Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 101
Văn bản gốc(Tây Tạng)
Trang 21 / 23 (50.000 ký tự/trang)
ས་པ་ཙམ་ནི་ཡོད་དོ་ཞེས་བྱ་བ་དང་། ཐ་སྙད་དུ་རྣམ་པར་ཤེས་པ་ཙམ་ཉེ་བར་བླང་བ་བྱས་ནས་དོན་དམ་པར་དེ་ཡོངས་སུ་གཏོང་བར་འདོད་པ་དེ་དག་ གི་ལུགས་ནི་བཟང་པོ་མ་ཡིན་ནོ། །འདིར་གལ་ཏེ་རྣལ་འབྱོར་སྤྱོད་པ་པ་དག་འདི་སྐད་ཅེས་དང་པོར་ཕྱི་རོལ་གྱི་དོན་བདག་མེད་པར་བསྒོམས་ལ། རིམ་གྱིས་རྣམ་པར་ཤེས་པ་བདག་མེད་པར་བསྒོམས་ན་ཡང་མཇུག་ཏུ་དོན་གཅིག་ཏུ་འདུ་བས་སྐྱོན་མེད་དོ་ཞེས་ཟེར་བའི་ཕྱོགས་སྔ་མ་ཁོང་ནས་དབྱུང་བ་དེའི་ལན་དུ་ འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས། དང་པོར་ཕྱི་རོལ་གྱི་ཡུལ་གྱི་ཡུལ་སྒོམ་པར་བྱེད་ཅིང་རིམ་གྱིས་རྣམ་པར་ཤེས་པ་དང་། ཡེ་ཤེས་ཀྱི་ཡུལ་སྒོམ་པར་བྱེད་ན་ནི་རིམ་པ་ཁོ་ནས་བདག་མེད་པ་ཉིད་རྟོགས་པར་འགྲུབ་པའི་ཕྱིར་སྔ་ནས་ཅིག་ཅར་དུ་བསྒོམ་པ་ལ་སེར་སྣ་བྱ་མི་དགོས་སོ་ཞེས་བྱ་བ་སྨྲས་ཏེ། དེ་ལྟ་ ན་བླང་དོར་གྱི་དྲི་མ་དང་བྲལ་བ་གཉིས་ལས་སུ་འགྱུར་བའི་སྐྱོན་ཡོད་པས་ཅིག་ཅར་དབུ་མའི་ཚུལ་ཁས་བླང་བར་བྱ་བའི་རིགས་སོ་ཞེས་བསྟན་ཏོ། །དེའི་ཕྱིར་དེ་ལྟར་ཀུན་བརྟགས་པ་དང་། གཞན་གྱི་དབང་མི་མཐོང་བར་མི་འཐད་པའི་ཕྱིར་དམིགས་པ་ཐམས་ཅད་ཉེ་བར་ཞི་བར་མི་འགྲུབ་བོ་ཞེས་བྱ་བ་ནི་བརྟག་པ་ སྔ་མ་གཉིས་ཀྱི་མཇུག་བསྡུ་བ་ཡིན་ཏེ། དེའི་ཕྱིར་དེ་ལྟར་དཔྱད་ན་རྣལ་འབྱོར་སྤྱོད་པ་པ་དག་ན་རེ་གང་གི་ཚེ་ཀུན་བརྟགས་པའི་ངོ་བོ་ཉིད་མེད་པའི་ཕྱིར་མི་དམིགས་ཤིང་། གཞན་གྱི་དབང་གི་ངོ་བོ་ཉིད་ཀྱང་རྒྱུ་མཚན་དུ་མི་འཛིན་པས་ཡང་དག་པར་རྗེས་སུ་མི་མཐོང་བ་དེའི་ཚེ་ན་དམིགས་པ་ཐམས་ཅད་ཉེ་བར་ཞི་ བ་ཡིན་ནོ་ཞེས་ཟེར་བ་དེ་མི་འགྲུབ་བོ། །ད་ནི་རྣལ་འབྱོར་སྤྱོད་པ་པ་དག་ན་རེ་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ཅེས་བྱ་བ་ཆོས་རྣམས་ཀྱི་དེ་བཞིན་ཉིད་དོན་དམ་པར་ངོ་བོ་ཉིད་མེད་པ་ཉིད་ཀྱིས་ངོ་བོ་ཉིད་མེད་པ་ནི་དམིགས་པ་ཐམས་ཅད་ཉེ་བར་ཞི་བ་ཡིན་ཏེ། དོན་དམ་པར་ཡོད་པ་ཡིན་ན་ནི་ཞེས་ཟེར་བའི་ གཞུང་དགག་ཅིང་བརྟག་པ་གསུམ་པ་བསྟན་པའི་ཕྱིར། དེ་བཞིན་དུ་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ཅེས་བྱ་བ་དེ་ཡང་གང་ཡིན་ཞེས་བྱ་བ་སྨྲས་ཏེ། དེས་ནི་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ཅེས་བྱ་བ་ནི་གང་ཡིན། དེ་དོན་དམ་པར་ངོ་བོ་ཉིད་མེད་པ་ཉིད་ཀྱིས་ངོ་བོ་ཉིད་མེད་པ་ནི་ཇི་ལྟ་བུ་ཡིན་ཞེས་བརྟག་པ་བསྟན་ཏོ། ། ཆོས་རྣམས་ཀྱི་དེ་བཞིན་ཉིད་གང་ཡིན་པའོ་ཞེ་ན་ཞེས་བྱ་བ་ནི་རྣལ་འབྱོར་སྤྱོད་པ་པ་དག་གིས་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ནི་གཞན་གྱི་དབང་གི་ངོ་བོ་ཉིད་ལ་ཀུན་བརྟགས་པའི་ངོ་བོ་ཉིད་དུ་མངོན་པར་མ་ཞེན་པ་སྟེ། གཞན་གྱི་དབང་གི་ཆོས་རྣམས་ཀྱི་དེ་བཞིན་ཉིད་ལ་དམིགས་པ་རྣམ་པར་དག་པ་ཡང་དག་པའི་ཡེ་ཤེས་ ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །དབུ་མ་པས་དེ་མི་འཐད་པར་བསྟན་པའི་ཕྱིར། འོ་ན་དོན་དམ་པར་ཆོས་དེ་རྣམས་ཉིད་མ་གྲུབ་པས་དེ་རྣམས་ཀྱི་ཆོས་ཉིད་ཀྱང་མི་འཐད་པ་མ་ཡིན་ནམ་ཞེས་བྱ་བ་སྨྲས་ཏེ། དོན་དམ་པར་གཞན་གྱི་དབང་གི་ཆོས་རྣམས་མ་གྲུབ་པས་དེ་རྣམས་ཀྱི་དེ་བཞིན་ཉིད་ཀྱང་མི་འཐད་པའི་ཕྱིར་ ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ཀྱང་ཡོད་པ་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །ཇི་སྟེ་ཐ་སྙད་དུ་རྨི་ལམ་ལྟ་བུའི་བདག་ཉིད་དུ་སྐྱེས་པ་ཡོད་པ་རྣམས་དོན་དམ་པར་དེ་ལྟར་ཡོད་པ་མ་ཡིན་པ་ཉིད་ནི་ཆོས་རྣམས་ཀྱི་དེ་བཞིན་ཉིད་ཡིན་ནོ་ཞེ་ན་ནི་དེ་ངོ་བོ་ཉིད་ཀྱིས་སྐྱེ་བ་མེད་པ་ཁོ་ན་གྲུབ་པའི་ཕྱིར་དབུ་མ་པའི་སྨྲ་བའི་རྗེས་ སུ་སྨྲ་བ་ཉིད་ཡིན་ནོ་ཞེས་བྱ་བས་ནི་དེ་ལྟ་ན་དོན་དམ་པར་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ཡོད་པར་སྨྲ་བ་གཏང་དགོས་ཏེ། འདི་ལྟར་ཡོད་པ་མ་ཡིན་པ་ཉིད་ནི་དངོས་པོར་གྱུར་པ་ཉིད་མ་ཡིན་པའི་ཕྱིར་རོ་ཞེས་བསྟན་ཏོ། །ཇི་སྟེ་འདི་སྙམ་དུ་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ནི་མེད་པ་མ་ཡིན་ཏེ། འདི་ལྟར་དེ་ནི་གཉིས་ སུ་མེད་པའི་དངོས་པོའི་མཚན་ཉིད་དེ། ཇི་སྐད་དུ། གཉིས་དངོས་དངོས་པོ་མེད་པ་ཡིན། །དངོས་པོ་སྟོང་པའི་མཚན་ཉིད་དོ། །ཞེས་བཤད་པ་ལྟ་བུའོ་ཞེ་ན་ཞེས་བྱ་བ་ནི་རྣལ་འབྱོར་སྤྱོད་པ་པ་དག་ན་རེ་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ནི་དོན་དམ་པར་མེད་པ་མ་ཡིན་ཏེ། གཟུང་བ་དང་འཛིན་པ་གཉིས་སུ་མེད་ པའི་མཚན་ཉིད་དུ་ཡོད་པ་མ་ཡིན་ཏེ། ཇི་སྐད་དུ་དབུས་མཐའ་རྣམ་པར་འབྱེད་པ་ལས་དེ་སྐད་བཤད་པ་ལྟ་བུའོ་ཞེས་ཟེར་བའི་ཚིག་ཡིན་ནོ། །དེའི་ལན་དུ། དེ་ལ་འདིར་ཡང་འཐད་པ་གང་གིས་གཉིས་མེད་པ་ཡིན་ཞེས་བརྟག་པ་སྨྲས་སོ། །གལ་ཏེ། དམིགས་པ་ལ་ནི་བརྟེན་བྱས་ནས། ། མི་དམིགས་པ་ནི་རབ་ཏུ་སྐྱེ། །མི་དམིགས་པ་ལ་བརྟེན་བྱས་ནས། །མི་དམིགས་པ་ནི་རབ་ཏུ་སྐྱེ། །ཞེས་བྱ་བས་སོ་ཞེ་ན་ཞེས་བྱ་བ་ནི་ཕ་རོལ་པོ་དག་ན་རེ་སེམས་ཙམ་དུ་ཤེས་པ་ལ་བརྟེན་ནས་ཡུལ་མེད་པར་ཤེས་པ་སྐྱེ་ལ་ཡུལ་མེད་པར་ཤེས་པ་ལ་བརྟེན་ནས་གཟུང་བ་མེད་པར་འགྱུར་ཏེ། དེ་མེད་པས་ན་དེ་ཡང་མེད། །ཅེས་བྱ་བའི་འཐད་པས་གཉིས་མེད་པ་ཡིན་ནོ་ཞེས་ཟེར་བའི་ཚིག་ཡིན་ནོ། །དེའི་ལན་དུ། ཕྱོགས་དེའི་ལན་ནི་བཏབ་ཟིན་ཏོ་ཞེས་བྱ་བ་སྨྲས་ཏེ། དོན་དམ་པར་སྐྱེ་བ་བཀག་པ་ཉིད་ཀྱིས་སོ། །གཉིས་མེད་པ་ཞེས་བྱ་བའི་དགག་པ་འདི་ཡང་ཞེས་བྱ་བ་ལ་སོགས་པས་ ནི་མཚན་ཉིད་ལས་དགག་པ་ནི་རྣམ་པ་གཉིས་ཏེ། མེད་པ་དགག་པ་དང་། མ་ཡིན་པར་དགག་པའོ། །དེ་ལ་མེད་པར་དགག་པ་ནི་དགག་པ་གཙོ་ཆེ་བ་སྟེ། དཔེར་ན་བྲམ་ཟེ་མེད་དོ་ཞེས་དགག་པས་རྒྱལ་རིགས་ཡོད་པ་མི་སྒྲུབ་པར་བྲམ་ཟེ་མེད་པར་དགག་པ་ཉི་ཚེ་ཙམ་ཞིག་སྟོན་པ་ལྟ་བུའོ། །མ་ཡིན་ པར་དགག་པ་ནི་སྒྲུབ་པ་གཙོ་ཆེ་བ་སྟེ། དཔེར་ན་བྲམ་ཟེ་མ་ཡིན་ནོ་ཞེས་དགག་པས་བྲམ་ཟེ་མ་ཡིན་པར་དགག་པ་ཉི་ཚེ་ཙམ་མི་སྟོན་པར་རྒྱལ་རིགས་ཡིན་པར་སྒྲུབ་པ་ལྟ་བུའོ། །དེ་ལ་འདིར་ཡང་གཉིས་མེད་པ་ཞེས་བྱ་བའི་དགག་པ་འདི་གལ་ཏེ་མེད་པར་དགག་པའི་དོན་ཡིན་ན་ནི་གཟུང་བ་དང་། འཛིན་པ་ གཉིས་མེད་དོ་ཞེས་དགག་པ་ཉི་ཚེ་ཙམ་ཞིག་བསྟན་པར་བྱའི། དེ་གཉིས་མེད་པའི་དངོས་པོའི་མཚན་ཉིད་ཡོད་པར་བསྒྲུབ་ཏུ་མི་རུང་ངོ་། །འོན་ཏེ་མ་ཡིན་པར་དགག་པའི་དོན་ཡིན་ན་ནི་གཟུང་བ་དང་། འཛིན་པ་གཉིས་མེད་པ་ལས་གཞན་པ་མེད་པའི་དངོས་པོ་ཡོད་པར་སྒྲུབ་པས་མེད་པ་ཡོད་པར་སྒྲུབ་ན་སྐུར་པ་ འདེབས་པའི་མཐར་འགྱུར་བའི་ཕྱིར་དེ་ཡང་གཟུང་བར་མི་རིགས་པས་སྨྲ་བར་འདོད་པའི་དོན་འདི་ལ་དགག་པ་གཉི་གའི་ཚུལ་གྱིས་ཀྱང་གཉིས་མེད་པའི་དངོས་པོའི་མཚན་ཉིད་ཡོད་དོ་ཞེས་བྱར་མི་རུང་བར་སྟོན་ཏོ། །དེ་ཉིད་བསྟན་པའི་ཕྱིར། གལ་ཏེ་མེད་པར་དགག་པའི་དོན་ཡིན་ན་ནི་དེ་གཉིས་མེད་པར་ དགག་པ་ཁོ་ནས་མཐུ་ཟད་པ་ཡིན་ཏེ། མེད་པའི་སྐྱོན་དུ་མ་གྱུར་པ་ནི་དགག་པ་གཙོ་ཆེ་བའི་ཕྱིར་དོན་དམ་པར་མེད་པ་མ་ཡིན་པས་འདི་ལྟར་གཉིས་མེད་པའི་དངོས་པོ་ཡིན་ནོ་ཞེས་སྐུར་པ་འདེབས་པ་མི་རིགས་སོ་ཞེས་བྱ་བ་སྨྲས་ཏེ། དེས་ནི་མེད་པར་དགག་པའི་དོན་ཡིན་ན་གཟུང་ བ་དང་འཛིན་པ་གཉིས་མེད་པར་དགག་པ་ཁོ་ནར་ཟད་ཀྱི། དེ་གཉིས་མེད་པའི་དངོས་པོའི་མཚན་ཉིད་གཞན་ཡོད་པ་མ་ཡིན་པས། གཉིས་མེད་པ་ལས་གཞན་པ་མེད་པའི་དངོས་པོ་ཡིན་པར་སྒྲུབ་ཅིང་། སྐུར་པ་འདེབས་པ་མི་རིགས་སོ་ཞེས་བསྟན་ཏོ། །འོན་ཏེ་མ་ཡིན་པར་དགག་པའི་དོན་ཡིན་ན་ནི་དེ་ སྒྲུབ་པ་གཙོ་ཆེ་བའི་ཕྱིར་དངོས་པོ་མེད་པ་སྟོན་པར་བྱེད་པས་དེ་ནི་མི་འདོད་དེ། སྐུར་པ་འདེབས་པའི་མཐའ་ཡིན་པའི་ཕྱིར་རོ་ཞེས་བྱ་བས་ནི་མ་ཡིན་པར་དགག་པའི་དོན་ཡིན་ན་གཟུང་བ་དང་འཛིན་པ་གཉིས་མེད་པ་ལས་གཞན་མེད་པའི་དངོས་པོ་ཡོད་པར་སྟོན་པས་མེད་པ་ཡོད་པར་བསྒྲུབས་ན། སྐུར་པ་ འདེབས་པའི་མཐའ་ཡིན་པའི་ཕྱིར་དེ་ནི་མི་འདོད་དོ་ཞེས་བསྟན་ཏོ། །འདིར་ནི་མེད་པར་དགག་པ་འདོད་པར་བྱའོ། །མ་ཡིན་པར་དགག་པ་ནི་འདོད་པར་མི་བྱ་སྟེ། དེའི་ཉེས་དམིགས་བསྟན་པའི་ཕྱིར། རི་བོང་གི་རྭ་མེད་པ་ཡང་དངོས་པོ་མེད་པ་མ་ཡིན་ཏེ། འདི་ལྟར་མེད་པའི་དངོས་པོ་དེ་དང་དོན་དམ་ པར་འདྲ་བར་གྱུར་ན་ཆད་པར་ལྟ་བ་བསྒྲུབས་པར་འགྱུར་རོ་ཞེས་བྱ་བ་སྨྲས་ཏེ། རི་བོང་གི་རྭ་མེད་པ་ལས་གཞན་པའི་དངོས་པོ་མེད་པ་ཞིག་བསྒྲུབས་ན་གཏན་ཆད་པར་ལྟ་བར་འགྱུར་བ་དེ་བཞིན་དུ་གཟུང་བ་དང་འཛིན་པ་གཉིས་མེད་པ་ལས་གཞན་པའི་དོན་དམ་པ་དངོས་པོ་མེད་པ་ཞིག་བསྒྲུབས་ན་གཏན་ཆད་ པར་ལྟ་བར་འགྱུར་ཏེ། ཡོད་པ་ཡོད་པར་བསྒྲུབས་ན་ནི་རྟག་པར་ལྟ་བར་འགྱུར་ལ། མེད་པ་མེད་པར་བསྒྲུབས་ན་ནི་ཆད་པར་ལྟ་བར་འགྱུར་བའི་ཕྱིར་རོ། །དེ་མི་དམིགས་པ་རྣམ་པར་དག་པ་ཉིད་ཀྱང་ཇི་ལྟ་བུ་ཡིན་ཞེས་བྱ་བས་ནི་ཡང་གཞན་ཡང་ཁྱོད་ཀྱིས་དེ་ཁོ་ན་ལ་ལྟ་བ་རྣམས་ནི་ཡོངས་སུ་གྲུབ་པའི་ངོ་ བོ་ཉིད་རྣམ་པར་དག་པ་ལ་རྟོག་པར་བྱེད་དོ་ཞེས་བྱ་བ་སྨྲས་པས་དེའི་ཕྱིར་ཡོངས་སུ་གྲུབ་པ་དེའི་དམིགས་པ་རྣམ་པར་དག་པ་ཉིད་ཀྱང་ཇི་ལྟ་བུ་ཡིན་ཞེས་དབུ་མ་པས་རྣལ་འབྱོར་སྤྱོད་པ་པ་དག་ལ་དྲི་བ་སྟོན་ཏོ། །གལ་ཏེ་རྣམ་པར་མི་རྟོག་པའི་ངོ་བོ་ཉིད་ཀྱིས་སོ་ཞེ་ན་ཞེས་བྱ་བ་ནི་དེ་སྐད་ཅེས་དྲིས་པ་ན་རྣལ་འབྱོར་ སྤྱོད་པ་པ་དག་ན་རེ་རྣམ་པར་མི་རྟོག་པའི་ངོ་བོ་ཉིད་ཀྱིས་ཡོངས་སུ་གྲུབ་པ་དེའི་དམིགས་པའི་རྣམ་པར་དག་པ་ཉིད་ཡིན་ཏེ་ཞེས་ཟེར་བའི་ཚིག་ཡིན་ཏེ། གང་གི་ཕྱིར་དོན་དམ་པའི་གནས་སྐབས་ན་ཡང་དག་པའི་ཡེ་ཤེས་ཀྱིས་དེ་བཞིན་ཉིད་ལ་དམིགས་པའི་དུས་ན་ཆོས་རྣམས་ཀྱི་ངོ་བོ་ཉིད་དང་། ཁྱད་པར་ལ་ སོགས་པར་ཐ་སྙད་པའི་རྣམ་པར་རྟོག་པ་མེད་པའི་ངོ་བོ་ཉིད་ཀྱིས་དེའི་དམིགས་པ་རྣམ་པར་དག་པ་ཡིན་ནོ་ཞེས་ཟེར་རོ། །དེ་མི་འཐད་པར་བསྟན་པའི་ཕྱིར་དམིགས་པ་ཅན་གྱི་ཡེ་ཤེས་དེ་ནི་རྣམ་པར་མི་རྟོག་པ་ཞེས་བྱ་བ་མ་ཡིན་ཏེ། འདི་ནི་འདིའོ་ཞེས་རྣམ་པར་མི་རྟོག་ཀྱང་ཡུལ་སྣང་བའི་ཕྱིར་དཔེར་ན་ མིག་གི་རྣམ་པར་ཤེས་པ་བཞིན་པས་ཞེས་བྱ་བ་སྨྲས་ཏེ། དེ་དག་ནི་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་མིག་གི་རྣམ་པར་ཤེས་པ་ནི་རྟོག་པའི་རྣམ་པར་རྟོག་པ་དང་། རྗེས་སུ་དྲན་པའི་རྣམ་པར་རྟོག་པ་མེད་པས་ འདི་ནི་འདིའོ་ཞེས་ཆོས་རྣམས་ཀྱི་ངོ་བོ་ཉིད་དང་ཁྱད་པར་ལ་སོགས་པར་ཐ་སྙད་པའི་རྣམ་པར་རྟོག་པ་མེད་ཀྱང་། ངོ་བོ་ཉིད་ཀྱི་རྣམ་པར་རྟོག་པ་ཡོད་པས་ཡུལ་སྣང་བའི་ཕྱིར་རྣམ་པར་མི་རྟོག་པ་ཞེས་བྱ་བ་མ་ཡིན་པ་དེ་བཞིན་དུ་ཁྱེད་ཀྱི་ཡང་དག་པའི་ཡེ་ཤེས་དེ་བཞིན་ཉིད་ཀྱི་དམིགས་པ་ཅན་དེ་ཡང་ ཀུན་བརྟགས་པའི་ངོ་བོ་ཉིད་དུ་མངོན་པར་ཞེན་པ་མེད་པས་འདི་ནི་འདིའོ་ཞེས་ཆོས་རྣམས་ཀྱི་ངོ་བོ་ཉིད་དང་ཁྱད་པར་ལ་སོགས་པར་ཐ་སྙད་པའི་རྣམ་པར་རྟོག་པ་མེད་ཀྱང་དམིགས་པ་ཅན་ཡིན་པས་ཡུལ་སྣང་བའི་ཕྱིར་རྣམ་པར་མི་རྟོག་པ་ཞེས་བྱ་བ་མ་ཡིན་པའི་སྐྱོན་དུ་འགྱུར་བས་རྣམ་པར་མི་རྟོག་ པའི་ངོ་བོ་ཉིད་ཀྱིས་དེའི་དམིགས་པ་རྣམ་པར་དག་པ་ཉིད་ཡིན་ནོ་ཞེས་བྱ་བར་མི་རུང་སྟེ། དམིགས་པ་ཡོད་ན་རྣམ་པར་མི་རྟོག་པ་ཞེས་བྱ་བ་མ་ཡིན་པའི་ཕྱིར། རེ་ཞིག་དེ་དག་གིས་ནི་རྣལ་འབྱོར་སྤྱོད་པ་པ་དག་གིས་དོན་དམ་པར་ཡང་དག་པའི་ཡེ་ཤེས་དེ་བཞིན་ཉིད་ལ་དམིགས་པ་རྣམ་པར་ དག་པ་ཉིད་ཡོད་པར་བརྟགས་པ་དེ་རིགས་པ་དང་འགལ་བས་མི་རུང་བར་བསྟན་ཏོ། །ད་ནི་ལུང་དང་འགལ་བས་མི་རུང་བར་བསྟན་པའི་ཕྱིར། མདོ་སྡེ་ལས་དོན་དམ་པའི་བདེན་པ་གང་ཞེ་ན། གང་ལ་ཡེ་ཤེས་ཀྱང་མི་འཇུག་ན་ཡི་གེ་རྣམས་ལྟ་སྨོས་ཀྱང་ཅི་དགོས་ཞེས་བྱ་བ་དང་། མཐོང་བ་ མེད་པ་ནི་དེ་ཁོ་ན་མཐོང་བའོ་ཞེས་བྱ་བ་དང་། ཚངས་པ་དེ་བཞིན་གཤེགས་པ་རྣམས་ཀྱི་བྱང་ཆུབ་ནི་དམིགས་སུ་མེད་པའོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་དང་ཡང་འགལ་ལོ་ཞེས་བྱ་བ་སྨྲས་སོ། །སྩོགས་པའི་སྒྲས་ནི་འཕགས་པ་དྲི་མ་མེད་པར་གྲགས་པས་བསྟན་པའི་ མདོ་ལས་གནས་བརྟན་ཤཱ་རིའི་བུས་འཕགས་པ་དྲི་མ་མེད་པར་གྲགས་པའི་ཁྱིམ་ན་གནས་པའི་ལྷ་མོ་ལ་དྲིས་པ། ལྷ་མོ་ཁྱོད་ཡུན་ཇི་སྲིད་ཀྱིས་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར། ལྷ་མོས་སྨྲས་པ། གང་གི་ཚེ་གནས་བརྟན་སོ་སོའི་སྐྱེ་བོའི་ཆོས་དང་ལྡན་པར་འགྱུར་བ་དེའི་ཚེ་ན་བདག་ བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །གནས་བརྟན་གྱིས་སྨྲས་པ། ལྷ་མོ་ཁོ་བོ་སོ་སོའི་སྐྱེ་བོའི་ཆོས་དང་ལྡན་པར་འགྱུར་བ་གང་ཡིན་པ་དེ་ནི་གནས་མེད་དོ། །ལྷ་མོས་སྨྲས་པ། བཙུན་པ་ཤཱ་རིའི་བུ་དེ་བཞིན་དུ་བདག་ཀྱང་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་ གང་ཡིན་པ་དེ་ཡང་གནས་མེད་དོ། །དེ་ཅིའི་ཕྱིར་ཞེ་ན། གང་གི་ཕྱིར་བྱང་ཆུབ་ནི་མི་གནས་པ་དེའི་ཕྱིར་འགའ་ཞིག་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་དེ་གནས་མེད་པའི་ཕྱིར་རོ། །གནས་བརྟན་གྱིས་སྨྲས་པ། ལྷ་མོ་འོ་ན་སངས་རྒྱས་བཅོམ་ལྡན་འདས་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་མངོན་ པར་རྫོགས་པར་སངས་རྒྱས་ཤིང་། མངོན་པར་རྫོགས་པར་འཚང་རྒྱ་བ་དང་། མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་མ་ཡིན་ནམ། ལྷ་མོས་སྨྲས་པ། འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་ཞེས་བྱ་བ་དེ་དག་ནི་ཡི་གེ་དང་། བགྲང་བ་དང་། བརྡའི་ཚིག་བླ་དགས་ ཡིན་གྱི། དོན་དམ་པར་ནི་འགའ་ཡང་མངོན་པར་རྫོགས་པར་འཚང་རྒྱ་བ་མེད་དོ་ཞེས་བྱ་བ་ལ་སོགས་གསུངས་པ་དང་། འཕགས་པ་བདེན་པ་པོས་བསྟན་པའི་ལེའུ་ལས། ཚེ་དང་ལྡན་པ་འོད་སྲུངས་ཆེན་པོས་བདེན་པ་པོ་ལ་སྨྲས་པ། རིགས་ཀྱི་བུ་ཁྱོད་ཀྱིས་དེ་བཞིན་གཤེགས་པ་མང་པོ་མཉེས་པར་ བྱས་ན་ཅིའི་ཕྱིར་ཁྱོད་ཉིད་ཚོགས་ཡོངས་སུ་བསྐང་ཞིང་མངོན་པར་རྫོགས་པར་འཚང་མི་རྒྱ། བདེན་པ་པོས་སྨྲས་པ། བཙུན་པ་འོད་སྲུངས་ཆེན་པོ་གལ་ཏེ་བདག་གིས་བྱང་ཆུབ་བམ། མངོན་པར་རྫོགས་པར་འཚང་རྒྱ་བ་ཞིག་དམིགས་ན་ནི་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་ པར་འཚང་རྒྱའོ། །གནས་བརྟན་འོད་སྲུངས་ཆེན་པོས་སྨྲས་པ། བདེན་པ་པོ་བྱང་ཆུབ་སེམས་དཔའ་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་གིས་སྨོན་ལམ་བཏབ་ནས་མངོན་པར་རྫོགས་པར་སངས་རྒྱས་པར་ཡང་མ་གྱུར་ཏམ། བདེན་པ་པོས་སྨྲས་པ། བཙུན་པ་འོད་སྲུངས་ཆེན་པོ་སེམས་ཅན་མངོན་པའི་ང་རྒྱལ་ ཅན་རྣམས་ཀྱིས་དེ་ལྟར་བགྲང་བར་བྱས་ཀྱི། དོན་དམ་པར་ནི་བྱང་ཆུབ་ཀྱང་དམིགས་སུ་མེད་ལ། བྱང་ཆུབ་སེམས་དཔའ་ཡང་དམིགས་སུ་མེད་དོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་དག་བསྡུས་ཏེ། ལུང་དེ་དག་དང་ཡང་འགལ་ལོ། །རྟོགས་པར་བྱ་བ་སྐྱེ་བ་མེད་པ་བཞིན་དུ་ཤེས་པ་ཡང་སྐྱེ་བ་མེད་པའི་ཕྱིར་ དེ་འཇུག་པ་མེད་པར་གྲུབ་སྟེ་ཞེས་བྱ་བས་ནི་དོན་དམ་པར་ཤེས་བྱ་དང་། ཤེས་པ་གཉི་ག་སྐྱེ་བ་མེད་པའི་ཕྱིར་རྣལ་འབྱོར་སྤྱོད་པ་པ་དག་གིས་བརྟགས་པའི་ཡང་དག་པའི་ཡེ་ཤེས་དེ་བཞིན་ཉིད་ལ་འཇུག་པ་མེད་པར་འགྲུབ་པོ་ཞེས་བསྟན་ཏོ། །བཅོམ་ལྡན་འདས་ཀྱིས་ཤེས་བྱ་དང་ཐ་མི་དད་པའི་ཡེ་ཤེས་ཀྱིས་ ཐམས་ཅད་ཐུགས་སུ་ཆུད་དོ་ཞེས་གསུངས་པ་དེ་ཡང་གྲུབ་པ་ཡིན་པས། དེའི་ཕྱིར་དབུ་མ་པའི་སྨྲ་བའི་ཚུལ་ལ་ཡང་དག་པར་བརྟེན་པ་ཉིད་ལེགས་སོ་ཞེས་བྱ་བ་ནི་འཇུག་པ་མེད་པར་གྲུབ་པའི་ཡོན་ཏན་དང་། ཁུངས་དང་། མཇུག་བསྡུ་བ་ཡིན་ནོ། །ཇི་སྟེ་འདི་སྙམ་དུ་དཔེར་ན་ཐག་པ་བསྡོགས་པ་ ལ་སྦྲུལ་དུ་འདུ་ཤེས་པས་ཐག་པའི་ངོ་བོ་ཉིད་རྟོགས་ན་སྦྲུལ་གྱི་འཇིགས་པ་ཉེ་བར་ཞི་བ་བཞིན་དུ་དེ་བཞིན་ཉིད་མཐོང་བས་ཉོན་མོངས་པ་ཞི་བར་འགྱུར་བའི་ཕྱིར་ཆོས་ཀྱི་དབྱིངས་ལ་དམིགས་པར་བྱ་བ་ཁོ་ན་ཡིན་ནོ་སྙམ་ན་ཞེས་བྱ་བ་ནི་ཕ་རོལ་པོ་དག་ཡང་དག་པའི་ཡེ་ཤེས་ཀྱིས་དེ་བཞིན་ཉིད་ལ་དམིགས་པར་བྱ་བ་ རིགས་པས་སྒྲུབ་པའི་ཚིག་ཡིན་ནོ། །དེ་མི་རིགས་པར་བསྟན་པའི་ཕྱིར། ཇི་ལྟར་ཐག་པ་བསྡོགས་པ་ལ་སྦྲུལ་གྱི་བློ་སྐྱེས་ན་ལོག་པར་ཤེས་པའི་ཕྱིར་འཇིགས་པ་སྐྱེའི། དེའི་བློ་མ་སྐྱེས་ན་ཡང་དག་པར་ཤེས་པའི་ཕྱིར་འཇིགས་པ་མེད་པ་དང་། སྐྱོན་ཆ་མི་མཉམ་པ་སྐྱེས་ན་ནད་དུ་འགྱུར་གྱི། དེ་ མ་སྐྱེས་ན་སྡུག་བསྔལ་མེད་པར་འགྱུར་བ་བཞིན་པས་དེ་བཞིན་ཉིད་ལ་དམིགས་པའི་ཡེ་ཤེས་སྐྱེ་བར་འདོད་པར་མི་བྱའོ་ཞེས་བྱ་བ་སྨྲས་ཏེ། དེས་ནི་དམིགས་པ་མེད་པའི་ཚུལ་གྱིས་མི་གནས་པའི་ལམ་བསྒོམ་པའི་ཚུལ་བསྟན་ཏོ། །དེ་ཉིད་ཀྱི་འཐད་པ་བསྟན་པའི་ཕྱིར། དངོས་པོ་རྣམས་རྣམ་པ་ཐམས་ ཅད་དུ་ཡོངས་སུ་མ་གྲུབ་པ་ནི་དངོས་པོའི་དེ་ཁོ་ན་ཉིད་ཡིན་ལ། དེ་ནི་རྣམ་པ་ཐམས་ཅད་དུ་ཡང་ཡུལ་གྱི་དངོས་པོར་ཉེ་བར་མི་འགྱུར་བའི་ཕྱིར་དམིགས་པ་ཉིད་དུ་མི་རིགས་སོ་ཞེས་བྱ་བ་སྨྲས་ཏེ། ཕྱི་དང་ནང་གི་དངོས་པོ་རྣམས་དོན་དམ་པར་སྐྱེ་བ་དང་། འགག་པ་དང་། རྟག་པ་ དང་། ཆད་པ་དང་། འགྲོ་བ་དང་། འོང་བ་དང་། དོན་གཅིག་པ་དང་། ཐ་དད་པ་ལ་སོགས་པ་རྣམ་པ་ཐམས་ཅད་ཡོངས་སུ་མ་གྲུབ་པ་དེ་ནི་དེ་ཁོ་ན་ཡིན་ལ་དེ་ནི་ཡང་དག་པའི་ཡེ་ཤེས་དང་། དེ་དེ་བཞིན་ཉིད་ཀྱི་འཇུག་པའི་ཚུལ་དུ་བརྟགས་པ་ལ་སོགས་པ་རྣམ་པ་ཐམས་ཅད་དུ་ཡང་ཡུལ་གྱི་དངོས་པོར་ ཉེ་བར་མི་འགྱུར་བའི་ཕྱིར་དམིགས་པ་ཉིད་དུ་མི་རིགས་ཏེ། དེ་ལྟར་ཡང་འཕགས་པ་བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་དམ་པའི་ཆོས་ཡོངས་སུ་གཟུང་བར་བཀའ་སྩལ་པ་དང་། བྱང་ཆུབ་སེམས་དཔའ་གཞན་ཐམས་ཅད་ཀྱིས་ བདག་ཅག་གིས་དམ་པའི་ཆོས་ཡོངས་སུ་གཟུང་ངོ་ཞེས་གསོལ་བའི་ཚེ། འཇམ་དཔལ་གཞོན་ནུར་གྱུར་པས་གསོལ་པ། བཅོམ་ལྡན་འདས་འདི་ལྟ་སྟེ་བྱང་ཆུབ་སེམས་དཔའ་འདི་དག་བདག་ཅག་གིས་དམ་པའི་ཆོས་ཡོངས་སུ་གཟུང་ངོ་ཞེས་མཆི་བ་འདི་ནི་ལོག་པར་སྨྲ་བ་ལགས་ཏེ། དེ་ཅིའི་སླད་ དུ་ཞེ་ན། བཅོམ་ལྡན་འདས་མངོན་པར་རྫོགས་པར་སངས་རྒྱས་པས་གང་ཡོངས་སུ་གཟུང་བར་བགྱི་བའི་ཆོས་བཀའ་སྩལ་པ་དེ་ལྟ་བུ་འགའ་ཡང་མ་མཆིས་པའི་སླད་དུ་སྟེ། བཅོམ་ལྡན་འདས་དེའི་སླད་དུ་བདག་ནི་དམ་པའི་ཆོས་ཡོངས་སུ་གཟུང་བས་ཡོངས་སུ་འཛིན་པར་མི་བགྱིད་དོ། །བཅོམ་ ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་ལེགས་སོ་ལེགས་སོ། །བྱང་ཆུབ་ཀྱི་སྙིང་པོ་ལ་འདུག་ནས་ཇི་ཡང་མ་ཐོབ་པ་ཁོ་ནར་ལངས་སོ་ཞེས་གསུངས་པ་ཡིན་ནོ། །དམིགས་པ་མེད་པ་བསྟན་པ་དེ་ཉིད་ཀྱི་ཁུངས་བསྟན་པའི་ཕྱིར་བཅོམ་ལྡན་འདས་ལ་འཇམ་དཔལ་གཞོན་ནུར་གྱུར་ པས། །སངས་རྒྱས་ནམ་མཁའི་མཚན་ཉིད་དེ། །ནམ་མཁའ་ལ་ཡང་མཚན་ཉིད་མེད། །མཚན་གཞི་མཚན་ཉིད་དེས་གྲོལ་བ། །དམིགས་མེད་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་བྱ་བ་ལ་སོགས་པས་བསྟོད་པ་མཛད་དོ་ཞེས་བྱ་བ་སྨྲས་ཏེ། འཕགས་པ་སངས་རྒྱས་ཐམས་ཅད་ཀྱི་ཡུལ་ལ་ འཇུག་པ་ཡེ་ཤེས་སྣང་བའི་རྒྱན་ཅེས་བྱ་བའི་མདོ་ལས་དེ་སྐད་གསུངས་སོ། །ད་འདི་མན་ཆད་ནི་དེ་ལྟར་དམིགས་པ་མེད་པའི་ཚུལ་གྱིས་མི་གནས་པའི་ལམ་བསྒོམ་པ། བསྟན་པ་འདི་ལ་གཞན་དག་ལོག་པར་སྒྲུབ་པའི་དོགས་པ་བསལ་བ། རིགས་པ་དང་། ལུང་གཞན་གྱིས་སྒྲུབ་པ་བསྟན་པར་བྱ་སྟེ། དེ་ལ་ཇི་སྟེ་འདི་སྙམ་དུ་གལ་ཏེ་དེ་བཞིན་གཤེགས་པས་ཆོས་ཀྱི་དབྱིངས་མ་དམིགས་ན། ཇི་ལྟར་དེ་ཐུགས་སུ་ཆུད་པས་སངས་རྒྱས་པར་གྱུར་སྙམ་ན་ཞེས་བྱ་བས་ནི་དམིགས་པ་ལ་མངོན་པར་ཞེན་པའི་རྟོག་གེ་པ་དམིགས་པ་མེད་པའི་དེ་ཁོ་ན་གོམས་པའི་ཉམས་མེད་པ་དག་འདི་སྙམ་དུ་སེམས་ནའོ། །དེ་ལ་རིག་ པ་དང་ལུང་གིས་དམིགས་པ་མེད་པའི་དེ་ཁོ་ན་བསྟན་པའི་ཕྱིར། ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་ཡོངས་སུ་མ་གྲུབ་པའི་ཕྱིར་རྣམ་པ་ཐམས་ཅད་མཁྱེན་པའི་སྤྱོད་ཡུལ་ནི་དེ་ཁོ་ན་ཞེས་བྱ་བ་སྟེ། ཤེས་བྱ་དང་དེ་ཁོ་ན་དང་སྤྱོད་ཡུལ་དང་ཡེ་ཤེས་སྐྱེ་བ་མེད་པ་ཉིད་ཀྱིས་ཆོས་ཀྱི་དབྱིངས་ཐུགས་སུ་ཆུད་ པས་སངས་རྒྱས་པར་འགྱུར་ཏེ། ཇི་སྐད་དུ་དེ་བཞིན་གཤེགས་པ་རྣམས་ཀྱིས་བྱང་ཆུབ་ནི་མངོན་པར་རྟོགས་པ་མེད་པས་རབ་ཏུ་ཕྱེ་བའོ་ཞེས་གསུངས་པ་ལྟ་བུའོ་ཞེས་བྱ་བ་སྨྲས་ཏེ། དེས་ནི་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱང་དེ་ཁོ་ནའི་ཡུལ་ཅན་མ་ཡིན་ལ། ཆོས་རྣམས་ཀྱི་དེ་ཁོ་ན་ཡང་ དམིགས་པར་བྱ་བའི་ཡུལ་མ་ཡིན་པ་མཉམ་པ་ཉིད་ཐུགས་སུ་ཆུད་པས་རབ་ཏུ་ཕྱེ་བ་ནི་སངས་རྒྱས་བཅོམ་ལྡན་འདས་ཡིན་ནོ་ཞེས་བསྟན་ཏོ། །རྣལ་འབྱོར་སྤྱོད་པ་པ་དག་གིས་བརྟགས་པའི་ཡང་དག་པའི་ཡེ་ཤེས་དང་། དེ་བཞིན་ཉིད་དགག་པ་བསྟན་པའི་ཕྱིར། དེ་བཞིན་ཉིད་ལ་དམིགས་པའི་ཡེ་ཤེས་ ནི་དོན་དམ་པའི་སྤྱོད་ཡུལ་ཅན་ཡིན་པར་མི་རིགས་ཏེ། འདུས་བྱས་ཡིན་པའི་ཕྱིར། དཔེར་ན་མིག་གི་རྣམ་པར་ཤེས་པ་བཞིན་ནོ་ཞེས་བྱ་བ་སྨྲས་ཏེ། དེས་ནི་རྣལ་འབྱོར་སྤྱོད་པ་པ་དག་གིས་བརྟགས་པའི་ཡང་དག་པའི་ཡེ་ཤེས་དམིགས་པ་ཅན་ནི་དོན་དམ་པར་ཤེས་པ་མ་ཡིན་པར་བསྒྲུབ་པའི་རྗེས་སུ་ དཔག་པ་སྟོན་ཏེ། དེ་དག་ནི་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་མིག་གི་རྣམ་པར་ཤེས་པ་ནི་འདུས་བྱས་ཡིན་པའི་ཕྱིར་དོན་དམ་པའི་སྤྱོད་ཡུལ་ཅན་ཡིན་པར་མི་རིགས་པ་དེ་བཞིན་དུ་རྣལ་འབྱོར་སྤྱོད་པ་པ་དག་གིས་ བརྟགས་པ་དེ་བཞིན་ཉིད་ལ་དམིགས་པའི་ཡེ་ཤེས་ཀྱང་འདུས་བྱས་ཡིན་པའི་ཕྱིར་དོན་དམ་པའི་སྤྱོད་ཡུལ་ཅན་ཡིན་པར་མི་རིགས་སོ། །དེ་བཞིན་དུ་དེའི་དམིགས་པར་བྱ་བ་དེ་བཞིན་ཉིད་ཀྱང་སླུ་བའི་ཆོས་ཅན་ཡིན་ཞིང་དེ་ཁོ་ན་མ་ཡིན་ཏེ། དམིགས་པར་བྱ་བ་ཡིན་པའི་ཕྱིར། དཔེར་ ན་གཟུགས་བཞིན་ནོ་ཞེས་བྱ་བས་ནི་རྣལ་འབྱོར་སྤྱོད་པ་པ་དག་གིས་བརྟགས་པའི་དེ་བཞིན་ཉིད་ཀྱི་དམིགས་པར་བྱ་བ་ནི་སླུ་བའི་ཆོས་ཅན་ཡིན་ཞིང་དེ་ཁོ་ན་མ་ཡིན་པར་བསྒྲུབ་པའི་རྗེས་སུ་དཔག་པ་སྟོན་ཏེ། དེ་དག་ཀྱང་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་ རིམས་བཞིན་དུ་སྦྱར་ཏེ། དཔེར་ན་གཟུགས་ནི་དམིགས་པར་བྱ་བ་ཡིན་པའི་ཕྱིར་སླུ་བའི་ཆོས་ཅན་ཡིན་ཞིང་དེ་ཁོ་ན་མ་ཡིན་པ་དེ་བཞིན་དུ་ཡང་དག་པའི་ཡེ་ཤེས་དེའི་དམིགས་པར་བྱ་བ་དེ་བཞིན་ཉིད་ཀྱང་དམིགས་པར་བྱ་བ་ཡིན་པའི་ཕྱིར་སླུ་བའི་ཆོས་ཅན་ཡིན་ཞིང་དེ་ཁོ་ན་མ་ཡིན་ནོ། །ཇི་སྟེ་མདོ་སྡེ་ལས་དོན་ དམ་པ་ནི་བརྟག་པར་མི་ནུས་པ་དང་། རྟོག་གེའི་སྤྱོད་པ་མ་ཡིན་པར་བསྟན་པའི་ཕྱིར་རྗེས་སུ་དཔག་པས་བསྟན་པར་བྱ་བ་མ་ཡིན་ནོ་ཞེ་ན་ཞེས་བྱ་བ་ནི། ཕ་རོལ་པོ་དབུ་མ་པའི་རྗེས་སུ་དཔག་པ་སྔ་མ་གཉིས་ཀྱིས་ཡང་དག་པའི་ཡེ་ཤེས་དང་དེ་བཞིན་ཉིད་དགག་པ་བསྟན་པ་དེ་ལ་ཕྱིར་ཟློག་པའི་ཚིག་ ཡིན་ནོ། །དེའི་ལན་དུ་འགྲེལ་པ་བྱེད་པ་ཉིད་ཀྱིས། ལུང་དང་མཐུན་པའི་རྗེས་སུ་དཔག་པའི་སྟོབས་ཉིད་ཀྱིས་རྣམ་པར་རྟོག་པ་ཐམས་ཅད་བཀག་པས་རྣམ་པར་མི་རྟོག་པའི་ཡེ་ཤེས་འགྲུབ་པའི་ཕྱིར་དོན་དམ་པ་ནི་རྗེས་སུ་དཔག་པའི་ཡུལ་མ་ཡིན་ཡང་དེ་གཙོ་བོ་མ་ཡིན་པ་མ་ཡིན་ཏེ། ཡང་ དག་པ་དང་ཡང་དག་པ་མ་ཡིན་པ་བརྟག་པའི་སྒྲུབ་པ་གཞན་མེད་པའི་ཕྱིར་དེ་ནི་རིགས་པ་མ་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། འོ་བུ་ཅག་གཉི་ག་ལུང་ལ་བརྟེན་པར་འདྲ་ཡང་ཁྱེད་ལ་ནི་ལུང་དང་མཐུན་པའི་རྗེས་སུ་དཔག་པ་མེད་པས་དོན་དམ་པར་སྟོན་པར་ཡང་མི་ནུས་ཀྱི། ཁོ་བོ་ལ་ནི་ལུང་དང་མཐུན་པའི་ རྗེས་སུ་དཔག་པ་ཡོད་པས་དེའི་སྟོབས་ཉིད་ཀྱིས་རྣམ་པར་རྟོག་པ་ཐམས་ཅད་བཀག་པས་རྣམ་པར་མི་རྟོག་པའི་ཡེ་ཤེས་དོན་དམ་པ་པ་ཡང་འགྲུབ་བོ། །དེ་གྲུབ་པའི་ཕྱིར་དོན་དམ་པ་དེ་ནི་རྟོག་གེ་པའི་རྗེས་སུ་དཔག་པའི་ཡུལ་མ་ཡིན་ཡང་རྗེས་སུ་དཔག་པ་དེ་གཙོ་བོ་མ་ཡིན་པ་མ་ཡིན་ཏེ། ཐ་སྙད་ཀྱི་སྒོ་ནས་ ཡང་དག་པ་དང་ཡང་དག་པ་མ་ཡིན་པའི་བརྟག་པའི་བསྒྲུབ་པ་ནི་རྗེས་སུ་དཔག་པའི་གསལ་བ་དང་། དེ་ཁོ་ན་མ་གཏོགས་པར་གཞན་མེད་པའི་ཕྱིར་རྗེས་སུ་དཔག་པས་ཀྱང་བསྟན་དགོས་པས་ཁྱོད་ཀྱི་གླན་ཀ་དེ་ནི་རིགས་པ་མ་ཡིན་ནོ། །དཔྱད་པ་རྒྱས་པར་ནི་དབུ་མའི་སྙིང་པོ་འདི་ཁོ་ན་ལ་འཇུག་པའི་སྐབས་ནས་ རྣལ་འབྱོར་སྤྱོད་པ་པ་དག་དང་ལྷན་ཅིག་བྱེད་པར་འགྱུར་རོ་ཞེས་བྱ་བ་ནི་ཐེག་པ་ཆེན་པོ་དབུ་མ་པའི་གཞུང་བསྟན་པ་དང་། རྣམ་པར་ཤེས་པ་ཙམ་དུ་སྨྲ་བ་དག་གི་གཞུང་མི་འཐད་པར་དཔྱད་པ་རྒྱས་པར་ནི། སློབ་དཔོན་ལེགས་ལྡན་བྱེད་ཉིད་ཀྱིས་དབུ་མའི་རྩ་བའི་ཚིག་ལེའུར་བྱས་པ་དབུ་ མའི་སྙིང་པོའི་འགྲེལ་པ་རྟོག་གེ་འབར་བ་ཞེས་བྱ་བའི་ནང་ནས་རྣལ་འབྱོར་སྤྱོད་པ་པའི་དེ་ཁོ་ན་ལ་འཇུག་པ་ཞེས་བྱ་བའི་སྐབས་ནས་སྟོན་པར་འགྱུར་རོ་ཞེས་བྱ་བར་ཡང་སྦྱར་རོ། །ཞར་ལ་བཤད་པས་ཆོག་སྟེ། འདི་ནི་མངོན་པར་བརྩོན་པ་རྣམས་རང་གི་སྡེ་པ་དག་དང་ལྷན་ཅིག་རིགས་ པ་དང་རིགས་པ་མ་ཡིན་པ་རྟོགས་པའི་ཕྱོགས་ཙམ་ཞིག་བསྟན་པ་ཡིན་ནོ་ཞེས་བྱ་བ་ནི་ཞར་ལ་བཤད་པའི་མཇུག་བསྡུ་བ་ཡིན་ནོ། །དེ་ལ་འདིར་རབ་ཏུ་བྱེད་པའི་དོན་ནི་ཕ་རོལ་པོ་དག་གིས་རབ་ཏུ་བྱེད་པའི་དང་པོར་བསྒྲུབ་པ་སྨྲས་པའི་སྐྱོན་བརྗོད་པས་མྱ་ངན་ལས་འདས་པ་ངོ་བོ་ཉིད་མེད་པ་ཉིད་དུ་བསྟན་པ་ ཡིན་ནོ་ཞེས་བྱ་བ་ནི་མཇུག་བསྡུ་བ་དང་ཚད་མའི་འབྲས་བུ་ཡིན་ཏེ། མྱ་ངན་ལས་འདས་པ་བརྟག་པའི་རབ་ཏུ་བྱེད་པ་ཉི་ཤུ་ལྔ་པའི་སྐབས་འདིར་རབ་ཏུ་བྱེད་པའི་དོན་ཚད་མའི་འབྲས་བུ་བལྟ་བ་ནི་ཕ་རོལ་པོ་དག་གིས་རབ་ཏུ་བྱེད་པ་འདིའི་དང་པོར། གལ་ཏེ་འདི་དག་ཀུན་སྟོང་ན། །འབྱུང་བ་མེད་ཅིང་འཇིག་ པ་མེད། །གང་ཞིག་སྤང་དང་འགག་པ་ལས། །མྱ་ངན་འདའ་བར་འགྱུར་བར་འདོད། །ཅེས་བྱ་བས་ངོ་བོ་ཉིད་མེད་པ་ཉིད་དུ་སྨྲ་བ་རྣམས་ལ་ནི་གང་ངོ་བོ་ཉིད་མེད་པ་དེ་ལས་མྱ་ངན་ལས་འདས་པ་འཐོབ་པ་མེད་དེ། འབྱུང་བ་དང་འཇིག་པ་མེད་པའི་ཕྱིར་དཔེར་ན་མོ་གཤམ་གྱི་བུ་བཞིན་ནོ་ཞེས་བྱ་ བ་དང་། གལ་ཏེ་འདུ་བྱེད་འདི་དག་མྱ་ངན་ལས་འདའ་བར་འགྱུར་བར་འདོད་ན་ནི་འདུ་བྱེད་དེ་དག་དོན་དམ་པར་ངོ་བོ་ཉིད་ཡོད་པ་ཁོ་ནར་ཤེས་པར་བྱ་སྟེ། ཉོན་མོངས་པ་སྤང་བ་དང་། མིང་དང་གཟུགས་འགགས་པས་མྱ་ངན་ལས་འདས་པ་འཐོབ་པའི་ཕྱིར་རོ། །རྔ་མོ་ལ་སོགས་པའི་རྭ་ཡོད་པ་མ་ཡིན་ པ་དག་ལ་ནི་དེ་དག་མེད་དོ་ཞེས་སྒྲུབ་པ་སྨྲས་པའི་སྐྱོན། གལ་ཏེ་འདི་ཀུན་མི་སྟོང་ན། །འབྱུང་བ་མེད་ཅིང་འཇིག་པ་མེད། །གང་ཞིག་སྤང་དང་འགག་པ་ལས། །མྱ་ངན་འདའ་བར་འགྱུར་བར་འདོད། །ཅེས་བྱ་བ་ལ་སོགས་པ་བརྗོད་པས་མྱ་ངན་ལས་འདས་པ་ངོ་བོ་ཉིད་མེད་ པ་ཉིད་དུ་བསྟན་པ་ཡིན་ནོ། །མྱ་ངན་ལས་འདས་པ་ངོ་བོ་ཉིད་མེད་པ་ཉིད་དུ་བསྟན་པ་ལ། ཡོན་ཏན་ཅི་ཡོད་པ་དང་། དེ་བསྟན་པ་འདི་ལ་གཞན་དག་ན་རེ་རྟོག་གེ་སྐམ་པོའི་བསྟན་བཅོས་ཙམ་ཉི་ཚེས་བསྒྲུབས་སོ་ཞེས་ཟེར་བ་བསལ་བའི་ཕྱིར་འདིར་ཡིད་ཆེས་པའི་ལུང་གི་ཁུངས་ཀྱང་བསྒྲུབ་པར་བྱ་སྟེ། དེའི་ཕྱིར། ཐེག་པ་ཆེན་པོའི་མདོ་སྡེ་མཐའ་དག་ལས། །མྱ་ངན་འདས་མེད་མྱ་ངན་འདས། །འཇིག་རྟེན་མགོན་པོ་བསྟན་པ་མཛད། །ནམ་མཁའ་མདུད་པ་བོར་བྱས་པ། །ནམ་མཁའ་ཉིད་ཀྱིས་བཀྲོལ་བ་བཞིན། །ཞེས་བྱ་བ་གསུངས་པ་དག་གྲུབ་པ་ཡིན་ཏེ། དཔེར་ན་བཟོ་མཁན་སྐུད་པ་ རིང་པོས་འདྲུབས་ཀྱི་ལས་བྱེད་པའི་སྐུད་པ་དེ། ནམ་མཁའ་ལ་འཇུར་མདུད་འཆའ་བ་ནམ་མཁའ་ཉིད་ལས་འགྲོལ་བ་དེ་བཞིན་དུ་བཅོམ་ལྡན་འདས་མངོན་པར་རྫོགས་པར་སངས་རྒྱས་པས་ཀྱང་མྱ་ངན་ལས་འདས་པ་ལ་སོགས་པ་དངོས་པོ་ཡོད་པ་མ་ཡིན་པ་དག་ཀུན་རྫོབ་ཀྱི་ཐ་སྙད་དུ་ཡོད་པར་བསྟན་པ་མཛད་ཅིང་། དེ་དག་ཉིད་དོན་དམ་པར་ངོ་བོ་ཉིད་མེད་པར་ཡང་བསྟན་པ་མཛད་དེ། ཇི་སྐད་དུ། འདི་ལ་བསལ་བྱ་ཅུང་ཟད་མེད། །བསྟན་པར་བྱ་བའང་ཅི་ཡང་མེད། །ཡང་དག་ཉིད་དུ་ཡང་དག་ལྟ། །ཡང་དག་མཐོང་ན་རྣམ་པར་གྲོལ། །ཞེས་བཤད་པ་ལྟ་བུའོ། །དེ་བཞིན་དུ། འཕགས་པ་ཚངས་པས་ཞུས་པའི་ མདོ་ལས། བཅོམ་ལྡན་འདས་གང་དག་ཆོས་འགའ་ཞིག་སྐྱེ་བའམ་འགག་པར་འཚལ་བ་དེ་དག་ལས་སངས་རྒྱས་འབྱུང་བ་མ་མཆིས་སོ། །བཅོམ་ལྡན་འདས་གང་དག་མྱ་ངན་ལས་འདས་པ་དངོས་པོ་ལས་ཡོངས་སུ་ཚོལ་བར་བགྱིད་པ་དེ་དག་ལ་འཁོར་བ་ལས་ཡང་དག་པར་འདའ་བ་མ་མཆིས་སོ། ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་མཚན་མ་ཐམས་ཅད་རབ་ཏུ་ཞི་བ་དང་། གཡོ་བ་ཐམས་ཅད་ཉེ་བར་ཞི་བ་གང་ལགས་པ་དེ་མྱ་ངན་ལས་འདས་པ་ལགས་པའི་སླད་དུའོ། །བཅོམ་ལྡན་འདས་མི་གཏི་མུག་ཅན་གང་དག་མྱ་ངན་ལས་འདས་པ་དངོས་པོ་ལས་ཡོངས་སུ་ཚོལ་བར་བགྱིད་པ་དེ་དག་ནི་ ལེགས་པར་གསུངས་པའི་ཆོས་འདུལ་བ་འདི་ལ་རབ་ཏུ་བྱུང་ནས་མུ་སྟེགས་ཅན་གྱི་ལྟ་བར་ལྟུང་བ་ལགས་ཏེ། བཅོམ་ལྡན་འདས་གང་དག་ཆོས་ཐམས་ཅད་གཏན་ཡོངས་སུ་མྱ་ངན་ལས་འདས་པ་དག་འདི་ལྟ་སྟེ་དཔེར་བགྱི་ན། ཏིལ་དག་ལས་ཏིལ་མར་དང་འོ་མ་དག་ལས་མར་བཞིན་དུ་མྱ་ངན་ལས་འདས་ པ་ཡོངས་སུ་ཚོལ་བར་བགྱིད་པ་དེ་དག་ནི་མུ་སྟེགས་ཅན་ལྷག་པའི་ང་རྒྱལ་ཅན་ལགས་པར་བདག་སྨྲའོ། །བཅོམ་ལྡན་འདས་རྣལ་འབྱོར་སྤྱོད་པ་པ་དག་ཡང་དག་པར་ཞུགས་པ་ནི་ཆོས་འགའ་ཡང་སྐྱེ་བ་འམ་འགགས་པར་མི་བགྱིད་ཅིང་ཆོས་འགའ་ཡང་ཐོབ་པར་མི་འཚལ། མངོན་པར་རྟོགས་པར་ མི་འཚལ་ལོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་དག་ཀྱང་གྲུབ་པ་ཡིན་ཏེ། དེའི་དོན་ནི་གང་ཟག་ལྷག་པའི་ང་རྒྱལ་ཅན་གང་དག་ཆོས་རྣམས་སྐྱེ་བ་དང་འགག་པ་རྟོག་པ་དང་། མྱ་ངན་ལས་འདས་པ་དངོས་པོ་ལས་ཡོངས་སུ་ཚོལ་ཞིང་། ཆོས་ཐམས་ཅད་གཏན་ཡོངས་སུ་མྱ་ངན་ལས་ འདས་པ་དག་ལ་དཔེར་ན་ཏིལ་དང་། འོ་མའི་དངོས་པོ་ལས་ཏིལ་མར་དང་། མར་གྱི་དངོས་པོ་ཚོལ་བའི་ཚུལ་དུ་སེམས་ཅན་གྱི་རྒྱུད་ཀྱི་དངོས་པོ་ལས་ཉོན་མོངས་པ་ལ་སོགས་པའི་དྲི་མ་བསལ་བས་དེ་བཞིན་ཉིད་དངོས་པོར་གྱུར་པ་འཐོབ་པར་འདོད་པ་དེ་དག་ནི་ལོག་པས་སྤོང་བར་ཞུགས་པ་ སྟེ། དེ་དག་ལ་སངས་རྒྱས་འབྱུང་བ་དང་། འཁོར་བ་ལས་འདའ་བ་དང་། མྱ་ངན་ལས་འདའ་བ་འཐོབ་པ་ཡང་མེད་དེ། མི་གཏི་མུག་ཅན་དེ་དག་ནི་ལེགས་པར་གསུངས་པའི་ཆོས་འདུལ་བ་འདི་ལ་རབ་ཏུ་བྱུང་བར་སྣང་ཡང་མུ་སྟེགས་ཅན་གྱི་ལྟ་བར་ལྷུང་བ་ཡིན་ནོ། །རྣལ་འབྱོར་སྤྱོད་པ་པ་ཡང་དག་ པར་ཞུགས་པ་གང་དག་ཆོས་ཐམས་ཅད་མཉམ་པ་ཉིད་དུ་ལྟ་ཞིང་ཆོས་འགའ་ཡང་སྐྱེ་བའམ་འགག་པའམ། འཐོབ་པའམ་མངོན་པར་རྟོགས་པར་མི་འདོད་པ་དེ་དག་ནི་མི་གནས་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཞུགས་པ་ཡིན་པར་བསྟན་ཏོ། །དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ ལས། རབ་འབྱོར་མྱ་ངན་ལས་འདས་པ་ཡང་སྒྱུ་མ་ལྟ་བུ་དང་། རྨི་ལམ་ལྟ་བུའོ་ཞེས་རྒྱ་ཆེར་གསུངས་པ་དང་། དེ་བཞིན་དུ་འཕགས་པ་བྱང་ཆུབ་ཀྱི་སྡེ་སྣོད་ཀྱི་མདོ་ལས། ཤཱ་རིའི་བུ་གང་དག་མྱ་ངན་ལས་འདས་པ་དངོས་པོ་ལས་ཡོངས་སུ་ཚོལ་བར་བྱེད་པ་དེ་དག་ནི་འཁྲུག་གློང་བ་ཡིན་ཏེ། ང་ཡང་ དེ་དག་གི་སྟོན་པ་མ་ཡིན་ལ། དེ་དག་ཀྱང་ངའི་ཉན་ཐོས་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་དང་། དེ་བཞིན་དུ་འཕགས་པ་ལང་ཀར་གཤེགས་པའི་མདོ་ལས། བློ་ཡིས་རྣམ་པར་གཞིགས་ན་ནི། །བརྟགས་པ་མེད་ཅིང་གཞན་དབང་མེད། །གྲུབ་པའི་དངོས་པོ་ཡོད་ མིན་ན། །ཇི་ལྟར་བློས་ནི་རྣམ་པར་བརྟག །དངོས་ཉིད་མེད་ཅིང་རྣམ་རིག་མེད། །ཀུན་གཞི་ཡོད་པ་མ་ཡིན་ཏེ། །བྱིས་པ་ངན་རྟོག་རོ་འདྲ་བས། །དེ་དག་རྣམ་པར་བརྟགས་པར་གྱུར། །ཅེས་བྱ་བ་ལ་སོགས་པ་གསུངས་པ་དེ་དག་གྲུབ་པ་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། དེ་ལྟར་ཡིད་ཆེས་པའི་ལུང་དེ་དག་ གྲུབ་པ་ནི་མྱ་ངན་ལས་འདས་པ་ངོ་བོ་ཉིད་མེད་པ་ཉིད་བསྟན་པའི་ཡོན་ཏན་དང་ཁུངས་ཡིན་ནོ། །དེ་དག་བསྟན་བཅོས་འདིས་རྣམ་པར་བཤད་པར་བྱ་བའི་ཡུལ་ཉིད་དུ་བསྟན་པ་ཡང་སློབ་དཔོན་གྱི་ཞལ་སྔ་ནས་ཀྱི་མཁྱེན་རླབས་དང་འགྲེལ་པ་བྱེད་པའི་མཁས་པ་ཉིད་ཡིན་ནོ། །སློབ་དཔོན་ལེགས་ལྡན་བྱེད་ཀྱིས་ ཉེ་བར་སྦྱར་བ་དབུ་མའི་རྩ་བའི་འགྲེལ་པ་ཤེས་རབ་སྒྲོན་མ་ལས་མྱ་ངན་ལས་འདས་པ་བརྟག་པ་ཞེས་བྱ་བ་སྟེ་རབ་ཏུ་བྱེད་པ་ཉི་ཤུ་ལྔ་རྒྱ་ཆེར་འགྲེལ་པ་སློབ་དཔོན་སྤྱན་རས་གཟིགས་བརྟུལ་ཞུགས་ཀྱིས་ཉེ་བར་སྦྱར་བ་རྫོགས་སོ།། །།ད་ནི་དེ་བཞིན་དུ་སྟོང་པ་ཉིད་ཀྱིས་མི་མཐུན་པའི་ ཕྱོགས་ཀྱི་ཁྱད་པར་དགག་པས་ཐ་སྙད་པའི་རྟེན་ཅིང་འབྲེལ་པར་འབྱུང་བ་བསྟན་པའི་དོན་གྱི་དབང་གིས་རབ་ཏུ་བྱེད་པ་ཉི་ཤུ་དྲུག་པ་བརྩམ་མོ་ཞེས་བྱ་བ་ལ། དབང་གིས་ཞེས་བྱ་བའི་སྒྲ་སྐབས་འདིར་ཡང་དམ་བཅས་པ་ལ་འཇུག་པའི་རྒྱུའི་དོན་དང་། གཞུང་འོག་ནས་འབྱུང་བ་དང་སྦྱར་བའི་དོན་དུ་བལྟ་སྟེ། ཚིག་གི་དོན་ནི་སྔ་མ་བཞིན་ནོ། །དེ་ལ་དམ་བཅས་པ་ལ་འཇུག་པའི་རྒྱུའི་དོན་གྱི་དབང་དུ་བྱས་ནས། ད་ནི་དེ་བཞིན་དུ་སྟོང་པ་ཉིད་ཀྱི་མི་མཐུན་པའི་ཕྱོགས་ཀྱི་ཁྱད་པར་དགག་པས་ཞེས་བྱ་བ་སྨྲས་ཏེ། བསྟན་བཅོས་མཛད་པས་རྐྱེན་བརྟག་པའི་རབ་ཏུ་བྱེད་པ་དང་པོ་བརྩམ་པའི་སྐབས་སུ་དངོས་པོ་ཐམས་ ཅད་སྐྱེ་བ་མེད་པར་དམ་བཅའ་བ་མཛད་པས་འདིར་ཡང་སྔར་བསྟན་བཅོས་མཛད་པས་ཇི་ལྟར་དམ་བཅས་པ་དེ་ལ་འཇུག་པའི་རྒྱུའི་དོན་གྱི་དབང་དུ་བྱས་ནས་དེ་སྐད་སྨྲས་ཏེ། དེ་བཞིན་དུ་ཞེས་བྱ་བ་ནི་སྔར་བསྟན་པའི་ལུགས་བཞིན་དུའོ། །སྟོང་པ་ཉིད་ནི་རང་གི་ཕྱོགས་ཡིན་ནོ། །དེའི་མི་མཐུན་པའི་ ཕྱོགས་ནི་ཕྱིར་རྒོལ་བའི་ཕྱོགས་ཡིན་ཏེ། འདི་ལྟ་སྟེ་དངོས་པོ་རྣམས་ངོ་བོ་ཉིད་ཡོད་པ་ཉིད་དུ་སྨྲ་བ་ཡིན་ནོ། །དེའི་ཁྱད་པར་ཞེས་བྱ་བ་ནི་ཕ་རོལ་པོས་དངོས་པོ་རྣམས་ངོ་བོ་ཉིད་ཡོད་པ་ཉིད་དུ་བསྒྲུབ་པའི་ཕྱོགས་སྔ་མ་ཉེ་བར་གཞག་པ་འོག་ནས་འདི་སྐད་ཅེས་ཁྱོད་ཀྱིས་རབ་ཏུ་བྱེད་པ་འདས་མ་ཐག་པར། སངས་ རྒྱས་ཀྱིས་ནི་གང་དུ་ཡང་། །སུ་ལའང་ཆོས་འགའ་མ་བསྟན་ཏོ། །ཞེས་སྨྲས་པ་ནི་བཅོམ་ལྡན་འདས་ཀྱིས་རྟེན་ཅིང་འབྲེལ་པར་འབྱུང་བ་མུ་སྟེགས་བྱེད་ཀྱི་རི་དགས་ཀྱི་ཚོགས་ཐམས་ཅད་འབྱེར་བར་བྱེད་པ་ལྟ་བ་ངན་པའི་སྐྱོན་ཉེ་བར་ཞི་བར་བྱེད་པ་བཀའ་སྩལ་པ་དེ་ཐུགས་སུ་ཆུད་པས་བཅོམ་ལྡན་ འདས་འཇིག་རྟེན་ན་སངས་རྒྱས་ཞེས་བྱ་བར་སྙན་པར་གྲགས་པ་དེའི་ཕྱིར་ཁྱེད་ཀྱིས་སུན་དབྱུང་བར་འདོད་པས། སངས་རྒྱས་ཀྱིས་ནི་གང་དུ་ཡང་། །སུ་ལའང་ཆོས་འགའ་མ་བསྟན་ཏོ། །ཞེས་སྨྲས་པ་ཡིན་པས། དེ་ལ་ཁས་བླངས་པས་གནོད་པར་འགྱུར་རོ་ཞེས་འབྱུང་བ་ཡིན་ནོ། །དེ་དགག་ པས་ཞེས་བྱ་བ་ནི་དེ་དགག་པའི་དབང་དུ་བྱས་ནས་རབ་ཏུ་བྱེད་པ་ཉི་ཤུ་དྲུག་པ་བརྩམ་མོ་ཞེས་བྱ་བར་སྦྱར་རོ། །གཞུང་འོག་ནས་འབྱུང་བ་དང་སྦྱར་བའི་དོན་གྱི་དབང་དུ་བྱས་ནས། ཐ་སྙད་པའི་རྟེན་ཅིང་འབྲེལ་པར་འབྱུང་བ་བསྟན་པའི་དོན་གྱི་དབང་གིས་རབ་ཏུ་བྱེད་པ་ཉི་ཤུ་དྲུག་པ་བརྩམ་མོ་ཞེས་བྱ་བ་སྨྲས་ཏེ། སྲིད་པའི་ཡན་ལག་བཅུ་གཉིས་བརྟག་པའི་རབ་ཏུ་བྱེད་པ་ཉི་ཤུ་དྲུག་པའི་གཞུང་འོག་ནས་འབྱུང་བ་འདིའི་དོན་ནི་ཐ་སྙད་རྟེན་ཅིང་འབྲེལ་པར་འབྱུང་བ་བསྟན་པ་ཡིན་པས་དེའི་དབང་དུ་བྱས་ནས་དེ་སྐད་ཅེས་སྨྲས་སོ། །རབ་ཏུ་བྱེད་པ་འདིའི་འབྲས་བུ་ནི་གང་ཡིན། རྣམ་པ་གང་གིས་ནི་འབྲས་བུ་དེ་འཐོབ་ཅེ་ན། ཐ་སྙད་པའི་རྟེན་ཅིང་འབྲེལ་པར་འབྱུང་བ་བསྟན་པ་ནི་འདིའི་འབྲས་བུ་ཡིན་ལ། སྟོང་པ་ཉིད་ཀྱི་མི་མཐུན་པའི་ཕྱོགས་ཀྱི་ཁྱད་པར་དགག་པའི་རྣམ་པར་ནི་འབྲས་བུ་དེ་འཐོབ་པས་དེའི་ཕྱིར་འགྲེལ་པ་བྱེད་པས་རབ་ཏུ་བྱེད་པའི་འཚམས་སྦྱར་བའི་སྐབས་འདི་ཐབས་དང་ཐབས་ལས་བྱུང་བའི་འབྲས་ བུ་དང་པོ་ཁོ་ནར་བསྟན་ཏེ། །སྟོང་པ་ཉིད་ཀྱི་མི་མཐུན་པའི་ཕྱོགས་ཀྱི་ཁྱད་པར་ཞེས་སྨོས་པ་དེ་ཉིད་བསྟན་པའི་ཕྱིར། འདིར་སྨྲས་པ་ཁྱོད་ཀྱིས་རབ་ཏུ་བྱེད་པ་འདས་མ་ཐག་པར། སངས་རྒྱས་ཀྱིས་ནི་གང་དུ་ཡང་། །སུ་ལའང་ཆོས་འགའ་མ་བསྟན་ཏོ། །ཞེས་སྨྲས་པ་ནི་བཅོམ་ལྡན་འདས་ཀྱིས་ རྟེན་ཅིང་འབྲེལ་པར་འབྱུང་བ་མུ་སྟེགས་བྱེད་ཀྱི་རི་དགས་ཀྱི་ཚོགས་ཐམས་ཅད་འབྱེར་བར་བྱེད་པ། ལྟ་བ་ངན་པའི་སྐྱོན་ཉེ་བར་ཞི་བར་བྱེད་པ་བཀའ་སྩལ་པ་དེ་ཐུགས་ཆུད་པས། བཅོམ་ལྡན་འདས་འཇིག་རྟེན་ན་སངས་རྒྱས་ཞེས་བྱ་བར་སྙན་པར་གྲགས་པ་དེའི་ཕྱིར་ཁྱེད་ ཀྱིས་དེ་སུན་དབྱུང་བར་འདོད་པས། སངས་རྒྱས་ཀྱིས་ནི་གང་དུ་ཡང་། །སུ་ལའང་ཆོས་འགའ་མ་བསྟན་ཏོ། །ཞེས་སྨྲས་པ་ཡིན་པས། དེ་ལ་ཁས་བླངས་པས་གནོད་པར་འགྱུར་རོ་ཞེས་བྱ་བ་སྨྲས་ཏེ། དེས་ནི་ཕ་རོལ་པོ་དག་ན་རེ། བཅོམ་ལྡན་འདས་ཀྱིས་རྟེན་ཅིང་འབྲེལ་ པར་འབྱུང་བ་མུ་སྟེགས་བྱེད་ཀྱིས་རི་དགས་ཀྱི་ཚོགས་ཐམས་ཅད་འབྱེར་བར་བྱེད་པ། ལྟ་བ་ངན་པའི་སྐྱོན་ཉེ་བར་ཞི་བར་བྱེད་པ་བཀའ་སྩལ་པ་དེ་ཐུགས་སུ་ཆུད་པས་བཅོམ་ལྡན་འདས་འཇིག་རྟེན་ན་སངས་རྒྱས་ཞེས་བྱ་བ་སྙན་པར་གྲགས་པ་ཡོད་ལ། ཁྱེད་དབུ་མ་པས་ནི་དེ་སུན་ དབྱུང་བར་འདོད་པས། སངས་རྒྱས་ཀྱིས་ནི་གང་དུ་ཡང་། སུ་ལའང་ཆོས་འགའ་མ་བསྟན་ཏོ། །ཞེས་སྨྲས་པས་ཁྱེད་ཀྱི་ཚིག་དེ་ལ་ཁས་བླངས་པས་གནོད་པར་འགྱུར་རོ་ཞེས་ཟེར་བའི་ཕྱོགས་སྔ་མ་བསྟན་ཏོ། །ད་ནི་སྟོང་པ་ཉིད་ཀྱི་མི་མཐུན་པའི་ཕྱོགས་ཀྱི་ཁྱད་པར་དེ་དགག་པས་ ཐ་སྙད་པའི་རྟེན་ཅིང་འབྲེལ་པར་འབྱུང་བ་བསྟན་པའི་ཕྱིར་དེ་སྐད་ཅེས་ཟེར་བའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས། དེའི་ཕྱིར་བཤད་པ། མ་རིག་བསྒྲིབས་པས་ཡང་སྲིད་ཕྱིར། །འདུ་བྱེད་རྣམ་པ་གསུམ་པོ་དག །མངོན་པར་འདུ་བྱེད་གང་ཡིན་པའི། །ལས་དེ་དག་གིས་འགྲོ་བར་འགྲོ། ། ཞེས་བྱ་བ་ལ་སོགས་པ་སྟེ་ཞེས་བྱ་བ་སྨྲས་ཏེ། འདིར་སྤྱིའི་དོན་ནི་ཁོ་བོ་ཅག་དབུ་མ་པས་དོན་དམ་པར། དམིགས་པ་ཐམས་ཅད་ཉེར་ཞི་ཞིང་། །སྤྲོས་པ་ཉེར་ཞི་ཞི་བ་སྟེ། །ཞེས་གསུངས་པའི་དབང་དུ་བྱས་ནས། །སངས་རྒྱས་ཀྱིས་ནི་གང་དུ་ཡང་། །སུ་ལའང་ཆོས་འགའ་མ་བསྟན་ཏོ། ། ཞེས་སྨྲས་ཀྱི། ཀུན་རྫོབ་ཏུ་བཅོམ་ལྡན་འདས་ཀྱིས་རྟེན་ཅིང་འབྲེལ་པར་འབྱུང་བ་མུ་སྟེགས་བྱེད་ཀྱིས་རི་དགས་ཀྱི་ཚོགས་ཐམས་ཅད་འབྱེར་བར་བྱེད་པ་ལྟ་བ་ངན་པའི་སྐྱོན་ཉེ་བར་ཞི་བར་བྱེད་པ་བཀའ་སྩལ་པ་དེ་ཐུགས་སུ་ཆུད་པས་བཅོམ་ལྡན་འདས་འཇིག་རྟེན་ན་སངས་རྒྱས་ཞེས་བྱ་བར་སྙན་ པར་གྲགས་པ་དེ་ཡོད་པར་ཁས་བླངས་པས་ཁོ་བོ་ཅག་གི་ཚིག་སྔ་མ་དེ་ལ་ཁས་བླངས་པས་གནོད་པར་མི་འགྱུར་ཏེ། དེའི་ཕྱིར་ད་འདིར་ཐ་སྙད་པའི་རྟེན་ཅིང་འབྲེལ་པར་འབྱུང་བའི་ཡན་ལག་བཅུ་གཉིས་པོ་དག་གི་ངོ་བོ་ཉིད་དང་གོ་རིམས་དང་མཚམས་སྦྱར་བ་ལ་སོགས་པ་རྒྱ་ཆེར་བསྟན་པར་བྱའོ་ཞེས་ བྱ་བར་སྦྱར་རོ། །ད་ནི་ཚིག་ལེའུར་བྱས་པ་དང་པོ་དེས་མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་ཞེས་བསྟན་པ་དེའི་ངོ་བོ་ཉིད་དང་གོ་རིམས་དང་། མཚམས་སྦྱར་བ་ལ་སོགས་པ་བསྟན་པར་བྱ་སྟེ། དེ་ལ་མ་རིག་པ་ཞེས་བྱ་བ་ནི་རིག་པའི་མི་མཐུན་པའི་ཕྱོགས་སུ་གྱུར་པའི་ཆོས་སམ། རྟེན་ཅིང་འབྲེལ་པར་ འབྱུང་བའི་ཡན་ལག་བཅུ་གཉིས་པོ་བདག་མེད་པ། གཡོ་བ་མེད་པ། སྐད་ཅིག་མ་དག་མི་ཤེས་པའི་ཕྱིར་མ་རིག་པའོ་ཞེས་བྱ་བས་ནི་མ་རིག་པའི་ངོ་བོ་ཉིད་བསྟན་ཏོ། །དེས་བསྒྲིབས་པས་ཞེས་བྱ་བ་ནི་ཁེབས་པས་སོ་ཞེས་བྱ་བས་ནི་མ་རིག་པས་བསྒྲིབས་པའི་གང་ཟག་བསྟན་ཏེ། དེས་འདུ་བྱེད་རྣམས་མངོན་ པར་འདུ་བྱེད་དོ་ཞེས་བྱ་བར་གོ་རིམས་དང་མཚམས་སྦྱར་རོ། །འདིར་མ་རིག་པས་བསྒྲིབས་པ་ཁོ་ནས་འདུ་བྱེད་རྣམས་མངོན་པར་འདུ་བྱེད་ཀྱི་མ་བསྒྲིབས་པས་ནི་མི་བྱེད་དོ་ཞེས་ངེས་པར་གཟུང་བར་བྱའོ་ཞེས་བྱ་བས་ནི། བསྒྲིབས་པ་ཁོ་ནས་ཞེས་བྱ་བར་ཚིག་སྦྱར་བ་བསྟན་ཏོ། །མ་རིག་ པས་བསྒྲིབས་པས་འདུ་བྱེད་རྣམས་ཁོ་ན་ཞེས་ནི་ངེས་པར་གཟུང་བར་མི་བྱ་སྟེ། རྣམ་པར་ཤེས་པ་ལ་སོགས་པ་ཡན་ལག་ལྷག་མ་རྣམས་ལ་ཡང་རྒྱུ་དེ་ཡོད་པའི་ཕྱིར་རོ་ཞེས་བྱ་བ་ནི་འདུ་བྱེད་རྣམས་ཁོ་ན་ཞེས་བྱ་བར་ཚིག་མི་སྦྱར་བ་བསྟན་ཏོ། །མ་རིག་པ་ཁོ་ནས་བསྒྲིབས་པས་ཞེས་ཀྱང་ངེས་པར་ གཟུང་བར་མི་བྱ་སྟེ། དེ་ལས་གཞན་པའི་ཉོན་མོངས་པ་རྣམས་ཀྱང་ཡོད་པའི་ཕྱིར་ཞེས་བྱ་བས་ནི། མ་རིག་པ་ཁོ་ནས་ཞེས་བྱ་བར་ཚིག་མི་སྦྱར་བ་བསྟན་ཏོ། །འདིར་གལ་ཏེ་གཞན་དག་ན་རེ་འདུ་བྱེད་རྣམས་ལ་རྒྱུ་མ་རིག་པ་ལས་གཞན་པའི་ཉོན་མོངས་པ་རྣམས་ཀྱང་ཡོད་ན། ཅིའི་ཕྱིར་མ་རིག་པ་འབའ་ ཞིག་གཟུང་ཞེས་ཟེར་བའི་ལན་དུ། འདུ་བྱེད་རྣམས་ཀྱི་རྒྱུ་ཉིད་ནི་འདོད་ཆགས་ལ་སོགས་པ་ཉོན་མོངས་པ་རྣམས་ཀྱང་ཡིན་ན། མ་རིག་པ་གཟུང་བ་ནི་གཙོ་བོ་ཉིད་ཡིན་པའི་ཕྱིར་ཏེ། དཔེར་ན་རྒྱལ་པོ་རྒྱལ་བ་དང་། དུང་གི་མ་འགྲོ་བ་བཞིན་ནོ་ཞེས་བྱ་བ་སྨྲས་ཏེ། དཔེར་ན་རྒྱལ་པོ་དཔུང་དང་བཅས་པ་གཞན་ གྱི་ཡུལ་འཁོར་ལས་རྒྱལ་བ་ལ་འཁོར་དཔུང་རྣམས་ཀྱང་ཡོད་མོད་ཀྱི་རྒྱལ་པོ་གཙོ་བོ་ཉིད་ཡིན་པའི་ཕྱིར་རྒྱལ་པོ་རྒྱལ་ལོ་ཞེས་བྱ་བ་དང་། སྲོག་ཆགས་དུང་ཞེས་བྱ་བ་མ་སྨད་རྣམས་མཚོ་ལ་རྐྱལ་བ་ན་མ་མོས་ཐོག་དྲངས་པ་ལ་བུ་རྣམས་ཕྱིར་བརྒྱུད་དུ་ཕྲེང་བ་ཐབས་སུ་ འགྲོ་བ་ན་ཐམས་ཅད་འགྲོ་བ་ཡིན་ཡང་མ་གཙོ་བོ་ཉིད་ཡིན་པའི་ཕྱིར་དུང་གི་མ་འགྲོའོ་ཞེས་བྱ་བ་དེ་བཞིན་དུ་འདུ་བྱེད་རྣམས་ཀྱི་རྒྱུ་འདོད་ཆགས་ལ་སོགས་པ་ཉོན་མོངས་པ་གཞན་ཡང་ཡིན་མོད་ཀྱི། མ་རིག་པ་གཙོ་བོ་ཉིད་ཡིན་པའི་ཕྱིར་མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་ཞེས་སྨོས་སོ། །ཇི་སྟེ་ ཡང་ལ་ལ་འདི་སྙམ་དུ་མི་དགེ་བའི་འདུ་བྱེད་རྣམས་མ་རིག་པའི་རྒྱུ་ལས་བྱུང་ངོ་ཞེས་བྱ་བ་དེ་ནི་གཏི་མུག་མི་དགེ་བའི་ཕྱིར་རིགས་ན། དགེ་བའི་འདུ་བྱེད་རྣམས་ཇི་ལྟར་སྙམ་ན་ཞེས་བྱ་བ་ནི་གཞན་དག་དེ་སྙམ་དུ་དོགས་པའི་ཚིག་ཡིན་ནོ། །དེའི་ལན་དུ། མ་རིག་པ་དང་བཅས་པའི་ལྷའི་ཕོ་བྲང་ན་ལྷ་ མོ་དང་རྩེ་བའི་བདེ་བ་ཉམས་སུ་མྱོང་བར་འདོད་པས་དགེ་བ་སྤྱོད་པ་བཞིན་དུ་མ་རིག་པ་ཡང་བརྒྱུད་པས་རྒྱུ་ཉིད་ཡིན་པའི་ཕྱིར་དང་། འཁོར་བ་ནི་དོན་དམ་པའི་མི་དགེ་བ་ཡིན་པས་དེར་གཏོགས་པའི་དགེ་བ་ཡང་མི་དགེ་བ་ཡིན་པའི་ཕྱིར་མ་རིག་པ་ནི་དེ་མངོན་པར་འདུ་བྱེད་པའི་རྒྱུ་ཉིད་ཡིན་པའི་ཕྱིར་སྐྱོན་ མེད་དོ་ཞེས་བྱ་བ་སྨྲས་ཏེ། དགེ་བའི་འདུ་བྱེད་དེ་དག་མངོན་པར་འདུ་བྱེད་པའི་རྒྱུ་མ་རིག་པ་ཡིན་པའི་ཕྱིར་རོ། །ཡང་སྲིད་ཅེས་བྱ་བ་ནི་ཡོད་པ་རྒྱུ་དང་འབྲས་བུའི་རྒྱུན་འབྲེལ་པས་ཡང་སྲིད་པར་འགྱུར་བ་སྟེ། ཡང་སྐྱེ་བ་ཞེས་བྱ་བའི་ཐ་ཚིག་གོ་ཞེས་བྱ་བས་ནི་ཕུང་པོ་ལྔ་ཡོད་པ་རང་གི་རྒྱུ་དང་འབྲས་བུའི་རྒྱུན་འབྲེལ་ པས་འགྲོ་བ་རྒྱུད་ལྔ་ཡང་སྲིད་པར་འགྱུར་བ་ནི་ཡང་སྲིད་ཅེས་བྱ་སྟེ། ཡང་སྐྱེ་བའི་ཐ་ཚིག་གོ་ཞེས་བྱ་བར་བསྟན་ཏོ། །ཡང་སྲིད་པའི་ཕྱིར་ཞེས་བྱ་བ་ནི་ཡང་སྲིད་པའི་དོན་དུའོ་ཞེས་བྱ་བས་ནི། དེའི་དོན་དུ་འདུ་བྱེད་རྣམ་པ་གསུམ་པོ་དག་མངོན་པར་འདུ་བྱེད་པ་ཞེས་བྱ་བར་ཚིག་སྦྱར་རོ། །འདུ་བྱེད་ཅེས་བྱ་བ་ནི་ འདུ་བྱེད་རྣམས་མངོན་པར་འདུ་བྱེད་པའོ་ཞེས་བྱ་བས་ནི་འདུ་བྱེད་ཀྱི་ངོ་བོ་ཉིད་བསྟན་ཏོ། །རྣམ་པ་གསུམ་པོ་དག་ཅེས་བྱ་བ་ནི་བསོད་ནམས་དང་། བསོད་ནམས་མ་ཡིན་པ་དང་། མི་གཡོ་བའི་བྱེ་བྲག་གིས་སམ། ལུས་དང་། ངག་དང་། ཡིད་ཀྱི་འདུ་བྱེད་ཀྱི་བྱེ་བྲག་གིས་སོ་ཞེས་བྱ་བས་ནི་གྲངས་ཀྱིས་ མཚོན་པའི་དོན་བསྟན་ཏོ། །མངོན་པར་འདུ་བྱེད་གང་ཡིན་པའི་ཞེས་བྱ་བ་ནི་བསོད་ནམས་ལ་སོགས་པ་ཆུང་ངུ་དང་། འབྲིང་དང་། ཆེན་པོའི་བྱེ་བྲག་དག་གོ་ཞེས་བྱ་བས་ནི་གསུམ་པོ་དག་ལ་ཆུང་ངུ་ལ་སོགས་པའི་བྱེ་བྲག་གིས་རྣམ་པ་དགུར་དབྱེ་བ་བསྟན་ཏོ། །ལས་དེ་དག་གིས་འགྲོ་བར་འགྲོ། །ཞེས་བྱ་ བ་ནི་བསོད་ནམས་སུ་ཉེ་བར་འགྲོ་བ་དང་། བསོད་ནམས་མ་ཡིན་པར་ཉེ་བར་འགྲོ་བ་དང་། མི་གཡོ་བར་ཉེ་བར་འགྲོ་བའི་འགྲོ་བར་རོ་ཞེས་བྱ་བས་ནི། བསོད་ནམས་དང་། བསོད་ནམས་མ་ཡིན་པ་དང་། མི་གཡོ་བར་ཉེ་བར་འགྲོ་བའི་ལས་དེ་དག་གིས་གོ་རིམས་བཞིན་དུ་བསོད་ནམས་དང་བསོད་ ནམས་མ་ཡིན་པ་དང་མི་གཡོ་བར་ཉེ་བར་འགྲོ་བའི་འགྲོ་བར་འགྲོའོ་ཞེས་བསྟན་ཏོ། །རེ་ཞིག་དེ་དག་གིས་ནི་མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་མངོན་པར་འདུ་བྱེད་ལ་འདུ་བྱེད་ཀྱིས་འགྲོ་བ་རྣམས་སུ་འགྲོ་བ་བསྟན་ཏོ། །ད་ནི་འདུ་བྱེད་ཀྱིས་ཇི་ལྟར་འགྲོ་བ་རྣམས་སུ་འགྲོ་ཞེ་ན། འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་ པར་ཤེས་པ་ཞེས་བྱ་བ་བསྟན་པའི་ཕྱིར། འདུ་བྱེད་རྐྱེན་ཅན་རྣམ་པར་ཤེས། །འགྲོ་བ་རྣམས་སུ་འཇུག་པར་འགྱུར། །ཞེས་བྱ་བ་ལ་ཞེས་བྱ་བ་སྨྲས་ཏེ། འདིས་ཀྱང་འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་ཞེས་བྱ་བའི་ངོ་བོ་ཉིད་དང་། གོ་རིམས་དང་། འཚམས་སྦྱར་བ་ལ་སོགས་པ་སྟོན་ཏེ། འདུ་བྱེད་ཀྱི་རྐྱེན་ཅན་གྱི་རྣམ་པར་ཤེས་པ་འགྲོ་བའི་སྐྱེ་གནས་རྣམས་སུ་ཉིང་མཚམས་སྦྱོར་བར་འགྱུར་རོ་ཞེས་བྱ་བར་སྦྱར་རོ། །འདུ་བྱེད་རྐྱེན་ཅན་ཞེས་བྱ་བ་ནི་གང་ལ་འདུ་བྱེད་ཀྱི་རྐྱེན་ཡོད་པ་དེ་ནི་འདུ་བྱེད་ཀྱི་རྐྱེན་ཅན་དེ་རྣམ་པར་ཤེས་པའོ་ཞེས་བྱ་བས་ནི་འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་ཞེས་བྱ་བའི་སྒྲ་ ནི་འདུ་བྱེད་ཀྱི་རྐྱེན་ཅན་གྱི་རྣམ་པར་ཤེས་པ་ཞེས་བྱ་བའི་དོན་ཡིན་པར་བསྟན་ཏོ། །རྣམ་པར་ཤེས་པ་ཞེས་བྱ་བ་ནི་དངོས་པོ་སོ་སོར་རྣམ་པར་རིག་པའོ་ཞེས་བྱ་བས་ནི་རྣམ་པར་ཤེས་པའི་ངོ་བོ་ཉིད་བསྟན་ཏོ། །འགྲོ་བ་རྣམས་སུ་ཞེས་བྱ་བ་ནི་ལྷ་ལ་སོགས་པའི་རིགས་སུ་འགྲོ་བའི་འགྲོ་བ་རྣམས་སུའོ་ཞེས་བྱ་ བས་ནི་འགྲོ་བ་རྒྱུད་དྲུག་པོ་དག་བསྟན་ཏོ། །འཇུག་པར་འགྱུར་ཞེས་བྱ་བ་ནི་སྐྱེ་བར་འགྱུར་བའོ་ཞེས་བྱ་བས་ནི་འདུ་བྱེད་ཀྱི་རྐྱེན་ཅན་གྱི་རྣམ་པར་ཤེས་པ་འགྲོ་བ་རྣམས་སུ་འཇུག་ཅིང་ཉིང་མཚམས་སྦྱོར་རོ་ཞེས་བྱ་བར་གོ་རིམས་དང་མཚམས་སྦྱོར་རོ། །འདིར་ནི་འདུ་བྱེད་ཀྱི་རྐྱེན་ཅན་གྱི་རྣམ་པར་ཤེས་པ་ཁོ་ན་ འཇུག་པར་འགྱུར་རོ་ཞེས་ཀྱང་ངེས་པར་གཟུང་བར་མི་བྱ་ལ་ཞེས་བྱ་བས་ནི། འདུ་བྱེད་ཀྱི་རྐྱེན་ཅན་གྱི་རྣམ་པར་ཤེས་པ་ཁོ་ན་ཞེས་བྱ་བར་ཚིག་མི་སྦྱོར་བ་བསྟན་ཏོ། །འདུ་བྱེད་ཀྱི་རྐྱེན་ཅན་ཁོ་ནའི་རྣམ་པར་ཤེས་པ་འཇུག་པར་མི་འགྱུར་རོ་ཞེས་ཀྱང་ངེས་པར་གཟུང་བར་མི་བྱ་ཞེས་བྱ་ བས་ནི་འདུ་བྱེད་ཀྱི་རྐྱེན་ཅན་ཁོ་ནའི་རྣམ་པར་ཤེས་པ་ཞེས་བྱ་བར་ཚིག་མི་སྦྱོར་བ་བསྟན་ཏོ། །འདུ་བྱེད་ཁོ་ནའི་རྐྱེན་ཅན་གྱི་རྣམ་པར་ཤེས་པ་འཇུག་པར་འགྱུར་རོ་ཞེས་ཀྱང་ངེས་པར་གཟུང་བར་མི་བྱ་སྟེ་ཞེས་བྱ་བས་ནི་འདུ་བྱེད་ཁོ་ནའི་རྐྱེན་ཅན་གྱི་རྣམ་པར་ཤེས་པ་ཞེས་བྱ་བར་ཚིག་མི་སྦྱར་བ་བསྟན་ཏོ། ། རྣམ་པ་དེ་གསུམ་ལྟར་ངེས་པར་གཟུང་བར་མི་བྱ་བའི་དགོས་པ་བསྟན་པའི་ཕྱིར། སེམས་ལས་བྱུང་བ་རྣམས་ཀྱང་འཇུག་པར་འགྱུར་བའི་ཕྱིར་དང་། དགྲ་བཅོམ་པ་ལ་འདུ་བྱེད་ཡོད་ཀྱང་ཡང་སྲིད་པར་ཉིང་མཚམས་མི་སྦྱོར་བའི་ཕྱིར་དང་། སྲེད་པ་ལ་སོགས་པ་དག་གི་རྐྱེན་ཡང་ཡོད་པའི་ཕྱིར་རོ་ཞེས་ ངེས་པར་མི་གཟུང་བའི་དགོས་པ་གོ་རིམས་བཞིན་དུ་བརྗོད་པར་བྱའོ་ཞེས་བྱ་བ་སྨྲས་སོ། །འོ་ན་ཇི་ལྟར་ངེས་པར་གཟུང་བར་བྱ་ཞེ་ན། འདུ་བྱེད་ཀྱི་རྐྱེན་ཅན་གྱིས་རྣམ་པར་ཤེས་པ་སེམས་ལས་བྱུང་བ་རྣམས་དང་བཅས་པ་དགྲ་བཅོམ་པའི་རྒྱུད་དུ་མ་གཏོགས་པ་སྲེད་པ་ལ་སོགས་པ་དག་གི་རྐྱེན་དང་ ཡང་ལྡན་པ་འགྲོ་བའི་སྐྱེ་གནས་རྣམས་སུ་ཉིང་མཚམས་སྦྱོར་བར་འགྱུར་རོ་ཞེས་བྱ་བར་སྦྱར་རོ། །འདིར་སློབ་དཔོན་རྣམས་ཀྱི་བློ་གྲོས་ཐ་དད་པར་འགྱུར་ཏེ། ཁ་ཅིག་ན་རེ་བར་མ་དོའི་སྲིད་པ་ཞེས་བྱ་བའི་མིང་དང་གཟུགས་ཀྱི་རྒྱུན་གྱིས་འགྲོ་བའི་ཡུལ་འཐོབ་པོ་ཞེས་ཟེར་རོ། །གཞན་དག་ན་རེ་རྣམ་པར་ ཤེས་པ་འདུ་བྱེད་ཀྱི་རྐྱེན་ཅན་འགྲོ་བར་སྐྱེ་བ་ཉིད་ཀྱིས་འགྲོ་བ་འཐོབ་བོ་ཞེས་ཟེར་རོ་ཞེས་བྱ་བ་ནི། འདིར་རྣམ་པར་ཤེས་པ་འདུ་བྱེད་ཀྱི་རྐྱེན་ཅན་འགྲོ་བའི་སྐྱེ་གནས་རྣམས་སུ་ཉིང་མཚམས་སྦྱོར་བར་འགྱུར་རོ་ཞེས་བྱ་བ་ལ། འཕགས་པ་ཐམས་ཅད་ཡོད་པར་སྨྲ་བ་ལ་སོགས་པའི་སློབ་དཔོན་རྣམས་ ནི་བར་མ་དོའི་སྲིད་པ་ཞེས་བྱ་བའི་མིང་དང་གཟུགས་ཀྱི་རྒྱུན་གྱིས་འགྲོ་བའི་ཡུལ་འཐོབ་པོ་ཞེས་ཟེར་ཏེ། གཟུགས་ཅན་གྱི་ཁམས་ནས་ཤི་འཕོས་ནས། གཟུགས་ཅན་གྱི་ཁམས་ཉིད་དང་། གཟུགས་མེད་པའི་ཁམས་སུ་སྐྱེས་པའི་སྲིད་པ་དག་གི་བར་ན་བར་མ་དོའི་སྲིད་པ་ཞེས་བྱ་བའི་ མིང་དང་གཟུགས་ཀྱི་རྒྱུན་ཡོད་པས་འཆི་བའི་སྲིད་པ་ནས་བར་མ་དོའི་སྲིད་པ་དང་། སྐྱེ་བའི་སྲིད་པར་མར་མེའི་རྒྱུན་བཞིན་དུ་རྒྱུན་འབྲེལ་པར་འགྲོ་ལ། གཟུགས་མེད་པའི་ཁམས་ནས་ཤི་འཕོས་ནས་གཟུགས་མེད་པའི་ཁམས་ཉིད་དང་། གཟུགས་ཅན་གྱི་ཁམས་ནས་གཟུགས་མེད་དུ་སྐྱེས་པའི་ སྲིད་པ་དག་གི་བར་ན་ནི་བར་མ་དོའི་སྲིད་པ་ཞེས་བྱ་བའི་རྒྱུན་མེད་པར་འདོད་དོ། །དགེ་འདུན་ཕལ་ཆེན་སྡེ་ལ་སོགས་པའི་སློབ་དཔོན་རྣམས་ནི་རྣམ་པར་ཤེས་པ་འདུ་བྱེད་ཀྱི་རྐྱེན་ཅན་འགྲོ་བར་སྐྱེ་བ་ཉིད་ཀྱིས་འགྲོ་བ་འཐོབ་པོ་ཞེས་ཟེར་ཏེ། ཇི་ལྟར་གཟུགས་མེད་པའི་ཁམས་ནས་ཤི་འཕོས་ནས་གཟུགས་མེད་ པའི་ཁམས་ཉིད་དང་གཟུགས་ཅན་གྱི་ཁམས་སུ་སྐྱེ་བའི་སྲིད་པ་དག་གི་བར་ན་བར་མ་དོའི་སྲིད་པ་མེད་པ་དེ་བཞིན་དུ་གཟུགས་ཅན་གྱི་ཁམས་ནས་ཤི་འཕོས་ནས་གཟུགས་ཅན་གྱི་ཁམས་ཉིད་དང་། གཟུགས་མེད་པའི་ཁམས་སུ་སྐྱེ་བའི་སྲིད་པ་དག་གི་བར་ན་ཡང་བར་མ་དོའི་སྲིད་པ་ཞེས་བྱ་བའི་མིང་དང་ གཟུགས་ཀྱི་རྒྱུན་མེད་དེ། འཆི་བའི་སྲིད་པ་ནས་སྐྱེ་བའི་སྲིད་པར་སྲོག་ཆགས་པད་པའི་འགྲོས་བཞིན་དུ་ཐོད་རྒལ་དུ་འགྲོ་བར་འདོད་དོ། །དེ་ལ་སྔ་མ་དག་ན་རེ་སེམས་ཅན་གཟུགས་ཅན་གང་དུ་འགག་པ་རྣམས་ཀྱི་གཟུགས་ཀྱི་རྒྱུན་སྐྱེ་བ་ནི་རྒྱུན་ཆགས་སུ་ཡུལ་གཞན་དུ་སྐྱེ་བས་ཡུལ་གཞན་དུ་འཐོབ་པར་ འདོད་དེ། གཟུགས་ཅན་ཡིན་ན་འགྲོ་བའི་རྒྱུན་རྗེས་སུ་འཇུག་པའི་ཕྱིར་དཔེར་ན་མར་མེ་བཞིན་ནོ་ཞེས་བྱ་བ་ནི་འཕགས་པ་ཐམས་ཅད་ཡོད་པར་སྨྲ་བ་ལ་སོགས་པའི་སློབ་དཔོན་རྣམས་ཀྱི་བར་མ་དོའི་སྲིད་པ་ཡོད་པར་བསྒྲུབ་པའི་རྗེས་སུ་དཔག་པ་ཡིན་ཏེ། དེ་དག་ནི་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་མར་མེ་ནི་གཟུགས་ཅན་ཡིན་ན་འགྲོ་བའི་རྒྱུན་རྗེས་སུ་འཇུག་པའི་ཕྱིར་རྒྱུན་ཆགས་སུ་ཡུལ་གཞན་དུ་སྐྱེ་བས་ཡུལ་གཞན་འཐོབ་པར་འདོད་པ་དེ་བཞིན་དུ། སེམས་ཅན་གཟུགས་ཅན་གང་དུ་འགག་པ་རྣམས་ཀྱི་གཟུགས་ཀྱི་རྒྱུན་ སྐྱེ་བ་ཡང་གཟུགས་ཅན་ཡིན་ན། འགྲོ་བའི་རྒྱུན་རྗེས་སུ་འཇུག་པའི་ཕྱིར་རྒྱུན་ཆགས་སུ་ཡུལ་གཞན་དུ་སྐྱེ་བས་ཡུལ་གཞན་འཐོབ་པར་འདོད་པས། དེའི་ཕྱིར་གཟུགས་མེད་པའི་ཁམས་ནས་ཤི་འཕོས་ནས་གཟུགས་མེད་པའི་ཁམས་ཉིད་དང་གཟུགས་ཅན་གྱི་ཁམས་སུ་སྐྱེ་བའི་འཆི་འཕོ་བ་དང་། སྐྱེ་བའི་སྲིད་པ་དག་གི་བར་ན་ནི་བར་མ་དོའི་སྲིད་པ་ཞེས་བྱ་བའི་མིང་དང་གཟུགས་ཀྱི་རྒྱུན་མེད་ལ། གཟུགས་ཅན་གྱི་ཁམས་ནས་ཤི་འཕོས་ནས་གཟུགས་ཅན་གྱི་ཁམས་ཉིད་དང་གཟུགས་མེད་པའི་ཁམས་སུ་སྐྱེ་བའི་ཤི་འཕོས་པ་དང་སྐྱེ་བའི་སྲིད་པ་དག་གི་བར་ན་ནི་བར་མ་དོའི་ སྲིད་པ་ཞེས་བྱ་བའི་མིང་དང་གཟུགས་ཀྱི་རྒྱུན་ཡོད་དོ། །ཡང་ན་གཟུགས་ལ་བརྟེན་པའི་མིང་དང་གཟུགས་ཀྱི་རྒྱུན་གྱིས་འཆི་བའི་ཡུལ་ནས་འགྲོ་བའི་ཡུལ་གཞན་དུ་སྐྱེ་བའི་ཕྱིར། དཔེར་ན་གསོན་པོའི་གནས་སྐབས་བཞིན་ནོ་ཞེས་ཟེར་རོ་ཞེས་བྱ་བ་ནི་འཕགས་པ་ཐམས་ཅད་ཡོད་པར་སྨྲ་བ་ལ་སོགས་པའི་ སློབ་དཔོན་རྣམས་ཀྱི་བར་མ་དོའི་སྲིད་པ་ཡོད་པར་དམ་བཅས་པའི་ཕྱོགས་དེ་ཉིད་ཀྱི་སྒྲུབ་པའི་ཆོས་དང་། དཔེ་གཞན་ཡིན་ཏེ། དཔེར་ན་གསོན་པོའི་གནས་སྐབས་ནི་གཟུགས་ལ་བརྟེན་པའི་མིང་དང་གཟུགས་ཀྱི་རྒྱུན་གྱིས་འཆི་བའི་ཡུལ་ནས་འགྲོ་བའི་ཡུལ་གཞན་དུ་སྐྱེ་བའི་ཕྱིར། རྒྱུན་ཆགས་སུ་ཡུལ་གཞན་དུ་སྐྱེ་བས་ ཡུལ་གཞན་འཐོབ་པར་འདོད་པ་དེ་བཞིན་དུ། སེམས་ཅན་གཟུགས་ཅན་གང་དུ་འགག་པ་རྣམས་ཀྱི་གཟུགས་ཅན་གྱི་རྒྱུན་སྐྱེ་བ་ཡང་གཟུགས་ལ་བརྟེན་པའི་མིང་དང་གཟུགས་ཀྱི་རྒྱུན་གྱིས་འཆི་བའི་ཡུལ་ནས་འགྲོ་བའི་ཡུལ་གཞན་དུ་སྐྱེ་བའི་ཕྱིར་རྒྱུན་ཆགས་སུ་ཡུལ་གཞན་དུ་སྐྱེ་བས་ཡུལ་གཞན་དུ་འཐོབ་ པར་འདོད་པས་དེའི་ཕྱིར་གཟུགས་ཅན་གྱི་ཁམས་ནས་ཤི་འཕོས་ནས་གཟུགས་ཅན་གྱི་ཁམས་ཉིད་དང་། གཟུགས་མེད་པའི་ཁམས་སུ་སྐྱེ་བ་ལ་བར་མ་དོའི་སྲིད་པ་ཡོད་དོ་ཞེས་ཟེར་རོ། །ཕྱི་མ་པ་དག་ན་རེ་གཟུགས་ཅན་གྱི་ཁམས་སུ་འཆི་བ་དང་། སྐྱེ་བའི་སྲིད་པ་དག་ནི་སྲིད་པ་གཞན་གྱིས་ བར་དུ་མ་ཆོད་དེ། ཟག་པ་དང་བཅས་པའི་ཕྱིར་དཔེར་ན་གཟུགས་མེད་པར་འཆི་བ་དང་། སྐྱེ་བའི་སྲིད་པ་དག་བཞིན་ནོ་ཞེས་བྱ་བ་ནི་དགེ་འདུན་ཕལ་ཆེན་སྡེ་ལ་སོགས་པའི་སློབ་དཔོན་རྣམས་ཀྱི་བར་མ་དོའི་སྲིད་པ་མེད་པར་བསྒྲུབ་པའི་རྗེས་སུ་དཔག་པ་ཡིན་ཏེ། དེ་དག་ཀྱང་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་གཟུགས་མེད་པ་ནས་ཤི་འཕོས་ནས་གཟུགས་མེད་པ་དང་། གཟུགས་ཅན་དུ་སྐྱེ་བའི་སྲིད་པ་དག་ནི་ཟག་པ་དང་བཅས་པའི་ཕྱིར་སྲིད་པ་གཞན་གྱིས་བར་དུ་མ་ཆོད་པ་དེ་བཞིན་དུ་ གཟུགས་ཅན་གྱི་ཁམས་ནས་འཆི་བ་གཟུགས་ཅན་དང་། གཟུགས་མེད་པར་སྐྱེ་བའི་སྲིད་པ་དག་ཀྱང་ཟག་པ་དང་བཅས་པའི་ཕྱིར། སྲིད་པ་གཞན་གྱིས་བར་དུ་མ་ཆོད་པས་དེའི་ཕྱིར་ཇི་ལྟར་གཟུགས་མེད་པ་ནས་ཤི་འཕོས་ནས། གཟུགས་མེད་པ་ཉིད་དང་། གཟུགས་ཅན་གྱི་ཁམས་ སུ་སྐྱེ་བ་ལ་བར་མ་དོའི་སྲིད་པ་མེད་པ་དེ་བཞིན་དུ། གཟུགས་ཅན་གྱི་ཁམས་ནས་ཤི་འཕོས་ནས་གཟུགས་ཅན་གྱི་ཁམས་ཉིད་དང་། གཟུགས་མེད་པའི་ཁམས་སུ་སྐྱེ་བ་དག་ལ་ཡང་བར་མ་དོའི་སྲིད་པ་མེད་དོ་ཞེས་ཟེར་ཏེ། དེས་ནི་སྲིད་པ་གཞན་གྱིས་བར་དུ་མ་ཆོད་པས་བར་མ་དོའི་སྲིད་པ་མེད་ པར་བསྟན་ཏོ། །ཡང་ན་ལུས་ཅན་རྣམས་ཀྱི་འཆི་བའི་སྲིད་པའི་མཇུག་ཐོགས་སུ་ལུས་གང་སྐྱེ་བ་དེ་ནི་བར་མ་དོའི་སྲིད་པའི་ལུས་མ་ཡིན་ཏེ། རྣམ་པར་སྨིན་པ་ཡིན་པའི་ཕྱིར་དང་། སྡུག་བསྔལ་གྱི་བདེན་པར་གཏོགས་པའི་ཕྱིར་དཔེར་ན་ཉེ་བར་སྤྱོད་པའི་ལུས་བཞིན་ནོ་ཞེས་བྱ་བ་ཡང་དགེ་འདུན་ ཕལ་ཆེན་སྡེ་ལ་སོགས་པའི་སློབ་དཔོན་རྣམས་ཀྱི་བར་མ་དོའི་སྲིད་པ་མེད་པར་སྒྲུབ་པའི་རྗེས་སུ་དཔག་པ་གཞན་ཡིན་ཏེ། དེ་དག་ཀྱང་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་ད་ལྟར་ཉེ་བར་སྤྱོད་པའི་ལུས་ནི་ རྣམ་པར་སྨིན་པ་ཡིན་པའི་ཕྱིར་དང་། སྡུག་བསྔལ་གྱི་བདེན་པར་གཏོགས་པའི་ཕྱིར་བར་མ་དོའི་སྲིད་པའི་ལུས་མ་ཡིན་པ་དེ་བཞིན་དུ་ལུས་ཅན་རྣམས་ཀྱི་འཆི་བའི་སྲིད་པའི་མཇུག་ཐོགས་སུ་ལུས་གང་སྐྱེ་བ་དེ་ཡང་རྣམ་པར་སྨིན་པ་ཡིན་པའི་ཕྱིར་དང་། སྡུག་བསྔལ་གྱི་བདེན་པར་གཏོགས་པའི་ཕྱིར་ དང་བར་མ་དོའི་སྲིད་པའི་ལུས་མ་ཡིན་པས་དེའི་ཕྱིར་ཡང་བར་མ་དོའི་སྲིད་པ་ཞེས་བྱ་བ་མེད་དོ་ཞེས་ཟེར་ཏེ། དེས་ནི་འཆི་བའི་སྲིད་པའི་མཇུག་ཐོགས་སུ་ལུས་གང་སྐྱེ་བ་དེ་བར་མ་དོའི་སྲིད་པའི་ལུས་མ་ཡིན་པས་བར་མ་དོའི་སྲིད་པ་མེད་པར་བསྟན་ཏོ། །གཞན་ཡང་ཡིད་ལས་བྱུང་བའི་ལུས་ཡུལ་ གཞན་འཐོབ་པས་འགྲོ་བའི་རྒྱུན་རྗེས་སུ་འཇུག་པའི་ཕྱིར་དེས་གཏན་ཚིགས་མ་ངེས་པའི་ཕྱིར་བར་མ་དོའི་སྲིད་པ་མི་འགྲུབ་སྟེ་ཞེས་བྱ་བ་ནི་དགེ་འདུན་ཕལ་ཆེན་སྡེ་ལ་སོགས་པའི་སློབ་དཔོན་རྣམས་ཀྱིས། འཕགས་པ་ཐམས་ཅད་ཡོད་པར་སྨྲ་བ་ལ་སོགས་པའི་སློབ་དཔོན་རྣམས་ཀྱི་གཏན་ཚིགས་ཀྱི་ ཁྱད་པར་འགྲོ་བའི་རྒྱུན་རྗེས་སུ་འཇུག་པའི་ཕྱིར་ཞེས་བྱ་བ་དེ་མ་ངེས་པ་ཉིད་དུ་སྒྲུབ་པའི་ཚིག་ཡིན་ཏེ། དེ་དག་ན་རེ་འདི་ན་ལུང་ལས་ཡིད་ལས་བྱུང་བའི་ལུས་གཟུགས་ཅན་མ་ཡིན་པ་ཡུལ་གཞན་འཐོབ་པ་ཡང་འགྲོ་བའི་རྒྱུན་རྗེས་སུ་འཇུག་པར་གསུངས་པའི་ཕྱིར་དེས་ན་ཅི་རེ་ཞིག་ འགྲོ་བའི་རྒྱུན་རྗེས་སུ་འཇུག་པའི་ཕྱིར་དཔེར་ན་མར་མེ་བཞིན་དུ་སེམས་ཅན་གང་དུ་འགག་པ་རྣམས་ཀྱི་གཟུགས་ཀྱི་རྒྱུན་སྐྱེ་བ་རྒྱུན་ཆགས་སུ་ཡུལ་གཞན་དུ་སྐྱེ་བས་ཡུལ་གཞན་འཐོབ་པར་འགྱུར་རམ། འོན་ཏེ་འགྲོ་བའི་རྒྱུན་རྗེས་སུ་འཇུག་པའི་ཕྱིར་དཔེར་ན་ཡིད་ལས་བྱུང་བའི་ལུས་ཡུལ་གཞན་འཐོབ་ པ་བཞིན་དུ། སེམས་ཅན་གཟུགས་ཅན་གང་དུ་འགག་པ་རྣམས་ཀྱི་གཟུགས་ཀྱི་རྒྱུན་སྐྱེ་བ་རྒྱུན་ཆགས་མ་ཡིན་པར་ཡུལ་གཞན་དུ་སྐྱེ་བས་ཡུལ་གཞན་འཐོབ་པར་འགྱུར་བ་མ་ངེས་པའི་ཕྱིར་བར་མ་དོའི་སྲིད་པ་མི་འགྲུབ་བོ། །དེ་ཉིད་ཀྱི་འཐད་པ་གཞན་བསྟན་པའི་ཕྱིར། བར་མ་དོའི་སྲིད་ པ་མེད་པར་ཡང་ཁ་ཏོན་དང་། མར་མེ་དང་། རྒྱ་དང་། མེ་ལོང་དང་། སྐད་དང་། མེ་ཤེལ་དང་། ས་བོན་དང་། སྐྱུར་དག་གིས་ཕུང་པོའི་ཉིང་མཚམས་སྦྱོར་བ་མི་འཕོ་བར་མཁས་པ་རྣམས་ཀྱིས་རྟོགས་པར་བྱའོ་ཞེས་ཟེར་རོ་ཞེས་བྱ་བ་སྨྲས་ཏེ། འཐད་པ་དེས་ཀྱང་བར་མ་དོའི་སྲིད་པ་མེད་པར་ གྲུབ་པོ་ཞེས་ཟེར་རོ། །གཞན་མ་ཡིན་པ་ན་རེ་གཟུགས་ཅན་མ་ཡིན་ན་འགྲོ་བའི་རྒྱུན་རྗེས་སུ་འཇུག་པའི་ཕྱིར་ཞེས་གཏན་ཚིགས་ཁྱད་པར་ཅན་ཡིན་པའི་ཕྱིར་སྔ་མ་དག་ལ་སྐྱོན་དེ་མེད་དོ་ཞེས་ཟེར་རོ་ཞེས་བྱ་བ་ནི་གཞན་མ་ཡིན་པས་རང་ཉིད་དེ་སློབ་དཔོན་ལེགས་ལྡན་བྱེད་ཉིད་ན་རེ་ཕྱི་མ་པ་དག་གིས་སྔ་མ་པ་ དག་ལ་ཡིད་ལས་བྱུང་བའི་ལུས་ཡུལ་གཞན་འཐོབ་པས་འགྲོ་བའི་རྒྱུན་རྗེས་སུ་འཇུག་པའི་ཕྱིར་ངེས་གཏན་ཚིགས་མ་ངེས་པའི་ཕྱིར་བར་མ་དོའི་སྲིད་པ་མི་འགྲུབ་སྟེ་ཞེས་གཏན་ཚིགས་ཀྱི་སྐྱོན་བཏགས་པ་དེ་སྔ་མ་དག་གི་གཏན་ཚིགས་དེ་གཟུགས་ཅན་ཡིན་ན་འགྲོ་བའི་རྒྱུན་རྗེས་སུ་འཇུག་པའི་ཕྱིར་ དཔེར་ན་མར་མེ་བཞིན་ནོ་ཞེས་གཏན་ཚིགས་ཁྱད་པར་ཅན་ཡིན་པའི་ཕྱིར་སྔ་མ་པ་དག་ལ་མ་ངེས་པའི་སྐྱོན་དེ་མེད་དོ་ཞེས་ཟེར་བའི་ཚིག་ཡིན་ཏེ། དེས་ན་དོན་གྱིས་གོ་བ་ལས་དཔག་ན་སློབ་དཔོན་ལེགས་ལྡན་བྱེད་ཉིད་ནི་བར་མ་དོའི་སྲིད་པ་ཡོད་པར་འདོད་དོ། །དེ་དག་གིས་ནི་འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ ཤེས་པ་ཞེས་བྱ་བ་བསྟན་ཏོ། །ད་ནི་རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས་ཞེས་བྱ་བ་བསྟན་པའི་ཕྱིར། རྣམ་པར་ཤེས་པ་ཞུགས་གྱུར་ན། །མིང་དང་གཟུགས་ནི་ཆགས་པར་འགྱུར། །ཞེས་བྱ་བ་ལ་ཞེས་བྱ་བ་སྨྲས་ཏེ། འདིས་ཀྱང་རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས་ ཞེས་བྱ་བའི་ངོ་བོ་ཉིད་དང་། གོ་རིམས་དང་། མཚམས་སྦྱར་བ་ལ་སོགས་པ་སྟོན་ཏེ། རྣམ་པར་ཤེས་པའི་རྐྱེན་ཅན་གྱི་མིང་དང་གཟུགས་ཆགས་པར་འགྱུར་རོ་ཞེས་བྱ་བར་སྦྱར་རོ། །མིང་ཞེས་བྱ་བ་ནི་འགྲོ་བ་རྣམས་སུ་གཞོལ་བའམ། ཉོན་མོངས་པ་རྣམས་ཀྱིས་གཞོལ་བར་བྱ་སྟེ། ཕུང་པོ་ གཟུགས་ཅན་མ་ཡིན་པ་བཞི་པོ་དག་གོ་ཞེས་བྱ་བས་ནི་མིང་གི་ངོ་བོ་ཉིད་བསྟན་ཏོ། །གཟུགས་ཞེས་བྱ་བ་ནི་གཟུགས་སུ་རུང་བ་སྟེ། འབྱུང་བ་ཆེན་པོ་བཞི་དང་རྒྱུར་བྱས་པའི་གཟུགས་རྣམས་སོ་ཞེས་བྱ་བས་ནི་གཟུགས་ཀྱི་ངོ་བོ་ཉིད་བསྟན་ཏེ། དེ་ལྟར་རྣམ་པར་ཤེས་པའི་རྐྱེན་ཅན་གྱི་མིང་དང་གཟུགས་ འཆགས་པར་འགྱུར་རོ་ཞེས་གོ་རིམས་དང་མཚམས་སྦྱར་རོ། །འདིར་ཡང་རྣམ་པར་ཤེས་པ་ཁོ་ནའི་རྐྱེན་ཅན་གྱི་མིང་དང་གཟུགས་ཞེས་ཀྱང་ངེས་པར་གཟུང་བར་མི་བྱ་སྟེ། མ་རིག་པ་ལ་སོགས་པ་དག་ཀྱང་དེའི་རྐྱེན་ཡིན་པའི་ཕྱིར་རོ་ཞེས་བྱ་བས་ནི་རྣམ་པར་ཤེས་པ་ཁོ་ནའི་རྐྱེན་ཅན་གྱི་མིང་དང་གཟུགས་ ཞེས་བྱ་བར་ཚིག་མི་སྦྱར་བ་བསྟན་ཏོ། །རྣམ་པར་ཤེས་པའི་རྐྱེན་ཅན་གྱི་མིང་དང་གཟུགས་ཁོ་ན་ཞེས་ཀྱང་ངེས་པར་གཟུང་བར་མི་བྱ་སྟེ། རྫུས་ཏེ་སྐྱེ་བ་རྣམས་ཀྱི་སྐྱེ་མཆེད་དྲུག་གི་རྐྱེན་ཀྱང་རྣམ་པར་ཤེས་པ་ཡིན་པའི་ཕྱིར་དང་། གཟུགས་མེད་པའི་མིང་གི་རྐྱེན་ཀྱང་རྣམ་པར་ཤེས་པ་ཡིན་པའི་ཕྱིར་ རོ་ཞེས་བྱ་བས་ནི་རྣམ་པར་ཤེས་པའི་རྐྱེན་ཅན་གྱི་མིང་དང་གཟུགས་ཁོ་ན་ཞེས་བྱ་བར་ཚིག་མི་སྦྱར་བ་བསྟན་ཏོ། །རྣམ་པར་ཤེས་པའི་རྐྱེན་ཁོ་ནའི་མིང་དང་གཟུགས་ཞེས་ཀྱང་ངེས་པར་གཟུང་བར་མི་བྱ་སྟེ། དགྲ་བཅོམ་པའི་ཐ་མའི་སེམས་རྐྱེན་མ་ཡིན་པའི་ཕྱིར་རོ་ཞེས་བྱ་བས་ནི་རྣམ་པར་ཤེས་པའི་རྐྱེན་ ཅན་ཁོ་ནའི་མིང་དང་གཟུགས་ཅེས་བྱ་བར་ཚིག་མི་སྦྱར་བར་བསྟན་ཏོ། །འོ་ན་ཇི་ལྟར་ངེས་པར་གཟུང་བར་བྱ་ཞེ་ན། རྣམ་པར་ཤེས་པ་དང་མ་རིག་པ་ལ་སོགས་པའི་རྐྱེན་ཅན་གྱི་མིང་དང་གཟུགས་དང་རྫུས་ཏེ་སྐྱེ་བའི་སྐྱེ་མཆེད་དྲུག་དང་། གཟུགས་སུ་མེད་པར་སྐྱེ་བའི་མིང་དགྲ་བཅོམ་པའི་རྒྱུད་དུ་མ་ གཏོགས་པ་འཆགས་པར་འགྱུར་རོ་ཞེས་བྱ་བར་སྦྱར་ཏེ། དེ་དག་གིས་ནི་རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས་ཞེས་བྱ་བར་བསྟན་ཏོ། །ད་ནི་མིང་དང་གཟུགས་ཀྱི་རྐྱེན་གྱིས་སྐྱེ་མཆེད་དྲུག་ཅེས་བྱ་བ་བསྟན་པའི་ཕྱིར། མིང་དང་གཟུགས་ནི་ཆགས་གྱུར་ན། །སྐྱེ་ མཆེད་དྲུག་ནི་འབྱུང་བར་འགྱུར། །ཞེས་བྱ་བ་ལ་ཞེས་བྱ་བ་སྨྲས་ཏེ། འདིས་ཀྱང་མིང་དང་གཟུགས་ཀྱི་རྐྱེན་གྱིས་སྐྱེ་མཆེད་དྲུག་ཅེས་བྱ་བའི་ངོ་བོ་ཉིད་དང་གོ་རིམས་དང་མཚམས་སྦྱར་བ་ལ་སོགས་པ་སྟོན་ཏེ། མིང་དང་གཟུགས་ཀྱི་རྐྱེན་ཅན་གྱི་སྐྱེ་མཆེད་དྲུག་འབྱུང་བར་འགྱུར་རོ་ཞེས་བྱ་བར་སྦྱར་རོ། ། སྐྱེ་མཆེད་ཅེས་བྱ་བ་ནི་རྣམ་པར་ཤེས་པ་སྐྱེ་བའི་སྒོ་མཆེད་པར་བྱེད་པའོ་ཞེས་བྱ་བས་ནི། སྐྱེ་མཆེད་ཀྱི་ངོ་བོ་ཉིད་བསྟན་ཏེ། དབང་པོ་དྲུག་པོ་རྣམས་ཀྱིས་རང་རང་གི་རྣམ་པར་ཤེས་པ་སྐྱེ་བའི་སྒོ་མཆེད་ཅིང་རྒྱས་པར་བྱེད་པའོ། །དྲུག་ཅེས་བྱ་བ་ནི་ནང་གི་སྐྱེ་མཆེད་ཀྱི་དབང་དུ་བྱས་པའི་ཕྱིར་ཏེ། དེ་དག་ ནི་མིག་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ཅེས་བྱ་བ་དག་ཡིན་པར་འདོད་དོ། །མིག་གི་སྐྱེ་མཆེད་ནི་ཡུལ་ཁ་དོག་དང་། གཟུགས་དང་བ་དང་། མིག་གི་རྣམ་པར་ཤེས་པའི་གནས་དང་ལྡན་པའོ། །རྣ་བ་ལ་སོགས་པ་ལུས་ཀྱི་བར་གྱི་སྐྱེ་མཆེད་དག་ཀྱང་ཡུལ་སྒྲ་ལ་ སོགས་པ་དང་། གཟུགས་དང་བ་དང་། རྣ་བ་ལ་སོགས་པའི་རྣམ་པར་ཤེས་པ་དག་གི་གནས་དང་ལྡན་པའོ། །ཡིད་ཀྱི་སྐྱེ་མཆེད་ནི་རྣམ་པར་ཤེས་པའི་ཚོགས་དྲུག་པོ་དག་འགགས་མ་ཐག་པའོ་ཞེས་བྱ་བས་ནི་སྐྱེ་མཆེད་རྣམས་ཀྱི་གྲངས་དང་། སོ་སོའི་ངོ་བོ་ཉིད་དང་མཚན་ཉིད་བསྟན་ཏེ། དེ་དག་འབྱུང་བར་འགྱུར་རོ་ཞེས་བྱ་བའི་གོ་རིམས་དང་མཚམས་སྦྱར་རོ། །འདིར་ཡང་མིང་དང་གཟུགས་ཁོ་ནའི་རྐྱེན་ཅན་གྱི་སྐྱེ་མཆེད་དྲུག་ཅེས་ཀྱང་ངེས་པར་གཟུང་བར་མི་བྱ་སྟེ། འདུ་བྱེད་ལ་སོགས་པ་དག་ཀྱང་དེའི་རྐྱེན་ཡིན་པའི་ཕྱིར་དང་། རྫུས་ཏེ་སྐྱེ་བ་རྣམས་ཀྱི་སྐྱེ་མཆེད་དྲུག་གི་རྐྱེན་མིང་ འབའ་ཞིག་ཀྱང་ཡིན་པའི་ཕྱིར་རོ་ཞེས་བྱ་བས་ནི་མིང་དང་གཟུགས་ཁོ་ནའི་རྐྱེན་ཅན་གྱི་སྐྱེ་མཆེད་དྲུག་ཅེས་བྱ་བར་ཚིག་མི་སྦྱར་བ་བསྟན་ཏོ། །མིང་དང་གཟུགས་ཀྱི་རྐྱེན་ཅན་གྱི་སྐྱེ་མཆེད་དྲུག་ཁོ་ན་ཞེས་ཀྱང་ངེས་པར་གཟུང་བར་མི་བྱ་སྟེ། རེག་པ་ལ་སོགས་པ་དག་གི་རྐྱེན་ཀྱང་མིང་དང་གཟུགས་ ཡིན་པའི་ཕྱིར་རོ་ཞེས་བྱ་བས་ནི་མིང་དང་གཟུགས་ཀྱི་རྐྱེན་ཅན་གྱི་སྐྱེ་མཆེད་དྲུག་ཁོ་ན་ཞེས་བྱ་བར་ཚིག་མི་སྦྱར་བ་བསྟན་ཏོ། །མིང་དང་གཟུགས་ཀྱི་རྐྱེན་ཅན་ཁོ་ནའི་སྐྱེ་མཆེད་དྲུག་ཅེས་ཀྱང་ངེས་པར་གཟུང་བར་མི་བྱ་སྟེ། དགྲ་བཅོམ་པའི་ཐ་མའི་མིང་དང་གཟུགས་རྐྱེན་མ་ཡིན་པའི་ཕྱིར་རོ་ཞེས་བྱ་བས་ ནི་མིང་དང་གཟུགས་ཀྱི་རྐྱེན་ཅན་ཁོ་ནའི་སྐྱེ་མཆེད་དྲུག་ཅེས་བྱ་བའི་ཚིག་མི་སྦྱར་བ་བསྟན་ཏོ། །འོ་ན་ཇི་ལྟར་ངེས་པར་གཟུང་བར་བྱ་ཞེ་ན། མིང་དང་གཟུགས་དང་འདུ་བྱེད་ལ་སོགས་པའི་རྐྱེན་ཅན་གྱི་སྐྱེ་མཆེད་དྲུག་དང་རེག་པ་ལ་སོགས་པ་དགྲ་བཅོམ་པའི་རྒྱུད་དུ་མ་གཏོགས་པ་འབྱུང་བར་འགྱུར་རོ་ ཞེས་བྱ་བར་སྦྱར་ཏེ། དེ་དག་གིས་ནི་མིང་དང་གཟུགས་ཀྱི་རྐྱེན་གྱིས་སྐྱེ་མཆེད་དྲུག་ཅེས་བྱ་བ་བསྟན་ཏོ། །ད་ནི་སྐྱེ་མཆེད་དྲུག་གི་རྐྱེན་གྱིས་རེག་པ་ཞེས་བྱ་བ་བསྟན་པའི་ཕྱིར། སྐྱེ་མཆེད་དྲུག་ལ་བརྟེན་ནས་ནི། །དེ་ལས་རེག་པ་འབྱུང་བར་འགྱུར། །ཞེས་བྱ་བ་ལ་ཞེས་བྱ་བ་སྨྲས་ཏེ། འདིས་ ཀྱང་སྐྱེ་མཆེད་དྲུག་གི་རྐྱེན་གྱིས་རེག་པ་ཞེས་བྱ་བའི་ངོ་བོ་ཉིད་དང་གོ་རིམས་དང་། མཚམས་སྦྱར་བ་ལ་སོགས་པ་སྟོན་ཏེ། སྐྱེ་མཆེད་དྲུག་གི་རྐྱེན་ཅན་གྱི་རེག་པ་འབྱུང་བར་འགྱུར་རོ་ཞེས་བྱ་བར་སྦྱར་རོ། །བརྟེན་ནས་ཞེས་བྱ་བ་ནི་གནས་ཐོབ་ནས་སོ་ཞེས་བྱ་བས་ནི་རེག་པའི་གནས་སོ། དེ་ལས་ཞེས་བྱ་ བ་ནི་སྐྱེ་མཆེད་དྲུག་ལས་སོ་ཞེས་བྱ་བ་ནི་གནས་དེ་ལས་སོ། །རེག་པ་ཞེས་བྱ་བ་ནི། ཕྲད་པ་སྟེ། བདེ་བ་དང་སྡུག་བསྔལ་དང་། སྡུག་བསྔལ་ཡང་མ་ཡིན། བདེ་བ་ཡང་མ་ཡིན་པ་མྱོང་བར་འགྱུར་བ་སྟེ། མཚན་ཉིད་འོག་ནས་སྟོན་ཏོ་ཞེས་བྱ་བས་ནི། རེག་པའི་ངོ་བོ་ཉིད་བསྟན་ཏེ། ཚོར་ བའི་རྒྱུ་ཞེས་བྱ་བའི་ཐ་ཚིག་གོ། །མཚན་ཉིད་འོག་ནས་སྟོན་ཏོ་ཞེས་བྱ་བ་ནི་རེག་པའི་མཚན་ཉིད་ནི་འོག་ནས། མིག་དང་གཟུགས་དང་རྣམ་པར་ཤེས། །གསུམ་པོ་འདུས་པ་གང་ཡིན་པ། །དེ་ནི་རེག་པ་ཞེས་འབྱུང་བས་སྟོན་ཏོ། །དེ་ལ་རེག་པའི་རྒྱུའི་མིག་དང་གཟུགས་ནི་སྔ་ནས་ཡོད་པ་ཡིན་པས་ ཇི་ལྟར་སྐྱེ་བ་བསྒྲུབ་མི་དགོས་ཏེ། རྣམ་པར་ཤེས་པ་དེ་ཇི་ལྟར་སྐྱེ་བ་བསྟན་པའི་ཕྱིར། མིག་དང་གཟུགས་དང་དྲན་བྱེད་ལ། །བརྟེན་ནས་སྐྱེ་བ་ཁོ་ན་ཡིན། །ཞེས་བྱ་བ་ལ་ཞེས་བྱ་བ་སྨྲས་ཏེ། མིག་དང་གཟུགས་དང་དྲན་བྱེད་ལ། བརྟེན་ནས་རེག་པའི་རྒྱུའི་རྣམ་པར་ཤེས་པ་དེ་སྐྱེ་བ་ཁོ་ན་ཡིན་ནོ་ཞེས་བྱ་ བར་སྦྱར་རོ། །དེ་ལ་མིག་དང་གཟུགས་ནི་བཤད་མི་དགོས་པས། དྲན་བྱེད་ཅེས་བྱ་བ་ནི་ཡིད་ལ་བྱེད་པའོ་ཞེས་བྱ་བ་སྨྲས་སོ། །དེ་ལྟར་མིག་དང་གཟུགས་དང་དྲན་བྱེད་ལ་བརྟེན་ནས་རེག་པའི་རྒྱུའི་རྣམ་པར་ཤེས་པ་སྐྱེ་བ་དངོས་བསྟན་པའི་ཕྱིར། དེ་ལྟར་མིང་དང་གཟུགས་བརྟེན་ ནས། །རྣམ་པར་ཤེས་པ་སྐྱེ་བར་འགྱུར། །ཞེས་བྱ་བ་སྨྲས་ཏེ། མིང་ཞེས་བྱ་བ་ནི་དྲན་བྱེད་དོ། །གཟུགས་ཞེས་བྱ་བ་ནི་མིག་དང་གཟུགས་ཏེ། །དེ་ལྟར་མིག་དང་གཟུགས་དང་དྲན་བྱེད་ལ་བརྟེན་ནས་རེག་པའི་རྒྱུའི་རྣམ་པར་ཤེས་པ་དེ་སྐྱེ་བར་འགྱུར་རོ་ཞེས་བྱ་བར་སྦྱར་རོ། །དེ་ལྟར་མིག་དང་གཟུགས་དང་ དྲན་བྱེད་ལ་བརྟེན་རྣམ་པར་ཤེས་པ་སྐྱེ་བར་འགྱུར་རོ་ཞེས་བསྟན་པ་དེ་སྲིད་པའི་ཡན་ལག་གི་མཚམས་སྦྱར་བའི་གནས་སྐབས་གང་གི་དུས་དང་སྦྱར་ཞེ་ན། དེའི་ཕྱིར་འཇུག་པའི་དུས་ན་སྟེ། །ཞེས་བྱ་བ་སྨྲས་ཏེ། སྐྱེ་མཆེད་དྲུག་གི་རྐྱེན་གྱིས་རེག་པ་ཞེས་བྱ་བ་འབྱུང་བའི་དུས་དང་སྦྱར་རོ། །དེ་ལྟར་མིང་དང་ གཟུགས་བརྟེན་ནས། །རྣམ་པར་ཤེས་པ་སྐྱེ་བར་འགྱུར། །ཞེས་བྱ་བ་དེ་ཇི་ལྟར་མིག་དང་གཟུགས་དང་དྲན་བྱེད་ལ་བརྟེན་ནས། མིག་གི་རྣམ་པར་ཤེས་པ་སྐྱེ་བ་བཞིན་དུ་སྐྱེ་མཆེད་ལྷག་མ་རྣམས་ལ་ཡང་དེ་དང་འདྲ་བར་བསྟན་པའི་ཕྱིར། ཇི་ལྟར་མིག་དང་། གཟུགས་ལ་བརྟེན་ནས་གཟུགས་ལ་དམིགས་ པའི་རྣམ་པར་ཤེས་པ་སྐྱེ་བ་དེ་བཞིན་དུ། རྣ་བ་དང་། སྒྲ་ལ་བརྟེན་པ་དང་། ཡིད་དང་ཆོས་རྣམས་ཀྱི་བར་ལ་བརྟེན་ནས་ཡིད་ཀྱི་རྣམ་པར་ཤེས་པ་སྐྱེ་བར་བརྗོད་པར་བྱ་སྟེ་ཞེས་བྱ་བ་སྨྲས་ཏེ། དྲན་བྱེད་ནི་མ་སྨོས་ཀྱང་སྔར་བསྟན་པའི་ཚུལ་གྱིས་ཐམས་ཅད་དུ་ཡང་རྣམ་པར་ཤེས་པ་སྐྱེ་བའི་རྐྱེན་ཡིན་པར་ཤེས་ པར་བྱའོ། །འོ་ན་འདིར། སྐྱེ་མཆེད་དྲུག་ལ་བརྟེན་ནས་ནི། །དེ་ལས་རེག་པ་འབྱུང་བར་འགྱུར། །ཞེས་བྱ་བས་རེག་པ་ཉིད་བཤད་པའི་སྐབས་སུ་རེག་པའི་ངོ་བོ་ཉིད་མི་སྟོན་པར། །མིག་དང་གཟུགས་དང་དྲན་བྱེད་ལ། །བརྟེན་ནས་སྐྱེ་བ་ཁོ་ན་ཡིན། །དེ་ལྟར་མིང་དང་གཟུགས་བརྟེན་ནས། །རྣམ་ པར་ཤེས་པ་སྐྱེ་བར་འགྱུར། །ཞེས་བྱ་བས། རྣམ་པར་ཤེས་པ་ཇི་ལྟར་སྐྱེ་བ་སྨོས་པ་འདི་ཇི་ལྟར་དགོས་ཤེ་ན། དེའི་ཕྱིར། སྐྱེ་མཆེད་དྲུག་གི་འབྲས་བུ་སྐྱེ་བ་བརྗོད་པར་འདོད་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། རེག་པ་ཇི་ལྟར་སྐྱེ་བ་བརྗོད་པར་འདོད་པའི་ཕྱིར་ཏེ། རེག་པ་སྐྱེ་བའི་རྐྱེན་ནི་དབང་པོ་དང་ཡུལ་ དང་རྣམ་པར་ཤེས་པ་ཡིན་པར་བསྟན་པའི་ཕྱིར་རོ། །ད་ནི་རེག་པའི་མཚན་ཉིད་དངོས་བསྟན་པའི་ཕྱིར། འོ་ན་རེག་པ་དེ་གང་ཞེ་ན། མིག་དང་གཟུགས་དང་རྣམ་པར་ཤེས། །གསུམ་པོ་འདུས་པ་གང་ཡིན་པ། །དེ་ནི་རེག་པ་ཞེས་བྱ་བ་ཡིན་ཏེ་ཞེས་བྱ་བ་སྨྲས་ཏེ། དེས་ནི་རེག་པའི་ངོ་བོ་ཉིད་བསྟན་ཏེ། དེ་ལྟར་ སྐྱེ་མཆེད་དྲུག་གི་རྐྱེན་ཅན་གྱི་རེག་པ་འབྱུང་བར་འགྱུར་རོ་ཞེས་གོ་རིམས་དང་མཚམས་སྦྱར་རོ། །དེ་ཉིད་བྱེ་བྲག་ཏུ་བཤད་པ་བསྟན་པའི་ཕྱིར། གསུམ་པོ་ཞེས་བྱ་བ་ནི་དབང་པོ་དང་ཡུལ་དང་རྣམ་པར་ཤེས་པ་རྣམས་སོ། །འདུས་པ་ཞེས་བྱ་བ་ནི་གཅིག་ཏུ་ཚོགས་པ་སྟེ་དེ་ནི་རེག་པ་ཡིན་ནོ་ ཞེས་བྱ་བ་སྨྲས་སོ། །མིག་ལ་སོགས་པ་སྨོས་པ་ནི་ཁྱད་པར་བསྟན་པའི་ཕྱིར་ཏེ། དེ་དག་ནི་དབང་གིས་རེག་པ་བརྟག་སླ་བའི་ཕྱིར་རོ་ཞེས་བྱ་བ་ནི། སྐྱེ་མཆེད་དྲུག་ལ་བརྟེན་ནས་ནི། །དེ་ལས་རེག་པ་འབྱུང་བར་འགྱུར། །ཞེས་བྱ་བས་སྐྱེ་མཆེད་དྲུག་གི་རྐྱེན་གྱིས་རེག་པ་ཞེས་བསྟན་པའི་ སྐབས་སུ། མིག་དང་གཟུགས་དང་དྲན་བྱེད་ལ། །བརྟེན་ནས་སྐྱེ་བ་ཁོ་ན་ཡིན། །དེ་ལྟར་མིང་དང་གཟུགས་བརྟེན་ནས། །རྣམ་པར་ཤེས་པ་སྐྱེ་བར་འགྱུར། །ཞེས་བྱ་བའི་ཚིག་ལེའུར་བྱས་པ་གཅིག་བླ་ཐབས་སུ་སྨྲས་པ་ནི་རེག་པའི་རྒྱུའི་ཁྱད་པར་བསྟན་པའི་ཕྱིར་ཏེ། སྤྱིར་སྐྱེ་ མཆེད་དྲུག་གི་རྐྱེན་གྱིས་རེག་པ་ཞེས་བྱ་བ་ཡིན་མོད་ཀྱི། དེའི་ཁྱད་པར་ནི་དབང་པོ་དང་ཡུལ་དང་ཡིད་ལ་བྱེད་པ་ལ་བརྟེན་ནས་རྣམ་པར་ཤེས་པ་སྐྱེ་ལ། རྣམ་པར་ཤེས་པ་སྐྱེས་པའི་དུས་ན་ཡུལ་དང་དབང་པོ་དང་རྣམ་པར་ཤེས་པ་གསུམ་འདུས་པ་ནི་རེག་པ་སྟེ། དེ་ནི་ཚོར་བ་རྣམ་པ་གསུམ་ མྱོང་བར་འགྱུར་བའི་རྒྱུ་ཡིན་ནོ་ཞེས་དེ་དག་གི་དབང་གིས་རེག་པ་བརྟག་སླ་བའི་ཕྱིར་རོ། །དེ་དག་གིས་ནི་སྐྱེ་མཆེད་དྲུག་གི་རྐྱེན་གྱིས་རེག་པ་ཞེས་བྱ་བ་བསྟན་ཏོ། །ད་ནི་རེག་པའི་རྐྱེན་གྱིས་ཚོར་བ་ཞེས་བྱ་བ་བསྟན་པའི་ཕྱིར། རེག་དེ་ལས། ཚོར་བ་ཀུན་དུ་འབྱུང་བར་འགྱུར། །ཞེས་བྱ་བ་ལ་ ཞེས་བྱ་བ་སྨྲས་ཏེ། འདིས་ཀྱང་རེག་པའི་རྐྱེན་གྱིས་ཚོར་བ་ཞེས་བྱ་བའི་ངོ་བོ་ཉིད་དང་གོ་རིམས་དང་མཚམས་སྦྱར་བ་ལ་སོགས་པ་སྟོན་ཏེ། རེག་པའི་རྐྱེན་ཅན་གྱི་ཚོར་བ་ཀུན་དུ་འབྱུང་བར་འགྱུར་རོ་ཞེས་བྱ་བར་སྦྱར་རོ། །ཚོར་བ་ཞེས་བྱ་བ་ནི་སོ་སོར་རིག་པའི་དོན་གྱིས་ཏེ་རྣམ་པ་གསུམ་མྱོང་ བའོ་ཞེས་བྱ་བས་ནི་ཚོར་བའི་ངོ་བོ་ཉིད་བསྟན་ཏོ། །ཀུན་འབྱུང་བར་འགྱུར་ཞེས་བྱ་བ་ནི་མངོན་པར་འབྱུང་བར་འགྱུར་བ་སྟེ། རེག་པའི་རྐྱེན་གྱིས་ཚོར་བ་འབྱུང་ངོ་ཞེས་བྱ་བའི་ཐ་ཚིག་གོ་ཞེས་བྱ་བས་ནི་དེ་ལྟར་རེག་པའི་རྐྱེན་ཅན་གྱི་ཚོར་བ་འབྱུང་བར་འགྱུར་རོ་ཞེས་གོ་རིམས་དང་མཚམས་སྦྱར་རོ། ། དེ་དག་གིས་ནི་རེག་པའི་རྐྱེན་གྱིས་ཚོར་བ་ཞེས་བྱ་བ་བསྟན་ཏོ། །ད་ནི་ཚོར་བའི་རྐྱེན་གྱིས་སྲེད་པ་ཞེས་བྱ་བ་བསྟན་པའི་ཕྱིར། ཚོར་བའི་རྐྱེན་གྱིས་སྲེད་པ་སྟེ། །ཚོར་བའི་དོན་ལ་སྲེད་པར་འགྱུར། །ཞེས་བྱ་བ་ལ་ཞེས་བྱ་བ་སྨྲས་ཏེ། འདིས་ཀྱང་ཚོར་བའི་རྐྱེན་གྱིས་སྲེད་པ་ཞེས་བྱ་བའི་ངོ་བོ་ཉིད་དང་གོ་རིམས་དང་མཚམས་སྦྱར་བ་ལ་ སོགས་པ་སྟོན་ཏེ། ཚོར་བའི་རྐྱེན་ཅན་གྱི་སྲེད་པ་འབྱུང་བར་འགྱུར་རོ་ཞེས་བྱ་བར་སྦྱར་རོ། །སྲེད་པ་ཞེས་བྱ་བ་ནི་འདོད་པའི་མཚན་ཉིད་དོ་ཞེས་བྱ་བས་ནི་སྲིད་པའི་ངོ་བོ་ཉིད་བསྟན་ཏོ། །ཚོར་བའི་དོན་ལ་སྲེད་པར་འགྱུར། །ཞེས་བྱ་བས་ནི་བྱིས་པ་ཐོས་པ་དང་མི་ལྡན་པ་རལ་གྲིའི་སོ་ལ་སྦྲང་རྩིའི་ཐིགས་པས་བསྐུས་ པ་མངར་བའི་རོ་ཡུན་ཐུང་བ་ལྟ་བུའི་འགྱུར་བའི་སྡུག་བསྔལ་མནོག་ཆུང་ལ་ཉེས་དམིགས་ཆེ་བ་མ་རྟོགས་པ་རྣམས་དེ་ལ་སྲེད་པར་འགྱུར་རོ་ཞེས་བྱ་བས་ནི་དེ་ལྟར་ཚོར་བའི་རྐྱེན་ཅན་གྱི་སྲེད་པ་འབྱུང་བར་འགྱུར་རོ་ཞེས་གོ་རིམས་དང་མཚམས་སྦྱར་རོ། །ཇི་སྟེ་འདི་སྙམ་དུ་བདེ་བའི་ཚོར་བ་ནི་ཕན་འདོགས་པ་ཡིན་ པས་ཉམས་སུ་མྱོང་བ་ན་ཡང་དང་ཡང་དུ་དེ་འདོད་པས་དེ་ལ་སྲེད་པར་འགྱུར་བར་རིགས་ན། སྡུག་བསྔལ་གྱི་ཚོར་བ་ནི་ཉམས་སུ་མྱོང་བ་ན་གནོད་པར་འགྱུར་བ་ཡིན་པས་དེ་འདོད་པར་མི་འགྱུར་བ་ཡིན་ན། ཇི་ལྟར་དེའི་རྐྱེན་གྱིས་སྲེད་པར་འགྱ