེས་ཟེར་བ་ནི་རྗེ་དཔོན་ལ་ཉེ་བར་བཏགས་པའི་ཕྱིར་རྒྱལ་བ་དེ་རྗེ་དཔོན་དངོས་ཀྱི་ མ་ཡིན་པ་དེ་བཞིན་དུ་བྱེད་པོའི་ཆོས་འཛིན་པ་ལ་སོགས་པ་དག་ཐར་པར་གྱུར་པ་སྐྱེས་བུ་ལ་ཉེ་བར་བཏགས་ཏེ་སྐྱེས་བུ་ཐར་པར་འདོད་པ་དེ་ཡང་སྐྱེས་བུ་ལ་ཉེ་བར་བཏགས་པའི་ཕྱིར། ཐར་པ་དེ་སྐྱེས་བུ་དངོས་ཀྱི་མ་ཡིན་པས་སྐྱེས་བུ་ལ་ཐར་པ་མེད་དོ། །དེ་ལྟར་རང་བཞིན་ཡང་ཐར་པར་མི་འཐད་ལ། སྐྱེས་བུ་ ཡང་ཐར་པར་མི་འཐད་པ་དེའི་ཕྱིར། སློབ་དཔོན་འཕགས་པ་ལྷས། གལ་ཏེ་བདག་ཅེས་བྱ་བ་ཡོད། །བདག་མེད་ཅེས་བྱ་དེ་མི་རིགས། །ཡང་ན་དེ་ཉིད་རྟོགས་པའམ། །མྱ་ངན་འདའ་བ་ངེས་བརྫུན་འགྱུར། །ཞེས་གསུངས་པས་གྲུབ་པོ། །ཞར་ལ་བཤད་པས་ཆོག་གི་སྐབས་ཉིད་དཔྱད་ པར་བྱའོ་ཞེས་བྱ་བ་ནི། བརྟག་པ་གོང་མའི་མཇུག་བསྡུ་བ་དང་། འོག་མའི་མགོ་འདྲེན་པའི་ཚིག་ཡིན་ནོ། དེ་ལྟར་ནང་དང་ཕྱི་རོལ་གྱི་སྐྱེ་མཆེད་རྣམས་ཀྱི་དེ་ཁོ་ན་ཉིད་རྟོགས་པར་བྱེད་པ་ལ་བརྩོན་པའི་རྣལ་འབྱོར་པ་དེས་དེ་དག་སྟོང་པ་ཉིད་དུ་རྟོགས་པའི་ཕྱིར། ནང་དང་ཕྱི་རོལ་ཉིད་དག་ལ། ། བདག་དང་བདག་གི་ཟད་གྱུར་ན། །ཉེ་བར་ལེན་པ་འགག་འགྱུར་ཞིང་། །དེ་ཟད་པས་ན་སྐྱེ་བ་ཟད། །ཅེས་བྱ་བས་ནི་དེ་ལྟར་རྣལ་འབྱོར་པ་གང་ཟག་བདག་མེད་པའི་དེ་ཁོ་ན་མཐོང་བར་འདོད་པ་ཡོངས་སུ་རྟོགས་པ་དང་ལྡན་པས་ཕྱི་དང་ནང་གི་འདུ་བྱེད་རྣམས་ལ་བདག་དང་བདག་གིར་འཛིན་པ་ མེད་པར་གྱུར་པ། གང་ཟག་བདག་མེད་པར་ཆུད་པའི་འབྲས་བུ་སྟོན་ཏེ། དེ་ལྟར་ནང་དང་ཕྱི་རོལ་ཉིད་དག་ལ་དེའི་བདག་ཅེས་བྱ་བ་དང་བདག་གི་ཞེས་བྱ་བ་དེ་ལ་ལོག་པར་འཛིན་པ་ཟད་པར་གྱུར་ན། ཉེ་བར་ལེན་པར་བྱེད་པ་དང་ཉེ་བར་བླང་བར་བྱ་བ་མེད་པས་ཉེ་བར་ལེན་པ་རྣམ་པ་བཞི་ཡང་འགག་པར་ འགྱུར་ཞིང་། ཉེ་བར་ལེན་པ་འགགས་པས་སྲིད་པ་འགག །སྲིད་པ་འགགས་པས་སྐྱེ་བ་ཟད་པར་གྱུར་པ་དེ་ནི་ཐར་པ་ཞེས་བྱ་སྟེ། དེ་ཉིད་གང་ཟག་བདག་མེད་པའི་དེ་ཁོ་ན་རྟོགས་པའི་འབྲས་བུ་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །དེ་ཉིད་བྱེ་བྲག་ཏུ་བཤད་པ་བསྟན་པའི་ཕྱིར། དེ་ལྟར་ནང་དང་ཕྱི་རོལ་ཉིད་ དག་ལ་དེའི་བདག་ཅེས་བྱ་བ་དང་། བདག་གི་ཞེས་བྱ་བར་དེ་དག་ལ་ལོག་པར་འཛིན་པ་ཟད་པར་གྱུར་ན། འདོད་པ་དང་། ལྟ་བ་དང་། ཚུལ་ཁྲིམས་དང་། བརྟུལ་ཞུགས་དང་། བདག་ཏུ་སྨྲ་བ་ཞེས་བྱ་བ་ཉེ་བར་ལེན་པ་རྣམ་པ་བཞི་འགག་པར་འགྱུར་ཏེ། དེ་ལ་རེ་ཞིག་བདག་མེད་པ་ཉིད་དུ་མཐོང་བས་ནི་ བདག་ཏུ་སྨྲ་བའི་ཉེ་བར་ལེན་པ་སྤོང་བར་འགྱུར་ལ། དེ་སྤངས་པས་ཉེ་བར་ལེན་པ་ལྷག་མ་རྣམས་ཀྱང་སྤོང་བར་འགྱུར་ཏེ། དེ་དག་ནི་བདག་ཏུ་སྨྲ་བ་ཉེ་བར་ལེ