Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 101

Văn bản gốc(Tây Tạng)

Trang 19 / 23 (50.000 ký tự/trang)
 ཐུགས་
རྗེ་དང་སེམས་ཅན་དམིགས་སུ་མེད་པའི་ཕྱིར། ཁྱེད་ན་རེ་དོན་དམ་པར་རྣམ་པར་མི་རྟོག་པའི་སངས་རྒྱས་ལ་སྟོང་པ་ཉིད་རྟོག་པའི་ཡེ་ཤེས་དང་། ཐུགས་རྗེ་ཡོད་པར་མི་འདོད་དོ་ཞེས་ཟེར་བ་དེ་ཁོ་བོ་ཅག་གི་ཚུལ་གསལ་བར་བྱེད་པ་ཡིན་ནོ་ཞེས་བསྟན་ཏོ། །ཀུན་རྫོབ་ཏུ་ནི་ཁོ་བོ་ཅག་ལ་སེམས་ཅན་དང་ཐུགས་
རྗེ་ཡང་ཡོད་པས། གཞི་དེ་ལས་བཅོམ་ལྡན་འདས་ཀྱང་ཡོད་དེ་དེའི་དབང་གིས་སེམས་ཅན་ལ་ཕན་པ་དང་། བདེ་བ་རྣམ་པ་སྣ་ཚོགས་སྒྲུབ་པའི་ཐུགས་དམ་བཞེས་པ་ཡིན་པར་འདོད་དོ་ཞེས་བྱ་བས་ནི་ཀུན་རྫོབ་ཏུ་སྤྲུལ་པའི་སངས་རྒྱས་ལ་བསམ་པ་ཐག་པ་ནས་སེམས་ཅན་ལ་དགོངས་པའི་ཐུགས་

རྗེ་མངའ་བར་བསྟན་ཏོ། །དེ་ལ་ཐུགས་རྗེ་ནི་གཞན་སྡུག་བསྔལ་བས་ཐུགས་ཐག་པ་ནས་སྡུག་བསྔལ་བར་གྱུར་པའི་མཚན་ཉིད་དེ། དཔེར་ན་མ་བུ་ལ་བྱམས་པ་བུ་གཅིག་པོ་ལ་ཇི་ལྟ་བ་བཞིན་དུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱང་སེམས་ཅན་ཐམས་ཅད་ལ་དེ་བཞིན་ནོ་ཞེས་བྱ་བས་ནི་
ཐུགས་རྗེའི་མཚན་ཉིད་བསྟན་ཏོ། །གལ་ཏེ་སྨད་འཚོང་མ་ལ་ཡོད་པར་གྱུར་ན་ཡང་དེ་ལ་མི་དགར་ཅི་ཡོད་ཅེས་བྱ་བས་ནི་ཁྱེད་ན་རེ་གལ་ཏེ་སྤྲུལ་པའི་སངས་རྒྱས་ལ་ཀུན་རྫོབ་ཏུ་སྙིང་རྗེ་ཡོད་ན་ནི་བསམ་པ་ཐག་པའི་སྙིང་རྗེ་མ་ཡིན་གྱི། སྨད་འཚོང་མ་ངུ་བར་བྱེད་པའི་སྙིང་རྗེ་དང་འདྲ་བར་འགྱུར་རོ་
ཞེས་ཟེར་ན། དེ་བཞིན་གཤེགས་པའི་ཐུགས་རྗེ་ནི་དེ་ལྟ་བུ་མ་ཡིན་ཏེ། གཞན་སྡུག་བསྔལ་བས་ཐུགས་ཐག་པ་ནས་སྡུག་བསྔལ་བར་གྱུར་པའི་མཚན་ཉིད་དེ། གལ་ཏེ་ཀུན་རྫོབ་ཏུ་སྨད་འཚོང་མ་ལ་སྙིང་རྗེ་དེ་ལྟ་བུ་ཡོད་པར་གྱུར་ན་ཡང་། དེ་ལ་ཁྱེད་མི་དགར་ཅི་ཡོད། དེ་ཀུན་རྫོབ་ཏུ་ཐུགས་རྗེ་
མངའ་བ་སྨད་དུ་མི་རུང་ངོ་ཞེས་བསྟན་ཏོ། །དེ་ལྟ་མོད་ཀྱི་སྤུའི་ཁུང་བུ་དང་ནམ་མཁའི་ཁམས་དག་མཚན་ཉིད་འདྲར་ཟིན་ཀྱང་ཁྱད་པར་ཤིན་ཏུ་ཆེ་བ་བཞིན་བཅོམ་ལྡན་འདས་ཀྱི་ཐུགས་རྗེ་ཡང་སྨད་འཚོང་མའི་ངུད་མོ་ལྟ་བུ་མ་ཡིན་ཏེ། བསྐལ་པ་སྟོང་ཕྲག་དཔག་ཏུ་མེད་པ་ནས་ཡོངས་སུ་བསྒོམས་པ་ཉིད་ཀྱིས་
རབ་ཀྱི་མཐར་ཕྱིན་པར་གྱུར་པའི་ཕྱིར་དང་། སེམས་ཅན་གྱི་ཁམས་མ་ལུས་པ་ལ་ཁྱབ་པའི་ཕྱིར་རོ་ཞེས་བྱ་བས་ནི་ཀུན་རྫོབ་ཏུ་དེ་བཞིན་གཤེགས་པའི་ཐུགས་རྗེ་དང་སྨད་འཚོང་མའི་ངུད་མོའི་མཚན་ཉིད་ཐ་དད་པར་བསྟན་ཏོ། །ཇི་སྟེ་བཅོམ་ལྡན་འདས་ཀྱི་ཐུགས་རྗེའི་མཚན་ཉིད་ཇི་སྐད་བསྟན་པ་དེ་
སྨད་འཚོང་མ་ལ་མེད་ན་ནི་འོ་ན་བཅོམ་ལྡན་འདས་ཀྱི་ཐུགས་རྗེ་ནི་སྨད་འཚོང་མའི་ངུད་མོ་དང་འདྲ་སྟེ། གལ་ཏེ་ཀུན་རྫོབ་སྙིང་རྗེ་ཡོད། །སྨད་འཚོང་ངུ་བར་བྱེད་དང་འདྲ། །ཞེས་སྨྲས་པ་དེ་ནི་རིགས་པ་མ་ཡིན་ནོ་ཞེས་བྱ་བས་ནི། བྱུང་རྒྱལ་དུ་ཁ་ན་མ་ཐོ་བ་དང་བཅས་པའི་ཚིག་ཚོགས་པར་དབྱུང་
བ་མ་ཡིན་པ་སྨྲས་པ་དེ་རིགས་པ་མ་ཡིན་ནོ་ཞེས་བསྟན་ཏོ། །གལ་ཏེ་སངས་རྒྱས་ཀྱི་ཐུགས་རྗེ་ནི་ཐུགས་ཐག་པ་མ་ཡིན་ཏེ། ཀུན་རྫོབ་པ་ཡིན་པའི་ཕྱིར་དཔེར་ན་སྨད་འཚོང་མའི་ངུད་མོ་བཞིན་ནོ་ཞེ་ན་ཞེས་བྱ་བས་ནི་ཕ་རོལ་པོ་དག་སངས་རྒྱས་ཀྱི་ཐུགས་རྗེ་ཀུན་རྫོབ་པ་ཡིན་པའི་གཏན་ཚིགས་

ཀྱིས་ཐུགས་ཐག་པ་མ་ཡིན་ཏེ། སྨད་འཚོང་མའི་ངུད་མོ་བཞིན་ནོ་ཞེས་སྒྲུབ་པའི་ཚིག་ཡིན་ནོ། །དེའི་ལན་དུ་འགྲེལ་པ་བྱེད་པ་ཉིད་ཀྱིས་དེ་ནི་བཟང་པོ་མ་ཡིན་ཏེ། བུ་ལ་བྱམས་པ་ལ་སོགས་པའི་སྙིང་རྗེ་དག་གིས་མ་ངེས་པ་ཉིད་ཡིན་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། དེས་ནི་
ཕ་རོལ་པོ་དག་གི་གཏན་ཚིགས་ཀུན་རྫོབ་པ་ཡིན་པའི་ཕྱིར་ཞེས་བྱ་བ་དེའི་དོན་མ་ངེས་པ་ཉིད་དུ་སྟོན་ཏེ། འདི་ན་མ་བུ་ལ་བྱམས་པ་ལ་སོགས་པའི་སྙིང་རྗེ་དག་ཀུན་རྫོབ་པ་ཡིན་ཡང་བསམ་པ་ཐག་པ་ཡིན་པར་མཐོང་བས། དེས་ན་ཅི་རེ་ཞིག་ཀུན་རྫོབ་པ་ཡིན་པའི་ཕྱིར་མ་བུ་ལ་བྱམས་པ་ལ་
སོགས་པའི་སྙིང་རྗེ་དག་བཞིན་དུ་སངས་རྒྱས་ཀྱི་ཐུགས་རྗེ་ཐུགས་ཐག་པ་ཡིན་པར་འགྱུར་རམ། འོན་ཏེ་ཀུན་རྫོབ་པ་ཡིན་པའི་ཕྱིར། དཔེར་ན་སྨད་འཚོང་མའི་ངུད་མོ་བཞིན་དུ་སངས་རྒྱས་ཀྱི་ཐུགས་རྗེ་ཐུགས་ཐག་པ་མ་ཡིན་པར་འགྱུར་བ་མ་ངེས་པ་ཉིད་ཡིན་པའི་ཕྱིར། ཕ་རོལ་པོ་
དག་གི་སྒྲུབ་པ་དེ་ནི་བཟང་པོ་མ་ཡིན་ནོ། །དེའི་ཕྱིར་མུ་སྟེགས་ཅན་དག་ནི་རབ་ཏུ་ཞེ་སྡང་བའི་སྒྲེགས་པའི་དྲི་ང་བའི་ཚིག་ཀུན་ཏུ་བརྗོད་པ་ན། རང་གི་བསམ་པའི་བདག་ཉིད་ངན་པ་ཉིད་དུ་སྟོན་པར་བྱེད་པ་ཡིན་ནོ་ཞེས་བྱ་བས་ནི་མུ་སྟེགས་ཅན་ངན་པ་སྤོབས་པ་སྤ་བཀོང་བ་ངན་གཡོའི་རྗེས་སུ་
འཇུག་པ་དག་གིས་རང་གི་གྲུབ་པའི་མཐའ་སྐྱོན་བཅབ་པའི་ཕྱིར་ཁ་ན་མ་ཐོ་བ་དང་བཅས་པའི་ཚིག་སྨྲས་པའི་ཉེས་དམིགས་བསྟན་ཏོ། །འདིར་ཉན་ཐོས་ཀྱི་ཐེག་པ་པ་དག་ན་རེ་ཐེག་པ་ཆེན་པོ་ནི་སངས་རྒྱས་ཀྱི་བཀའ་མ་ཡིན་ཏེ། སྡེ་པ་བཅོ་བརྒྱད་ཀྱི་ཁོངས་སུ་མ་གཏོགས་པའི་ཕྱིར་དཔེར་
ན་གྲངས་ཅན་ལ་སོགས་པའི་བསྟན་པ་བཞིན་ནོ་ཞེས་ཟེར་བའི་གཏན་ཚིགས་དེའི་དོན་ཀྱང་མ་གྲུབ་པ་ཉིད་ཡིན་ཏེ། འདི་ལྟར་དགེ་འདུན་ཕལ་ཆེན་སྡེ་ཉིད་ཀྱི་སྡེ་སྣོད་ཀྱི་གཞི་ཆེན་པོ་ཞེས་བྱ་བའི་ཁོངས་སུ་ཐེག་པ་ཆེན་པོ་འདི་ཡང་གཏོགས་ཏེ། དེ་ནས་ས་བཅུ་པའི་མདོ་དང་ཕ་རོལ་ཏུ་ཕྱིན་
པའི་མཚན་ཉིད་དག་འབྱུང་བའི་ཕྱིར་དང་། དགེ་འདུན་ཕལ་ཆེན་སྡེ་ཉིད་ཀྱི་ཤར་གྱི་རི་བོའི་སྡེ་དང་ནུབ་ཀྱི་རི་བོའི་སྡེ་དག་ལས་ཀྱང་འཕྲལ་སྐད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ཐེག་པ་ཆེན་པོའི་མདོ་དག་འབྱུང་བའི་ཕྱིར་རོ། །གཞན་ཡང་སྡེ་པ་ཐམས་ཅད་ཀྱི་སྡེ་སྣོད་གསུམ་

པོ་དག་གཅིག་གིས་གཅིག་ལ་མི་སྣང་སྟེ། འདི་ལྟར་ཁ་ཅིག་ལ་ནི་དགེ་སློང་ནད་པ་ལ་དུས་མ་ཡིན་པའི་ཟས་གནང་བ་སྣང་ལ། ཁ་ཅིག་ལ་ནི་མི་སྣང་བ་དང་། ཁ་ཅིག་ལ་ནི་དུས་མ་ཡིན་པར་བུ་རམ་ཟར་གནང་བ་སྣང་ལ་ཁ་ཅིག་ལ་མི་སྣང་བ་དང་། ཁ་ཅིག་ལ་ནི་མཚན་མོ་བསྙེན་པར་མ་རྫོགས་པ་
དང་། གནས་གཅིག་ན་ལྷན་ཅིག་ཉལ་བར་གནང་བ་སྣང་ལ། ཁ་ཅིག་ལ་མི་སྣང་བ་དེ་དག་ཇི་ལྟར་སངས་རྒྱས་ཀྱི་བཀའ་ཉིད་མ་ཡིན་པར་འགྱུར། མདོ་སྡེ་དང་ཆོས་མངོན་པ་ཡང་ཁ་ཅིག་ལ་ནི་འདས་པ་དང་། མ་འོངས་པ་དང་། ནམ་མཁའ་དང་། དེ་བཞིན་ཉིད་དང་། སོ་སོར་བརྟགས་
པ་དང་། མ་བརྟགས་པར་འགོག་པ་དག་ཡོད་པར་འདོད་ལ་ཁ་ཅིག་ལ་ནི་མེད་པར་འདོད་པ་དང་། ཁ་ཅིག་ལ་ནི་དེ་ལ་གང་ཟག་བདག་མེད་པ་ཉིད་སྣང་ལ་ཁ་ཅིག་ལ་ནི་མི་སྣང་བ་དེ་དག་ཇི་ལྟར་སངས་རྒྱས་ཀྱི་བཀའ་ཉིད་མ་ཡིན་པར་འགྱུར། གཞན་ཡང་ཐེག་པ་ཆེན་པོ་འདི་ནི་དེ་བཞིན་གཤེགས་པ་ཤཱཀྱ་
ཐུབ་པ་ཉོན་མོངས་པའི་སྒྲིབ་པ་དང་ཤེས་བྱའི་སྒྲིབ་པ་བག་ཆགས་དང་བཅས་པ་མ་ལུས་པར་དྲུངས་ཕྱུང་བ་ཤེས་བྱ་མཐའ་དག་ཐུགས་སུ་ཆུད་པའི་ཞལ་གྱི་པད་མ་ནས་ངེས་པར་བྱུང་བ་ཡིན་པར་གཟུང་བར་བྱ་སྟེ། སྡེ་པ་བཞི་པོ་དག་གི་ཁོངས་སུ་གཏོགས་པར་འབྱུང་བ་ཉིད་དུ་ཁོ་བོས་བརྗོད་པའི་ཕྱིར།
དཔེར་ན་འཕགས་པའི་ལམ་ཡན་ལག་བརྒྱད་པ་བཞིན་ཏེ། ཇི་ལྟར་འཕགས་པའི་ལམ་ཡན་ལག་བརྒྱད་པ་ནི་སྡེ་པ་བཞི་པོ་དག་གི་ཁོངས་སུ་གཏོགས་པར་འབྱུང་བ་ཉིད་དུ་ཁོ་བོས་བརྗོད་པའི་ཕྱིར་སངས་རྒྱས་ཀྱི་གསུང་རབ་ཡིན་པ་དེ་བཞིན་དུ་ཐེག་པ་ཆེན་པོ་ཡང་སྡེ་པ་བཞི་པོ་དག་གི་ཁོངས་སུ་གཏོགས་པར་
འབྱུང་བ་ཉིད་དུ་ཁོ་བོས་བརྗོད་པའི་ཕྱིར། སངས་རྒྱས་ཀྱི་བཀའ་ཡིན་ནོ། །གཞན་ཡང་དགེ་འདུན་ཕལ་ཆེན་སྡེ་པ་དག་གི་འཇིག་རྟེན་འདས་སྨྲ་སྡེའི་སྡེ་སྣོད་ཀྱི་གཞི་ཆེན་པོ་ལས་ཐེག་པ་ཆེན་པོའི་མ་མོ་དང་། ས་བཅུ་པའི་མདོ་ལ་སོགས་པ་ཕལ་ཆེར་འབྱུང་སྟེ། དེ་དག་སངས་རྒྱས་ཀྱི་བཀའ་
མ་ཡིན་ན་སྡེ་པ་བཞི་པོ་དག་གི་ཁོངས་སུ་མི་གཏོགས་ཤིང་། སྡེ་པ་དག་ཀྱང་དཔེར་ན་རང་བཞིན་དང་སྐྱེས་བུ་དང་། དེ་ཁོ་ན་ཉི་ཤུ་རྩ་ལྔ་དག་བཞིན་དུ་ཀློག་པར་མི་འགྱུར་བ་ཞིག་ན་དེ་ལྟ་མ་ཡིན་པས། ཐེག་པ་ཆེན་པོ་སངས་རྒྱས་ཀྱི་བཀའ་ཡིན་ནོ། །གཞན་ཡང་གང་གི་ཕྱིར་གང་ཟག་གཉིས་ལ་ཕྱག་

བྱ་སྟེ། དེ་བཞིན་གཤེགས་པ་དང་། དགེ་སློང་ཆེས་རྒན་པ་ལའོ་ཞེས་འབྱུང་བས། བྱང་ཆུབ་སེམས་དཔའ་ནི་ཕྱག་བྱ་བའི་འོས་པ་མ་ཡིན་ནོ་ཞེས་གང་སྨྲས་པ་དེ་ཡང་རིགས་པ་མ་ཡིན་ཏེ། འདི་ལྟར་ལྔ་པ་དག་སྐྱོན་མེད་པ་ལ་ཞུགས་པས་དགེ་སློང་ཉིད་ཡིན་པ་དེ་བཞིན་དུ་
བྱང་ཆུབ་སེམས་དཔའ་རྣམས་ཀྱང་ས་རབ་ཏུ་དགའ་བ་ལ་སོགས་པ་ཐོབ་ཅིང་སྐྱོན་མེད་པ་ལ་ཞུགས་པ་ཉིད་ཀྱི་དགེ་སློང་ཉིད་ཡིན་པའི་ཕྱིར་རོ། །གཞན་ཡང་བཅོམ་ལྡན་འདས་ཀྱིས། རྒྱན་གྱིས་བརྒྱན་ཀྱང་ཆོས་ལ་སྤྱོད་འགྱུར་ཞིང་། །ཞི་ཞིང་དུལ་ལ་ལེགས་སྡོམ་ཚངས་སྤྱོད་ལ། །འབྱུང་
པོ་ཀུན་ལ་དབྱུག་པ་སྤངས་གྱུར་ན། །དེ་ནི་བྲམ་ཟེ་དགེ་སྦྱོང་དགེ་སློང་ཡིན། །ཞེས་ཀྱང་གསུངས་སོ། །གཞན་ཡང་སྡེ་སྣོད་ཀྱི་གཞི་ཆེན་པོ་དེ་ཉིད་ལས་བྱང་ཆུབ་སེམས་དཔའ་ས་བརྒྱད་པ་ལ་ཞུགས་པ་ནི་དེ་བཞིན་གཤེགས་པ་བཞིན་དུ་མཆོད་པས་མཆོད་པར་བྱ་ཞིང་དེ་བཞིན་གཤེགས་པ་བཞིན་དུ་ཕྱག་
བྱ་བར་འོས་པ་ཡིན་ནོ་ཞེས་ཀྱང་འབྱུང་ངོ་། །ཞར་ལ་བཤད་པས་ཆོག་གོ། །རྣལ་འབྱོར་སྤྱོད་པ་པ་དག་གིས་སྨྲས་པ། དམིགས་པ་ཐམས་ཅད་ཉེར་ཞི་ཞིང་། །སྤྲོས་པ་ཉེར་ཞི་ཞི་བ་སྟེ། །སངས་རྒྱས་ཀྱིས་ནི་གང་དུ་ཡང་། །སུ་ལའང་ཆོས་འགའ་མ་བསྟན་ཏོ། །ཞེས་བྱ་བ་ནི་བདེན་ན་དེ་རྟོགས་
པར་བྱ་བའི་ཐབས་གཞན་གྱི་དབང་ལ་སྐུར་པ་འདེབས་པ་དེ་ནི་མི་རུང་སྟེ་ཞེས་བྱ་བ་ནི། འདིར་རྣལ་འབྱོར་སྤྱོད་པ་པ་དག་ན་རེ་ལུང་ལས་དམིགས་པ་ཐམས་ཅད་ཉེ་བར་ཞི་བ་ཞེས་བྱ་བ་ལ་སོགས་པའི་ཚིགས་སུ་བཅད་པ་བཀའ་སྩལ་པ་དེ་ནི་བདེན་ན། ཁྱེད་དབུ་མ་པས་དེ་རྟོགས་པར་བྱ་བའི་ཐབས་གཞན་
གྱི་དབང་གིས་མཚན་ཉིད་ལ་སྐུར་པ་བཏབ་པ་དེ་ནི་མི་རུང་སྟེ། འདི་ལྟར་དམིགས་པ་ཐམས་ཅད་ཉེ་བར་ཞི་བ་ཞེས་བྱ་བ་ནི་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་རྟོགས་ན་བྱིས་པ་རྣམས་ཀྱིས་ཀུན་བརྟགས་པའི་དམིགས་པ་ཐམས་ཅད་ཉེ་བར་ཞི་བ་ཡིན་ཏེ། དམིགས་པ་ཐམས་ཅད་ཉེ་བར་ཞི་བ་དེ་རྟོགས་
པར་བྱ་བའི་ཐབས་ནི་གང་ལ་གཞན་གྱི་དབང་གི་ངོ་བོ་ཉིད་ཡོད་པ་དེ་ལ་དེ་ཀུན་བརྟགས་པའི་ངོ་བོ་ཉིད་དང་བྲལ་ཞིང་རྣམ་པར་དག་པ་ན་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་དུ་གྱུར་པ་ནི་དམིགས་པ་ཐམས་ཅད་ཉེ་བར་ཞི་བ་ཡིན་པ་གང་ལ་གཞན་གྱི་དབང་གི་ངོ་བོ་ཉིད་མེད་པ་དོ་ལ་གང་ཞིག་དག་པས་ཡོངས་

སུ་གྲུབ་པར་འགྱུར་ཏེ། དེ་བས་ན་དམིགས་པ་ཐམས་ཅད་ཉེ་བར་ཞི་བ་དེ་རྟོགས་པར་བྱ་བའི་ཐབས་གཞན་གྱི་དབང་ལ་སྐུར་པ་འདེབས་པ་དེ་ནི་མི་རུང་ངོ་ཞེས་ཟེར་བའི་ཚིག་ཡིན་ནོ། །དེ་ནི་རུང་ན། འོ་ན་ཇི་ལྟ་བུ་ཞེ་ན། ངོ་བོ་ཉིད་གསུམ་ཤེས་པར་བྱ། །དང་པོ་ཀུན་དུ་བརྟགས་པ་ཡིན། །གཉིས་
པ་གཞན་གྱི་དབང་ཡིན་ཏེ། །ཐ་མ་ཡོངས་སུ་གྲུབ་པ་ཡིན། །མཚན་ཉིད་དེ་བཞིན་སྐྱེ་བ་དང་། །དོན་དམ་ངོ་བོ་ཉིད་མེད་པས། །ངོ་བོ་ཉིད་ནི་གསུམ་པོ་དག །ངོ་བོ་ཉིད་མེད་ཉིད་དུ་འདོད། །ཅེས་བྱ་བ་སྨྲས་ཏེ། ཐེག་པ་ཆེན་པོ་འདི་ལ་རྣལ་འབྱོར་སྤྱོད་པ་པའི་ལུགས་ཀྱིས་ངོ་བོ་ཉིད་གསུམ་པོ་ཡོད་པར་
ཤེས་པར་བྱ་སྟེ། དང་པོ་ནི་ཀུན་བརྟགས་པའི་ངོ་བོ་ཉིད་ཡིན། གཉིས་པ་ནི་གཞན་གྱི་དབང་གི་ངོ་བོ་ཉིད་ཡིན། ཐ་མ་ནི་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ཡིན་ནོ། །ངོ་བོ་ཉིད་གསུམ་པོ་དེ་དག་ཀྱང་ཆོས་ལྔས་བསྡུས་ཏེ། མིང་དང་། རྒྱུ་མཚན་དང་། རྣམ་པར་རྟོག་པ་དང་། ཡང་དག་པའི་ཡེ་ཤེས་
དང་། དེ་བཞིན་ཉིད་ཀྱིས་སོ། །དེ་ལ་ཀུན་བརྟགས་པའི་ངོ་བོ་ཉིད་ནི་མིང་གིས་བསྡུས་ལ། གཞན་གྱི་དབང་གི་ངོ་བོ་ཉིད་ནི་རྒྱུ་མཚན་དང་། རྣམ་པར་རྟོག་པས་བསྡུས། ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ནི་ཡང་དག་པའི་ཡེ་ཤེས་དང་། དེ་བཞིན་ཉིད་ཀྱིས་བསྡུས་སོ། །ངོ་བོ་ཉིད་གསུམ་པོ་དེ་དག་ཀྱང་
ངོ་བོ་ཉིད་མེད་པ་ཉིད་གསུམ་གྱིས་གོ་རིམས་བཞིན་དུ་ངོ་བོ་ཉིད་མེད་པ་ཉིད་ཡིན་ཏེ། ཀུན་བརྟགས་པའི་ངོ་བོ་ཉིད་ནི་མཚན་ཉིད་ངོ་བོ་ཉིད་མེད་པ་ཉིད་ཀྱིས་ངོ་བོ་ཉིད་མེད་པ་ཉིད་ཡིན་ལ། གཞན་གྱི་དབང་གི་ངོ་བོ་ཉིད་ནི་སྐྱེ་བ་ངོ་བོ་ཉིད་མེད་པ་ཉིད་ཀྱིས་ངོ་བོ་ཉིད་མེད་པ་ཉིད་ཡིན། ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ནི་
དོན་དམ་པ་ངོ་བོ་ཉིད་མེད་པ་ཉིད་ཀྱིས་ངོ་བོ་ཉིད་མེད་པ་ཉིད་ཡིན་ནོ། །དེ་ལ་མཚན་ཉིད་ངོ་བོ་ཉིད་མེད་པ་ཉིད་ཀྱིས་ངོ་བོ་ཉིད་མེད་པ་ཉིད་ནི་ཀུན་བརྟགས་པའི་ངོ་བོ་ཉིད་ཅེས་བྱ་བ་ཆོས་རྣམས་ཀྱི་ངོ་བོ་ཉིད་དང་། ཁྱད་པར་དུ་མིང་དང་བརྡར་སྒྲོ་བཏགས་པ་གང་ཡིན་པ་དེ་ནི་མིང་དང་བརྡར་སྒྲོ་བཏགས་པར་ཟད་ཀྱི། ཇི་ལྟར་
སྣང་བ་དེ་ལྟར་ཡོད་པ་མ་ཡིན་པས་མཚན་ཉིད་ངོ་བོ་ཉིད་མེད་པ་ཉིད་ཀྱིས་ངོ་བོ་ཉིད་མེད་དོ། །སྐྱེ་བ་ངོ་བོ་ཉིད་མེད་པ་ཉིད་ཀྱིས་ངོ་བོ་ཉིད་མེད་པ་ཉིད་ནི་གཞན་གྱི་དབང་གི་ངོ་བོ་ཉིད་ཅེས་བྱ་བ་ཆོས་རྣམས་ཀྱི་རྟེན་ཅིང་འབྲེལ་པར་འབྱུང་བའི་ངོ་བོ་ཉིད་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བའི་གཞི་གང་ཡིན་པ་

དེ་ནི་རྐྱེན་གཞན་ལས་སྐྱེ་བ་ཡིན་པས་རང་གི་ངོ་བོ་ཉིད་ལས་སྐྱེ་བ་མེད་པའི་ཕྱིར་སྐྱེ་བ་ངོ་བོ་ཉིད་མེད་པ་ཉིད་ཀྱིས་ངོ་བོ་ཉིད་མེད་དོ། །དོན་དམ་པར་ངོ་བོ་ཉིད་མེད་པ་ཉིད་ཀྱིས་ངོ་བོ་ཉིད་མེད་པ་ཉིད་ནི་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ཅེས་བྱ་བ་ཆོས་རྣམས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་དོན་དམ་
པ་ཡང་ཡིན་ལ། ངོ་བོ་ཉིད་མེད་པ་ཡང་ཡིན་པའང་། དེ་ལ་དོན་དམ་པའི་ངོ་བོ་ཉིད་མེད་པས་དོན་དམ་པའི་ངོ་བོ་ཉིད་མེད་པ་ཉིད་ཀྱིས་ངོ་བོ་ཉིད་མེད་དོ། །དེ་ལྟར་ངོ་བོ་ཉིད་གསུམ་པོ་དག་ངོ་བོ་ཉིད་མེད་པ་ཉིད་གསུམ་པོ་དག་གིས་གོ་རིམས་བཞིན་དུ་ངོ་བོ་ཉིད་མེད་པ་ཉིད་ཡིན་པས་ངོ་བོ་ཉིད་ཐམས་ཅད་
ངོ་བོ་ཉིད་མེད་པ་ཉིད་ཐམས་ཅད་ཀྱིས་ངོ་བོ་ཉིད་མེད་པ་ཉིད་མ་ཡིན་ཏེ། ཀུན་བརྟགས་པའི་ངོ་བོ་ཉིད་ནི་མཚན་ཉིད་ངོ་བོ་ཉིད་མེད་པ་ཉིད་ཀྱིས་རྣམ་པ་ཐམས་ཅད་དུ་མེད་པའི་ཕྱིར་མི་དམིགས་ཤིང་། གཞན་གྱི་དབང་གི་ངོ་བོ་ཉིད་ནི་སྐྱེ་བ་ངོ་བོ་ཉིད་མེད་པ་ཉིད་ཀྱིས་ངོ་བོ་ཉིད་མེད་དུ་ཟིན་ཀྱང་རྣམ་པར་རྟོག་པ་དང་།
འདུ་བྱེད་ཀྱི་རྒྱུ་མཚན་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བའི་གནས་སྐབས་གཉི་གར་ཡོད་པ་མ་ཡིན་པས། གང་གི་ཚེ་དེ་ལ་ཀུན་བརྟགས་པའི་ངོ་བོ་ཉིད་དུ་མངོན་པར་ཞེན་པ་དེའི་ཚེ་ན་ནི། དམིགས་པ་ཐམས་ཅད་ཉེ་བར་མ་ཞི་བས་ཀུན་ནས་ཉོན་མོངས་པར་འགྱུར་ལ། གང་
གི་ཚེ་དེ་ལ་ཀུན་བརྟགས་པའི་ངོ་བོ་ཉིད་དུ་མངོན་པར་ཞེན་པ་མེད་པ་དེའི་ཚེ་ན་ནི། དམིགས་པ་ཐམས་ཅད་ཉེ་བར་ཞི་བ་ཡིན་པས་རྣམ་པར་བྱང་བར་འགྱུར་ཞིང་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་རྟོགས་པས་རབ་ཏུ་ཕྱེ་བར་འགྱུར་བ་མེད་པ་དང་། ཕྱིན་ཅི་མ་ལོག་པས་ཡོངས་སུ་གྲུབ་པ་དེ་བཞིན་ཉིད་
དང་། ཡང་དག་པའི་ཡེ་ཤེས་འཕགས་པ་སོ་སོ་རང་གིས་རིག་པའི་ངོ་བོ་ཉིད་དུ་དོན་དམ་པར་ཡོད་པ་ཉིད་ཡིན་ན། དབུ་མ་པས་དེ་རྟོགས་པར་བྱ་བའི་ཐབས་གཞན་གྱི་དབང་གི་ངོ་བོ་ཉིད་དེ། མེད་པར་བཤད་པ་མི་རུང་ངོ་། །དེ་ཉིད་བྱེ་བྲག་ཏུ་བཤད་པ་བསྟན་པའི་ཕྱིར། དེ་ལ་གང་གི་ཚེ་ཀུན་
བརྟགས་པའི་ངོ་བོ་ཉིད་མེད་པའི་ཕྱིར་མི་དམིགས་ཤིང་། གཞན་གྱི་དབང་གི་ངོ་བོ་ཉིད་ཀྱང་རྒྱུ་མཚན་དུ་མི་འཛིན་པས་ཡང་དག་པར་རྗེས་སུ་མི་མཐོང་བ་དེའི་ཚེ་ན་དམིགས་པ་ཐམས་ཅད་ཉེ་བར་ཞི་བ་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། གང་གི་ཚེ་རྣལ་འབྱོར་པ་རྣམས་ཀྱིས་ཀུན་བརྟགས་པའི་ངོ་བོ་ཉིད་ནི་

ནམ་མཁའི་མེ་ཏོག་བཞིན་དུ་མེད་པའི་ཕྱིར་མི་དམིགས་ཤིང་། གཞན་གྱི་དབང་གི་ངོ་བོ་ཉིད་ཀྱང་ཀུན་བརྟགས་པའི་ངོ་བོ་ཉིད་ཀྱི་རྒྱུ་མཚན་དུ་མི་འཛིན་པས་དེ་ལ་ཀུན་བརྟགས་པའི་ངོ་བོ་ཉིད་དུ་མངོན་པར་ཞེན་པ་མེད་པའི་ཚུལ་གྱིས་ཡང་དག་པར་རྗེས་སུ་མི་མཐོང་བ་དེའི་ཚེ་ན། ཡོངས་སུ་གྲུབ་
པའི་ངོ་བོ་ཉིད་རྟོགས་པ་ཡིན་པས་དེ་ནི་དམིགས་པ་ཐམས་ཅད་ཉེ་བར་ཞི་བ་ཡིན་ཏེ། དོན་དམ་པར་ཡོད་པ་ཡིན་ནོ་ཞེས་ཟེར་རོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས། དེ་དག་དང་ལྷན་ཅིག་ཏུ་འདི་དཔྱད་པར་བྱ་སྟེ་ཞེས་བྱ་བ་སྨྲས་ཏེ། ཇི་ངོ་བོ་ཉིད་གསུམ་པོ་དག་
བསྟན་པ་ཁོ་ནས་དམིགས་པ་ཐམས་ཅད་ཉེ་བར་ཞི་བ་ཞེས་བྱ་བར་འགྱུར་རམ། འོན་ཏེ་རྟེན་ཅིང་འབྲེལ་པར་འབྱུང་བའི་ཚུལ་གྱིས་བདེན་པ་གཉིས་རྣམ་པར་བཞག་པས་དོན་དམ་པར་དངོས་པོ་ཐམས་ཅད་ངོ་བོ་ཉིད་མེད་པ་ཉིད་ཀྱིས་དམིགས་པ་ཐམས་ཅད་ཉེ་བར་ཞི་བ་ཞེས་བྱ་བར་འགྱུར་
བ་འདི་རིགས་པ་དང་ལུང་དག་གིས་དཔྱད་པར་བྱའོ་ཞེས་སྟོན་ཏོ། །དེ་ལ་འདིར་རྣལ་འབྱོར་སྤྱོད་པ་པ་དག་འདོད་པའི་ངོ་བོ་ཉིད་གསུམ་པོ་དག་གི་མཚན་ཉིད་ནི་གང་ཡིན། དེ་དག་ངོ་བོ་ཉིད་མེད་པ་ཉིད་གསུམ་པོ་དག་གིས་ནི་ཇི་ལྟར་ངོ་བོ་ཉིད་མེད་པར་བརྟག་པར་བྱ་སྟེ། དེ་ལ་རེ་ཞིག་བརྟག་
པ་དང་པོ་བསྟན་པའི་ཕྱིར། དེ་ལ་ཀུན་བརྟགས་པའི་ངོ་བོ་ཉིད་ཅེས་བྱ་བ་དེ་གང་ཡིན། །དེ་མཚན་ཉིད་ངོ་བོ་ཉིད་མེད་པ་ཉིད་ཀྱིས་ངོ་བོ་ཉིད་མེད་པ་ནི་ཇི་ལྟ་བུ་ཡིན་ཞེས་བྱ་བ་སྨྲས་སོ། །གལ་ཏེ་ཀུན་བརྟགས་པའི་ངོ་བོ་ཉིད་ནི་ཆོས་རྣམས་ཀྱི་ངོ་བོ་ཉིད་དང་ཁྱད་པར་ལ་སོགས་པར་ཐ་སྙད་པའི་
རྣམ་པར་རྟོག་པ་གང་ཡིན་པ་སྟེ། འདི་ལྟ་སྟེ་ངོ་བོ་ཉིད་དུ་རྣམ་པར་རྟོག་པ་ནི་གཟུགས་དང་ཚོར་བ་ཞེས་བྱ་བ་ལ་སོགས་པར་རྣམ་པར་རྟོག་པའོ། །ཁྱད་པར་དུ་རྣམ་པར་རྟོག་པ་ནི་བསྟན་དུ་ཡོད་པ་དང་། བསྟན་དུ་མེད་པ་ཞེས་བྱ་བ་ལ་སོགས་པར་རྣམ་པར་རྟོག་པའོ་ཞེས་བྱ་བས་ནི་རྣལ་འབྱོར་
སྤྱོད་པ་པ་དག་གིས་ཀུན་བརྟགས་པའི་ངོ་བོ་ཉིད་ཀྱི་མཚན་ཉིད་བསྟན་པ་ཡིན་ཏེ། དེ་ལ་ངོ་བོ་ཉིད་དུ་རྣམ་པར་རྟོག་པ་ནི་གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པའི་མཚན་ཉིད་ནི་གཟུགས་སུ་རུང་བ་དང་། མྱོང་བར་བྱེད་པ་དང་། མཚན་མར་འཛིན་པ་

དང་། མངོན་པར་འདུ་བྱེད་པ་དང་། རྣམ་པར་ཤེས་པར་བྱེད་པའོ། །ས་དང་། ཆུ་དང་། མེ་དང་། རླུང་གི་མཚན་ཉིད་ནི་སྲ་བ་དང་། གཤེར་བ་དང་། ཚ་བ་དང་། ཡང་ཞིང་གཡོ་བའོ་ཞེས་བྱ་བ་ལ་སོགས་པར་མིང་དང་བརྡར་ཐ་སྙད་འདོགས་པ་དང་། རྣམ་པར་རྟོག་
པ་གང་ཡིན་པའོ། །ཁྱད་པར་དུ་རྣམ་པར་རྟོག་པ་ནི་གཟུགས་ནི་བསྟན་དུ་ཡོད་པ་དང་བསྟན་དུ་མེད་པ་དང་། ཐོགས་པ་དང་བཅས་པ་དང་ཐོགས་པ་མེད་པའོ། །ཚོར་བ་ནི་བདེ་བ་དང་། སྡུག་བསྔལ་བ་དང་། སྡུག་བསྔལ་བ་ཡང་མ་ཡིན། བདེ་བ་ཡང་མ་ཡིན་པའོ། །འདུ་ཤེས་ནི་ཆུང་
ངུ་དང་། ཆེན་པོ་དང་། ཚད་མེད་པར་གྱུར་པའོ། །འདུ་བྱེད་ནི་སེམས་དང་། མཚུངས་པར་ལྡན་པ་དང་ལྡན་པ་མ་ཡིན་པའོ། །རྣམ་པར་ཤེས་པ་ནི་ཉེ་བར་གནས་པ་ལས་བྱུང་བ་དང་། ཚོར་བ་པ་དང་། ངེས་པའོ་ཞེས་བྱ་བ་ལ་སོགས་པར་མིང་དང་། བརྡར་ཐ་སྙད་འདོགས་པ་དང་རྣམ་པར་རྟོག་པ་གང་ཡིན་
པའོ། །ངོ་བོ་ཉིད་དང་། ཁྱད་པར་དུ་རྣམ་པར་རྟོག་པ་དེ་གཉི་ག་ཡང་གཞན་གྱི་དབང་གིས་བསྐྱེད་པའི་འདུ་བྱེད་ཀྱི་རྒྱུ་མཚན་དང་། རྣམ་པར་རྟོག་པ་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་པའི་ཡུལ་ལ་གློ་བུར་དུ་སྒྲོ་འདོགས་པའི་ངོ་བོ་ཉིད་དེ། དེ་ནི་ཀུན་བརྟགས་པའི་མཚན་ཉིད་
ཡིན་ནོ། །དེ་མཚན་ཉིད་ངོ་བོ་ཉིད་མེད་པ་ཉིད་ཀྱིས་ངོ་བོ་ཉིད་མེད་པ་ནི་རྒྱུ་མཚན་ལ་སོགས་པ་ལྔ་པོ་དག་གི་ཁོངས་སུ་མ་གཏོགས་པའི་ཕྱིར་རོ་ཞེས་བྱ་བས་ནི་རྣལ་འབྱོར་སྤྱོད་པ་པ་དག་གིས་ཀུན་བརྟགས་པའི་ངོ་བོ་ཉིད་དེ། དེ་མཚན་ཉིད་ངོ་བོ་ཉིད་མེད་པ་ཉིད་ཀྱིས་ངོ་བོ་ཉིད་མེད་པ་ཉིད་ཇི་ལྟ་བུ་ཡིན་
པར་བསྟན་པ་སྟེ། ཀུན་བརྟགས་པའི་ངོ་བོ་ཉིད་དེ་ནི་གཟུགས་ལ་སོགས་པ་ཡུལ་ལྔ་པོ་དག་གི་རྒྱུ་མཚན་ཡིད་དུ་འོང་བ་དང་། ཡིད་དུ་མི་འོང་བ་ལ་སོགས་པ་གང་དག་ཡིན་པའི་རྒྱུ་མཚན་དེ་དག་ལ་མཚན་མར་མི་འཛིན་ཅིང་ཡུལ་གྱི་ངོ་བོ་ཉིད་དུ་མི་དམིགས་པ་དང་མངོན་རྟགས་སུ་མི་འཛིན་
ཅིང་། ཡུལ་གྱི་ཁྱད་པར་དུ་མི་དམིགས་པ་ན་དེ་ལྟར་ཡུལ་གྱི་ངོ་བོ་ཉིད་དང་། ཁྱད་པར་ལ་མཚན་མ་དང་། མངོན་རྟགས་སུ་མི་འཛིན་པས་ཡུལ་མི་དམིགས་པའི་ཕྱིར་དེ་དག་ལ་འཛིན་པ་འཇུག་པའི་རྣམ་པར་ཤེས་པ་རྣམས་མི་སྐྱེ་བ་ནི་རྒྱུ་མཚན་ལ་སོགས་པ་ལྔ་པོ་དག་གི་ཁོངས་སུ་

མ་གཏོགས་པ་ཞེས་བྱ་སྟེ། །དེའི་ཕྱིར་མཚན་ཉིད་ངོ་བོ་ཉིད་མེད་པ་ཉིད་ཡིན་ནོ། །ཡང་ན་རྒྱུ་མཚན་ལ་སོགས་པ་ལྔ་པོ་དག་གི་ཁོངས་སུ་མ་གཏོགས་པ་ཞེས་བྱ་བ་ནི་ཆོས་ལྔ་པོ་རྒྱུ་མཚན་དང་། མིང་དང་། རྣམ་པར་རྟོག་པ་དང་། ཡང་དག་པའི་ཡེ་ཤེས་དང་། དེ་བཞིན་ཉིད་ཅེས་བྱ་བ་དག་
ལས་ཀུན་བརྟགས་པའི་ངོ་བོ་ཉིད་མེད་པ་ནི་མིང་གིས་བསྡུས་པ་ཡིན་ཡང་མཚན་ཉིད་ངོ་བོ་ཉིད་ཀྱིས་ངོ་བོ་ཉིད་མེད་པའི་ཕྱིར་མིང་ཉིད་རྒྱུ་མཚན་ལ་སོགས་པ་གང་གི་ཁོངས་སུ་ཡང་མ་གཏོགས་པ་བཞིན་ཀུན་བཏགས་པའི་ངོ་བོ་ཉིད་ཀྱང་རྒྱུ་མཚན་ལ་སོགས་པ་ཆོས་ལྔ་པོ་དག་གི་ཁོངས་སུ་མ་གཏོགས་པའི་ཕྱིར་
མཚན་ཉིད་ངོ་བོ་ཉིད་མེད་པ་ཉིད་ཀྱིས་ངོ་བོ་ཉིད་མེད་པ་ཡིན་ནོ་ཞེས་ཀྱང་བཤད་དོ། །དེ་ལྟར་ཀུན་བརྟགས་པའི་ངོ་བོ་ཉིད་དེ་མཚན་ཉིད་ངོ་བོ་ཉིད་མེད་པ་ཉིད་ཀྱིས་ངོ་བོ་ཉིད་མེད་པ་ཡིན་ན་དེས་ཇི་ལྟར་ཀུན་ནས་ཉོན་མོངས་པར་འགྱུར་ཞེ་ན། དེའི་ཕྱིར། དེ་དེ་ལྟར་ཡོད་པ་མ་ཡིན་ཡང་མིང་དོན་ལ་འཇུག་པ་ལས་ཀུན་
ནས་ཉོན་མོངས་པར་འགྱུར་ཏེ་ཞེས་བྱ་བ་སྨྲས་ཏེ། མིང་ཞེས་བྱ་བ་ནི་སྒྲས་གཟུགས་ལ་སོགས་པ་རྗོད་པར་བྱེད་པ་དང་། བུམ་པ་ལ་སོགས་པ་རྗོད་པར་བྱེད་པ་དང་། མི་ལ་སོགས་པ་རྗོད་པར་བྱེད་པའོ། །དོན་ནི་གཟུགས་ལ་སོགས་པ་དང་བུམ་པ་ལ་སོགས་པ་དང་མི་ལ་སོགས་པའོ། །མིང་དོན་ལ་
འཇུག་པ་ནི་གཟུགས་ཞེས་བྱ་བ་ལ་སོགས་པའི་སྒྲས། གཟུགས་ལ་སོགས་པ་བརྗོད་པ་དང་། བུམ་པ་ལ་སོགས་པའི་སྒྲས་བུམ་པ་ལ་སོགས་པ་བརྗོད་པ་དང་། མི་ལ་སོགས་པའི་སྒྲས་མི་ལ་སོགས་པ་བརྗོད་པའོ། །མིང་དོན་ལ་འཇུག་པ་ལས་ཀུན་ནས་ཉོན་མོངས་པར་འགྱུར་བ་ནི་ཀུན་བརྟགས་
པའི་མིང་གིས་གཞན་གྱི་དབང་གི་དོན་ལ་གློ་བུར་དུ་འཇུག་ཅིང་སྒྲོ་འདོགས་པ་ལས་གཞན་གྱི་དབང་གི་དོན་ལ་ཀུན་བརྟགས་པའི་མིང་དུ་མངོན་པར་ཞེན་པའི་སྒོ་ནས་བྱིས་པ་རྣམས་ཀུན་ནས་ཉོན་མོངས་པར་འགྱུར་བའི་ཕྱིར་རོ། །ཇི་ལྟར་དེས་ཀུན་ནས་ཉོན་མོངས་པར་འགྱུར་ཞེ་ན། དེའི་ཕྱིར་ཇི་ལྟར་
མིང་དོན་ལ་འཇུག་པ་དེ་ལྟར་བྱིས་པ་རྣམས་དེའི་ངོ་བོ་ཉིད་ལ་མངོན་པར་ཞེན་པར་བྱེད་དོ་ཞེ་ན་ཞེས་བྱ་བ་སྨྲས་ཏེ། ཇི་ལྟར་ཀུན་བརྟགས་པའི་མིང་གཞན་གྱི་དབང་གིས་དོན་ལ་གློ་བུར་དུ་སྒྲོ་འདོགས་ཤིང་འཇུག་པ་དེ་ལྟར་བྱིས་པ་རྣམས་གཞན་གྱི་དབང་དེའི་ངོ་བོ་ཉིད་ལ་འདི་ནི་གཟུགས་ལ་སོགས་པའོ། །

འདི་ནི་བུམ་པ་ལ་སོགས་པའོ། །འདི་ནི་མི་ལ་སོགས་པའོ་ཞེས་ཀུན་བརྟགས་པའི་ངོ་བོ་ཉིད་དུ་མངོན་པར་ཞེན་པར་བྱེད་པའི་སྒོ་དེ་ནས་བྱིས་པ་རྣམས་ཀུན་ནས་ཉོན་མོངས་པར་འགྱུར་རོ་ཞེས་ཟེར་རོ། །རྣལ་འབྱོར་སྤྱོད་པ་པ་དག་ཀུན་བརྟགས་པའི་ངོ་བོ་ཉིད་དང་དེ་
མཚན་ཉིད་ངོ་བོ་ཉིད་མེད་པ་དང་། དེས་ཀུན་ནས་ཉོན་མོངས་པར་འགྱུར་བའི་ཚུལ་དེ་སྐད་ཅེས་ཟེར་བ་དེ་ལ་འདིར་དབུ་མ་པས་བཤད་པ། དེ་ལ་འདིར་གལ་ཏེ་གཟུགས་ཞེས་བྱ་བར་ཡིད་ལ་བརྗོད་པ་དང་། ཚིག་ཏུ་བརྗོད་པའི་ཀུན་བརྟགས་པའི་ངོ་བོ་ཉིད་གང་ཡིན་པ་དེ་མེད་དོ་ཞེ་ན་ནི་
དངོས་པོ་ལ་སྐུར་པ་འདེབས་པ་ཡིན་ཏེ། ཡིད་ལ་བརྗོད་པ་དང་། ཚིག་ཏུ་བརྗོད་པ་ལ་སྐུར་པ་འདེབས་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། འདིས་ནི་རྣལ་འབྱོར་སྤྱོད་པ་པ་དག་ཀུན་བརྟགས་པའི་ངོ་བོ་ཉིད་ནི་མཚན་ཉིད་ངོ་བོ་ཉིད་མེད་པ་ཉིད་ཀྱིས་ངོ་བོ་ཉིད་མེད་དོ་ཞེས་ཟེར་བ་དེ། གལ་ཏེ་གཟུགས་
ཞེས་བྱ་བར་ངོ་བོ་ཉིད་དང་ཁྱད་པར་དུ་ཡིད་ལ་བརྗོད་པ་རྣམ་པར་རྟོག་པ་དང་། ཚིག་ཏུ་བརྗོད་པ་ཐ་སྙད་འདོགས་པའི་ཀུན་བརྟགས་པའི་ངོ་བོ་ཉིད་གང་ཡིན་པ་དེ་མཚན་ཉིད་ངོ་བོ་ཉིད་མེད་པ་ཉིད་ཀྱིས་ངོ་བོ་ཉིད་མེད་དོ་ཞེ་ན་ནི་ཀུན་རྫོབ་ཏུ་གཞན་གྱི་དབང་གི་ངོ་བོ་ལ་སྐུར་པ་འདེབས་པ་ཡིན་པས་
མི་རུང་བར་སྟོན་ཏེ། ཅིའི་ཕྱིར་ཞེ་ན། ཡིད་ལ་བརྗོད་པ་རྣམ་པར་རྟོག་པ་ནི། རྣམ་པར་ཤེས་པའི་ཕུང་པོར་གཏོགས་པ་ཡིན་ལ། ཚིག་ཏུ་བརྗོད་པ་ཐ་སྙད་འདོགས་པ་ནི་འདུ་བྱེད་ཀྱི་ཕུང་པོར་གཏོགས་པ་ཡིན་པས་དེ་གཉིས་ནི་གཞན་གྱི་དབང་གི་དངོས་པོ་ཡིན་ཏེ། དེ་དག་ལ་
ཀུན་རྫོབ་ཏུ་སྐུར་པ་འདེབས་པ་མི་རུང་བའི་ཕྱིར་རོ། །དེ་ལྟར་ན་རྣལ་འབྱོར་སྤྱོད་པ་པ་དག་གི་ཡིད་ལ་བརྗོད་པ་དང་ཚིག་ཏུ་བརྗོད་པའི་ཀུན་བརྟགས་པའི་ངོ་བོ་ཉིད་གང་ཡིན་པ་དེ་ཀུན་རྫོབ་ཏུ་མཚན་ཉིད་ངོ་བོ་ཉིད་མེད་པ་ཉིད་ཀྱིས་ངོ་བོ་ཉིད་མེད་དོ་ཞེས་བྱ་བ་ནི་ཀུན་རྫོབ་ཏུ་གཞན་གྱི་དབང་གི་
དངོས་པོ་ལ་སྐུར་པ་འདེབས་པར་འགྱུར་བས་དེ་ནི་རིགས་པ་མ་ཡིན་ནོ། །ཇི་སྟེ་གང་ཡང་རུང་བས་དེ་གཉིས་ཀྱི་དོན་ཀུན་བརྟགས་པ་གང་ཡིན་པ་དེ་མེད་དེ། དཔེར་ན་ཐག་པ་ལ་སྦྲུལ་བཞིན་ནོ་ཞེ་ན་ནི་ཀུན་བརྟགས་པ་མེད་པ་མ་ཡིན་ཏེ། དེ་ལ་རྣམ་པ་འདྲ་བས་བློ་གྲོས་འཁྲུལ་

པས་ཀུན་བརྟགས་པའི་དོན་མེད་ཀྱང་ཐ་སྙད་དུ་སྦྲུལ་འཁྱིལ་བ་ལ་དེ་མེད་པ་མ་ཡིན་པའི་ཕྱིར་རོ་ཞེས་བྱ་བས་ནི་རྣལ་འབྱོར་སྤྱོད་པ་པ་དགྲ་ཀུན་བརྟགས་པའི་ངོ་བོ་ཉིད་ནི་མཚན་ཉིད་ངོ་བོ་ཉིད་མེད་པ་ཉིད་ཀྱིས་ངོ་བོ་ཉིད་མེད་དོ་ཞེས་ཟེར་བ་དེ་ཇི་སྟེ་བྱིས་པ་གང་ཡང་རུང་བས་ཡིད་ལ་བརྗོད་པ་དང་། ཚིག་ཏུ་
བརྗོད་པ་དེ་གཉིས་ཀྱི་དོན་སྒྲོ་བཏགས་པའི་ཀུན་བརྟགས་པ་གང་ཡིན་པ་དེ་མཚན་ཉིད་ངོ་བོ་ཉིད་མེད་པ་ཉིད་ཀྱིས་ངོ་བོ་ཉིད་མེད་དེ། དཔེར་ན་ཐག་པ་ལ་སྦྲུལ་དུ་སྒྲོ་བཏགས་པའི་ཀུན་བརྟགས་པ་གང་ཡིན་པ་དེ་མེད་པ་བཞིན་ནོ་ཞེ་ན་ནི་ཀུན་རྫོབ་ཏུ་ཀུན་བརྟགས་པ་མཚན་ཉིད་ངོ་བོ་ཉིད་མེད་པ་ཉིད་ཀྱིས་
ངོ་བོ་ཉིད་མེད་པ་ཉིད་མ་ཡིན་པས་མི་རུང་བར་སྟོན་ཏེ། ཅིའི་ཕྱིར་ཞེ་ན། ཐག་པ་དེ་ལ་ནམ་མཁའ་ཕན་ཕུན་ཙམ་གྱི་ཚེ་ན་སྦྲུལ་འཁྱིལ་བའི་རྣམ་པ་འདྲ་བས་བློ་གྲོས་འཁྲུལ་པའི་བྱིས་པ་རྣམས་ཀྱིས་སྦྲུལ་འཁྱིལ་པ་དུག་དྲག་པོ་དང་ལྡན་པ་ཡིན་པར་ཀུན་བརྟགས་པའི་དོན་མེད་ཀྱང་ཐ་སྙད་དུ་ཐག་
པ་དེ་ལས་གཞན་པ་སྦྲུལ་འཁྱིལ་བ་ཉིད་ཀྱི་ལུས་ལ་སྦྲུལ་འཁྱིལ་པ་དུག་དྲག་པོ་དང་ལྡན་པར་ཀུན་བརྟགས་པའི་དོན་དེ་མེད་པ་མ་ཡིན་པའི་ཕྱིར་རོ། །དེ་ལྟར་ན་རྣལ་འབྱོར་སྤྱོད་པ་པ་དག་གི་ཡིད་ལ་བརྗོད་པ་དང་། ཚིག་ཏུ་བརྗོད་པ་དེ་གཉིས་ཀྱི་དོན་ཀུན་བརྟགས་པའི་ངོ་བོ་ཉིད་གང་ཡིན་པ་དེ་ཀུན་རྫོབ་
ཏུ་མཚན་ཉིད་ངོ་བོ་ཉིད་མེད་པ་ཉིད་ཀྱིས་ངོ་བོ་ཉིད་མེད་དོ་ཞེས་བྱ་བར་ཡང་ཀུན་རྫོབ་ཏུ་ཀུན་བརྟགས་པའི་ངོ་བོ་ཉིད་མཚན་ཉིད་ངོ་བོ་ཉིད་མེད་པ་ཉིད་ཀྱིས་ངོ་བོ་ཉིད་མེད་པ་ཉིད་དུ་མི་འགྲུབ་པས་དེ་ཡང་རིགས་པ་མ་ཡིན་ནོ། །ཇི་སྟེ་ཐ་སྙད་དུ་ཡང་སྦྲུལ་འཁྱིལ་པ་ལ་སྦྲུལ་མེད་དོ་ཞེ་ན་ནི་གྲགས་པའི་གནོད་པར་
འགྱུར་རོ་ཞེས་བྱ་བས་ནི་ཇི་སྟེ་རྣལ་འབྱོར་སྤྱོད་པ་པ་དག་ཐ་སྙད་དུ་སྦྲུལ་འཁྱིལ་བ་ལ་དེ་མེད་པ་མ་ཡིན་པའི་ཕྱིར་ཀུན་བརྟགས་པའི་ངོ་བོ་ཉིད་མཚན་ཉིད་ངོ་བོ་ཉིད་མེད་པ་ཉིད་ཀྱིས་ངོ་བོ་ཉིད་མེད་པ་ཉིད་དུ་མ་འགྲུབ་པའི་སྐྱོན་སེལ་བར་འདོད་པས་ཐ་སྙད་དུ་ཡང་སྦྲུལ་འཁྱིལ་པ་ལ་སྦྲུལ་མེད་དོ་ཞེ་ན་ནི་གྲགས་པའི་གནོད་
པར་འགྱུར་བས་མི་རུང་བར་སྟོན་ཏེ། ཅིའི་ཕྱིར་ཞེ་ན། ཐ་སྙད་དུ་ཐག་པ་ལ་སྦྲུལ་མེད་ཀྱང་སྦྲུལ་འཁྱིལ་བ་ཉིད་ལ་སྦྲུལ་ཡོད་པར་འཇིག་རྟེན་ལ་གྲགས་པའི་ཕྱིར་རོ། །དེ་ལྟར་ན་རྣལ་འབྱོར་སྤྱོད་པ་པ་དག་ཐ་སྙད་དུ་སྦྲུལ་འཁྱིལ་པ་ལ་དེ་མེད་པ་མ་ཡིན་པའི་ཕྱིར་ཀུན་བཏགས་པའི་ངོ་བོ་ཉིད་མཚན་ཉིད་

ངོ་བོ་ཉིད་མེད་པ་ཉིད་ཀྱིས་ངོ་བོ་ཉིད་མེད་པ་ཉིད་དུ་མི་འགྲུབ་པའི་སྐྱོན་སེལ་བར་འདོད་པས་ཐ་སྙད་དུ་ཡང་སྦྲུལ་འཁྱིལ་པ་ལ་སྦྲུལ་མེད་དོ་ཞེས་ཟེར་བ་ནི་གྲགས་པའི་གནོད་པར་འགྱུར་བས་དེ་ཡང་རིགས་པ་མ་ཡིན་ནོ། །ཇི་སྟེ་དོན་དམ་པར་དངོས་པོ་སེལ་བར་བྱེད་པ་ནི་དབུ་མ་པའི་
ཚུལ་གྱི་རྗེས་སུ་སྨྲ་བ་ཡིན་ཏེ། དོན་དམ་པར་སྦྲུལ་རྫས་སུ་ཡོད་པ་མ་ཡིན་པའི་ཕྱིར་དང་། ངོ་བོ་ཉིད་ལས་སྐྱེ་བ་མེད་པའི་ཕྱིར་རོ་ཞེས་བྱ་བས་ནི་ཇི་སྟེ་རྣལ་འབྱོར་སྤྱོད་པ་པ་དག་ཐ་སྙད་དུ་ཡང་སྦྲུལ་འཁྱིལ་པ་ལ་སྦྲུལ་མེད་དོ་ཞེས་བྱས་ན་གྲགས་པའི་གནོད་པར་འགྱུར་བ་དེ་སྤང་བར་འདོད་པས་དོན་
དམ་པར་སྦྲུལ་འཁྱིལ་པ་ལ་སྦྲུལ་གྱི་དངོས་པོ་མེད་དོ་ཞེས་སེལ་བར་བྱེད་ན་དབུ་མ་པའི་ཚུལ་གྱི་རྗེས་སུ་སྨྲས་པ་ཡིན་པས་ངོ་བོ་ཉིད་གསུམ་ཁོ་ནས་དམིགས་པ་ཐམས་ཅད་ཉེ་བར་ཞི་བ་ཞེས་བྱ་བར་སྒྲུབ་པའི་གཞུང་མི་རུང་བར་སྟོན་ཏེ། ཅིའི་ཕྱིར་ཞེ་ན། དོན་དམ་པར་སྦྲུལ་རྫས་སུ་ཡོད་པ་མ་ཡིན་
པའི་ཕྱིར་དང་ངོ་བོ་ཉིད་ལས་སྐྱེ་བ་མེད་པའི་ཕྱིར། དེ་ནི་རྟེན་ཅིང་འབྲེལ་པར་འབྱུང་བའི་ཚུལ་གྱིས་དོན་དམ་པར་དངོས་པོ་ཐམས་ཅད་ངོ་བོ་ཉིད་མེད་པ་ཉིད་ཡིན་པས་དམིགས་པ་ཐམས་ཅད་ཉེ་བར་ཞི་བར་འགྱུར་བའི་ཚུལ་གྱིས་ཡིན་པའི་ཕྱིར་རོ། །དེ་ལྟར་ན་རྣལ་འབྱོར་སྤྱོད་པ་པ་དག་ཐ་སྙད་དུ་ཡང་སྦྲུལ་
འཁྱིལ་པ་ལ་སྦྲུལ་མེད་དོ་ཞེས་བྱས་ན་གྲགས་པའི་གནོད་པར་འགྱུར་བ་སྤང་བར་འདོད་པས་དོན་དམ་པར་དངོས་པོ་སེལ་བར་བྱེད་ན་ནི་དབུ་མ་པའི་ཚུལ་གྱི་རྗེས་སུ་སྨྲ་བ་ཡིན་པས་རང་གི་གྲུབ་པའི་མཐའ་ལས་ངོ་བོ་ཉིད་གསུམ་ཁོ་ནས་དམིགས་པ་ཐམས་ཅད་ཉེ་བར་ཞི་བ་ཞེས་བྱ་བར་འགྱུར་བར་
འདོད་པའི་གཞུང་ཉམས་པས་དེ་ཡང་རིགས་པ་མ་ཡིན་ནོ། །ཐག་པ་དང་སྦྲུལ་འཁྱིལ་པ་ལ་མ་དམིགས་པ་ཁོ་ནར་ཐག་པ་དང་སྦྲུལ་གྱི་བློ་སྐྱེ་ན་ནི་ཕ་རོལ་པོ་དང་རང་ལ་ཤེས་པར་བྱེད་པར་རབ་ཏུ་མ་གྲུབ་པོ་ཞེས་བྱ་བས་ནི་རྣལ་འབྱོར་སྤྱོད་པ་པ་དག་ཐག་པ་དང་སྦྲུལ་ལ་སོགས་པ་ཕྱི་རོལ་གྱི་ཡུལ་རྣམས་ཀུན་
རྫོབ་ཏུ་མེད་ཀྱང་དེ་ལྟར་འཁྲུལ་པའི་བློ་སྐྱེའོ་ཞེས་ཟེར་བ་དེ་གལ་ཏེ་ཀུན་རྫོབ་ཏུ་ཐག་པ་དང་སྦྲུལ་འཁྱིལ་བ་ལ་སོགས་པ་ཡུལ་རྣམས་མེད་ན་དེ་དག་ལ་མ་དམིགས་པ་ཁོ་ནར་ཐག་པ་དང་སྦྲུལ་ལ་སོགས་པའི་བློ་ཇི་ལྟར་སྐྱེ་བར་འགྱུར། ཇི་སྟེ་སྐྱེ་ན་ནི་ཐག་པ་ལ་སྦྲུལ་དུ་འཁྲུལ་པའི་བློ་སྐྱེ་བ་གང་ཡིན་པ་དེ་ནི་ཀུན་བརྟགས་

པའི་ངོ་བོ་ཉིད་ཡིན་ནོ་ཞེས་ཀུན་བརྟགས་པའི་ངོ་བོ་ཉིད་ཤེས་པར་བྱེད་པའི་དཔེ་ཐག་པ་ལས་བླངས་པ་དེ་རྣལ་འབྱོར་སྤྱོད་པ་པ་དག་རང་ལ་རབ་ཏུ་མ་གྲུབ་པས་ཡུལ་མེད་པར་མི་རུང་བར་སྟོན་ཏེ། ཅིའི་ཕྱིར་ཞེ་ན། ཐག་པ་དང་སྦྲུལ་འཁྱིལ་བ་ལ་སོགས་པའི་ཕྱི་རོལ་གྱི་ཡུལ་རྣམས་མེད་ན་ཐག་པ་དང་
སྦྲུལ་གྱི་བློ་སྐྱེ་བ་ཡང་མེད་པས་ཀུན་བརྟགས་པའི་ངོ་བོ་ཉིད་ནི་ཐག་པ་ལ་སྦྲུལ་དུ་འཁྱིལ་པའི་བློ་སྐྱེ་བ་ལྟ་བུའོ་ཞེས་ཤེས་པར་བྱེད་པའི་དཔེ་རང་ལ་རབ་ཏུ་མ་གྲུབ་པས་མི་རུང་བའི་ཕྱིར་རོ། །དེ་ལྟར་ན་རྣལ་འབྱོར་སྤྱོད་པ་པ་དག་ཕྱི་རོལ་གྱི་ཡུལ་མེད་པར་ནང་གི་བློ་འཁྲུལ་པས་རྣམ་པར་བརྟགས་པ་ཀུན་
བརྟགས་པའི་ངོ་བོ་ཉིད་ཡིན་པར་འདོད་པའི་དཔེ་ཡང་རང་ལ་རབ་ཏུ་མ་གྲུབ་པའི་ཕྱིར་དེ་ཡང་རིགས་པ་མ་ཡིན་ནོ། །འདིར་གལ་ཏེ་རྣལ་འབྱོར་སྤྱོད་པ་པ་དག་འདི་སྐད་ཅེས་ཁོ་བོ་ཅག་རང་ལ་ཕྱི་རོལ་གྱི་ཡུལ་ཡོད་པར་མ་གྲུབ་པས་ཤེས་པར་བྱེད་པའི་དཔེ་མེད་ཀྱང་ཁྱེད་དབུ་མ་པའི་ཕྱོགས་ལ་ཀུན་རྫོབ་ཏུ་ཕྱི་རོལ་གྱི་ཡུལ་གྱི་
ཡུལ་སྒྱུ་མ་ཙམ་དུ་ཡོད་པར་གྲུབ་པ་ཁོ་བོ་ཅག་གིས་ཤེས་པར་བྱེད་པའི་དཔེར་རུང་བའི་ཕྱིར་ཁོ་བོ་ཅག་གིས་ཀུན་བརྟགས་པའི་ངོ་བོ་ཉིད་ནི་ཐག་པ་ལ་སྦྲུལ་དུ་འཁྲུལ་པའི་བློ་སྐྱེ་བ་ལྟ་བུ་ཞེས་ཤེས་པར་བྱེད་པའི་དཔེ་རབ་ཏུ་མ་གྲུབ་པ་ཡིན་ཏེ། རང་ལ་གཏན་ཚིགས་མ་གྲུབ་པས་ཀྱང་འདོད་པའི་
དོན་སྟོན་པར་བྱེད་དེ། གཞན་གྱི་ཕྱོགས་ལ་གྲུབ་པའི་ཕྱིར་ཕྱོགས་གཉི་ག་ལ་གྲགས་པའི་ཆོས་བཞིན་ནོ་ཞེས་ཟེར་བའི་ཕྱོགས་སྔ་མ་ཁོང་ནས་དབྱུང་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས་གང་ཡང་རུང་བ་ལ་མ་གྲུབ་པ་ནི་གཏན་ཚིགས་མ་ཡིན་ནོ་ཞེས་བྱ་བ་དེར་ཐ་སྙད་ཀྱི་དུས་སུ་ནི་
ཕྱོགས་གཉི་ག་ལ་གྲགས་པའི་ཤེས་པར་བྱེད་པ་འདོད་པར་བྱའོ་ཞེས་སྔར་བསྟན་ཟིན་ཏོ་ཞེས་བྱ་བ་སྨྲས་ཏེ། སྔར་བདག་དང་ཆོས་བརྟགས་པའི་སྐབས་སུ་གཞན་གྱི་ཕྱོགས་འབའ་ཞིག་ལ་གྲགས་པའི་ཕྱོགས་ཀྱི་ཆོས་ཀྱིས་ནི་བསྒྲུབ་པར་བྱ་བའི་དོན་སྒྲུབ་པར་མི་ནུས་པར་ངེས་པར་བཟུང་
སྟེ། །གང་ཡང་རུང་བ་ལ་མ་གྲུབ་པའི་ཕྱིར། གཞན་གྱི་ཕྱོགས་ལ་མ་གྲུབ་པ་བཞིན་པས། རྗེས་སུ་དཔག་པ་འགལ་བས་བཟློག་པའི་ཕྱིར་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་ཉམས་པ་མེད་དོ་ཞེས་བསྟན་ཟིན་ཏོ། །ཀུན་བརྟགས་པའི་དོན་ཡོད་པ་མ་ཡིན་པར་སྟོན་པར་འདོད་པ་ནི། སློབ་

དཔོན་གྱིས་དབུ་མ་པའི་ཚུལ་འཐད་པ་དང་བཅས་པ་བཀའ་སྩལ་པ་ཉིད་འདོད་པར་བྱ་སྟེ། བརྗོད་པར་བྱ་བའི་ངོ་བོ་ཉིད་བཀག་པ་ཁོ་ནས་ཡུལ་དེ་ལ་ཡིད་དང་ཚིག་གི་བརྗོད་པས་འཇུག་པ་ལྡོག་པའི་ཕྱིར་རོ་ཞེས་བྱ་བས་ནི་གང་དག་ཀུན་བརྟགས་པའི་དོན་ངོ་བོ་ཉིད་ཡོད་པ་
མ་ཡིན་པར་སྟོན་པར་འདོད་པ་དག་གིས་ནི་སྔར་སློབ་དཔོན་གྱི་ཞལ་སྔ་ནས་ཀྱིས་བདག་དང་ཆོས་བརྟགས་པའི་སྐབས་སུ། །བརྗོད་པར་བྱ་བ་ལྡོག་པས་ཏེ། །སེམས་ཀྱི་སྤྱོད་ཡུལ་ལྡོག་པས་སོ། །མ་སྐྱེས་པ་དང་མ་འགགས་པ། །ཆོས་ཉིད་མྱ་ངན་འདས་དང་མཚུངས། །ཞེས་བྱ་བ་དབུ་མ་
པའི་ཚུལ་འཐད་པ་དང་བཅས་པ་བཀའ་སྩལ་པ་ཉིད་འདོད་པར་བྱ་སྟེ། དེར་ལས་ཉོན་མོངས་ཟད་པས་ཐར། །ལས་དང་ཉོན་མོངས་རྣམ་རྟོག་ལས། །དེ་དག་སྤྲོས་ལས་སྤྲོས་པ་ནི། །སྟོང་པ་ཉིད་ཀྱིས་འགག་པར་འགྱུར། །ཞེས་གསུངས་པས་སྤྲོས་པ་ནི་ཀུན་བརྟགས་པའི་ངོ་བོ་ཉིད་ཡིན་
ལ། དེ་ནི་སྟོང་པ་ཉིད་ཀྱིས་འགག་པར་འགྱུར་བའི་རིགས་པ་ནི། བརྗོད་པར་བྱ་བ་ལྡོག་པས་ཏེ། །སེམས་ཀྱི་སྤྱོད་ཡུལ་ལྡོག་པས་སོ། །མ་སྐྱེས་པ་དང་མ་འགགས་པ། །ཆོས་ཉིད་མྱ་ངན་འདས་དང་མཚུངས། །ཞེས་བྱ་བ་ཡིན་ཏེ། སྤྲོས་པ་ནི་སྟོང་པ་ཉིད་ཀྱིས་འགག་ལ། །དེ་ཡང་བརྗོད་
པར་བྱ་བ་ལྡོག་པས་འགག་གོ། །བརྗོད་པར་བྱ་བ་ལྡོག་པ་དེ་ཡང་སེམས་ཀྱི་སྤྱོད་ཡུལ་ལྡོག་པས་སོ། །སེམས་ཀྱི་སྤྱོད་ཡུལ་ལྡོག་པ་དེ་ཡང་མ་སྐྱེས་པ་དང་མ་འགགས་པའི་ཆོས་ཉིད་མྱ་ངན་ལས་འདས་པ་དང་མཚུངས་པ་རྟོགས་པས་ལྡོག་པར་འགྱུར་བའི་ཕྱིར་དེས་ནི་ཐེག་པ་ཆེན་པོ་དབུ་མ་པའི་
ཚུལ་གྱིས་ཀུན་བརྟགས་པའི་དོན་ངོ་བོ་ཉིད་མེད་པ་ཉིད་དུ་བསྒྲུབ་པའི་ཚུལ་བསྟན་ཏོ། །ཀུན་བརྟགས་པའི་མཚན་ཉིད་མེད་དོ་ཞེ་ན་ནི་ཞེས་བྱ་བས་ནི་རྣལ་འབྱོར་སྤྱོད་པ་པ་དག་ན་རེ་ཀུན་བརྟགས་པའི་མཚན་ཉིད་ནི་མེད་དེ། ཕྱིན་ཅི་ལོག་ཡིན་པའི་ཕྱིར། དཔེར་ན་སྡོང་དུམ་ལ་མིར་འཁྲུལ་པ་བཞིན་
ནོ་ཞེས་ཟེར་བའི་ཚིག་ཡིན་ཏེ། དེ་དག་ཀྱང་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་སྡོང་དུམ་ལ་མིར་འཁྲུལ་པ་ནི་ཕྱིན་ཅི་ལོག་ཡིན་པའི་ཕྱིར་མེད་པ་དེ་བཞིན་དུ། ཀུན་བརྟགས་པའི་མཚན་ཉིད་ཀྱང་ཕྱིན་ཅི་ལོག་

ཡིན་པའི་ཕྱིར་མེད་པས་དེའི་ཕྱིར་ཀུན་བརྟགས་པའི་ངོ་བོ་ཉིད་ནི་མཚན་ཉིད་ཀྱིས་ངོ་བོ་ཉིད་མེད་དོ་ཞེས་ཟེར་རོ། །དེའི་ལན་དུ་འགྲེལ་པ་བྱེད་པ་ཉིད་ཀྱིས། གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་དེ། མིང་ནི་གཟུགས་དང་འདུ་བྱེད་དུ་གཏོགས་པའི་ཕྱིར་དང་། ངོ་བོ་ཉིད་དང་། རྟོག་པ་དང་། རྗེས་སུ་དྲན་
པའི་རྣམ་པར་རྟོག་པ་དག་ཀྱང་རྣམ་པར་ཤེས་པ་དང་། འདུ་བྱེད་ཀྱི་ཕུང་པོར་གཏོགས་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། དེས་ནི་རྣལ་འབྱོར་སྤྱོད་པ་པ་དག་གི་ཀུན་བརྟགས་པའི་མཚན་ཉིད་ནི་མེད་དོ་ཞེས་བྱ་བའི་གཏན་ཚིགས་ཕྱིན་ཅི་ལོག་ཡིན་པའི་ཕྱིར་ཞེས་བྱ་བ་དེའི་དོན་མ་གྲུབ་པ་ཉིད་དེ། ཅིའི་ཕྱིར་ཞེ་ན།
ཀུན་བརྟགས་པ་ནི་ཆོས་རྣམས་ཀྱི་ངོ་བོ་ཉིད་དང་། ཁྱད་པར་དུ་མིང་དུ་འདོགས་པ་དང་། རྣམ་པར་རྟོག་པས་སྒྲོ་འདོགས་པ་ཡིན་པས། དེ་ལ་མིང་ནི་སྒྲར་བརྗོད་པ་མ་ཡིན་པས། གཟུགས་ཀྱི་ཕུང་པོར་ཡང་གཏོགས་ལ་སེམས་དང་མི་ལྡན་པའི་འདུ་བྱེད་ཡིན་པས་འདུ་བྱེད་ཀྱི་ཕུང་པོར་ཡང་གཏོགས་
པའི་ཕྱིར་སྡོང་དུམ་ལ་མིར་འཁྲུལ་པ་ལྟར་ཕྱིན་ཅི་ལོག་མ་ཡིན་པས་མེད་པ་མ་ཡིན་ནོ། །རྣམ་པར་རྟོག་པ་ཡང་རྣམ་པ་གསུམ་སྟེ་ངོ་བོ་ཉིད་ཀྱིས་རྣམ་པར་རྟོག་པ་ནི་སྒོ་ལྔའི་རྣམ་པར་ཤེས་པ་ཉེ་བར་གནས་པ་ལས་བྱུང་བ་ཡིན་ལ། རྟོག་པའི་རྣམ་པར་རྟོག་པ་ནི་ཡིད་ཀྱི་རྣམ་པར་ཤེས་པ་ཚོལ་བ་པ་དང་།
འདུ་བྱེད་སེམས་པ་ཡིན། རྗེས་སུ་དྲན་པའི་རྣམ་པར་རྟོག་པ་ནི་ཡིད་ཀྱི་རྣམ་པར་ཤེས་པ་ངེས་པ་དང་། སེམས་ལས་བྱུང་བའི་ཆོས་དྲན་པ་ཡིན་པས་དེ་དག་ཀྱང་རྣམ་པར་ཤེས་པ་དང་། འདུ་བྱེད་ཀྱི་ཕུང་པོར་གཏོགས་པའི་ཕྱིར། སྡོང་དུམ་ལ་མིར་འཁྲུལ་པ་ལྟར་ཕྱིན་ཅི་ལོག་མ་ཡིན་པས་མེད་པ་མ་
ཡིན་ནོ། །དེས་ན་ཀུན་བརྟགས་པའི་མཚན་ཉིད་རྣལ་འབྱོར་སྤྱོད་པ་པ་དག་འདོད་པ་ལྟར་ཀུན་རྫོབ་ཏུ་ཡང་མཚན་ཉིད་ངོ་བོ་ཉིད་མེད་པ་ཉིད་ཀྱིས་ངོ་བོ་ཉིད་མེད་པ་མ་ཡིན་གྱི། ཀུན་རྫོབ་ཏུ་གཟུགས་དང་སེམས་དང་སེམས་ལས་བྱུང་བའི་ངོ་བོ་ཉིད་སྒྱུ་མ་དང་། སྨིག་རྒྱུ་དང་། རྨི་ལམ་ལྟ་བུར་ཡོད་པ་ཡིན་
ནོ། །གཞན་ཡང་ཐ་སྙད་པའི་རྗོད་པ་འཇུག་པ་ནི་བརྗོད་པར་བྱ་བའི་དོན་གྱི་ངོ་བོ་ཉིད་དང་། ཁྱད་པར་གྱི་ཡུལ་ཅན་ཡིན་ལ། དོན་དམ་པར་བརྗོད་པར་བྱ་བའི་དོན་གྱི་ངོ་བོ་ཉིད་དང་ཁྱད་པར་བཀག་པའི་ཕྱིར་མངོན་པར་ཞེན་པའི་ཉོན་མོངས་པ་མི་འཐད་དེ། སྐྱེས་བུ་འཕྱོན་མ་པས་གཟུགས་སུ་བྱས་པའི་

ན་ཆུང་ལ་བདག་མེད་པ་ཉིད་དུ་རྟོགས་པ་བཞིན་པས། མིང་གི་དབང་གིས་དོན་ལ་མངོན་པར་ཞེན་པར་མི་རིགས་ཏེ། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ལས་རིགས་སོ་ཞེས་བྱ་བས་ནི་རྣལ་འབྱོར་སྤྱོད་པ་པ་དག་ན་རེ་ཀུན་བརྟགས་པའི་ངོ་བོ་ཉིད་དེ། དེ་ལྟར་ཡོད་པ་མ་ཡིན་ཡང་མིང་དོན་
ལ་འཇུག་པ་ལས་ཀུན་ནས་ཉོན་མོངས་པར་འགྱུར་ཏེ། ཇི་ལྟར་མིང་དོན་ལ་འཇུག་པ་དེ་ལྟར་བྱིས་པ་རྣམས་དེའི་ངོ་བོ་ཉིད་ལ་མངོན་པར་ཞེན་པར་བྱེད་དོ་ཞེས་ཀུན་བརྟགས་པའི་མིང་གཞན་གྱི་དབང་གིས་དོན་ལ་འཇུག་པའི་སྒོ་ནས་དོན་ལ་མངོན་པར་ཞེན་ཅིང་ཀུན་ནས་ཉོན་མོངས་པར་འགྱུར་རོ་ཞེས་ཟེར་བ་དེ་མི་རིགས་
པར་སྟོན་ཏེ། ཇི་ལྟར་མི་རིགས་ཤེ་ན། མིང་དོན་ལ་འཇུག་པ་ཞེས་བྱ་བ་ནི་ཐ་སྙད་པའི་བརྗོད་པ་འཇུག་པ་ཡིན་ཏེ། དེ་ནི་བརྗོད་པར་བྱ་བའི་དོན་གྱི་ངོ་བོ་ཉིད་དང་ཁྱད་པར་གྱི་ཡུལ་ཅན་ཡིན་ལ་དོན་དམ་པར་བརྗོད་པར་བྱ་བའི་དོན་གྱི་ངོ་བོ་ཉིད་དང་ཁྱད་པར་བཀག་པའི་ཕྱིར་སྐྱེས་བུ་འཕྱོན་མ་པས་གཟུགས་
བརྙན་གྱི་ན་ཆུང་ལ་བུད་མེད་ཀྱི་ངོ་བོ་ཉིད་མེད་པར་རྟོགས་པ་ན་དེ་ལ་འདོད་ཆགས་ལ་སོགས་པ་ཉོན་མོངས་པ་མི་སྐྱེ་བ་བཞིན་པས་དོན་དམ་པར་ནི་མིང་དོན་ལ་འཇུག་པ་ལས་དོན་ལ་མངོན་པར་ཞེན་ཅིང་། ཀུན་ནས་ཉོན་མོངས་པར་མི་འགྱུར་ལ། ཀུན་རྫོབ་ཏུ་ནི་མིང་དོན་ལ་འཇུག་པ་ལས། དོན་ལ་མངོན་
པར་ཞེན་ཅིང་ཀུན་ནས་ཉོན་མོངས་པར་འགྱུར་བར་མི་རིགས་ཀྱི། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ལས་དོན་ལ་མངོན་པར་ཞེན་ཅིང་ཀུན་ནས་ཉོན་མོངས་པར་འགྱུར་བར་རིགས་སོ། །དེ་ལྟར་ན་རྣལ་འབྱོར་སྤྱོད་པ་པ་དག་གིས་ཀུན་བརྟགས་པའི་ངོ་བོ་ཉིད་མཚན་ཉིད་ངོ་བོ་ཉིད་མེད་པ་ཉིད་ཀྱིས།
ངོ་བོ་ཉིད་མེད་པ་ཉིད་ཡིན་པར་བརྟགས་པས་དེ་གལ་ཏེ་ཡིད་ལ་བརྗོད་པ་དང་། ཚིག་ཏུ་བརྗོད་པའི་ངོ་བོ་ཉིད་ཀུན་བརྟགས་པ་ཡིན་ལ་དེ་མཚན་ཉིད་ངོ་བོ་ཉིད་མེད་པ་ཉིད་ཀྱིས་ངོ་བོ་ཉིད་མེད་པ་ཉིད་ཡིན་ནོ་ཞེས་བྱ་བ་ནི་ཡིད་ལ་བརྗོད་པ་དང་། ཚིག་ཏུ་བརྗོད་པའི་ངོ་བོ་ཉིད་ནི་གཞན་གྱི་དབང་གི་དངོས་པོ་ཡིན་པས་
དེ་མཚན་ཉིད་ངོ་བོ་ཉིད་མེད་པ་ཉིད་ཀྱིས་ངོ་བོ་ཉིད་མེད་པ་ཉིད་དོ་ཞེས་བརྗོད་ན་གཞན་གྱི་དབང་གི་དངོས་པོ་ལ་སྐུར་པ་འདེབས་པར་འགྱུར་བས་མི་རུང་ངོ་། །ཇི་སྟེ་ཡིད་ལ་བརྗོད་པ་དང་ཚིག་ཏུ་བརྗོད་པ་དེ་གཉིས་ཀྱི་དོན་གང་ཡིན་པ་ཀུན་བརྟགས་པའི་ངོ་བོ་ཉིད་ཡིན་ལ། དེ་མཚན་ཉིད་ངོ་བོ་ཉིད་མེད་པ་ཉིད་ཀྱིས་ངོ་བོ་ཉིད་མེད་པ་ཉིད་ཡིན་

ནོ་ཞེས་བརྗོད་ན་ནི་ཀུན་བརྟགས་པའི་ངོ་བོ་ཉིད་མེད་པར་མི་འགྲུབ་སྟེ། ཡིད་ལ་བརྗོད་པ་དང་། ཚིག་ཏུ་བརྗོད་པ་དེ་གཉིས་ཀྱི་དོན་གང་ཡིན་པ་ནི་གཞན་གྱི་དབང་གི་ངོ་བོ་ཉིད་ཡིན་ཏེ། དེ་ནི་དཔེར་ན་ཐག་པ་ལ་སྦྲུལ་དུ་ཀུན་བརྟགས་པའི་དོན་མེད་ཀྱང་སྦྲུལ་ཉིད་ལ་སྦྲུལ་དུ་ཀུན་བརྟགས་པའི་དོན་མེད་
པ་མ་ཡིན་པའི་ཕྱིར་དེ་མཚན་ཉིད་ངོ་བོ་ཉིད་མེད་པ་ཉིད་ཀྱིས་ངོ་བོ་ཉིད་མེད་པ་ཉིད་ཡིན་ནོ་ཞེས་བྱ་བར་མི་རུང་ངོ་། །ཕྱི་རོལ་གྱི་ཡུལ་མེད་པར་ཀུན་བརྟགས་པའི་འཁྲུལ་པའི་བློ་སྐྱེའོ་ཞེས་བྱ་བར་ཡང་མི་རུང་སྟེ། ཡུལ་མེད་ན་ཐག་པ་ལ་སྦྲུལ་དུ་འཁྲུལ་པའི་བློ་སྐྱེ་བ་བཞིན་ནོ་ཞེས་བྱ་བའི་དཔེ་མི་འགྲུབ་སྟེ།
ཐག་པའི་ཡུལ་ལ་སྦྲུལ་དུ་འཁྲུལ་པ་ཕྱིན་ཅི་ལོག་ཡིན་པས་མེད་ཀྱང་ཐག་པའི་ཡུལ་ཉིད་མེད་པ་མ་ཡིན་པས་ཕྱི་རོལ་གྱི་ཡུལ་མེད་པ་ལ་ཀུན་བཏགས་པའི་འཁྲུལ་པའི་བློ་སྐྱེའོ་ཞེས་བྱ་བར་མི་རུང་ངོ་། །ཀུན་བརྟགས་པའི་མཚན་ཉིད་ཕྱིན་ཅི་ལོག་ཡིན་པའི་ཕྱིར། སྡོང་དུམ་ལ་མིར་འཁྲུལ་
པ་བཞིན་དུ་མཚན་ཉིད་ངོ་བོ་ཉིད་མེད་པ་ཉིད་ཀྱིས་ངོ་བོ་ཉིད་མེད་དོ་ཞེས་བྱར་ཡང་མི་རུང་སྟེ། ངོ་བོ་ཉིད་དང་བྱེ་བྲག་ཏུ་མིང་དུ་འདོགས་པ་དང་། བློས་རྣམ་པར་རྟོག་པ་དག་གཟུགས་དང་སེམས་དང་སེམས་ལས་བྱུང་བ་ཡིན་པས་དེ་དག་ཐ་སྙད་དུ་སྡོང་དུམ་ལ་མིར་འཁྲུལ་པ་ལྟར་མཚན་ཉིད་
མེད་པ་མ་ཡིན་ནོ། །མིང་དོན་ལ་འཇུག་པ་ལས་ཀུན་ནས་ཉོན་མོངས་པར་འགྱུར་རོ་ཞེས་བྱར་ཡང་མི་རུང་སྟེ། མིང་གིས་དོན་བརྗོད་པ་ལས་དོན་ལ་མངོན་པར་ཞེན་ཅིང་ཀུན་ནས་ཉོན་མོངས་པར་འགྱུར་བར་མི་རིགས་ཀྱིས། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ལས་དོན་ལ་མངོན་པར་
ཞེན་ཅིང་ཀུན་ནས་ཉོན་མོངས་པར་འགྱུར་བར་རིགས་པའི་ཕྱིར་རོ། །དེ་ལྟར་རྣལ་འབྱོར་སྤྱོད་པ་པ་དག་གིས་བརྟགས་པའི་ཚུལ་མི་འཐད་པས། འདིར་ཐེག་པ་ཆེན་པོ་དབུ་མ་པའི་ཚུལ་ནི་ཐ་སྙད་དུ་ཀུན་རྫོབ་ཀྱི་བདེན་པའི་ལུགས་རྣམ་པར་གཞག་པ་ནི་ཕྱི་དང་ནང་གི་དངོས་པོ་སྒྱུ་མ་དང་།
སྨིག་རྒྱུ་དང་། རྨི་ལམ་ལྟ་བུ་རྒྱུ་དང་རྐྱེན་གྱི་དབང་གིས་རྟེན་ཅིང་འབྲེལ་པར་འབྱུང་བ་བྱ་བ་བྱེད་ནུས་པ་དང་། མི་ནུས་པའི་ཚུལ་གྱིས་ཡང་དག་པ་དང་། ཡང་དག་པ་མ་ཡིན་པར་བརྗོད་པ་ཡོད་ལ། དེ་ལ་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པས། དངོས་པོ་དང་དངོས་པོ་མེད་པ་ལ་སོགས་པར་

བརྟགས་པ་ལས་ཀུན་ནས་ཉོན་མོངས་པར་འགྱུར་ཞིང་། དེ་དག་ཉིད་དོན་དམ་པར་ངོ་བོ་ཉིད་མེད་པ་ཉིད་དུ་མཐོང་ན། རྣམ་པར་བྱང་བར་འགྱུར་བ་ཡིན་པས་ཐེག་པ་མཆོག་གི་ཚུལ་འདི་འདོད་པར་བྱའོ། །ད་ནི་རྣལ་འབྱོར་སྤྱོད་པ་པ་དག་གིས་གཞན་གྱི་དབང་གི་ངོ་བོ་ཉིད་སྐྱེ་བ་ངོ་བོ་
ཉིད་མེད་པ་ཉིད་ཅེས་བྱ་བ་ཆོས་རྣམས་ཀྱི་རྟེན་ཅིང་འབྲེལ་པར་འབྱུང་བའི་ངོ་བོ་ཉིད་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བའི་གཞི་ཉིད་དུ་ཀུན་རྫོབ་དང་། དོན་དམ་པར་ཡོད་པ་ཉིད་དུ་བཏགས་པ་དེ་མི་འཐད་པར་བསྟན་པའི་ཕྱིར། དེ་བཞིན་དུ་གཞན་གྱི་དབང་གི་ངོ་བོ་ཉིད་ཅེས་བྱ་བ་དེ་ཡང་
གང་ཡིན་ཞེས་བརྟག་པ་གཉིས་པ་སྨྲས་ཏེ། དེས་ནི་གཞན་གྱི་དབང་གི་ངོ་བོ་ཉིད་ཅེས་བྱ་བ་དེ་ཡང་གང་ཡིན་ཞེས་བརྟག་པ་བསྟན་ཏོ། །ཆོས་རྣམས་ཀྱི་རྟེན་ཅིང་འབྲེལ་པར་འབྱུང་བའི་ངོ་བོ་ཉིད་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བའི་གཞི་གང་ཡིན་པ་དེ་ཞེས་བྱ་བ་ནི་རྣལ་འབྱོར་སྤྱོད་པ་པ་དག་
གིས་གཞན་གྱི་དབང་གི་ངོ་བོ་ཉིད་ཀྱི་མཚན་ཉིད་བསྟན་པ་ཡིན་ཏེ། དེ་ལ་གཞན་གྱི་དབང་གི་ངོ་བོ་ཉིད་ཀྱི་མཚན་ཉིད་ནི་ཆོས་རྣམས་ཀྱི་རྟེན་ཅིང་འབྲེལ་པར་བྱུང་བའི་ངོ་བོ་ཉིད་རྒྱུ་དང་རྐྱེན་གཞན་དག་གིས་དབང་བྱ་ཞིང་བསྐྱེད་པར་བྱ་བ་སྟེ། དེ་ཡང་འདོད་ཆགས་ལ་སོགས་པ་ཉོན་མོངས་པ་རྣམས་ཀྱིས་
ཀུན་ནས་ཉོན་མོངས་པར་འགྱུར་བའི་གཞི་ཡང་ཡིན་ལ། མ་ཆགས་པ་ལ་སོགས་པ་དགེ་བ་རྣམས་ཀྱིས་རྣམ་པར་བྱང་བར་འགྱུར་བའི་གཞི་ཡང་ཡིན་ཏེ། གང་གི་ཚེ་ཀུན་ནས་ཉོན་མོངས་པར་གྱུར་པ་དེའི་ཚེ་ན་ནི། ཀུན་རྫོབ་ཀྱི་བདེན་པར་ཡོད་པ་ཉིད་ཡིན་ལ། གང་གི་ཚེ་རྣམ་པར་བྱང་བར་འགྱུར་
བ་དེའི་ཚེ་ན་ནི་དོན་དམ་པའི་བདེན་པར་ཡོད་པ་ཉིད་ཡིན་ཏེ། གལ་ཏེ་གཞན་གྱི་དབང་གི་ངོ་བོ་ཉིད་ཅེས་བྱ་བ་དངོས་པོ་འགའ་ཞིག་མེད་པར་གྱུར་པ་ན་གཞི་མེད་པ་དང་། རྒྱུ་མེད་པར་ཀུན་ནས་ཉོན་མོངས་པར་བྱང་བར་མི་འགྱུར་བས། དེའི་ཕྱིར་གཞན་གྱི་དབང་གི་ངོ་བོ་ཉིད་ཡོད་པ་ཁོ་ན་ཡིན་ནོ། །དེ་ཉིད་
ཀྱི་འཐད་པ་བསྟན་པའི་ཕྱིར། བཏགས་པ་རྒྱུ་མཚན་བཅས་ཕྱིར་དང་། །གཞན་དུ་གཉིས་པོ་མེད་ཕྱིར་དང་། །ཀུན་ནས་ཉོན་མོངས་དམིགས་པའི་ཕྱིར། །གཞན་དབང་ཡོད་པ་ཉིད་དུ་འདོད། །ཅེས་བྱ་བ་སྨྲས་ཏེ། བཏགས་པ་ཞེས་བྱ་བ་ནི་བུམ་པ་དང་། སྣམ་བུ་དང་། སངས་རྒྱས་བཅོམ་

ལྡན་འདས་ཞེས་བྱ་བའི་བར་དུ་མིང་དང་བརྡར་ཐ་སྙད་དང་རྣམ་པར་རྟོག་པས་གློ་བུར་དུ་སྒྲོ་བཏགས་པ་སྟེ། ཀུན་ནས་བརྟགས་པའི་ངོ་བོ་ཉིད་དོ། །དེ་ནི་རྒྱུ་མཚན་དང་བཅས་པ་ཡིན་ཏེ། རྒྱུ་དང་བཅས། གཞི་དང་བཅས། མཚན་མ་དང་བཅས། མངོན་རྟགས་དང་བཅས་པ་ཡིན་པས་དེའི་རྒྱུ་མཚན་དེ་ནི་
གཞན་གྱི་དབང་གི་ངོ་བོ་ཉིད་ཡིན་ནོ། །དེ་ལ་གང་གི་ཕྱིར་གཟུགས་དང་། རོ་དང་། དྲི་དང་། རེག་བྱའི་སྐྱེ་མཆེད་བཞིའི་རྒྱུ་མཚན་ལ་བརྟེན་ནས་བུམ་པར་བཏགས་པ་གདགས་པར་བྱ་ཞིང་། རྒྱུ་སྤུན་གྱི་རྒྱུ་མཚན་ལ་བརྟེན་ནས་སྣམ་བུར་བཏགས་པར་གདགས་པར་བྱ་བ་དང་། སངས་རྒྱས་སུ་བྱེད་པའི་རྒྱུ་
མཚན་གྱི་ཆོས་རྣམས་ལ་བརྟེན་ནས་སངས་རྒྱས་སུ་བཏགས་པའི་བར་དུ་གདགས་པར་བྱ་སྟེ། བུམ་པ་དང་། སྣམ་བུ་དང་། སངས་རྒྱས་བཅོམ་ལྡན་འདས་ཀྱི་བར་དུ་བཏགས་པ་གང་ཡིན་པ་དེ་ནི་ཐ་སྙད་དུ་ཀུན་བརྟགས་པའི་ངོ་བོ་ཉིད་ཡིན་ལ། དེ་གང་ལ་བརྟེན་ནས་གདགས་པར་བྱ་བའི་རྒྱུ་མཚན་སྐྱེ་མཆེད་
བཞི་དང་། རྒྱུ་སྤུན་དང་སངས་རྒྱས་སུ་བྱེད་པའི་ཆོས་རྣམས་ཀྱི་བར་གང་ཡིན་པ་དེ་ནི་གཞན་གྱི་དབང་གི་ངོ་བོ་ཉིད་ཡིན་པས། ཀུན་བརྟགས་པའི་ངོ་བོ་ཉིད་གཞན་གྱི་དབང་གི་ངོ་བོ་ཉིད་ཀྱི་རྒྱུ་མཚན་ལ་བརྟེན་ནས་གདགས་པར་བྱ་བ་དེའི་ཕྱིར་གཞན་གྱི་དབང་གི་ངོ་བོ་ཉིད་ཡོད་པ་ཡིན་ནོ། །གཞན་ཡང་།
གཞན་དུ་གཉིས་པོ་མེད་ཕྱིར་དང་། །ཞེས་བྱ་བ་དེའི་ཕྱིར་ཡང་གཞན་གྱི་དབང་གི་ངོ་བོ་ཉིད་ཡོད་པ་ཡིན་ཏེ། གཞན་དུ་ཞེས་བྱ་བ་ནི་གཞན་གྱི་དབང་གི་ངོ་བོ་ཉིད་མེད་དུ་ཟིན་ནའོ། །གཉིས་པོ་མེད་ཕྱིར་དང་ཞེས་བྱ་བས་ནི་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་གཉིས་མེད་པའི་ཕྱིར་ཏེ། གང་གི་
ཕྱིར་གཞན་གྱི་དབང་གི་ངོ་བོ་ཉིད་མེད་དུ་ཟིན་ན་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་གཉིས་མེད་པའི་སྐྱོན་དུ་འགྱུར་བ་དེའི་ཕྱིར་གཞན་གྱི་དབང་གི་ངོ་བོ་ཉིད་ཡོད་པ་ཡིན་ནོ། །ཡང་ན། གཞན་དུ་གཉིས་པོ་མེད་ཕྱིར་དང་། །ཞེས་བྱ་བ་ནི་བྱིས་པ་རྣམས་ཀྱིས་གཞན་གྱི་དབང་གི་ངོ་བོ་ཉིད་ལ་
གཟུང་བ་དང་། འཛིན་པར་གཞན་དུ་བརྟགས་པ་གཉིས་པོ་མེད་པའི་ཕྱིར་ཏེ། གང་གི་ཕྱིར། ཡང་དག་མ་ཡིན་ཀུན་རྟོག་ཡོད། །དེ་ལ་གཉིས་པོ་ཡོད་མ་ཡིན། །ཞེས་བཤད་པའི་ཚུལ་གྱིས་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པ་ཁམས་གསུམ་པའི་སེམས་དང་སེམས་ལས་བྱུང་བ་

གཞན་གྱི་དབང་གི་ངོ་བོ་ཉིད་ནི་ཡོད་ལ། དེ་ལ་གཟུང་བ་དང་། འཛིན་པ་གཞན་དུ་བརྟགས་པ་ཀུན་བརྟགས་པའི་ངོ་བོ་ཉིད་ནི་ཡོད་པ་མ་ཡིན་པ་དེའི་ཕྱིར་གཞན་གྱི་དབང་གི་ངོ་བོ་ཉིད་ནི་ཡོད་པ་ཡིན་ནོ། །གཞན་ཡང་། ཀུན་ནས་ཉོན་མོངས་དམིགས་པའི་ཕྱིར། །ཞེས་
བྱ་བ་དེའི་ཕྱིར་ཡང་གཞན་གྱི་དབང་གི་ངོ་བོ་ཉིད་ཡོད་པ་ཡིན་ཏེ། གང་གི་ཕྱིར་གཞི་མེད་པ་མོ་གཤམ་གྱི་བུ་མོའི་ལུས་ལྟ་བུ་ལ་ནི་འདོད་ཆགས་ལ་སོགས་པ་ཉོན་མོངས་པ་དམིགས་པར་མི་འགྱུར་གྱི། ཡུལ་གྱི་བཟང་མོའི་ལུས་ལྟ་བུ་གཞི་ཡོད་པ་ལ་ནི་འདོད་ཆགས་ལ་སོགས་ཉོན་མོངས་པ་
དམིགས་པར་འགྱུར་བ་དེའི་ཕྱིར་གཞན་གྱི་དབང་གི་ངོ་བོ་ཉིད་ཡོད་པ་ཡིན་པ་ཉིད་དུ་འདོད་དོ་ཞེས་ཟེར་རོ། །རྣལ་འབྱོར་སྤྱོད་པ་པ་དག་གཞན་གྱི་དབང་གི་ངོ་བོ་ཉིད་ཅེས་བྱ་བ་ཆོས་རྣམས་ཀྱི་རྟེན་ཅིང་འབྲེལ་པར་འབྱུང་བའི་ངོ་བོ་ཉིད་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བའི་གཞི་གང་
ཡིན་པ་ཡོད་པར་འདོད་པའི་ཚུལ་དེ་སྐད་ཟེར་བ་དེ་ལ་འདིར་དབུ་མ་པས་བཤད་པ། འདི་ལ་ཡང་གལ་ཏེ་གཞན་གྱི་དབང་གི་ངོ་བོ་ཉིད་ཐ་སྙད་ཀྱི་བདེན་པར་གཏོགས་པར་འདོད་ན་ནི་དེ་འདོད་ལ་རག་སྟེ། དེ་སྟོན་པ་དོན་མེད་དོ་ཞེས་བྱ་བ་སྨྲས་ཏེ། འདིས་ནི་གལ་ཏེ་རྣལ་འབྱོར་སྤྱོད་པ་པ་དག་
གཞན་གྱི་དབང་གི་ངོ་བོ་ཉིད་ཅེས་བྱ་བ་ཕྱི་དང་ནང་གི་དངོས་པོ་ཐོག་མ་དང་ཐ་མ་མེད་པའི་རྒྱུ་དང་རྐྱེན་བརྒྱུད་པ་གཞན་གྱི་དབང་གིས་བསྐྱེད་པའི་རྟེན་ཅིང་འབྲེལ་པར་འབྱུང་བ་ཐ་སྙད་ཀྱི་བདེན་པར་གཏོགས་པ་ཡོད་པར་འདོད་ན་ནི་དེ་འདོད་ལ་རག་སྟེ། དེ་སྟོན་པ་གྲུབ་པ་ལ་སྒྲུབ་པ་ཡིན་པས་དོན་མེད་
དེ། ཅིའི་ཕྱིར་ཞེ་ན། ཁོ་བོ་ཅག་ཀྱང་ཐ་སྙད་དུ་བཅོམ་ལྡན་འདས་ཀྱིས་རྒྱུ་དང་འབྲས་བུ་ལ་སྐུར་པ་འདེབས་པ་རྣམས་ཀྱི་མངོན་པར་ཞེན་པ་སྤང་བའི་ཕྱིར་དང་། མཐོ་རིས་དང་། བྱང་གྲོལ་ཐོབ་པར་བྱ་བའི་ཕྱིར་དངོས་པོ་རྒྱུ་དང་རྐྱེན་ལས་བྱུང་བ་རྣམས་ཡོད་པ་ཉིད་དུ་བཀའ་སྩལ་པ་དེ་འདོད་དེ།
འདི་སྐད་དུ་བཅོམ་ལྡན་འདས་ཀྱིས་རབ་འབྱོར་འདི་དག་ཐམས་ཅད་ནི་འཇིག་རྟེན་གྱི་ཐ་སྙད་དུ་ཡོད་པ་ཡིན་གྱི། དོན་དམ་པར་ནི་ཡོད་པ་མ་ཡིན་ནོ་ཞེས་གསུངས་པས་དེ་གྲུབ་པ་ལ་སྒྲུབ་པའི་སྐྱོན་ཆགས་པ་ཡིན་པས་མི་རུང་ངོ་། །ཇི་སྟེ་དོན་དམ་པར་ན་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་མ་ཡིན་ཏེ། སྐྱེ་བ་

མེད་པའི་རབ་ཏུ་བྱེད་པར་བསྟན་པའི་ཚུལ་གྱིས་སྐྱེ་བ་བཀག་པའི་ཕྱིར་རོ་ཞེས་བྱ་བས་ནི་ཇི་སྟེ་རྣལ་འབྱོར་སྤྱོད་པ་པ་དག་དོན་དམ་པར་གཞན་གྱི་དབང་གི་ངོ་བོ་ཉིད་ཅེས་བྱ་བ་ཆོས་རྣམས་ཀྱི་རྟེན་ཅིང་འབྲེལ་པར་འབྱུང་བའི་ངོ་བོ་ཉིད་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བའི་གཞི་གང་ཡིན་པ་དེ་ཡོད་པར་
འདོད་ན་ནི་དེ་རྟེན་ཅིང་འབྲེལ་པར་འབྱུང་བ་མ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། སྔར་རྐྱེན་བརྟགས་པའི་རབ་ཏུ་བྱེད་པའི་སྐབས་སུ། །བདག་ལས་མ་ཡིན་གཞན་ལས་མིན། །གཉིས་ལས་མ་ཡིན་རྒྱུ་མེད་མིན། །དངོས་པོ་གང་དག་གང་ན་ཡང་། །སྐྱེས་པ་ནམ་ཡང་ཡོད་མ་ཡིན། །ཞེས་བསྟན་པའི་
ཚུལ་གྱིས་དོན་དམ་པར་སྐྱེ་བ་བཀག་པའི་ཕྱིར་རོ། །བཏགས་པ་རྒྱུ་མཚན་བཅས་ཕྱིར་དང་། །ཞེས་བྱ་བ་དེ་ཡང་ཕྱོགས་ཀྱི་ཆོས་མ་ཡིན་པའི་ཕྱིར་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་དོ་ཞེས་བྱ་བས་ནི་རྣལ་འབྱོར་སྤྱོད་པ་པ་དག་གཞན་གྱི་དབང་གི་ངོ་བོ་ཉིད་ཡོད་པའི་གཏན་ཚིགས་སུ་བཏགས་པ་
རྒྱུ་མཚན་དང་བཅས་པའི་ཕྱིར་ཞེས་བརྗོད་པ་དེ་གཞན་གྱི་དབང་གི་ངོ་བོ་ཉིད་ཡོད་པར་དམ་བཅས་པའི་ཕྱོགས་ཀྱི་ཆོས་མ་ཡིན་པའི་ཕྱིར་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་དོ་ཞེས་སྟོན་ཏེ། འདིར་བཏགས་པ་རྒྱུ་མཚན་དང་བཅས་པ་གཞན་གྱི་དབང་གི་ངོ་བོ་ཉིད་ལ་ཅི་ཕན་ཏེ། གཞི་ཐ་དད་པའི་ཕྱིར་
གཏན་ཚིགས་སུ་མི་རུང་བས་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་དོ། །ཇི་སྟེ་བཏགས་པ་རྒྱུ་མཚན་དང་བཅས་པ་ཉིད་ནི་གཞན་གྱི་དབང་གི་ངོ་བོ་ཉིད་དོན་དམ་པར་ཡོད་པའི་སྒྲུབ་པའི་ཆོས་གཏན་ཚིགས་ཡིན་པས་བཏགས་པ་རྒྱུ་མཚན་དང་བཅས་པའི་ཕྱིར་གཞན་གྱི་དབང་གི་ངོ་བོ་ཉིད་དོན་དམ་པར་
ཡོད་དོ་ཞེ་ན་ཡང་། དེ་ལྟ་ན་ཡང་དོན་དམ་པར་གཞན་གྱི་དབང་གི་ངོ་བོ་ཉིད་ཡོད་པར་མ་གྲུབ་པས་གཏན་ཚིགས་ཀྱི་གཞི་མ་གྲུབ་པའི་ཕྱིར་དེ་ཡང་མི་རུང་ངོ་། །ཇི་སྟེ་ཡང་། བཏགས་པ་རྒྱུ་མཚན་བཅས་ཕྱིར་དང་། །ཞེས་བྱ་བ་འདིར་ཆོས་མཐུན་པའི་དཔེའི་ཚིག་ཡིན་པས་དེའི་ཕྱིར་རྗེས་སུ་
དཔག་པ་ནི་དོན་དམ་པར་གཟུགས་ཞེས་བཏགས་པ་གང་ཡིན་པ་དེ་ནི་རྒྱུ་མཚན་དང་བཅས་པ་ཉིད་ཡིན་ཏེ། བཏགས་པའི་ཕྱིར་རོ་ཞེས་རྗོད་པར་བྱེད་ན་ཡང་ཞེས་བྱ་བས་ནི་ཇི་ལྟར་རྣལ་འབྱོར་སྤྱོད་པ་པ་དག་འདི་སྐད་ཅེས་བཏགས་པ་རྒྱུ་མཚན་དང་བཅས་པའི་ཕྱིར་ཞེས་བྱ་བ་འདི་གཞན་གྱི་དབང་གི་ངོ་

བོ་ཉིད་ཡོད་པའི་གཏན་ཚིགས་ཀྱི་ཚིག་མ་ཡིན་གྱི། ཆོས་མཐུན་པའི་ཕྱོགས་ཀྱི་དཔེའི་ཚིག་ཡིན་པས་དེའི་ཕྱིར་རྗེས་སུ་དཔག་པ་ནི་དོན་དམ་པར་གཟུགས་ཞེས་བཏགས་པ་གང་ཡིན་པ་དེ་ནི་བ་རྒྱུ་མཚན་དང་བཅས་པ་ཉིད་ཡིན་ཏེ། བཏགས་པའི་ཕྱིར་དཔེར་ན་ཆེ་གེ་མོ་ཞིག་བཞིན་
ནོ། །དེ་བཞིན་དུ་དོན་དམ་པར་གཞན་གྱི་དབང་གི་ངོ་བོ་ཉིད་གང་ཡིན་པ་དེ་ཡང་ཡོད་པ་ཡིན་ཏེ། བཏགས་པའི་ཕྱིར་དཔེར་ན། གཟུགས་ཞེས་བཏགས་པ་བཞིན་ནོ་ཞེས་བྱ་བར་རྗེས་སུ་དཔག་པ་རྗོད་པར་བྱེད་པའི་ཚིག་བསྟན་ཏོ། །དེ་མི་འཐད་པར་བསྟན་པའི་ཕྱིར་འདིར་འགྲེལ་པ་བྱེད་པ་ཉིད་
ཀྱིས། དཔེར་ན་འདི་ལྟ་བུའོ་ཞེས་བྱ་བའི་རྗེས་སུ་འགྲོ་བ་མེད་པས་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་དོ། །གཏན་ཚིགས་ཀྱི་དོན་འགལ་བ་ཉིད་ཀྱང་ཡིན་ཏེ། གཏན་ཚིགས་སྤྱིར་བརྗོད་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། འདིས་ནི་རྣལ་འབྱོར་སྤྱོད་པ་པ་དག་གིས་བཏགས་པ་རྒྱུ་མཚན་དང་བཅས་པའི་
ཕྱིར་ཞེས་བྱ་བ་དེ་བཞིན་གྱི་དབང་གི་ངོ་བོ་ཉིད་ཡོད་པའི་ཆོས་མཐུན་པའི་དཔེའི་ཚིག་ཏུ་བྱས་ཏེ། དོན་དམ་པར་གཟུགས་ཞེས་བཏགས་པ་གང་ཡིན་པ་དེ་ནི་རྒྱུ་མཚན་དང་བཅས་པ་ཉིད་ཡིན་ཏེ། བཏགས་པའི་ཕྱིར་དཔེར་ན་ཆེ་གེ་མོ་ཞིག་བཞིན་ནོ་ཞེས་རྗེས་སུ་དཔག་པ་སྦྱོར་བར་བྱེད་པའི་དཔེ་ཆེ་གེ་མོ་ཞིག་
བཞིན་ནོ་ཞེས་བྱ་བ་དེ་དཔེར་ན་འདི་ལྟ་བུའོ་ཞེས་ངེས་པར་གཟུང་དུ་མེད་པས་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་དེ། འདི་ལྟར་བཏགས་པ་ཐམས་ཅད་ཕྱོགས་སུ་བྱས་པ་དེ་ལས་གཞན་པའི་དཔེ་ངེས་པར་གཟུང་དུ་རུང་བ་མེད་པས་དཔེ་མེད་པའི་ཕྱིར་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་དང་། གལ་ཏེ་ཀུན་
རྫོབ་ཏུ་བཏགས་པའི་ཕྱིར་ཞེས་གཏན་ཚིགས་སྤྱིར་བརྗོད་ན་ནི་དོན་འགལ་བ་ཉིད་ཀྱང་ཡིན་པས་མི་རུང་ངོ་ཞེས་བསྟན་ཏོ།། །།བམ་པོ་བདུན་ཅུ་བདུན་པ། གང་དོན་དམ་པར་མིང་དང་གཟུགས་སྐྱེ་བ་མེད་དོ་ཞེས་དམ་བཅས་པ་དེ་ལ་དམ་བཅས་པའི་སྐྱོན་འདོགས་པར་བྱེད་པ་དེ་དག་
གལ་ཏེ་རྗེས་སུ་དཔག་པས་གནོད་པར་སྨྲ་ན་ཞེས་བྱ་བས་ནི་རྣལ་འབྱོར་སྤྱོད་པ་པ་གང་དག་དབུ་མ་པས་དོན་དམ་པར་མིང་དང་གཟུགས་སྐྱེ་བ་མེད་དོ་ཞེས་དམ་བཅས་པ་དེ་ལ་དམ་བཅས་པའི་སྐྱོན་དུ་འདོགས་པར་བྱེད་པ་དེ་དག་གལ་ཏེ་འདི་སྐད་ཅེས་དོན་དམ་པར་མིང་དང་གཟུགས་ཡོད་པ་ཡིན་ཏེ་

ཞེས་བྱ་བ་ཕྱོགས་སུ་བྱས་ཏེ། རྗེས་སུ་དཔག་པས་དབུ་མ་པ་ལ་གནོད་པ་སྨྲ་བའི་ཕྱོགས་བསྟན་ཏོ། །དེ་དག་གི་རྗེས་སུ་དཔག་པའི་ཕྱོགས་དེས་དབུ་མ་པ་ལ་གནོད་པ་མེད་པར་བསྟན་པའི་ཕྱིར་འདིར་འགྲེལ་པ་བྱེད་པས། དེ་ཉིད་ཀྱི་ཕྱིར་དེ་ལ་རྗེས་སུ་དཔག་པས་གནོད་པ་མེད་དོ་ཞེས་
བྱ་བ་སྨྲས་ཏེ། རྣལ་འབྱོར་སྤྱོད་པ་པ་དག་གིས་དམ་བཅས་པའི་ཕྱོགས་དེ་ལ་གཏན་ཚིགས་དང་དཔེ་མེད་པ་ཉིད་ཀྱི་ཕྱིར་དབུ་མ་པའི་དམ་བཅས་པ་དེ་ལ་རྗེས་སུ་དཔག་པས་གནོད་པ་མེད་དེ། རྣལ་འབྱོར་སྤྱོད་པ་པ་དག་གི་རྗེས་སུ་དཔག་པ་དོན་དམ་པར་མིང་དང་གཟུགས་ཡོད་པ་ཡིན་ཏེ་
ཞེས་དམ་བཅས་པ་དེ་ལ་གཏན་ཚིགས་དང་དཔེ་མེད་པའི་ཕྱིར་རོ། །ཇི་སྟེ་གྲགས་པས་གནོད་དོ་ཞེ་ན། དེ་ནི་དང་པོ་ཉིད་དུ་ལེན་བཏབ་ཟིན་ཏོ་ཞེས་བྱ་བས་ནི་ཇི་སྟེ་རྣལ་འབྱོར་སྤྱོད་པ་པ་དག་ན་རེ་དབུ་མ་པས་དོན་དམ་པར་མིང་དང་གཟུགས་སྐྱེ་བ་མེད་དོ་ཞེས་དམ་བཅས་པ་དེ་ལ་འཇིག་རྟེན་ལ་གྲགས་
པས་གནོད་དོ་ཞེས་ཟེར་ན། དེ་ནི་ཀུན་རྫོབ་ཏུ་མ་བཀག་པས་གྲགས་པས་གནོད་པ་མེད་དོ་ཞེས་སྔར་ལན་བཏབ་ཟིན་ཏོ་ཞེས་བསྟན་ཏོ། །ཇི་སྟེ་མངོན་སུམ་གྱིས་གནོད་དོ་ཞེ་ན། དེ་ཡང་འདིར་སྐབས་མེད་དོ་ཞེས་བྱ་བས་ནི་ཇི་སྟེ་རྣལ་འབྱོར་སྤྱོད་པ་པ་དག་ན་རེ་དབུ་མ་པས་དོན་དམ་པར་མིང་དང་
གཟུགས་སྐྱེ་བ་མེད་དོ་ཞེས་རྣམ་བཅས་པ་དེ་ལ་མངོན་སུམ་གྱིས་གནོད་དོ་ཞེས་ཟེར་ན་དེ་ཡང་འདིར་སྐབས་མེད་དེ། འདི་ལྟར་ཁོ་བོས་དོན་དམ་པར་མངོན་སུམ་གྱིས་གཟུང་བའི་ཡུལ་ཡོད་པར་ཁས་མ་བླངས་པའི་ཕྱིར་རོ། །དོན་དམ་པ་ནི་གཉིས་སུ་མེད་པའི་ཕྱིར་ཅི་ཞིག་གང་གིས་ཀུན་ནས་ཉོན་མོངས་
པ་དང་། རྣམ་པར་བྱང་བར་འགྱུར་ཞེས་བྱ་བས་ནི་རྣལ་འབྱོར་སྤྱོད་པ་པ་དག་ན་རེ་གཞན་གྱི་དབང་གི་ངོ་བོ་ཉིད་ནི་ཆོས་རྣམས་ཀྱི་རྟེན་ཅིང་འབྲེལ་པར་འབྱུང་བའི་ངོ་བོ་ཉིད་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བའི་གཞི་གང་ཡིན་པ་སྟེ་ཞེས་ཟེར་བ་དེ་ཡང་འདིར་དོན་དམ་པ་ནི་གཉིས་སུ་མེད་པའི་
ཕྱིར། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བར་འགྱུར་བ་མེད་པས་དེ་གཉིས་ཀྱི་གཞི་གཞན་གྱི་དབང་གི་ངོ་བོ་ཉིད་ཀྱང་ཡོད་པ་མ་ཡིན་ནོ་ཞེས་བསྟན་ཏེ། འདི་ལྟར་དབྱེ་བ་ཡོད་ན་ནི་ཀུན་ནས་ཉོན་མོངས་པ་དང་། ཀུན་ནས་ཉོན་མོངས་པར་བྱང་བ་ཡང་ཡོད་པར་འགྱུར་བ་ཞིག་ན། དོན་དམ་པར་ཆོས་

ཐམས་ཅད་མ་སྐྱེས་པའི་ཕྱིར་དབྱེ་བ་མེད་པས་ཀུན་ནས་ཉོན་མོངས་པ་དང་། ཀུན་ནས་ཉོན་མོངས་པར་བྱ་བ་མེད་དོ། །གཞན་ཡང་ཀུན་རྫོབ་ཏུ་ཡང་སེམས་ལས་གཞན་པའི་དངོས་པོ་མེད་ན་ཉོན་མོངས་པ་ཡང་མེད་ལ། དེ་མེད་པས་ཇི་ཞིག་གང་གིས་ཀུན་ནས་ཉོན་མོངས་པར་
འགྱུར་ཏེ། བསྒོམ་པར་བྱ་བ་དང་སྒོམ་པར་བྱེད་པའི་དངོས་པོ་ནི་དོན་གཞན་དུ་གྱུར་པ་ལས་འགྱུར་ཏེ། དཔེར་ན་དོན་གཞན་དུ་གྱུར་པའི་མེ་ཏོག་དག་གི་དྲིས་ཏིལ་མར་དང་སྐྲ་ལ་སོགས་པ་དག་ལ་དྲི་བསྒོ་བར་འགྱུར་བ་ལྟ་བུ་ཡིན་གྱི། དེ་ཉིད་ཀྱིས་དེ་ཉིད་ལ་བསྒོ་བར་མི་བྱེད་པས་དེའི་ཕྱིར་ཉོན་མོངས་
པ་ཅན་ཡང་མེད་ན། ཇི་ལྟར་རྣམ་པར་བྱང་བར་འགྱུར་ཞེས་བསྟན་ཏོ། །འདིར་གལ་ཏེ་རྣལ་འབྱོར་སྤྱོད་པ་པ་དག་ན་རེ་དབུ་མ་པ་དོན་དམ་པར་སྐྱེ་བ་མེད་པར་སྨྲ་བ་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་ཡང་མི་འདོད་ན། དེའི་ཕྱིར་ཁས་བླངས་པ་ལ་གནོད་པ་དང་། གྲགས་པས་
གནོད་པར་འགྱུར་རོ་ཞེས་ཟེར་བའི་ཕྱོགས་སྔ་མ་ཁོང་ནས་དབྱུང་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས། དོན་དམ་པར་སྐྱེ་བ་མེད་པར་སྨྲ་བ་ནི་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་ལ་སྐུར་པ་འདེབས་པ་མ་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། ཁོ་བོས་དོན་དམ་པར་ཀུན་ནས་ཉོན་མོངས་པ་
དང་། རྣམ་པར་བྱང་བ་དགག་པ་བྱས་ཀྱི། ཀུན་རྫོབ་ཏུ་མ་བྱས་པས་དེའི་ཕྱིར་ལུང་དང་འགལ་བ་ཡང་མེད་ལ་འཇིག་རྟེན་དང་འགལ་བ་ཡང་མེད་དོ། །སྐུར་པ་འདེབས་པ་མ་ཡིན་ཏེ། འདི་ལྟར་མདོ་སྡེ་ལས། ཐོག་མ་མེད་པའི་དུས་ལྡན་ཁམས། །ས་བོན་ཀུན་གྱི་གནས་ཡིན་ཏེ། །དེ་ཡོད་པས་ན་
འགྲོ་ཀུན་དང་། །མྱ་ངན་འདས་པ་འཐོབ་པར་འགྱུར། །ཞེས་གསུངས་པས་དེ་ནི་གཞན་གྱི་དབང་ཡིན་པར་འདོད་དེ་ཡང་དག་ན་ནི་ཆོས་ཀྱི་དབྱིངས་ཞེས་བྱ་ལ། མ་དག་ན་ནི་ཉོན་མོངས་པ་ཅན་ཞེས་བྱའོ་ཞེ་ན་ཞེས་བྱ་བ་ནི་རྣལ་འབྱོར་སྤྱོད་པ་པ་དག་ན་རེ་དབུ་མ་པ་དོན་དམ་པར་སྐྱེ་བ་མེད་པར་སྨྲ་བ་ནི། ཀུན་ནས་
ཉོན་མོངས་པ་དང་། རྣམ་པར་བྱང་བ་ལ་སྐུར་པ་འདེབས་པ་མ་ཡིན་པ་མ་ཡིན་ཏེ། འདི་ལྟར་མདོ་སྡེ་ལས་ཐོག་མ་མེད་པའི་དུས་དང་ལྡན་པའི་ཁམས་ས་བོན་ཀུན་གྱི་གནས་ཡིན་པ་དེ་ཡོད་པས་ན་འགྲོ་བ་ཀུན་དུ། ཀུན་ནས་ཉོན་མོངས་པར་ཡང་འགྱུར་ལ། མྱ་ངན་ལས་འདས་པ་ཡང་འཐོབ་ཅིང་རྣམ་པར་

བྱང་བར་ཡང་འགྱུར་རོ་ཞེས་གསུངས་པས་དེ་ནི་གཞན་གྱི་དབང་ཡིན་པར་འདོད་ན། དབུ་མ་པས་དེ་མེད་པར་བགག་པས་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བར་སྐུར་པ་འདེབས་པ་ཡིན་ནོ་ཞེས་ཟེར་བའི་ཚིག་ཡིན་ནོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས། མདོ་སྡེ་ལས་དེ་
སྐད་གསུངས་པ་ནི་ཐ་སྙད་ཀྱི་བདེན་པའི་ལུགས་གསལ་བར་བྱ་བའི་ཕྱིར་ཏེ་ཞེས་བྱ་བ་སྨྲས་ཏེ། མདོ་སྡེ་ལས་དེ་སྐད་གསུངས་པ་ནི་བདེན་མོད་ཀྱི། དེའི་དོན་ནི་དོན་དམ་པར་བཅོམ་ལྡན་འདས་ཀྱིས་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བའི་གཞི་གཞན་གྱི་དབང་གི་ངོ་བོ་ཉིད་ཡོད་པར་གསུངས་པ་མ་
ཡིན་གྱི། ཀུན་རྫོབ་ཏུ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དོན་དང་འབྲས་བུར་འབྲེལ་པར་གདགས་པས་ཐ་སྙད་ཀྱི་བདེན་པའི་ལུགས་ལས་འདིའི་འབྲས་བུ་འདིའོ་ཞེས་རྣམ་པར་གཞག་པ་གསལ་བར་བྱ་བའི་ཕྱིར་བཅོམ་ལྡན་འདས་ཀྱིས་མདོ་སྡེ་ལས་དེ་སྐད་བཀའ་སྩལ་ཏོ་ཞེས་བྱ་བར་སྦྱར་རོ། །དེ་
ཉིད་བྱེ་བྲག་ཏུ་བཤད་པ་བསྟན་པའི་ཕྱིར། ཐོག་མ་མེད་པའི་དུས་ལྡན་ཞེས་བྱ་བ་ནི་རྣམ་པར་ཤེས་པ་ཐོག་མ་མེད་པའི་དུས་ནས་ཞུགས་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། འདི་ན་སེམས་དང་ཡིད་དང་། རྣམ་པར་ཤེས་པ་ཞེས་བྱ་བ་གང་ཡིན་པ་ཐོག་མ་མེད་པའི་དུས་ནས་ཞུགས་པའི་ཕྱིར་དེ་ནི་ཐོག་མ་མེད་པའི་
དུས་དང་ལྡན་པ་ཞེས་བྱའོ། །ཁམས་ཞེས་བྱ་བ་ནི་འཕགས་པའི་ཆོས་ཀྱི་རྒྱུ་ཡིན་པའི་ཕྱིར་ཏེ། གསེར་དང་དངུལ་གྱི་ཁམས་བཞིན་ནོ་ཞེས་བྱ་བ་ནི་རྒྱུན་དུ་ཞུགས་པ་ལ་སོགས་པའི་འབྲས་བུ་དག་གི་རྒྱུ་ཡིན་པའི་ཕྱིར་ཁམས་ཏེ། ཁམས་ཀྱི་དོན་ནི་འབྱུང་ཁུངས་ཀྱི་དོན་ཏེ། དེ་ལས་སྐྱེ་བའི་ཕྱིར་རོ། །
ས་བོན་ཀུན་གྱི་གནས་ཡིན་ཏེ། །ཞེས་བྱ་བ་ནི་ཁམས་གསུམ་པར་གཏོགས་པ་དང་མ་གཏོགས་པ་དང་། དགེ་བ་དང་། མི་དགེ་བའི་བག་ཆགས་ཀྱི་ས་བོན་གྱི་གནས་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི་ཁམས་དེ་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་དང་། དགེ་བ་དང་མི་དགེ་བའི་བག་ཆགས་ཀྱི་ས་བོན་
ཐམས་ཅད་ཀྱི་གནས་ཡིན་པའི་ཕྱིར་རོ། །དེ་ཡོད་པས་ན་འགྲོ་ཀུན་དང་། །ཞེས་བྱ་བ་ནི་དེའི་དབང་གིས་འགྲོ་བ་ཐོབ་པར་བྱེད་པའི་ཆོས་མངོན་པར་འདུ་བྱེད་པ་ནའོ་ཞེས་བྱ་བ་ནི་རྣམ་པར་ཤེས་པ་དེའི་དབང་གིས་འགྲོ་བ་རྒྱུད་ལྔ་འཐོབ་པར་བྱེད་པའི་ཆོས་མངོན་པར་འདུ་བྱེད་པ་ན་འགྲོ་བ་ཐམས་

ཅད་དུ་ཀུན་ནས་ཉོན་མོངས་པར་འགྱུར་བའོ། །མྱ་ངན་ལས་འདས་པ་འཐོབ་པར་འགྱུར་ཞེས་བྱ་བ་ནི་ཐོས་པ་དང་། བསམས་པ་དང་བསྒོམས་པ་ལས་བྱུང་བ་སྐྱེ་བ་མེད་པ་ཤེས་པ་ཉིད་ཀྱིས་མི་སྐྱེ་བའི་ཆོས་ཅན་མྱ་ངན་ལས་འདས་པ་ཐོབ་པའི་ཕྱིར་རོ་ཞེས་བྱ་བ་ནི་རྣམ་པར་
ཤེས་པ་དེ་ལ་བརྟེན་ནས་ཤེས་རབ་རྣམ་པ་གསུམ་ལས་བྱུང་བ་སྐྱེ་བ་མེད་པ་ཉིད་ཤེས་པ་ཉིད་ཀྱིས་མི་སྐྱེ་བའི་ཆོས་ཅན་མྱ་ངན་ལས་འདས་པ་འཐོབ་པའི་ཕྱིར་རྣམ་པར་བྱང་བར་འགྱུར་བའོ། །དེ་ལྟར། ཚིགས་སུ་བཅད་པའི་དོན་ཁས་བླངས་པའི་ཕྱིར་དབུ་མ་པ་དོན་དམ་པར་སྐྱེ་བ་མེད་པར་སྨྲ་བ་ཀུན་
རྫོབ་ཏུ་རྟེན་ཅིང་འབྲེལ་པར་འབྱུང་བ་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བའི་ཆོས་ཅན་ལ་སྐུར་པ་འདེབས་པ་མ་ཡིན་ནོ། །ཚིགས་སུ་བཅད་པའི་དོན་གཞན་ཡིན་པར་ནི་ཚད་མ་དག་གིས་བསྟན་དཀའ་བའི་ཕྱིར་དེས་ནི་ལན་མི་ཐེབས་སོ་ཞེས་བྱ་བས་ནི་མདོ་སྡེ་ལས་གསུངས་པའི་
ཚིགས་སུ་བཅད་པ་དེའི་དོན་དབུ་མ་པས་བཤད་པ་དེ་ལས་གཞན་ཡིན་པར་ནི་རྣལ་འབྱོར་སྤྱོད་པ་པས་ཚད་མ་དག་གིས་བསྟན་དཀའ་བའི་ཕྱིར་རྣལ་འབྱོར་སྤྱོད་པ་པ་དག་ན་རེ་ཐོག་མ་མེད་པའི་དུས་དང་ལྡན་པའི་ཁམས་ས་བོན་ཀུན་གྱི་གནས་ཡིན་པ་དེས་ཡོད་པས་ན་འགྲོ་བ་རྣམས་ཀུན་ནས་ཉོན་མོངས་
པར་འགྱུར་བ་དང་། མྱ་ངན་ལས་འདས་པ་འཐོབ་ཅིང་རྣམ་པར་བྱང་བར་འགྱུར་བ་དེ་ནི་གཞན་གྱི་དབང་གི་ངོ་བོ་ཉིད་ཡིན་ནོ་ཞེས་ཟེར་བ་དེས་ནི་དབུ་མ་པས་དོན་དམ་པར་གཞན་གྱི་དབང་གི་ངོ་བོ་ཉིད་ཡོད་པ་མ་ཡིན་ནོ་ཞེས་བཤད་པ་དེའི་ལན་མི་ཐེབས་སོ། །ཇི་སྟེ་ཡང་མདོ་སྡེ་ལས། བརྟགས་པའི་དངོས་
པོ་མེད་པ་ཉིད། །གཞན་གྱི་དབང་ནི་ཡོད་པ་ཡིན། །སྒྲོ་འདོགས་པ་དང་སྐུར་པའི་མཐར། །རྟོག་པར་བྱེད་པ་ཉམས་པར་འགྱུར། །ཞེས་གསུངས་པས་གཞན་གྱི་དབང་ཡོད་པ་ཉིད་དོ་ཞེ་ན་ཞེས་བྱ་བ་ནི་རྣལ་འབྱོར་སྤྱོད་པ་པ་དག་ན་རེ་མདོ་སྡེ་ལས་དེ་སྐད་དུ་ཀུན་བརྟགས་པའི་དངོས་པོ་ནི་མེད་པ་ཉིད་ཡིན་
ལ། །གཞན་གྱི་དབང་གི་དངོས་པོ་ནི་ཡོད་པ་ཉིད་ཡིན་ཏེ། ཀུན་བརྟགས་པའི་དངོས་པོ་མེད་པ་ཉིད་ལ་ཡོད་པར་སྒྲོ་འདོགས་པ་དང་། གཞན་གྱི་དབང་གི་དངོས་པོ་ཡོད་པ་ཉིད་ལ་མེད་པར་སྐུར་པ་འདེབས་པའི་མཐར་རྟོག་པར་བྱེད་པ་ནི་ཉམས་པར་འགྱུར་རོ་ཞེས་གསུངས་པས་ཁྱེད་དབུ་མ་པ་གཞན་གྱི་

དབང་གི་དངོས་པོ་ཡོད་པ་ཉིད་ལ་སྐུར་པ་འདེབས་པའི་མཐར་རྟོག་པར་བྱེད་པ་ནི་ཉམས་པར་འགྱུར་བ་ཡིན་ལ་ཁོ་བོ་ཅག་གི་གཞན་གྱི་དབང་གི་ངོ་བོ་ཉིད་ནི་ཡོད་པ་ཉིད་ཡིན་ནོ་ཞེས་ཟེར་བའི་ཚིག་ཡིན་ནོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས། མདོ་སྡེའི་དོན་ནི་གཞན་གྱི་དབང་ལ་
མིང་ཡོད་པ་མ་ཡིན་པའི་ཕྱིར་དང་། གཞན་གྱི་དབང་ཡང་ཐ་སྙད་དུ་སྒྱུ་མ་དང་། རྨི་ལམ་ལྟ་བུའི་བདག་ཉིད་དུ་ཡོད་པ་ཉིད་གསལ་བར་བྱེད་པ་ཡིན་ཏེ་ཞེས་བྱ་བ་སྨྲས་ཏེ། མདོ་སྡེ་ལས། བརྟགས་པའི་དངོས་པོ་མེད་པ་ཉིད། །ཅེས་གསུངས་པའི་དོན་ནི་གཞན་གྱི་དབང་ལ་ཀུན་བརྟགས་པའི་མིང་
ཡོད་པ་མ་ཡིན་པ་ཡིན་ནོ། །གཞན་གྱི་དབང་ནི་ཡོད་པ་མ་ཡིན་ཞེས་གསུངས་པའི་དོན་ནི་གཞན་གྱི་དབང་གི་ངོ་བོ་ཉིད་ཀྱང་དོན་དམ་པར་ཡོད་པ་མ་ཡིན་གྱི། ཐ་སྙད་དུ་སྒྱུ་མ་དང་རྨི་ལམ་ལྟ་བུའི་བདག་ཉིད་དུ་ཡོད་པ་ཉིད་གསལ་བར་བྱེད་པ་ཡིན་པས་ཁོ་བོ་ཅག་གིས་སྒྲོ་འདོགས་པ་དང་། སྐུར་པ་འདེབས་
པའི་མཐར་རྟོག་པ་མ་ཡིན་ནོ། །དེ་ཉིད་ཀྱི་ཁུངས་བསྟན་པའི་ཕྱིར། གཞན་ལས་ཀྱང་ཇི་སྐད་དུ། མིང་ནི་གང་དང་གང་དག་གིས། །ཆོས་རྣམས་གང་དང་གང་བརྗོད་པ། །དེ་ལ་དེ་ནི་ཡོད་མིན་པ། །དེ་ནི་ཆོས་རྣམས་ཆོས་ཉིད་དོ། །ཞེས་བྱ་བ་དང་ཞེས་སྨྲས་ཏེ། འཕགས་པ་སྲིད་པ་འཕོ་བའི་
མདོ་ལས། ཀུན་བརྟགས་པའི་མིང་གང་དང་གང་དག་གིས་གཞན་གྱི་དབང་གི་ཆོས་གང་དང་གང་དག་བརྗོད་པའི་ཆོས་དེ་ལ་མིང་དེ་ཡོད་པ་མ་ཡིན་པ་དེ་ནི་ཆོས་རྣམས་ཀྱི་ཆོས་ཉིད་ཡིན་ནོ་ཞེས་གསུངས་ཏེ། དེས་ནི། བརྟགས་པའི་དངོས་པོ་མེད་པ་ཉིད། །ཅེས་གསུངས་པས་གཞན་གྱི་དབང་ལ་མིང་ཡོད་པ་མ་
ཡིན་པར་བཤད་པའི་ཁུངས་གཞན་བསྟན་ཏོ། །དེ་བཞིན་དུ། བསྐྱེད་བྱ་མེད་ཅིང་སྐྱེས་པ་མེད། །རྐྱེན་རྣམས་དག་ནི་གང་དག་ཀྱང་། །འགའ་ཡང་གང་ནའང་ཡོད་མ་ཡིན། །ཐ་སྙད་དུ་ནི་བརྗོད་པར་བྱ། །ཞེས་བྱ་བ་དང་ཞེས་བྱ་བས་ནི་འཕགས་པ་ལང་ཀར་གཤེགས་པའི་མདོ་ལས། གཞན་གྱི་དབང་
གི་ངོ་བོ་ཉིད་ཅེས་བྱ་བ་རྐྱེན་གཞན་གྱིས་ད་ལྟར་དང་མ་འོངས་པའི་དུས་སུ་བསྐྱེད་པར་བྱ་བ་དང་། འདས་པའི་དུས་སུ་བསྐྱེད་ཟིན་པ་ཡང་མེད་ལ། རྐྱེན་རྣམས་ཀྱང་འགའ་ཡང་གནས་སྐབས་གང་ན་ཡང་ཡོད་པ་མ་ཡིན་ནོ་ཞེས་གསུངས་པས་གཞན་གྱི་དབང་གི་ངོ་བོ་ཉིད་ཅེས་བྱ་བ་དོན་དམ་པར་ནི་

ཡོད་པ་མ་ཡིན་ལ། ཐ་སྙད་དུ་ནི་ཡོད་པར་བརྗོད་པར་བྱའོ་ཞེས་བསྟན་ཏེ། དེས་ནི་གཞན་གྱི་དབང་ནི་ཡོད་པ་ཡིན། །ཞེས་གསུངས་པས་གཞན་གྱི་དབང་ཡང་དོན་དམ་པར་ཡོད་པ་མ་ཡིན་གྱི་ཐ་སྙད་དུ་སྒྱུ་མ་དང་། རྨི་ལམ་ལྟ་བུའི་བདག་ཉིད་དུ་ཡོད་པ་ཉིད་དུ་བཤད་པའི་ཁུངས་
གཞན་བསྟན་ཏོ། །ད་ནི། སྒྲོ་འདོགས་པ་དང་སྐུར་པའི་མཐའ། །རྟོག་པར་བྱེད་པ་ཉམས་པར་འགྱུར། །ཞེས་བྱ་བའི་སྐྱོན་དབུ་མ་པ་ལ་མེད་པའི་ཁུངས་གཞན་བསྟན་པའི་ཕྱིར། དེ་བཞིན་དུ། གང་ལ་ཅུང་ཟད་སྐྱེ་མེད་ཅིང་། །འགག་པའང་ཅུང་ཟད་ཡོད་མིན་པ། །འགྲོ་བ་དབེན་མཐོང་དེ་
ལ་ནི། །ཡོད་པ་ཉིད་དང་མེད་ཉིད་མེད། །ཅེས་བྱ་བ་ལ་སོགས་པ་གསུངས་པ་ལྟ་བུའོ་ཞེས་བྱ་བ་སྨྲས་ཏེ། འཕགས་པ་ལང་ཀར་གཤེགས་པའི་མདོ་ལས་དེ་སྐད་གསུངས་ཏེ། དེའི་དོན་ནི་སྐྱེ་བ་ཡོད་ན་སྒྲོ་འདོགས་པར་འགྱུར་ལ་འགག་པ་ཡོད་ན་སྐུར་པ་འདེབས་པར་འགྱུར་གྱི། རྣལ་འབྱོར་
པ་གང་ལ་ཅུང་ཟད་སྐྱེ་བ་ཡང་མེད་ཅིང་འགག་པ་ཡང་ཅུང་ཟད་ཡོད་པ་མ་ཡིན་པ་འགྲོ་བ་མཐའ་གཉིས་དབེན་པར་མཐོང་བ་དེ་ལ་ནི་ཡོད་པ་ཉིད་ཀྱང་མེད་ལ་མེད་པ་ཉིད་ཀྱང་མེད་པར་སྒྲོ་འདོགས་པ་དང་། སྐུར་པ་འདེབས་པའི་མཐར་རྟོག་པར་མི་བྱེད་པའི་ཕྱིར་ཉམས་པར་མི་འགྱུར་རོ་ཞེས་བསྟན་པ་ཡིན་ནོ། །དེ་ལྟར་ན་
རྣལ་འབྱོར་སྤྱོད་པ་པ་དག་གིས་གཞན་གྱི་དབང་གི་ངོ་བོ་ཉིད་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བའི་གཞིར་གྱུར་པ། དོན་དམ་པར་ཡོད་པར་བརྟགས་པ་དེ་མི་འཐད་ཅིང་། དབུ་མ་པ་དོན་དམ་པར་སྐྱེ་བ་མེད་པར་སྨྲ་བ་ནི་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་ལ་སྐུར་པ་
འདེབས་པ་མ་ཡིན་ནོ། །ཁྱེད་ཅག་ཆོས་ཀྱི་ཁམས་ཇི་ལྟར་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བར་འགྱུར་བར་སྟོན་ཅེས་པ་ནི་ཡང་གཞན་ཡང་དབུ་མ་པས་རྣལ་འབྱོར་སྤྱོད་པ་པ་དག་གཞན་གྱི་དབང་གི་ངོ་བོ་ཉིད་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བའི་གཞིར་འགྱུར་བར་
འདོད་པ་དེ་ཇི་ལྟར་དེ་ལྟར་འགྱུར་བར་སྟོན་ཅེས་དྲི་བར་བྱ་བ་ཡིན་ནོ། །དེའི་ལན་དུ་རྣལ་འབྱོར་སྤྱོད་པ་པ་དག་འདི་སྐད་ཅེས། ཆོས་ཀྱི་ཁམས་ཉོན་མོངས་པ་དང་། ཉོན་མོངས་པ་ཅན་མ་ཡིན་པ་ཉིད་དུ་བརྗོད་པར་བྱ་བ་མ་ཡིན་པ་ལ་ཉོན་མོངས་པའི་དྲི་མ་གློ་བུར་དུ་ཡོད་པའི་ཕྱིར། ཆུ་ཁམས་

གསེར་དང་ནམ་མཁའ་དག །དག་པ་བཞིན་དུ་དག་པར་འདོད། །ཅེས་ཟེར་ཏེ། དཔེར་ན་ཆུའི་ཁམས་རྙོག་པ་ཅན་སྨན་དང་ཕྲད་ན་དག་པར་འགྱུར་བ་དང་། གསེར་དྲི་མ་ཅན་བཞུ་བ་ལ་སོགས་པས་དག་པར་འགྱུར་བ་དང་། ནམ་མཁའ་དུ་བ་དང་། རྡུལ་དང་། ཁུག་རྣ་དང་། ན་བུན་དང་། སྤྲིན་ལ་
སོགས་པ་དྲི་མ་ཅན་དེ་དག་དང་བྲལ་བས་དག་པར་འགྱུར་བ་དེ་བཞིན་དུ་ཆོས་ཀྱི་ཁམས་ཀྱང་རང་བཞིན་གྱིས་རྣམ་པར་དག་པ་གློ་བུར་གྱི་ཉོན་མོངས་པས་ཉོན་མོངས་པ་ཅན་དུ་འགྱུར་ཞིང་དེ་དང་བྲལ་བས་རྣམ་པར་བྱང་བར་འགྱུར་རོ་ཞེས་ཟེར་རོ། །དེ་ཉིད་ཀྱི་རིགས་པ་བསྟན་པའི་ཕྱིར། དེ་ཇི་ལྟར་ཉོན་
མོངས་པ་ཅན་དང་ཉོན་མོངས་པ་ཅན་མ་ཡིན་པ་ཉིད་དུ་བརྗོད་པར་བྱ་བ་མ་ཡིན་ཞེ་ན། གལ་ཏེ་ཉོན་མོངས་དེ་མ་གྱུར། །ལུས་ཅན་ཐམས་ཅད་གྲོལ་བར་འགྱུར། །གལ་ཏེ་རྣམ་དག་དེ་མ་གྱུར། །འབད་པ་འབྲས་བུ་མེད་པར་འགྱུར། །ཞེས་བྱ་བ་སྨྲས་ཏེ། གལ་ཏེ་ཆོས་ཀྱི་ཁམས་དེ་གློ་བུར་
གྱི་ཉོན་མོངས་པ་ཅན་དུ་མ་གྱུར་དུ་ཟིན་ན། ལུས་ཅན་ཐམས་ཅད་གྲོལ་བའི་སྐྱོན་དུ་འགྱུར་ལ། གལ་ཏེ་གློ་བུར་གྱི་ཉོན་མོངས་པ་དང་བྲལ་ཞིང་དག་པར་མི་འགྱུར་དུ་ཟིན་ན། བསྒོམ་པ་ལ་སོགས་པའི་འབད་པ་འབྲས་བུ་མེད་པའི་སྐྱོན་དུ་འགྱུར་བ་དེའི་ཕྱིར་ཆོས་ཀྱི་ཁམས་དེ་ངོ་བོ་ཉིད་ཀྱིས་ནི་
ཉོན་མོངས་པ་ཅན་དང་། ཉོན་མོངས་པ་ཅན་མ་ཡིན་པ་ཉིད་དུ་བརྗོད་པར་བྱ་བ་མ་ཡིན་ལ། གློ་བུར་གྱི་ཉོན་མོངས་པའི་དྲི་མ་ཡོད་པ་དང་། མེད་པའི་དབང་གིས་ནི་ཉོན་མོངས་པ་ཅན་དང་ཉོན་མོངས་པ་ཅན་མ་ཡིན་པར་བརྗོད་པར་བྱའོ། །ཡང་ན། ཉོན་མོངས་མ་ཡིན་མི་མོངས་མིན། །དེ་ནི་དག་མིན་མ་དག་མིན། །
སེམས་ནི་རང་བཞིན་འོད་གསལ་ཕྱིར། །ཉོན་མོངས་གློ་བུར་ཡིན་ཕྱིར་རོ། །ཞེས་བྱ་བས་ནི་གང་གི་ཕྱིར་སེམས་རང་བཞིན་གྱིས་འོད་གསལ་བ་དེའི་ཕྱིར་ཉོན་མོངས་པ་ཅན་མ་ཡིན་ཞིང་དག་པ་ཡིན་ལ། གང་གི་ཕྱིར་ཉོན་མོངས་པ་གློ་བུར་བ་ཡིན་པ་དེའི་ཕྱིར་ཉོན་མོངས་པ་ཅན་མ་ཡིན་པ་མ་ཡིན་ཞིང་
དག་པ་མ་ཡིན་ནོ་ཞེས་བསྟན་ཏོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས། དེ་ནི་རིགས་པ་མ་ཡིན་ཏེ། །བདག་ཏུ་སྨྲ་བ་དག་གིས་ཀྱང་། །གལ་ཏེ་ཉོན་མོངས་བདག་མ་གྱུར། །ལུས་ཅན་ཐམས་ཅད་གྲོལ་བར་འགྱུར། །གལ་ཏེ་རྣམ་དག་བདག་མ་གྱུར། །འབད་

པ་འབྲས་བུ་མེད་པར་འགྱུར། །དེ་ཕྱིར་རེ་ཞིག་བདག་བརྟག་པ་བྱེད་པ་མེད་པ་ཡོད་དེ། འོན་ཀྱང་འཁོར་བ་དང་ཐར་པ་དག་ཀྱང་ཡོད་དོ་ཞེས་དེ་ལྟར་ཕྱིར་ཟློག་པར་བྱེད་ནུས་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། གང་གི་ཕྱིར་དེ་ལྟར་བདག་ཏུ་སྨྲ་བ་དག་གིས་ཀྱང་བདག་བརྟག་པ་བྱེད་པ་
མེད་པ་ཡོད་ཀྱང་འཁོར་བ་དང་། ཐར་པ་དག་ཡོད་པར་སྒྲུབ་ནུས་པ་དེའི་ཕྱིར་རྣལ་འབྱོར་སྤྱོད་པ་བདག་ལ་ཡང་ཆོས་ཀྱི་ཁམས་ཞེས་བྱ་བའི་ཚིག་གི་དོན་བདག་གི་ངོ་བོ་ཉིད་ཡིན་པར་འགྲུ