Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 101
Văn bản gốc(Tây Tạng)
Trang 4 / 23 (50.000 ký tự/trang)
ས་སོ། །དེ་ལ་འདིར་རབ་ཏུ་བྱེད་པའི་དོན་ནི་ཕ་རོལ་པོས་ རབ་ཏུ་བྱེད་པའི་དང་པོར་སྨྲས་པའི་གཏན་ཚིགས་ཀྱི་སྐྱོན་བརྗོད་པས་ལས་དང་འབྲས་བུ་ངོ་བོ་ཉིད་མེད་པ་ཉིད་དུ་བསྟན་པ་ཡིན་ནོ་ཞེས་བྱ་བ་ནི་མཇུག་བསྡུ་བ་དང་ཚད་མའི་འབྲས་བུ་ཡིན་ནོ། །ལས་དང་འབྲས་བུ་བརྟག་པའི་རབ་ཏུ་བྱེད་པ་བཅུ་བདུན་པའི་སྐབས་འདིར་རབ་ཏུ་བྱེད་པའི་དོན་ཚད་མའི་འབྲས་བུར་ བལྟ་བ་ནི་ཕ་རོལ་པོས་རབ་ཏུ་བྱེད་པ་འདིས་དང་པོར་དོན་དམ་པར་ནང་གི་འདུ་བྱེད་རྣམས་ལ། འཁོར་བ་ཡོད་པ་ཁོ་ན་ཡིན་ཏེ། ལས་དང་འབྲས་བུར་འབྲེལ་པའི་ཕྱིར་རོ་ཞེས་བྱ་བ་ལ་སོགས་པ་སྨྲས་པའི་གཏན་ཚིགས་ཀྱི་སྐྱོན་བརྗོད་པས་ལས་དང་འབྲས་བུ་ངོ་བོ་ཉིད་མེད་པ་ཉིད་དུ་བསྟན་པ་ཡིན་ནོ། །ལས་དང་འབྲས་ བུ་ངོ་བོ་ཉིད་མེད་པ་ཉིད་དུ་བསྟན་པ་ལ་ཡོན་ཏན་ཅི་ཡོད་པ་དང་དེ་བསྟན་པ་འདི་ལ་གཞན་དག་ན་རེ་རྟོག་གེ་སྐམ་པོའི་བསྟན་བཅོས་ཙམ་ཉི་ཚེས་བསྒྲུབས་སོ་ཞེས་ཟེར་བ་བསལ་བའི་ཕྱིར་འདིར་ཡིད་ཆེས་པའི་ལུང་གི་ཁུངས་ཀྱང་བསྒྲུབ་པར་བྱ། དེའི་ཕྱིར། འཕགས་པ་དཀོན་མཆོག་བརྩེགས་པ་ཆེན་པོའི་མདོ་ འོད་སྲུངས་ཀྱི་ལེའུ་ལས། གང་ལ་ལས་ཀྱང་མེད་ལས་ཀྱི་འབྲས་བུ་ཡང་མེད་པ་དེ་ནི་བྱང་ཆུབ་པོ། །བྱང་ཆུབ་ཇི་ལྟ་བ་དེ་བཞིན་དུ་འཐོབ་པ་ཡང་དེ་བཞིན་ནོ། །འཐོབ་པ་ཇི་ལྟ་བ་བཞིན་དུ་ལུང་བསྟན་པ་ཡང་དེ་བཞིན་ནོ། །དེ་བཞིན་དུ་འཕགས་པ་རྣམས་ཀྱི་རིགས་གང་ཡིན་པ་དེ་ལ་ལས་ཀྱང་མེད། །ལས་ཀྱི་ རྣམ་པར་སྨིན་པ་ཡང་མེད་དོ། །རིགས་དེ་ལ་ནི་ལུས་ཀྱིས་ཀྱང་ལས་མི་བྱེད། ངག་གིས་ཀྱང་མི་བྱེད། ཡིད་ཀྱིས་ཀྱང་མི་བྱེད་དོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་དེ་དག་གྲུབ་པ་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། འཕགས་པ་རྣམས་ཀྱི་རིགས་ནི་དོན་དམ་པ་ཐུགས་སུ་ཆུད་པ་ལས་འཕགས་པ་རྣམས་ འཁྲུང་བར་འགྱུར་བ་སྟེ། གལ་ཏེ་དོན་དམ་པར་ཡང་ལས་དང་འབྲས་བུར་འབྲེལ་པ་ཡོད་པར་གྱུར་ན། འཁོར་བ་དང་མྱ་ངན་ལས་འདས་པ་གཉིས་ལས་ཁྱད་པར་མེད་པར་འགྱུར་བས་དེའི་ཕྱིར་ལས་དང་འབྲས་བུ་ངོ་བོ་ཉིད་མེད་པ་ཉིད་དུ་གསལ་བར་བྱེད་པའི་ལུང་ནི་དེ་ཡིན་པས་དེའི་ཕྱིར། དབུ་མ་པ་རྣམས་ལ་ ལོག་པར་ལྟ་བ་མེད་དོ། །དེ་ལྟར་ཡིད་ཆེས་པའི་ལུང་དེ་དག་གྲུབ་པ་ནི་ལས་དང་འབྲས་བུ་ངོ་བོ་ཉིད་མེད་པ་ཉིད་དུ་བསྟན་པའི་ཡོན་ཏན་དང་ཁུངས་ཡིན་ནོ། །དེ་དག་བསྟན་བཅོས་འདིས་རྣམ་པར་བཤད་པ་བྱ་བའི་ཡུལ་ཉིད་དུ་བསྟན་པ་ཡང་སློབ་དཔོན་གྱི་ཞལ་སྔ་ནས་ཀྱི་མཁྱེན་རླབས་དང་འགྲེལ་པ་བྱེད་པའི་མཁས་ པ་ཉིད་ཡིན་ནོ། །སློབ་དཔོན་ལེགས་ལྡན་བྱེད་ཀྱིས་ཉེ་བར་སྦྱར་བ། དབུ་མའི་རྩ་བའི་འགྲེལ་པ་ཤེས་རབ་སྒྲོན་མ་ལས། ལས་དང་འབྲས་བུ་བརྟག་པ་ཞེས་བྱ་བ་སྟེ། རབ་ཏུ་བྱེད་པ་བཅུ་བདུན་པ་རྒྱ་ཆེར་འགྲེལ་པ་སློབ་དཔོན་སྤྱན་རས་གཟིགས་བརྟུལ་ཞུགས་ཀྱིས་ཉེ་བར་སྦྱར་བ་རྫོགས་སོ།། །། ད་ནི་གཞན་གྱིས་སྨྲས་པའི་སྒྲུབ་པ་བསལ་བ་དང་བདག་ཉིད་ཀྱི་སྒྲུབ་པ་ཁ་ན་མ་ཐོ་བ་མེད་པ་བསྟན་པས་འདུ་བྱེད་རྣམས་བདག་དང་བདག་གིས་སྟོང་པ་ཉིད་དུ་བསྟན་པའི་དོན་གྱི་དབང་གིས་རབ་ཏུ་བྱེད་པ་བཅོ་བརྒྱད་པ་བརྩམ་མོ་ཞེས་བྱ་བ་ལ། དབང་གིས་ཞེས་བྱ་བའི་སྒྲ་སྐབས་འདིར་ཡང་དམ་བཅས་པ་ ལ་འཇུག་པའི་རྒྱུའི་དོན་དང་། གཞུང་འོག་ནས་འབྱུང་བ་དང་སྦྱར་བའི་དོན་དུ་བལྟ་སྟེ། ཚིག་གི་དོན་ནི་སྔ་མ་བཞིན་ནོ། །དེ་ལ་དམ་བཅས་པ་ལ་འཇུག་པ་རྒྱུའི་དོན་གྱི་དབང་དུ་བྱས་ནས། ད་ནི་གཞན་གྱིས་སྨྲས་པའི་སྒྲུབ་པ་བསལ་བ་དང་བདག་ཉིད་ཀྱིས་སྒྲུབ་པ་ཁ་ན་མ་ཐོ་བ་མེད་པ་བསྟན་པས་ཞེས་ བྱ་བ་སྨྲས་ཏེ། བསྟན་བཅོས་མཛད་པས་རྐྱེན་བརྟག་པའི་རབ་ཏུ་བྱེད་པ་དང་པོ་བརྩམ་པའི་སྐབས་སུ་དངོས་པོ་ཐམས་ཅད་སྐྱེ་བ་མེད་པར་དམ་བཅས་པ་མཛད་པས། འདིར་ཡང་བསྟན་བཅོས་མཛད་པས་ཇི་ལྟར་དམ་བཅས་པ་དེ་ལ་འཇུག་པའི་རྒྱུའི་དོན་གྱི་དབང་དུ་བྱས་ནས་ དེ་སྐད་སྨྲས་ཏེ། གཞན་གྱིས་སྨྲས་པའི་སྒྲུབ་པ་བསལ་བ་ནི་རང་གི་བདེ་བ་དང་གཞན་དག་གིས་ཆོས་དང་གང་ཟག་བདག་ཡོད་པར་སྨྲས་པའི་སྒྲུབ་པ་འོག་ནས་འབྱུང་བ་བདག་ཕུང་པོ་ཡིན་ནོ་ཞེ་འམ་བདག་ཕུང་པོ་ལས་གཞན་ནོ་ཞེས་བྱ་བ་ལ་སོགས་པ་དག་བསལ་བའོ། །བདག་ཉིད་ཀྱིས་སྒྲུབ་པ་ཁ་ན་མ་ཐོ་ བ་མེད་པ་བསྟན་པས་ཞེས་བྱ་བ་ནི་བསྟན་བཅོས་མཛད་པ་ཉིད་ཀྱིས་ཆོས་དང་གང་ཟག་བདག་མེད་པར་སྒྲུབ་པའི་སྒྲུབ་པ་ཁ་ན་མ་ཐོ་བ་མེད་པ་འོག་ནས་འབྱུང་བ། གལ་ཏེ་ཕུང་པོ་བདག་ཡིན་ན། །སྐྱེ་དང་འཇིག་པ་ཅན་དུ་འགྱུར། །གལ་ཏེ་ཕུང་པོ་རྣམས་ལས་གཞན། །ཕུང་པོའི་མཚན་ཉིད་མེད་པར་འགྱུར། ། ཞེས་བྱ་བ་ལ་སོགས་པ་དག་བསྟན་པས་སོ། །གཞུང་འོག་ནས་འབྱུང་བ་དང་སྦྱར་བའི་དོན་གྱི་དབང་དུ་བྱས་ནས་འདུ་བྱེད་རྣམས་བདག་དང་བདག་གིས་སྟོང་པ་ཉིད་དུ་བསྟན་པའི་དོན་གྱི་དབང་གིས་རབ་ཏུ་བྱེད་པ་བཅོ་བརྒྱད་པ་རྩོམ་མོ་ཞེས་བྱ་བ་སྨྲས་ཏེ། བདག་དང་ཆོས་བརྟག་པའི་རབ་ཏུ་བྱེད་པ་བཅོ་བརྒྱད་ པའི་གཞུང་འོག་ནས་འབྱུང་བ་འདིའི་ཁྱོན་ནི་ཆོས་དང་གང་ཟག་བདག་མེད་པ་ཉིད་དུ་བསྟན་པ་ཡིན་པས་དེའི་དབང་དུ་བྱས་ནས་དེ་སྐད་སྨྲས་ཏེ། དེ་ལ་ཆོས་བདག་མེད་པ་དེ་ཉིད་བསྟན་པའི་དོན་གྱི་དབང་དུ་བྱས་ནས་འདུ་བྱེད་རྣམས་བདག་དང་བདག་གིས་སྟོང་པ་ཉིད་དུ་བསྟན་པའི་དོན་གྱི་དབང་གིས་ཞེས་བྱ་བ་སྨྲས་ ཏེ། དེས་ནི་ཐེག་པ་ཆེན་པོ་ལས་ཆོས་བདག་མེད་པ་བསྟན་པ་གང་ཡིན་པ་དེ་རབ་ཏུ་བྱེད་པ་འདིར་སྟོན་ཏོ་ཞེས་བྱ་བར་སྦྱོར་རོ། །གང་ཟག་བདག་མེད་པ་ཉིད་བསྟན་པའི་དོན་གྱི་དབང་དུ་བྱས་ནས་བདག་དང་བདག་གིས་སྟོང་པ་ཉིད་དུ་བསྟན་པའི་དོན་གྱི་དབང་གིས་ཞེས་བྱ་བ་སྨྲས་ཏེ། དེ་ནི་ཆོས་འདི་པ་དང་གཞན་ མུ་སྟེགས་བྱེད་དག་གིས་བཏགས་པའི་གང་ཟག་བདག་མེད་པར་སྟོན་ཏོ། །རབ་ཏུ་བྱེད་པ་འདིའི་འབྲས་བུ་ནི་གང་ཡིན། རྣམ་པ་གང་གིས་ན་འབྲས་བུ་དེ་འཐོབ་ཅེ་ན། འདུ་བྱེད་རྣམས་བདག་དང་བདག་གིས་སྟོང་པ་ཉིད་དུ་བསྟན་པ་ནི་འདིའི་འབྲས་བུ་ཡིན་ལ། གཞན་གྱིས་སྨྲས་པའི་སྒྲུབ་པ་བསལ་བ་ དང་བདག་ཉིད་ཀྱིས་སྒྲུབ་པ་ཁ་ན་མ་ཐོ་བ་མེད་པ་བསྟན་པའི་རྣམ་པས་ནི་འབྲས་བུ་དེ་འཐོབ་པས་དེའི་ཕྱིར་འགྲེལ་པ་བྱེད་པས་རབ་ཏུ་བྱེད་པའི་མཚམས་སྦྱར་བའི་སྐབས་འདིར་ཐབས་དང་ཐབས་ལས་བྱུང་བའི་འབྲས་བུ་དང་པོ་ཁོ་ནར་བསྟན་ཏོ། །དེ་ལ་རེ་ཞིག་དང་པོར་གང་ཟག་བདག་མེད་པ་ཉིད་བསྟན་ཅིང་ཕྱིས་ ཆོས་བདག་མེད་པ་ཉིད་བསྟན་པར་བྱ་སྟེ། གང་གི་ཕྱིར་གོ་རིམས་འདི་ལྟར་བསྟན་པ་ནི་སློབ་དཔོན་འཕགས་པ་ལྷས། དང་པོར་བསོད་ནམས་མིན་ལས་བཟློག །བར་དུ་བདག་ལས་བཟློག་པར་བྱ། །ཐ་མར་ཀུན་ལས་བཟློག་བྱ་བ། །གང་ཤེས་དེ་ནི་རིགས་པ་ལྡན། །ཞེས་གསུངས་པས་རེ་ཞིག་དང་པོར་ སེམས་ཅན་རྣམས་བསོད་ནམས་མ་ཡིན་པ་ལས་བཟློག་པ་དང་། དེའི་འོག་ཏུ་འཛིན་པ་ལས་བཟློག་པ་དང་། ཐ་མར་འཛིན་པ་ཐམས་ཅད་ལས་བཟློག་པར་བྱ་བ་ཐབས་གང་གིས་ཤེས་པ་དེ་ནི་རིགས་པ་དང་ལྡན་པ་ཡིན་ནོ་ཞེས་བསྟན་པ་ལས་ཤེས་པར་བྱའོ། །དེའི་ཕྱིར་དེ་ལ་བདག་ཏུ་ལྟ་བ་རྣམ་པ་དུ་མ་དག་ གི་ཡུལ་ཡང་ཕུང་པོ་ཡིན་པའི་ཕྱིར་ཕུང་པོ་རྣམས་ཁོ་ན་ལས་བརྩམས་ནས་དཔྱད་པར་བྱ་སྟེ་ཞེས་བྱ་བ་སྨྲས་ཏེ། བདག་ཏུ་སྨྲ་བ་དག་བདག་ཏུ་རྟོག་པར་བྱེད་པ་འདི་ལྟ་སྟེ། ཁ་ཅིག་ནི་བདག་ཅེས་བྱ་བ་ལུས་ཙམ་དུ་རྟོག །ཁ་ཅིག་ནི་མཐེ་བོང་ཙམ་དུ། ཁ་ཅིག་ནི་ནས་འབྲུ་ཙམ་དུ། ཁ་ཅིག་ནི་ཡུངས་ འབྲུ་ཙམ་དུ། ཁ་ཅིག་ནི་སྐྲའི་རྩེ་མོ་བརྒྱར་གཤགས་པའི་ཆ་ཙམ་དུ་རྟོག་པར་བྱེད་པ་དེ་དག་ཐམས་ཅད་ཀྱི་ཡུལ་ཡང་ཕུང་པོ་ཡིན་ཏེ། གང་གི་ཕྱིར་དེ་དག་ཐམས་ཅད་ཕུང་པོ་རྣམས་ཁོ་ན་ལ་རྟོགས་པར་བྱེད་པ་དེའི་ཕྱིར་འདིར་ཡང་ཕུང་པོ་རྣམས་ཁོ་ན་ལས་བརྩམས་ནས་བདག་མེད་པ་ཉིད་དཔྱད་པར་བྱའོ། །དེ་ ལྟར་བདག་ཏུ་ལྟ་བ་དག་གིས་ཡུལ་ཕུང་པོ་རྣམས་ཡིན་ནོ་ཞེས་བྱ་བ་འདི་ཇི་ལྟར་ངེས་པར་ཤེས་ཤེ་ན། དེའི་ཁུངས་བསྟན་པའི་ཕྱིར། འདི་ལྟར་བཅོམ་ལྡན་འདས་ཀྱིས་ཀྱང་དགེ་སྦྱོང་ངམ་བྲམ་ཟེ་གང་དག་བདག་ཏུ་ཡང་དག་པར་རྗེས་སུ་ལྟ་བ་དེ་དག་ཐམས་ཅད་ནི་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་འདི་དག་ཉིད་ ལ་ཡང་དག་པར་རྗེས་སུ་ལྟའོ་ཞེས་གསུངས་སོ་ཞེས་བྱ་བ་སྨྲས་སོ། །གཞན་གྱིས་སྨྲས་པའི་སྒྲུབ་པ་བསལ་བ་ཞེས་སྨོས་པ་དེ་ཉིད་བསྟན་པའི་ཕྱིར། དེ་ལ་རེ་ཞིག་གང་དག་འབྱུང་བ་ཆེན་པོ་ལུས་ཀྱི་རྣམ་པར་འཇུག་པ་དག་གམ། འབྱུང་བ་འདུས་པ་འམ། དབང་པོ་རྣམས་སམ། དབང་པོ་འདུས་ པའམ། རྣམ་པར་ཤེས་པ་བདག་ཡིན་ནོ་ཞེས་སྨྲས་པ་དེ་དག་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། འབྱུང་བ་དང་། དབང་པོ་དང་། རྣམ་པར་ཤེས་པ་སོ་སོ་འམ་འདུས་པ་དག་ཕུང་པོའི་མཚན་ཉིད་ཡིན་པའི་ཕྱིར། དེ་དག་བདག་ཡིན་པར་རྟོག་ན། གལ་ཏེ་ཕུང་པོ་བདག་ ཡིན་ན་ཇི་ལྟར་ཁོ་བོ་ཅག་གིས་ཐ་སྙད་ཀྱི་དོན་དུ་ཕུང་པོའི་ཡུལ་ལ་བདག་ཅེས་སྟོན་པར་བྱེད་པ་ལྟ་བུ་ཡིན་ནམ། འོན་ཏེ་གཞན་ཞིག་ཡིན་ཞེས་བྱ་བ་ན་བདག་ཏུ་སྨྲ་བ་གང་དག་ས་ལ་སོགས་པ་འབྱུང་བ་ཆེན་པོ་ལུས་ཀྱི་རྣམ་པ་འདྲ་བར་འཇུག་པ་སོ་སོར་བདག་ཏུ་རྟོག་པ་དང་། གང་དག་འབྱུང་བ་ཆེན་པོ་སྤྱིར་འདུས་པ་ ཙམ་ལ་བདག་ཏུ་རྟོག་པ་དང་། གང་དག་མིག་ལ་སོགས་པ་དབང་པོ་རྣམས་སོ་སོ་ལ་བདག་ཏུ་རྟོག་པ་དང་། གང་དག་དབང་པོ་སྤྱིར་འདུས་པ་ཙམ་ལ་བདག་ཏུ་རྟོག་པ་དང་། གང་དག་རྣམ་པར་ཤེས་པ་ལ་བདག་ཏུ་རྟོག་པ་དེ་དག་ལ་འདི་སྐད་ཅེས་དྲི་བར་བྱ་སྟེ། ཁྱེད་འབྱུང་བ་སོ་སོ་འམ། འདུས་པ་དང་། དབང་པོ་སོ་སོའམ། འདུས་པ་དང་། རྣམ་པར་ཤེས་པ་སོ་སོ་འམ། འདུས་པ་དག་ཕུང་པོའི་མཚན་ཉིད་ཡིན་པའི་ཕྱིར། དེ་དག་བདག་ཡིན་པར་རྟོག་ན། ཇི་ལྟར་ཁོ་བོ་ཅག་སངས་རྒྱས་པས་ཀུན་རྫོབ་ཀྱི་ཐ་སྙད་རྣམ་པར་གཞག་པའི་དོན་དུ་ཕུང་པོའི་ཡུལ་ ལ་བདག་ཅེས་སྟོན་པར་བྱེད་པ་ལྟ་བུ་ཡིན་ནམ། འོན་ཏེ་བདག་ཅེས་བྱ་བ་དོན་དམ་པར་སྒྲུབ་པ་ཞིག་ཡོད་པར་འདོད་ཅེས་དྲི་བར་བྱའོ། །གལ་ཏེ་ཇི་ལྟར་ཡང་རུང་སྟེ་བདག་སྒྲུབ་པའི་ཕྱིར་འདོད་པའི་དོན་གྲུབ་པོ་ཞེ་ན་ཞེས་བྱ་བ་ནི། དེ་སྐད་ཅེས་དྲིས་པ་ན་ཕ་རོལ་པོ་དག་ན་རེ་ཁྱེད་འདོད་པ་ལྟར་ཡང་རུང་ གཞན་འདོད་པ་ལྟར་ཡང་རུང་སྟེ། ཡོང་སྤྱིར་བདག་ཡོད་པར་འགྲུབ་པའི་ཕྱིར་ཁོ་བོ་ཅག་གི་འདོད་པའི་དོན་འགྲུབ་པོ་ཞེས་ཟེར་བའི་ཚིག་ཡིན་ནོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས་དེའི་ཕྱིར་ད་དེ་དཔྱད་པར་བྱ་སྟེ། ཁྱེད་འདོད་པ་ལྟར། གལ་ཏེ་ཕུང་པོ་བདག་ཡིན་ན། །སྐྱེ་དང་འཇིག་པ་ ཅན་དུ་འགྱུར། །ཕུང་པོ་རྣམས་སྐྱེ་བ་དང་འཇིག་པའི་ཆོས་ཅན་ཡིན་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། རེ་ཞིག་གལ་ཏེ་ཕུང་པོ་རྣམས་ཉིད་བདག་ཡིན་པར་གྱུར་ན་དེ་ལྟ་ན་སྐྱེ་བ་དང་འཇིག་པའི་ཆོས་ཅན་དུ་འགྱུར་ཏེ། ཕུང་པོ་རྣམས་སྐྱེ་བ་དང་འཇིག་པའི་ཆོས་ཅན་ཡིན་པའི་ཕྱིར་རོ། །དེ་ལྟར་ ན་འདིས་ནི་ཕུང་པོའི་ཆོས་ནི་སྐྱེ་བ་དང་འཇིག་པའི་ཆོས་ཅན་ཉིད་ཡིན་པར་བསྟན་ཏོ་ཞེས་བྱ་བ་ནི་དེ་ལྟར་ན་ཚིག་ལེའུར་བྱས་པའི་ཕྱེད་གོང་མ་འདིས་ནི་ཕུང་པོ་རྣམས་བདག་མ་ཡིན་པར་སྒྲུབ་པའི་ཆོས་གཏན་ཚིགས་ནི་སྐྱེ་བ་དང་འཇིག་པའི་ཆོས་ཅན་ཉིད་ཡིན་པར་བསྟན་ཏོ། །དཔེ་ནི་དེའི་དབང་གིས་བསྒྲུབ་ པར་བྱ་བ་དང་། སྒྲུབ་པའི་ཆོས་གཉི་ག་ལ་གྲགས་པའི་ཆོས་ཅན་ཕྱི་རོལ་གྱི་འབྱུང་བ་དག་ཡིན་པར་སྦྱར་རོ། །འདིར་སྐྱེ་བ་དང་འཇིག་པའི་ཆོས་ཅན་ཉིད་ཀྱང་མཚན་ཉིད་ཀྱི་སྒྲའི་ཚུལ་གྱིས་གཟུང་བར་ཟད་ཀྱི། ཇི་ལྟར་ཕུང་པོའི་ཆོས་སྐྱེ་བ་དང་འཇིག་པའི་ཆོས་ཅན་ཉིད་ཡིན་པ་དེ་བཞིན་དུ་ཕུང་པོའི་ཆོས་འབྲས་ བུ་ཉིད་དང་། རྒྱུ་ཉིད་དང་། རྟོགས་པར་བྱ་བ་ཉིད་དང་། རྣམ་པར་སྨིན་པར་བྱ་བ་ཉིད་ལ་སོགས་པ་གཞན་དག་ཀྱང་ཡིན་པར་ཤེས་པར་བྱའོ་ཞེས་བྱ་བ་ནི་འདིར་ཕུང་པོ་རྣམས་ཉིད་བདག་མ་ཡིན་པར་སྒྲུབ་པའི་ཆོས་གཏན་ཚིགས་སྐྱེ་བ་དང་འཇིག་པའི་ཆོས་ཅན་ཉིད་ཡིན་པར་བསྟན་པ་ནི་མཚན་ཉིད་ཀྱི་སྒྲའི་ཚུལ་ ཉེ་བར་བཟུང་བས་མཚོན་པ་ཙམ་དུ་ཟད་ཀྱི། ཕུང་པོ་རྣམས་ཉིད་བདག་ཡིན་པར་སྒྲུབ་པའི་ཆོས་གཏན་ཚིགས་ནི་འབྲས་བུ་ཉིད་དང་། རྒྱུ་ཉིད་དང་། རྟོགས་པར་བྱ་བ་ཉིད་དང་། རྣམ་པར་སྨིན་པ་ཉིད་ལ་སོགས་པ་གཞན་དག་ཀྱང་ཡིན་པར་ཤེས་པར་བྱའོ། །དེ་ཉིད་ཀྱི་ཚད་མ་བསྟན་པའི་ཕྱིར། འདིར་སྦྱོར་བའི་ ཚིག་ནི་དོན་དམ་པར་འབྱུང་བ་དང་འབྱུང་བ་འདུས་པ་དང་དབང་པོ་དང་དབང་པོའི་འདུས་པ་དང་། རྣམ་པར་ཤེས་པ་དང་། དབང་པོ་དང་བཅས་པའི་ལུས་དང་། རྣམ་པར་ཤེས་པ་དང་བཅས་པའི་ལུས་ནི་བདག་མ་ཡིན་ཏེ། སྐྱེ་བ་དང་འཇིག་པའི་ཆོས་ཅན་ཉིད་ཡིན་པའི་ཕྱིར། དཔེར་ན་ཕྱི་རོལ་གྱི་འབྱུང་བ་དག་ བཞིན་ནོ་ཞེས་བྱ་བ་སྨྲས་ཏེ། དེ་དག་ནི་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དེ་དཔེར་ན་ཕྱི་རོལ་གྱི་འབྱུང་བ་དག་ནི་སྐྱེ་བ་དང་འཇིག་པའི་ཆོས་ཅན་ཉིད་ཡིན་པའི་ཕྱིར། བདག་མ་ཡིན་པ་དེ་བཞིན་དུ་ནང་གི་འབྱུང་བ་ ས་ལ་སོགས་པ་སོ་སོ་དང་། འབྱུང་བ་འདུས་པ་དང་། མིག་ལ་སོགས་པ་དབང་པོ་སོ་སོ་དང་། དབང་པོ་འདུས་པ་དང་། རྣམ་པར་ཤེས་པ་དང་། དབང་པོ་དང་བཅས་པའི་ལུས་དང་། རྣམ་པར་ཤེས་པ་དང་བཅས་པའི་ལུས་དག་ཀྱང་སྐྱེ་བ་དང་འཇིག་པའི་ཆོས་ཅན་ཉིད་ཡིན་པའི་ཕྱིར་བདག་ མ་ཡིན་ནོ། །དེ་བཞིན་དུ་འབྲས་བུ་ཉིད་ཡིན་པའི་ཕྱིར་ཞེས་བྱ་བ་ལ་སོགས་པའི་གཏན་ཚིགས་རེ་རེས་ཀྱང་རྗེས་སུ་དཔག་པ་རྒྱས་པར་བརྗོད་པར་བྱའོ་ཞེས་བྱ་བ་ནི་འདི་ལྟར་སྦྱར་ཏེ། དོན་དམ་པར་འབྱུང་བ་དང་། འབྱུང་བ་འདུས་པ་དང་། དབང་པོ་དང་། དབང་པོ་འདུས་པ་དང་། རྣམ་པར་ཤེས་ པ་དང་། དབང་པོ་དང་བཅས་པའི་ལུས་དང་། རྣམ་པར་ཤེས་པ་དང་བཅས་པའི་ལུས་ནི་བདག་མ་ཡིན་ཏེ། འབྲས་བུ་ཉིད་ཡིན་པའི་ཕྱིར་དང་། རྒྱུ་ཉིད་ཡིན་པའི་ཕྱིར་དང་། རྟོགས་པར་བྱ་བ་ཉིད་ཡིན་པའི་ཕྱིར་དང་། རྣམ་པར་སྨིན་པ་ཉིད་ཡིན་པའི་ཕྱིར་དང་། སོགས་པའི་སྒྲས་བསྡུ་བ་བརྗོད་པར་ བྱ་བ་ཉིད་དང་། རྣམ་པར་ཤེས་པར་བྱ་བ་ཉིད་ལ་སོགས་པ་ཡིན་པའི་ཕྱིར་དཔེར་ན་ཕྱི་རོལ་གྱི་འབྱུང་བ་དག་བཞིན་ནོ་ཞེས་བྱ་བར་སྦྱར་རོ། །གལ་ཏེ་འདིར་མུ་སྟེགས་གྲངས་ཅན་གསལ་བར་སྨྲ་བ་དག་འདི་སྐད་ཅེས་ལུས་ནི་བདག་དང་བཅས་པ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། གསལ་བའི་ཕྱིར་ཏེ། འདི་ལྟར་ལུས་ ཉིད་བདག་གིས་གསལ་བར་བྱེད་དེ། བདག་ཡོད་པས་འདི་ནི་ཟིན་པའི་འབྱུང་བ་དག་ཡིན་ནོ་ཞེས་བྱ་བར་གཟུང་དུ་རུང་གི །བདག་མེད་པ་གསལ་བར་བྱེད་པ་མེད་པའི་ཕྱི་རོལ་གྱི་འབྱུང་བ་དག་ནི་ལྟར་གཟུང་དུ་མི་རུང་བའི་ཕྱིར་རོ་ཞེས་ཟེར་བའི་ཕྱོགས་སྔ་མ་ཁོང་ནས་འབྱུང་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ ཀྱིས། གསལ་བ་སྨྲ་བ་དག་ལ་ཡང་གསལ་བའི་ཕྱིར་བུམ་པ་ལ་སོགས་པ་དག་ལ་བདག་མེད་པ་ཉིད་མེད་ན་མི་འབྱུང་བའི་ཕྱིར་ལུས་བདག་དང་བཅས་པར་སྨྲ་བ་རྣམས་ལ་རང་གི་རྗེས་སུ་དཔག་པས་གནོད་དོ་ཞེས་བྱ་བ་སྨྲས་ཏེ། དེ་སྐད་ཅེས་ཟེར་བ་དེ་དག་གི་ལུས་བདག་དང་བཅས་པའི་ཕྱོགས་ལ་ གསལ་བའི་ཕྱིར་དཔེར་ན་བུམ་པ་བཞིན་ནོ་ཞེས་སྒྲུབ་པར་བྱེད་པའི་གཏན་ཚིགས་དེ་བུམ་པ་ལ་སོགས་པ་གསལ་བར་བྱེད་པ་ཡོད་ཀྱང་བདག་མེད་པ་ཉིད་ཀྱིས་མི་མཐུན་པའི་ཕྱོགས་ཡོད་པའི་ཕྱིར་མ་ངེས་པ་ཉིད་ཡིན་ཏེ། འདི་ན་བུམ་པ་ལ་སོགས་པ་དག་ལ་གསལ་བར་བྱེད་པ་མར་མེ་ལ་ སོགས་པ་ཡོད་ཀྱང་དེ་དག་ལ་བདག་མེད་པ་ཉིད་དུ་མཐོང་བས་དེས་ན་ཇི་རེ་ཞིག་གསལ་བའི་ཕྱིར་ལུས་ལ་བདག་ཡོད་པར་འགྱུར་རམ། འོན་ཏེ་གསལ་བའི་ཕྱིར་དཔེར་ན་བུམ་པ་ལ་སོགས་པ་བཞིན་དུ་བདག་མེད་པ་ཉིད་དུ་འགྱུར་བ་མ་ངེས་པའི་ཕྱིར་ལུས་བདག་དང་བཅས་པར་སྨྲ་བ་རྣམས་ལ་རང་ གི་རྗེས་སུ་དཔག་པ་གསལ་བའི་ཕྱིར་ཞེས་བྱ་བས་གནོད་དོ། །ཡང་ན་གལ་ཏེ་ཕུང་པོ་བདག་ཡིན་ན་ཞེས་བྱ་བ་ནི་ལུས་ལ་བདག་མང་པོ་ཉིད་དུ་འགྱུར་ཏེ། ཕུང་པོ་མང་བ་ཉིད་ཡིན་པའི་ཕྱིར་རོ་ཞེས་བྱ་བའི་ཚིག་གི་ལྷག་མའོ་ཞེས་བྱ་བས་ནི་ཡང་རྣམ་པ་གཅིག་ཏུ་ན་ཕུང་པོ་རྣམས་ཉིད་བདག་ཡིན་པར་སྨྲ་བའི་ཕྱོགས་ དེ་ལ་བདག་མང་པོ་ཉིད་དུ་ཐལ་བར་འགྱུར་བའི་སྐྱོན་ཡོད་པས་མི་རུང་བར་བསྟན་ཏོ། །ཡང་ན། གལ་ཏེ་ཕུང་པོ་བདག་ཡིན་ན། །སྐྱེ་དང་འཇིག་པ་ཅན་དུ་འགྱུར། །ཞེས་བྱ་བ་ནི་དེས་ན་ཕུང་པོར་རྗེས་སུ་དཔོག་པས་སྐྱེ་བ་དང་འཇིག་པའི་ཆོས་ཅན་ཉིད་ཀྱིས་བདག་གི་ཆོས་ཅན་གྱི་ཁྱད་པར་སྐྱེ་བ་དང་འཇིག་པའི་ ཆོས་ཅན་ཉིད་མ་ཡིན་པ་གསལ་བའི་ཕྱིར་དམ་བཅས་པ་ལ་ཆོས་ཅན་གྱི་ཁྱད་པར་གསལ་བའི་སྐྱོན་ཡོད་དོ་ཞེས་བྱ་བས་ནི་ཡང་རྣམ་པ་གཅིག་ཏུ་ན་ཕུང་པོ་རྣམས་ཉིད་བདག་མ་ཡིན་པར་སྨྲ་བའི་ཕྱོགས་ལ་ཆོས་ཅན་བདག་གི་ཁྱད་པར་སྐྱེ་བ་དང་འཇིག་པའི་ཆོས་ཅན་ཉིད་མ་ཡིན་པ་གསལ་བའི་སྐྱོན་ཡོད་པས་ མི་རུང་བར་བསྟན་ཏོ། །ཡང་ན། གལ་ཏེ་ཕུང་པོ་བདག་ཡིན་ན། །སྐྱེ་དང་འཇིག་པ་ཅན་དུ་འགྱུར། །ཞེས་བྱ་བ་ནི་དེས་ན་སྐྱེ་བ་དང་འཇིག་པའི་ཆོས་ཅན་ཉིད་དུ་རྗེས་སུ་དཔོག་པས་བདག་མ་ཡིན་པ་ཉིད་ཀྱིས་བདག་གི་དེའི་བདག་ཉིད་གསལ་བའི་ཕྱིར་དམ་བཅས་པ་ལ་ཆོས་ཅན་གྱི་ངོ་བོ་ཉིད་གསལ་བའི་སྐྱོན་ ཡོད་དོ་ཞེས་བྱ་བས་ནི་ཡང་རྣམ་པ་གཅིག་ཏུ་ན་ཕུང་པོ་རྣམས་ཉིད་བདག་ཡིན་པར་སྨྲ་བའི་ཕྱོགས་དེ་ལ་ཆོས་ཅན་བདག་གི་ངོ་བོ་ཉིད་བདག་མ་ཡིན་པར་གསལ་བའི་སྐྱོན་ཡོད་པས་མི་རུང་བ་བསྟན་ཏོ། །ཡང་ན། གལ་ཏེ་ཕུང་པོ་བདག་ཡིན་ན། །སྐྱེ་དང་འཇིག་པ་ཅན་དུ་འགྱུར། །ཞེས་བྱ་བ་ནི་བདག་ནི་སྐྱེ་ དང་འཇིག་པ་ཅན་དུ་མི་འདོད་པས་དེའི་མཚན་ཉིད་མ་ཡིན་པ་ཡོད་པ་ཉིད་དུ་བསྟན་དཀའ་བ་དང་། དོན་དམ་པར་བདག་མེད་པ་ནི་སྨྲ་བར་ནུས་ཏེ། སྐྱེ་བ་དང་འཇིག་པའི་ཆོས་ཅན་ཉིད་མ་ཡིན་པའི་ཕྱིར་དཔེར་ན་རི་བོང་གི་རྭ་བཞིན་ནོ་ཞེས་བྱ་བས་ནི། ཡང་རྣམ་པ་གཅིག་ཏུ་ན་ཕུང་པོ་རྣམས་ཉིད་བདག་ཡིན་པར་སྨྲ་ བའི་ཕྱོགས་དེ་ལ་བདག་ནི་སྐྱེ་བ་དང་འཇིག་པ་ཅན་དུ་མི་འདོད་པས་ཕ་རོལ་པོས་དེ་ཡོད་པ་ཉིད་དུ་བསྟན་དཀའ་བ་དང་། དབུ་མ་པས་དེ་མེད་པར་སྨྲ་བར་ནུས་པའི་འཐད་པ་བསྟན་ཏོ། །ཡང་ན། གལ་ཏེ་ཕུང་པོ་བདག་ཡིན་ན། །སྐྱེ་དང་འཇིག་པ་ཅན་དུ་འགྱུར། །ཞེས་བྱ་བ་ནི་ཕུང་པོ་རྣམས་སྐྱེ་བ་དང་། འཇིག་པའི་ཆོས་ཅན་ཉིད་ཡིན་པའི་ཕྱིར་དེས་ན་དོན་དམ་པར་གཟུགས་སུ་རུང་བ་དང་། མྱོང་བ་དང་། མཚན་མར་འཛིན་པ་དང་། མངོན་པར་འདུ་བྱེད་པ་དང་། རྣམ་པར་ཤེས་པར་བྱེད་པའི་མཚན་ཉིད་ཀྱི་ཕུང་པོ་ལྔ་པོ་དག་ནི་བདག་མ་ཡིན་པར་ཤེས་པར་བྱར་ནུས་ཏེ། སྐྱེ་བ་དང་འཇིག་པའི་ ཆོས་ཅན་ཉིད་ཡིན་པའི་ཕྱིར་དཔེར་ན་བུམ་པ་བཞིན་ནོ་ཞེས་བྱ་བས་ནི་ཡང་རྣམ་པ་གཅིག་ཏུ་ན་ཕུང་པོ་རྣམས་ཉིད་བདག་ཡིན་པར་སྨྲ་བའི་ཕྱོགས་དེ་ལ་ཕུང་པོ་རྣམས་སྐྱེ་བ་དང་འཇིག་པའི་ཆོས་ཅན་ཉིད་ཡིན་པའི་ཕྱིར་དེས་ན་དོན་དམ་པར་ཕུང་པོ་རྣམས་བདག་མ་ཡིན་པར་ཤེས་པར་བྱར་ནུས་པའི་ཕྱོགས་གཏན་ཚིགས་ དང་དཔེ་དང་བཅས་པ་བསྟན་ཏེ། དེ་དག་ནི་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་བུམ་པ་ནི་སྐྱེ་བ་དང་འཇིག་པའི་ཆོས་ཅན་ཉིད་ཡིན་པའི་ཕྱིར་བདག་མ་ཡིན་པར་ཤེས་པར་བྱར་ནུས་པ་དེ་བཞིན་དུ། ཕུང་པོ་དག་ཀྱང་སྐྱེ་བ་དང་ འཇིག་པའི་ཆོས་ཅན་ཉིད་ཡིན་པའི་ཕྱིར་བདག་མ་ཡིན་པར་ཤེས་པར་བྱར་ནུས་སོ། །དེ་བཞིན་དུ་འབྲས་བུ་ཉིད་དང་། རྒྱུ་ཉིད་དང་། ལན་འགའ་དགའ་བ་དང་། ཡོངས་སུ་གདུང་བའི་རྒྱུ་ཉིད་དང་། ཐེ་ཚོམ་ཅན་གྱི་ཤེས་པ་དང་། ལོག་པའི་ཤེས་པའི་རྒྱུ་ཉིད་ཡིན་པ་ལ་སོགས་པའི་གཏན་ཚིགས་དག་གིས་ ཀྱང་རྗེས་སུ་དཔག་པ་རྒྱས་པར་བྱའོ་ཞེས་བྱ་བ་ནི་འདི་ལྟར་སྦྱར་ཏེ། དོན་དམ་པར་གཟུགས་སུ་རུང་བ་དང་། མྱོང་བ་དང་། མཚན་མར་འཛིན་པ་དང་། མངོན་པར་འདུ་བྱེད་པ་དང་། རྣམ་པར་ཤེས་པར་བྱེད་པའི་མཚན་ཉིད་ཀྱི་ཕུང་པོ་ལྔ་པོ་དག་ནི་བདག་མ་ཡིན་པར་ཤེས་པར་བྱར་ནུས་ཏེ། འབྲས་བུ་ཉིད་ཡིན་ པའི་ཕྱིར་དང་། རྒྱུ་ཉིད་ཡིན་པའི་ཕྱིར་དང་། ལན་འགའ་དགའ་བའི་རྒྱུ་ཉིད་ཡིན་པའི་ཕྱིར་དང་། ལན་འགའ་ཡོངས་སུ་གདུང་བའི་རྒྱུ་ཉིད་ཡིན་པའི་ཕྱིར་དང་། ཐེ་ཚོམ་ཅན་གྱི་ཤེས་པའི་རྒྱུ་ཉིད་ཡིན་པའི་ཕྱིར་དང་། ལོག་པའི་ཤེས་པའི་རྒྱུ་ཉིད་ཡིན་པ་ལ་སོགས་པའི་ཕྱིར་དཔེར་ན་བུམ་པ་བཞིན་ནོ་ཞེས་བྱ་ བར་སྦྱར་རོ། །དེ་ལྟ་བས་ན་རེ་ཞིག་ཕུང་པོ་རྣམས་ཉིད་བདག་ཡིན་ནོ་ཞེས་བྱ་བ་མི་འཐད་དོ། །ད་ནི་བདག་ཕུང་པོ་རྣམས་ལས་གཞན་ཡིན་པ་ཡང་མེད་པར་བསྒྲུབ་པར་བྱ་སྟེ། དེ་ལ་རེ་ཞིག་མུ་སྟེགས་བྱེ་བྲག་པ་དང་། གྲངས་ཅན་དང་། སྐྱེས་བུ་རྒྱུར་འདོད་པ་དག་བདག་ཕུང་པོ་རྣམས་ལས་གཞན་ཡིན་པར་སྨྲ་ བའི་གཞུང་བསྟན་པའི་ཕྱིར། བྱེ་བྲག་པ་དག་ནི་བདག་ལུས་དང་དབང་པོ་དང་བློ་ལས་གཞན་པ། བདེ་བ་ལ་སོགས་པའི་གཞིར་གྱུར་པ་དང་། བྱེད་པ་པོ་དང་། སེམས་པ་མེད་པ་དང་། རྟག་པ་ཐམས་ཅད་དུ་སོང་བ་ཡིན་པར་བརྗོད་ལ། གྲངས་ཅན་དག་ནི་བདག་འབྲས་བུ་དང་རྒྱུ་ལས་གཞན་པ་བྱེད་པ་པོ་ མ་ཡིན་པ་དང་། ཟ་བ་པོ་དང་། དག་པ་དང་། ཐམས་ཅད་དུ་སོང་བ་དང་། མི་འགྱུར་བ་དང་། སེམས་པ་ཡོད་པ་ཡིན་པར་བརྗོད་ཅིང་། སྐྱེས་བུ་རྒྱུར་འདོད་པས་ཀྱང་དེ་བཞིན་པས་དེ་དག་ལ་སྒྲུབ་པ་འདི་མི་གནོད་དོ་ཞེ་ན་ཞེས་བྱ་བ་སྨྲས་སོ། །ད་ནི་དེ་དག་གསལ་བ་བསྟན་པར་བྱ་སྟེ། དེའི་ཕྱིར་སློབ་ དཔོན་གྱི་ཕུང་པོ་ལས་གཞན་པའི་བདག་བསྟན་དཀའ་བ་ངེས་པར་མཛད་ནས་དེ་དག་གི་ཕྱིར་བཤད་པ། གལ་ཏེ་ཕུང་པོ་རྣམས་ལས་གཞན། །ཕུང་པོའི་མཚན་ཉིད་མེད་པར་འགྱུར། །ཕུང་པོའི་མཚན་ཉིད་མེད་པ་ནི། །ཕུང་པོའི་མཚན་ཉིད་མ་ཡིན་པ་སྟེ། གཟུགས་སུ་རུང་བ་དང་། མྱོང་བ་དང་། མཚན་ མར་འཛིན་པ་དང་། མངོན་པར་འདུ་བྱེད་པ་དང་། རྣམ་པར་ཤེས་པར་བྱེད་པའི་མཚན་ཉིད་མ་ཡིན་པར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ་ཞེས་བྱ་བ་སྨྲས་ཏེ། ཅི་སྟེ་བདག་ཕུང་པོ་རྣམས་ལས་གཞན་ཡིན་པར་གྱུར་ན། དེ་ལྟར་ན་ཕུང་པོའི་མཚན་ཉིད་མ་ཡིན་པར་འགྱུར་ཏེ། ཕུང་པོ་རྣམས་ཀྱི་སྐྱེ་བ་དང་ འཇིག་པའི་མཚན་ཉིད་ཡིན་པས་དེས་ན་བདག་ཕུང་པོ་རྣམས་ལས་གཞན་ཡིན་པའི་ཕྱིར་སྐྱེ་བ་དང་འཇིག་པའི་མཚན་ཉིད་མ་ཡིན་པར་འགྱུར་རོ། །དེ་ལྟ་ན་རྟག་པར་འགྱུར་ཏེ། བདག་བརྟགས་པ་ཡིན་ན་རྩོམ་པ་ཐམས་ཅད་དོན་མེད་པ་ཉིད་དུ་འགྱུར་ཏེ། འདི་ལྟར་རྟག་པ་མི་འགྱུར་བ་ལ་ཅི་ཞིག་བྱར་ ཡོད། དེ་ལྟ་ན་ཡང་བདག་ཡོད་པར་རྟོག་པ་དོན་མེད་པ་ཉིད་དུ་འགྱུར་ཏེ། དེ་ལ་ཅུང་ཟད་ཀྱང་འཇུག་པའམ། ལྡོག་པར་མི་འགྱུར་རོ། །དེ་ལྟ་བས་ན་བདག་ཕུང་པོ་རྣམས་ལས་གཞན་པར་ཡང་མི་འཐད་དོ་ཞེས་སྟོན་ཏོ། །དེ་ལྟར་ན་འདིས་ནི་བརྟགས་པའི་བདག་གི་ཆོས་ནི་ཕུང་པོའི་མཚན་ཉིད་མ་ཡིན་པ་ ཉིད་ཡིན་པར་བསྟན་ཏོ་ཞེས་བྱ་བ་ནི་དེ་ལྟར་ན་ཚིག་ལེའུར་བྱས་པའི་ཕྱེད་འོག་མ་འདིས་ནི་ཕུང་པོ་རྣམས་ལས་གཞན་པའི་བདག་ཕ་རོལ་པོ་དག་གིས་བརྟགས་པ་མེད་པར་སྒྲུབ་པའི་ཆོས་གཏན་ཚིགས་ནི་ཕུང་པོའི་མཚན་ཉིད་མ་ཡིན་པ་ཉིད་ཡིན་པར་བསྟན་ཏོ། །དཔེ་ནི་དབང་གིས་བསྒྲུབ་པར་བྱ་བ་དང་སྒྲུབ་ པའི་ཆོས་གཉི་ག་ལ་གྲགས་པའི་ཆོས་ཅན་མོ་གཤམ་གྱི་བུ་ལ་སོགས་པ་དག་ཡིན་ནོ་ཞེས་བྱ་བས་ནི་དེའི་ཆོས་མཐུན་པའི་དཔེ་ནི་སྒྲུབ་པའི་ཆོས་དེའི་དབང་གིས་བསྒྲུབ་པར་བྱ་བ་ཕུང་པོ་ལས་གཞན་པའི་བདག་མེད་པ་དང་། སྒྲུབ་པའི་ཆོས་ཕུང་པོའི་མཚན་ཉིད་མ་ཡིན་པ་ཞེས་ བྱ་བ་དག་དང་ཆོས་མཐུན་པ་རྒོལ་བ་དང་ཕྱིར་རྒོལ་བ་གཉི་ག་ལ་གྲགས་པའི་ཆོས་ཅན་མོ་གཤམ་གྱི་བུ་ལ་སོགས་པ་དག་ཡིན་པར་སྦྱར་རོ་ཞེས་བསྟན་ཏོ། །དེ་ཉིད་ཀྱི་ཚད་མ་བསྟན་པའི་ཕྱིར་འདིར་རྗེས་སུ་དཔག་པ་ནི་དོན་དམ་པར་བདག་གཟུགས་ལ་སོགས་པའི་ཕུང་པོ་ལས་གཞན་པ་མེད་དེ། ཕུང་ པོའི་མཚན་ཉིད་མ་ཡིན་པའི་ཕྱིར། དཔེར་ན་མོ་གཤམ་གྱི་བུ་བཞིན་ནོ་ཞེས་བྱ་བ་སྨྲས་ཏེ། དེ་དག་ནི་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་མོ་གཤམ་གྱི་བུ་ནི། ཕུང་པོའི་མཚན་ཉིད་མ་ཡིན་པའི་ཕྱིར་ཕུང་པོ་ལས་ ལོགས་ཤིག་ན་མེད་པ་དེ་བཞིན་དུ་བདག་ཀྱང་ཕུང་པོའི་མཚན་ཉིད་མ་ཡིན་པའི་ཕྱིར་ཕུང་པོ་ལས་ལོགས་ཤིག་ན་མེད་དོ། །གལ་ཏེ་མྱ་ངན་ལས་འདས་པ། །ཕུང་པོའི་མཚན་ཉིད་མ་ཡིན་པས་མ་ངེས་པ་ཉིད་དོ་ཞེ་ན་ཞེས་བྱ་བ་ནི་ཕ་རོལ་པོ་དག་དབུ་མ་པའི་གཏན་ཚིགས་ཕུང་པོའི་མཚན་ཉིད་མ་ཡིན་ པའི་ཕྱིར་ཞེས་བྱ་བ་དེ་མ་ངེས་པ་ཉིད་དུ་སྐྱོན་འདོགས་པའི་ཚིག་ཡིན་ཏེ། དེ་དག་ན་རེ་འདི་ན་མྱ་ངན་ལས་འདས་པ་ཕུང་པོའི་མཚན་ཉིད་མ་ཡིན་ཡང་ཕུང་པོ་ལས་ལོགས་ཤིག་ན་ཡོད་པར་འདོད་པས་དེས་ན་ཇི་རེ་ཞིག་ཕུང་པོའི་མཚན་ཉིད་མ་ཡིན་པའི་ཕྱིར། དཔེར་ན་མོ་གཤམ་གྱི་བུ་བཞིན་དུ་བདག་ཕུང་པོ་ ལས་ལོགས་ཤིག་ན་མེད་དམ། འོན་ཏེ་ཕུང་པོའི་མཚན་ཉིད་མ་ཡིན་པའི་ཕྱིར། དཔེར་ན་མྱ་ངན་ལས་འདས་པ་བཞིན་དུ་བདག་ཕུང་པོ་ལས་ལོགས་ཤིག་ན་ཡོད་པར་འགྱུར་བ་མ་ངེས་པ་ཉིད་ཡིན་པས་དབུ་མ་པའི་གཏན་ཚིགས་དེ་མ་གྲུབ་བོ་ཞེས་ཟེར་རོ། །དེའི་ལན་དུ། དེ་ནི། །མཚན་ཉིད་མེད་པའི་དངོས་ པོ་ནི། །འགའ་ཡང་གང་ནའང་ཡོད་མ་ཡིན། །ཞེས་བྱ་བ་དེར་མྱ་ངན་ལས་འདས་པ་ལ་སོགས་པ་འདུས་མ་བྱས་ཀྱི་དངོས་པོ་བསལ་བའི་ཕྱིར་མི་མཐུན་པའི་ཕྱོགས་མེད་པས་མ་ངེས་པ་ཉིད་མ་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། དེ་ནི་སྔར་ཁམས་བརྟག་པའི་སྐབས་སུ་ཚིག་ལེའུར་བྱས་པའི་ཕྱེད་འདིས་མཚན་ ཉིད་མེད་པའི་དངོས་པོ་མྱ་ངན་ལས་འདས་པ་བསལ་བའི་ཕྱིར་མི་མཐུན་པའི་ཕྱོགས་མེད་པས་མ་ངེས་པ་ཉིད་མ་ཡིན་ནོ། །གལ་ཏེ་བསྟན་བཅོས་མཛད་པས་དམ་བཅས་པ་ལ་སོགས་པའི་ཡན་ལག་མ་བརྗོད་པའི་ཕྱིར་སྒྲུབ་པ་མ་ཚང་བའི་སྐྱོན་ཡོད་དོ་ཞེ་ན་ཞེས་བྱ་བ་ནི་ཕ་རོལ་པོ་དག་ན་རེ་སློབ་དཔོན་ཀླུ་སྒྲུབ་ཀྱིས། གལ་ཏེ་ཕུང་པོ་རྣམས་ལས་གཞན། །ཕུང་པོའི་མཚན་ཉིད་མེད་པར་འགྱུར། །ཞེས་སྨོས་པ་དེས་ཕུང་པོའི་མཚན་ཉིད་མ་ཡིན་པར་འགྱུར་རོ་ཞེས་བྱ་བ་ཕྱོགས་ཀྱི་ཆོས་ཉི་ཚེ་ཞིག་བསྟན་པར་མཛད་ཀྱི། དམ་བཅས་པ་དང་དཔེ་དག་མ་བསྟན་པས་ཡན་ལག་མ་རྫོགས་པའི་ཕྱིར་དེ་ནི་བསྒྲུབ་པར་མི་རུང་ངོ་ཞེས་ སྐྱོན་འདོགས་པའི་ཚིག་ཡིན་ནོ། །དེའི་ལན་དུ། དོན་གྱི་ཚིག་ཡིན་པའི་ཕྱིར་སྐྱོན་མེད་དེ། དེ་ལྟར་སློབ་དཔོན་གྱི་ཚིག་དག་ཡིན་ཏེ། ཡི་གེ་མདོར་བསྡུས་པ་དང་། དོན་རྒྱ་ཆེ་བ་དག་ཡིན་པས་དོན་གྱི་དབང་གིས་སྦྱོར་བའི་ཚིག་དུ་མ་དག་གི་གཞི་ཡིན་པར་བཞེད་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། དེའི་ཕྱིར་སློབ་ དཔོན་གྱི་ཞལ་སྔ་ནས་ཀྱིས་ཚིག་ལེའུར་བྱས་པ་མཛད་པ་དག་ལ་སྐྱོན་མེད་དོ། །སྦྱོར་བའི་ཚིག་ལ་ནི་དེ་སྐྱོན་དུ་འགྱུར་རོ་ཞེས་བྱ་བ་ནི་འགྲེལ་པ་བྱེད་པ་སྦྱོར་བའི་ཚིག་རྩོམ་པ་དག་ལ་ནི་སྒྲུབ་པ་མ་ཚང་བ་དེ་སྐྱོན་དུ་ཡང་འགྱུར་བ་བདེན་ནོ་ཞེས་ཁས་བླང་བའི་ཚིག་ཡིན་ནོ། །འོ་ན་ཁྱོད་ལ་སྐྱོན་དུ་མི་འགྱུར་རམ་ཞེ་ན། ཁོ་བོས་དོན་དམ་པར་བདག་གཟུགས་ལ་སོགས་པའི་ཕུང་པོ་ལས་གཞན་པ་མེད་དེ། ཕུང་པོའི་མཚན་ཉིད་མ་ཡིན་པའི་ཕྱིར་དཔེར་ན་མོ་གཤམ་གྱི་བུ་བཞིན་ནོ་ཞེས་ཡན་ལག་ཚང་བར་བརྗོད་པའི་ཕྱིར་སྐྱོན་མེད་དོ། །ཡང་ན་དེ་ལ་དེ་ཡང་མི་འགྱུར་ཏེ། རབ་ཏུ་བྱེད་པའམ་ལུང་ལས་ལ་ལ་ལ་ཡན་ལག་འགའ་ ཞིག་གྲགས་པ་ཡིན་ནའོ་ཞེས་བྱ་བ་ནི་ཡང་ན་སྦྱོར་བའི་ཚིག་དེ་ལ་ཡན་ལག་རྫོགས་པར་མ་བརྗོད་དུ་ཟིན་ཀྱང་དེ་ལ་སྐྱོན་དུ་མི་འགྱུར་བར་གཞུང་འཛུགས་པའི་ཚིག་ཡིན་ཏེ། དེ་ཡང་གང་གི་ཚེ་རབ་ཏུ་བྱེད་པའི་སྐབས་སམ། ལུང་ལས་གང་ཟག་ལ་ལ་ལ་སྒྲུབ་པའི་ཡན་ལག་འགའ་ཞིག་གྲགས་པ་ཡིན་ན་ དེ་མ་བརྗོད་ཀྱང་སྐྱོན་དུ་མི་འགྱུར་ཏེ། ཇི་སྐད་དུ་གང་ཡང་རུང་བ་བརྗོད་ན་ཡང་སྒྲུབ་པ་ཡིན་ནོ་ཞེས་བཤད་པའི་ཕྱིར་རོ། །ཁ་ཅིག་ན་རེ་ཕྱོགས་ལ་སོགས་པ་དག་གིས་གཏན་ཚིགས་སྔ་མ་མ་ངེས་པ་ཉིད་དོ་ཞེའོ་ཞེས་བྱ་བ་ནི་ས་ལ་སོགས་པ་རྫས་དགུ་རྟག་པར་འདོད་པ་དག་དབུ་མ་པས་སྔར་ཕུང་པོ་ རྣམས་ཉིད་བདག་མ་ཡིན་པར་བསྒྲུབ་པའི་སྐབས་སུ་དོན་དམ་པར་འབྱུང་བ་དང་། འབྱུང་བ་འདུས་པ་དང་། དབང་པོ་དང་། དབང་པོ་འདུས་པ་དང་། རྣམ་པར་ཤེས་པ་དང་། དབང་པོ་དང་བཅས་པའི་ལུས་དང་། རྣམ་པར་ཤེས་པ་དང་བཅས་པའི་ལུས་ནི་བདག་མ་ཡིན་ཏེ། སྐྱེ་བ་ དང་འཇིག་པའི་ཆོས་ཅན་ཉིད་ཡིན་པའི་ཕྱིར། དཔེར་ན་ཕྱི་རོལ་གྱི་འབྱུང་བ་དག་བཞིན་ནོ་ཞེས་སྨྲས་པའི་གཏན་ཚིགས་དེ་མ་ངེས་པ་ཉིད་དུ་སྐྱོན་འདོགས་པའི་ཚིག་ཡིན་ཏེ། དེ་དག་ན་རེ་འདི་ན་ཕྱོགས་དང་། དུས་དང་། ནམ་མཁའ་དང་། བདག་དང་། ཡིད་ཅེས་བྱ་བ་རྫས་ལྔ་པོ་དག་སྐྱེ་བ་དང་ འཇིག་པའི་ཆོས་ཅན་ཉིད་ཀྱང་ཡིན་ལ། དེ་དག་རང་བཞིན་རྟག་པས་བདག་ཀྱང་ཡིན་པར་མཐོང་བས་དེས་ན་ཅི་རེ་ཞིག་སྐྱེ་བ་དང་འཇིག་པའི་ཆོས་ཅན་ཉིད་ཡིན་པའི་ཕྱིར། དཔེར་ན་ཕྱི་རོལ་གྱི་འབྱུང་བ་དག་བཞིན་དུ་ཕུང་པོ་རྣམས་བདག་མ་ཡིན་པར་འགྱུར་རམ། འོན་ཏེ་སྐྱེ་བ་དང་འཇིག་པའི་ ཆོས་ཅན་ཉིད་ཡིན་པའི་ཕྱིར། དཔེར་ན་ཕྱོགས་དང་། དུས་དང་། ནམ་མཁའ་དང་། བདག་དང་། ཡིད་བཞིན་དུ་ཕུང་པོ་རྣམས་བདག་ཡིན་པར་འགྱུར་བ་མ་ངེས་པ་ཉིད་ཡིན་པས། དབུ་མ་པའི་གཏན་ཚིགས་དེ་མ་གྲུབ་པོ་ཞེས་ཟེར་རོ། །དེ་དག་གི་གཞུང་ལས་ཕྱོགས་ལ་སོགས་པ་སྣང་ བ་དང་མི་སྣང་བའི་ཚུལ་གྱིས་ནི་སྐྱེ་བ་དང་འཇིག་པའི་ཆོས་ཅན་ཉིད་ཀྱང་ཡིན་ལ་རང་བཞིན་བརྟགས་པས་བདག་ཏུ་ཡང་འདོད་དེ། འདི་ལྟར་ཕྱོགས་ཀྱང་ལན་འགའ་མ་བསླད་པའི་ཚེ་ནི། གསལ་བའི་བདག་ཉིད་དུ་སྐྱེ་ལ་བསླད་པའི་ཚེ་ན་ནི་མི་གསལ་བའི་བདག་ཉིད་ཀྱིས་འཇིག་པ་དང་། དུས་ཀྱང་ ད་ལྟར་དང་མ་འོངས་པ་འཇུག་པའི་ཚུལ་གྱིས་ནི་སྐྱེ་ལ་འདས་པ་ལྡོག་པའི་ཚུལ་གྱིས་ནི་འཇིག་པ་དང་ནམ་མཁའ་ཡང་དངོས་པོ་གཞན་གྱིས་གོ་ཕྱེ་བའི་ཚུལ་གྱིས་ནི་སྐྱེ་ལ་དངོས་པོ་གཞན་གྱིས་གོ་བཀག་པའི་ཚུལ་གྱིས་ནི་འཇིག་པ་དང་། བདག་ཀྱང་མཐེ་བོང་ཙམ་ལ་སོགས་པར་མཐོང་བའི་ཚུལ་ གྱིས་ནི་སྐྱེ་ལ་དེ་ལྟར་མ་མཐོང་བའི་ཚུལ་གྱིས་ནི་འཇིག་པ་དང་། ཡིད་ཀྱང་དྲན་པའི་ཚེ་ན་སྐྱེ་ལ་མི་དྲན་པའི་ཚེ་ནི་འཇིག་པའི་ཆོས་ཅན་ཉིད་ཀྱང་ཡིན་ལ། དེ་དག་རང་བཞིན་རྟག་པས་བདག་ཡིན་པར་ཡང་འདོད་ཅེས་གྲག་གོ། །དེའི་ལན་དུ། དེ་ནི་བཟང་པོ་མ་ཡིན་ཏེ། །མཚན་ཉིད་མེད་པའི་ དངོས་པོ་ནི། །འགའ་ཡང་གང་ནའང་ཡོད་མ་ཡིན། །ཞེས་བྱ་བས་ལན་བཏབ་ཟིན་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། སྔར་ཁམས་བརྟག་པའི་སྐབས་སུ་ཚིག་ལེའུར་བྱས་པ་འདིས་ནམ་མཁའ་ལ་སོགས་པ་འདུས་མ་བྱས་ཀྱི་དངོས་པོ་གསལ་བ་བཞིན་དུ་ཕྱོགས་ལ་སོགས་པ་ཡང་གསལ་བའི་ཕྱིར་མི་མཐུན་ པའི་ཕྱོགས་མེད་པས་མ་ངེས་པ་ཉིད་མ་ཡིན་ནོ། །བརྟག་པ་དང་ཐམས་ཅད་དུ་སོང་བའི་ཚིག་གི་དོན་ནི་བདེ་བ་དང་སྡུག་བསྔལ་ལ་སོགས་པའི་གཞི་མ་ཡིན་ཏེ། སྐྱེ་བ་ཅན་ཡིན་པ་ལ་སོགས་པའི་གཏན་ཚིགས་དག་གི་ཕྱིར། དཔེར་ན་གཟུགས་ལ་སོགས་པ་བཞིན་ནོ་ཞེས་བྱ་བས་ནི་སྔར་བྱེ་བྲག་པ་དག་ནི་བདག་ ལུས་དང་དབང་པོ་དང་བློ་ལས་གཞན་པ་བདེ་བ་ལ་སོགས་པའི་གཞིར་གྱུར་པ་ཡིན་པར་བརྗོད་ལ་ཞེས་བྱ་བ་དེ་སུན་འབྱིན་པའི་ཚད་མ་སྟོན་ཏེ། བྱེ་བྲག་པ་དག་གི་གཞུང་ལས་བདག་ལུས་དང་དབང་པོ་དང་བློ་ལས་གཞན་བརྟག་པ་དང་། ཐམས་ཅད་དུ་སོང་བའི་ཚིག་གི་དོན་དེ་ནི་བདེ་བ་དང་སྡུག་བསྔལ་དང་། བློ་ དང་། འདོད་པ་དང་། སྡང་བ་དང་། འབད་པ་དང་། ཆོས་དང་། ཆོས་མ་ཡིན་པ་དང་། ཤེས་པ་དག་གི་གཞིར་འགྱུར་བ་ཡིན་པར་འདོད་པ་དེ་སྐབས་འདིས་སུན་འབྱིན་ཏེ། དེ་དག་ཀྱང་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་གཟུགས་ལ་སོགས་པ་ནི་སྐྱེ་བ་ཅན་ཡིན་པའི་ཕྱིར་དང་། བྱས་པ་ཉིད་ལ་སོགས་པ་ཡིན་པའི་ཕྱིར་བདེ་བ་དང་སྡུག་བསྔལ་ལ་སོགས་པའི་གཞི་མ་ཡིན་པ་དེ་བཞིན་དུ་དབང་པོ་དང་། བློ་ལས་གཞན་པ་རྟག་པ་དང་ཐམས་ཅད་དུ་སོང་བའི་ཚིག་གི་དོན་དེ་ཡང་སྐྱེ་བ་ཅན་ཡིན་པའི་ཕྱིར་དང་། བྱས་ པ་ཉིད་ལ་སོགས་པ་ཡིན་པའི་ཕྱིར་བདེ་བ་དང་སྡུག་བསྔལ་ལ་སོགས་པའི་གཞི་མ་ཡིན་ནོ། །རྒྱས་པར་ནི་སྔ་མ་བཞིན་ནོ་ཞེས་བྱ་བ་ནི་རྗེས་སུ་དཔག་པ་སྔ་མའི་གཏན་ཚིགས་སྐྱེ་བ་ཅན་ཡིན་པ་ལ་སོགས་པའི་གཏན་ཚིགས་དག་གི་ཕྱིར་ཞེས་བྱ་བ་དེ་ནི་མཚོན་པ་ཙམ་དུ་ཟད་ཀྱི། དེའི་གཏན་ཚིགས་དེ་ནི་སྔ་ མ་བཞིན་དུ་འབྲས་བུ་ཉིད་དང་། རྒྱུ་ཉིད་དང་། ལན་འགའ་དགའ་བ་དང་། ཡོངས་སུ་གདུང་བའི་རྒྱུ་ཉིད་དང་། ཐེ་ཚོམ་ཅན་གྱི་ཤེས་པ་དང་། ལོག་པའི་ཤེས་པའི་རྒྱུ་ཉིད་ཡིན་པ་ལ་སོགས་པའི་གཏན་ཚིགས་དག་གིས་ཀྱང་རྗེས་སུ་དཔག་པ་རྒྱས་པར་བྱ་བ་ཡིན་ནོ། །བདག་ནི་ཁྱབ་བདག་མ་ཡིན་ཏེ། །རྫས་ ཡིན་པའི་ཕྱིར་དཔེར་ན་བུམ་པ་བཞིན་ནོ་ཞེས་བྱ་བས་ནི་སྔར་བྱེ་བྲག་པ་དག་ནི་བདག་ལུས་དང་དབང་པོ་དང་། བློ་ལས་གཞན་པ་ཐམས་ཅད་དུ་སོང་བ་ཡིན་པར་བརྗོད་ལ་ཞེས་བྱ་བ་དེ་སུན་འབྱིན་པའི་ཚད་མ་སྟོན་ཏེ། བྱེ་བྲག་པ་དག་གི་གཞུང་ལས་བདག་ཐམས་ཅད་དུ་སོང་བ་ནི་ཁྱབ་བདག་ཡིན་པར་ འདོད་པ་དེ་སྐབས་འདིས་སུན་འབྱིན་ཏེ། དེ་དག་ཀྱང་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་བུམ་པ་ནི་རྫས་ཡིན་པའི་ཕྱིར། ཁྱབ་བདག་མ་ཡིན་པ་དེ་བཞིན་དུ་བདག་ཀྱང་རྫས་ཡིན་པའི་ཕྱིར་ཁྱབ་བདག་མ་ ཡིན་ནོ། །གལ་ཏེ་ནམ་མཁའ་མ་ངེས་པ་ཉིད་དོ་ཞེ་ན་ཞེས་བྱ་བ་ནི་ཕ་རོལ་པོ་དག་དབུ་མ་པའི་གཏན་ཚིགས་རྫས་ཡིན་པའི་ཕྱིར་ཞེས་བྱ་བ་དེ་མ་ངེས་པ་ཉིད་དུ་སྐྱོན་འདོགས་པའི་ཚིག་ཡིན་ཏེ། དེ་དག་ན་རེ་འདི་ན་ནམ་མཁའ་རྫས་ཡིན་ཡང་ཁྱབ་བདག་མ་ཡིན་པར་མཐོང་བས་དེས་ན་ཅི་རེ་ཞིག་རྫས་ ཡིན་པའི་ཕྱིར་དཔེར་ན་བུམ་པ་བཞིན་དུ་བདག་ཁྱབ་བདག་མ་ཡིན་པར་འགྱུར་རམ། འོན་ཏེ་རྫས་ཡིན་པའི་ཕྱིར་དཔེར་ན་ནམ་མཁའ་བཞིན་དུ་བདག་ཁྱབ་བདག་ཡིན་པར་འགྱུར་བ་མ་ངེས་པ་ཉིད་ཡིན་པས་དབུ་མ་པའི་གཏན་ཚིགས་དེ་མ་གྲུབ་བོ་ཞེས་ཟེར་རོ། །དེའི་ལན་དུ། ནམ་མཁའ་རྫས་སུ་ཡོད་པ་ ཉིད་བཀག་པའི་ཕྱིར་དང་། དེའི་ཁྱབ་བདག་ཉིད་ཀྱང་བདག་གི་ཁྱབ་བདག་ཉིད་བཞིན་དུ་བཀག་པའི་ཕྱིར་མ་ངེས་པ་ཉིད་མ་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། དོན་དམ་པར་ནམ་མཁའ་མ་སྐྱེས་པས་རྫས་སུ་ཡོད་པ་ཉིད་བཀག་པའི་ཕྱིར་ཁྱབ་བདག་མ་ཡིན་པའི་ཕྱིར་དང་། ནམ་མཁའི་ཁྱབ་བདག་ ཉིད་ཀྱང་བདག་གི་ཁྱབ་བདག་ཉིད་བཞིན་དུ་བཀག་པའི་ཕྱིར་ཏེ། ཇི་ལྟར་བདག་ནི་ཁྱབ་བདག་མ་ཡིན་ཏེ། མ་སྐྱེས་པའི་ཕྱིར་ནམ་མཁའི་མེ་ཏོག་བཞིན་དུ་ཞེས་བྱ་བ་དེ་བཞིན་དུ། ནམ་མཁའ་ཡང་ཁྱབ་བདག་མ་ཡིན་ཏེ། མ་སྐྱེས་པའི་ཕྱིར་ནམ་མཁའི་མེ་ཏོག་བཞིན་ནོ་ཞེས་བཀག་པའི་ཕྱིར་མི་ མཐུན་པའི་ཕྱོགས་མེད་པས་མ་ངེས་པ་ཉིད་མ་ཡིན་ནོ། །དེ་བཞིན་དུ་བདག་ནི་བྱེད་པ་པོ་མ་ཡིན་ཏེ། ལུས་ཅན་ཡིན་པའི་ཕྱིར་དཔེར་ན་ལས་བཞིན་ནོ་ཞེས་བྱ་བས་ནི་སྔར་བྱེ་བྲག་པ་དག་ནི་བདག་ལུས་དང་། དབང་པོ་དང་། བློ་ལས་གཞན་པ་བྱེད་པ་པོ་ཡིན་པར་བརྗོད་ལ་ཞེས་བྱ་བ་སུན་འབྱིན་པའི་ཚད་མ་ སྟོན་ཏེ། བྱེ་བྲག་པ་དག་གི་གཞུང་ལས་བདག་བྱེད་པ་པོ་ཡིན་པར་འདོད་པ་དེ་སྐབས་འདིས་སུན་འབྱིན་ཏེ། དེ་དག་ཀྱང་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་བསམས་པའི་ལས་ནི་ལུས་ཅན་ཡིན་པའི་ཕྱིར་བྱེད་པ་ པོ་མ་ཡིན་པ་དེ་བཞིན་དུ་བདག་ཀྱང་མཐེ་བོང་ཙམ་ལ་སོགས་པའི་ལུས་ཡིན་པའི་ཕྱིར་བྱེད་པ་པོ་མ་ཡིན་ནོ། །བདག་ནི་རྟག་པ་ཡང་མ་ཡིན་ཏེ། རྫས་ཡིན་པའི་ཕྱིར་དཔེར་ན་བུམ་པ་བཞིན་ནོ་ཞེས་བྱ་བས་ནི་སྔར་བྱེ་བྲག་པ་དག་ནི་བདག་ལུས་དང་། དབང་པོ་དང་། བློ་ལས་གཞན་པ་རྟག་པ་ཡིན་པར་ བརྗོད་ལ་ཞེས་བྱ་བ་དེ་སུན་འབྱིན་པའི་ཚད་མ་སྟོན་ཏེ། བྱེ་བྲག་པ་དག་གི་གཞུང་ལས་བདག་རྟག་པ་ཡིན་པར་འདོད་པ་དེ་སྐབས་འདིས་སུན་འབྱིན་ཏེ། དེ་དག་ཀྱང་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་བུམ་ པ་ནི་རྫས་ཡིན་པའི་ཕྱིར་རྟག་པ་མ་ཡིན་པ་དེ་བཞིན་དུ་བདག་ཀྱང་རྫས་ཡིན་པའི་ཕྱིར་རྟག་པ་མ་ཡིན་ནོ། །དེ་བཞིན་དུ་ཤེས་བྱ་ཉིད་དང་བརྗོད་པར་བྱ་བ་ཉིད་དང་དངོས་པོ་ཉིད་ལ་སོགས་པའི་གཏན་ཚིགས་དག་གི་ཕྱིར་རོ་ཞེས་ཀྱང་བརྗོད་པར་བྱའོ་ཞེས་བྱ་བ་ནི་རྗེས་སུ་དཔག་པ་སྔ་མའི་གཏན་ཚིགས་ནི་འདི་ དག་ཀྱང་ཡིན་པར་སྦྱར་རོ། །བདག་ནི་རྒྱུ་མེད་པ་ཡང་མ་ཡིན་ཏེ། དངོས་པོ་ཡིན་པའི་ཕྱིར། དཔེར་ན་བུམ་པ་བཞིན་ནོ་ཞེས་བྱ་བས་ནི་སྔར་བྱེ་བྲག་པ་དག་ནི་བདག་ལུས་དང་། དབང་པོ་དང་། བློ་ལས་གཞན་པ་ཡིན་པར་བརྗོད་ལ་ཞེས་བྱ་བ་དེ་སུན་འབྱིན་པའི་ཚད་མ་སྟོན་ཏེ། བྱེ་བྲག་པ་དག་གི་ གཞུང་ལས་བདག་ལུས་དང་། དབང་པོ་དང་། བློ་ལས་གཞན་པ་ཞེས་བྱ་བ་ནི་རྒྱུ་མེད་པ་ཡིན་པར་འདོད་པ་དེ་སྐབས་འདིས་སུན་འབྱིན་ཏེ། དེ་དག་ཀྱང་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་བུམ་པ་ནི་དངོས་ པོ་ཡིན་པའི་ཕྱིར་རྒྱུ་མེད་པ་མ་ཡིན་པ་དེ་བཞིན་དུ་བདག་ཀྱང་དངོས་པོ་ཡིན་པའི་ཕྱིར་རྒྱུ་མེད་པ་མ་ཡིན་ནོ། །དེ་བཞིན་དུ་ཚིག་གི་དོན་ཉིད་ཡིན་པ་ལ་སོགས་པའི་གཏན་ཚིགས་དག་གི་ཕྱིར་རོ་ཞེས་ཀྱང་བརྗོད་པར་བྱའོ་ཞེས་བྱ་བ་ནི་རྗེས་སུ་དཔག་པ་སྔ་མའི་གཏན་ཚིགས་ནི་འདི་དག་ཀྱང་ཡིན་པར་སྦྱར་རོ། །རེ་ཞིག་ དེ་དག་ནི་བྱེ་བྲག་པ་དག་གིས་བདག་ཕུང་པོ་རྣམས་ལས་གཞན་པར་བརྟགས་པའི་གཞུང་མི་འཐད་པར་སུན་འབྱིན་པ་ཡིན་ནོ། །ད་ནི་གྲངས་ཅན་དག་གིས་བདག་ཕུང་པོ་རྣམས་ལས་གཞན་པར་བརྟགས་པའི་གཞུང་མི་འཐད་པར་བསྟན་པའི་ཕྱིར། དེ་བཞིན་དུ་དོན་དམ་པར་བདག་ནི་སེམས་ པ་ཡོད་པ་ཡང་མ་ཡིན། རྟག་པ་ཡང་མ་ཡིན། ཐམས་ཅད་དུ་སོང་བ་ཡང་མ་ཡིན། རྒྱུ་མེད་པ་ཡང་མ་ཡིན་ཏེ། དངོས་པོ་ཡིན་པའི་ཕྱིར་དང་། ལན་འགའ་ཡང་དག་པའི་ཤེས་པ་དང་། ལོག་པའི་ཤེས་པ་དང་། ཐེ་ཚོམ་ཅན་གྱི་ཤེས་པའི་རྒྱུ་ཉིད་ཡིན་པའི་ཕྱིར་དང་། ལན་འགའ་དགའ་བ་དང་། ཡོངས་སུ་གདུང་བའི་རྒྱུ་ཉིད་ཡིན་པ་ལ་སོགས་པའི་གཏན་ཚིགས་དག་གི་ཕྱིར། དཔེར་ན་ཀ་བ་བཞིན་ནོ་ཞེས་བརྗོད་པར་བྱའོ་ཞེས་བྱ་བ་སྨྲས་ཏེ། དེས་ནི་སྔར་གྲངས་ཅན་དག་ནི་བདག་འབྲས་བུ་དང་རྒྱུ་ལས་གཞན་པ་སེམས་པ་ཡོད་པ་དང་། མི་འགྱུར་བ་དང་། ཐམས་ཅད་དུ་སོང་བ་དང་། རྒྱུ་ལས་ གཞན་པ་ཡིན་པར་བརྗོད་ཅིང་ཞེས་བྱ་བ་དེ་དག་སུན་འབྱིན་པའི་ཚད་མ་སྟོན་ཏེ། གྲངས་ཅན་དག་གི་གཞུང་ལས་བདག་སེམས་པ་ཡོད་པ་དང་། རྟག་པ་དང་། ཐམས་ཅད་དུ་སོང་བ་དང་། རྒྱུ་མེད་པ་ཡིན་པར་འདོད་པ་དེ་དག་སྐབས་འདིས་སུན་འབྱིན་ཏེ། དེ་དག་ནི་ཆོས་ཅན་དང་། བསྒྲུབ་པར་བྱ་ བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་ཀ་བ་ནི་དངོས་པོ་ཡིན་པའི་ཕྱིར་དང་། ལན་འགའ་ཡང་དག་པའི་ཤེས་པ་དང་། ལོག་པའི་ཤེས་པ་དང་། ཐེ་ཚོམ་ཅན་གྱི་ཤེས་པའི་རྒྱུ་ཉིད་ཡིན་པའི་ཕྱིར་དང་། ལན་འགའ་དགའ་བ་དང་། ཡོངས་སུ་གདུང་བའི་རྒྱུ་ཉིད་ལ་སོགས་པ་ཡིན་པའི་ཕྱིར་སེམས་པ་ཡོད་པ་ཡང་མ་ཡིན། རྟག་པ་ཡང་མ་ཡིན། ཐམས་ཅད་དུ་སོང་བ་ཡང་མ་ཡིན། རྒྱུ་མེད་པ་ཡང་མ་ཡིན་པ་དེ་བཞིན་དུ་བདག་ཀྱང་དངོས་པོ་ཡིན་པའི་ཕྱིར་དང་། ལན་འགའ་ཡང་དག་པའི་ཤེས་པ་དང་། ལོག་པའི་ཤེས་པ་ པ་དང་། ཐེ་ཚོམ་ཅན་གྱི་ཤེས་པའི་རྒྱུ་ཉིད་ཡིན་པའི་ཕྱིར་དང་། ལན་འགའ་དགའ་བ་དང་། ཡོངས་སུ་གདུང་བའི་རྒྱུ་ཉིད་ལ་སོགས་པ་ཡིན་པའི་ཕྱིར་སེམས་པ་ཡོད་པ་ཡང་མ་ཡིན། རྟག་པ་ཡང་མ་ཡིན། ཐམས་ཅད་དུ་སོང་བ་ཡང་མ་ཡིན། རྒྱུ་མེད་པ་ཡང་མ་ཡིན་ནོ། །ཡང་གྲངས་ ཅན་གྱི་ཕྱོགས་ལ་བརྗོད་པར་བྱ་སྟེ། དོན་དམ་པར་བདག་ནི་ཟ་བ་པོ་མ་ཡིན་ཏེ། ཐེ་ཚོམ་གྱི་ཤེས་པ་ལ་སོགས་པའི་རྒྱུ་ཡིན་པའི་ཕྱིར། དཔེར་ན་སྡོང་དུམ་དང་བུམ་པ་བཞིན་ནོ་ཞེས་བརྗོད་པར་བྱའོ་ཞེས་བྱ་བས་ནི་སྔར་གྲངས་ཅན་དག་ནི་བདག་འབྲས་བུ་དང་རྒྱུ་ལས་གཞན་པ་ཟ་བ་པོ་ཡིན་པར་བརྗོད་ཅིང་ཞེས་ བྱ་བ་དེ་སུན་འབྱིན་པའི་ཚད་མ་སྟོན་ཏེ། གྲངས་ཅན་དག་གི་གཞུང་ལས་བདག་ཟ་བ་པོ་ཡིན་པར་འདོད་པ་དེ་སྐབས་འདིས་སུན་འབྱིན་ཏེ། དེ་དག་ཀྱང་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་སྡོང་དུམ་དང་བུམ་པ་ནི་ཐེ་ ཚོམ་ཅན་གྱི་ཤེས་པ་ལ་སོགས་པའི་རྒྱུ་ཡིན་པའི་ཕྱིར་ཟ་བ་པོ་མ་ཡིན་པ་དེ་བཞིན་དུ་བདག་ཀྱང་ཐེ་ཚོམ་ཅན་གྱི་ཤེས་པ་ལ་སོགས་པའི་རྒྱུ་ཡིན་པའི་ཕྱིར་ཟ་བ་པོ་མ་ཡིན་ནོ། །ཅི་སྟེ་ཡང་ལ་ལ་འདི་སྙམ་དུ་དབུ་མ་པས་བདག་ཚིག་གི་དོན་ཉིད་དུ་ཁས་མ་བླངས་པའི་ཕྱིར་དེའི་ཁྱད་པར་བསྟན་པ་མི་ རིགས་ཏེ། དཔེར་ན་མོ་གཤམ་གྱི་བུའི་སྔོ་བསངས་དང་དཀར་ཤམ་ཉིད་དག་སྟོན་པ་བཞིན་ནོ་སྙམ་དུ་སེམས་ན་ཞེས་བྱ་བ་ནི་ཕས་ཀྱི་རྒོལ་བ་ལ་ལ་དག་འདི་སྙམ་དུ་དབུ་མ་པས་དོན་དམ་པར་བདག་ཅེས་བྱ་བ་ཚིག་གི་དོན་ཉིད་དུ་ཡོད་པར་ཁས་མ་བླངས་པའི་ཕྱིར་དེའི་ཁྱད་པར་བདེ་བ་ལ་སོགས་པའི་གཞིར་ གྱུར་པ་དང་། བྱེད་པ་པོ་དང་། སེམས་པ་མེད་པ་དང་། རྟག་པ་དང་། ཐམས་ཅད་དུ་སོང་བ་ལ་སོགས་པ་ཕྱོགས་སུ་བྱས་ཏེ། དེ་དག་མེད་པར་སྟོན་པ་ནི་གཞི་མ་གྲུབ་པའི་ཕྱིར་མི་རིགས་ཏེ། དཔེར་ན་མོ་གཤམ་གྱི་བུ་མེད་པའི་ཁྱད་པར་སྔོ་བསངས་དང་དཀར་ཤམ་ཉིད་དག་སྟོན་པ་མི་རིགས་པ་བཞིན་ ནོ་སྙམ་དུ་སེམས་པའི་རྣམ་པར་རྟོག་པ་ཡིན་ནོ། །དེའི་ལན་དུ། དེ་ནི་བཟང་པོ་མ་ཡིན་ཏེ། ཡང་འབྱུང་བའི་སྲིད་པ་ལེན་པའི་ཕྱིར་བདག་ཅེས་བྱ་བ་ནི་རྣམ་པར་ཤེས་པའི་ཡུལ་ལ་བདག་ཏུ་ཐ་སྙད་གདགས་པའི་ཕྱིར་རྣམ་པར་ཤེས་པ་ལ་བདག་ཏུ་བརྗོད་དེ། དེ་ལྟར་ཡང་བཅོམ་ལྡན་འདས་ཀྱིས། སེམས་དུལ་བ་ནི་དགེ་བ་སྟེ། །དུལ་བའི་སེམས་ཀྱིས་བདེ་བ་འཐོབ། །ཅེས་གསུངས་ནས། ཡང་མདོ་སྡེ་གཞན་ལས། བདག་གི་མགོན་ནི་བདག་ཉིད་ཡིན། །གཞན་ནི་མགོན་དུ་སུ་ཞིག་འགྱུར། །མཁས་པ་བདག་ཉིད་ལེགས་དུལ་བས། །མཐོ་རིས་དག་ཀྱང་ཐོབ་པར་འགྱུར། །ཞེས་ གསུངས་པས་དེའི་ཕྱིར་ཐ་སྙད་དུ་བདག་སྤྱིར་ཁས་བླངས་པའི་ཕྱིར་ཁྱད་པར་མ་གྲགས་པ་སེལ་བའི་ཕྱིར་སྐྱོན་མེད་དོ་ཞེས་བྱ་བ་སྨྲས་ཏེ། དབུ་མ་པ་ཡང་ཐ་སྙད་དུ་རྣམ་པར་ཤེས་པ་ལ་བདག་ཏུ་གདགས་པ་ཁས་ལེན་པས་ཐ་སྙད་དུ་གཞི་མ་གྲུབ་པ་ཡང་མ་ཡིན་ལ། དེའི་ཁྱད་པར་ཕ་རོལ་པོས་ བརྟགས་པ་བདེ་བ་ལ་སོགས་པའི་གཞིར་གྱུར་པ་དང་། བྱེད་པ་པོ་དང་། སེམས་པ་མེད་པ་དང་། རྟག་པ་དང་། ཐམས་ཅད་དུ་སོང་བ་ལ་སོགས་པ་མ་གྲགས་པ་དག་དོན་དམ་པར་སེལ་བའི་ཕྱིར་སྐྱོན་མེད་དོ། །ཡང་ན་སྦྱོར་བའི་ལམ་གཞན་བྱ་སྟེ། དབང་པོ་དང་བཅས་པའི་ལུས་ནི་རྟག་པ་དང་ཐམས་ ཅད་དུ་སོང་བའི་ཚིག་གི་དོན་གྱི་དམིགས་པའི་རྒྱུ་ཐུན་མོང་མ་ཡིན་པ་ཉིད་ཀྱང་མ་ཡིན་ཏེ། དམིགས་པར་བྱ་བ་ཡིན་པའི་ཕྱིར་དཔེར་ན་ཀ་བ་བཞིན་ནོ་ཞེས་བྱ་བས་ནི་བདག་ཏུ་སྨྲ་བ་དག་དབང་པོ་དང་བཅས་པའི་ལུས་ལ་བརྟེན་ནས་བདག་གི་ཕྱི་རོལ་གྱི་ཡུལ་དམིགས་པར་བྱེད་པས་དབང་པོ་དང་བཅས་པའི་ལུས་ ནི་བདག་གི་ཡུལ་དམིགས་པའི་རྒྱུ་ཐུན་མོང་མ་ཡིན་པར་འདོད་པ་དགག་པའི་ཚད་མ་གཞན་སྟོན་ཏེ། དེ་དག་ཀྱང་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་ཀ་བ་ནི་དམིགས་པར་བྱ་བ་ཡིན་པའི་ཕྱིར་བདག་རྟག་པ་དང་། ཐམས་ཅད་དུ་སོང་བའི་ཚིག་གི་དོན་གྱི་དམིགས་པའི་རྒྱུ་ཐུན་མོང་མ་ཡིན་པ་དེ་བཞིན་དུ། དབང་པོ་དང་བཅས་པའི་ལུས་ཀྱང་དམིགས་པར་བྱ་བ་ཡིན་པའི་ཕྱིར་བདག་རྟག་པ་དང་ཐམས་ཅད་དུ་སོང་བའི་ཚིག་གི་དོན་གྱི་དམིགས་པའི་རྒྱུ་ཐུན་མོང་མ་ཡིན་པ་མ་ཡིན་ནོ། །དེ་བཞིན་དུ་གཞལ་བྱ་མ་ཡིན་པའི་ ཕྱིར་ཞེས་བྱ་བ་ལ་སོགས་པའི་གཏན་ཚིགས་དག་ཀྱང་བརྗོད་པར་བྱའོ་ཞེས་བྱ་བ་ནི་བསྒྲུབ་པ་སྔ་མའི་གཏན་ཚིགས་ནི་འདི་དག་ཀྱང་ཡིན་ཞེས་བྱ་བར་སྦྱར་རོ། །འདིར་བདག་ཏུ་སྨྲ་བ་དག་ཕྱིར་ཟློག་པར་བྱེད་དེ་ཕུང་པོ་ལྔ་དང་ལུས་ལ་བདག་མེད་དོ་ཞེས་བྱ་བ་དེའི་དོན་གང་ཡིན་ཞེས་བྱ་བ་ནི་སྔར་དབུ་མ་པས། གལ་ཏེ་ ཕུང་པོ་བདག་ཡིན་ན། །སྐྱེ་དང་འཇིག་པ་ཅན་དུ་འགྱུར། །ཞེས་བྱ་བ་སྒྲུབ་པའི་སྐབས་སུ་དོན་དམ་པར་གཟུགས་སུ་རུང་བ་དང་། མྱོང་བ་དང་། མཚན་མར་འཛིན་པ་དང་། མངོན་པར་འདུ་བྱེད་པ་དང་། རྣམ་པར་ཤེས་པར་བྱེད་པའི་མཚན་ཉིད་ཀྱི་ཕུང་པོ་ལྔ་པོ་དག་ནི་བདག་མ་ཡིན་པར་ཤེས་པར་བྱར་ ནུས་ཏེ། སྐྱེ་བ་དང་འཇིག་པའི་ཆོས་ཅན་ཉིད་ཡིན་པའི་ཕྱིར། དཔེར་ན་བུམ་པ་བཞིན་ནོ་ཞེས་བཤད་པ་དེ་ལ་འདིར་བདག་ཏུ་སྨྲ་བ་དག་ན་རེ་དམ་བཅས་པ་དེའི་དོན་གང་ཡིན་ཞེས་རྟོག་ཅིང་དེའི་དཔེ་བུམ་པ་བཞིན་ནོ་ཞེས་བྱ་བ་དེ་མི་འགྱུར་བར་གླན་ཀ་ཚོལ་བའི་ཚིག་ཡིན་ནོ། །དེའི་ཕྱིར་གལ་ཏེ་དེ་དག་ལ་བདག་མེད་དོ་ ཞེ་ན་ནི་དཔེ་མེད་དེ་བུམ་པ་ལ་སོགས་པ་དག་ལ་ཡང་དེ་ཡོད་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། གལ་ཏེ་དབུ་མ་པའི་དམ་བཅས་པ་དེའི་དོན་ཕུང་པོ་དེ་དག་ལ་བདག་མེད་པས་ཕུང་པོ་ལྔ་པོ་དེ་དག་བདག་མ་ཡིན་པར་ཤེས་པར་བྱར་ནུས་ཏེ་ཞེས་བྱ་བ་ཡིན་ན་ནི། དཔེར་ན་བུམ་པ་བཞིན་ནོ་ཞེས་བྱ་བའི་དཔེ་དེ་མི་རུང་སྟེ། ཁོ་ བོ་ཅག་གི་ཕྱོགས་ལ་བུམ་པ་ལ་སོགས་པ་དག་ལ་ཡང་བདག་ཡོད་པར་འདོད་པའི་ཕྱིར་རོ། །གལ་ཏེ་དེ་ལ་དམིགས་པར་མི་བྱེད་དོ་ཞེ་ན་ནི། དེ་ལྟ་ན་ཡང་དཔེ་མེད་དེ་བུམ་པ་ལ་སོགས་པ་ནི་ཡུལ་དམིགས་པའི་རྒྱུ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི། གལ་ཏེ་དབུ་མ་པའི་དམ་བཅས་པ་དེའི་དོན་ཕུང་པོ་ལྔ་དང་གཟུགས་ཀྱི་ལུས་ དེ་དག་བདག་དེ་ཡུལ་དེ་ལ་དམིགས་པར་བྱེད་པའི་རྒྱུ་མ་ཡིན་པས་ཕུང་པོ་རྣམས་ཀྱིས་བདག་དེ་ཡུལ་དེ་ལ་དམིགས་པར་མི་བྱེད་པས་ཕུང་པོ་ལྔ་པོ་དག་བདག་མ་ཡིན་པར་ཤེས་པར་བྱར་ནུས་ཏེ་ཞེས་བྱ་བ་ཡིན་ན་ནི། དེ་ལྟ་ན་ཡང་དཔེར་ན་བུམ་པ་བཞིན་ནོ་ཞེས་བྱ་བ་དེའི་དཔེ་དེ་མི་རུང་སྟེ། དམིགས་པའི་བྱ་བ་ནི་བྱེད་པ་པོ་ལ་ཡང་ གནས་ལ། ཡུལ་ལ་ཡང་གནས་པས་དེས་ན་བུམ་པ་ལ་སོགས་པ་ཡུལ་རྣམས་ཀྱང་དམིགས་པའི་རྒྱུ་ཡིན་པའི་ཕྱིར་རོ། །གལ་ཏེ་དམིགས་པའི་རྒྱུ་ཐུན་མོང་མ་ཡིན་ནོ་ཞེ་ན་ཡང་དེ་ལྟ་ན་ཡང་དཔེ་མེད་དེ། བུམ་པ་ལ་སོགས་པ་དག་ནི་དམིགས་པའི་རྒྱུ་ཐུན་མོང་མ་ཡིན་པ་ཉིད་ཀྱང་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི། གལ་ཏེ་དབུ་མ་པའི་དམ་ བཅས་པ་དེའི་དོན་ཕུང་པོ་ལྔ་དང་གཟུགས་ཀྱི་ལུས་དེ་དག་བདག་ཡུལ་དེ་ལ་དམིགས་པར་བྱེད་པའི་རྒྱུ་ཐུན་མོང་མ་ཡིན་པ་ཉིད་ཀྱང་མ་ཡིན་པས་ཕུང་པོ་ལྔ་པོ་དག་བདག་མ་ཡིན་པར་ཤེས་པར་བྱར་ནུས་ཏེ་ཞེས་བྱ་བ་ཡིན་ན་ནི་དེ་ལྟ་ན་ཡང་དཔེར་ན་བུམ་པ་བཞིན་ནོ་ཞེས་བྱ་བའི་དཔེ་དེ་མི་རུང་སྟེ། བུམ་པ་ལ་སོགས་པ་དག་ནི་སྣམ་བུ་ལ་ སོགས་པ་གཞན་དམིགས་པའི་རྒྱུ་ཐུན་མོང་མ་ཡིན་པ་མ་ཡིན་གྱི། རང་ཉིད་དམིགས་པའི་རྒྱུ་ཐུན་མོང་མ་ཡིན་པ་ཉིད་ཀྱང་ཡིན་པའི་ཕྱིར་རོ། །དེའི་ལན་དུ། དེ་ལ་འདིར་ཕུང་པོ་ལྔ་དང་ལུས་ནི་བདག་གི་དམིགས་པའི་རྒྱུ་ཐུན་མོང་མ་ཡིན་པ་ཉིད་ཀྱང་མ་ཡིན་ནོ་ཞེས་དམ་བཅས་པའི་ཕྱིར། ཇི་སྐད་སྨྲས་པའི་སྒྲུབ་ པ་སུན་འབྱུང་བར་ནུས་པའི་ལན་མ་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། ཁོ་བོ་ཅག་གིས་ཕུང་པོ་ལྔ་དང་། གཟུགས་ཀྱི་ལུས་ཀྱི་བདག་དེ་ཡུལ་ལ་དམིགས་པར་མི་བྱེད་དོ་ཞེས་དམ་བཅས་པས། ཕུང་པོ་ལྔ་དང་ལུས་ནི་བདག་དེའི་ཡུལ་ལ་དམིགས་པའི་རྒྱུ་ཐུན་མོང་མ་ཡིན་པ་ཉིད་ཀྱང་མ་ཡིན་པའི་ཕྱིར་དོན་དེ་ བུམ་པ་ལ་ཡང་ཡོད་དེ། འདི་ལྟར་བུམ་པས་ཀྱང་བདག་དེ་ཡུལ་ལ་དམིགས་པར་མི་བྱེད་དེ། བུམ་པ་ནི་བདག་ད་ཡུལ་ལ་དམིགས་པའི་རྒྱུ་ཐུན་མོང་མ་ཡིན་པ་ཉིད་མ་ཡིན་པའི་ཕྱིར་རོ། །དཔེ་གྲུབ་པས་ཁྱེད་ཀྱི་ཚིག་དེ་གསུམ་ནི། ཁོ་བོས་ཇི་སྐད་སྨྲས་པའི་སྒྲུབ་པ་སུན་འབྱུང་བར་ནུས་པའི་ལན་མ་ཡིན་ནོ།། །། བམ་པོ་ལྔ་བཅུ་དགུ་པ། ཡང་ན་རྣལ་འབྱོར་པས་རང་ཉིད་ཀྱིས་འདི་བརྟག་པར་བྱ་སྟེ་ཞེས་བྱ་བ་ལ་སོགས་པས་ནི་བསྟན་བཅོས་འདི་གང་ཟག་བདག་མེད་པ་ཉིད་བསྒོམ་པའི་ཐབས་ཡིན་པར་སྟོན་ཏེ། དེའི་ཕྱིར་རྣལ་འབྱོར་པ་གང་ཟག་བདག་མེད་པ་རྟོགས་པར་འདོད་པས་རང་ཉིད་ཀྱིས་དོན་འདི་བརྟག་པར་བྱ་ སྟེ་ཞེས་བྱ་བར་སྦྱར་རོ། །དེའི་ཕྱིར། འདི་ལ་བདག་ཅེས་བྱ་བ་གང་ཡིན་པ་དེ་ཅི་ཕུང་པོ་རྣམས་ཀྱི་མཚན་ཉིད་དམ། འོན་ཏེ་ཕུང་པོ་རྣམས་ལས་གཞན་ཞིག་ཡིན་ཞེས་བྱ་བ་སྨྲས་ཏེ། འདི་ལ་རྣལ་འབྱོར་པ་གང་ཟག་བདག་མེད་པའི་དེ་ཁོ་ན་མཐོང་བར་འདོད་པ་ཡོངས་སུ་རྟོག་པ་དང་ལྡན་པས་འདི་ལྟར་ སོ་སོར་ཡང་དག་པར་བརྟག་པར་བྱ་སྟེ། འདི་ལ་བདག་ཅེས་བྱ་བ་གང་ཡིན་པ་དེ་ཇི་ལྟར་ཕུང་པོ་རྣམས་ཀྱི་མཚན་ཉིད་དམ། འོན་ཏེ་ཕུང་པོ་རྣམས་ལས་གཞན་ཞིག་ཡིན། བདག་དེ་ནི་ཕུང་པོ་རྣམས་ཀྱི་མཚན་ཉིད་དམ། ཕུང་པོ་རྣམས་ལས་གཞན་ཞིག་ཏུ་འགྱུར་བ་དེ་ཙམ་དུ་ཟད་དེ། འདིར་རྣམ་པ་ གཞན་དུ་སྨྲ་བ་གང་དག་ཡིན་པ་དེ་དག་ཐམས་ཅད་ཀྱང་གཞན་དང་གཞན་མ་ཡིན་པ་ཉིད་དུ་སྨྲ་བ་དག་ཁོ་ནར་འདུས་ཏེ། གཉིས་ཀ་ཡང་མི་འཐད་དོ་ཞེས་དེ་ལྟར་སོ་སོར་ཡང་དག་པར་བརྟག་པར་བྱའོ། །ཅིའི་ཕྱིར་དེ་གཉིས་ཀ་ལ་ཡང་མི་འཐད་ཅེ་ན། དེ་ལ་རེ་ཞིག །གལ་ཏེ་ཕུང་པོ་བདག་ཡིན་ན། །སྐྱེ་དང་ འཇིག་པ་ཅན་དུ་འགྱུར། །ཞེས་བྱ་བ་སྨྲས་ཏེ། རེ་ཞིག་གལ་ཏེ་ཕུང་པོ་རྣམས་ཉིད་བདག་ཡིན་པར་གྱུར་ན། དེ་ལྟ་ན་སྐྱེ་བ་དང་འཇིག་པའི་ཆོས་ཅན་དུ་འགྱུར་ཏེ། ཕུང་པོ་རྣམས་སྐྱེ་བ་དང་འཇིག་པའི་ཆོས་ཅན་ཉིད་ཡིན་པའི་ཕྱིར་རོ། །དེ་ལ་བདག་མང་པོ་ཉིད་དུ་ཡང་ཐལ་བར་འགྱུར་ལ། བདག་ཏུ་སྨྲ་བ་ དོན་མེད་པ་ཉིད་དུ་ཡང་འགྱུར་ཏེ། བདག་ཅེས་བྱ་བ་ནི་ཕུང་པོའི་རྣམ་གྲངས་ཙམ་དུ་ཟད་པའི་ཕྱིར་རོ། །དེ་བས་ན་རེ་ཞིག་ཕུང་པོ་རྣམས་ཉིད་བདག་ཡིན་ནོ་ཞེས་བྱ་བ་མི་འཐད་དོ། །དེ་ཉིད་ཀྱི་ཚད་མ་བསྟན་པའི་ཕྱིར། དེས་ན་དེ་དག་བདག་མ་ཡིན་ཏེ། སྐྱེ་བ་དང་འཇིག་པའི་ཆོས་ཅན་ཡིན་པའི་ཕྱིར། དཔེར་ན་ཀ་བ་བཞིན་ནོ་ཞེས་བྱ་བ་སྨྲས་ཏེ། དེ་དག་ནི་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་ཀ་བ་ནི་སྐྱེ་བ་དང་འཇིག་པ་ཅན་ཡིན་པའི་ཕྱིར་བདག་མ་ཡིན་པ་དེ་བཞིན་དུ། ཕུང་པོ་དེ་དག་ཀྱང་སྐྱེ་བ་དང་འཇིག་པ་ཅན་ཡིན་ པའི་ཕྱིར་བདག་མ་ཡིན་ནོ། །གལ་ཏེ་ཕུང་པོ་རྣམས་ལས་གཞན། །ཕུང་པོའི་མཚན་ཉིད་མེད་པར་འགྱུར། །ཅི་སྟེ་ཡང་བདག་ཕུང་པོ་རྣམས་ལས་གཞན་ཡིན་པར་གྱུར་ན། དེ་ལྟ་ན་ཕུང་པོའི་མཚན་ཉིད་མ་ཡིན་པར་གྱུར་ཏེ། ཕུང་པོ་རྣམས་ནི་སྐྱེ་བ་དང་འཇིག་པའི་མཚན་ཉིད་ཡིན་པས་དེས་ན་བདག་ ཕུང་པོ་རྣམས་ལས་གཞན་ཡིན་པའི་ཕྱིར་སྐྱེ་བ་དང་འཇིག་པའི་མཚན་ཉིད་མ་ཡིན་པར་འགྱུར་རོ། །དེ་ལྟ་ན་རྟག་པར་འགྱུར་ཏེ། བདག་རྟག་པ་ཡིན་ན་རྩོམ་པ་ཐམས་ཅད་དོན་མེད་པ་ཉིད་དུ་འགྱུར་ཏེ། འདི་ལྟར་རྟག་པ་མི་འགྱུར་བ་ལ་ཅི་ཞིག་བྱར་ཡོད། དེ་ལྟ་ན་ཡང་བདག་ཡོད་པར་རྟོག་པ་དོན་མེད་པ་ ཉིད་དུ་འགྱུར་ཏེ། དེ་ལ་ཅུང་ཟད་ཀྱང་འཇུག་པའམ་ལྡོག་པར་མི་འགྱུར་རོ། །དེ་ལྟ་བས་ན་བདག་ཕུང་པོ་རྣམས་ལས་གཞན་པ་ཡང་མི་འཐད་དོ། །དེ་ཉིད་ཀྱི་ཚད་མ་བསྟན་པའི་ཕྱིར། དེས་ན་དེ་ནི་མེད་པ་ཁོ་ན་ཡིན་ཏེ། ཕུང་པོའི་མཚན་ཉིད་མ་ཡིན་པའི་ཕྱིར། དཔེར་ན་ནམ་མཁའི་མེ་ཏོག་བཞིན་ནོ། ། ཞེས་བྱ་བ་སྨྲས་ཏེ། དེ་དག་ཀྱང་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་ནམ་མཁའི་མེ་ཏོག་ནི་ཕུང་པོའི་མཚན་ཉིད་མ་ཡིན་པའི་ཕྱིར་མེད་པ་ཁོ་ན་ཡིན་པ་དེ་བཞིན་དུ། བདག་དེ་ཡང་ཕུང་པོའི་མཚན་ཉིད་མ་ཡིན་པའི་ཕྱིར་ མེད་པ་ཁོ་ན་ཡིན་ནོ། །དེ་བཞིན་དུ་མ་སྐྱེས་པ་ཉིད་དང་རྒྱུ་མེད་པ་ཉིད་ལ་སོགས་པའི་གཏན་ཚིགས་དག་གིས་ཀྱང་བདག་མེད་པར་ཁོང་དུ་ཆུད་པར་བྱའོ་ཞེས་བྱ་བ་ནི། སྒྲུབ་པ་སྔ་མའི་གཏན་ཚིགས་ནི་འདི་དག་ཀྱང་ཡིན་པར་སྦྱར་རོ། །བདག་ཏུ་སྨྲ་བ་དག་ན་རེ་བདག་ནི་ཡོད་པ་ཁོ་ན་ཡིན་ཏེ། དོན་མཐོང་བའི་ཕྱིར་རོ། ། འདི་ལྟར་ལུས་ལ་བདག་མེད་ན་དབང་པོ་སེམས་པ་མེད་པ་སྐར་ཁུང་དང་འདྲ་བས་དོན་མཐོང་བར་མི་འཐད་ཀྱི། བདག་དེས་ནི་དེ་དང་མཚན་ཉིད་མི་འདྲ་བ་གཞན་མཐོང་བར་རིགས་པས་གང་གིས་མཐོང་བ་དེ་ནི་བདག་ཡིན་ཏེ། དེའི་ཕྱིར་བདག་ནི་ཡོད་པ་ཁོ་ན་ཡིན་ནོ་ཞེས་ཟེར་རོ་ཞེས་བྱ་བ་ ནི། འདིར་བདག་ཏུ་སྨྲ་བ་དག་ཕྱི་རོལ་གྱི་ཡུལ་མཐོང་བའི་གཏན་ཚིགས་ཀྱིས་ཕུང་པོ་ལ་བདག་ཡོད་པར་སྒྲུབ་པའི་ཚིག་ཡིན་ཏེ། དེ་དག་ནི་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། ཆོས་མི་མཐུན་པའི་ཕྱོགས་ཀྱི་དཔེ་དང་། ཉེ་བར་སྦྱར་བའི་སྦྱོར་བ་དང་། མཇུག་བསྡུ་བ་ ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། འདི་ན་སྐར་ཁུང་ལྟ་བུ་སེམས་པ་མེད་པ་གང་གིས་ཕྱི་རོལ་གྱི་དོན་མི་མཐོང་བ་དེ་ལ་ནི་བདག་མེད་ཀྱི་དབང་པོ་སེམས་པ་དང་བཅས་པ་རྣམས་ཀྱིས་ནི་དེ་དང་མཚན་ཉིད་མི་འདྲ་བ་ཕྱི་རོལ་གྱི་དོན་གཞན་མཐོང་བས་གང་གིས་མཐོང་བ་དེ་ནི་བདག་ཡིན་ཏེ། དེའི་ཕྱིར་ལུས་ལ་ བདག་ཡོད་པ་ཁོ་ན་ཡིན་ནོ་ཞེས་ཟེར་རོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས། དེ་ནི་བཟང་པོ་མ་ཡིན་ཏེ། དོན་མཐོང་བ་ནི་བདག་གི་ཆོས་ཉིད་ཡིན་པར་མ་གྲུབ་པའི་ཕྱིར་དང་། རྗེས་སུ་འགྲོ་བ་མེད་པའི་ཕྱིར་ཞེས་བྱ་བ་སྨྲས་ཏེ། ཁོ་བོ་ཅག་གི་ཕྱོགས་ལ་ཕྱི་རོལ་གྱི་དོན་ མཐོང་བ་ནི་དབང་པོའི་ཆོས་ཉིད་ཡིན་པར་གྲགས་པའི་ཕྱིར་བདག་གི་ཆོས་ཉིད་ཡིན་པར་མ་གྲུབ་པས་ཁྱོད་ཀྱི་གཏན་ཚིགས་དོན་མཐོང་བའི་ཕྱིར་རོ་ཞེས་བྱ་བ་དེ་མ་གྲུབ་པའི་ཕྱིར་དང་ཁྱེད་ལ་གཏན་ཚིགས་ཀྱི་རྗེས་སུ་འགྲོ་བའི་དཔེ་ཡང་མེད་དེ། བདག་ནི་ཡོད་པ་ཁོ་ན་ཡིན་ཏེ། དོན་མཐོང་བའི་ཕྱིར་དཔེར་ན་ཆེ་གེ་མོ་ཞིག་བཞིན་ནོ་ ཞེས་བྱ་བའི་དཔེ་མེད་པའི་ཕྱིར་ཁྱེད་ཀྱི་སྒྲུབ་པ་དེ་ནི་བཟང་པོ་མ་ཡིན་ནོ། །ལུས་ནི་བདག་དང་བཅས་པའོ་ཞེས་ཕྱོགས་སུ་བྱེད་ན་ཡང་ཞེས་བྱ་བས་ནི་གལ་ཏེ་བདག་ཏུ་སྨྲ་བ་དག་ལུས་ནི་བདག་དང་བཅས་པ་ཡིན་ཏེ། དོན་མཐོང་བའི་ཕྱིར་རོ་ཞེས་ཕྱོགས་སུ་བྱེད་ན་ཡང་རྗེས་སུ་འགྲོ་བ་མེད་པའི་ཕྱིར་དེ་ ཡང་བཟང་པོ་མ་ཡིན་ནོ་ཞེས་སྟོན་ཏོ། །དེ་ཉིད་བསྟན་པའི་ཕྱིར། གཏན་ཚིགས་ཐུན་མོང་མ་ཡིན་པ་ཉིད་དུ་འགྱུར་རོ་ཞེས་བྱ་བ་སྨྲས་ཏེ། དེ་ལྟར་ལུས་ནི་བདག་དང་བཅས་པ་ཡིན་ཏེ་ཞེས་ལུས་ཐམས་ཅད་ཕྱོགས་སུ་བྱས་པའི་ཕྱིར། དེ་ལས་གཞན་པའི་དོན་མཐོང་བ་མེད་པས་གཏན་ཚིགས་ཀྱི་རྗེས་སུ་འགྲོ་ བའི་དཔེ་མེད་པ་ཉིད་དུ་འགྱུར་བས་མི་རུང་སྟེ། འདི་ལྟར་གཏན་ཚིགས་ནི་རྗེས་སུ་དཔག་པར་བྱ་བ་ལ་ཡོད་པ་ཉིད་དང་མཐུན་པའི་ཕྱོགས་ལ་ཡོད་པ་ཉིད་ཀྱི་ཚུལ་གྱིས་ཕྱོགས་དང་མཐུན་པའི་ཕྱོགས་གཉིས་ཀ་ལ་ཐུན་མོང་ཉིད་དུ་ཁྱབ་པར་བྱ་བ་ཡིན་ན། འདིར་ཁྱེད་ཀྱིས་དོན་མཐོང་བའི་ལུས་ཐམས་ཅད་ཕྱོགས་སུ་ བྱས་པས་དེ་ལས་གཞན་པ་ཕྱོགས་དང་མཐུན་པའི་དཔེ་མེད་པའི་ཕྱིར། ཁྱེད་ཀྱི་གཏན་ཚིགས་དོན་མཐོང་བའི་ཕྱིར་རོ་ཞེས་བྱ་བ་དེ་ཕྱོགས་དང་མཐུན་པའི་ཕྱོགས་གཉིས་ཀ་ལ་ཐུན་མོང་མ་ཡིན་པ་ཉིད་དུ་འགྱུར་བས་རྗེས་སུ་འགྲོ་བ་མེད་པའི་ཕྱིར་མི་རུང་ངོ་། །འདིས་ནི་གཡས་པས་མཐོང་བ་གཡོན་པས་ངོ་ ཤེས་པའི་ཕྱིར་དང་། ཉམས་སུ་མྱོང་བ་དྲན་པའི་ཕྱིར་དང་ལས་དམིགས་པའི་ཕྱིར་རོ་ཞེས་བྱ་བ་ལ་སོགས་པའི་གཏན་ཚིགས་དག་གི་ལན་ཀྱང་བཏབ་པ་ཡིན་ནོ་ཞེས་བྱ་བས་ནི་བདག་ཏུ་སྨྲ་བ་དག་གིས་རང་གི་སྒྲུབ་པའི་མཐའ་དོན་གྱི་ཕྲེང་བ་ཞེས་བྱ་བ་ལ་སོགས་པ་དག་ལས་བདག་ཡོད་པ་དེ་ཉིད་དུ་སྒྲུབ་ པའི་གཏན་ཚིགས་གང་སྨྲས་པ་དེ་དག་ཀྱང་དབུ་མ་པའི་བསྒྲུབ་པ་སྔ་མ་འདིས་སུན་དབྱུང་བར་བྱ་བ་ཡིན་ནོ་ཞེས་བསྟན་ཏོ། །དེ་དག་འདི་ལྟར་བདག་ཡོད་པ་ཉིད་སྒྲུབ་སྟེ། བདག་ནི་ཡོད་པ་ཁོ་ན་ཡིན་ཏེ་ཞེས་བྱ་བ་དེ་ནི་ཕྱོགས་ཡིན་ནོ། །མིག་གཡས་པས་མཐོང་བ་གཡོན་པས་ངོ་ཤེས་པའི་ཕྱིར་རོ་ ཞེས་བྱ་བ་འདི་ནི་ཕྱོགས་ཀྱི་ཆོས་ཡིན་ཏེ། འདི་ལྟར་གལ་ཏེ་བདག་མེད་པར་གྱུར་ན་སྔོན་མིག་གཡོན་པ་ནད་ཀྱིས་ཉམས་པ་འམ་བཙུམས་པའི་ཚེ་དེས་མཐོང་བའི་དངོས་པོ་མིག་གཡས་པས་མཐོང་བ་གང་ཡིན་པ་ཕྱིས་མིག་གཡོན་པ་ནད་སོས་སམ་ཕྱེ་བས་མཐོང་བའི་ཚེ་ན་བདག་གིས་སྔོན་ མཐོང་བ་དེ་འདི་ཡིན་ནོ་ཞེས་ངོ་ཤེས་པར་མི་འགྱུར་བའི་རིགས་ན་དེ་ལྟ་མ་ཡིན་ཏེ། སྔོན་མིག་གཡས་པས་མཐོང་བ་གང་ཡིན་པ་དེ་ཕྱིས་མིག་གཡོན་པས་མཐོང་བའི་ཚེ་ན་ཡང་ངོ་ཤེས་པའི་ཕྱིར་གང་གིས་དེ་ངོ་ཤེས་པ་དེ་ནི་བདག་ཡིན་པས་དེའི་ཕྱིར་བདག་ནི་ཡོད་པ་ཁོ་ན་ཡིན་ནོ། །དེ་བཞིན་དུ་བདག་ནི་ ཡོད་པ་ཁོ་ན་ཡིན་ཏེ་ཞེས་བྱ་བ་དེ་ནི་ཕྱོགས་ཡིན་ནོ། །སྔོན་ཉམས་སུ་མྱོང་བ་ད་ལྟར་དྲན་པའི་ཕྱིར་རོ་ཞེས་བྱ་བ་འདི་ནི་ཕྱོགས་ཀྱི་ཆོས་ཡིན་ཏེ། འདི་ལྟར་གལ་ཏེ་བདག་མེད་པར་གྱུར་ན། སྔོན་ཉམས་སུ་མྱོང་བའི་དོན་གང་ཡིན་པ་དེ་ཡང་དབང་པོས་མ་མཐོང་ན་མི་དྲན་པའི་རིགས་ན་དེ་ལྟ་མ་ཡིན་ཏེ། སྔོན་ ཉམས་སུ་མྱོང་བའི་དོན་ད་ལྟར་དབང་པོས་མ་མཐོང་ཡང་དྲན་པའི་ཕྱིར་གང་གིས་དེ་དྲན་པ་དེ་ནི་བདག་ཡིན་པས་དེའི་ཕྱིར་བདག་ནི་ཡོད་པ་ཁོ་ན་ཡིན་ནོ། །དེ་བཞིན་དུ་བདག་ནི་ཡོད་པ་ཁོ་ན་ཡིན་ཏེ་ཞེས་བྱ་བ་དེ་ནི་ཕྱོགས་ཡིན་ནོ། །ལས་དགེ་བ་དང་མི་དགེ་བ་དམིགས་པའི་ཕྱིར་རོ་ཞེས་བྱ་བ་འདི་ནི་ ཕྱོགས་ཀྱི་ཆོས་ཡིན་ཏེ། འདི་ལྟར་གལ་ཏེ་བདག་མེད་པར་གྱུར་ན་ལས་འདི་ནི་དགེ་བའོ་འདི་ནི་མི་དགེ་བའོ་ཞེས་བྱ་བ་བདག་དམིགས་པར་མི་འགྱུར་བའི་རིགས་ན་དེ་ལྟ་མ་ཡིན་ཏེ། འདི་ནི་ལས་དགེ་བའོ་འདི་ནི་ལས་མི་དགེ་བའོ་ཞེས་བྱ་བ་དམིགས་པའི་ཕྱིར། གང་གིས་དམིགས་པ་དེ་ནི་བདག་ཡིན་པས་དེའི་ ཕྱིར་བདག་ནི་ཡོད་པ་ཁོ་ན་ཡིན་ནོ་ཞེས་ཟེར་རོ། །དེ་སྐད་ཅེས་ཟེར་བ་དེ་དག་གི་ལན་ཀྱང་དེ་ནི་བཟང་པོ་མ་ཡིན་ཏེ། དེ་དག་ནི་བདག་གི་ཆོས་ཉིད་ཡིན་པར་མ་གྲུབ་པའི་ཕྱིར་དང་། རྗེས་སུ་འགྲོ་བ་མེད་པའི་ཕྱིར་རོ། །ལུས་ནི་བདག་དང་བཅས་པའོ་ཞེས་ཕྱོགས་སུ་བྱེད་ན་ཡང་གཏན་ཚིགས་ཐུན་མོང་མ་ཡིན་པ་ཉིད་དུ་ འགྱུར་རོ་ཞེས་བྱ་བ་འདི་ཉིད་ཡིན་ཏེ། ཁོ་བོ་ཅག་གི་ཕྱོགས་ལ་མིག་གཡས་པས་མཐོང་བ་གཡོན་པས་ངོ་ཤེས་པ་དང་ཉམས་སུ་མྱོང་བ་དྲན་པ་དང་། ལས་དམིགས་པ་ལ་སོགས་པ་ནི་དབང་པོའི་ཆོས་ཉིད་ཡིན་པར་གྲགས་པའི་ཕྱིར་བདག་གི་ཆོས་ཉིད་ཡིན་པར་མ་གྲུབ་པས་ཁྱོད་ཀྱི་གཏན་ཚིགས་གཡས་ པས་མཐོང་བ་གཡོན་པས་ངོ་ཤེས་པའི་ཕྱིར་དང་། ཉམས་སུ་མྱོང་བ་དྲན་པའི་ཕྱིར་དང་། ལས་དམིགས་པའི་ཕྱིར་རོ་ཞེས་བྱ་བ་དེ་དག་མ་གྲུབ་པའི་ཕྱིར་དང་། ཁྱེད་ལ་གཏན་ཚིགས་ཀྱི་རྗེས་སུ་འགྲོ་བའི་དཔེ་ཡང་མེད་དེ། བདག་ནི་ཡོད་པ་ཁོ་ན་ཡིན་ཏེ། གཡས་པས་མཐོང་བ་གཡོན་པས་ངོ་ཤེས་ པའི་ཕྱིར་དང་། ཉམས་སུ་མྱོང་བ་དྲན་པའི་ཕྱིར་དང་། ལས་དམིགས་པའི་ཕྱིར་དཔེར་ན་ཆེ་གེ་མོ་ཞིག་བཞིན་ནོ་ཞེས་བྱ་བའི་དཔེ་མེད་པའི་ཕྱིར་ཁྱོད་ཀྱི་སྒྲུབ་པ་དེ་ནི་རུང་བ་མ་ཡིན་ནོ། །གལ་ཏེ་བདག་ཏུ་སྨྲ་བ་དག་ལུས་ནི་བདག་དང་བཅས་པ་ཡིན་ཏེ། མིག་གཡས་པས་མཐོང་བ་གཡོན་པས་ ངོ་ཤེས་པའི་ཕྱིར་དང་། ཉམས་སུ་མྱོང་བ་དྲན་པའི་ཕྱིར་དང་། ལས་དམིགས་པའི་ཕྱིར་རོ་ཞེས་ཕྱོགས་སུ་བྱེད་ན་ཡང་། གཏན་ཚིགས་ཐུན་མོང་མ་ཡིན་པ་ཉིད་དུ་འགྱུར་བས་མི་རུང་སྟེ། འདི་ལྟར་གཏན་ཚིགས་ནི་རྗེས་སུ་དཔག་པར་བྱ་བ་ལ་ཡོད་པ་ཉིད་དང་། མཐུན་པའི་ཕྱོགས་ལ་ཡོད་པ་ཉིད་ཀྱི་ཚུལ་ གྱིས་ཕྱོགས་དང་མཐུན་པའི་ཕྱོགས་གཉི་ག་ལ་ཐུན་མོང་ཉིད་དུ་ཁྱབ་པར་བྱ་བ་ཡིན་ན་འདིར་ཁྱེད་ཀྱིས་ལུས་ཐམས་ཅད་ཕྱོགས་སུ་བྱས་པས་དེ་ལས་གཞན་པ་ཕྱོགས་དང་མཐུན་པའི་དཔེ་མེད་པའི་ཕྱིར་ཁྱོད་ཀྱི་གཏན་ཚིགས་གཡས་པས་མཐོང་བ་གཡོན་པས་ངོ་ཤེས་པའི་ཕྱིར་དང་། ཉམས་སུ་མྱོང་བ་ དྲན་པའི་ཕྱིར་དང་། ལས་དམིགས་པའི་ཕྱིར་རོ་ཞེས་བྱ་བ་དེ་ཕྱོགས་དང་མཐུན་པའི་ཕྱོགས་གཉི་ག་ལ་ཐུན་མོང་མ་ཡིན་པ་ཉིད་དུ་འགྱུར་བས། རྗེས་སུ་འགྲོ་བ་མེད་པའི་ཕྱིར་མི་རུང་ངོ་ཞེས་བྱ་བར་སྦྱར་རོ། །མཁས་པར་རློམ་པ་གཞན་དག་གིས་སྨྲས་པ་ཞེས་བྱ་བ་ནི་བདག་ཏུ་སྨྲས་པ་གཞན་གང་དག་འདི་སྐད་སྨྲས་ ན་བདག་ཉིད་གཞན་དག་ལ་མཁས་པར་གྲགས་སུ་རེ་བའི་ང་རྒྱལ་ཅན་དག །བདག་ཅེས་བྱ་བའི་སྒྲ་དང་བློ་ཡུལ་འགའ་ཞིག་ལ་ཉེ་བར་བཏགས་པ་དང་། ལོག་པར་ཤེས་པའི་གཏན་ཚིགས་ཀྱིས་བདག་ཅེས་བྱ་བའི་སྒྲ་དང་བློ་དེའི་ཡུལ་བདག་ལ་དངོས་པོ་ལོགས་ཤིག་ན་ཡོད་པར་སྒྲུབ་པའི་རྗེས་སུ་དཔག་ པ་རྣམ་པ་གཉིས་སྟོན་ཏོ། །དེ་ལ་ལུས་ལ་བདག་ཅེས་བྱ་བའི་སྒྲ་གང་ཡིན་པ་དེ་ནི་ཡུལ་གཞན་ལ་དངོས་སུ་ཡོད་དེ། འགའ་ཞིག་ལ་ཉེ་བར་བཏགས་པའི་ཕྱིར། དཔེར་ན་བྲམ་ཟེའི་ཁྱེའུ་ལ་སེང་གེའི་སྒྲ་ཉེ་བར་བཏགས་པ་གང་ཡིན་པ་དེ་ནི་དེ་ལས་གཞན་པའི་སེང་གེའི་རལ་པ་དང་ཟེ་བ་སྤུངས་པ་ཅན་ ལ་དོན་ཇི་ལྟ་བ་བཞིན་ནོ། །དེ་བཞིན་དུ་བདག་ཅེས་བྱ་བའི་སྒྲ་ལུས་དང་དབང་པོ་དང་བློ་ཙམ་དག་ལ་ཉེ་བར་བཏགས་པ་དེ་ཡང་འགའ་ཞིག་ལ་ཉེ་བར་བཏགས་པ་ཡིན་པའི་ཕྱིར་དེ་ནི་དེ་ལས་གཞན་པ་དེ་ལ་དངོས་སུ་ཡོད་པས་དེ་ནི་བདག་ཡིན་ཏེ། དེའི་ཕྱིར་བདག་ནི་ཡོད་པ་ཁོ་ན་ཡིན་ནོ་ཞེས་བྱ་བ་ནི་བདག་ཅེས་བྱ་བའི་སྒྲ་ ཡུལ་གཞན་འགའ་ཞིག་ལ་ཉེ་བར་བཏགས་པའི་གཏན་ཚིགས་ཀྱིས་བདག་ཅེས་བྱ་བའི་སྒྲ་དེའི་ཡུལ་བདག་དངོས་ལོགས་ཤིག་ན་ཡོད་པར་སྒྲུབ་པའི་རྗེས་སུ་དཔག་པ་གཅིག་ཡིན་ཏེ། དེ་དག་ནི་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་དང་། ཉེ་བར་སྦྱར་བའི་སྦྱོར་བ་དང་། མཇུག་བསྡུ་བ་ཡིན་པར་ གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་སེང་གེ་ཞེས་བྱ་བའི་སྒྲ་བྲམ་ཟེའི་ཁྱེའུ་ལ་ཉེ་བར་བཏགས་པ་གང་ཡིན་པ་དེའི་ཡུལ་བྲམ་ཟེའི་ཁྱེའུ་དེ་ལས་གཞན་པ་སེང་གེ་རལ་པ་དང་ཟེ་བ་སྤུངས་པ་ཅན་དངོས་ལོགས་ཤིག་ན་ཡོད་པས་སེང་གེ་ཞེས་བྱ་བའི་སྒྲ་དེ་བྲམ་ཟེའི་ཁྱེའུའི་ཡུལ་ལ་ནི་ཉེ་བར་བཏགས་པ་ ཙམ་དུ་ཟད་དེ་སེང་གེའི་ཡུལ་ལ་ནི་དངོས་སུ་འཇུག་པས། སྒྲ་དེའི་ཡུལ་སེང་གེ་དངོས་ཀྱང་ཡོད་པ་ཁོ་ན་ཡིན་པ་དེ་བཞིན་དུ། བདག་ཅེས་བྱ་བའི་སྒྲ་ཕུང་པོ་ལ་ཉེ་བར་བཏགས་པ་གང་ཡིན་པ་དེའི་ཡུལ་ཕུང་པོ་དེ་ལས་གཞན་པ་བདག་རྟག་པ་དང་ཐམས་ཅད་དུ་སོང་བ་ལ་སོགས་པའི་ཁྱད་ པར་ཅན་དངོས་ཀྱང་ལོགས་ཤིག་ན་ཡོད་པས། བདག་ཅེས་བྱ་བའི་སྒྲ་དེ་ཕུང་པོའི་ཡུལ་ལ་ནི་ཉེ་བར་བཏགས་པ་ཙམ་དུ་ཟད་ཀྱི་བདག་གི་ཡུལ་ལ་ནི་དངོས་སུ་འཇུག་པས། སྒྲ་དེའི་ཡུལ་བདག་དངོས་ཀྱང་ཡོད་པ་ཁོ་ན་ཡིན་ནོ་ཞེས་ཟེར་རོ། །ཡང་ན་བདག་ཅེས་བྱ་བར་ཤེས་པའི་བློ་གང་ཡིན་པ་དེ་ནི་ དོན་ཇི་ལྟ་བ་བཞིན་པའི་ཡུལ་ཅན་ཡིན་པར་ངེས་པར་ཤེས་ཏེ། ཡུལ་གཞན་ལ་ལོག་པར་ཤེས་པའི་ཕྱིར། དཔེར་ན་སྡོང་དུམ་ལ་མིར་ཤེས་པ་བཞིན་ནོ། །དེ་བཞིན་དུ་རྒྱུ་དང་འབྲས་བུའི་ཡུལ་ལ་བདག་ཏུ་ཤེས་པ་དེ་ཡང་ལོག་པར་ཤེས་པ་ཡིན་པས། དེ་ལྟར་ཡུལ་གཞན་ལ་ལོག་པར་ཤེས་པའི་ ཕྱིར་དེ་ལས་གཞན་པའི་ཡུལ་གང་ལ་དོན་ཇི་ལྟ་བ་བཞིན་ཡིན་པ་དེ་ནི་བདག་ཡིན་ཏེ། དེའི་ཕྱིར་བདག་ནི་ཡོད་པ་ཁོ་ན་ཡིན་ནོ་ཞེས་བྱ་བ་ནི་བདག་ཅེས་བྱ་བར་ཤེས་པའི་བློ་ཡུལ་གཞན་འགའ་ཞིག་ལ་ལོག་པར་ཤེས་པའི་གཏན་ཚིགས་ཀྱིས་བདག་ཅེས་བྱ་བར་ཤེས་པའི་བློ་དེ་ཡུལ་བདག་དངོས་ལོགས་ཤིག་ན་ཡོད་ པར་སྒྲུབ་པའི་རྗེས་སུ་དཔག་པ་གཉིས་པ་ཡིན་ཏེ། དེ་དག་ཀྱང་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་དང་། ཉེ་བར་སྦྱར་བའི་སྦྱོར་བ་དང་། མཇུག་བསྡུ་བ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་མིར་ཤེས་པའི་བློས་སྡོང་དུམ་ལ་ལོག་པར་ཤེས་པ་གང་ཡིན་པ་ དེའི་ཡུལ་སྡོང་དུམ་དེ་ལས་གཞན་པ་མི་སེམས་པ་དང་བཅས་པ་དངོས་ལོགས་ཤིག་ན་ཡོད་པས་མིར་ཤེས་པའི་བློ་དེ་སྡོང་དུམ་གྱི་ཡུལ་ལ་ནི་ཉེ་བར་བཏགས་པ་ཙམ་དུ་ཟད་ཀྱི་མིའི་ཡུལ་ལ་ནི་དངོས་སུ་འཇུག་པས། བློ་དེའི་ཡུལ་དངོས་ཀྱང་ཡོད་པ་ཁོ་ན་ཡིན་པ་དེ་བཞིན་དུ་བདག་ཅེས་བྱ་བར་ཤེས་པའི་བློ་རྒྱུ་དང་འབྲས་ བུ་ལ་ཉེ་བར་བཏགས་པ་གང་ཡིན་པ་དེའི་ཡུལ་རྒྱུ་དང་འབྲས་བུ་དེ་ལས་གཞན་པ་རྒྱུ་དང་འབྲས་བུ་མ་ཡིན་པའི་བདག་རྟག་པ་དང་ཐམས་ཅད་དུ་སོང་བ་ལ་སོགས་པའི་ཁྱད་པར་ཅན་དངོས་ཀྱང་ལོགས་ཤིག་ན་ཡོད་པས། བདག་ཅེས་བྱ་བར་ཤེས་པའི་བློ་དེ་རྒྱུ་དང་འབྲས་བུའི་ཡུལ་ལ་ནི་ཉེ་བར་བཏགས་པ་ཙམ་དུ་ཟད་ ཀྱི་བདག་གི་ཡུལ་ལ་ནི་དངོས་སུ་འཇུག་པས། བློ་དེའི་ཡུལ་བདག་དངོས་ཀྱང་ཡོད་པ་ཁོ་ན་ཡིན་ནོ་ཞེས་ཟེར་རོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ། འགྲེལ་པ་བྱེད་པ་ཉིད་ཀྱིས་འདིར་བཤད་པ། གལ་ཏེ་རང་གི་གྲུབ་པའི་མཐའི་ཚུལ་ལས་བདག་གི་ངོ་བོ་ཉིད་ངེས་པར་མ་བཟུང་བར་ཐ་སྙད་དུ་བདག་སྤྱིར་དམ་འཆའ་ ན་ནི་གྲུབ་པ་ལ་སྒྲུབ་པ་ཡིན་ཏེ་ཞེས་བྱ་བ་སྨྲས་ཏེ། གལ་ཏེ་བདག་ཏུ་སྨྲ་བ་ཁྱེད་རང་གི་གྲུབ་པའི་མཐའི་ཚུལ་ལས་འབྱུང་བའི་བདག་གི་ངོ་བོ་ཉིད་རྟག་པ་དང་ཐམས་ཅད་དུ་སོང་བ་ལ་སོགས་པའི་ཁྱད་པར་དང་ལྡན་པ་དེ་ལྟ་བུ་ངེས་པར་མ་བཟུང་བར་ཀུན་རྫོབ་ཀྱི་ཐ་སྙད་དུ་བདག་སྤྱིར་གྲགས་པ་ ཡོད་པར་དམ་འཆའ་ན་ནི། གྲུབ་པ་ལ་སྒྲུབ་པ་ཡིན་པས། ཁྱེད་ཀྱི་སྒྲུབ་པ་དེ་དག་དོན་མེད་པར་འགྱུར་རོ་ཞེས་སྟོན་ཏོ། །དེ་ལྟ་ན་ཇི་ལྟར་གྲུབ་པ་ལ་སྒྲུབ་པ་ཡིན་ཞེ་ན། དེའི་ཕྱིར། འདི་ལྟར་ཁོ་བོ་ཅག་གི་ལུང་ལས་ཀྱང་བདག་གི་སྒྲ་རྣམ་པར་ཤེས་པ་ལ་ནི་དོན་ཇི་ལྟ་བ་བཞིན་ཡིན་ལ་ སྐྱེ་བ་ལ་སོགས་པ་དག་ལ་ནི་ཉེ་བར་བརྟགས་པ་ཡིན་ཏེ། དཔེར་ན་ཤིང་རྟའི་ཡན་ལག་དག་ལ་བརྟེན་ནས་ཤིང་རྟར་གདགས་པར་འདོད་པ་དེ་བཞིན་དུ་ཕུང་པོ་ལ་བརྟེན་ནས་སེམས་ཅན་དུ་གདགས་པར་འདོད་ལ། རྣམ་པར་ཤེས་པ་ནི་ཡང་འབྱུང་བའི་སྲིད་པ་ལེན་པའི་ཕྱིར་བདག་ཅེས་བརྗོད་པའི་ཕྱིར་ རོ་ཞེས་བྱ་བ་སྨྲས་སོ། །ཅི་སྟེ་སེམས་ནི་བདག་གི་སྒྲའི་སྤྱོད་ཡུལ་དངོས་དང་བདག་ཅེས་བྱ་བར་ཤེས་པའི་བློའི་སྤྱོད་ཡུལ་དངོས་མ་ཡིན་པར་ཤེས་པར་བྱ་སྟེ། བྱས་པའི་ཕྱིར་དཔེར་ན་ལུས་བཞིན་ནོ་ཞེ་ན་ཞེས་བྱ་བ་ནི་གོང་དུ་དབུ་མ་པས་འདི་ལྟར་ཁོ་བོ་ཅག་གི་ལུང་ལས་ཀྱང་བདག་གི་སྒྲ་རྣམ་པར་ཤེས་པ་ ལ་ནི་དོན་ཇི་ལྟ་བ་བཞིན་ཡིན་ལ། སྐྱེ་བ་ལ་སོགས་པ་དག་ལ་ནི་ཉེ་བར་བརྟགས་པ་ཡིན་ཏེ་ཞེས་བཤད་པའི་སྐབས་དེ་ལ་འདིར་བདག་ཏུ་སྨྲ་བ་དག་བདག་གི་སྒྲ་རྣམ་པར་ཤེས་པ་ལ་དོན་ཇི་ལྟ་བ་བཞིན་མ་ཡིན་གྱི་རྣམ་པར་ཤེས་པ་ལས་གཞན་པའི་བདག་ལོགས་ཤིག་ན་དངོས་སུ་ཡོད་པ་ཉིད་ཡིན་ནོ་ཞེས་སྒྲུབ་ པའི་ཚིག་ཡིན་ཏེ། དེ་དག་ནི་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་ལུས་ནི་བྱས་པའི་ཕྱིར་བདག་གི་སྒྲའི་སྤྱོད་ཡུལ་དངོས་དང་བདག་ཅེས་བྱ་བར་ཤེས་པའི་བློའི་སྤྱོད་ཡུལ་དངོས་མ་ཡིན་པར་ཤེས་པར་བྱ་བ་དེ་བཞིན་དུ་ སེམས་པ་ཡང་བྱས་པའི་ཕྱིར་བདག་གི་སྒྲའི་སྤྱོད་ཡུལ་དངོས་དང་བདག་ཅེས་བྱ་བར་ཤེས་པའི་བློའི་སྤྱོད་ཡུལ་དངོས་མ་ཡིན་པར་ཤེས་པར་བྱའོ་ཞེས་ཟེར་རོ། །དེའི་ལན་དུ། འགྲེལ་པ་བྱེད་པ་ཉིད་ཀྱིས། །དེ་ལ་འདིར་གལ་ཏེ་ཕ་རོལ་པོ་དག་དོན་དམ་པར་སེམས་པ་ནི་བདག་གི་སྒྲའི་སྤྱོད་ ཡུལ་དངོས་དང་བདག་ཅེས་བྱ་བར་ཤེས་པའི་བློའི་དོན་ཇི་ལྟ་བ་བཞིན་མ་ཡིན་པ་ཉིད་དུ་སྟོན་པར་བྱེད་ན་ནི་གྲུབ་པ་ལ་སྒྲུབ་པ་ཡིན་ཏེ། བདག་ཏུ་སྨྲ་བ་རྣམ་པ་ཐམས་ཅད་ཀྱང་ཐམས་ཅད་དུ་སྤང་བར་འདོད་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། གལ་ཏེ་ཕ་རོལ་པོ་དག་གི་སེམས་པ་ནི་བདག་གི་སྒྲའི་སྤྱོད་ཡུལ་ དངོས་དང་བདག་ཅེས་བྱ་བར་ཤེས་པའི་བློའི་སྤྱོད་ཡུལ་དངོས་མ་ཡིན་པར་ཤེས་པར་བྱ་སྟེ་ཞེས་དམ་བཅས་པ་དེ་དོན་དམ་པར་དེ་ལྟར་སྟོན་པར་བྱེད་ན་ནི་གྲུབ་པ་ལ་སྒྲུབ་པ་ཡིན་པས་མི་རུང་སྟེ། ཇི་ལྟར་ཞེ་ན། ཁོ་བོ་ཅག་དབུ་མ་པས་ཡང་བདག་ཏུ་ལྟ་བ་རྟག་པ་དང་མི་རྟག་པ་རྣམ་པ་ཐམས་ཅད་ ཀྱང་ལུས་སམ་རྣམ་པར་ཤེས་པའི་གནས་སྐབས་ཐམས་ཅད་དུ་སྤང་བར་འདོད་པའི་ཕྱིར་རོ། །འོན་ཏེ་ཐ་སྙད་དུ་ན་ནི་དེ་རིགས་པ་མ་ཡིན་ཏེ། སྒྲ་དང་བློའི་བཏགས་པ་དང་དངོས་ཀྱི་ངེས་པ་རང་གི་གྲུབ་པའི་མཐར་ཡང་གྲུབ་པ་དག་ཐ་སྙད་དུ་འདོད་པས་འདོད་པའི་ཕྱིར་རོ་ཞེས་བྱ་བས་ནི། འོན་ཏེ་ ཕ་རོལ་པོ་དག་གི་སེམས་པ་ནི་བདག་གི་སྒྲའི་སྤྱོད་ཡུལ་དངོས་དང་བདག་ཅེས་བྱ་བར་ཤེས་པའི་བློ་དེའི་སྤྱོད་ཡུལ་དངོས་མ་ཡིན་པར་ཤེས་པར་བྱ་སྟེ་ཞེས་དམ་བཅས་པ་དེ་ཐ་སྙད་དུ་དེ་ལྟར་སྟོན་པར་བྱེད་ན་ནི་དེ་རིགས་པ་མ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། སྒྲའི་བཏགས་པ་དང་དངོས་ཀྱི་ངེས་པ་དང་བློའི་བཏགས་ པ་དང་དངོས་ཀྱི་ངེས་པ་རང་གི་གྲུབ་པའི་མཐར་ཡང་གྲུབ་པ་དང་། ཡང་གི་སྒྲས་གཞན་གྱི་གྲུབ་པའི་མཐར་ཡང་གྲུབ་པ་དག་ཐ་སྙད་དུ་འདོད་པས་ཐ་སྙད་གདགས་པའི་དོན་དུ་འདོད་པའི་ཕྱིར་རོ། །དེ་ལྟ་བས་ན་ཁོ་བོ་ཅག་གི་ལུང་ལས་ཀྱང་བདག་གི་སྒྲ་རྣམ་པར་ཤེས་པ་ལ་ནི་དོན་ཇི་ལྟ་བ་བཞིན་ཡིན་ལ། སྐྱེ་བ་ལ་ སོགས་པ་དག་ལ་ནི་ཉེ་བར་བརྟགས་པ་ཡིན་པར་གྲུབ་པས། ཁྱེད་གལ་ཏེ་རང་གི་གྲུབ་པའི་མཐའི་ཚུལ་ལས་བདག་གི་ངོ་བོ་ཉིད་ངེས་པར་མ་བཟུང་བར་ཐ་སྙད་དུ་བདག་སྤྱིར་དམ་འཆའ་ན་ནི་གྲུབ་པ་ལ་སྒྲུབ་པ་ཡིན་པས་མི་རུང་ངོ་། །དོན་དམ་པར་ན་ནི་བདག་གི་སྒྲ་ཡང་བདག་ལ་དངོས་སུ་ཡོད་པར་མི་འགྲུབ་སྟེ། སེང་ གེའི་སྒྲར་འཇུག་པའི་དོན་ཀྱང་བཏགས་པར་ཡོད་པའི་ཕྱིར་ཡུལ་དེ་ལ་སེང་གེའི་སྒྲ་ཡང་དོན་ཇི་ལྟ་བ་བཞིན་ཉིད་མ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི། སྔར་ཕ་རོལ་པོ་དག་ན་རེ་བདག་གོ་ཞེས་བྱ་བའི་སྒྲ་གང་ཡིན་པ་དེ་ནི་ལུས་དང་དབང་པོ་དང་བློ་ཙམ་དག་ལ་ཉེ་བར་བཏགས་པ་དེ་ལས་གཞན་པ་བདག་ལ་དངོས་སུ་ཡོད་དེ། དཔེར་ན་སེང་གེའི་སྒྲ་བྲམ་ཟེའི་ཁྱེའུ་ལ་ཉེ་བར་བཏགས་པ་ཡང་དེ་ལས་གཞན་པ་སེང་གེའི་རལ་པ་དང་ཟེ་བ་སྤུངས་པ་ཅན་ལ་དོན་ཇི་ལྟ་བ་བཞིན་དུ་མཐོང་བ་བཞིན་ནོ་ཞེས་ཟེར་བའི་སྒྲུབ་པ་དང་དཔེ་དེ་དག་མི་འགྲུབ་པར་སྟོན་ཏེ། འདི་ལྟར་བདག་གོ་ཞེས་བྱ་བའི་སྒྲ་གང་ཡིན་པ་དེ་ལུས་དང་དབང་པོ་དང་བློ་ཙམ་དག་ལ་ཉེ་ བར་བཏགས་པས་ཡུལ་དེ་ལ་དངོས་སུ་ཡོད་པར་མ་གྲུབ་པ་དེ་བཞིན་དུ་དེ་ལས་གཞན་བདག་ལ་ཡང་དངོས་སུ་ཡོད་པར་མི་འགྲུབ་སྟེ། ཅིའི་ཕྱིར་ཞེ་ན། སེང་གེའི་སྒྲ་བྲམ་ཟེའི་ཁྱེའུ་ལ་ཉེ་བར་བཏགས་པ་དེ་ལས་གཞན་པ་སེང་གེ་ཉིད་ལ་ཡོད་པར་བརྗོད་པའི་དོན་སེང་གེ་ཉིད་ཀྱང་དོན་དམ་པར་ཡོད་པ་མ་ཡིན་གྱི་ གདགས་པར་ཡོད་པའི་ཕྱིར་སེང་གེའི་ཡུལ་དེ་ལ་སེང་གེའི་སྒྲ་ཡང་དོན་ཇི་ལྟ་བ་བཞིན་ཉིད་མ་ཡིན་པའི་ཕྱིར་ཏེ། དེས་ན་ཇི་ལྟར་སེང་གེའི་སྒྲར་བརྗོད་པའི་དོན་སེང་གེ་ཉིད་བཏགས་པར་ཡོད་པའི་ཕྱིར་ཡུལ་དེ་ལ་སེང་གེའི་སྒྲ་ཡང་དོན་ཇི་ལྟ་བ་བཞིན་ཉིད་མ་ཡིན་པ་དེ་བཞིན་དུ། བདག་ཅེས་བྱ་བའི་སྒྲར་བརྗོད་ པའི་དོན་བདག་ཉིད་ཀྱང་བཏགས་པར་ཡོད་པའི་ཕྱིར་ཡུལ་དེ་ལ་བདག་གི་སྒྲ་ཡང་དོན་ཇི་ལྟ་བ་བཞིན་ཉིད་མ་ཡིན་ནོ། །ཡང་ན་སྒྲ་གང་འགའ་ཞིག་ལ་ཉེ་བར་བཏགས་པ་དེ་ནི་འདུས་པ་ལ་ཡོད་པར་མཐོང་སྟེ་སྤྱི་ལ་ཉེ་བར་བཏགས་པའི་ཕྱིར། སེང་གེ་ལ་སོགས་པའི་སྒྲ་བཞིན་པས། དེས་ན་བདག་གི་ སྒྲ་འདུས་པ་མ་ཡིན་པ་ལ་དངོས་སུ་ཡོད་པ་ཉིད་སེལ་བར་བྱེད་པས་དེས་ན་དམ་བཅས་པ་ལ་ཆོས་ཀྱི་ཁྱད་པར་བསལ་བའི་སྐྱོན་ཡོད་དོ་ཞེས་བྱ་བས་ནི། སྔར་ཕ་རོལ་པོ་དག་གིས་བདག་གོ་ཞེས་བྱ་བའི་སྒྲ་གང་ཡིན་པ་དེ་ནི་ཡུལ་གཞན་ལ་དངོས་སུ་ཡོད་དེ་ཞེས་བྱ་བའི་ཕྱོགས་དེ་སྒྲུབ་པའི་ཆོས་འགའ་ ཞིག་ལ་ཉེ་བ