Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 101

Văn bản gốc(Tây Tạng)

Trang 9 / 23 (50.000 ký tự/trang)
་པ་ཉིད་དང་། མ་
གྲུབ་པ་ཉིད་ཡིན་ནོ་ཞེས་ཟེར་བའི་ཚིག་ཡིན་ནོ།། །།བམ་པོ་དྲུག་ཅུ་ལྔ་པ། དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འགྲེལ་པ་བྱེད་པ་ཉིད་ཀྱིས། གྲངས་ཅན་དག་གི་སྒྲུབ་པ་སུན་དབྱུང་བ་དང་རང་གི་གཏན་ཚིགས་མ་ངེས་པ་ཉིད་དུ་མ་གྲུབ་པ་ཉིད་ཀྱི་སྐྱོན་བསལ་བའི་ཕྱིར། འདིར་

གཟུང་དུ་མེད་པ་ཁོ་ནའི་ཕྱིར་རོ་ཞེས་ངེས་པར་གཟུང་བའི་ཕྱིར་ཐ་སྙད་དུ་ཧ་ཅང་ཐག་རིང་པོ་ན་གནས་པ་ལ་སོགས་པ་དག་གིས་མ་ངེས་པ་ཉིད་མ་ཡིན་ནོ། །དོན་དམ་པར་ནི་ཧ་ཅང་ཐག་རིང་པོ་ན་གནས་པ་ལ་སོགས་པའི་དངོས་པོ་དག་མ་གྲུབ་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། དེས་ནི་སྔར་འདིར་
གྲངས་ཅན་དག་ལས་ཁ་ཅིག་ཕྱིར་ཟློག་པར་བྱེད་དེ། ཧ་ཅང་རིང་བ་དང་ཧ་ཅང་ཉེ་བ་དང་དབང་པོ་ཉམས་པ་དང་། ཡིད་ངེས་པར་མི་གནས་པ་དང་ཆ་ཕྲ་བ་དང་བསྒྲིབས་པ་དང་ཟིལ་གྱིས་ནོན་པ་དང་འདྲ་བ་འདྲེས་པ་ཞེས་བྱ་བ་གཟུང་བའི་གེགས་སུ་གྱུར་པ་དག་ཡོད་ན་དངོས་པོ་ཡོད་པ་རྣམས་ཀྱང་གཟུང་དུ་མེད་པའི་ཕྱིར་
གཏན་ཚིགས་མ་ངེས་པ་ཉིད་ཀྱི་སྐྱོན་ཡོད་དོ་ཞེས་ཟེར་བའི་ལན་འདེབས་ཤིང་དབུ་མ་པའི་གཏན་ཚིགས་གཟུང་དུ་མེད་པའི་ཕྱིར་རོ་ཞེས་བྱ་བ་དེ་ཐ་སྙད་དང་དོན་དམ་པ་གཉི་གར་ཡང་མ་ངེས་པ་ཉིད་ཀྱི་སྐྱོན་མེད་པ་སྟོན་ཏོ། །དེ་ལ་རེ་ཞིག་ཐ་སྙད་དུ་ནི་ཁོ་བོ་ཅག་གི་གཏན་ཚིགས་དེ་གཟུང་དུ་མེད་པ་ཁོ་ནའི་ཕྱིར་རོ་ཞེས་ངེས་
པར་གཟུང་བའི་ཕྱིར་མངོན་སུམ་མམ་རྗེས་སུ་དཔག་པ་ཞེས་བྱ་བར་རྣམ་པར་མ་བརྟགས་པ་ས་བོན་ལ་སོགས་པ་ཚོགས་པ་ཉིད་ལ་འབྲས་བུ་མྱུ་གུ་ཞེས་བྱ་བ་ལ་སོགས་པ་ནུས་པའི་ཚུལ་དུ་སྔ་ན་ཡོད་པ་མ་ཡིན་པར་གཟུང་བར་བྱ་སྟེ། དེ་ལ་གཟུང་དུ་མེད་པ་ཁོ་ནའི་ཕྱིར་རོ་ཞེས་ངེས་པར་བཟུང་བས་མངོན་སུམ་གྱིས་གཟུང་
དུ་མེད་པའི་མི་མཐུན་པའི་ཕྱོགས་རྗེས་སུ་དཔག་པས་བཟུང་བ་ལྟ་བུ་མེད་པའི་ཕྱིར་མ་ངེས་པ་ཉིད་མ་ཡིན་ལ། གྲངས་ཅན་དག་གི་དངོས་པོ་ཡོད་ཀྱང་མི་དམིགས་པའི་གཏན་ཚིགས་ཧ་ཅང་རིང་བའི་ཕྱིར་དང་། ཧ་ཅང་ཉེ་བའི་ཕྱིར་ཞེས་བྱ་བ་ལ་སོགས་པ་དེ་དག་ཉིད་ཀྱང་མ་ངེས་པ་ཉིད་ཡིན་པས་དེ་དག་གིས་ཁོ་བོའི་གཏན་
ཚིགས་མ་ངེས་པ་ཉིད་དུ་སྒྲུབ་པར་མི་ནུས་ཏེ། འདི་ལྟར་འདི་ན་ཉི་མ་ལ་སོགས་པ་དག་ཧ་ཅང་ཐག་རིང་པོ་ན་གནས་ཀྱང་དམིགས་པ་དང་། དྲི་དང་རོ་ལ་སོགས་པ་དག་ཧ་ཅང་ཐག་ཉེ་བ་ན་གནས་ཀྱང་དམིགས་པར་མཐོང་བས། དེས་ན་ཅི་རེ་ཞིག་ཧ་ཅང་རིང་བའི་ཕྱིར་དང་། ཧ་ཅང་ཉེ་བའི་ཕྱིར་དཔེར་ན་བྱ་དང་མིག་
སྨན་ཡོད་ཀྱང་མི་དམིགས་པ་བཞིན་དུ་ས་བོན་ལ་སོགས་པ་ཚོགས་པ་ཉིད་ལ་འབྲས་བུ་མྱུ་གུ་ཞེས་བྱ་བ་ལ་སོགས་པ་ཡོད་ཀྱང་མི་དམིགས་པས་མེད་པ་མ་ཡིན་པར་འགྱུར་རམ། འོན་ཏེ་ཧ་ཅང་རིང་བའི་ཕྱིར་དང་། ཧ་ཅང་ཉེ་བའི་ཕྱིར་ན། ཉི་མ་ལ་སོགས་པ་དང་། དྲི་དང་རོ་ལ་སོགས་པ་དག་ཡོད་ན་

དམིགས་པ་བཞིན་དུ་ས་བོན་ལ་སོགས་པ་ཚོགས་པ་ཉིད་ལ་འབྲས་བུ་མྱུ་གུ་ཞེས་བྱ་བ་ལ་སོགས་པ་ཡོད་ན་དམིགས་པར་འགྱུར་བའི་རིགས་ན་མི་དམིགས་པས་ཡོད་པ་མ་ཡིན་པར་འགྱུར་བ་མ་ངེས་པས་དེའི་ཕྱིར་ཁྱེད་ཀྱི་གཏན་ཚིགས་ཧ་ཅང་རིང་བའི་ཕྱིར་དང་ཧ་ཅང་ཉེ་བའི་ཕྱིར་ཞེས་བྱ་བ་ལ་སོགས་པ་མ་ངེས་
པ་དེ་དག་གིས་ཁོ་བོའི་གཏན་ཚིགས་གཟུང་དུ་མེད་པའི་ཕྱིར་རོ་ཞེས་བྱ་བ་དེ་མ་ངེས་པ་ཉིད་དུ་སྒྲུབ་པར་མི་ནུས་པས་ཁོ་བོའི་གཏན་ཚིགས་མ་ངེས་པ་ཉིད་མ་ཡིན་ནོ། །དོན་དམ་པར་ནི་ཁྱེད་ཀྱི་གཏན་ཚིགས་ཧ་ཅང་ཐག་རིང་པོ་ན་གནས་པ་ཞེས་བྱ་བ་ལ་སོགས་པའི་དངོས་པོ་དག་མ་གྲུབ་པའི་ཕྱིར་ཁོ་བོའི་གཏན་
ཚིགས་གཟུང་དུ་མེད་པའི་ཕྱིར་ཞེས་བྱ་བ་དེའི་མི་མཐུན་པའི་ཕྱོགས་མེད་པས་ཁོ་བོའི་གཏན་ཚིགས་མ་ངེས་པ་ཉིད་མ་ཡིན་ནོ། །བདེ་བ་དང་སྡུག་བསྔལ་དང་གཏི་མུག་གི་མཚན་ཉིད་ལ་སོགས་པ་རང་བཞིན་པའི་ཚད་དག་ཀྱང་མ་གྲུབ་པའི་ཕྱིར་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་དོ་ཞེས་བྱ་བས་ནི་སྔར་
གྲངས་ཅན་དག་ལས་གཞན་དག་སྐྱོན་གཞན་འདི་སྐད་ཅེས་སྨྲས་ཏེ། གཟུང་དུ་མེད་པའི་ཕྱིར་རོ་ཞེས་བྱ་བའི་གཏན་ཚིགས་དེའི་དོན་གང་ཡིན། གལ་ཏེ་མངོན་སུམ་གྱིས་གཟུང་དུ་མེད་པའི་ཕྱིར་རོ་ཞེ་ན་ནི་མ་ངེས་པ་ཉིད་དེ། དབང་པོའི་དེ་ཁོ་ན་དག་མངོན་སུམ་གྱིས་གཟུང་དུ་མེད་ཀྱང་ཡོད་པའི་ཕྱིར་རོ། །གལ་
ཏེ་རྗེས་སུ་དཔག་པས་གཟུང་དུ་མེད་པའི་ཕྱིར་རོ་ཞེ་ན་ནི་དོན་མ་གྲུབ་པ་ཉིད་དེ་ཞེས་བྱ་བས་གལ་ཏེ་མངོན་སུམ་གྱིས་གཟུང་དུ་མེད་པའི་ཕྱིར་རོ་ཞེ་ན་ནི་མ་ངེས་པ་ཉིད་དེ་ཞེས་བྱ་བས་ནི་རྗེས་སུ་དཔག་པས་གཟུང་བ་ཉིད་ཡིན་པར་སྒྲུབ་ལ། གལ་ཏེ་རྗེས་སུ་དཔག་པས་གཟུང་དུ་མེད་པའི་ཕྱིར་རོ་ཞེ་ན་ནི་དོན་མ་གྲུབ་པ་ཉིད་དེ་ཞེས་
བྱ་བས་ནི་རྗེས་སུ་དཔག་པས་གཟུང་དུ་ཡོད་པ་ཉིད་དུ་སྒྲུབ་ཅིང་དེའི་ཚད་མ་ཡང་འདི་ལྟར་རྗེས་སུ་དཔག་པ་ལས་རྒྱུ་ནི་འབྲས་བུས་མི་སྟོང་པར་གཟུང་བར་བྱ་སྟེ། ཚད་ཡོད་པའི་ཕྱིར་རོ། །གང་ཚད་ཡོད་པ་དེ་ནི་དེས་མི་སྟོང་སྟེ། དཔེར་ན་འབྲས་བུའི་བདག་ཉིད་བཞིན་ནོ། །དེ་བཞིན་དུ་རྒྱུ་ཡང་བདེ་བ་དང་སྡུག་བསྔལ་དང་
གཏི་མུག་གསུམ་དང་སྒྲ་ལ་སོགས་པ་ལྔ་དང་གཅིག་ལ་སོགས་པའི་རྒྱུའི་ཚད་ཀྱིས་ཚད་ཡོད་པས་དེའི་ཕྱིར་རྒྱུ་ནི་ཚད་ཡོད་པའི་ཕྱིར་འབྲས་བུ་མི་སྟོང་པའི་ཕྱིར་རོ་ཞེས་བྱ་བས་བསྟན་པ་དེའི་གཏན་ཚིགས་ཚད་ཡོད་པའི་ཕྱིར་རོ་ཞེས་བྱ་བའི་ཉེ་བར་སྦྱར་བའི་སྦྱོར་བ་ཡང་རྒྱུ་ཡང་བདེ་བ་དང་སྡུག་བསྔལ་དང་གཏི་མུག་གསུམ་དང་སྒྲ་ལ་

སོགས་པ་ལྔ་དང་གཅིག་ལ་སོགས་པའི་ཚད་ཀྱིས་ཚད་ཡོད་པས་ཞེས་བྱ་བ་དེའི་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་དུ་སྟོན་ཏེ། གྲངས་ཅན་དག་གིས་རྒྱུའི་ཚད་སྙིང་སྟོབས་དང་རྡུལ་དང་མུན་པའི་རང་བཞིན་པ་ཞེས་བྱ་བ་རང་བཞིན་གྱི་འགྱུར་བ་འམ། རང་བཞིན་གྱི་ཡན་ལག་བདེ་བ་དང་སྡུག་
བསྔལ་དང་། གཏི་མུག་གསུམ་དང་། སྒྲ་ལ་སོགས་པ་དེ་ཙམ་ལྔ་དང་། གཙོ་བོ་གཅིག་ལ་སོགས་པའི་རྒྱུའི་ཚད་ཀྱིས་ཚད་ཡོད་པར་བསྟན་པ་དེ་དག་ཁོ་བོ་ཅག་གི་ཕྱོགས་ལ་དོན་དམ་པར་མ་གྲུབ་པའི་ཕྱིར་གྲངས་ཅན་དག་གཏན་ཚིགས་ཚད་ཡོད་པའི་ཕྱིར་རོ་ཞེས་བྱ་བ་དེའི་དོན་མ་གྲུབ་པ་ཉིད་ཡིན་པས་དེས་བསྒྲུབ་
པར་བྱ་བའི་ཕྱོགས་རྒྱུ་ནི་འབྲས་བུ་མི་སྟོང་པར་གཟུང་བར་བྱ་སྟེ་ཞེས་བྱ་བ་དེ་མ་གྲུབ་པོ། །ཚད་ཀྱི་གཏན་ཚིགས་སྤྱིར་བརྗོད་ན་ནི་རྗེས་སུ་འགྲོ་བ་མེད་དེ། འབྲས་བུ་ཡང་འབྲས་བུའི་བདག་ཉིད་ཀྱིས་སྟོང་པའི་ཕྱིར་རོ་ཞེས་བྱ་བས་ནི་གལ་ཏེ་གྲངས་ཅན་དག་རྒྱུ་དང་རང་བཞིན་པའི་ཚད་ཀྱིས་ཚད་ཡོད་པའི་ཕྱིར་རོ་ཞེས་བྱ་བའི་གཏན་ཚིགས་
དེའི་དོན་མ་གྲུབ་པ་ཉིད་ཡིན་པས་རང་བཞིན་པའི་ཚད་བཏང་སྟེ། ཚད་ཡོད་པའི་ཕྱིར་རོ་ཞེས་བྱ་བའི་གཏན་ཚིགས་དེ་སྤྱིར་ཁ་དོག་དང་དབྱིབས་དང་གནས་སྐབས་ལ་སོགས་པའི་ཚད་ཡོད་པའི་ཕྱིར་རོ་ཞེས་བརྗོད་ན་ནི་གཏན་ཚིགས་ཀྱི་རྗེས་སུ་འགྲོ་བའི་དཔེ་མེད་པས་མི་རུང་སྟེ། སྔར་གྲངས་ཅན་དག་གིས་གང་ཚད་ཡོད་པ་དེ་ནི་
དེས་མི་སྟོང་སྟེ། དཔེར་ན་འབྲས་བུ་སའི་བདག་ཉིད་བཞིན་ནོ་ཞེས་སྨྲས་པའི་དཔེ་དེ་དོན་དམ་པར་འབྲས་བུ་མྱུ་གུ་ལ་སོགས་པའི་བདག་ཉིད་ཀྱིས་སྟོང་པའི་ཕྱིར་དེ་ལ་ཁ་དོག་དང་དབྱིབས་དང་གནས་སྐབས་ལ་སོགས་པའི་ཚད་མེད་པས་དཔེའི་ཆོས་ཅན་མ་གྲུབ་པའི་སྐྱོན་ཡོད་པས་མི་རུང་ངོ་། །དེ་ནི་ཐ་སྙད་དུ་ཡང་ས་བོན་ལ་སོགས་
པ་ཚོགས་པ་ཉིད་ལ་འབྲས་བུ་མྱུ་གུ་ཞེས་བྱ་བ་ལ་སོགས་པ་ནུས་པའི་ཚུལ་དུ་སྔ་ན་ཡོད་པ་ཉིད་ཡིན་ན་དེ་ལས་དེ་འབྱུང་བར་མི་འགྱུར་བའི་རྗེས་སུ་དཔག་པས་བསྟན་པའི་ཕྱིར། ཐ་སྙད་དུ་ཡང་གང་ཞིག་གང་གིས་མི་སྟོང་པ་དེ་ལས་དེ་འབྱུང་བར་མི་འགྱུར་ཏེ། དེས་མི་སྟོང་པའི་ཕྱིར་དཔེར་ན་དབྱུ་གུ་གསུམ་
ལས་དབྱུ་གུ་གསུམ་གྱི་བདག་ཉིད་བཞིན་པས་ཐ་སྙད་དུ་ཡང་རྒྱུ་ལ་འབྲས་བུ་སྔ་ན་ཡོད་པ་སྐྱེ་བར་དམ་འཆའ་ན་རྗེས་སུ་དཔག་པས་གནོད་པར་འགྱུར་རོ་ཞེས་བྱ་བ་སྨྲས་ཏེ། དེ་དག་ནི་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་དང་། མཇུག་བསྡུ་བ་ཡིན་པར་གོ་རིམས་

བཞིན་དུ་སྦྱར་ཏེ། དཔེར་ན་གྲངས་ཅན་གྱི་དབྱུ་གུ་གསུམ་ནི་དབྱུ་གུ་གསུམ་གྱི་བདག་ཉིད་དེས་མི་སྟོང་པའི་ཕྱིར་ཐ་སྙད་དུ་ཡང་དེ་ལས་དེ་འབྱུང་བར་མི་འགྱུར་བ་དེ་བཞིན་དུ་གལ་ཏེ་ས་བོན་ལ་སོགས་པའི་རྒྱུའི་ཚོགས་ཉིད་ཀྱང་འབྲས་བུ་མྱུ་གུ་ཞེས་བྱ་བ་ལ་སོགས་པའི་ནུས་པས་མི་སྟོང་པའི་ཕྱིར་དེ་ལས་
དེ་འབྱུང་བར་མི་འགྱུར་བས་ཐ་སྙད་དུ་ཡང་གྲངས་ཅན་དག་འདོད་པ་ལྟར་རྒྱུ་ལ་འབྲས་བུ་སྔ་ན་ཡོད་པ་སྐྱེ་བར་དམ་འཆའ་ན་རྗེས་སུ་དཔག་པས་གནོད་པར་འགྱུར་བའི་ཕྱིར་དེ་ནི་མ་གྲུབ་པོ། །མངོན་སུམ་གྱིས་གཟུང་བ་ཉིད་མ་ཡིན་པས་མངོན་སུམ་ཁོ་ནས་གཟུང་དུ་མེད་པའི་ཕྱིར་རོ་ཞེས་གཏན་ཚིགས་ཁྱད་
པར་དང་བཅས་པ་བརྗོད་ན། ཡང་གཏན་ཚིགས་ཀྱི་དོན་མ་ངེས་པ་ཉིད་དེ་ཞེས་གང་དུ་གཏན་ཚིགས་ཀྱི་སྦྱོར་བ་བྱས་པ་དེར་ཡང་མ་ངེས་པ་ཉིད་མ་ཡིན་ཏེ། ཇི་སྐད་བསྟན་པའི་ཚུལ་གྱིས་རྗེས་སུ་དཔག་པ་ལས་དེ་ཡོད་པ་ཉིད་དུ་བསྟན་པར་མི་ནུས་པའི་ཕྱིར་དང་། འབྲས་བུ་སྔ་ན་ཡོད་པའི་སྐྱེ་བ་དགག་པ་
བསྟན་པའི་ཚུལ་གྱིས་སོ་ཞེས་བྱ་བས་ནི་སྔར་གྲངས་ཅན་དག་གིས་ཅི་སྟེ་སངས་རྒྱས་པ་དག་རང་གི་གཏན་ཚིགས་གཟུང་དུ་མེད་པའི་ཕྱིར་རོ་ཞེས་བྱ་བ་དེ་དག་ལ་གལ་ཏེ་རྗེས་སུ་དཔག་པས་གཟུང་དུ་མེད་པའི་ཕྱིར་རོ་ཞེས་བྱ་བར་སྦྱར་ན་དོན་མ་གྲུབ་པ་ཉིད་ཀྱི་སྐྱོན་དུ་འགྱུར་བ་དེ་ཡོངས་སུ་སྤང་བར་འདོད་པས་འདིར་
རང་གི་གཏན་ཚིགས་གཟུང་དུ་མེད་པའི་ཕྱིར་རོ་ཞེས་བྱ་བ་དེ་མངོན་སུམ་གྱི་གཟུང་བ་ཉིད་མ་ཡིན་པས་མངོན་སུམ་ཁོ་ནས་གཟུང་དུ་མེད་པའི་ཕྱིར་རོ་ཞེས་གཏན་ཚིགས་ཀྱི་ཁྱད་པར་དང་བཅས་པ་བརྗོད་ན་ཡང་གཏན་ཚིགས་ཀྱི་དོན་མ་ངེས་པ་ཉིད་དེ། མངོན་སུམ་གྱི་གཟུང་བ་མ་ཡིན་པའི་དངོས་པོ་ཡང་
རྗེས་སུ་དཔག་པས་གཟུང་བ་ཉིད་ཡིན་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་པའི་སྐབས་དེར་གཏན་ཚིགས་ཀྱི་སྦྱོར་བ་བྱས་པ་དེར་ཡང་ཁོ་བོ་ཅག་དབུ་མ་པའི་གཏན་ཚིགས་ཁྱད་པར་དང་བཅས་པ་དེ་སྐད་བརྗོད་ན་ཡང་དེའི་དོན་མ་ངེས་པ་ཉིད་མ་ཡིན་ཏེ་ཞེས་ལན་གདབ་པ་སྟོན་ཏེ། འདི་ལྟར་ཁོ་བོ་ཅག་གི་སྔར་དེའི་ཕྱིར་
རྗེས་སུ་དཔག་པ་ནི་ས་བོན་ལ་སོགས་པ་ཚོགས་པ་ཉིད་ལ་འབྲས་བུ་མྱུ་གུ་ཞེས་བྱ་བ་ལ་སོགས་པ་ཡོད་པ་མ་ཡིན་པར་གཟུང་བར་བྱ་སྟེ། དེ་ལ་གཟུང་དུ་མེད་པའི་ཕྱིར་རོ། །གང་ལ་གང་གཟུང་དུ་མེད་པ་དེ་ལ་དེ་ཡོད་པ་མ་ཡིན་ཏེ། དཔེར་ན་བུམ་པ་ལ་སྣམ་བུ་བཞིན་ནོ། །ཚོགས་པ་ཉིད་ལ་མྱུ་གུ་

ཡང་དེ་བཞིན་པས་དེའི་ཕྱིར་ས་བོན་ལ་སོགས་པ་ཉིད་ལ་འབྲས་བུ་མྱུ་གུ་ཞེས་བྱ་བ་ལ་སོགས་པ་ཡོད་པ་མ་ཡིན་པར་གཟུང་བར་བྱའོ་ཞེས་ཇི་སྐད་བསྟན་པའི་ཚུལ་གྱིས་རྗེས་སུ་དཔག་པ་ལས་ས་བོན་ལ་སོགས་པ་ཚོགས་པ་ཉིད་ལས་འབྲས་བུ་མྱུ་གུ་ཞེས་བྱ་བ་ལ་སོགས་པ་ནུས་པའི་
ཚུལ་དུ་སྔ་ན་ཡོད་པ་ཞེས་བྱ་བ་དེ་ཁྱེད་ཀྱིས་ཡོད་པ་ཉིད་དུ་བསྟན་པར་མི་ནུས་པའི་ཕྱིར་ཁྱེད་ཀྱི་གཏན་ཚིགས་མངོན་སུམ་གྱིས་གཟུང་བ་མ་ཡིན་པའི་དངོས་པོ་ཡང་རྗེས་སུ་དཔག་པས་གཟུང་བ་ཉིད་ཡིན་པའི་ཕྱིར་རོ་ཞེས་བྱ་བ་དེ་ཉིད་མ་ངེས་པ་ཉིད་ཡིན་པས་དེས་ཁོ་བོའི་གཏན་ཚིགས་མངོན་སུམ་ཁོ་ན་གཟུང་དུ་
མེད་པའི་ཕྱིར་རོ་ཞེས་གཏན་ཚིགས་ཁྱད་པར་དང་བཅས་པ་བརྗོད་པ་དེའི་དོན་མ་ངེས་པ་ཉིད་དུ་བསྒྲུབ་པར་མི་ནུས་པས་ཁོ་བོའི་གཏན་ཚིགས་ཁྱད་པར་དང་བཅས་པ་དེ་མ་ངེས་པ་ཉིད་མ་ཡིན་ཏེ། ཅི་རེ་ཞིག་མངོན་སུམ་ཁོ་ནས་གཟུང་དུ་མེད་པའི་ཕྱིར་དཔེར་ན་མངོན་སུམ་གྱི་གཟུང་བ་མ་ཡིན་པའི་དངོས་པོ་
ཡུལ་དང་དུས་དང་རང་བཞིན་གྱིས་བསྐལ་པ་དག་རྗེས་སུ་དཔག་པས་གཟུང་བ་ཉིད་ཡིན་པ་བཞིན་དུ་ས་བོན་ལ་སོགས་པ་ཚོགས་པ་ཉིད་ལ་འབྲས་བུ་མྱུ་གུ་ཞེས་བྱ་བ་ལ་སོགས་པ་ནུས་པའི་ཚུལ་དུ་སྔ་ན་ཡོད་པ་མངོན་སུམ་གྱི་གཟུང་བ་མ་ཡིན་པ་ཡང་རྗེས་སུ་དཔག་པས་གཟུང་བ་ཉིད་ཡིན་པར་འགྱུར་
རམ། འོན་ཏེ་མངོན་སུམ་ཁོ་ནས་གཟུང་དུ་མེད་པའི་ཕྱིར་དཔེར་ན་སྔར་ཁོ་བོས་ཇི་སྐད་བསྟན་པའི་ཚུལ་གྱིས་རྗེས་སུ་དཔག་པ་ལས་དེ་ཡོད་པ་ཉིད་དུ་བསྟན་པར་མི་ནུས་པ་བཞིན་དུ་ས་བོན་ལ་སོགས་པ་ཚོགས་པ་ཉིད་ལ་འབྲས་བུ་མྱུ་གུ་ཞེས་བྱ་བ་ལ་སོགས་པ་མངོན་སུམ་གྱི་གཟུང་བ་མ་ཡིན་པ་
རྗེས་སུ་དཔག་པས་ཀྱང་གཟུང་དུ་མེད་པ་ཉིད་དུ་འགྱུར་བ་མ་ངེས་པས་དེའི་ཕྱིར་ཁྱེད་ཀྱི་གཏན་ཚིགས་མངོན་སུམ་གྱིས་གཟུང་བ་མ་ཡིན་པའི་དངོས་པོ་ཡང་རྗེས་སུ་དཔག་པས་གཟུང་བའི་ཕྱིར་རོ་ཞེས་བྱ་བ་དེ་ཉིད་མ་ངེས་པ་ཡིན་པས་དེས་ཁོ་བོའི་གཏན་ཚིགས་མངོན་སུམ་ཁོ་ནས་གཟུང་དུ་མེད་པའི་ཕྱིར་ཞེས་
གཏན་ཚིགས་ཁྱད་པར་དང་བཅས་པ་བརྗོད་པ་དེའི་དོན་མ་ངེས་པ་ཉིད་དུ་བསྒྲུབ་པར་མི་ནུས་པས་ཁོ་བོའི་གཏན་ཚིགས་ཁྱད་པར་དང་བཅས་པ་དེ་མ་ངེས་པ་ཉིད་མ་ཡིན་ནོ། །གཞན་ཡང་སྐྱེ་བ་མེད་པའི་རབ་ཏུ་བྱེད་པའི་སྐབས་སུ་གྲངས་ཅན་དག་འབྲས་བུ་ཡོད་པ་སྐྱེ་བར་འདོད་པའི་གཞུང་དགག་པ་བསྟན་པའི་

ཚུལ་གྱིས་འབྲས་བུ་སྔ་ན་ཡོད་པ་ཉིད་མ་གྲུབ་པའི་ཕྱིར་ཡང་ཁོ་བོའི་གཏན་ཚིགས་ཁྱད་པར་དང་བཅས་པ་མ་ངེས་པ་ཉིད་མ་ཡིན་ནོ། །རྣམ་པ་ཐམས་ཅད་དུ་གཟུང་དུ་མེད་པའི་ཕྱིར་རོ་ཞེས་བྱ་བར་གཏན་ཚིགས་ཀྱི་དོན་ཁས་བླངས་པའི་ཕྱིར་དོན་མ་གྲུབ་པ་ཉིད་མ་ཡིན་ནོ་ཞེས་བྱ་བས་ནི་སྔར་གྲངས་ཅན་དག་
གིས་ཇི་སྟེ་སངས་རྒྱས་པ་དག་རང་གི་གཏན་ཚིགས་གཟུང་དུ་མེད་པའི་ཕྱིར་རོ་ཞེས་བྱ་བ་དེ་གལ་ཏེ་མངོན་སུམ་གྱི་གཟུང་བ་ཉིད་མ་ཡིན་པས་མངོན་སུམ་ཁོ་ནས་གཟུང་དུ་མེད་པའི་ཕྱིར་རོ་ཞེས་གཏན་ཚིགས་ཁྱད་པར་དང་བཅས་པ་བརྗོད་ན་ཡང་གཏན་ཚིགས་ཀྱི་དོན་མ་ངེས་པ་ཉིད་ཀྱི་སྐྱོན་དུ་འགྱུར་བ་དེ་ཡོངས་སུ་སྤང་
བར་འདོད་པས་འདིར་རང་གི་གཏན་ཚིགས་གཟུང་དུ་མེད་པའི་ཕྱིར་རོ་ཞེས་བྱ་བ་དེ་མངོན་སུམ་དང་། རྗེས་སུ་དཔག་པ་དང་ཚད་མ་ཐམས་ཅད་ཀྱིས་རྣམ་པ་ཐམས་ཅད་དུ་གཟུང་དུ་མེད་པའི་ཕྱིར་རོ་ཞེས་བྱ་བར་གཏན་ཚིགས་ཀྱི་དོན་རྟོགས་ན་ཡང་དེ་ཉིད་དོན་མ་གྲུབ་པ་ཉིད་ཀྱི་སྐྱོན་ཡོད་དེ། འདི་ལྟར་ས་བོན་
ལ་སོགས་པ་ཚོགས་པ་ཉིད་ལ་འབྲས་བུ་མྱུ་གུ་ཞེས་བྱ་བ་ལ་སོགས་པ་ནུས་པའི་ཚུལ་དུ་སྔ་ན་ཡོད་པས་ནི་རྗེས་སུ་དཔག་པས་གཟུང་དུ་ཡོད་པའི་ཕྱིར་རོ་ཞེས་སྨྲས་པའི་ལན་གདབ་པ་སྟོན་ཏེ། འདི་ལྟར་ཁོ་བོས་ས་བོན་ལ་སོགས་པ་ཚོགས་པ་ཉིད་ལ་འབྲས་བུ་མྱུ་གུ་ཞེས་བྱ་བ་ལ་སོགས་པ་ཡོད་པ་མ་
ཡིན་པར་གཟུང་བར་བྱ་སྟེ། དེ་ལ་གཟུང་དུ་མེད་པའི་ཕྱིར་རོ་ཞེས་སྨྲས་པའི་གཏན་ཚིགས་དེ་ནི་མངོན་སུམ་དང་། རྗེས་སུ་དཔག་པ་དང་། ཚད་མ་ཐམས་ཅད་ཀྱིས་རྣམ་པ་ཐམས་ཅད་དུ་གཟུང་དུ་མེད་པའི་ཕྱིར་རོ་ཞེས་བྱ་བར་གཏན་ཚིགས་ཀྱི་དོན་ཁས་བླངས་པའི་ཕྱིར་རྗེས་སུ་དཔག་པས་གཟུང་དུ་ཡོད་པ་ཡང་
མ་ཡིན་པས་ཁོ་བོའི་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་མ་ཡིན་ནོ། །ཟིལ་གྱིས་མ་ནོན་པ་དང་། རགས་པ་ཉིད་ནི་མེད་པ་མ་བྱུང་བ་ལས་གདོད་འབྱུང་བའི་ཕྱིར་འབྲས་བུ་སྔ་ན་མེད་པར་སྨྲ་བ་ཡིན་པར་ཐལ་བར་འགྱུར་རོ་ཞེས་བྱ་བས་སྔར་གྲངས་ཅན་དག་ན་རེ་དངོས་པོ་ཡོད་ཀྱང་ཟིལ་གྱིས་ནོན་པའི་ཕྱིར་དང་ཆ་
ཕྲ་བའི་ཕྱིར་དམིགས་པར་མི་འགྱུར་རོ་ཞེས་ཟེར་བའི་གཏན་ཚིགས་དེ་གཉིས་རྒྱུ་ལ་འབྲས་བུ་སྔ་ན་ཡོད་པ་ལས་སྐྱེ་བའི་གཏན་ཚིགས་སུ་མི་རུང་གི་འབྲས་བུ་སྔ་ན་མེད་པ་ལས་སྐྱེ་བར་སྨྲ་བའི་གཞུང་ཡིན་པར་ཐལ་བར་འགྱུར་རོ་ཞེས་སྟོན་ཏོ། །འདི་ལྟར་གྲངས་ཅན་དག་གི་གཞུང་ལས་དཔེར་ན་ཉི་

མའི་འོད་ཀྱིས་གཟའ་དང་རྒྱུ་སྐར་དང་སྐར་མའི་འོད་ཟིལ་གྱིས་ནོན་པ་དག་མི་དམིགས་ཀྱང་དེ་མེད་པ་མ་ཡིན་གྱི། ཟིལ་གྱིས་ནོན་པའི་ཕྱིར་མི་དམིགས་ཏེ། གང་གི་ཚེ་ཟིལ་གྱིས་ནོན་པའི་རྐྱེན་དང་བྲལ་བ་དེའི་ཚེ་ན་ཟིལ་གྱིས་མ་ནོན་པའི་ངོ་བོ་ཉིད་དུ་གསལ་བར་འབྱུང་བ་དང་།
དཔེར་ན་དུ་བ་དང་རྡུལ་དང་ཁུག་རྣ་ལ་སོགས་པ་ནམ་མཁའ་ལ་ཡན་པ་དག་མི་དམིགས་ཀྱང་དེ་མེད་པ་མ་ཡིན་གྱི་ཆ་ཕྲ་བའི་ཕྱིར་མི་དམིགས་ཏེ། གང་གི་ཚེ་ཆ་ཕྲ་བར་གྱུར་པའི་རྐྱེན་དང་བྲལ་བ་དེའི་ཚེ་ན་རགས་པའི་ངོ་བོ་ཉིད་དུ་འབྱུང་བ་དེ་བཞིན་དུ་ས་བོན་ལ་སོགས་པ་ཚོགས་པ་ཉིད་ལ་འབྲས་བུ་མྱུ་གུ་
ཞེས་བྱ་བ་ལ་སོགས་པའི་ནུས་པ་སྔ་ན་ཡོད་པ་ཡང་ཟིལ་གྱིས་ནོན་པའི་ཕྱིར་རམ། ཆ་ཕྲ་བའི་ཕྱིར་མི་དམིགས་པར་ཟད་ཀྱི་དེ་མེད་པ་མ་ཡིན་ཏེ། གང་གི་ཚེ་ཟིལ་གྱིས་ནོན་པ་དང་ཆ་ཕྲ་བར་གྱུར་པའི་རྐྱེན་དང་བྲལ་བ་དེའི་ཚེ་ཟིལ་གྱིས་མ་ནོན་པ་དང་། རགས་པ་ཉིད་གསལ་བའི་ངོ་བོ་ཉིད་དུ་འབྱུང་ངོ་
ཞེས་བྱ་བར་སྒྲུབ་པས་དེ་ལྟར་ན་ཟིལ་གྱིས་མ་ནོན་པ་དང་རགས་པ་ཉིད་སྔ་ན་ཟིལ་གྱིས་ནོན་པ་དང་ཆ་ཕྲ་བའི་གནས་སྐབས་ན་མེད་པ་ཕྱིས་ཟིལ་གྱིས་མ་ནོན་པ་དང་། རགས་པ་ཉིད་ཀྱི་རྐྱེན་ལས་བྱུང་བ་ཡིན་པས་མེད་པ་མ་བྱུང་བ་ལས་བྱུང་བའི་ཕྱིར་དེ་ནི་གྲངས་ཅན་དག་རྒྱུ་ལ་འབྲས་བུ་སྔ་ན་ཡོད་པ་ལས་སྐྱེ་
བར་འདོད་པའི་གཏན་ཚིགས་སུ་མི་རུང་གི །སངས་རྒྱས་པ་དག་འབྲས་བུ་སྔ་ན་མེད་པ་མ་བྱུང་བ་ལས་འབྱུང་བར་སྨྲ་བའི་གཞུང་ཡིན་པར་ཐལ་བར་འགྱུར་རོ། །རྒྱུ་ལ་འབྲས་བུ་ཡོད་པ་ཉིད་ཡིན་ཡང་ཟིལ་གྱིས་ནོན་པའི་ཕྱིར་དང་ཆ་ཕྲ་བའི་ཕྱིར་གཟུང་དུ་མེད་དོ་ཞེས་སྨྲ་བ་དག་གི་ཚིག་ཀྱང་རྒྱུ་ལ་འབྲས་བུ་
ཡོད་པ་ཟིལ་གྱིས་ནོན་པ་དང་། ཆ་ཕྲ་བ་ཉིད་ཡིན་པར་བསྟན་དཀའ་བའི་ཕྱིར་དེ་ཡང་རིགས་པ་མ་ཡིན་ནོ་ཞེས་བྱ་བས་ནི་གྲངས་ཅན་དག་གི་གཞུང་ལས་ས་བོན་ལ་སོགས་པ་ཚོགས་པ་ཉིད་ལ་འབྲས་བུ་མྱུ་གུ་ཞེས་བྱ་བ་ལ་སོགས་པ་ནུས་པའི་ཚུལ་དུ་སྔ་ན་ཡོད་པ་ཉིད་ཡིན་ཡང་དཔེར་ན་ཉི་མའི་འོད་ཟེར་གྱིས་གཟའ་
དང་རྒྱུ་སྐར་དང་སྐར་མའི་འོད་ཟིལ་གྱིས་ནོན་པ་དག་མི་དམིགས་ཀྱང་མེད་པ་མ་ཡིན་པ་དང་། དཔེར་ན་དུ་བ་དང་རྡུལ་དང་ཁུག་རྣ་ལ་སོགས་པ་ནམ་མཁའ་ལ་ཡན་པ་དག་མི་དམིགས་ཀྱང་དེ་མེད་པ་མ་ཡིན་པ་བཞིན་ནོ་ཞེས་སྨྲས་པ་དག་གི་ཚིག་ཀྱང་རྒྱུ་ལ་འབྲས་བུ་ནུས་པའི་ཚུལ་དུ་སྔ་ན་ཡོད་པ་ཟིལ་གྱིས་ནོན་པ་དང་

ཆ་ཕྲ་བ་ཉིད་ཡིན་པར་རྗེས་སུ་དཔག་པ་གང་གིས་ཀྱང་བསྟན་དཀའ་བའི་ཕྱིར་དེ་ཡང་རིགས་པ་མ་ཡིན་ནོ་ཞེས་བསྟན་ཏོ། །གྲངས་ཅན་དག་ལས་གང་དག་འབྲས་བུ་སྔ་ན་ཡོད་པ་ཞེས་བྱ་བ་དེའི་དོན་སྐྱེ་བའི་སྔོན་རོལ་ན་མེད་པ་མ་ཡིན་ལ་འབྲས་བུའི་བདག་ཉིད་གསལ་བར་ཡོད་པ་མ་ཡིན་པ་ཉིད་སྐྱེའོ་ཞེས་ཟེར་བ་དེ་
དག་དགག་པ་ཡང་སྔ་མ་བཞིན་དུ་རྒྱས་པར་བྱའོ་ཞེས་བྱ་བས་ནི་གྲངས་ཅན་ནུས་པ་གསལ་བར་སྨྲ་བ་དག་གི་གཞུང་ལས་རྒྱུ་ལ་འབྲས་བུ་སྔ་ན་ཡོད་པ་ཞེས་བྱ་བའི་དོན་ནི་སྐྱེ་བའི་སྔོན་རོལ་མ་སྐྱེས་པའི་དུས་ན་དཔེར་ན་ཏིལ་ལ་ཏིལ་མར་སྔ་ན་ཡོད་པ་བཞིན་དུ་རྒྱུ་ལ་འབྲས་བུ་ནུས་པའི་ཚུལ་དུ་སྔ་ན་ཡོད་པ་ཡིན་ལ་
སྐྱེ་བ་ཞེས་བྱ་བའི་དོན་ནི་དཔེར་ན་ཏིལ་མར་གྱི་བདག་ཉིད་སྔ་ན་གསལ་བར་ཡོད་པ་མ་ཡིན་པ་ཉིད་ཕྱིས་བརྡུང་བ་དང་བཙིར་བ་ལ་སོགས་པའི་རྐྱེན་གྱིས་གསལ་བའི་བདག་ཉིད་དུ་སྐྱེ་བ་བཞིན་དུ་འབྲས་བུ་མྱུ་གུ་ཞེས་བྱ་བ་ལ་སོགས་པའི་བདག་ཉིད་སྔ་ན་གསལ་བར་ཡོད་པ་མ་ཡིན་པ་ཉིད་ཀྱང་ཕྱིས་བསྐྱེད་པ་དང་བསྐྱེད་པ་
ལ་སོགས་པའི་རྐྱེན་གྱིས་གསལ་བའི་བདག་ཉིད་དུ་སྐྱེ་བ་ཡིན་པས་དེས་ན་རྒྱུ་ལ་འབྲས་བུ་སྔ་ན་ནུས་པའི་ཚུལ་དུ་ཡོད་པ་ཕྱིས་རྐྱེན་གྱིས་གསལ་བའི་བདག་ཉིད་དུ་སྐྱེའོ་ཞེས་ཟེར་བ་དེ་དག་དགག་པ་ཡང་སྔ་མ་བཞིན་དུ་རྒྱས་པར་བྱ་སྟེ། རྒྱུ་ལ་འབྲས་བུ་ནུས་པའི་ཚུལ་དུ་སྔ་ན་ཡོད་པ་བསྟན་པར་མི་ནུས་པའི་ཕྱིར་
འབྲས་བུ་སྔ་ན་ཡོད་པར་སྨྲ་བ་མ་གྲུབ་ལ། གསལ་བ་སྔོན་མ་བྱུང་བ་ལས་བྱུང་བའི་ཕྱིར་འབྲས་བུ་སྔ་ན་མེད་པར་སྨྲ་བ་གྲུབ་པོ་ཞེས་བྱ་བར་སྦྱར་རོ། །འདིར་བསྟན་བཅོས་མཛད་པས་ཡང་རང་གི་སྡེ་པ་དག་གི་གཞུང་དགག་པའི་ཕྱིར། དེ་བཞིན་དུ་འབྲས་བུ་སྔ་ན་མེད་པར་སྨྲ་བ་དག་གི་ཕྱིར་ཡང་བཤད་པ་
ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། འདིས་ནི་བྱེ་བྲག་དུ་སྨྲ་བ་དང་མདོ་སྡེ་པ་དག་རྒྱུའི་ཚོགས་པ་ཉིད་ལ་འབྲས་བུ་སྔ་ན་མེད་པ་ལས་སྐྱེ་བར་འདོད་པའི་གཞུང་དགག་པ་རྣམ་པ་གཞན་སྟོན་ཏོ། །དེ་ཉིད་བསྟན་པའི་ཕྱིར། གལ་ཏེ་རྒྱུ་དང་རྐྱེན་རྣམས་ཀྱི། །ཚོགས་ལ་འབྲས་བུ་མེད་ན་ནི། །ཞེས་བྱ་བ་སྨྲས་
ཏེ། དེས་ནི་བྱེ་བྲག་ཏུ་སྨྲ་བ་དང་མདོ་སྡེ་པ་དག་གི་རྒྱུ་ལ་འབྲས་བུ་སྔ་ན་མེད་པ་ལས་སྐྱེ་བར་འདོད་པའི་གཞུང་བསྣན་པ་སྟོན་ཏེ། བྱེ་བྲག་ཏུ་སྨྲ་བ་དང་། མདོ་སྡེ་པ་དག་གི་གྲུབ་པའི་མཐའ་ལས་རྒྱུ་ལ་འབྲས་བུ་སྔ་ན་མེད་པ་ལས་ཕྱིས་རྐྱེན་གྱི་མཐུས་སྐྱེ་བར་འདོད་པས་དེ་དག་གི་ཚུལ་གྱིས་རྒྱུའི་ཚོགས་པ་ཉིད་ལ་

འབྲས་བུ་སྔ་ན་མེད་པ་ཉིད་ལས་སྐྱེ་བར་གྱུར་ནའོ། །ད་ནི་དེ་མི་འཐད་པར་བསྟན་པའི་ཕྱིར། རྒྱུ་རྣམས་དང་ནི་རྐྱེན་དག་ཀྱང་། །རྒྱུ་རྐྱེན་མ་ཡིན་མཚུངས་པར་འགྱུར། །འབྲས་བུ་སྟོང་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། ཡང་འཇིག་རྟེན་འདི་ན་རྒྱུ་དང་རྐྱེན་ཞེས་བྱ་བར་ཐ་སྙད་གདགས་པ་ནི་རྒྱུ་དང་རྐྱེན་
རྣམས་རྟེན་ཅིང་འབྲེལ་པར་འབྱུང་བའི་ཚུལ་གྱིས་འདི་ཡོད་པས་འདི་འབྱུང་ལ། འདི་སྐྱེས་པའི་ཕྱིར་འདི་སྐྱེ་བ་ཞེས་བྱ་བ་ལྟ་བུས་རྒྱུ་ཡང་འབྲས་བུས་མི་སྟོང་ལ། འབྲས་བུ་ཡང་རྒྱུས་བསྐྱེད་པར་བྱ་བ་ཡིན་ན་གལ་ཏེ་ཕ་རོལ་པོ་དག་འདོད་པ་ལྟར་རྒྱུ་དང་རྐྱེན་རྣམས་ཀྱི་ཚོགས་པ་ཉིད་ལ་འབྲས་བུ་མེད་པར་གྱུར་པ་དེ་
ལྟ་ན་རྒྱུ་དང་རྐྱེན་རྣམས་འབྲས་བུས་སྟོང་པའི་ཕྱིར་ཐ་སྙད་དུ་རྒྱུ་རྣམས་དང་རྐྱེན་དག་ཅེས་བརྗོད་པ་དེ་དག་ཀྱང་རིགས་མི་མཐུན་པའམ། མེད་པ་པ་དག་གིས་རྒྱུ་དང་རྐྱེན་མ་ཡིན་པར་བཏགས་པ་དག་དང་མཚུངས་པའི་སྐྱོན་དུ་ཐལ་བར་འགྱུར་བས་དེ་ནི་རིགས་པ་མ་ཡིན་ནོ་ཞེས་སྟོན་ཏོ། །དེའི་ཕྱིར་ད་ནི་རྒྱུ་དང་རྐྱེན་རྣམས་
ཀྱི་མཚན་ཉིད་ཇི་ལྟ་བུ་ཡིན་པ་དང་། རྒྱུ་དང་རྐྱེན་མ་ཡིན་པ་རྣམས་ཀྱི་མཚན་ཉིད་ཇི་ལྟ་བུ་ཡིན་པའི་ཁྱད་པར་བསྟན་པར་བྱ་སྟེ། དེ་ལ་རེ་ཞིག་རྒྱུ་དང་རྐྱེན་རྣམས་ཀྱི་མཚན་ཉིད་ཀྱི་ཁྱད་པར་བསྟན་པའི་ཕྱིར། ཅི་སྟེ་རྒྱུ་དང་རྐྱེན་རྣམས་ལ་ཁྱད་པར་ཅི་ཡོད་ཅེ་ན་ཞེས་བྱ་བ་སྨྲས་སོ། །དེ་ལ་རེ་ཞིག་རྒྱུའི་མཚན་ཉིད་ནི་
དེ་འབའ་ཞིག་སྐྱེད་ཀྱི་གཞན་མི་སྐྱེད་པའི་ཕྱིར། ཐུན་མོང་མ་ཡིན་པ་དང་རྒྱུའི་བདག་ཉིད་རྣམ་པ་མང་པོ་མ་ཡིན་པའི་ཕྱིར། གཅིག་པ་དང་། གང་གི་ཕྱིར་མྱུ་གུ་སྐྱེད་པས་ས་བོན་རང་གི་དོན་བྱས་པར་འགྱུར་བ་དེའི་ཕྱིར། རང་གི་དོན་བྱེད་པ་དང་ས་བོན་འགགས་མ་ཐག་ཏུ་མྱུ་གུ་སྐྱེ་བར་འགྱུར་བས། དེ་མ་
ཐག་པ་དང་རིགས་མཐུན་པ་ཉིད་སྐྱེད་པའི་ཕྱིར། ཆ་མཉམ་པ་སྐྱེད་པ་སྟེ་དེ་དག་ལ་སོགས་པ་དག་ནི་རྒྱུའི་མཚན་ཉིད་ཡིན་པར་རིག་པར་བྱའོ། །དེ་བཞིན་དུ་རྐྱེན་རྣམས་ཀྱི་མཚན་ཉིད་ནི་དེ་ལས་བཟློག་པ་སྟེ། དེ་འབའ་ཞིག་མི་སྐྱེད་ཀྱི་གཞན་ཡང་སྐྱེད་པའི་ཕྱིར། ཐུན་མོང་དང་རྐྱེན་གྱི་བདག་ཉིད་རྣམ་པ་མང་
བའི་ཕྱིར་དུ་མ་དང་གང་གི་ཕྱིར་རྒྱུ་གཞན་གྱི་རྒྱུད་གསོ་བའི་ཕྱིར་གཞན་གྱི་དོན་བྱེད་པ་དང་རྐྱེན་རྣམས་འགགས་མ་ཐག་ཏུ་མྱུ་གུ་སྐྱེ་བར་མི་འགྱུར་བས་ཐག་རིང་བ་དང་རིགས་མི་མཐུན་པ་དག་ཀྱང་སྐྱེད་པའི་ཕྱིར། ཆ་མི་ཉམས་པ་སྐྱེད་པ་དེ། དེ་དག་ལ་སོགས་པ་དག་ནི་རྐྱེན་རྣམས་ཀྱི་མཚན་ཉིད་ཡིན་པར་རིག་པར་

བྱའོ། །རྒྱུ་དང་རྐྱེན་མ་ཡིན་པ་རྣམས་ཀྱི་མཚན་ཉིད་ནི། རྒྱུ་དང་རྐྱེན་རྣམས་ཀྱི་མཚན་ཉིད་ཇི་སྐད་བསྟན་པ་དེ་དག་ལས་བཟློག་པ་ཡིན་ནོ། །ད་ནི་ཡང་འཇིག་རྟེན་འདི་ན་རྒྱུ་དང་རྐྱེན་རྣམས་དང་རྒྱུ་དང་རྐྱེན་མ་ཡིན་པ་རྣམས་ཞེས་ཐ་སྙད་གདགས་པའི་ཚུལ་ནི་དེ་ལྟ་བུ་ཡིན་ན་གལ་ཏེ་ཕ་རོལ་པོ་དག་འདོད་པ་ལྟར་རྒྱུ་དང་རྐྱེན་
རྣམས་ཀྱི་ཚོགས་པ་ཉིད་ལ་འབྲས་བུ་མེད་པར་གྱུར་ན་དེ་ལྟ་ན་རྒྱུ་དང་རྐྱེན་རྣམས་འབྲས་བུས་སྟོང་པའི་ཕྱིར་ཐ་སྙད་དུ་རྒྱུ་རྣམས་དང་རྐྱེན་དག་ཅེས་བརྗོད་པ་དེ་དག་ཀྱང་རིགས་མི་མཐུན་པ་འམ་མེད་པ་དག་གི་རྒྱུ་དང་རྐྱེན་མ་ཡིན་པར་བཏགས་པ་དག་དང་མཚུངས་པའི་སྐྱོན་དུ་ཐལ་བར་འགྱུར་བས་བསྒྲུབ་པར་བྱ་བ་དང་
སྒྲུབ་པའི་ཆོས་བསྟན་པའི་ཕྱིར། རྒྱུ་རྐྱེན་མ་ཡིན་མཚུངས་པར་འགྱུར། །ཞེས་བྱ་བ་འདིས་ནི་རྒྱུ་དང་རྐྱེན་རྣམས་ཀྱི་ཆོས་འབྲས་བུ་སྐྱེད་པ་མ་ཡིན་པ་ཉིད་དང་འབྲས་བུས་སྟོང་པ་ཉིད་ཡིན་པར་བསྟན་པས་ཞེས་བྱ་བ་སྨྲས་ཏེ། ཚིག་ལེའུར་བྱས་པའི་རྩ་བ་ཐ་མ་འདིས་ནི་གལ་ཏེ་ཕ་རོལ་པོ་དག་འདོད་པ་ལྟར་
རྒྱུ་དང་རྐྱེན་རྣམས་ཀྱི་ཚོགས་པ་ཉིད་ལ་འབྲས་བུ་མེད་པ་ཡིན་ན་བདག་ཅག་སངས་རྒྱས་པ་དག་གིས། ཀུན་རྫོབ་ཀྱི་ཐ་སྙད་དུ་རྒྱུ་དང་རྐྱེན་རྣམས་ཞེས་བརྗོད་པ་དེ་དག་ཀྱང་རྒྱུ་དང་རྐྱེན་རྣམས་མ་ཡིན་པར་ཐལ་བའི་སྐྱོན་དུ་འགྱུར་བར་བསྒྲུབ་པར་བྱ་བ་དང་སྒྲུབ་པའི་ཆོས་ནི་རྒྱུ་དང་རྐྱེན་རྣམས་འབྲས་བུ་བསྐྱེད་
པ་མ་ཡིན་པ་ཉིད་དང་། འབྲས་བུ་སྟོང་པ་ཉིད་ཡིན་པར་གོ་རིམས་བཞིན་དུ་བསྟན་པས་སོ། །དེ་ཉིད་བསྟན་པའི་ཕྱིར། འདིར་འབྲས་བུ་སྔ་ན་མེད་པར་སྨྲ་བ་དག་གི་ཕྱོགས་ལ་སྐབས་ཀྱི་དོན་ལ་ཕན་པའི་རྗེས་སུ་དཔག་པ་གསལ་བ་འདི་ལྟ་བུ་མངོན་ཏེ་ཞེས་བྱ་བ་སྨྲས་ཏེ། འདིར་བྱེ་བྲག་ཏུ་སྨྲ་བ་དང་། མདོ་
སྡེ་པ་དག་ལ་སོགས་པས་ས་བོན་ལ་སོགས་པ་ཚོགས་པ་ཉིད་ལ་འབྲས་བུ་མྱུ་གུ་ཞེས་བྱ་བ་ལ་སོགས་པ་སྔ་ན་མེད་པ་ལས་དོན་དམ་པར་སྐྱེ་བ་ཡོད་པར་སྨྲ་བ་དག་གི་ཕྱོགས་ལ་དབུ་མ་པས་རྒྱུ་དང་རྐྱེན་རྣམས་འབྲས་བུས་སྟོང་པའི་ཕྱིར་འབྲས་བུ་སྐྱེད་པ་མ་ཡིན་པས་རྒྱུ་དང་རྐྱེན་རྣམས་ཀྱང་རྒྱུ་རྐྱེན་མ་ཡིན་པ་དག་དང་
མཚུངས་པར་ཐལ་བའི་སྐྱོན་དུ་འགྱུར་རོ་ཞེས་བསྒྲུབ་པའི་སྐབས་ཀྱི་དོན་ལ་ཕན་པའི་རྗེས་སུ་དཔག་པ་གསལ་བ་འདི་ལྟ་བུ་མངོན་ཏེ་ཞེས་བྱ་བར་སྦྱར་རོ། །སྐབས་ཀྱི་དོན་ལ་ཕན་པའི་རྗེས་སུ་དཔག་པས་གསལ་བ་དེ་ཉིད་བསྟན་པའི་ཕྱིར། དོན་དམ་པར་ས་བོན་ལ་སོགས་པ་རྒྱུ་དང་རྐྱེན་རྣམས་ནི་འབྲས་བུ་སྐྱེད་

པ་མ་ཡིན་པ་ཉིད་ཡིན་པར་ཤེས་པར་བྱ་སྟེ། འབྲས་བུ་སྟོང་པ་ཉིད་ཡིན་པའི་ཕྱིར་དཔེར་ན་རྒྱུ་དང་རྐྱེན་མ་ཡིན་པ་དག་བཞིན་ནོ་ཞེས་སྨྲས་ཏེ། དེ་དག་ནི་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་རིགས་མི་མཐུན་
པའམ་མེད་པ་པ་དག་གིས་རྒྱུ་དང་རྐྱེན་མ་ཡིན་པར་བཏགས་པ་དག་ནི་འབྲས་བུ་སྟོང་པ་ཉིད་ཡིན་པའི་ཕྱིར་དོན་དམ་པར་འབྲས་བུ་སྐྱེད་པ་མ་ཡིན་པ་ཉིད་ཡིན་པར་ཤེས་པར་བྱ་བ་དེ་བཞིན་དུ་ས་བོན་ལ་སོགས་པ་རྒྱུ་དང་རྐྱེན་རྣམས་ཀྱང་འབྲས་བུས་སྟོང་པ་ཉིད་ཡིན་པའི་ཕྱིར་དོན་དམ་པར་འབྲས་བུ་སྐྱེད་པ་མ་ཡིན་པ་ཉིད་
ཡིན་པར་ཤེས་པར་བྱ་སྟེ། དེས་ན་གལ་ཏེ་ས་བོན་ལ་སོགས་པ་རྒྱུ་དང་རྐྱེན་རྣམས་དོན་དམ་པར་འབྲས་བུས་སྟོང་པ་ཉིད་ཡིན་པའི་ཕྱིར་འབྲས་བུ་སྐྱེད་པ་མ་ཡིན་པ་ཉིད་ཡིན་ན་བདག་ཅག་སངས་རྒྱས་པ་དག་གིས། ཀུན་རྫོབ་ཀྱི་ཐ་སྙད་དུ་རྒྱུ་དང་རྐྱེན་རྣམས་ཞེས་བྱ་བ་དེ་དག་ཀྱང་རྒྱུ་དང་རྐྱེན་རྣམས་མ་ཡིན་པར་
ཐལ་བའི་སྐྱོན་དུ་འགྱུར་བས་ས་བོན་ལ་སོགས་པ་ཚོགས་པ་ཉིད་ལ་འབྲས་བུ་མྱུ་གུ་ཞེས་བྱ་བ་ལ་སོགས་པ་ཡོད་པ་མ་ཡིན་པ་ལས་སྐྱེ་བར་འདོད་པ་དེ་རིགས་པ་མ་ཡིན་ནོ། །གལ་ཏེ་འབྲས་བུ་ནི་རྒྱུ་དང་རྐྱེན་རྣམས་ཀྱིས་བསྐྱོད་པར་བྱ་བ་ཉིད་ཡིན་ཏེ། རྒྱུ་དང་རྐྱེན་ངེས་པ་ཉིད་ལས་འབྲས་བུ་སྐྱེ་བའི་
ཕྱིར་རོ་ཞེ་ན་ཞེས་བྱ་བ་ནི་ཕ་རོལ་པོ་དག་སྔར་དབུ་མ་པས་གལ་ཏེ་ས་བོན་ལ་སོགས་པ་ཚོགས་པ་ཉིད་ལ་འབྲས་བུ་མྱུ་གུ་ཞེས་བྱ་བ་ལ་སོགས་པ་དག་ཡོད་པ་མ་ཡིན་པ་མ་ཡིན་ན་དེ་དག་འབྲས་བུ་སྟོང་པ་ཉིད་ཡིན་པའི་ཕྱིར་རྒྱུ་དང་རྐྱེན་རྣམས་ཀྱང་རྒྱུ་དང་རྐྱེན་མ་ཡིན་པ་དག་དང་མཚུངས་པར་ཐལ་
བའི་སྐྱོན་དུ་འགྱུར་རོ་ཞེས་བཤད་པ་དེ་ལ་ཕྱིར་བཟློག་པའི་ཚིག་ཡིན་ཏེ། དེ་དག་ནི་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དེ་དག་ན་རེ་འདི་ལྟར་རྒྱུ་དང་རྐྱེན་ངེས་པ་དག་མཐོང་སྟེ། ནས་ཀྱི་ས་བོན་ལས་ཀྱང་ནས་ཀྱི་མྱུ་གུ་ཉིད་
སྐྱེའི་འབྲས་ཀྱི་མྱུ་གུ་མི་སྐྱེ་ལ། རྒྱུ་སྤུན་དག་ལས་ཀྱང་སྣམ་བུ་ཉིད་འབྱུང་གི་བུམ་པ་མི་འབྱུང་བས་དེ་ལྟར་གང་གི་ཕྱིར་རྒྱུ་དང་རྐྱེན་ངེས་པ་ཉིད་ལས་འབྲས་བུ་སྐྱེ་བ་དེའི་ཕྱིར་འབྲས་བུ་ནི་རྒྱུ་དང་རྐྱེན་རྣམས་ཀྱིས་བསྐྱེད་པར་བྱ་བ་ཡིན་པས་རྒྱུ་དང་རྐྱེན་ངེས་པ་རྣམས་འབྲས་བུས་མི་སྟོང་པའི་ཕྱིར། རྒྱུ་དང་

རྐྱེན་རྣམས་རྒྱུ་དང་རྐྱེན་མ་ཡིན་པ་དག་དང་མཚུངས་པར་ཐལ་བའི་སྐྱོན་དུ་མི་འགྱུར་རོ་ཞེས་ཟེར་རོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས། དེས་ཀྱང་མི་ནུས་ཏེ། རྗེས་སུ་འགྲོ་བ་མེད་པའི་ཕྱིར་དང་། བརྒལ་ཞིང་བརྟགས་པ་མཚུངས་པར་ཉེ་བར་གནས་
པའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། ཕ་རོལ་པོ་དག་གི་གཏན་ཚིགས་རྒྱུ་དང་རྐྱེན་ངེས་པ་ཉིད་ལས་འབྲས་བུ་སྐྱེ་བའི་ཕྱིར་རོ་ཞེས་བྱ་བ་དེས་ཀྱང་རྒྱུ་དང་རྐྱེན་འབྲས་བུས་སྟོང་པ་རྣམས་རྒྱུ་དང་རྐྱེན་མ་ཡིན་པ་དག་དང་མཚུངས་པར་ཐལ་བར་འགྱུར་བའི་སྐྱོན་བཟློག་པར་མི་ནུས་
ཏེ། ཅིའི་ཕྱིར་ཞེ་ན། ཕ་རོལ་པོ་དག་ལ་རྒྱུ་དང་རྐྱེན་རྣམས་འབྲས་བུས་སྟོང་ཡང་། དོན་དམ་པར་རྒྱུ་དང་རྐྱེན་ངེས་པ་ཉིད་ལས་འབྲས་བུ་སྐྱེ་བའི་ཕྱིར། རྒྱུ་དང་རྐྱེན་མ་ཡིན་པ་དག་དང་མཚུངས་པར་ཐལ་བའི་སྐྱོན་དུ་མི་འགྱུར་ཏེ། དཔེར་ན་ཆེ་གེ་མོ་ཞིག་བཞིན་ནོ་
ཞེས་གཏན་ཚིགས་ཀྱི་རྗེས་སུ་འགྲོ་བའི་དཔེ་མེད་པའི་ཕྱིར་དང་། གལ་ཏེ་རྒྱུ་དང་རྐྱེན་ངེས་པ་ཉིད་ལས་འབྲས་བུ་སྐྱེ་བར་རྟོགས་ན་རྒྱུ་དང་རྐྱེན་རྣམས་ཀྱི་ཚོགས་པ་ཉིད་ལ་འབྲས་བུ་དེ་ཡོད་པའམ། མེད་པ་ལས་སྐྱེ་བར་འགྱུར་གྲང་ན། གཉི་ག་ལས་ཀྱང་དེའི་སྐྱེ་བ་མི་འཐད་དེ།
སྔར། གལ་ཏེ་རྒྱུ་དང་རྐྱེན་རྣམས་ཀྱི། །ཚོགས་པ་ཉིད་ལས་སྐྱེ་འགྱུར་ན། །ཚོགས་ལ་འབྲས་བུ་ཡོད་ན་ནི། །ཇི་ལྟར་ཚོགས་པ་ཉིད་ལས་སྐྱེ། །གལ་ཏེ་རྒྱུ་དང་རྐྱེན་རྣམས་ཀྱི། །ཚོགས་པ་ཉིད་ལས་སྐྱེ་འགྱུར་ན། །ཚོགས་ལ་འབྲས་བུ་མེད་ན་ནི། །ཇི་ལྟར་ཚོགས་པ་ཉིད་
ལས་སྐྱེ། །ཞེས་བསྟན་པ་དག་དང་བརྒལ་ཞིང་བརྟག་པ་མཚུངས་པར་ཉེ་བར་གནས་པའི་ཕྱིར་དེས་ཀྱང་མི་ནུས་སོ། །གལ་ཏེ་ནས་ཀྱི་ས་བོན་ལས་ནས་ཀྱི་མྱུ་གུ་སྐྱེ་བར་མཐོང་བས་མཐོང་བ་ལ་གཏན་ཚིགས་ཀྱི་དོན་མེད་དོ་ཞེ་ན་ཞེས་བྱ་བ་ནི། ཕ་རོལ་པོ་དག་ན་རེ། གང་གི་ཚེ་མངོན་སུམ་
ཉིད་དུ་ནས་ཀྱི་ས་བོན་ལས་ནས་ཀྱི་མྱུ་གུ་སྐྱེའི། འབྲས་ཀྱི་མྱུ་གུ་མི་སྐྱེ་བ་དེའི་ཚེ་མངོན་སུམ་ལ་གཏན་ཚིགས་ཀྱི་ཚིག་གི་དོན་མེད་པས་དེ་ལ་གཏན་ཚིགས་བཙལ་མི་དགོས་སོ་ཞེས་ཟེར་བའི་ཚིག་ཡིན་ནོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས་

ཐ་སྙད་ཀྱི་ཁོངས་སུ་གཏོགས་པའི་བློས་མྱུ་གུ་སྐྱེ་བ་དང་། དེ་བཞིན་དུ་རྒྱུ་དང་རྐྱེན་ངེས་པ་དང་འབྲས་བུ་སྐྱེ་བར་མཐོང་བ་ནི་བདེན་ནོ། །དོན་དམ་པར་ནི་མ་མཐོང་སྟེ། དོན་དམ་པར་དེའི་སྐྱེ་བ་མ་གྲུབ་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། ཀུན་རྫོབ་ཀྱི་ཐ་སྙད་ཀྱི་ཁོངས་སུ་
གཏོགས་པའི་བློས་མྱུ་གུ་སྐྱེ་བར་མཐོང་བ་དང་། རྒྱུ་དང་རྐྱེན་ངེས་པར་མཐོང་བ་ལ་འབྲས་བུ་ངེས་པར་སྐྱེ་བར་མཐོང་བ་ནི་བདེན་ནོ། །དོན་དམ་པར་གང་ངེས་པར་སྣང་བ་དེ་ཡང་རྒྱུ་དང་རྐྱེན་རྣམས་ལས་འབྲས་བུ་ཡོད་ན་འཐད་ཀྱི། མེད་ན་མི་འཐད་ཀྱི་དེའི་ཕྱིར་ཕ་རོལ་པོ་དག་འདོད་པ་ལྟར། རྒྱུ་དང་རྐྱེན་
རྣམས་ཀྱི་ཚོགས་པ་ཉིད་ལས་འབྲས་བུ་སྐྱེའོ་ཞེས་བྱ་བ་དེ་དོན་དམ་པར་མ་གྲུབ་པའི་ཕྱིར་གལ་ཏེ་རྒྱུ་དང་རྐྱེན་རྣམས་ལ་འབྲས་བུ་མེད་ན་རྒྱུ་དང་རྐྱེན་མ་ཡིན་པ་དག་དང་མཚུངས་པར་ཐལ་བའི་སྐྱོན་དུ་འགྱུར་བས་དེའི་ཕྱིར་མེད་པ་མི་སྐྱེའོ་ཞེས་སྨྲའོ། །དེའི་ཕྱིར་དེ་ལྟར་ཡོངས་སུ་བརྟགས་ན་འབྲས་བུ་འགྲུབ་པ་མི་འཐད་
པས་འབྲས་བུ་འགྲུབ་པའི་རྒྱུ་ཡིན་པའི་ཕྱིར་རོ་ཞེས་བྱ་བའི་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་དང་རྗེས་སུ་འགྲོ་བ་ཡང་མེད་དོ་ཞེས་བྱ་བ་ནི་མཇུག་བསྡུ་བ་དང་ཚད་མའི་འབྲས་བུ་ཡིན་ཏེ། དེ་ལྟར་ཡོངས་སུ་བརྟགས་ན་བྱེ་བྲག་པ་དང་གྲངས་ཅན་དག་རྒྱུ་དང་རྐྱེན་རྣམས་ཀྱི་ཚོགས་པ་ཉིད་ལ་འབྲས་བུ་སྔ་ན་ཡོད་པ་ལས་
སྐྱེ་བ་དང་། བྱེ་བྲག་ཏུ་སྨྲ་བ་དང་། མདོ་སྡེ་པ་དག་རྒྱུ་དང་རྐྱེན་རྣམས་ཀྱི་ཚོགས་པ་ཉིད་ལ་འབྲས་བུ་སྔ་ན་མེད་པ་ལས་སྐྱེ་བར་འདོད་པའི་ཕྱོགས་གཉིས་ཀ་ལ་འབྲས་བུ་འགྲུབ་པ་མི་འཐད་པས་སྔར་ཕ་རོལ་པོ་དག་ན་རེ་དོན་དམ་པར་དུས་ནི་ཡོད་པ་ཁོ་ནར་ཤེས་པར་བྱ་སྟེ། འབྲས་བུ་འགྲུབ་པའི་རྒྱུ་ཡིན་པའི་ཕྱིར་རོ་ཞེས་
ཟེར་བའི་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་དང་གཏན་ཚིགས་ཀྱི་རྗེས་སུ་འགྲོ་བའི་དཔེ་ཡང་མེད་པས་ཕ་རོལ་པོའི་སྒྲུབ་པ་མ་གྲུབ་བོ། །ཡང་གཞན་ཡང་འབྲས་བུ་སྔ་ན་མེད་པར་སྨྲ་བ་རྣམས་ཀྱི་རྒྱུས་འབྲས་བུ་ལ་རྒྱུ་བྱིན་ནས་འགག་པར་འགྱུར་རམ། འོན་ཏེ་མ་བྱིན་པར་འགག་པར་འགྱུར་ཞེས་བྱ་བས་ནི་ཡང་
ན་གཞན་ཡང་བྱེ་བྲག་ཏུ་སྨྲ་བ་དང་མདོ་སྡེ་པ་དག་གི་ལུང་ལས་རྒྱུས་འབྲས་བུ་སྐྱེད་པར་བྱེད་དོ་ཞེས་འབྱུང་བ་དེ་རྒྱུས་འབྲས་བུ་ལ་རྒྱུ་བྱིན་ནས་འགག་པར་འགྱུར་རམ། འོན་ཏེ་མ་བྱིན་པར་འགག་པར་འགྱུར་ཞེས་བརྟགས་པ་རྣམ་པ་གཉིས་སྟོན་ཏོ། །དེས་ཅིར་འགྱུར་ཞེས་བྱ་བ་ནི་ཕ་རོལ་པོ་དག་གི་འདྲི་བའི་ཚིག་ཡིན་

ནོ། །དེ་ལ་རེ་ཞིག་བརྟགས་པ་དང་པོ་མི་འཐད་པར་བསྟན་པའི་ཕྱིར། གལ་ཏེ་རྒྱུས་ནི་འབྲས་བུ་ལ། །རྒྱུ་བྱིན་ནས་ནི་འགག་འགྱུར་ན། །གང་བྱིན་པ་དང་གང་འགགས་པའི། །རྒྱུ་ཡི་བདག་ཉིད་གཉིས་སུ་འགྱུར། །ཞེས་བྱ་བ་སྨྲས་ཏེ་གལ་ཏེ་རྒྱུས་འབྲས་བུ་ལ་རང་གི་ནུས་པ་ཕུལ་ནས་འགག་
པར་འགྱུར་ན་གང་བྱིན་པ་དང་གང་འགག་པའི་རྒྱུའི་བདག་ཉིད་གཉིས་སུ་འགྱུར་བས་དེ་ནི་ཐ་སྙད་དུ་ཡང་མི་འདོད་དོ། །དེ་ཉིད་བྱེ་བྲག་ཏུ་བཤད་པ་བསྟན་པའི་ཕྱིར། གལ་ཏེ་རྒྱུས་འབྲས་བུ་ལ་རྒྱུའི་ནུས་པ་ཕུལ་ནས་འགག་པར་འགྱུར་ན་གང་བྱིན་པ་དང་གང་འགག་པའི་རྒྱུའི་བདག་ཉིད་གཉིས་སུ་འགྱུར་ཏེ།
བྱིན་པ་དང་འགག་པའི་རྒྱུའི་བདག་ཉིད་ཐ་དད་པའི་ཕྱིར་རོ། །དེ་ནི་ཐ་སྙད་དུ་ཡང་མི་འདོད་དོ་ཞེས་བྱ་བ་སྨྲས་སོ། །ད་ནི་ཡང་འཇིག་རྟེན་ན་རྒྱུ་དང་འབྲས་བུར་འབྲེལ་པའི་ཚུལ་ནི་རྟེན་ཅིང་འབྲེལ་བར་འབྱུང་བའི་འབྲས་བུ་ལ་སོགས་པ་གྲོགས་བྱེད་པའི་རྐྱེན་ཁམས་དྲུག་ལ་སོགས་པས་ཕན་བཏགས་ན་འབྲས་བུ་སྐྱེད་པར་ནུས་
པ་ཡིན་པས་དེའི་རྐྱེན་གྱིས་ཀུན་རྫོབ་ཏུ་འབྲས་བུ་སྐྱེ་བར་འགྱུར་བ་ཡིན་ན་གལ་ཏེ་ཕ་རོལ་པོ་དག་འདོད་པ་ལྟར་རྒྱུ་དང་རྐྱེན་རྣམས་ཀྱི་ཚོགས་པ་ཉིད་ལ་ཀུན་རྫོབ་ཏུ་ཡང་འབྲས་བུ་སྔ་ན་མེད་པར་འགྱུར་ན་རྒྱུས་ནུས་པ་དབུལ་ཞིང་བཞག་པའི་ཁྱད་པར་གྱི་གཞི་མེད་པ་ལ་ནུས་པ་དབུལ་དུ་མི་རུང་བས་རྒྱུས་འབྲས་བུ་ལ་རྒྱུ་བྱིན་ནས་
འགག་པར་འགྱུར་བ་མི་འཐད་པར་བསྟན་པའི་ཕྱིར། འདི་ལྟར་རྟེན་ཅིང་འབྲེལ་པར་འབྱུང་བའི་རྒྱུ་ནི་འབྲས་བུ་ལ་སོགས་པ་གྲོགས་བྱེད་པས་ཕན་བཏགས་ན་འབྲས་བུ་སྐྱེད་པར་ནུས་པ་ཡིན་པས་དེའི་རྐྱེན་གྱིས་འབྲས་བུ་སྐྱེ་བར་འགྱུར་བ་ཡིན་ན་འབྲས་བུ་མེད་པ་བཞག་པའི་ཁྱད་པར་གྱི་གཞི་མེད་པ་ལ་
ནུས་པ་དབུལ་དུ་མི་རུང་ངོ་ཞེས་བྱ་བ་སྨྲས་སོ། །དེ་ལྟར་རྒྱུས་འབྲས་བུ་ལ་ནུས་པ་ཕུལ་ནས་འགག་པར་འགྱུར་བ་མ་ཡིན་པས་ཆོས་ཐམས་ཅད་ལ་རྒྱུ་འབྲས་བུའི་གནས་སུ་འཕོ་བ་མེད་པར་བསྟན་པའི་ཕྱིར། དེའི་ཕྱིར་འདུ་བྱེད་རྣམས་ལ་འཕོ་བ་མེད་དེ་འདྲ་བ་ལས་དེ་ལྟར་འཁྲུལ་ལོ་ཞེས་བྱ་བ་སྨྲས་ཏེ།
དེའི་ཕྱིར་འཕགས་པ་སྲིད་པ་འཕོ་བ་ལ་སོགས་པའི་མདོ་ལས། འཇིག་རྟེན་འདི་ནས་འཇིག་རྟེན་ཕ་རོལ་དུ་འགའ་ཡང་འགྲོ་བར་མི་འགྱུར་ཏེ། ཀུན་རྫོབ་ཏུ་ཤི་འཕོ་དང་སྐྱེ་བར་མངོན་པ་ནི་སྐད་ཅིག་མའི་རྒྱུན་འདྲ་བ་ལས་དེ་ལྟར་འཁྲུལ་ཏེ་རྒྱུ་དང་གཟུགས་བརྙན་བཞིན་ནོ་ཞེས་གསུངས་སོ། །ཉན་

ཐོས་ཀྱི་ཐེག་པ་ལས་ཀྱང་དཔེར་ན་འཇིམ་པའི་གོང་བུ་ལེགས་པར་བྱས་པ་ལས་རྒྱས་བཏབ་པའི་འབུར་སྣང་བ་ནི་རྒྱ་ཉིད་དེར་འཕོས་པ་མེད་མོད་ཀྱི་འདྲ་བའི་རྒྱུན་གྱིས་འབུར་གྱི་གཟུགས་བརྙན་སྣང་བ་བཞིན་དུ་སེམས་ཀྱང་དེ་བཞིན་ནོ་ཞེས་འབྱུང་ངོ་། །དེའི་ཕྱིར་སློབ་དཔོན་གྱི་ཞལ་སྔ་ནས་ཀྱི་རྟེན་
ཅིང་འབྲེལ་པར་འབྱུང་བའི་སྙིང་པོ་ལས་ཀྱང་འགྲོ་བ་ཐམས་ཅད་རྒྱུ་དང་འབྲས་བུ་སྟེ། འདི་ལ་སེམས་ཅན་ཞེས་བྱ་བ་གཞན་གང་ཡང་མེད་དོ། །ཆོས་སྟོང་པ་ཁོ་ན་དག་ལས་སྟོང་པའི་ཆོས་རྣམས་འབྱུང་སྟེ། རྒྱ་དང་མེ་ལོང་དང་ཤེལ་སྒོང་དང་ཁ་དོན་དང་སྐྱུར་གྱི་དཔེས་ཕུང་པོའི་ཉིང་མཚམས་སྦྱོར་བ་ལ་འཕོ་བ་
མེད་པར་མཁས་པ་རྣམས་ཀྱིས་རྟོགས་པར་བྱའོ་ཞེས་གསུངས་པ་རྒྱུས་འབྲས་བུ་ལ་རྒྱུ་བྱིན་ནས་འགག་པར་འགྱུར་བ་མ་ཡིན་པར་ཤེས་པར་བྱའོ། །ད་ནི་བརྟག་པ་གཉིས་པ་མི་འཐད་པར་བསྟན་པའི་ཕྱིར། འོན་ཏེ་མ་བྱིན་པར་འགག་པར་འགྱུར་ན། དེ་ལྟར་ན། གལ་ཏེ་རྒྱུས་ནི་འབྲས་བུ་ལ། །རྒྱུ་མ་བྱིན་
པར་འགག་འགྱུར་ན། །རྒྱུ་འགག་པ་ན་སྐྱེས་པ་ཡི། །འབྲས་བུ་དེ་ནི་རྒྱུ་མེད་འགྱུར། །ཞེས་བྱ་བ་སྨྲས་ཏེ། གལ་ཏེ་རྒྱུས་འབྲས་བུ་ལ་རང་གི་ནུས་པ་མ་ཕུལ་བར་འགག་པར་འགྱུར་ན་རྒྱུ་འགག་པ་ན་སྐྱེས་པའི་འབྲས་བུ་དེ་རྒྱུ་མེད་པ་ལས་འབྱུང་བར་འགྱུར་བས་དེ་ཡང་ཐ་སྙད་དུ་མི་འདོད་དོ། །དེ་ཉིད་ཀྱི་བྱེ་བྲག་
ཏུ་བཤད་པ་བསྟན་པའི་ཕྱིར། འབྲས་བུ་རྒྱུ་མེད་པ་ལས་འབྱུང་བར་ནི་མི་འདོད་པས་ཞེས་བྱ་བ་སྨྲས་སོ། །དེ་ཉིད་ཀྱི་ཚད་མ་བསྟན་པའི་ཕྱིར། དེའི་ཕྱིར་ཡང་རྒྱུ་འགག་པ་ནི་འབྲས་བུ་སྐྱེད་པར་མི་བྱེད་དེ། འགག་པའི་ཕྱིར་འགགས་ནས་ཡུན་རིང་དུ་ལོན་པ་བཞིན་ནོ་ཞེས་བྱ་བ་སྨྲས་ཏེ། དེ་དག་ནི་
ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་འགགས་ནས་ཡུན་རིང་དུ་ལོན་པ་ནི་འགག་པའི་ཕྱིར་འབྲས་བུ་སྐྱེད་པར་མི་བྱེད་པ་དེ་བཞིན་དུ་རྒྱུ་འགགས་མ་ཐག་པ་ཡང་འགག་པའི་ཕྱིར་འབྲས་བུ་སྐྱེད་པར་མི་བྱེད་དོ། །
འདི་ལ་འགལ་བར་སྒྲུབ་པ་མེད་པས་དོན་འདི་གཞན་ལ་བསྟན་པར་བྱ་མི་དགོས་སོ་ཞེས་བྱ་བ་ནི་འབྲས་བུ་རྒྱུ་མེད་པ་ལས་འབྱུང་བར་མི་འདོད་པ་འདི་ལ་གཞན་དག་འགལ་བར་སྒྲུབ་པ་མེད་པས་དོན་འདི་ལ་བརྒལ་བ་དང་ལན་གདབ་པ་དག་གཞན་ལ་བསྟན་པར་བྱ་མི་དགོས་སོ་ཞེས་བྱ་བའི་ཐ་ཚིག་གོ། །གལ་ཏེ་

ཚོགས་པ་ཉིད་དང་ལྷན་ཅིག་སྐྱེ་བཞིན་པས་འབྲས་བུ་སྐྱེད་པར་བྱེད་དེ། དཔེར་ན་མར་མེ་དང་འོད་བཞིན་ནོ་ཞེས་བྱ་བ་ནི་ཕ་རོལ་པོ་དག་ན་རེ་འབྲས་བུ་མ་སྐྱེས་པས་རྒྱུའི་ནུས་པ་འཛིན་པར་མི་ནུས་པ་དང་རྒྱུ་དང་འགལ་བས་འབྲས་བུ་སྐྱེད་པར་མི་བྱེད་པ་ནི་བདེན་མོད་ཀྱི། འོན་ཀྱང་འབྲས་བུ་དང་རྒྱུ་དང་རྐྱེན་གྱི་ཚོགས་པ་ཉིད་
ལྷན་ཅིག་སྐྱེ་བཞིན་པས་འབྲས་བུ་སྐྱེད་པར་བྱེད་དེ། དཔེར་ན་མར་མེ་དང་འོད་གཉིས་དུས་གཅིག་པ་ཉིད་ཡིན་ཡང་རྒྱུ་དང་འབྲས་བུ་ཉིད་ཡིན་པ་བཞིན་དུ་སྐྱེད་པ་དང་བསྐྱེད་པ་དག་ཀྱང་དེ་བཞིན་ནོ་ཞེས་ཟེར་བའི་ཚིག་ཡིན་ནོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས། དེའི་ཕྱིར་བཤད་པ།
གལ་ཏེ་ཚོགས་དང་ལྷན་ཅིག་ཏུ། །འབྲས་བུ་ཡང་ནི་སྐྱེ་འགྱུར་ན། །སྐྱེད་པ་དང་ནི་གང་བསྐྱེད་པ། །དུས་གཅིག་པར་ནི་ཐལ་བར་འགྱུར། །ཞེས་བྱ་བ་སྨྲས་ཏེ། གལ་ཏེ་ཚོགས་པ་ཉིད་དང་ལྷན་ཅིག་ཏུ་འབྲས་བུ་སྐྱེ་བར་གྱུར་ན་དེ་ལྟ་ནི་སྐྱེད་པ་དང་གང་བསྐྱེད་པ་དག་དུས་གཅིག་པར་ཐལ་བའི་སྐྱོན་དུ་འགྱུར་
བས་དེ་ཡང་མི་འདོད་དོ། །དེ་ཉིད་བྱེ་བྲག་ཏུ་བཤད་པ་བསྟན་པའི་ཕྱིར། སྐྱེད་པ་དང་བསྐྱེད་པ་ཕ་དང་བུ་ལྟ་བུ་དག་དུས་གཅིག་དུ་འབྱུང་བ་ཉིད་དེ་ནི་མི་འདོད་དོ་ཞེས་བྱ་བ་སྨྲས་སོ། །འོ་ན་ཇི་ལྟར་འདོད་ཅེ་ན། དུས་ཐ་དད་པ་ཉིད་དུའོ་ཞེས་བྱ་བས་ནི་ཀུན་རྫོབ་ཏུ་རྒྱུ་ནི་སྔ་ལ་འབྲས་བུ་ནི་འཕྱི་བའི་ཚུལ་གྱིས་སྔོན་མ་
བྱུང་བ་ལས་འབྱུང་བ་ཉིད་དུ་འདོད་དོ་ཞེས་བསྟན་ཏོ། །སྐྱེད་པ་དང་བསྐྱེད་པ་ཉིད་དག་ལ་རྒྱུ་དང་འབྲས་བུ་དག་ཡོད་པས་དེའི་རྗེས་སུ་དཔག་པར་ནུས་ཏེ་ཞེས་བྱ་བས་ནི་རྒྱུ་དང་འབྲས་བུ་དག་དུས་གཅིག་ཏུ་མི་འབྱུང་བའི་རྗེས་སུ་དཔག་པ་སྟོན་ཏོ། །དེའི་ཕྱིར། འབྲས་བུ་དང་ཚོགས་པ་ཉིད་ནི་ལྷན་ཅིག་མི་སྐྱེ་སྟེ།
བསྐྱེད་པ་དང་སྐྱེད་པ་ཡིན་པའི་ཕྱིར་དཔེར་ན་བུ་དང་ཕ་བཞིན་ནོ་ཞེས་བྱ་བ་སྨྲས་ཏེ། དེ་དག་ནི་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་བུ་དང་ཕ་ནི་བསྐྱེད་པ་དང་སྐྱེད་པ་ཡིན་པའི་ཕྱིར་ལྷན་ཅིག་མི་སྐྱེ་བ་དེ་བཞིན་དུ་འབྲས་བུ་
དང་ཚོགས་པ་ཉིད་ཀྱང་བསྐྱེད་པ་དང་སྐྱེད་པ་ཡིན་པའི་ཕྱིར་ལྷན་ཅིག་མི་སྐྱེའོ། །ཚོགས་པ་སྔ་མའི་དབང་གིས་མར་མེ་འོད་དང་བཅས་པ་ཐ་སྙད་པར་འབྱུང་བའི་ཕྱིར་མར་མེ་དང་འོད་དག་རྒྱུ་དང་འབྲས་བུའི་དངོས་པོ་མ་ཡིན་ཏེ། དགག་པ་རྒྱས་པར་སྔར་བསྟན་པའི་ཕྱིར་དེ་ནི་བཟང་པོ་མ་ཡིན་ནོ་ཞེས་བྱ་བ་ནི་སྔར་ཕ་

རོལ་པོ་དག་ན་རེ་དཔེར་ན་མར་མེ་དང་འོད་གཉིས་དུས་གཅིག་པ་ཉིད་ཡིན་ཡང་རྒྱུ་དང་འབྲས་བུ་ཉིད་ཡིན་པ་བཞིན་དུ་སྐྱེད་པ་དང་བསྐྱེད་པ་དག་ཀྱང་དེ་བཞིན་ནོ་ཞེས་ཟེར་བའི་དཔེ་མར་མེ་དང་འོད་དག་རྒྱུ་དང་འབྲས་བུ་ཡང་མ་ཡིན་ལ། ལྷན་ཅིག་དང་ལྷན་ཅིག་མ་ཡིན་པར་ཡང་མི་འགྲུབ་པར་སྟོན་ཏེ། མར་མེ་དང་འོད་
དག་ནི་འབྲུ་མར་དང་སྙིང་པོ་དང་ཀོང་བུ་ལ་སོགས་པ་སྔ་མའི་དབང་གིས་མར་མེ་འོད་དང་བཅས་པ་ཐ་སྙད་དུ་འབྱུང་བའི་ཕྱིར་མར་མེ་དང་འོད་དག་རྒྱུ་དང་འབྲས་བུའི་དངོས་པོ་ཡང་མ་ཡིན་ལ། དེ་དག་ལྷན་ཅིག་དང་ལྷན་ཅིག་མ་ཡིན་པར་ཡང་མི་འགྲུབ་པར་དགག་པ་ཡང་སྔར་འདོད་ཆགས་དང་ཆགས་པ་བརྟག་པའི་སྐབས་སུ།
དེ་ལྟར་འདོད་ཆགས་ཆགས་པ་དག །ལྷན་ཅིག་ལྷན་ཅིག་མིན་མི་འགྲུབ། །འདོད་ཆགས་བཞིན་དུ་ཆོས་རྣམས་ཀུན། །ལྷན་ཅིག་ལྷན་ཅིག་མིན་མི་འགྲུབ། །ཅེས་རྒྱས་པར་བསྟན་ཟིན་པའི་ཕྱིར་མར་མེ་དང་འོད་དག་རྒྱུ་དང་འབྲས་བུ་ཡིན་པ་དང་། དེ་དག་ལྷན་ཅིག་ཏུ་འབྱུང་བ་བཞིན་དུ་བསྐྱེད་པ་དང་སྐྱེད་པ་
དག་ལྷན་ཅིག་ཉིད་དུ་འབྱུང་བར་འདོད་པ་དེ་ནི་བཟང་པོ་མ་ཡིན་ནོ། །གང་དག་འབྲས་བུ་སྔར་སྐྱེད་པ་ཉིད་ཚོགས་པ་ཉིད་ཀྱིས་གསལ་བར་བྱེད་དོ་ཞེས་ཟེར་བ་དེ་དག་གི་ཕྱིར་འདིར་བཤད་དེ་ཞེས་བྱ་བ་ནི་གྲངས་ཅན་དག་ལས་ནུས་པ་དང་གསལ་བ་སྨྲ་བ་དག་གི་གཞུང་ལས་རྒྱུ་ལ་འབྲས་བུ་ནུས་པའི་ཚུལ་དུ་སྔ་ན་ཡོད་པ་
ཉིད་ཕྱིས་རྐྱེན་གྱི་ཚོགས་པ་ཉིད་ཀྱིས་གསལ་བར་བྱེད་དེ། དཔེར་ན་མུན་ཁུང་ན་བུམ་པ་སྔ་ན་ཡོད་པ་ཉིད་མར་མེས་གསལ་བར་བྱེད་པ་བཞིན་ནོ་ཞེས་ཟེར་བ་དེ་དག་གི་གཞུང་དགག་པའི་ཕྱིར་ཚིག་ལེའུར་བྱས་པ་འོག་མ་འདི་བཤད་དེ་ཞེས་སྟོན་ཏོ། །དེ་ཉིད་བསྟན་པའི་ཕྱིར། གལ་ཏེ་ཚོགས་པའི་སྔ་རོལ་དུ། །
འབྲས་བུ་སྐྱེས་པར་གྱུར་ན་ནི། །གལ་ཏེ་རྒྱུ་དང་རྐྱེན་རྣམས་ཀྱི་ཚོགས་པ་ཉིད་ཀྱི་སྔ་རོལ་དུ་རྒྱུ་དང་རྐྱེན་དེ་དག་མེད་པར་འབྲས་བུ་དེ་ཡོད་པར་གྱུར་ནའོ་ཞེས་བྱ་བ་སྨྲས་ཏེ། དེས་ནི་ཕ་རོལ་པོ་དག་གི་གཞུང་བསྣན་པ་བསྟན་ཏེ་གྲངས་ཅན་དག་ལས་ནུས་པ་དང་གསལ་བ་སྨྲ་བ་དག་གི་གཞུང་ལས་རྒྱུ་ལ་འབྲས་བུ་
ནུས་པའི་ཚུལ་དུ་སྔ་ན་ཡོད་པ་ཉིད་ཕྱིས་རྐྱེན་གྱི་ཚོགས་པ་ཉིད་ཀྱིས་གསལ་བར་བྱེད་དོ་ཞེས་འབྱུང་བ་ལྟར་གྱུར་ནའོ། །ད་ནི་དེ་མི་འཐད་པར་བསྟན་པའི་ཕྱིར། དེ་ལྟ་ན། རྒྱུ་དང་རྐྱེན་རྣམས་མེད་པ་ཡི། །འབྲས་བུ་རྒྱུ་མེད་འབྱུང་བར་འགྱུར། །དེ་ཡང་མི་འདོད་དེ་ཞེས་བྱ་བ་སྨྲས་ཏེ། གལ་ཏེ་རྒྱུ་དང་

རྐྱེན་རྣམས་ཀྱི་ཚོགས་པ་ཉིད་ཀྱི་སྔ་རོལ་དུ་རྒྱུ་དང་རྐྱེན་དེ་དག་མེད་པར་འབྲས་བུ་དེ་ཡོད་པར་གྱུར་ན་དེ་ལྟ་ན་རྒྱུ་དང་རྐྱེན་རྣམས་མེད་པའི་སྔ་རོལ་དུ་སྐྱེས་པའི་འབྲས་བུ་དེ་རྒྱུ་མེད་པ་ལས་བྱུང་བའི་སྐྱོན་དུ་ཐལ་བར་འགྱུར་བས་དེ་ཡང་མི་འདོད་དོ། །དེའི་ཕྱིར་ཁོ་བོ་ཅག་ལ་འབྲས་བུ་ཡོད་པ་ཉིད་དུ་བསྒྲུབ་པར་བྱའི།
གསལ་བ་ཡོད་པ་ཉིད་དུ་ནི། རྗེས་སུ་དཔག་པར་མི་བྱ་སྟེ། །གསལ་བའི་ལན་བཏབ་ཟིན་པའི་ཕྱིར། །ཞེས་བྱ་བས་ནི་འདི་སྐད་བསྟན་ཏེ། དེ་ལྟར་འབྲས་བུ་རྒྱུ་མེད་པ་ལས་བྱུང་བ་དེ་ནི་སུ་ཡང་མི་འདོད་པས་ཁྱེད་ཅག་འབྲས་བུ་འགྲུབ་པའི་རྒྱུ་ཡིན་པའི་ཕྱིར་རོ་ཞེས་བྱ་བའི་གཏན་ཚིགས་ཀྱིས་དོན་དམ་པར་
དུས་ནི་ཡོད་པ་ཁོ་ནར་ཤེས་པར་བྱ་སྟེ་ཞེས་སྒྲུབ་པ་དེའི་ཕྱིར་ཁོ་བོ་ཅག་ལ་ཁྱེད་ཀྱིས་དོན་དམ་པར་འབྲས་བུ་འགྲུབ་པ་ཡོད་པ་ཉིད་དུ་བསྒྲུབས་ན་ཁྱེད་ཀྱི་གཏན་ཚིགས་ཀྱི་དོན་འགྲུབ་ཀྱང་སྲིད་ཀྱི། ཁྱེད་ཀྱི་གསལ་བ་ཡོད་པ་ཉིད་དུ་ནི་ད་རྗེས་སུ་དཔག་པར་མི་བྱ་སྟེ། ཁོ་བོ་ཅག་གིས་གསལ་བ་སྔར་བཀག་ཟིན་པའི་
ཕྱིར་རོ་ཞེས་བསྟན་ཏོ། །དེས་ན་ནུས་པ་ཡོད་ཅེས་བྱ་བ་ནི་རྒྱུ་མེད་པ་ལས་བྱུང་བའི་སྐྱོན་དུ་ཐལ་བར་འགྱུར་བས་མི་འདོད་ལ། གསལ་བ་ནི་སྔར་བཀག་ཟིན་པས་གྲངས་ཅན་དག་འབྲས་བུ་ནུས་པའི་ཚུལ་དུ་སྔར་སྐྱེས་པ་ཉིད་རྐྱེན་གྱི་ཚོགས་པ་ཉིད་ཀྱིས་གསལ་བར་བྱེད་དོ་ཞེས་ཟེར་བའི་གཞུང་མ་གྲུབ་པོ་ཞེས་
བྱ་བར་སྦྱར་རོ། །གྲངས་ཅན་དག་ལས་གཞན་དག་གིས་སྨྲས་པ། རྒྱུ་ཉིད་འགག་པ་འབྲས་བུའི་བདག་ཉིད་དུ་གནས་སོ་ཞེས་བྱ་བས་ནི་གྲངས་ཅན་དག་ལ་ཡོངས་སུ་འགྱུར་བར་སྨྲ་བ་དག་འབྲས་བུ་འགྲུབ་པ་ཡོད་པར་སྒྲུབ་པའི་གཞུང་ཡིན་ཏེ། དེ་དག་ན་རེ་དཔེར་ན་འོ་མ་ཉིད་འགག་པ་ཞོའི་བདག་ཉིད་དུ་
ཡོངས་སུ་འགྱུར་ཞིང་གནས་པ་དེ་བཞིན་དུ་རྒྱུ་ཉིད་འགག་པ་འབྲས་བུའི་བདག་ཉིད་དུ་ཡོངས་སུ་འགྱུར་ཞིང་གནས་པས་འབྲས་བུ་འགྲུབ་པ་ཡོད་པའི་ཕྱིར་ཁོ་བོ་ཅག་གི་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་ཀྱི་སྐྱོན་མེད་དོ་ཞེས་ཟེར་རོ། །དེ་སྐད་ཅེས་ཟེར་བ་དེ་དག་གི་ཡང་གལ་ཏེ་རྒྱུས་རྒྱུའི་ངོ་བོ་ཉིད་ཡོངས་སུ་
མ་སྤངས་པ་འགག་པ་འབྲས་བུའི་བདག་ཉིད་དུ་གནས་སམ། འོན་ཏེ་རྒྱུས་རྒྱུའི་ངོ་བོ་ཉིད་ཡོངས་སུ་སྤངས་པའི་འགག་པ་འབྲས་བུའི་བདག་ཉིད་དུ་གནས་པར་རྟོག་གྲང་ན། གཉི་ག་ཡང་མི་འཐད་པར་སྟོན་ཏོ། །དེ་ལ་རེ་ཞིག་བརྟག་པ་དང་པོ་མི་འཐད་པར་བསྟན་པའི་ཕྱིར། དེ་དག་གི་ཡང་གལ་

ཏེ་རྒྱུས་རྒྱུའི་ངོ་བོ་ཉིད་ཡོངས་སུ་མ་སྤངས་པ་འགག་པ་འབྲས་བུའི་བདག་ཉིད་དུ་གནས་སོ་ཞེ་ན་ནི། གལ་ཏེ་རྒྱུ་འགག་འབྲས་བུ་ན། །རྒྱུའི་བདག་ཉིད་ཡིན་པར་འདོད་ནའོ། །ཞེས་བྱ་བ་སྨྲས་ཏེ། དེས་ནི་བརྟག་པ་དང་པོའི་ཕ་རོལ་པོའི་གཞུང་བསྣན་པ་བསྟན་ཏེ། གལ་ཏེ་རྒྱུས་རྒྱུའི་ངོ་བོ་
ཉིད་ཡོངས་སུ་མ་སྤངས་པ་འགག་པ་འབྲས་བུའི་བདག་ཉིད་དུ་གནས་སོ་ཞེས་བྱ་བ་དེ་དེའི་ཚེ་ཡང་རྒྱུའི་བདག་ཉིད་ཡིན་པར་འདོད་ནའོ། །ད་ནི་དེ་མི་འཐད་པ་བསྟན་པའི་ཕྱིར། །དེ་ལྟ་ན་རྒྱུ་ནི་ཀུན་དུ་འཕོ་བར་འགྱུར། །ངོ་བོ་ཉིད་ཡོངས་སུ་མ་སྤངས་པའི་ཕྱིར་ལྷས་བྱིན་ཁྱིམ་ནས་ཁྱིམ་དུ་ཀུན་དུ་འཕོ་བ་བཞིན་ནོ་ཞེས་བྱ་བ་
སྨྲས་ཏེ། དེ་ལྟ་ན་རྒྱུ་ས་བོན་དང་། འོ་མ་ལ་སོགས་པ་ངོ་བོ་ཉིད་ཡོངས་སུ་མ་སྤངས་བཞིན་དུ་འབྲས་བུའི་གནས་སྐབས་སུ་རིལ་པོར་ཀུན་དུ་འཕོ་བའི་སྐྱོན་དུ་ཐལ་བར་འགྱུར་བས་དེ་ནི་མི་འདོད་དོ། །དེ་མི་འཐད་པར་བསྟན་པའི་རིག་པ་གཞན་བསྟན་པའི་ཕྱིར། གཞན་ཡང་། སྔོན་སྐྱེས་པ་ཡི་རྒྱུ་ཡང་ནི། །
ཡང་སྐྱེ་བར་ནི་ཐལ་བར་འགྱུར། །ཞེས་བྱ་བ་སྨྲས་ཏེ། གལ་ཏེ་རྒྱུས་རྒྱུའི་ངོ་བོ་ཉིད་ཡོངས་སུ་མ་སྤངས་པ་འགག་པ་འབྲས་བུའི་བདག་ཉིད་དུ་གནས་པར་གྱུར་ན་རྒྱུ་དེ་སྔོན་རྒྱུའི་ངོ་བོ་ཉིད་ཡོངས་སུ་མ་སྤངས་ཤིང་མ་འགགས་པའི་གནས་སྐབས་ན་རྒྱུའི་བདག་ཉིད་དུ་སྐྱེས་ཟིན་པ་དེ་ད་ཡང་རྒྱུའི་བདག་ཉིད་དུ་སྐྱེ་
བར་ཐལ་བའི་སྐྱོན་དུ་འགྱུར་ཏེ། ད་ལྟར་འགགས་ཤིང་འབྲས་བུའི་བདག་ཉིད་དུ་གནས་པའི་དུས་ན་ཡང་རྒྱུའི་ངོ་བོ་ཉིད་ཡོངས་སུ་མ་སྤངས་ཤིང་རྒྱུའི་བདག་ཉིད་ཡིན་པར་འདོད་པའི་ཕྱིར་རོ། །ད་ནི་མི་འཐད་པར་བསྟན་པའི་ཕྱིར། རྒྱུའི་བདག་ཉིད་དུ་ཡོད་པ་ནི་རྒྱུའི་བདག་ཉིད་ཁོ་ནར་མི་སྐྱེ་སྟེ། ཅི་
ཡང་མི་དགོས་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། སྔོན་རྒྱུའི་ངོ་བོ་ཉིད་ཡོངས་སུ་མ་སྤངས་པ་མ་འགགས་པ་དང་ད་ལྟར་རྒྱུའི་ངོ་བོ་ཉིད་ཡོངས་སུ་མ་སྤངས་པ་འགགས་ཤིང་འབྲས་བུའི་གནས་སྐབས་ན་རྒྱུའི་བདག་ཉིད་དུ་གནས་པ་ལ་ཁྱད་པར་ཅི་ཡང་མེད་པས་དེའི་སྐྱེ་བ་དོན་མེད་པའི་ཕྱིར་རོ། །གལ་ཏེ་རྒྱུ་འབྲས་
བུའི་བདག་ཉིད་དུ་སྐྱེ་བར་ཁས་བླངས་པའི་ཕྱིར་སྐྱོན་མེད་དོ་ཞེ་ན་ཞེས་བྱ་བ་ནི་ཕ་རོལ་པོ་དག་དབུ་མ་པས་རྒྱུའི་བདག་ཉིད་དུ་ཡོད་པ་ནི་རྒྱུའི་བདག་ཉིད་ཁོ་ནར་མི་སྐྱེ་སྟེ། ཅི་ཡང་མི་དགོས་པའི་ཕྱིར་རོ་ཞེས་བཤད་པ་དེའི་ལན་འདེབས་པའི་ཚིག་ཡིན་ཏེ། དེ་དག་ན་རེ་རྒྱུ་དང་འབྲས་བུའི་གནས་སྐབས་ན་ཡོད་

པ་ལ་ཁྱད་པར་མེད་ན་ནི། ཅི་ཡང་མི་དགོས་པའི་ཕྱིར་རྒྱུའི་བདག་ཉིད་ཁོ་ནར་མི་སྐྱེ་བ་ཡང་བདེན་པ་ཞིག་ན་ཁོ་བོ་ཅག་གིས་རྒྱུ་འབྲས་བུའི་བདག་ཉིད་དུ་སྐྱེ་བར་ཁས་བླངས་པའི་ཕྱིར་འབྲས་བུའི་བདག་ཉིད་དུ་སྐྱེས་ཕན་ཆད་ཁྱད་པར་ཅུང་ཟད་ཀྱང་མེད་མི་སྲིད་པས། ཁྱེད་ཀྱི་གཏན་ཚིགས་ཅི་ཡང་མི་དགོས་
པའི་ཕྱིར་རྒྱུའི་བདག་ཉིད་ཁོ་ནར་མི་སྐྱེ་སྟེ་ཞེས་བྱ་བ་དེའི་སྐྱོན་དེ་ཁོ་བོ་ཅག་ལ་མེད་དོ་ཞེས་ཟེར་རོ། །དེ་སྐད་ཅེས་ཟེར་བ་དེ་ལ་ཡང་གལ་ཏེ་རྒྱུས་རྒྱུའི་ངོ་བོ་ཉིད་ཡོངས་སུ་མ་སྤངས་པ་ལ་འབྲས་བུ་ཞེས་བརྗོད་ན་ནི་མིང་ཙམ་ཐ་དད་པར་ཟད་པའི་ཕྱིར་ཁྱད་པར་མེད་པས་ཇི་སྐད་སྨྲས་པའི་སྐྱོན་ལྡོག་པ་མེད་པར་བསྟན་
པའི་ཕྱིར་རྒྱུའི་ངོ་བོ་ཉིད་ཡོངས་སུ་མ་སྤངས་པའི་རྒྱུའི་བདག་ཉིད་ལ་འབྲས་བུ་ཞེས་བརྗོད་ན་ནི་མིང་ཙམ་ཐ་དད་པར་ཟད་པའི་ཕྱིར་ཇི་སྐད་སྨྲས་པའི་སྐྱོན་ལྡོག་པ་མེད་དོ་ཞེས་བྱ་བ་སྨྲས་ཏེ། གལ་ཏེ་རྒྱུའི་ངོ་བོ་ཉིད་ལས་མ་ཉམས་པ་ཁོ་ནར་འབྲས་བུའི་བདག་ཉིད་དུ་སྐྱེ་བར་འདོད་ན་དེ་ལྟ་ན་འབྲས་བུ་ཞེས་མིང་
དུ་བཏགས་པའི་མིང་ཙམ་ཐ་དད་པར་ཟད་ཀྱི་རྒྱུའི་བདག་ཉིད་ལས་གཞན་དུ་གྱུར་པའི་ཁྱད་པར་ཅི་ཡང་མེད་པའི་ཕྱིར་སྔར་ཁོ་བོས་རྒྱུའི་བདག་ཉིད་དུ་ཡོད་པ་ནི་རྒྱུའི་བདག་ཉིད་ཁོ་ནར་མི་སྐྱེ་སྟེ། ཅི་ཡང་མི་དགོས་པའི་ཕྱིར་རོ་ཞེས་ཇི་སྐད་སྨྲས་པའི་སྐྱོན་ལྡོག་པ་མེད་དོ། །ད་ནི་བརྟག་པ་གཉིས་པ་མི་འཐད་པར་
བསྟན་པའི་ཕྱིར། རྒྱུའི་ངོ་བོ་ཉིད་ཡོངས་སུ་སྤངས་པ་འབྲས་བུའི་བདག་ཉིད་དུ་ངེས་པར་གནས་པར་རྟོག་ན་ཡང་རྒྱུའི་ངོ་བོ་ཉིད་ཡོངས་སུ་སྤངས་པ་ནི་རྒྱུ་མ་ཡིན་པའི་ཕྱིར་རྒྱུ་འབྲས་བུའི་བདག་ཉིད་དུ་གནས་སོ་ཞེས་བྱ་བ་དེ་ལེགས་པར་མ་བརྟགས་པར་སྨྲས་པ་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། གལ་ཏེ་རྒྱུས་
རྒྱུའི་ངོ་བོ་ཉིད་ཡོངས་སུ་སྤངས་པ་འབྲས་བུའི་བདག་ཉིད་དུ་ངེས་པར་གནས་པར་རྟོག་ན་རྒྱུའི་ངོ་བོ་ཉིད་ཡོངས་སུ་སྤངས་པ་ནི་རྒྱུ་མ་ཡིན་པའི་ཕྱིར་ཁྱེད་ཅག་ན་རེ་རྒྱུ་ཉིད་འགག་པ་འབྲས་བུའི་བདག་ཉིད་དུ་གནས་སོ་ཞེས་ཟེར་བ་དེ་ལེགས་པར་མ་བརྟགས་པར་སྨྲས་པ་ཡིན་པས་དེའི་ཕྱིར་རྒྱུ་ཉིད་འགག་པ་འབྲས་
བུའི་བདག་ཉིད་དུ་ཡོངས་སུ་འགྱུར་ཞིང་གནས་སོ་ཞེས་བརྗོད་པར་མི་བྱའོ།། །།བམ་པོ་དྲུག་ཅུ་དྲུག་པ། གཞན་ཡང་འབྲས་བུ་སྔ་ན་ཡོད་པར་སྨྲ་བ་དག་རྒྱུ་འགགས་པས་འབྲས་བུ་སྐྱེས་པ་ཉིད་སྐྱེད་པར་བྱེད་དམ། གནས་པས་སྐྱེད་པར་བྱེད་པ་རྟོག་གྲོང་ན་གཉི་ག་ལྟར་ཡང་

རིགས་པ་མ་ཡིན་ཏེ་ཞེས་བྱ་བ་ནི་གྲངས་ཅན་དག་རྒྱུ་ལ་འབྲས་བུ་ནུས་པའི་ཚུལ་དུ་སྔ་ན་ཡོད་པ་རྒྱུས་སྐྱེད་པར་སྨྲ་བ་དག །རྒྱུ་འགགས་པས་འབྲས་བུ་སྔ་ན་ཡོད་པ་ཉིད་སྐྱེད་པར་བྱེད་དམ་རྒྱུ་མ་འགགས་པ་གནས་པས་འབྲས་བུ་སྔ་ན་ཡོད་པ་ཉིད་སྐྱེད་པར་རྟོག་གྲང་ན། གཉི་ག་ལྟར་ཡང་
རིགས་པ་མ་ཡིན་ཏེ་ཞེས་བརྟག་པ་གཉིས་སྟོན་ཏོ། །དེ་ལ་རེ་ཞིག་བརྟག་པ་སྔ་མ་མི་རིགས་པར་བསྟན་པའི་ཕྱིར། ཇི་ལྟར་ཞེ་ན། འགག་པ་ནུབ་པར་གྱུར་པ་ཡིས། །འབྲས་བུ་སྐྱེད་པ་ཇི་ལྟར་སྐྱེད། །ཅེས་བྱ་བ་སྨྲས་ཏེ། རྒྱུ་འགག་པ་ནུབ་པར་གྱུར་པས་འབྲས་བུ་སྐྱེ་བ་སྔ་ན་ཡོད་པ་ཇི་ལྟར་
སྐྱེད་དེ་སྐྱེད་པར་མི་བྱེད་དོ་ཞེས་སྟོན་ཏོ། །དེ་ཉིད་བྱེ་བྲག་ཏུ་བཤད་པ་བསྟན་པའི་ཕྱིར། འགག་པ་ནི་རྒྱུ་ཉིད་དུ་མི་རིགས་པའི་ཕྱིར་དང་། སྐྱེས་པ་ཡང་སྐྱེད་མི་དགོས་པའི་ཕྱིར་རྒྱུ་འགགས་པས་འབྲས་བུ་སྐྱེས་པ་སྐྱེད་པར་མི་བྱེད་དོ་ཞེས་བྱ་བའི་ཚིག་གི་དོན་ཏོ་ཞེས་བྱ་བ་སྨྲས་ཏེ། རྒྱུ་འགག་པ་ནུབ་པར་
གྱུར་པ་ནི་རྒྱུ་ཉིད་དུ་མི་རིགས་པའི་ཕྱིར་དེས་འབྲས་བུ་སྐྱེད་པར་མི་ནུས་ལ། འབྲས་བུ་སྐྱེས་པ་སྔ་ན་ཡོད་པ་ཡང་སྐྱེས་ཟིན་པའི་ཕྱིར་ཡང་བསྐྱེད་མི་དགོས་པས་རྒྱུ་འགགས་པས་འབྲས་བུ་སྐྱེས་པ་སྐྱེད་པར་མི་བྱེད་དོ་ཞེས་བྱ་བའི་ཚིག་གི་དོན་ཏོ། །གྲངས་ཅན་དག་ལས་ཁ་ཅིག་གིས་སྨྲས་པ་ཞེས་བྱ་བས་ནི་གྲངས་ཅན་
དག་ལས་ཡོངས་སུ་འགྱུར་བར་སྨྲ་བ་དག་དབུ་མ་པས་འགག་པ་ནི་རྒྱུ་ཉིད་དུ་མི་རིགས་པའི་ཕྱིར་དང་སྐྱེས་པ་ཡང་བསྐྱེད་མི་དགོས་པའི་ཕྱིར་རྒྱུ་འགགས་པས་འབྲས་བུ་སྐྱེས་པ་སྐྱེད་པར་མི་བྱེད་དོ་ཞེས་བསྟན་པའི་ལན་འདེབས་པའི་ཚིག་སྟོན་ཏོ། །དེ་ལ་རྫས་ངེས་པར་གནས་པའི་ཆོས་གཞན་ལྡོག་པ་ན་
ཆོས་གཞན་སྐྱེ་བ་ནི་ཡོངས་སུ་འགྱུར་བ་ཡིན་པས་དེའི་ཕྱིར་རྒྱུ་འགགས་ནས་འབྲས་བུ་སྐྱེ་བར་འགྱུར་བ་ཡང་མ་ཡིན་ལ་ཞེས་བྱ་བས་ནི་དབུ་མ་པས་འགག་པ་ནི་རྒྱུ་ཉིད་དུ་མི་རིགས་པའི་ཕྱིར་རྒྱུ་འགགས་པས་འབྲས་བུ་སྐྱེས་པ་སྐྱེད་པར་མི་བྱེད་དོ་ཞེས་བཤད་པའི་ལན་འདེབས་ཏེ། དེ་དག་ན་རེ་ཁོ་བོ་ཅག་གི་
གཞུང་ལས་དཔེར་ན་གསེར་གྱི་རྫས་རང་བཞིན་ངེས་པར་གནས་པའི་ཆོས་གདུ་བུ་དང་དཔུང་རྒྱན་ལ་སོགས་པ་གཞན་ལྡོག་པ་ན་རྣ་ཆ་དང་གདུབ་ཀོར་ལ་སོགས་པ་ཆོས་གཞན་སྐྱེ་བ་ནི་རང་བཞིན་ནི་རྟག་ལ་གནས་སྐབས་ནི་ཡོངས་སུ་འགྱུར་བ་ཡིན་པ་དེ་བཞིན་དུ་རྒྱུའི་རང་བཞིན་ངེས་པར་གནས་པའི་ཆོས་

འབྲས་བུ་གསལ་བའི་ངོ་བོ་ཉིད་དུ་མི་སྣང་བ་གཞན་ལྡོག་པ་ན་འབྲས་བུ་ནུས་པའི་ཚུལ་དུ་སྔ་ན་ཡོད་པའི་ཆོས་གཞན་སྐྱེ་བ་ཡང་རང་བཞིན་ནི་ངེས་པར་གནས་ལ། གནས་སྐབས་ནི་སྣང་བ་དང་མི་སྣང་བའི་ཚུལ་དུ་ཡོངས་སུ་འགྱུར་བ་ཡིན་པས་དེའི་ཕྱིར་རྒྱུ་རྣམ་པ་ཐམས་ཅད་དུ་འགགས་ཤིང་ནུབ་པར་གྱུར་པས་འབྲས་བུ་
སྐྱེས་པ་སྐྱེད་པར་བྱེད་པ་མ་ཡིན་གྱི། རྒྱུའི་རྫས་རང་བཞིན་ངེས་པར་གནས་པས་འབྲས་བུའི་ཆོས་སྣང་བ་དང་མི་སྣང་བ་དག་སྐྱེད་པར་བྱེད་དོ་ཞེས་ཟེར་རོ། །ནུས་པའི་ཚུལ་དུ་ཡོད་པའི་ཕྱིར་གསལ་བ་ཁྱད་པར་ཅན་མ་སྐྱེས་པ་བསྐྱེད་པར་བྱ་མི་དགོས་པ་ཡང་མ་ཡིན་ནོ་ཞེས་བྱ་བས་ནི་སྔར་དབུ་མ་སྐྱེས་པ་ཡང་སྐྱེད་མི་
དགོས་པའི་ཕྱིར་རྒྱུ་འགག་པས་འབྲས་བུ་སྐྱེས་པ་སྐྱེད་པར་མི་བྱེད་དོ་ཞེས་བསྟན་པའི་ལན་འདེབས་ཏེ། དེ་དག་ན་རེ་ཁོ་བོ་ཅག་གི་གཞུང་ལས་རྒྱུ་ལ་འབྲས་བུ་ནུས་པའི་ཚུལ་དུ་སྔ་ན་ཡོད་པའི་ཕྱིར་གསལ་བ་ཁྱད་པར་ཅན་དུ་མ་སྐྱེས་པས་འབྲས་བུ་ནུས་པའི་ཚུལ་དུ་སྔ་ན་ཡོད་ཅིང་སྐྱེས་པ་གསལ་བའི་བདག་
ཉིད་དུ་མེད་ཅིང་མ་སྐྱེས་པ་བསྐྱེད་པར་བྱ་དགོས་པས་འབྲས་བུ་སྐྱེས་པ་ཡང་བསྐྱེད་པར་བྱ་མི་དགོས་པ་ཡིན་ནོ་ཞེས་ཟེར་རོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འགྲེལ་པ་བྱེད་པ་ཉིད་ཀྱིས་འདིར་བཤད་པ། དེ་ལྟ་ན་ཡང་རྫས་ངེས་པར་གནས་པ་ཡང་ཆོས་གཞན་ལྡོག་པའི་དུས་ན་ལྡོག་པར་འགྱུར་ཏེ། དེ་
ལས་གཞན་མ་ཡིན་པའི་ཕྱིར། དཔེར་ན་ཆོས་གཞན་ལྡོག་པ་བཞིན་ནོ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། དེས་ནི་གྲངས་ཅན་དག་གི་གཞུང་ལྟར་རྒྱུ་དང་གསེར་གྱི་རང་བཞིན་དུ་ངེས་པར་གནས་ལ་འབྲས་བུ་དང་གདུ་བུ་ལ་སོགས་པའི་ཆོས་ནི་སྣང་བ་མི་སྣང་བར་འགྱུར་ན། དེ་ལྟ་ན་རྒྱུ་དང་
འབྲས་བུ་དག་རང་བཞིན་གཅིག་པའི་ཕྱིར་འབྲས་བུ་ལྡོག་ཅིང་མི་སྣང་བའི་དུས་ན་རྒྱུ་ཡང་ལྡོག་ཅིང་མི་སྣང་བའི་སྐྱོན་དུ་འགྱུར་བར་སྟོན་ཏེ། དེ་དག་ནི་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་གདུ་བུ་ལ་སོགས་པ་དང་།
འབྲས་བུ་གསལ་བ་ནི་རང་གི་བདག་ཉིད་ལས་གཞན་མ་ཡིན་པའི་ཕྱིར་བདག་ཉིད་ལྡོག་པའི་དུས་ན་ལྡོག་པར་འགྱུར་བ་དེ་བཞིན་དུ་གསེར་དང་རྒྱུ་ངེས་པར་གནས་པ་དག་ཀྱང་གདུ་བུ་ལ་སོགས་པ་དང་འབྲས་བུ་གསལ་བ་དག་ལས་གཞན་མ་ཡིན་པའི་ཕྱིར་གདུ་བུ་ལ་སོགས་པ་དང་འབྲས་བུ་གསལ་བའི་ཆོས་གཞན་

ལྡོག་པའི་དུས་ན་ལྡོག་པའི་སྐྱོན་དུ་འགྱུར་བས་ཕ་རོལ་པོའི་སྒྲུབ་པ་དེ་ནི་ཐ་སྙད་དུ་ཡང་འགལ་བར་སྣང་བས་མི་རུང་ངོ་། །དེ་བཞིན་དུ་ཆོས་ཅན་ཡང་ཆོས་གཞན་སྐྱེ་བའི་དུས་ན་སྐྱེ་བར་འདོད་པར་བྱ་དགོས་ཏེ། དེ་ལས་གཞན་མ་ཡིན་པའི་ཕྱིར་དཔེར་ན་ཆོས་གཞན་སྐྱེས་པ་བཞིན་
པས་ཐ་སྙད་དུ་ཡང་སྒྲུབ་པ་དེ་ནི་འགལ་བར་སྣང་ངོ་ཞེས་བྱ་བས་ནི་གྲངས་ཅན་དག་གི་གཞུང་ལྟར་རྒྱུ་དང་གསེར་གྱི་རང་བཞིན་ནི་ངེས་པར་གནས་ལ། འབྲས་བུ་དང་གདུ་བུ་ལ་སོགས་པའི་ཆོས་ནི་སྣང་བ་དང་མི་སྣང་བར་འགྱུར་ན། དེ་ལྟ་ན་རྒྱུ་དང་འབྲས་བུ་དག་རང་བཞིན་གཅིག་པའི་ཕྱིར་འབྲས་བུ་སྐྱེ་ཞིང་སྣང་
བའི་དུས་ན་རྒྱུ་ཡང་སྐྱེ་ཞིང་སྣང་བའི་སྐྱོན་དུ་འགྱུར་བར་སྟོན་ཏེ། དེ་དག་ཀྱང་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་དང་། མཇུག་བསྡུ་བ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་རྣ་ཆ་ལ་སོགས་པ་དང་འབྲས་བུ་ནུས་པ་ནི་རང་གི་བདག་ཉིད་ལས་གཞན་
མ་ཡིན་པའི་ཕྱིར་བདག་ཉིད་སྐྱེ་བའི་དུས་ན་སྐྱེ་བར་འགྱུར་བ་དེ་བཞིན་དུ་ཆོས་ཅན་གསེར་དང་། རྒྱུ་ངེས་པར་གནས་པ་དག་ཀྱང་རྣ་ཆ་ལ་སོགས་པ་དང་འབྲས་བུ་ནུས་པ་དག་ལས་གཞན་མ་ཡིན་པའི་ཕྱིར། རྣ་ཆ་ལ་སོགས་པ་དང་འབྲས་བུ་ནུས་པའི་ཆོས་གཞན་སྐྱེ་བའི་དུས་ན་སྐྱེ་བའི་
སྐྱོན་དུ་འགྱུར་བས་ཕ་རོལ་པོའི་སྒྲུབ་པ་དེ་ཡང་ཐ་སྙད་དུ་ཡང་འགལ་བར་སྣང་བས་མི་རུང་ངོ་། །དོན་དམ་པར་ནི་ཇི་ལྟར་རྫས་ངེས་པར་གནས་པ་དེ་ནི་ཆོས་གཞན་སྣང་བ་དང་མི་སྣང་བའི་མཚན་ཉིད་ནི་ཡོངས་སུ་འགྱུར་བ་ཡིན་ཏེ། དཔེར་ན་ཆེ་གེ་མོ་ཞིག་བཞིན་ནོ་ཞེས་བྱ་བའི་དཔེ་རྣམ་པ་ཐམས་ཅད་དུ་
མེད་པའི་ཕྱིར་དེ་ཡང་རིགས་པ་མ་ཡིན་ནོ་ཞེས་བྱ་བས་ནི་སྔར་གྲངས་ཅན་དག་ན་རེ་གསེར་རྫས་རང་བཞིན་ངེས་པར་གནས་པའི་ཆོས་གདུ་བུ་དང་དཔུང་རྒྱན་ལ་སོགས་པ་གཞན་ལྡོག་པ་ན་རྣ་ཆ་དང་གདུབ་ཀོར་ལ་སོགས་པ་ཆོས་གཞན་སྐྱེ་བ་ནི་རང་བཞིན་ནི་རྟགས་ལ། གནས་སྐབས་ནི་ཡོངས་
སུ་འགྱུར་བ་ཡིན་པ་དེ་བཞིན་དུ་རྒྱུའི་རང་བཞིན་ངེས་པར་གནས་པའི་ཆོས་འབྲས་བུ་གསལ་བའི་ངོ་བོ་ཉིད་དུ་མི་སྣང་བ་གཞན་ལྡོག་པ་ན་འབྲས་བུ་ནུས་པའི་ཚུལ་དུ་སྔ་ན་ཡོད་པའི་ཆོས་གཞན་སྐྱེ་བ་ཡང་རང་བཞིན་ནི་ངེས་པར་གནས་ལ། གནས་སྐབས་ནི་སྣང་བ་དང་མི་སྣང་བའི་ཚུལ་དུ་ཡོངས་

སུ་འགྱུར་བ་ཡིན་པས་དེའི་ཕྱིར་རྒྱུ་རྣམ་པ་ཐམས་ཅད་དུ་འགགས་ཤིང་ནུབ་པར་གྱུར་པས་འབྲས་བུ་སྐྱེས་པ་སྐྱེད་པར་བྱེད་པ་མ་ཡིན་གྱི། རྒྱུའི་རྫས་རང་བཞིན་ངེས་པར་གནས་པས་འབྲས་བུའི་ཆོས་སྣང་བ་དང་མི་སྣང་བ་དག་སྐྱེད་པར་བྱེད་དོ་ཞེས་ཟེར་བ་དེ་ལ། དོན་དམ་པར་དཔེར་ན་ཆེ་གེ་མོ་ཞིག་བཞིན་ནོ་ཞེས་བྱ་བའི་དཔེ་རྣམ་པ་
ཐམས་ཅད་དུ་མེད་པའི་ཕྱིར་དེ་ཡང་རིགས་པ་མ་ཡིན་ནོ་ཞེས་བསྟན་ཏོ། །ཡང་གཞན་ཡང་ཆོས་གཞན་ལྡོག་པ་གང་ཡིན་པ་དེ་རྒྱུའི་བདག་ཉིད་ཡིན་ནམ་འོན་ཏེ་རྒྱུའི་བདག་ཉིད་མ་ཡིན་ཞེས་བྱ་བས་ནི་གྲངས་ཅན་དག་གི་གཞུང་ལས་གསེར་གྱི་རྫས་རང་བཞིན་ངེས་པར་གནས་པའི་ཆོས་གདུ་བུ་དང་དཔུང་རྒྱན་ལ་སོགས་པ་གཞན་ལྡོག་པ་ན་རྣ་ཆ་དང་
གདུབ་ཀོར་ལ་སོགས་པ་ཆོས་གཞན་སྐྱེ་བ་བཞིན་དུ་རྒྱུའི་རང་བཞིན་ངེས་པར་གནས་པའི་ཆོས་འབྲས་བུ་གསལ་བའི་ངོ་བོ་ཉིད་དུ་མི་སྣང་བ་གཞན་ལྡོག་པ་ན་འབྲས་བུ་ནུས་པའི་ཚུལ་དུ་སྔ་ན་ཡོད་པའི་ཆོས་གཞན་སྐྱེའོ་ཞེས་ཟེར་བའི་ཆོས་གཞན་ལྡོག་པ་གང་ཡིན་པ་དེ་ཆོས་གཞན་སྐྱེ་བའི་རྒྱུའི་བདག་ཉིད་ཡིན་ནམ། འོན་ཏེ་
རྒྱུའི་བདག་ཉིད་མ་ཡིན་ཞེས་དྲི་བ་གཉིས་སྟོན་ཏོ། །དེ་ལ་དྲི་བ་དང་པོ་བསྟན་པའི་ཕྱིར། དེ་ལ་གལ་ཏེ་དེ་རྒྱུའི་བདག་ཉིད་ཡིན་ན་ནི་དེ་འགག་པའི་ཕྱིར། རྒྱུ་འགག་པ་ཡིན་པས། འགག་པ་ནུབ་པར་འགྱུར་བ་ཡི། །འབྲས་བུ་སྐྱེས་པ་ཇི་ལྟར་སྐྱེད། །རྒྱུ་འགག་པ་ལ་འབྲས་བུ་སྐྱེས་པ་སྐྱེད་པར་བྱེད་པའི་མཐུ་ཉིད་
མེད་པ་ཁོ་ནའོ་ཞེས་བྱ་བའི་ཚིག་གི་དོན་ཏེ་ཞེས་བྱ་བ་སྨྲས་ཏེ། ཆོས་གཞན་ལྡོག་པ་གང་ཡིན་པ་དེ་ཆོས་གཞན་སྐྱེ་བའི་རྒྱུའི་བདག་ཉིད་ཡིན་ན་དེ་ལྡོག་པ་ནི་འགག་པའི་ཕྱིར་རྒྱུ་འགག་པ་ཡིན་པས་རྒྱུ་འགག་པ་ནུབ་པར་གྱུར་པས་འབྲས་བུ་སྐྱེས་པ་སྔ་ན་ཡོད་པ་ཇི་ལྟར་སྐྱེད་དེ། རྒྱུ་འགག་པ་ལ་འབྲས་བུ་སྐྱེས་པ་སྐྱེད་
པར་བྱེད་པའི་མཐུ་ཉིད་མེད་པ་ཁོ་ནའོ་ཞེས་བྱ་བའི་ཚིག་གི་དོན་ཏོ། །དྲི་བ་གཉིས་པ་བསྟན་པའི་ཕྱིར། འོན་ཏེ་རྒྱུའི་བདག་ཉིད་མ་ཡིན་ན་ནི་དེ་ལྟ་ན་རྒྱུ་ངེས་པར་གནས་པའི་ཕྱིར་འབྲས་བུ་སྣང་བར་འགྱུར་བའི་རིགས་སོ་ཞེས་བྱ་བ་སྨྲས་ཏེ། འོན་ཏེ་ཆོས་གཞན་ལྡོག་པ་གང་ཡིན་པ་དེ་ཆོས་གཞན་སྐྱེ་བའི་རྒྱུའི་བདག་
ཉིད་མ་ཡིན་ན་ནི་དེ་ལྟ་ན་རྒྱུའི་བདག་ཉིད་མ་ཡིན་པ་གཞན་ཞིག་ལྡོག་པར་ཟད་ཀྱི་རྒྱུ་ངེས་པར་གནས་པའི་ཕྱིར་འབྲས་བུ་དུས་ཐམས་ཅད་དུ་སྣང་བའི་སྐྱོན་དུ་འགྱུར་རོ། །རེ་ཞིག་དེ་དག་གིས་ནི་གྲངས་ཅན་དག་རྒྱུ་འགགས་པས་འབྲས་བུ་སྔ་ན་ཡོད་པ་ཉིད་སྐྱེད་པར་རྟོག་པའི་བརྟག་པ་སྔ་མ་མི་རིགས་པར་བསྟན་ཏོ། །དེ་ནི་གྲངས་

ཅན་དག་རྒྱུ་མ་འགགས་པ་གནས་པས་འབྲས་བུ་སྔ་ན་ཡོད་པ་ཉིད་སྐྱེད་པར་རྟོག་པའི་བརྟག་པ་གཉིས་པ་མི་འཐད་པར་བསྟན་པར་བྱ་སྟེ། གལ་ཏེ་དེ་ལྟར་འདོད་པའི་ཕྱིར་དེ་མི་གནོད་དོ་ཞེ་ན་ཞེས་བྱ་བ་ནི་གལ་ཏེ་གྲངས་ཅན་དག་ན་རེ་ཁོ་བོ་ཅག་གི་གཞུང་ལས་རྒྱུའི་རང་བཞིན་ངེས་པར་གནས་
པ་ལ་འབྲས་བུ་ནུས་པའི་ཚུལ་དུ་རྟག་ཏུ་སྔ་ན་ཡོད་པར་འདོད་པའི་ཕྱིར་དེ་མི་གནོད་དོ་ཞེས་ཟེར་ནའོ། །དེའི་ལན་དུ་འགྲེལ་པ་བྱེད་པ་ཉིད་ཀྱིས་དེའི་ཕྱིར་བཤད་པ། འབྲས་བུ་དང་ནི་འབྲེལ་པའི་རྒྱུ། །གནས་པས་ཀྱང་ནི་ཇི་ལྟར་སྐྱེད། །རང་གི་བདག་ཉིད་ལས་གཞན་མ་ཡིན་པའི་ཕྱིར་དཔེར་ན་རྒྱུའི་རང་གི་
བདག་ཉིད་བཞིན་ནོ་ཞེས་བྱ་བ་སྨྲས་ཏེ། དེས་ནི་ཡང་འཇིག་རྟེན་ན་རྒྱུ་དང་འབྲས་བུའི་ཚུལ་ནི་རྒྱུ་ནི་སྔ་ལ་འབྲས་བུ་ནི་ཕྱི་བ་ཡིན་ན་གྲངས་ཅན་དག་གི་གཞུང་ལྟར་རྒྱུའི་རང་བཞིན་ངེས་པར་གནས་པ་ལ་འབྲས་བུ་ནུས་པའི་ཚུལ་དུ་རྟག་ཏུ་སྔ་ན་ཡོད་པ་ཡིན་ན་འབྲས་བུ་དེ་དང་འབྲེལ་པའི་རྒྱུ་དེ་ནི་འབྲས་བུའི་རང་གི་བདག་ཉིད་
ལས་གཞན་མ་ཡིན་པའི་ཕྱིར་དེས་ཀྱང་འབྲས་བུ་སྐྱེས་པ་སྐྱེད་པར་མི་བྱེད་པར་སྟོན་ཏེ། དེ་དག་ནི་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་རྒྱུའི་རང་གི་བདག་ཉིད་ནི་རང་གི་བདག་ཉིད་ལས་གཞན་མ་ཡིན་པའི་ཕྱིར་
དེས་རང་གི་བདག་ཉིད་མི་སྐྱེད་པ་དེ་བཞིན་དུ་འབྲས་བུ་དང་འབྲེལ་པའི་རྒྱུ་གནས་པ་ཡང་འབྲས་བུའི་རང་གི་བདག་ཉིད་ལས་གཞན་མ་ཡིན་པའི་ཕྱིར་དེས་ཀྱང་འབྲས་བུ་སྐྱེད་པར་མི་བྱེད་དོ། །དེ་ཉིད་ཀྱི་འཐད་པ་གཞན་བསྟན་པའི་ཕྱིར། དེ་ལྟ་བས་ན་རྒྱུ་ངེས་པར་གནས་པས་དེ་ཉིད་ཀྱི་འབྲས་བུ་སྐྱེད་པར་བྱེད་དོ་
ཞེས་སྨྲ་བ་དག་གི་ཚིག་གིས་རྒྱུ་དང་འབྲས་བུ་དུས་མཉམ་པ་ཉིད་དུ་རྗེས་སུ་དཔོག་པས་རྒྱུས་འབྲས་བུ་སྐྱེད་པར་བྱེད་པ་མ་ཡིན་པ་ཉིད་ཀྱིས་དེ་སྐྱེད་པ་ཉིད་ཡིན་པ་གསལ་བའི་ཕྱིར་དེ་རྒྱུ་ཉིད་ཡིན་པ་གསལ་བས་ཕ་རོལ་པོ་དག་གི་དམ་བཅས་པ་ལ་ཆོས་ཅན་རྒྱུའི་ངོ་བོ་ཉིད་ལས་བཟློག་པའི་སྐྱོན་ཡོད་དོ་ཞེས་བྱ་བ་
སྨྲས་ཏེ། དུས་མཉམ་པ་ཉིད་དུ་རྗེས་སུ་དཔོག་པས་རྒྱུ་མ་ཡིན་པར་གསལ་བའི་ཕྱིར་རོ། །འབྲེལ་པ་ཞེས་བྱ་བ་ནི་ཚོགས་པ་ཞེས་བྱ་བའི་ཐ་ཚིག་གོ་ཞེས་བྱ་བ་ནི་ཚིག་ལེའུར་བྱས་པ་སྔ་མ་ལས། འབྲས་བུ་དང་ནི་འབྲེལ་པའི་རྒྱུ། །ཞེས་སྨོས་པའི་འབྲེལ་པ་ཞེས་བྱ་བའི་སྒྲ་བཤད་པ་དེ། འབྲེལ་

པ་དང་ཚོགས་པ་དང་ལྡན་པ་དང་དུས་གཅིག་པ་ཞེས་བྱ་བ་དག་ནི་རྣམ་གྲངས་སོ། །དེ་ལྟར་རེ་ཞིག་དེ་དག་གིས་ནི་གྲངས་ཅན་དག་རྒྱུ་མ་འགགས་པར་གནས་པས་འབྲས་བུ་སྔ་ན་ཡོད་པ་ཉིད་སྐྱེད་པར་རྟོག་པའི་བརྟག་པ་གཉིས་པ་མི་རིགས་པར་བསྟན་ཏོ། །ད་ནི་མདོ་སྡེ་པ་དག་རྒྱུ་འབྲས་བུ་དང་མ་འབྲེལ་བས་
འབྲས་བུ་སྐྱེད་པར་རྟོག་པ་མི་འཐད་པར་བསྟན་པའི་ཕྱིར། གང་དག །ཅི་སྟེ་དེ་འབྲས་མ་འབྲེལ་ན། །རྒྱུ་དེ་འབྲས་བུ་དང་མ་འབྲེལ་པར་སྨྲ་བ་དེ་དག་གི་ཡང་འབྲས་བུ་གང་ཞིག་སྐྱེད་པར་བྱེད། འབྲས་བུ་སྐྱེད་པར་མི་བྱེད་པ་ཉིད་དེ་འབྲས་བུས་སྟོང་པའི་ཕྱིར་དཔེར་ན་དེ་ལས་གཞན་བཞིན་ནོ་ཞེས་བྱ་བར་དགོངས་སོ་
ཞེས་བྱ་བ་སྨྲས་ཏེ། དེས་ནི་མདོ་སྡེ་པ་དག་རྒྱུ་འབྲས་བུ་དང་མ་འབྲེལ་པས་འབྲས་བུ་སྐྱེད་པར་སྨྲ་བ་དག་གི་གཞུང་བཀག་པ་སྟོན་ཏེ། དེ་དག་ཀྱང་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་རིགས་མཐུན་པ་དེ་ལས་གཞན་པའི་
རིགས་མི་མཐུན་པའི་རྒྱུ་འབྲས་བུ་དང་མ་འབྲེལ་པ་ནི་འབྲས་བུས་སྟོང་པའི་ཕྱིར་རིགས་མི་མཐུན་པའི་འབྲས་བུ་སྐྱེད་པར་མི་བྱེད་པ་དེ་བཞིན་དུ་རིགས་མཐུན་པའི་རྒྱུ་འབྲས་བུ་དང་མ་འབྲེལ་པ་ཡང་འབྲས་བུས་སྟོང་པའི་ཕྱིར་རིགས་མཐུན་པའི་འབྲས་བུ་སྐྱེད་པར་མི་བྱེད་དོ། །དེ་ལྟར་རེ་ཞིག་འབྲས་བུ་སྤྱིར་དགག་པ་བྱས་སོ་
ཞེས་བྱ་བ་ནི་སྐབས་གོང་མ་དག་གི་མཇུག་བསྡུ་བ་ཡིན་ཏེ། རེ་ཞིག་དེ་དག་གིས་ནི་ཕྱི་ནང་གི་འབྲས་བུ་སྤྱིར་ཡང་དགག་པ་བསྟན་ཏོ། །ད་ནི་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་འབྲས་བུའི་ཁྱད་པར་དག་གསལ་བའི་ཕྱིར་འདི་བསྟན་པར་བྱ་སྟེ་ཞེས་བྱ་བ་ལ་སོགས་པས་ནི་རྒྱུ་སྐྱེ་མཆེད་རྣམས་ཀྱིས་འབྲས་བུ་
རྣམ་པར་ཤེས་པ་རྣམས་སྐྱེད་པར་མི་བྱེད་པར་སྟོན་ཏོ། །དེ་ཉིད་བསྟན་པའི་ཕྱིར། འདི་ལ་མིག་གི་དབང་པོ་ནི་མིག་གི་རྣམ་པར་ཤེས་པའི་རྒྱུ་ཡིན་ན་དེས་གཟུགས་མཐོང་ནས་མིག་གི་རྣམ་པར་ཤེས་པ་སྐྱེད་པར་བྱེད་དམ། མ་མཐོང་བས་སྐྱེད་པར་བྱེད་གྲང་ན། གཉི་ག་ལྟར་ཡང་མི་སྲིད་དེ་ཞེས་བརྟག་པ་
གཉིས་སྨྲས་སོ། །ཁ་ཅིག་ན་རེ་མཐོང་ན་ནི་སྐྱེ་བ་དོན་མེད་པ་ཉིད་དུ་འགྱུར་བའི་ཕྱིར་དང་། མ་མཐོང་ན་ཡང་རྐྱེན་མེད་པའི་ཕྱིར། །རྒྱུས་ནི་མཐོང་དང་མ་མཐོང་བར། །འབྲས་བུ་སྐྱེད་པར་མི་བྱེད་དོ། །ཞེས་ཟེར་རོ་ཞེས་བྱ་བ་ནི་འགྲེལ་པ་བྱེད་པ་ཉིད་ཀྱིས་བཤད་པའི་གཞུང་ཡིན་ཏེ། དེས་ནི་དབང་པོས་ཡུལ་

མཐོང་ནས་སམ། མ་མཐོང་བར་ཡང་འབྲས་བུ་རྣམ་པར་ཤེས་པ་སྐྱེད་པར་མི་བྱེད་དོ་ཞེས་བསྟན་ཏོ། །གཞན་དག་ན་རེ་མཐོང་ནས་ཞེས་བྱ་བ་ནི་ཕྲད་ནས་ཞེས་བྱ་བའི་ཐ་ཚིག་སྟེ། འདི་ལྟར་ཡོད་ན་ཕྲད་པར་འགྱུར་བས་ཡོད་པ་ལ་སྐྱེ་བས་ཅི་བྱ། མེད་པ་ལ་ཡང་ཕྲད་པ་མི་སྲིད་པས་
མེད་པ་ལ་ཅི་ཞིག་སྐྱེ་བར་འགྱུར་ཞེས་ཟེར་རོ་ཞེས་བྱ་བ་ནི་གནས་བརྟན་བུདྡྷ་པཱ་ལི་ཏ་ལ་སོགས་པ་འགྲེལ་པ་བྱེད་པ་གཞན་དག་གིས་བཤད་པའི་ཚིག་ཡིན་ཏེ། དེ་དག་གིས་ནི་དབང་པོ་དང་རྣམ་པར་ཤེས་པ་ཕྲད་ནས་སམ་མ་ཕྲད་པར་ཡང་འབྲས་བུ་རྣམ་པར་ཤེས་པ་སྐྱེད་པར་མི་བྱེད་དོ་ཞེས་བཤད་དོ། །གཞན་
མ་ཡིན་པ་ན་རེ་དེ་ནི་རིགས་པ་མ་ཡིན་ཏེ་ཞེས་བྱ་བ་ནི་འགྲེལ་པ་བྱེད་པ་ཉིད་ཀྱིས། གནས་བརྟན་བུད་དྷ་པཱ་ལི་ཏ་ལ་སོགས་པའི་རྣམ་པར་བཤད་པ་དེ་རིགས་པ་མ་ཡིན་པར་སུན་འབྱིན་པའི་ཚིག་ཡིན་ནོ། །ཅིའི་ཕྱིར་རིགས་པ་མ་ཡིན་ཞེ་ན། སྔར། འབྲས་བུ་དང་ནི་འབྲེལ་པའི་རྒྱུ། །གནས་པས་ཀྱང་ནི་
ཇི་ལྟར་སྐྱེད། །ཅི་སྟེ་དེ་འབྲས་མ་འབྲེལ་ན། །འབྲས་བུ་གང་ཞིག་སྐྱེད་པར་བྱེད། །ཅེས་བསྟན་པ་དང་། ཁྱད་པར་མེད་པའི་ཕྱིར་དང་། གལ་ཏེ་རྒྱུ་དང་རྐྱེན་རྣམས་ཀྱི། །ཚོགས་པ་ཉིད་ལས་སྐྱེ་འགྱུར་ན། །ཚོགས་ལ་འབྲས་བུ་ཡོད་ན་ནི། །ཇི་ལྟར་ཚོགས་པ་ཉིད་ལས་སྐྱེ། །གལ་ཏེ་རྒྱུ་དང་རྐྱེན་
རྣམས་ཀྱི། །ཚོགས་པ་ཉིད་ལས་སྐྱེ་འགྱུར་ན། །ཚོགས་ལ་འབྲས་བུ་མེད་ན་ནི། །ཇི་ལྟར་ཚོགས་པ་ཉིད་ལས་སྐྱེ། །ཞེས་བསྟན་པ་དག་དང་ཡང་ཁྱད་པར་མེད་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་སོ། །དེ་བཞིན་དུ་རྣ་བ་ལ་སོགས་པ་རྒྱུ་དག་གི་རྣ་བའི་རྣམ་པར་ཤེས་པ་ལ་སོགས་པ་འབྲས་བུ་དག་སྐྱེད་པར་མི་བྱེད་པ་ཉིད་
དུ་ཡང་བརྗོད་པར་བྱའོ་ཞེས་བྱ་བས་ནི་དབང་པོ་ལྷག་མ་རྣམས་ཀྱིས་ཀྱང་ཡུལ་རྣམས་དམིགས་ནས་སམ་མ་དམིགས་པར་ཡང་འབྲས་བུ་རྣམ་པར་ཤེས་པ་རྣམས་སྐྱེད་པར་མི་བྱེད་དོ་ཞེས་བསྟན་ཏོ། །གཞན་དག་གིས་སྨྲས་པ། དོན་དམ་པར་རྒྱུས་ནི་འབྲས་བུ་སྐྱེད་པར་བྱེད་པ་ཉིད་དེ། །འབྲས་བུའི་
རྒྱུ་ཡིན་པའི་ཕྱིར་རོ། །འདི་ན་གང་གིས་གང་སྐྱེད་པར་མི་བྱེད་པ་དེ་ནི་དེའི་རྒྱུ་མ་ཡིན་ཏེ། དཔེར་ན་བུམ་པ་དང་སྣམ་བུ་བཞིན་པས་དེ་ལྟ་ན་གཏན་ཚིགས་གྲུབ་པའི་ཕྱིར་འདོད་པའི་དོན་གྲུབ་པོ་ཞེས་བྱ་བ་ནི་ཕ་རོལ་པོ་དག་འབྲས་བུའི་རྒྱུ་ཡིན་པའི་གཏན་ཚིགས་ཀྱིས་འབྲས་བུ་སྐྱེད་པར་སྒྲུབ་པའི་ཚིག་ཡིན་ཏེ།

དེ་དག་ནི་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། ཆོས་མི་མཐུན་པའི་ཕྱོགས་ཀྱི་དཔེ་དང་། མཇུག་བསྡུ་བ་ཡིན་པར་གོ་རིམས་བཞིན་དུ་སྦྱར་རོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འགྲེལ་པ་བྱེད་པ་ཉིད་ཀྱིས། འདིར་བཤད་པ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། འདི་ལ་གལ་
ཏེ་རྒྱུས་འབྲས་བུ་སྐྱེད་པར་འགྱུར་ན་ཕྲད་ནས་སྐྱེད་པར་འགྱུར་གྲང་ན་འབྲས་བུ་དང་རྒྱུ་དག་ཕྲད་པ་ནི་མུ་རྣམ་པ་དགུའི་ཚུལ་གྱིས་ཇི་ལྟར་ཡང་མི་འཐད་པར་སྟོན་ཏེ། དེ་ལ། འབྲས་བུ་འདས་པ་རྒྱུ་འདས་དང་། །མ་སྐྱེས་པ་དང་སྐྱེས་པ་དང་། །ལྷན་ཅིག་ཕྲད་པར་འགྱུར་བ་ནི། །ནམ་ཡང་ཡོད་པ་མ་ཡིན་ནོ། །
ཞེས་བྱ་བ་ནི་མུ་དང་པོ་གསུམ་ཡིན་ནོ། །དེ་ཉིད་བྱེ་བྲག་ཏུ་བཤད་པ་བསྟན་པའི་ཕྱིར། འབྲས་བུ་འདས་པ་ནི་རྒྱུ་འདས་པ་དང་། མ་སྐྱེས་པ་དང་ལྷན་ཅིག་ཕྲད་པར་གྱུར་པ་ནམ་ཡང་ཡོད་པ་མ་ཡིན་ཏེ། འབྲས་བུ་དང་རྒྱུ་གཉི་ག་མེད་པའི་ཕྱིར་རོ་ཞེས་བྱ་བར་དགོངས་སོ། །འབྲས་བུ་འདས་པ་དང་རྒྱུ་
སྐྱེས་པ་ཡང་ལྷན་ཅིག་ཕྲད་པར་འགྱུར་བ་ནམ་ཡང་ཡོད་པ་མ་ཡིན་ཏེ། འབྲས་བུ་མེད་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་སོ། །འབྲས་བུ་མ་སྐྱེས་རྒྱུ་མ་སྐྱེས། །འདས་པ་དང་ནི་སྐྱེས་པ་དང་། །ལྷན་ཅིག་ཕྲད་པར་འགྱུར་བ་ནི། །ནམ་ཡང་ཡོད་པ་མ་ཡིན་ནོ། །ཞེས་བྱ་བ་ནི་མུ་བར་མ་གསུམ་ཡིན་ནོ། །དེ་ཉིད་
བྱེ་བྲག་ཏུ་བཤད་པ་བསྟན་པའི་ཕྱིར། འབྲས་བུ་མ་སྐྱེས་པ་ནི་རྒྱུ་མ་སྐྱེས་པ་དང་། འདས་པ་དང་། ལྷན་ཅིག་ཕྲད་པར་འགྱུར་བ་ནམ་ཡང་ཡོད་པ་མ་ཡིན་ཏེ། འབྲས་བུ་དང་རྒྱུ་གཉི་ག་མེད་པའི་ཕྱིར་རོ། །འབྲས་བུ་མ་སྐྱེས་པ་དང་རྒྱུ་སྐྱེས་པ་ཡང་ལྷན་ཅིག་ཕྲད་པར་འགྱུར་བ་ནམ་ཡང་ཡོད་
པ་མ་ཡིན་ཏེ། འབྲས་བུ་མེད་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་སོ། །འབྲས་བུ་སྐྱེས་པ་རྒྱུ་སྐྱེས་དང་། །མ་སྐྱེས་པ་དང་འདས་པ་དང་། །ལྷན་ཅིག་ཕྲད་པར་འགྱུར་བ་ནི། །ནམ་ཡང་ཡོད་པ་མ་ཡིན་ནོ། །ཞེས་བྱ་བ་ནི་མུ་ཐ་མ་གསུམ་ཡིན་ནོ། །དེ་ཉིད་བྱེ་བྲག་ཏུ་བཤད་པ་བསྟན་པའི་ཕྱིར། འབྲས་བུ་སྐྱེས་པ་ནི་
རྒྱུ་སྐྱེས་པ་དང་། ལྷན་ཅིག་ཕྲད་པར་འགྱུར་བ་ནམ་ཡང་ཡོད་པ་མ་ཡིན་ཏེ། རྒྱུ་དང་འབྲས་བུ་གཉིས་དུས་གཅིག་ཏུ་འབྱུང་བ་བཀག་པའི་ཕྱིར་རོ། །འབྲས་བུ་སྐྱེས་པ་དང་རྒྱུ་མ་སྐྱེས་པ་དང་། འདས་པ་ཡང་ལྷན་ཅིག་ཕྲད་པར་འགྱུར་བ་ནམ་ཡང་ཡོད་པ་མ་ཡིན་ཏེ། རྒྱུ་གཉི་ག་