Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 101

Văn bản gốc(Tây Tạng)

Trang 18 / 23 (50.000 ký tự/trang)
ལས་འདས་པ་ནི་དངོས་པོ་མ་ཡིན་ཏེ། འདུས་
བྱས་མ་ཡིན་པའི་ཕྱིར་དཔེར་ན་ནམ་མཁའི་མེ་ཏོག་བཞིན་ནོ་ཞེས་བྱ་བ་སྨྲས་ཏེ། དེ་དག་ནི་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་ནམ་མཁའི་མེ་ཏོག་ནི་འདུས་བྱས་མ་ཡིན་པའི་ཕྱིར་དངོས་པོ་མ་ཡིན་པ་དེ་བཞིན་དུ་མྱ་

ངན་ལས་འདས་པ་ཡང་འདུས་མ་བྱས་པའི་ཕྱིར་དངོས་པོ་མ་ཡིན་ནོ། །ད་ནི་མྱ་ངན་ལས་འདས་པ་དངོས་པོ་ཡིན་ན་བསྟེན་ནས་གདགས་པར་བྱ་བ་ཡིན་པར་ཐལ་བར་འགྱུར་བས་དངོས་པོ་མ་ཡིན་པར་བསྒྲུབ་པ་བསྟན་པའི་ཕྱིར། ཡང་ན་སྦྱོར་བའི་ལམ་གཞན་ཡང་ཡོད་
དེ། །གལ་ཏེ་མྱ་ངན་འདས་དངོས་ན། །ཇི་ལྟར་མྱང་འདས་དེ་བསྟེན་མིན། །དངོས་པོ་ནི་བསྟེན་ནས་གདགས་པར་བྱ་བ་ཉིད་མེད་ན་མི་འབྱུང་བའི་ཕྱིར་རོ་ཞེས་བྱ་བར་དགོངས་སོ་ཞེས་བྱ་བ་སྨྲས་སོ། །འདིས་ནི་མྱ་ངན་ལས་འདས་པའི་ཆོས་ནི་བསྟེན་ནས་གདགས་པར་བྱ་བ་ཉིད་མ་ཡིན་པ་ཉིད་བསྟན་
ཏོ་ཞེས་བྱ་བ་ནི་ཚིག་ལེའུར་བྱས་པའི་ཕྱེད་གོང་མ་འདིས་ནི་མྱ་ངན་ལས་འདས་པ་དངོས་པོ་མ་ཡིན་པར་བསྒྲུབ་པའི་ཆོས་གཏན་ཚིགས་ནི་བསྟེན་ནས་གདགས་པར་བྱ་བ་ཉིད་མ་ཡིན་པར་བསྟན་ཏོ། །ཅིའི་ཕྱིར་དངོས་པོ་ཡིན་ན་བསྟེན་ནས་གདགས་པར་བྱ་བ་ཉིད་ཡིན་པར་འགྱུར་ཞེ་ན། དེའི་
འཐད་པ་བསྟན་པའི་ཕྱིར། དེ་ཉིད་ཀྱི་ཕྱིར་བཤད་པ། དངོས་པོ་བསྟེན་པ་མ་ཡིན་པ། །འགའ་ཡང་ཡོད་པ་མ་ཡིན་ནོ། །གང་མ་བསྟེན་པར་ཡོད་པའི་དངོས་པོ་ནི་འགའ་ཡང་མེད་དོ་ཞེས་བྱ་བ་སྨྲས་སོ། །འདིས་ནི་ཆོས་མཐུན་པའི་ཕྱོགས་ཀྱི་དཔེ་མ་ཡིན་པ་ཉིད་བསྟན་ཏོ་ཞེས་བྱ་བས་ནི་
ཚིག་ལེའུར་བྱས་པའི་ཕྱེད་འོག་མ་འདིས་ནི་མྱ་ངན་ལས་འདས་པ་དངོས་པོ་མ་ཡིན་པར་བསྒྲུབ་པའི་ཆོས་མཐུན་པའི་ཕྱོགས་ཀྱི་དཔེ་ནི་དངོས་པོ་བསྟེན་ནས་གདགས་པར་བྱ་བ་མ་ཡིན་པ་འགའ་ཡང་མེད་པའི་སྒོ་ནས་རི་བོང་གི་རྭ་ལྟ་བུ་བསྟེན་ནས་གདགས་པར་བྱ་བ་ཉིད་མ་ཡིན་པ་དཔེ་དེ་
ཉིད་དུ་བསྟན་ཏོ། །དེ་ཉིད་ཀྱི་ཚད་མ་བསྟན་པའི་ཕྱིར། དེའི་ཕྱིར་རྗེས་སུ་དཔག་པ་ནི་མྱ་ངན་ལས་འདས་པ་ནི་དངོས་པོ་མ་ཡིན་ཏེ། བསྟེན་ནས་གདགས་པར་བྱ་བ་ཉིད་མ་ཡིན་པའི་ཕྱིར། དཔེར་ན་རི་བོང་གི་རྭ་བཞིན་ནོ་ཞེས་བྱ་བ་སྨྲས་ཏེ། དེ་དག་ཀྱང་ཆོས་ཅན་དང་། བསྒྲུབ་
པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་རི་བོང་རྭ་ནི་བསྟེན་ནས་གདགས་པར་བྱ་བ་ཉིད་མ་ཡིན་པའི་ཕྱིར་དངོས་པོ་མ་ཡིན་པ་དེ་བཞིན་དུ་མྱ་ངན་ལས་འདས་པ་ཡང་བསྟེན་ནས་གདགས་པར་བྱ་བ་ཉིད་མ་ཡིན་པའི་ཕྱིར་དངོས་པོ་

ཡང་མ་ཡིན་ནོ། །དེ་ལྟར་རེ་ཞིག་མྱ་ངན་ལས་འདས་པ་དངོས་པོ་ཡིན་པར་འདོད་པ་དག་གི་གཞུང་ཇི་ལྟར་མི་འཐད་པ་དེ་ལྟར་བརྟག་པ་བསྟན་ཏོ། །ད་ནི་མྱ་ངན་ལས་འདས་པ་དངོས་པོ་མེད་པ་ཡིན་པར་འདོད་པ་དག་གི་གཞུང་ཇི་ལྟར་མི་འཐད་པ་དེ་ལྟར་བརྟག་པར་བྱ་སྟེ། དེའི་ཕྱིར། གོས་
དམར་སྡེ་གང་དག་མྱ་ངན་ལས་འདས་པ་མར་མེ་ཤི་བ་བཞིན་ནོ་ཞེས་བྱ་བ་སྨྲ་བ་དང་། མདོ་སྡེ་པ་དག་སྐྱེ་བ་མེད་པ་ཙམ་ལ་མྱ་ངན་ལས་འདས་པར་ཐ་སྙད་འདོགས་པ་དེ་དག་གི་ཕྱིར་བཤད་པ། གལ་ཏེ་མྱ་ངན་འདས་དངོས་མིན། །དངོས་མེད་ཇི་ལྟར་རུང་བར་འགྱུར། །གལ་ཏེ་
མྱ་ངན་ལས་འདས་པ་དངོས་པོ་མེད་པ་ཡིན་ན་དངོས་པོ་མེད་པ་རྫས་སུ་མེད་པའི་རྣམ་གྲངས་ལ་བྱེ་བྲག་ཏུ་སྨྲ་བ་ལ་སོགས་པས་བརྟགས་པ་དོན་དམ་པའི་དགེ་བ་དང་ཉོན་མོངས་པ་ཉེ་བར་ཞི་བའི་མཚན་ཉིད་དག་ཇི་ལྟར་རུང་བར་འགྱུར་ཏེ། དངོས་པོ་མེད་པ་ལ་ནམ་མཁའི་མེ་ཏོག་བཞིན་དུ་དགེ་བ་
ཉིད་ལ་སོགས་པ་དག་མི་འཐད་པའི་ཕྱིར་དང་། མྱ་ངན་ལས་འདས་པ་རྫས་སུ་མེད་པའི་ངོ་བོ་ཉིད་ཡིན་པར་སྟོན་པའི་རྗེས་སུ་དཔག་པ་མེད་པའི་ཕྱིར་མྱ་ངན་ལས་འདས་པ་དངོས་པོ་མེད་པ་མ་ཡིན་ནོ་ཞེས་བྱ་བར་དགོངས་སོ་ཞེས་བྱ་བ་སྨྲས་ཏེ། དེས་ནི་གོས་དམར་སྡེ་དག་གི་གཞུང་ལས།
ཇི་ལྟར་མར་མེ་ཤི་བ་ནི། །ས་ལ་མི་འགྲོ་མཁའ་ལ་མིན། །ཕྱོགས་སུ་མི་འགྲོ་ཕྱོགས་མཚམས་མིན། །མར་ཟད་ཉི་ཚེ་ཤི་འགྱུར་ལྟར། །སངས་རྒྱས་མྱ་ངན་འདས་པ་ཡང་། །ས་ལ་མི་འགྲོ་མཁའ་ལ་མིན། །ཕྱོགས་སུ་མི་འགྲོ་ཕྱོགས་མཚམས་མིན། །སྲེད་ཟད་ཉི་ཚེས་འདའ་བར་
འགྱུར། །ཞེས་སྨྲ་ཞིང་མྱ་ངན་ལས་འདས་པ་མར་མེ་ཤི་བ་བཞིན་དུ་དངོས་པོ་མེད་པ་ཡིན་པར་འདོད་པ་དང་། མདོ་སྡེ་པ་དག་ཉོན་མོངས་པ་དང་། མིང་དང་གཟུགས་སྐྱེ་བ་མེད་པ་ཙམ་ལ་མྱ་ངན་ལས་འདས་པར་ཐ་སྙད་གདགས་ཀྱི་མྱ་ངན་ལས་འདས་པ་ཞེས་བྱ་བ་ཉིད་ནི་དངོས་པོ་མེད་པ་
ཡིན་ནོ་ཞེས་ཟེར་བས་དེ་དག་གི་ཕྱིར་འདི་བཤད་དེ། གལ་ཏེ་མྱ་ངན་ལས་འདས་པ་དངོས་པོ་མེད་པ་ཡིན་ན། དངོས་པོ་མེད་པ་རྫས་སུ་མེད་པའི་རྣམ་གྲངས་ལ་བྱེ་བྲག་ཏུ་སྨྲ་བ་ལ་སོགས་པས་བརྟགས་པ་མྱ་ངན་ལས་འདས་པ་ནི་དོན་དམ་པའི་དགེ་བ་དང་ཉོན་མོངས་པ་ཉེ་བར་ཞི་བའི་མཚན་

ཉིད་རྣམ་པར་གྲོལ་བའི་བདེ་བ་ཆེན་པོ་ཡིན་ནོ་ཞེས་བྱ་བའི་ལུང་དེ་དག་ཇི་ལྟར་རུང་བར་འགྱུར་ཏེ། མྱ་ངན་ལས་འདས་པ་དངོས་པོ་མེད་པ་ཡིན་པར་སྨྲ་བ་དག་ལུང་དེ་དག་མི་འཐད་པའི་གནོད་པ་ཡོད་པའི་ཕྱིར། མྱ་ངན་ལས་འདས་པ་རྫས་སུ་མེད་པའི་ངོ་བོ་ཉིད་ཡིན་
པར་སྟོན་པའི་རྗེས་སུ་དཔག་པ་མེད་པའི་ཕྱིར་མྱ་ངན་ལས་འདས་པ་དངོས་པོ་མེད་པ་མ་ཡིན་ནོ་ཞེས་བྱ་བར་དགོངས་སོ་ཞེས་བསྟན་ཏོ། །ཡང་གཞན་ཡང་ཇི་སྐད་བསྟན་པའི་སྒྲུབ་པས། །གང་ལ་མྱ་ངན་འདས་དངོས་མིན། །དེ་ལ་དངོས་མེད་ཡོད་མ་ཡིན། །མར་མེའི་དཔེས་མར་མེ་ནི་
དངོས་པོ་ཉིད་ཡིན་པར་འཇིག་རྟེན་ལ་གྲགས་ཏེ། ཕྱིས་མེད་པའི་ཕྱིར་རོ་ཞེས་བྱ་བས་ནི་གོས་དམར་སྡེ་གང་དག་མྱ་ངན་ལས་འདས་པ་མར་མེ་ཤི་བ་བཞིན་ནོ་ཞེས་ཟེར་བའི་སྒྲུབ་པ་ཇི་སྐད་བསྟན་པ་དེས་ན། དེ་དག་གི་ཕྱོགས་ལ་མྱ་ངན་ལས་འདས་པ་དངོས་པོ་ལ་བརྟེན་པ་ཡིན་པས། དེ་ལ་
དངོས་པོ་མེད་པ་ཡོད་པ་མ་ཡིན་ཏེ། མར་མེའི་དཔེས་མར་མེ་ནི་ཕྱིས་ཤི་བ་ན་མེད་པར་གྱུར་པའི་ཕྱིར་མ་ཤི་བའི་དུས་ན་དངོས་པོ་ཉིད་ཡིན་པར་འཇིག་རྟེན་ལ་གྲགས་པས་དེ་དངོས་པོ་མེད་པ་མ་ཡིན་པ་དེ་བཞིན་དུ་མྱ་ངན་ལས་འདས་པ་ཡང་དངོས་པོ་མེད་པ་མ་ཡིན་པར་བསྟན་ཏོ། །གལ་
ཏེ་འདིར་གོས་དམར་སྡེ་དག་འདི་སྐད་ཅེས་ཁོ་བོ་ཅག་གིས་མྱ་ངན་ལས་འདས་པའི་དཔེ་མར་མེ་ལས་བླངས་པ་དེས་མར་མེ་དངོས་པོ་ཡོད་པ་བཞིན་དུ་མྱ་ངན་འདས་པ་དངོས་པོ་ཡོད་པར་མ་སྨྲས་ཀྱི་མར་མེ་ཤི་བ་དངོས་པོ་མེད་པ་བཞིན་དུ་མྱ་ངན་ལས་འདས་པ་དངོས་པོ་མེད་པར་སྨྲས་
པས། དེས་ན་མར་མེ་ཤི་བ་བཞིན་དུ་མྱ་ངན་ལས་འདས་པ་དངོས་པོ་མེད་པ་ཡིན་པར་གྲུབ་པོ་ཞེས་ཟེར་བའི་ཕྱོགས་སྔ་མ་ཁོང་ནས་དབྱུང་བ་དེའི་ལན་དུ་འདིར་བསྟན་བཅོས་མཛད་པས་ཡང་། གཞན་ཡང་། གལ་ཏེ་མྱ་ངན་འདས་དངོས་མིན། །ཇི་ལྟར་མྱང་
འདས་དེ་བསྟེན་མིན། །མར་མེ་དངོས་པོ་མེད་པ་བསྟེན་ནས་གདགས་པ་ནི། བསྟེན་ནས་གདགས་པར་བྱ་བ་ཉིད་ཡིན་པའི་ཕྱིར་རོ་ཞེས་བྱ་བར་དགོངས་སོ་ཞེས་བཤད་དེ། མྱ་ངན་ལས་འདས་པ་མར་མེ་ཤི་བ་བཞིན་དུ་དངོས་པོ་མེད་པ་ཡིན་ན་བསྟེན་ནས་གདགས་

པར་བྱ་བ་ཡིན་པར་ཐལ་བར་འགྱུར་ཏེ། དཔེར་ན་མར་མེ་ཤི་བ་དངོས་པོ་མེད་པ་ནི་དངོས་པོ་ལ་བརྟེན་ནས་གདགས་པར་བྱ་བ་ཉིད་ཡིན་པ་དེ་བཞིན་དུ་མྱ་ངན་ལས་འདས་པ་དངོས་པོ་མེད་པ་ཡང་དངོས་པོ་ལ་བསྟེན་ནས་གདགས་པར་བྱ་བ་ཉིད་ཡིན་པར་ཐལ་བས་དེ་ལྟ་ན་མྱ་ངན་ལས་
འདས་པ་བསྟན་ནས་གདགས་པར་བྱ་བ་ཉིད་མ་ཡིན་པའི་ལུང་དང་འགལ་ལོ་ཞེས་བྱ་བར་དགོངས་སོ། །ཅིའི་ཕྱིར་དངོས་པོ་མེད་པ་ཡིན་ན་བསྟེན་ནས་གདགས་པར་བྱ་བ་ཉིད་ཡིན་པར་འགྱུར་ཞེ་ན། དེའི་འཐད་པ་བསྟན་པའི་ཕྱིར། དེ་ཉིད་ཀྱི་ཕྱིར་བཤད་པ། གང་ཞིག་བསྟེན་པ་མ་
ཡིན་པའི། །དངོས་མེད་ཡོད་པ་མ་ཡིན་ནོ། །གང་མ་བསྟེན་པར་ཡོད་པའི་དངོས་པོ་མེད་པ་ནི་འགའ་ཡང་མེད་དོ་ཞེས་བྱ་བ་སྨྲས་ཏེ། འདིར་ཡང་རྗེས་སུ་དཔག་པ་ནི་མྱ་ངན་ལས་འདས་པ་ནི་དངོས་པོ་མེད་པ་མ་ཡིན་ཏེ། བསྟེན་ནས་གདགས་པར་བྱ་བ་ཉིད་མ་ཡིན་པའི་ཕྱིར། དཔེར་
ན་རི་བོང་གི་རྭ་བཞིན་ནོ་ཞེས་བྱ་བར་སྦྱར་རོ། །འདིར་གལ་ཏེ་ཕ་རོལ་པོ་དག་འདི་སྐད་ཅེས་སངས་རྒྱས་པར་གཏོགས་པ་ཐམས་ཅད་ཀྱིས་མྱ་ངན་ལས་འདས་པ་འདོད་པར་བྱ་བ་ཡིན་ན་དེ་ཁྱོད་ཀྱི་དངོས་པོ་དང་དངོས་པོ་མེད་པའི་ཚུལ་གཉི་གར་བརྩལ་བས་དེའི་ཕྱིར། ཁྱོད་ལ་ཁས་བླངས་
པ་ལ་གནོད་པའི་སྐྱོན་དུ་འགྱུར་རོ་ཞེས་ཟེར་བའི་ཕྱོགས་སྔ་མའི་ཁོང་ནས་དབྱུང་བ་དེའི་ལན་དུ། འདིར་བསྟན་བཅོས་མཛད་པས། གང་གི་ཕྱིར་དེ་ལྟར་ཇི་སྐད་བསྟན་པའི་ཚུལ་གྱིས་དོན་དམ་པར་མྱ་ངན་ལས་འདས་པ་དངོས་པོ་དང་དངོས་པོ་མེད་པ་མ་ཡིན་པ་དེའི་ཕྱིར། འོང་བ་དང་ནི་འགྲོ་བའི་
དངོས། །བསྟེན་ཏམ་རྒྱུར་བྱས་གང་ཡིན་པ། །དེ་ནི་བསྟེན་མིན་རྒྱུར་བྱས་མིན། །མྱ་ངན་འདས་པ་ཡིན་པར་བསྟན། །འོང་བ་དང་འགྲོ་བའི་དངོས་པོ་བསྟེན་ནས་འབྱུང་བ་དང་རྒྱུར་བྱས་ནས་གདགས་པ་གང་ཡིན་པ་དེ་དག་བསྟེན་ནས་འབྱུང་བ་དང་། རྒྱུར་བྱས་ནས་གདགས་པ་
མེད་པ་ནི་ཐ་སྙད་དུ་མྱ་ངན་ལས་འདས་པ་ཡིན་པར་བསྟན་པས། དོན་དམ་པར་མྱ་ངན་ལས་འདས་པ་དངོས་པོ་དང་དངོས་པོ་མ་ཡིན་པ་ཉིད་དུ་བཀག་ཀྱང་ཁས་བླངས་པ་ལ་གནོད་པའི་སྐབས་མེད་དོ་ཞེས་བྱ་བ་སྨྲས་ཏེ། འདིས་ནི་ཀུན་རྫོབ་ཏུ་འོང་བ་དང་། འགྲོ་བའི་དངོས་པོ་བསྟེན་

ནས་འབྱུང་བ་དང་། རྒྱུར་བྱས་ནས་གདགས་པ་གང་ཡིན་པ་དེ་ནི་འཁོར་བ་ཡིན་ལ། འཁོར་བ་དེ་ཉིད་བསྟེན་ནས་འབྱུང་བ་དང་། རྒྱུར་བྱས་ནས་གདགས་པ་མེད་པ་ནི་མྱ་ངན་ལས་འདས་པ་ཡིན་པར་བསྟན་པས་དོན་དམ་པར་མྱ་ངན་ལས་འདས་པ་དངོས་པོ་
དང་དངོས་པོ་མ་ཡིན་པ་ཉིད་དུ་བཀག་ཀྱང་ཁོ་བོ་ཅག་ལ་ཁས་བླངས་པ་ལ་གནོད་པའི་སྐབས་མེད་དོ་ཞེས་བསྟན་ཏོ། །དེ་ལ་འོང་བ་ནི་སྐྱེ་བ་ཡིན། འགྲོ་བ་ནི་འགག་པ་ཡིན་ཏེ། སྐྱེ་བ་དང་འགག་པའི་དངོས་པོ་དེ་ཡང་རྐྱེན་འགའ་ཞིག་ལ་བརྟེན་ནས་འབྱུང་བ་དང་། ཉེ་བར་ལེན་པ་
འགའ་ཞིག་རྒྱུར་བྱས་ནས་གདགས་པ་ཡིན་པ་དེ་ནི་འཁོར་བ་ཞེས་བྱ་སྟེ། འདི་ལྟར་འདུ་བྱེད་ཀྱི་ཚོགས་རྐྱེན་འགག་ཞིག་ལ་བརྟེན་ཏམ། ཉེ་བར་ལེན་པ་འགའ་ཞིག་རྒྱུར་བྱས་ནས་འགྲོ་བ་ལྔའི་འཁོར་བར་འོང་བ་དང་འགྲོ་བའི་ཚུལ་གྱིས་འཁོར་ལོའི་རྣམ་པ་བཞིན་དུ་སྐྱེ་བ་དང་འགག་
པར་འགྱུར་བ་ནི་འཁོར་བ་ཡིན་པའི་ཕྱིར་རོ། །དེ་ཉིད་རྐྱེན་ལ་མ་བརྟེན་ཏམ་ཉེ་བར་ལེན་པ་རྒྱུར་མ་བྱས་པས་འགྲོ་བ་ལྔའི་འཁོར་བ་འོང་བ་དང་། འགྲོ་བའི་ཚུལ་གྱིས་འཁོར་ལོའི་རྣམ་པ་བཞིན་དུ་སྐྱེ་བ་དང་འགག་པར་མི་འགྱུར་བ་འདི་མྱ་ངན་ལས་འདས་པ་ཡིན་ནོ། །དེ་ལྟར་དབུ་
མ་པས་ཀུན་རྫོབ་ཀྱི་ཐ་སྙད་དུ་འཁོར་བ་དང་། མྱ་ངན་ལས་འདས་པ་གཉི་ག་ཡོད་པར་ཁས་ལེན་པས་དོན་དམ་པར་མྱ་ངན་ལས་འདས་པ་དངོས་པོ་དང་དངོས་པོ་མེད་པ་གཉི་ག་མ་ཡིན་པར་བཀག་ཏུ་ཟིན་ཀྱང་ཁས་བླངས་པ་ལ་གནོད་པའི་སྐྱོན་དུ་འགྱུར་བ་མེད་དོ་ཞེས་བྱ་བར་སྦྱར་རོ། །
ད་ནི་སྔར་ཕ་རོལ་པོ་དག་ན་རེ་དངོས་པོ་རྣམས་ངོ་བོ་ཉིད་ཡོད་ན་ཉོན་མོངས་པ་སྤང་བ་དང་། ཕུང་པོ་འགགས་པས་མྱ་ངན་ལས་འདས་པ་རྣམ་པ་གཉིས་འཐོབ་པར་འགྱུར་བས་ངོ་བོ་ཉིད་ཡོད་པར་སྨྲ་བ་ལ་མྱ་ངན་ལས་འདས་པ་འཐོབ་པ་ཡོད་དོ་ཞེས་ཟེར་བ་དེ་ཉིད་དགག་པའི་ཕྱིར་ཡང་།
གཞན་ཡང་། འབྱུང་བ་དང་ནི་འཇིག་པ་དང་། །སྤང་བར་སྟོན་པས་བཀའ་སྩལ་ཏོ། །ཞེས་བྱ་བ་སྨྲས་ཏེ། འབྱུང་བ་ནི་སྲིད་པར་འཁོར་བ་ཡིན་ལ་འཇིག་པ་ནི་ཉོན་མོངས་པ་སྤང་བ་དང་། ཕུང་པོ་འགགས་པས་མྱ་ངན་ལས་འདས་པ་ཡིན་པས་དེ་གཉི་ག་ཡང་དངོས་པོ་དང་དངོས་པོ་མེད་

པའི་མཐར་ལྟ་བ་ཡིན་པའི་ཕྱིར་སྤང་བར་སྟོན་པས་བཀའ་སྩལ་ཏེ། དངོས་པོའི་མཚན་ཉིད་ཀྱི་ཉོན་མོངས་པ་སྤང་བ་དང་། ཕུང་པོ་འགགས་པས་དངོས་པོའི་མཚན་ཉིད་ཀྱི་མྱ་ངན་ལས་འདས་པ་འཐོབ་པར་བྱ་བ་ཡང་མེད་ལ། དངོས་པོ་མེད་པའི་མཚན་ཉིད་ཀྱི་ཉོན་མོངས་པ་སྤང་བ་དང་།
ཕུང་པོ་འགགས་པས་དངོས་པོ་མེད་པའི་མཚན་ཉིད་ཀྱི་མྱ་ངན་ལས་འདས་པ་འཐོབ་པར་བྱ་བ་ཡང་མེད་དོ་ཞེས་བཀའ་སྩལ་ཏོ། །དེ་ཉིད་ཀྱི་ཁུངས་བསྟན་པའི་ཕྱིར། །མདོ་སྡེ་ལས་ཇི་སྐད་དུ་གང་དག་འབྱུང་བའམ། འཇིག་པས་སྲིད་པ་ལས་ངེས་པར་འབྱུང་བ་ཡོངས་སུ་ཚོལ་བར་བྱེད་པ་དེ་
དག་གི་དེ་ནི་ཡོངས་སུ་མི་ཤེས་པ་ཡིན་ནོ་ཞེས་གསུངས་པ་ལྟ་བུའོ་ཞེས་བྱ་བ་སྨྲས་སོ། །དེ་ཕྱིར་མྱ་ངན་འདས་པ་ནི། །དངོས་མིན་དངོས་མེད་མིན་པར་རིགས། །ཞེས་པ་ནི་མཇུག་བསྡུ་བ་ཡིན་ཏེ། དེ་ལྟར་བཅོམ་ལྡན་འདས་ཉིད་ཀྱིས་མྱ་ངན་ལས་འདས་པ་རྣམ་པ་གཉི་གར་དགག་པ་མཛད་
པས། དེའི་ཕྱིར་མྱ་ངན་ལས་འདས་པ་ནི་དངོས་པོ་ཡང་མ་ཡིན་ལ། དངོས་པོ་མེད་པ་ཡང་མ་ཡིན་པར་རིགས་པས་ཁས་བླངས་པ་ལ་གནོད་པར་ཡང་མི་འགྱུར་རོ། །གལ་ཏེ་འབྱུང་བ་ནི་སྤང་བར་བྱ་བ་ཉིད་ཀྱིས་སུན་དབྱུང་བར་བྱ་བ་ཡིན་པའི་ཕྱིར་དངོས་པོ་ཉིད་དགག་པ་མི་རིགས་སོ་ཞེ་ན་ཞེས་
བྱ་བ་ཕ་རོལ་པོ་དག་ན་རེ་འབྱུང་བ་ནི་སྲིད་པར་འཁོར་བ་སྟེ། དེ་ནི་སྤང་བར་བྱ་བ་ཉིད་ཀྱིས་སུན་དབྱུང་བར་བྱ་བ་ཡིན་པའི་ཕྱིར་དངོས་པོ་ཉིད་ཡིན་པས་དངོས་པོ་དེ་དངོས་པོ་མེད་པར་དགག་པ་མི་རིགས་སོ་ཞེས་ཟེར་བའི་ཚིག་ཡིན་ནོ། །དེའི་ལན་དུ་འགྲེལ་པ་བྱེད་པ་ཉིད་ཀྱིས་འབྱུང་བ་ཡང་དངོས་པོའི་བདག་ཉིད་
ཡིན་པའི་ཕྱིར་སྐྱོན་མེད་དོ་ཞེས་བྱ་བ་སྨྲས་ཏེ། འབྱུང་བ་ཡང་འཁོར་བའི་དངོས་པོའི་བདག་ཉིད་ཡིན་པའི་ཕྱིར་དེ་ནི་ངོ་བོ་ཉིད་མེད་པ་ཉིད་ཀྱིས་སྤང་དུ་མེད་ཅིང་སུན་དབྱུང་དུ་མེད་པའི་ཕྱིར་དེ་དངོས་པོ་ཉིད་མ་ཡིན་པར་བཀག་པ་ལ་སྐྱོན་མེད་དོ། །རེ་ཞིག་དེ་དག་གིས་ནི་མྱ་ངན་ལས་འདས་པ་དངོས་པོ་ཡིན་
པར་འདོད་པ་དང་། དངོས་པོ་མེད་པ་ཡིན་པར་འདོད་པ་དག་ཇི་ལྟར་མི་འཐད་པ་དེ་ལྟར་བརྟག་པ་བསྟན་ཏོ། །ད་ནི་མུ་སྟེགས་འོས་པ་པ་དག་གི་གཞུང་ལས་མྱ་ངན་ལས་འདས་པ་ནི་དངོས་པོ་དང་དངོས་པོ་མེད་པ་གཉི་གའི་བདག་ཉིད་ཡིན་པར་འདོད་པའི་གཞུང་དགག་པར་བྱ་སྟེ། དེ་ལ་རེ་ཞིག་དེ་

དག་གི་ཕྱོགས་སྔ་མ་བསྟན་པའི་ཕྱིར་དང་། གཞན་དག་གིས་སྨྲས་པ། ཐར་པ་ནི་དངོས་པོ་ཡང་ཡིན་ལ་དངོས་པོ་མེད་པ་ཡང་ཡིན་པས་གཉི་གའི་བདག་ཉིད་ཡིན་པའི་ཕྱིར་སྐྱོན་མེད་དོ་ཞེས་བྱ་བ་སྨྲས་ཏེ། དེ་ནི་མུ་སྟེགས་འོས་པ་དག་ན་རེ་ཐར་པ་ནི་འཇིག་རྟེན་འདུས་པ་ཞེས་བྱ་བ་གྲུབ་
པའི་ཞིང་གི་མཚན་ཉིད་ཡིན་པས་ཡོད་ལ། དེ་ལ་སྲོག་གི་ཚིག་གི་དོན་ངེས་པར་གནས་པའི་ཕྱིར་དངོས་པོ་ཡང་ཡིན་ལ་འཁོར་བའི་སྡུག་བསྔལ་རྒྱུན་ཆད་པས་དངོས་པོ་མེད་པ་ཡང་ཡིན་ཏེ། ཇི་སྐད་དུ། རྒྱལ་བས་གསུངས་པའི་ཐར་པ་འཚོ་བྱེད་པ། །རྒྱ་སྤོས་དྲི་མ་མེད་པའི་མདོག་དང་ནི། །
འོ་མ་མུ་ཏིག་བ་མོའི་མདོག་འདྲ་ཞིང་། །དབྱིབས་ནི་གདུགས་ཟླུམ་བཀན་པ་ལྟ་བུ་ཡིན། །ཞེས་བཤད་པ་ལྟ་བུ་སྟེ། དེའི་དོན་ནི་ཐར་པ་འཇིག་རྟེན་འདུས་པ་ཞེས་བྱ་བ་གྲུབ་པའི་ཞིང་གི་མཚན་ཉིད་འཇིག་རྟེན་ཐམས་ཅད་ཀྱི་སྟེང་ན་གནས་པ་དེའི་ཁ་དོག་ནི་རྒྱ་སྤོས་ཀྱི་མེ་ཏོག་དང་། འོ་མ་དང་། མུ་ཏིག་
དང་། ཁ་བའི་མདོག་འདྲ་ལ་དབྱིབས་ནི་གདུགས་ཟླུམ་པོ་བཀན་པ་ལྟར་འདུག་པ་ཡིན་ཏེ། དེ་ལ་སྲོག་གི་ཚིག་གི་དོན་ངེས་པར་གནས་པས་དངོས་པོ་ཡང་ཡིན་ལ། འཁོར་བའི་སྡུག་བསྔལ་རྒྱུན་ཆད་པས་དངོས་པོ་མེད་པ་ཡང་ཡིན་པས་གཉི་གའི་བདག་ཉིད་ཡིན་པའི་ཕྱིར་ཁྱེད་དབུ་མ་པས་
དངོས་པོ་དང་དངོས་པོ་མེད་པ་བཀག་པའི་སྐྱོན་ཁོ་བོ་ཅག་གི་ཕྱོགས་ལ་མེད་དོ་ཞེས་ཟེར་བའི་ཚིག་ཡིན་ནོ། །དེ་སྐད་ཅེས་ཟེར་བ་དེ་དག་གི་གཞུང་ཡང་ཇི་ལྟར་མི་འཐད་པ་དེ་ལྟར་བརྟག་པར་བྱ་སྟེ། དེའི་ཕྱིར་འདི་བཤད་དེ། གལ་ཏེ་མྱ་ངན་འདས་པ་ནི། །དངོས་དང་དངོས་མེད་གཉིས་ཡིན་
ན། །དངོས་དང་དངོས་པོ་མེད་པ་དག །ཐར་པར་འགྱུར་བ་དེ་མི་རིགས། །དགག་པ་མི་མཐུན་པའི་ཕྱིར་ཏེ། གལ་ཏེ་དངོས་པོ་ཡིན་ན་ཇི་ལྟར་དངོས་པོ་མེད་པ་ཡིན། ཇི་སྟེ་དངོས་པོ་མེད་པ་ཡིན་ན་ནི་དངོས་པོ་ཞེས་བྱ་བ་མ་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། ཚིག་ལེའུར་བྱས་པའི་ཕྱེད་གོང་
མས་ནི་ཕ་རོལ་པོའི་གཞུང་བསྣན་པ་བསྟན་ལ་ཕྱེད་འོག་མས་ནི་དེ་མི་འཐད་པར་སུན་དབྱུང་བ་བསྟན་ཏེ། གལ་ཏེ་མྱ་ངན་ལས་འདས་པ་དངོས་པོ་དང་དངོས་པོ་མེད་པ་གཉི་ག་ཡིན་ན་དངོས་པོ་དང་དངོས་པོ་མེད་པ་མི་མཐུན་པ་དེ་དག་ཐར་པ་འཇིག་རྟེན་འདུས་པ་ཞེས་བྱ་བ་གྲུབ་པའི་ཞིང་གི་མཚན་

ཉིད་ཡིན་པར་འགྱུར་བ་དེ་མི་རིགས་ཏེ། ཁྱོད་ཕྱེད་ནི་ཡོད་ལ་ཕྱེད་ནི་མེད་པར་འདོད་པ་དེ་ལྟ་ན་ཁྱོད་ཀྱི་ཐར་པ་ཁ་དོག་དཀར་པོ་དབྱིབས་ཟླུམ་པོ་དེ་ཡང་ཕྱེད་ཡོད་ལ་ཕྱེད་མེད་པས་ཕྱེད་དཀར་ཕྱེད་གནག་དང་ཟླ་གམ་ལྟ་བུར་འགྱུར་ལ་ཁྱོད་ཀྱི་སྲོག་གི་ཚིག་གི་དོན་ངེས་པར་གནས་པ་དེ་ཡང་ཕྱེད་ཡོད་
ཕྱེད་མེད་པས་ཕྱེད་ཤི་ཕྱེད་གསོན་པར་འགྱུར་ཞིང་ཁྱོད་ཀྱི་འཁོར་བའི་སྡུག་བསྔལ་རྒྱུན་ཆད་པ་དེ་ཡང་ཕྱེད་ཡོད་ཕྱེད་མེད་པས་ཕྱེད་སྡུག་ཕྱེད་སྐྱིད་པར་འགྱུར་བས་དེ་ལྟ་བུའི་ཐར་པ་དེ་ནི་ཡོད་པར་མི་རིགས་སོ། །ཇི་སྟེ་ཡང་ལྟོས་པའི་དབང་གིས་དངོས་པོ་དང་དངོས་པོ་མེད་པའི་མཚན་ཉིད་ཡིན་ཏེ།
ལུས་དང་དབང་པོ་དང་བློ་མེད་པའི་ཕྱིར་དངོས་པོ་མེད་པ་ཡིན་ལ། བདེ་བ་ལ་བཟླར་མེད་པ་གཏན་དུ་བ་དང་ལྡན་པའི་ཕྱིར་དངོས་པོ་ཡིན་ནོ་ཞེ་ན་ཞེས་བྱ་བ་ནི་འོས་པ་པ་དག་ན་རེ་མྱ་ངན་ལས་འདས་པ་ནི་ཇི་སྐད་སྨོས་པ་དེ་གཉིས་ལྟོས་པའི་དབང་གིས་དངོས་པོ་དང་དངོས་པོ་མེད་པ་གཉི་
གའི་མཚན་ཉིད་ཡིན་ནོ་ཞེས་ཟེར་བའི་ཚིག་ཡིན་ནོ། །དེའི་ལན་དུ་འགྲེལ་པ་བྱེད་པ་ཉིད་ཀྱིས་དེ་ནི་བཟང་པོ་མ་ཡིན་ཏེ། ལུས་ལ་སོགས་པའི་སྐྱེ་བ་བཀག་པ་ཁོ་ནས་དེ་དག་མེད་པ་བཀག་པའི་ཕྱིར་དང་བདེ་བ་ལ་བཟླར་མེད་པ་གཏན་དུ་བ་ཡང་འདུས་བྱས་ཀྱི་སྐྱེ་བ་བཀག་པ་ཁོ་
ནས་བཀག་པའི་ཕྱིར་དང་བདེ་བ་འདུས་མ་བྱས་ཡོད་པ་ཉིད་དུ་སྟོན་པའི་རྗེས་སུ་དཔག་པ་མེད་པའི་ཕྱིར་དེ་ནི་རིགས་པ་མ་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། དོན་དམ་པར་སྐྱེ་བ་བཀག་པའི་ཕྱིར་ལྟོས་པ་སྔ་མ་གཉིས་མི་འགྲུབ་པའི་ཕྱིར་དང་། བདེ་བ་འདུས་མ་བྱས་ཡོད་པ་ཉིད་དུ་སྟོན་པའི་རྗེས་སུ་
དཔག་པ་ཁྱེད་ལ་མེད་པའི་ཕྱིར་དེ་ཡང་རིགས་པ་མ་ཡིན་ནོ། །ལྷག་མ་ནི་སྔ་མ་བཞིན་ནོ་ཞེས་བྱ་བ་ནི་མྱ་ངན་ལས་འདས་པ་དངོས་པོ་དང་དངོས་པོ་མེད་པ་གཉི་གའི་བདག་ཉིད་ཡིན་པར་འདོད་པ་དགག་པའི་འཐད་པ་ལྷག་མ་ནི་སྔར་དངོས་པོར་འདོད་པ་དང་། དངོས་པོ་མེད་པར་འདོད་པ་དགག་པའི་
ཕྱོགས་སུ་བསྟན་པའི་སྐྱོན་གཉི་གར་འགྱུར་རོ་ཞེས་བྱ་བར་སྦྱར་རོ། །དེ་ཡང་འདི་ལྟར་སྦྱར་ཏེ། མྱ་ངན་འདས་པ་དངོས་པོ་མིན། །རྒ་ཤིའི་མཚན་ཉིད་ཐལ་བར་འགྱུར། །རྒ་དང་འཆི་བ་མེད་པ་ཡི། །དངོས་པོ་ཡོད་པ་མ་ཡིན་ནོ། །གལ་ཏེ་མྱ་ངན་འདས་དངོས་ན། །མྱ་ངན་འདས་

པ་འདུས་བྱས་འགྱུར། །དངོས་པོ་འདུས་བྱས་མ་ཡིན་པ། །འགའ་ཡང་ཇི་ལྟར་ཡོད་མ་ཡིན། །གལ་ཏེ་མྱ་ངན་འདས་དངོས་ན། །ཇི་ལྟར་མྱང་འདས་དེ་བརྟེན་མིན། །དངོས་པོ་བརྟེན་པ་མ་ཡིན་པ། །འགའ་ཡང་ཡོད་པ་མ་ཡིན་ནོ། །ཞེས་བཤད་པའི་ཚུལ་
གྱིས་འོས་པ་པ་དག་གི་ཐར་པ་འཇིག་རྟེན་འདུས་པ་ཞེས་བྱ་བ་གྲུབ་པའི་ཞིང་གི་མཚན་ཉིད་སྲོག་ཚིག་གི་དོན་ངེས་པར་གནས་པ་དེ་དངོས་པོ་ཡིན་ན་རྒ་ཤིའི་མཚན་ཉིད་ཅན་དང་། འདུས་བྱས་དང་བརྟེན་ནས་གདགས་པར་བྱ་བ་ཉིད་ཡིན་པར་ཐལ་བར་འགྱུར་རོ། །གལ་ཏེ་མྱ་ངན་འདས་
དངོས་མིན། །དངོས་མེད་ཇི་ལྟར་རུང་བར་འགྱུར། །གང་ལ་མྱ་ངན་འདས་དངོས་ཡིན། །དེ་ལ་དངོས་མེད་ཡོད་མ་ཡིན། །གལ་ཏེ་མྱ་ངན་འདས་དངོས་མིན། །ཇི་ལྟར་མྱང་འདས་དེ་བརྟེན་མིན། །གང་ཞིག་བརྟེན་པ་མ་ཡིན་པའི། །དངོས་མེད་ཡོད་པ་མ་ཡིན་ནོ། །ཞེས་བཤད་པའི་ཚུལ་གྱིས་
འོས་པ་པ་དག་གི་ཐར་པ་འཇིག་རྟེན་འདུས་པ་ཞེས་བྱ་བ་གྲུབ་པའི་ཞིང་གི་མཚན་ཉིད་འཁོར་བའི་སྡུག་བསྔལ་རྒྱུན་ཆད་པ་དེ་དངོས་པོ་མེད་པ་ཡིན་ན་དེ་ལ་དོན་དམ་པའི་དགེ་བ་དང་ཉོན་མོངས་པ་ཉེ་བར་ཞི་བའི་མཚན་ཉིད་དག་མི་རུང་བ་དང་། དངོས་པོ་མེད་པ་མི་རུང་བ་དང་བརྟེན་ནས་གདགས་པར་བྱ་བ་ཉིད་
ཡིན་པར་ཐལ་བར་འགྱུར་རོ་ཞེས་བྱ་བར་སྦྱར་རོ། །ད་ནི་འོས་པ་པ་དག་གི་མྱ་ངན་ལས་འདས་པ་དངོས་པོ་དང་དངོས་པོ་མེད་པ་གཉི་གའི་བདག་ཉིད་ཡིན་ན་བརྟེན་ནས་གདགས་པར་བྱ་བ་ཉིད་ཡིན་པར་ཐལ་བར་འགྱུར་བར་བསྟན་པའི་ཕྱིར། ཡང་གཞན་ཡང་། གལ་ཏེ་མྱ་ངན་འདས་པ་ནི། །དངོས་
དང་དངོས་མེད་གཉིས་ཡིན་ན། །མྱ་ངན་འདས་པ་མ་བརྟེན་མིན། །འོ་ན་ཅི་ཞེ་ན། བརྟེན་པ་ཡིན་པར་འགྱུར་ཏེ། འདི་ལྟར། དེ་ནི་གཉིས་ལ་བརྟེན་ཕྱིར་རོ། །དངོས་པོ་དང་དངོས་པོ་མེད་པའི་མཚན་ཉིད་གཉིས་ལ་བརྟེན་པའི་ཕྱིར་རོ། །མྱ་ངན་ལས་འདས་པ་གཉིས་ལ་བརྟེན་པར་ནི་མི་འདོད་དོ། །རྣམ་པ་
དེ་ལྟ་བུ་ཡོད་པར་བསྟན་དཀའ་བའི་ཕྱིར་རོ་ཞེས་བྱ་བར་དགོངས་སོ་ཞེས་བྱ་བ་སྨྲས་སོ། །ད་ནི་འོས་པ་པ་དག་གི་མྱ་ངན་ལས་འདས་པ་དངོས་པོ་དང་། དངོས་པོ་མེད་པ་གཉི་གའི་བདག་ཉིད་ཡིན་ན། འདུས་བྱས་དང་འདུས་མ་བྱས་ཀྱི་མཚན་ཉིད་མི་མཐུན་པ་གཉིས་འགལ་བས་མི་རུང་བར་བསྟན་

པའི་ཕྱིར། ཡང་གཞན་ཡང་། གལ་ཏེ་མྱ་ངན་འདས་པ་ནི། །དངོས་དང་དངོས་མེད་གཉིས་ཡིན་ན། །མྱ་ངན་འདས་པ་འདུས་མ་བྱས། །དངོས་དང་དངོས་མེད་འདུས་བྱས་ཡིན། དེ་ལྟར་ན་འདིས་ནི་མྱ་ངན་ལས་འདས་པའི་ཆོས་ནི་དངོས་པོ་དང་དངོས་པོ་མེད་པའི་མཚན་ཉིད་ལས་གཞན་ཡིན་པར་སྟོན་ཏོ། །
གང་ཞིག་གང་ལས་མཚན་ཉིད་གཞན་ཡིན་པ་དེ་ནི་དེའི་བདག་ཉིད་ཡིན་པར་མི་རིགས་ཏེ། མེ་ཆུའི་མཚན་ཉིད་ལས་གཞན་ཡིན་པ་དེ་ཆུའི་བདག་ཉིད་མ་ཡིན་པ་བཞིན་ནོ་ཞེས་བྱ་བར་དགོངས་སོ་ཞེས་བྱ་བ་སྨྲས་སོ། །གཞན་དག་གིས་སྨྲས་པ། གང་ལ་དངོས་པོ་དང་དངོས་པོ་མེད་པ་དག་ཡོད་པ་དེ་དག་
མྱ་ངན་ལས་འདས་པ་ཡིན་གྱི་དངོས་པོ་དང་དངོས་པོ་མེད་པའི་བདག་ཉིད་ནི་མ་ཡིན་ཏེ། གཅིག་ལ་མི་མཐུན་པའི་བདག་ཉིད་གཉིས་མེད་པའི་ཕྱིར་རོ་ཞེས་བྱ་བས་ནི། མྱ་ངན་ལས་འདས་པ་ནི་ངོ་བོ་ཉིད་དུ་ཡོད་པར་སྨྲ་བ་དག་ན་རེ། གཞི་གང་ལ་དངོས་པོ་དང་དངོས་པོ་མེད་པ་དག་ཡོད་པའི་གཞི་དེ་མྱ་
ངན་ལས་འདས་པ་ཡིན་ནོ་ཞེས་ཟེར་བའི་ཚིག་ཡིན་ནོ། །དེ་ཡང་མི་འཐད་པས། དེ་དགག་པའི་ཕྱིར་བཤད་པ། གལ་ཏེ་མྱ་ངན་འདས་པ་ལ། །དངོས་དང་དངོས་མེད་གཉིས་ཡོད་ན། །ཁྱེད་ཀྱི་ཚུལ་གྱིས་སོ། །དེ་གཉིས་ནི་མི་མཐུན་པ་ཡིན་པས་མི་མཐུན་པ་གཉིས་གཅིག་ལ་ཡོད་པར་མི་
རིགས་པས། དེའི་ཕྱིར་བཤད་པ། དེ་གཉིས་གཅིག་ལ་ཡོད་མིན་ཏེ། །སྣང་བ་དང་ནི་མུན་པ་བཞིན། །དེའི་ཕྱིར་དེ་ཡང་རིག་པ་མ་ཡིན་ནོ། །ཞེས་བྱ་བ་སྨྲས་སོ། །བརྒལ་ཞིང་བརྟག་པ་མཚུངས་པའི་ཡང་ཕྱིར་ཏེ། གང་ལ་དངོས་པོ་དངོས་པོ་མེད་པ་དག་ཡོད། །ཇི་དངོས་པོ་ལ་འམ་འོན་
ཏེ་དངོས་པོ་མེད་པ་ལ་དེ་གཉི་ག་ཡང་སྔར་བསྟན་པའི་ཚུལ་གྱིས་རིགས་པ་མ་ཡིན་པས་དེ་ཡང་སྙིང་པོ་མ་ཡིན་ནོ་ཞེས་བྱ་བས་ནི་གཞི་གང་ལ་དངོས་པོ་དང་དངོས་པོ་མེད་པ་དག་ཡོད་པའི་གཞི་དེ་མྱ་ངན་ལས་འདས་པ་ཡིན་པར་འདོད་ན། དེ་ཉིད་དངོས་པོ་ཞིག་གམ་འོན་ཏེ་དངོས་པོ་མེད་པ་
ཞིག་ཡིན། གལ་ཏེ་དངོས་པོ་ཡིན་ན་ནི་མྱ་ངན་ལས་འདས་པ་རྒ་ཤིའི་མཚན་ཉིད་ཅན་དང་། འདུས་བྱས་དང་བརྟེན་ནས་གདགས་པར་བྱ་བ་ཉིད་དུ་འགྱུར་ལ། དངོས་པོ་མེད་པ་ཡིན་ན་ནི་དོན་དམ་པའི་དགེ་བ་ཉོན་མོངས་པ་ཉེ་བར་ཞི་བའི་མཚན་ཉིད་དག་མི་རུང་བ་དང་། དངོས་པོ་མེད་

པ་མི་རུང་བ་དང་། བརྟེན་ནས་གདགས་པར་བྱ་བ་ཉིད་ཡིན་པར་འགྱུར་རོ་ཞེས་བརྒལ་ཞིང་བརྟག་པ་སྔ་མ་དང་མཚུངས་པའི་ཕྱིར་དེ་ཡང་སྙིང་པོ་མ་ཡིན་ནོ། །དེ་ལྟར་དེ་བདག་གིས་ནི་མྱ་ངན་ལས་འདས་པ་དངོས་པོ་དང་དངོས་པོ་མེད་པ་དེ་གཉི་གའི་བདག་ཉིད་ཡིན་
པར་འདོད་པ་དག་ཇི་ལྟར་མི་འཐད་པ་དེ་ལྟར་བརྟག་པ་བསྟན་ཏོ། །ད་ནི་མྱ་ངན་ལས་འདས་པ་དངོས་པོ་ཡང་མ་ཡིན་ལ་དངོས་པོ་མེད་པ་ཡང་མ་ཡིན་ནོ་ཞེས་ཟེར་བ་དག་གིས་གཞུང་ཇི་ལྟར་མི་འདོད་པ་དེ་ལྟར་བརྟག་པར་བྱ་སྟེ། དེའི་ཕྱིར། གང་དག་མྱ་ངན་ལས་འདས་པ་ནི་དངོས་པོ་
ཡང་མ་ཡིན་ལ་དངོས་པོ་མེད་པ་ཡང་མ་ཡིན་ནོ་ཞེས་ཟེར་བ་དེ་དག་གི་ཕྱིར་བཤད་པ། དངོས་མིན་དངོས་པོ་མེད་མིན་པ། །མྱ་ངན་འདས་པར་གང་སྟོན་པ། །རབ་ཏུ་སྟོན་པའོ། །དངོས་པོ་མེད་དང་དངོས་པོ་དག །གྲུབ་ན་དེ་ནི་འགྲུབ་པར་འགྱུར། །གཉི་ག་བཀག་པས་དངོས་པོ་ཡང་
མ་ཡིན། དངོས་པོ་མེད་པ་ཡང་མ་ཡིན་པ་ཞེས་བརྗོད་པའི་ཕྱིར་དང་། དངོས་པོ་དང་དངོས་པོ་མེད་པ་ཡོད་པར་སྟོན་པའི་རྗེས་སུ་དཔག་པ་མེད་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། དངོས་པོ་དང་དངོས་པོ་མེད་པ་གཉིས་གྲུབ་ན་དེ་གཉིས་བཀག་པས་གཉིས་ག་མ་ཡིན་པའི་མྱ་ངན་ལས་
འདས་པ་དེ་ཡང་འགྲུབ་པ་ཞིག་ན། དེ་གཉིས་ཡོད་པར་སྟོན་པའི་རྗེས་སུ་དཔག་པ་མེད་པའི་ཕྱིར། མྱ་ངན་ལས་འདས་པ་དེ་ཡང་མི་འགྲུབ་པོ་ཞེས་བསྟན་ཏོ། །ད་ནི་དངོས་པོ་དང་དངོས་པོ་མེད་པ་གཉིས་ག་མ་ཡིན་པའི་མྱ་ངན་ལས་འདས་པ་དེ་ཤེས་པའམ། བརྗོད་པ་གང་གིས་མངོན་
པར་བྱེད་པའི་ཤེས་པ་འམ། བརྗོད་པ་དག་དོན་དམ་པར་དགག་པ་སྔར་བསྟན་ཟིན་པས་མྱ་ངན་ལས་འདས་པ་དེ་ཡང་མངོན་པར་བྱེད་པ་མེད་པའི་ཕྱིར་ཡོད་པ་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར་ཡང་གཞན་ཡང་གལ་ཏེ་མྱ་ངན་ལས་འདས་པ་ནི། དངོས་མིན་དངོས་པོ་མེད་མིན་ན། ཁྱེད་
འདོད་པ་ལྟར་རོ། །དངོས་མིན་དངོས་པོ་མེད་མིན་ཞེས། །གང་ཞིག་གིས་ནི་དེ་མངོན་བྱེད། །དེ་མངོན་པར་བྱེད་པའི་ཤེས་པའམ། བརྗོད་པ་དགག་པ་སྔར་བསྟན་ཟིན་པའི་ཕྱིར་རོ་ཞེས་བྱ་བར་དགོངས་སོ་ཞེས་བྱ་བར་སྨྲས་སོ། །ད་ནི་ལུང་དུ་མ་བསྟན་པའི་དངོས་པོ་བཅུ་བཞིའི་ཚུལ་གྱིས་མྱ་

ངན་ལས་འདས་པ་དངོས་པོ་མ་ཡིན་པ་དང་། དངོས་པོ་མེད་པ་མ་ཡིན་པར་ལུང་དུ་མ་བསྟན་པ་མྱ་ངན་ལས་འདས་པ་དངོས་པོ་ཡང་མ་ཡིན་ལ། དངོས་པོ་མེད་པ་ཡང་མ་ཡིན་པ་དེ་མངོན་པར་བྱེད་པ་མེད་པའི་ཕྱིར་མྱ་ངན་ལས་འདས་པ་དེ་ཡོད་པ་མ་ཡིན་པར་བསྟན་པའི་ཕྱིར། ཡང་གཞན་
ཡང་། བཅོམ་ལྡན་མྱ་ངན་འདས་གྱུར་ནས། །ཡོད་པར་མི་མངོན་དེ་བཞིན་དུ། །མེད་དོ་ཞེའམ་གཉི་ག་དང་། །གཉིས་མིན་ཞེས་ཀྱང་མི་མངོན་ནོ། །དེ་བཞིན་གཤེགས་པ་མྱ་ངན་ལས་འདས་ནས་ཡོད་པ་དང་། མེད་པ་དང་། ཡོད་ཀྱང་ཡོད་ལ་མེད་ཀྱང་མེད་པ་དང་། ཡོད་པ་ཡང་མ་
ཡིན་མེད་པ་ཡང་མ་ཡིན་ནོ་ཞེས་བྱ་བར་མི་མངོན་ནོ་ཞེས་བྱ་བ་སྨྲས་ཏེ། དེ་ལྟར་ལུང་དུ་མ་བསྟན་པའི་ཕྱིར་རོ། །དེས་ནི་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པ་དངོས་པོ་ཡང་མ་ཡིན་ལ། དངོས་པོ་མེད་པ་ཡང་མ་ཡིན་པར་འདོད་པ་དགག་པ་བསྟན་ཏོ། །བཅོམ་ལྡན་འདས་
བཞུགས་པར་གྱུར་ན་ཡང་། ཡོད་པར་མི་མངོན་དེ་བཞིན་དུ། །མེད་དོ་ཞེའམ་གཉི་ག་དང་། །གཉིས་མིན་ཞེས་ཀྱང་མི་མངོན་ནོ། །དེ་བཞིན་གཤེགས་པ་བཞུགས་ན་ཡང་ཡོད་པ་དང་། མེད་པ་དང་། ཡོད་ཀྱང་ཡོད་ལ། མེད་ཀྱང་མེད་པ་དང་། ཡོད་པ་ཡང་མ་ཡིན་མེད་པ་ཡང་མ་ཡིན་ནོ་ཞེས་བྱ་
བར་མི་མངོན་ནོ་ཞེས་བྱ་བ་ཡང་དེ་ལྟར་ལུང་དུ་མ་བསྟན་པའི་ཕྱིར་ཏེ། དེ་ནི་ཕུང་པོའི་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པ་དངོས་པོ་ཡང་མ་ཡིན་ལ། དངོས་པོ་མེད་པ་ཡང་མ་ཡིན་པར་འདོད་པ་དགག་པ་བསྟན་ཏོ། །དེ་ལྟར་སྲོག་གང་ཡིན་པ་དེ་ལུས་ཡིན་པ་དང་། སྲོག་ཀྱང་གཞན་
ལ་ལུས་ཀྱང་གཞན་ནོ་ཞེས་བྱ་བར་མི་མངོན་ནོ་ཞེས་བྱ་བའི་བར་གྱིས་ལུང་དུ་མ་བསྟན་པའི་དངོས་པོ་དག་ལ་དེ་དག་མ་བཀག་པ་ཁོ་ནའི་ཕྱིར་མྱ་ངན་ལས་འདས་པ་མ་གྲུབ་པས་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་ཉམས་པ་མེད་དོ་ཞེས་བྱ་བས་ནི་མཇུག་བསྡུ་བ་ཡིན་ཏེ། ལུང་དུ་མ་བསྟན་པའི་དངོས་
པོ་བཅུ་བཞི་པོ་དག་དེ་དག་ལུང་དུ་མ་བསྟན་ཞིང་བཀག་པ་ཁོ་ནའི་ཕྱིར་མྱ་ངན་ལས་འདས་པ་དངོས་པོ་ཡང་མ་ཡིན་ལ། དངོས་པོ་མེད་པ་ཡང་མ་ཡིན་ནོ་ཞེས་བྱ་བ་དེ་མངོན་པར་བྱེད་པ་མེད་པས་མ་གྲུབ་པོ། །དེ་ལྟར་མྱ་ངན་ལས་འདས་པ་དངོས་པོ་ཡིན་པ་དང་། དངོས་པོ་མེད་པ་ཡིན་པ་དང་། གཉི་ག་

ཡིན་པ་དང་། གཉི་ག་མ་ཡིན་པ་ཡིན་པར་མ་གྲུབ་པས་སྔར་ཕ་རོལ་པོ་དག་ན་རེ་གལ་ཏེ་འདུ་བྱེད་འདི་དག་མྱ་ངན་ལས་འདས་པར་འདོད་ན་ནི། འདུ་བྱེད་དེ་དག་དོན་དམ་པར་ངོ་བོ་ཉིད་ཡོད་པ་ཁོ་ནར་ཤེས་པར་བྱ་སྟེ། ཉོན་མོངས་པ་སྤང་བ་དང་། མིང་དང་གཟུགས་འགགས་པས་
མྱ་ངན་ལས་འདས་པ་འཐོབ་པའི་ཕྱིར་རོ་ཞེས་ཟེར་བའི་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་ཉམས་པ་མེད་དོ། །འདིར་སྨྲས་པ། དོན་དམ་པར་མྱ་ངན་ལས་འདས་པ་ནི་ཡོད་པ་ཁོ་ན་ཡིན་ཏེ། སྐྱེ་བ་དང་རྒ་ཤིས་འཇིག་པ་རྣམས་དེ་ཐོབ་པར་བྱ་བའི་ཕྱིར་འཇུག་པ་ཡོད་པའི་ཕྱིར་རོ། །མེད་པ་ལ་ནི་ཁྱད་
པར་ཅན་རྣམས་དེ་ཐོབ་པར་བྱ་བའི་ཕྱིར་འཇུག་པ་མ་མཐོང་སྟེ། དཔེར་ན་རུས་སྦལ་གྱི་སྤུ་བཞིན་ནོ། །མྱ་ངན་ལས་འདས་པ་ལ་ནི་དེ་འཐོབ་པར་བྱ་བའི་ཕྱིར་དང་། ཁྱད་པར་ཅན་རྣམས་ལམ་བསྒོམ་པ་ལ་འཇུག་པ་ཡོད་པས་དེའི་ཕྱིར་དོན་དམ་པར་མྱ་ངན་ལས་འདས་པ་ནི་ཡོད་པ་ཁོ་ན་ཡིན་ནོ་ཞེས་བྱ་
བས་ནི་ཕ་རོལ་པོ་དག་རྣལ་འབྱོར་པ་རྣམས་མྱ་ངན་ལས་འདས་པ་ཐོབ་པར་བྱ་བའི་ཕྱིར་ལམ་བསྒོམ་པ་ལ་འཇུག་ཅིང་འཁོར་བ་ནི་སྤོང་། མྱ་ངན་ལས་འདས་པ་ནི་ལེན་པས་འཁོར་བ་དང་མྱ་ངན་ལས་འདས་པ་ཁྱད་པར་ཡོད་པའི་གཏན་ཚིགས་ཀྱིས་དོན་དམ་པར་མྱ་ངན་ལས་འདས་པ་ཡོད་
པ་ཁོ་ན་ཡིན་ཏེ་ཞེས་ཟེར་བའི་ཚིག་ཡིན་ཏེ། དེ་དག་ནི་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། མི་མཐུན་པའི་ཕྱོགས་ཀྱི་དཔེ་དང་། ཉེ་བར་སྦྱར་བའི་སྦྱོར་བ་དང་། མཇུག་བསྡུ་བ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། འདི་ན་རུས་སྦལ་གྱི་སྤུ་ལྟ་བུ་མེད་པ་
གང་ལ་ཁྱད་པར་ཅན་རྣམས་དེ་ཐོབ་པར་བྱ་བའི་ཕྱིར་འཇུག་པ་མེད་པ་དེ་ནི་ཡོད་པ་མ་ཡིན་གྱི། མྱ་ངན་ལས་འདས་པ་ལ་ནི་རྣལ་འབྱོར་པ་ཁྱད་པར་ཅན་རྣམས་ནི་དེ་ཐོབ་པར་བྱ་བའི་ཕྱིར་ལམ་བསྒོམ་པ་ལ་འཇུག་པ་ཡོད་པའི་ཕྱིར་དོན་དམ་པར་མྱ་ངན་ལས་འདས་པ་ནི་ཡོད་པ་ཁོ་ན་ཡིན་ནོ་ཞེས་
ཟེར་རོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ། འགྲེལ་པ་བྱེད་པ་ཉིད་ཀྱིས། འདིར་བཤད་པ། ཁྱད་པར་ཡོད་ན་ནི་གཞན་གྱིས་གཞན་འཐོབ་པ་མཐོང་སྟེ། དཔེར་ན་ལག་པས་རྐང་པ་སླེབས་པ་ལྟ་བུ་ཡིན་ན་ཁོ་བོ་ཅག་གི་ཕྱོགས་ལ་དོན་དམ་པར་འཁོར་བ་དང་། མྱ་ངན་ལས་འདས་པ་

དག་ལ་རྣམ་པ་དེ་ལྟ་བུ་མེད་པས་མྱ་ངན་ལས་འདས་པ་ཐོབ་པར་བྱ་བའི་ཕྱིར་འཇུག་པ་མེད་དོ་ཞེས་བྱ་བ་སྨྲས་ཏེ། དོན་དམ་པར་འཁོར་བ་དང་མྱ་ངན་ལས་འདས་པ་དག་ལ་ཁྱད་པར་མེད་པས་མྱ་ངན་ལས་འདས་པ་ཐོབ་པར་བྱ་བའི་ཕྱིར་འཇུག་པ་མེད་པས་ཕ་རོལ་པོ་དག་གི་གཏན་ཚིགས་མ་གྲུབ་པའི་
ཕྱིར་དོན་དམ་པར་མྱ་ངན་ལས་འདས་པ་ཡོད་པ་མ་ཡིན་ནོ་ཞེས་བསྟན་ཏོ། །དེ་ཉིད་བསྟན་པའི་ཕྱིར་ཅིའི་ཕྱིར་ཞེ་ན། འདི་ལྟ་སྟེ། འཁོར་བ་མྱ་ངན་འདས་པ་ལས། །ཁྱད་པར་ཅུང་ཟད་ཡོད་མ་ཡིན། །མྱ་ངན་འདས་པ་འཁོར་བ་ལས། །ཁྱད་པར་ཅུང་ཟད་ཡོད་མ་ཡིན། །དམིགས་སུ་མེད་པར་
མཉམ་པ་ཉིད་ཀྱིས། གཉི་ག་ཡང་དམིགས་སུ་མེད་པའི་ཕྱིར་རོ་ཞེས་བྱ་བར་དགོངས་སོ་ཞེས་བྱ་བར་སྨྲས་སོ། །ཇི་ལྟར་དམིགས་སུ་མེད་ཅེ་ན། དེའི་ཕྱིར། ཇི་ལྟར་དེ་དག་གི་བརྟགས་པའི་བདག་ཉིད་དམིགས་སུ་མེད་པ་དེ་ལྟར་ནི་བསྟན་ཟིན་པས་ཞེས་བྱ་བ་སྨྲས་སོ། །དེའི་ཕྱིར་དེ་ཐོབ་པར་བྱ་བའི་
ཕྱིར་འཇུག་པ་ཡོད་པའི་ཕྱིར་རོ་ཞེས་བྱ་བའི་གཏན་ཚིགས་དེའི་དོན་མ་གྲུབ་པ་ཉིད་དང་དོན་འགལ་བ་ཉིད་དོ་ཞེས་བྱ་བ་ནི་མཇུག་བསྡུ་བ་ཡིན་ནོ། །མྱ་ངན་ལས་འདས་པ་དང་འཁོར་བ་ཁྱད་པར་མེད་པའི་འཐད་པ་ཉིད་བསྟན་པའི་ཕྱིར། མྱ་ངན་ལས་འདས་པ་དང་འཁོར་བ་དག་ཁྱད་པར་མེད་པར་
བསྟན་པའི་ཕྱིར་བཤད་པ། མྱ་ངན་འདས་མཐའ་གང་ཡིན་པ། །དེ་ནི་འཁོར་བའི་མཐའ་ཡིན་ཏེ། །མཐའ་ནི་དེ་བཞིན་ཉིད་དང་ཆོས་ཉིད་དང་། །སྟོང་པ་ཉིད་ཅེས་བྱ་བ་དག་གི་རྣམ་གྲངས་སོ། །དེ་གཉིས་ཁྱད་པར་ཅུང་ཟད་ནི། །ཤིན་ཏུ་ཕྲ་བའང་ཡོད་མ་ཡིན། །ཆོས་ཉིད་དབྱེར་མེད་པའི་
ཕྱིར་ཏེ། ནམ་མཁའ་ལ་ཕྱོགས་ཀྱི་ཁྱད་པར་ཡོད་ཀྱང་མཚན་ཉིད་དབྱེར་མེད་པ་བཞིན་ནོ་ཞེས་བྱ་བར་དགོངས་སོ་ཞེས་བྱ་བ་སྨྲས་སོ། །འདིར་སྨྲས་པ། སྟོང་པ་ཉིད་ནི་ལྟ་བར་གྱུར་པ་ཐམས་ཅད་ལས་ངེས་པར་འབྱིན་པ་ཡིན་པར་གསུངས་ན་ཁྱེད་ཀྱིས་མྱ་ངན་ལས་འདས་པ་ངོ་བོ་ཉིད་མེད་
པ་ཉིད་དུ་བཤད་པས་མེད་པ་ནི་ལྟ་བའི་གཉེན་པོ་ཉིད་ཡིན་པར་མི་རུང་ངོ་ཞེས་བྱ་བ་ནི་ཕ་རོལ་པོ་དག་ན་རེ་ལུང་ལས། མདོར་ན་ཆོས་ནི་མི་འཚེ་སྟེ། །མྱ་ངན་འདས་པ་སྟོང་པ་ཉིད། །འདིར་ནི་དེ་གཉིས་འབའ་ཞིག་ཅེས། དེ་བཞིན་གཤེགས་པ་རྣམས་ཀྱིས་གསུངས། །ཞེས་འབྱུང་བས་

སྟོང་པ་ཉིད་ནི་མྱ་ངན་ལས་འདས་པ་ཡིན་ལ། དེ་ནི་ལྟ་བར་གྱུར་པ་ཐམས་ཅད་ལས་ངེས་པར་འབྱིན་པ་ཡིན་པར་གསུངས་པས་དེ་ནི་ཡོད་པ་ཁོ་ན་ཡིན་ནོ་ཞེས་ཟེར་བའི་ཚིག་ཡིན་ནོ། །དེ་ཉིད་ཀྱི་རྗེས་སུ་དཔག་པ་བསྟན་པའི་ཕྱིར། དེའི་ཕྱིར་མྱ་ངན་ལས་འདས་པ་ནི་ཡོད་པ་
ཁོ་ན་ཡིན་ཏེ། གཉེན་པོ་ཡིན་པའི་ཕྱིར་དཔེར་ན་སྣང་བ་བཞིན་ནོ་ཞེས་བྱ་བ་སྨྲས་ཏེ། དེ་དག་ནི་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་སྣང་བ་ནི་མུན་པའི་གཉེན་པོ་ཡིན་པའི་ཕྱིར་ཡོད་པ་ཁོ་ན་ཡིན་པ་དེ་བཞིན་
དུ་མྱ་ངན་ལས་འདས་པ་ཡང་ལྟ་བར་གྱུར་པ་ཐམས་ཅད་ཀྱི་གཉེན་པོ་ཡིན་པའི་ཕྱིར། ཡོད་པ་ཁོ་ན་ཡིན་ནོ་ཞེས་ཟེར་རོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ། འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས། དེ་ནི་བཟང་པོ་མ་ཡིན་ཏེ། དོན་དམ་པར་མར་མེ་སྣང་བ་ཉིད་དང་། དངོས་པོ་ཉིད་དུ་མ་
གྲུབ་པའི་ཕྱིར། དཔེ་མེད་པས་སྒྲུབ་པ་མ་ཚང་བ་ཉིད་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། ཁོ་བོ་ཅག་གིས་སྔར། མར་མེ་དག་ནི་གང་དང་ནི། །དེ་འདུག་པ་ན་མུན་པ་མེད། །ཅེས་བཤད་པ་དང་། དངོས་པོ་རྣམས་ཀྱི་སྐྱེ་བ་བཀག་པ་ཉིད་ཀྱིས་སྣང་བ་མུན་པའི་གཉེན་པོར་མ་གྲུབ་པའི་ཕྱིར་
ཁྱེད་ཀྱི་བསྒྲུབ་པ་ལ་དཔེ་མ་ཚང་བ་ཉིད་ཀྱི་སྐྱོན་ཡོད་པས་མི་རུང་ངོ་། །ཆོས་ཐམས་ཅད་མི་དམིགས་པ་ནི་སྟོང་པ་ཉིད་ཡིན་ལ་དེ་ཡང་དམིགས་པའི་གཉེན་པོ་ཡིན་པར་བརྗོད་ན་དམིགས་པར་བྱ་བའི་དོན་དམིགས་སུ་མེད་ན་ཡུལ་དེ་ལ་དམིགས་པ་ཡང་མེད་དོ་ཞེས་བྱ་བས་ནི་མྱ་ངན་ལས་
འདས་པ་ནི་སྟོང་པ་ཉིད་ཡིན་ལ་དེ་ཡང་ལྟ་བ་ཐམས་ཅད་ལས་ངེས་པར་འབྱིན་པའི་གཉེན་པོ་ཡིན་པར་བརྗོད་པས་དེ་ལ་དེ་དམིགས་པར་བྱ་བ་དང་། དམིགས་པར་བྱེད་པ་གཉི་ག་དམིགས་སུ་མེད་པའི་ཕྱིར་གཟུང་བ་དང་། འཛིན་པའི་ངོ་བོ་ཉིད་དུ་མངོན་པར་ཞེན་པར་མི་བྱའོ་ཞེས་བསྟན་
ཏེ། དེས་ནི་ཕ་རོལ་པོ་དག་གི་དམ་བཅས་པ་མ་གྲུབ་པར་བསྟན་ཏོ། །འདིར་གལ་ཏེ་ཕ་རོལ་པོ་དག་འདི་སྐད་ཅེས་འོ་ན་མྱ་ངན་ལས་འདས་པ་སྟོང་པ་ཉིད་ཅེས་གསུངས་པ་སྟེ་ཡོད་པ་ཡིན་ནམ་མེད་པ་ཡིན་ཞེས་ཟེར་བའི་ཕྱོགས་སྔ་མ་ཁོང་ནས་དབྱུང་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་

ཉིད་ཀྱིས། ཡོད་པ་ཡང་མ་ཡིན་ཏེ། མ་སྐྱེས་པའི་ཕྱིར། དཔེར་ན་ནམ་མཁའི་མེ་ཏོག་བཞིན་ནོ། །མེད་པ་ཡང་མ་ཡིན་ཏེ། དགག་པ་སྔར་བསྟན་ཟིན་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། སྟོང་པ་ཉིད་ནི་ཡོད་པ་མ་ཡིན་ཏེ། མ་སྐྱེས་པའི་ཕྱིར་དཔེར་ན་ནམ་མཁའི་མེ་ཏོག་བཞིན་ནོ་ཞེས་བྱ་བའི་སྒྲུབ་པ་
འདིས་ནི་ཡོད་པར་ལྟ་བ་དགག་པ་བསྟན་ཏོ། །སྟོང་པ་ཉིད་ནི་མེད་པ་ཡང་མ་ཡིན་ཏེ། དངོས་པོ་བཀག་པས་དངོས་པོ་མེད་པར་བརྗོད་པ་ཡིན་ན། འདིར་དངོས་པོ་ཉིད་དམིགས་སུ་མེད་པ་ཡིན་པས་དེ་བཀག་པ་དང་དངོས་པོ་མེད་པར་བསྒྲུབ་པ་ཡང་མ་ཡིན་དབུ་མ་པ་ནི་མེད་པར་དགག་པའི་ཚུལ་སྟོན་པ་
ཡིན་གྱི། མ་ཡིན་པར་དགག་པ་མི་སྟོན་ཏོ་ཞེས་དགག་པ་སྔར་བསྟན་ཟིན་པའི་ཕྱིར་དེས་ནི་མེད་པར་ལྟ་བ་དགག་པ་བསྟན་ཏོ། །དེ་ལྟ་བས་ན་སྟོང་པ་ཉིད་ལ་མངོན་པར་ཞེན་པ་ནི་རིགས་པ་མ་ཡིན་ནོ་ཞེས་བྱ་བ་ནི་སྟོང་པ་ཉིད་ལ་མཐའ་གཉིས་སུ་མངོན་པར་ཞེན་པ་དགག་པའི་མཇུག་བསྡུ་བ་ཡིན་ནོ། །དེ་
ཉིད་ཀྱི་འཐད་པ་གཞན་བསྟན་པའི་ཕྱིར། སྟོང་པ་ཉིད་དུ་ལྟ་བ་ཡང་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་དམིགས་སུ་མེད་པའི་བགེགས་བསལ་བའི་ཕྱིར་མཁས་པ་རྣམས་སྤོང་བར་བྱེད་དོ། །མི་མཁས་པ་རྣམས་ནི་དེ་ཉིད་དངོས་པོ་དང་དངོས་པོ་མེད་པ་ལས་འཛིན་པར་བྱེད་ཅིང་དོན་མེད་པ་ཉིད་སྒྲུབ་
པར་བྱེད་དེ་ཞེས་བྱ་བ་སྨྲས་སོ། །དེ་ཉིད་ཀྱི་ཁུངས་བསྟན་པའི་ཕྱིར། ཇི་སྐད་དུ་འོད་སྲུངས་གང་སྟོང་པ་ཉིད་དུ་ལྟ་བ་དེ་ནི་གསོར་མི་རུང་བར་ང་སྨྲའོ་ཞེས་གསུངས་པ་ལྟ་བུའོ་ཞེས་བྱ་བ་སྨྲས་ཏེ། འཕགས་པ་དཀོན་མཆོག་བརྩེགས་པའི་མདོ་ལས་དེ་སྐད་གསུངས་སོ། །དེའི་ཕྱིར་དེ་ལྟར་སྟོང་པ་ཉིད་
མ་གྲུབ་པས་གཉེན་པོ་ཡིན་པའི་ཕྱིར་ཞེས་བྱ་བའི་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་དོ་ཞེས་བྱ་བ་ནི་མཇུག་བསྡུ་བ་དང་། ཚད་མའི་འབྲས་བུ་ཡིན་ཏེ། རེ་ཞིག་དེ་དག་གིས་ནི་སྔར་ཕ་རོལ་པོ་དག་གིས་མྱ་ངན་ལས་འདས་པ་ནི་ཡོད་པ་ཁོ་ན་ཡིན་ཏེ་གཉེན་པོ་ཡིན་པའི་ཕྱིར་དཔེར་ན་སྣང་བ་བཞིན་ནོ་ཞེས་
སྨྲས་པའི་དཔེ་དང་དམ་བཅས་པ་དང་། གཏན་ཚིགས་དག་མ་གྲུབ་པར་རིམ་བཞིན་དུ་བསྟན་ཏོ། །ད་ནི་ཕ་རོལ་པོ་དག་ན་རེ་སྟོང་པ་ཉིད་ནི་ལྟ་བར་གྱུར་པ་ཐམས་ཅད་ལས་ངེས་པར་འབྱིན་པ་ཡིན་པར་གསུངས་ན། ཁྱེད་ཀྱིས་མྱ་ངན་ལས་འདས་པ་ངོ་བོ་ཉིད་དུ་མེད་པ་བཤད་པས་མེད་པ་ནི་ལྟ་བའི་གཉེན་པོ་

ཡིན་པར་མི་རུང་ངོ་ཞེས་སྨྲས་པའི་ལྟ་བ་དག་དོན་དམ་པར་ཡོད་པ་མ་ཡིན་པས་དེ་དག་གི་གཉེན་པོ་ཡང་རིགས་པ་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར། ཡང་ན་དོན་དམ་པར་ལྟ་བ་དག་ཡོད་ན་ནི་དེ་དག་གི་གཉེན་པོ་ཡང་རིགས་པར་འགྱུར་གྲང་ན། ལྟ་བ་དེ་དག་ཡོད་པ་མ་ཡིན་པས་
དེ་བརྟག་པའི་ཕྱིར་འདི་བཤད་དེ། འགགས་པར་གྱུར་དང་མཐའ་སོགས་དང་། །རྟག་ལ་སོགས་པར་ལྟ་བ་དག །མྱ་ངན་འདས་དང་ཕྱི་མཐའ་དང་། །སྔོན་གྱི་མཐའ་ལ་བརྟེན་པ་ཡིན། །ཞེས་བྱ་བ་སྨྲས་ཏེ། དེ་བཞིན་གཤེགས་པ་འགགས་པར་གྱུར་ན་ཡོད་པ་ལ་སོགས་པར་ལྟ་བ་
དང་། འཇིག་རྟེན་མཐའ་ཡོད་པ་ལ་སོགས་པར་ལྟ་བ་དང་། འཇིག་རྟེན་རྟག་པ་ལ་སོགས་པར་ལྟ་བ་དེ་དག་ནི་ལྟ་བར་གྱུར་པའི་རྣམ་པ་སྟེ། དེ་དག་ཀྱང་མྱ་ངན་ལས་འདས་པ་དང་། ཕྱི་མའི་མཐའ་དང་། སྔོན་གྱི་མཐའ་ལ་བརྟེན་པ་ཡིན་པས། ངོ་བོ་ཉིད་ལས་ཡོད་པ་མ་ཡིན་
པའི་ཕྱིར། དེ་དག་གི་གཉེན་པོ་སྟོང་པ་ཉིད་ཀྱང་ཡོད་པ་མ་ཡིན་ནོ་ཞེས་སྟོན་ཏོ། །དེ་ཉིད་བྱེ་བྲག་ཏུ་བཤད་པ་བསྟན་པའི་ཕྱིར། འགགས་པར་གྱུར་པ་ནི་དེ་བཞིན་གཤེགས་པ་མྱ་ངན་ལས་འདས་ནས་ཡོད་པ་དང་མེད་པ་དང་ཡོད་ཀྱང་ཡོད་ལ་མེད་ཀྱང་མེད་པ་དང་། ཡོད་པ་
ཡང་མ་ཡིན་མེད་པ་ཡང་མ་ཡིན་པར་ལྟ་བའོ། །མཐའ་ལ་སོགས་པ་ནི་འཇིག་རྟེན་མཐའ་ཡོད་པ་དང་མཐའ་མེད་པ་དང་། མཐའ་ཡོད་ཀྱང་ཡོད་ལ་མཐའ་མེད་ཀྱང་མེད་པ་དང་། མཐའ་ཡོད་པ་ཡང་མ་ཡིན། མཐའ་མེད་པ་ཡང་མ་ཡིན་པར་ལྟ་བའོ། །རྟག་པ་ལ་སོགས་
པ་ནི་འཇིག་རྟེན་རྟག་པ་དང་མི་རྟག་པ་དང་། རྟག་ཀྱང་རྟག་ལ་མི་རྟག་ཀྱང་མི་རྟག་པ་དང་རྟག་པ་ཡང་མ་ཡིན་མི་རྟག་པ་ཡང་མ་ཡིན་པར་ལྟ་བའོ། །ལྟ་བ་དེ་དག་ནི་གོ་རིམས་བཞིན་དུ་མྱ་ངན་ལས་འདས་པ་དང་། ཕྱི་མའི་མཐའ་དང་། སྔོན་གྱི་མཐའ་ལ་བརྟེན་པ་ཡིན་པས་ངོ་བོ་
ཉིད་ལས་ཡོད་པ་མ་ཡིན་ནོ་ཞེས་བྱ་བ་སྨྲས་སོ། །དེ་ལྟར་ལྟ་བ་དེ་དག་ངོ་བོ་ཉིད་ལས་ཡོད་པ་མ་ཡིན་ན་ཇི་ལྟར་སྣང་བར་འགྱུར་ཞེ་ན། དེའི་ཕྱིར་ལོག་པར་རྣམ་པར་རྟོག་པ་ལ་གོམས་པའི་བག་ཆགས་ཀྱི་སྐྱོན་གྱིས་རྣམ་པར་རྟོག་པ་དང་རྣམ་པར་བརྟག་པའི་དངོས་པོ་ངོ་བོ་ཉིད་མེད་

པ་ཉིད་དུ་བསྟན་ཟིན་པས་དེའི་ཕྱིར་དངོས་པོ་ཐམས་ཅད་སྟོང་པ་ལ། མཐའ་ཡོད་ཅི་ཞིག་མཐའ་མེད་ཅི། །མཐའ་དང་མཐའ་མེད་ཅི་ཞིག་ཡིན། །མཐའ་མིན་མཐའ་མེད་མིན་པ་ཅི། །དེ་ཉིད་ཅི་ཞིག་གཞན་ཅི་ཡིན། །རྟག་པ་ཅི་ཞིག་མི་རྟག་ཅི། །རྟག་དང་མི་རྟག་གཉིས་ཀ་ཅི། །གཉི་ག་མིན་པའང་ཇི་ཞིག་ཡིན། །རྣམ་
པར་བརྟག་པར་བྱ་བའི་དངོས་པོ་མེད་ན་གཞི་མེད་པ་ལ་དེ་དག་ཏུ་རྣམ་པར་རྟོག་པ་མེད་པའི་ཕྱིར་རོ་ཞེས་བྱ་བར་དགོངས་སོ་ཞེས་བྱ་བ་སྨྲས་སོ། །དེ་ཉིད་ཀྱི་ཁུངས་བསྟན་པའི་ཕྱིར། །དེའི་ཕྱིར་མདོ་སྡེ་ལས་ཀྱང་། །གང་ལ་རྣམ་རྟོག་ཡོད་མིན་པ། །དེ་ལ་རྣམ་རྟོག་ག་ལ་ཡོད། །རྣམ་བརྟག་
རྣམ་རྟོག་ཟད་གྱུར་པས། །བསྟན་པ་རྣམ་པར་གྲོལ་བར་འགྱུར། །ཞེས་གསུངས་སོ་ཞེས་བྱ་བ་སྨྲས་སོ། །ཐ་སྙད་པའི་གཏན་ཚིགས་སུ་རྟོགས་ན་ནི་སྐྱོན་སྔ་མ་བཞིན་ནོ་ཞེས་བྱ་བ་ནི་ཕ་རོལ་པོ་དག་གི་གཏན་ཚིགས་གཉེན་པོ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་དེ་ཀུན་རྫོབ་ཀྱི་གཏན་ཚིགས་སུ་རྟོགས་ན་
ནི་དོན་འགལ་བ་ཉིད་ཀྱི་སྐྱོན་སྔ་མ་བཞིན་ནོ། །གཞན་དག་གིས་སྨྲས་པ། དོན་དམ་པར་མྱ་ངན་ལས་འདས་པ་ནི་ཡོད་པ་ཁོ་ན་ཡིན་ཏེ། དེ་ཐོབ་པར་བྱ་བའི་ཕྱིར་བཅོམ་ལྡན་འདས་ཀྱིས་ཀྱང་དབང་པོ་དང་བསམ་པ་དང་། མོས་པ་དང་། དུས་དང་ཡུལ་ལ་ལྟོས་པས་ཆོས་བསྟན་པའི་ཕྱིར་རོ། །
དེ་མེད་ན་སྒྲུབ་པ་དེ་མི་འཐད་ཏེ། དཔེར་ན་རི་བོང་གི་རྭ་བཞིན་ནོ། །བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་མྱ་ངན་ལས་འདས་པ་ཐོབ་པར་བྱ་བའི་ཕྱིར། སྤྱད་པའི་གཉེན་པོར་བཀའ་སྩལ་པས་དེའི་ཕྱིར་དེ་ཡོད་པས་དོན་དམ་པར་མྱ་ངན་ལས་འདས་པ་ཡོད་པ་ཁོ་ན་ཡིན་ནོ་ཞེས་བྱ་
བས་ནི་ཕ་རོལ་པོ་དག་མྱ་ངན་ལས་འདས་པ་ཐོབ་པར་བྱ་བའི་ཕྱིར་བཅོམ་ལྡན་འདས་ཀྱིས་སེམས་ཅན་གྱི་དབང་པོ་དང་། བསམ་པ་དང་། མོས་པ་དང་། དུས་དང་། ཡུལ་ལ་ལྟོས་པས་ཆོས་བསྟན་པ་ཡོད་པའི་གཏན་ཚིགས་ཀྱིས་མྱ་ངན་ལས་འདས་པ་ཡོད་པར་བསྒྲུབ་པའི་གཏན་ཚིགས་
ཡིན་ཏེ། དེ་དག་ནི་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། ཆོས་མི་མཐུན་པའི་ཕྱོགས་ཀྱི་དཔེ་དང་། ཉེ་བར་སྦྱར་བའི་སྦྱོར་བ་དང་། མཇུག་བསྡུ་བ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། འདི་ནི་རི་བོང་གི་རྭ་ལྟ་བུ་གང་མེད་པ་དེ་ཐོབ་པར་བྱ་བའི་ཕྱིར་བཅོམ་ལྡན་

འདས་ཀྱིས་ཆོས་བསྟན་པ་དེ་ནི་ཡོད་པ་མ་ཡིན་གྱི། མྱ་ངན་ལས་འདས་པ་འཐོབ་པར་བྱ་བའི་ཕྱིར། བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་སྤྱོད་པ་རྣམ་པར་སྦྱོང་བའི་གཉེན་པོར་བཀའ་སྩལ་པས། དེའི་ཕྱིར་མྱ་ངན་ལས་འདས་པ་ནི་ཡོད་པ་ཁོ་ན་ཡིན་
ནོ་ཞེས་ཟེར་རོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས། དེ་ལ་འདིར་གལ་ཏེ། དོན་དམ་པར་ཆོས་བསྟན་པའི་ཕྱིར་རོ་ཞེས་བྱ་བར་གཏན་ཚིགས་ཀྱི་དོན་དམ་པར་འདོད་ན་ནི་མི་རུང་སྟེ། ཁོ་བོ་ཅག་གི་ཕྱོགས་ལ། དམིགས་པ་ཐམས་ཅད་ཉེར་ཞི་ཞིང་། །སྤྲོས་པ་ཉེ་བར་ཞི་
བ་སྟེ། །སངས་རྒྱས་ཀྱིས་ནི་གང་དུ་ཡང་། །སུ་ལའང་ཆོས་འགའ་མ་བསྟན་ཏོ། །ཞེས་བྱ་བ་སྨྲས་ཏེ། ཚིག་ལེའུར་བྱས་པའི་ཕྱེད་གོང་མས་ནི་དོན་དམ་པའི་མཚན་ཉིད་བསྟན་ལ་ཕྱེད་འོག་མས་ནི་དོན་དམ་པར་སངས་རྒྱས་ཀྱིས་གནས་སྐབས་གང་དུ་ཡང་གང་ཟག་སུ་ལ་ཡང་ཆོས་འགའ་ཡང་མ་བསྟན་
པས་ཕ་རོལ་པོ་དག་གི་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་དུ་བསྟན་ཏོ། །དེ་ཉིད་བྱེ་བྲག་ཏུ་བཤད་པ་བསྟན་པའི་ཕྱིར། དམིགས་པ་ཐམས་ཅད་ཉེ་བར་ཞི་བ་ནི་དམིགས་པར་བྱ་བའི་དོན་མེད་ན་ཡུལ་མེད་པ་ལ་དམིགས་པ་མེད་པའི་ཕྱིར་དང་། འདུས་བྱས་ཡིན་པའི་ཕྱིར་དམིགས་པར་བྱ་བ་
བཞིན་དུ་དམིགས་པ་ལ་སོགས་པའི་ཕྱིར་རོ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། དེས་ནི་ཇི་ལྟར་རྣལ་འབྱོར་སྤྱོད་པ་པ་དག་གིས་གང་གི་ཚེ་ཀུན་བརྟགས་པའི་ངོ་བོ་ཉིད་མེད་པའི་ཕྱིར་མི་དམིགས་ཤིང་གཞན་གྱི་དབང་གི་ངོ་བོ་ཉིད་ཀྱང་རྒྱུ་མཚན་དུ་མི་འཛིན་པས་ཡང་དག་པར་རྗེས་སུ་མི་མཐོང་བ་དེའི་ཚེ།
དམིགས་པ་ཐམས་ཅད་ཉེ་བར་ཞི་བ་ཡིན་ནོ་ཞེས་ཀུན་བརྟགས་པའི་མཚན་ཉིད་ངོ་བོ་ཉིད་མེད་པར་ཟད་ཀྱི། གཞན་གྱི་དབང་གི་མཚན་ཉིད་ནི་ཡོད་དེ། དེ་ཡང་ཇི་སྲིད་དུ་གཞན་གྱི་དབང་ལ་ཀུན་བརྟགས་ཀྱི་ངོ་བོ་ཉིད་དུ་མངོན་པར་ཞེན་པ་དེ་སྲིད་ནི་ཀུན་ནས་ཉོན་མོངས་པའི་ཕྱོགས་ཡིན་ལ། གང་
གི་ཚེ་གཞན་གྱི་དབང་ལ་ཀུན་བརྟགས་ཀྱི་ངོ་བོ་ཉིད་དུ་མངོན་པར་ཞེན་པ་མེད་པ་དེའི་ཚེ་ན་ནི་རྣམ་པར་བྱང་བའི་ཕྱོགས་ཡིན་ཏེ། གཞན་གྱི་དབང་གི་ངོ་བོ་ཉིད་གནས་གྱུར་པ་འགྱུར་བ་མེད་པ་ཡོངས་སུ་གྲུབ་པ་དང་། ཕྱིན་ཅི་མ་ལོག་པར་ཡོངས་སུ་གྲུབ་པ་དེ་བཞིན་ཉིད་དང་། ཡང་

དག་པའི་ཡེ་ཤེས་ཞེས་བྱ་བ་དོན་དམ་པར་ཡང་ཡོད་པར་བརྟགས་པ་དག་གི་གཞུང་དགག་པ་བསྟན་ཏེ། འདིར་དབུ་མ་པ་དག་གི་ཕྱོགས་ལ་དོན་དམ་པར་དམིགས་པར་བྱ་བའི་ཡུལ་དང་། དམིགས་པར་བྱེད་པའི་སེམས་གཉིས་ཀ་ཡང་ངོ་བོ་ཉིད་མེད་པ་ཡིན་ལ། དེ་དག་ཀྱང་ཀུན་རྫོབ་ཏུ་རྟེན་
ཅིང་འབྲེལ་པར་འབྱུང་བའི་ཚུལ་གྱིས་འདུས་བྱས་ཡིན་པའི་ཕྱིར་རྐྱེན་གཞན་ལས་འབྱུང་བས་རང་གི་ངོ་བོ་ཉིད་ལས་སྐྱེ་བ་མེད་པའི་ཕྱིར་ཇི་ལྟར་དམིགས་པར་བྱ་བའི་ཡུལ་ངོ་བོ་ཉིད་མེད་པ་བཞིན་དུ་དམིགས་པར་བྱེད་པའི་སེམས་ཀྱང་ངོ་བོ་ཉིད་མེད་པས་གཞན་གྱི་དབང་དང་ཡོངས་སུ་གྲུབ་
པའི་དམིགས་པ་ཐམས་ཅད་ལོག་པར་གྱུར་པ་ནི་དམིགས་པ་ཐམས་ཅད་ཉེ་བར་ཞི་བ་ཡིན་ཏེ། དེ་ནི་དོན་དམ་པའི་བདེན་པ་མཚན་ཉིད་མེད་པའི་མཚན་ཉིད་དང་བྲལ་བ་གཉིས་སུ་མེད་པར་བརྗོད་དུ་མེད་པ་སྨྲ་བ་དང་། བསམ་པ་ལས་འདས་པ་སྐྱེ་བ་མེད་པ་འཕགས་པ་རྣམས་ཀྱིས་སོ་སོ་རང་གི་རིག་
པ། །མ་སྐྱེས་པ་དང་མ་འགགས་པ། །ཆོས་ཉིད་མྱ་ངན་འདས་དང་མཚུངས། །ཞེས་བྱ་བ་ཡིན་པར་བསྟན་ཏོ། །སྤྲོས་པ་ཉེ་བར་ཞི་བ་ནི་དམིགས་པར་བྱ་བའི་དོན་མེད་པ་ཁོ་ནའི་ཕྱིར་ཡུལ་དེ་ལ་བརྗོད་པའི་མཚན་ཉིད་ནི་སྤྲོས་པ་མི་འཇུག་པའི་ཕྱིར་རོ་ཞེས་བྱ་བས་ནི་དམིགས་པ་ཐམས་ཅད་ཉེ་
བར་ཞི་བ་ཁོ་ནའི་ཕྱིར་བསམ་གྱིས་མི་ཁྱབ་པའི་དབྱིངས་དེ་ལ་ཡིད་ལ་བརྗོད་པ་དང་། ཚིག་ཏུ་བརྗོད་པའི་མཚན་ཉིད་ཀྱི་སྤྲོས་པ་མི་འཇུག་པའི་ཕྱིར་སྤྲོས་པ་ཉེ་བར་ཞི་བ་ཡིན་སྟེ། དེ་ནི་བརྗོད་པར་བྱ་བ་དང་སེམས་ཀྱི་སྤྱོད་ཡུལ་ལོག་པའི་དོན་དམ་པ། བརྗོད་པར་བྱ་བ་ལྡོག་པས་ཏེ། །སེམས་
ཀྱི་སྤྱོད་ཡུལ་ལྡོག་པས་སོ། །ཞེས་བྱ་བ་ཡིན་པར་བསྟན་ཏོ། །ཞི་བ་ནི་གནོད་པ་ཐམས་ཅད་དང་བྲལ་བའི་ཕྱིར་རོ་ཞེས་བྱ་བས་ནི་ལས་དང་ཉོན་མོངས་པའི་གནོད་པ་ནི་རྣམ་པར་རྟོག་པ་ལས་འབྱུང་ལ། རྣམ་པར་རྟོག་པ་ནི་སྤྲོས་པ་ལས་འབྱུང་། སྤྲོས་པ་པ་ནི་སྟོང་པ་ཉིད་ཀྱིས་འགགས་པས།
གང་གི་ཚེ་བརྗོད་པར་བྱ་བ་དང་། སེམས་ཀྱི་སྤྱོད་ཡུལ་ལྡོག་པས་མ་སྐྱེས་པ་དང་། མ་འགགས་པའི་ཆོས་ཉིད་མྱ་ངན་ལས་འདས་པ་དང་མཚུངས་པ་རྟོགས་པའི་དུས་ན་གནོད་པ་ཐམས་ཅད་དང་བྲལ་བར་གྱུར་པ་ནི་ཞི་བ་སྟེ། དེ་ཉིད་དོན་དམ་པའི་མཚན་ཉིད་ཡིན་པར་བསྟན་ཏོ། །སངས་རྒྱས་ཀྱིས་ནི་

གང་དུ་ཡང་། །སུ་ལའང་ཆོས་འགའ་མ་བསྟན་ཏོ། །ཞེས་བྱ་བ་ནི་དོན་དམ་པར་ཆོས་ཐམས་ཅད་ཀུན་བརྟགས་པའི་བདག་ཉིད་དུ་ཡོངས་སུ་མ་གྲུབ་པའི་ཕྱིར་དང་བརྗོད་དུ་མེད་པའི་ཕྱིར་རོ་ཞེས་བྱ་བས་ནི་དོན་དམ་པར་ཀུན་བརྟགས་ཀྱི་བདག་ཉིད་དང་། བརྗོད་
པའི་བདག་ཉིད་མེད་པའི་ཕྱིར། དོན་དམ་པར་སངས་རྒྱས་ཀྱིས་གནས་སྐབས་གང་དུའང་གང་ཟག་སུ་ལའང་ཆོས་འགའ་ཡང་མ་བསྟན་པས་ཕ་རོལ་པོ་དག་གི་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་དུ་བསྟན་ཏོ། །ཡང་ན། སངས་རྒྱས་ཀྱིས་ནི་གང་དུ་ཡང་། །སུ་ལའང་ཆོས་
འགའ་མ་བསྟན་ཏོ། །ཞེས་བྱ་བ་ནི། ཆོས་ཀྱི་དེ་ཁོ་ན་ནི་རང་རིག་པར་བྱ་བ་ཡིན་ལ་བརྗོད་པ་ནི་ཀུན་བརྟགས་པའི་སྤྱིའི་ཡུལ་ཅན་ཡིན་པས་དེའི་ཕྱིར་ཆོས་ཀྱི་དེ་ཁོ་ན་དེ་ནི་བསྟན་པར་བྱ་བ་མ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི། ཆོས་ཀྱི་དེ་ཁོ་ན་ནི་རང་རིག་པར་བྱ་བ་ཡིན་གྱི། ཀུན་
བརྟགས་ཀྱི་བརྗོད་པས་བསྟན་པར་བྱ་བ་མ་ཡིན་པའི་ཕྱིར། དོན་དམ་པར་སངས་རྒྱས་ཀྱིས་གནས་སྐབས་གང་དུ་ཡང་གང་ཟག་སུ་ལ་ཡང་ཆོས་འགའ་ཡང་མ་བསྟན་པས། ཕ་རོལ་པོ་དག་གི་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་དུ་བསྟན་ཏོ། །གལ་ཏེ་བཅོམ་ལྡན་
འདས་ཀྱིས་ཆོས་འགའ་ཡང་མ་བསྟན་ན། མདོ་སྡེ་ལ་སོགས་པ་ཐེག་པ་གསུམ་དང་ལྡན་པ་འདི་དག་ལས་འབྱུང་སྟེ། དེའི་ཕྱིར་ཁས་བླངས་པ་ལ་གནོད་པར་འགྱུར་རོ་ཞེས་ཟེར་བ་དེའི་ལན་དུ་འོན་ཀྱང་ཐ་སྙད་ཀྱི་བདེན་པ་རྣམ་པར་གཞག་པའི་ཚུལ་དུ་ནི་སྟོན་པས། ཐམས་
ཅད་ལ་ཕན་གདགས་པའི་ཕྱིར་བསྐལ་པ་སྟོང་ཕྲག་དཔག་ཏུ་མེད་པར་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རབ་ཏུ་བསྩགས་པ་ལས་ངེས་པར་འཁྲུངས་པ་ཡིད་བཞིན་གྱི་ནོར་བུ་གཟུགས་སྣ་ཚོགས་དང་ལྡན་པ་ལྟ་བུ་རྣམ་པར་མི་རྟོག་པ་ལས་རྩོལ་བ་མི་མངའ་བར་སེམས་ཅན་
རྣམས་ཀྱི་བསམ་པའི་དབང་གིས་ཐེག་པ་གསུམ་པ་ལྡན་པའི་གསུང་འབྱུང་ཞིང་། དེའི་དབང་གིས་ཉན་པའི་སྐྱེ་བོ་རྣམས་སྟོན་པ་བདག་ཅག་ལ་ཆོས་སྟོན་ཏོ་སྙམ་དུ་དེ་ལ་རྣམ་པར་རྨོངས་པར་ཡང་འགྱུར་རོ་ཞེས་བྱ་བ་སྨྲས་ཏེ། ཀུན་རྫོབ་ཏུ་སྟོན་པའི་ཁྱད་པར་དང་གསུང་གི་ཁྱད་པར་

དང་། གདུལ་བྱའི་ཁྱད་པར་ལས་ཐེག་པ་གསུམ་དང་ལྡན་པའི་ཆོས་བསྟན་པ་ཡང་ཡོད་དོ་ཞེས་བྱ་བར་སྦྱར་རོ། །ཡང་ན། སངས་རྒྱས་ཀྱིས་ནི་གང་དུ་ཡང་། །སུ་ལའང་ཆོས་འགའ་མ་བསྟན་ཏོ། །ཞེས་བྱ་བ་ནི། སྐུ་མིན་སྐུ་ལས་གཞན་མ་ཡིན། །དེ་ལས་སྐུ་མེད་དེར་དེ་མེད། །དེ་བཞིན་
གཤེགས་པ་སྐུ་ལྡན་མིན། །དེ་བཞིན་གཤེགས་པ་གང་ཞིག་ཡིན། །ཞེས་བསྟན་པའི་ཚུལ་གྱིས་དོན་དམ་པར་སྟོན་པ་དེ་བཞིན་གཤེགས་པ་ཞེས་བྱ་བའི་ངོ་བོ་ཉིད་འགའ་ཡང་མེད་ལ་གང་དུ་བསྟན་པར་བྱ་བ་དང་། གང་ལ་བསྟན་པར་བྱ་བ་དང་གང་བསྟན་པར་བྱ་བ་ཡང་མེད་པས་དེ་ལྟར་དེ་དག་
རྫས་སུ་ཡོད་པ་མ་ཡིན་པའི་ཕྱིར་རོ་ཞེས་བྱ་བས་ནི་སྔར་དེ་བཞིན་གཤེགས་པ་བརྟགས་པའི་སྐབས་སུ་དེ་སྐད་བསྟན་པའི་ཚུལ་གྱིས་སྟོན་པ་དང་། གནས་སྐབས་དང་ཉན་པ་དང་། ཆོས་དག་ངོ་བོ་ཉིད་མེད་ཅིང་རྫས་སུ་ཡོད་པ་མ་ཡིན་པའི་ཕྱིར་དོན་དམ་པར་སངས་རྒྱས་ཀྱིས་གནས་སྐབས་གང་དུ་
ཡང་། གང་ཟག་སུ་ལའང་ཆོས་འགའ་ཡང་མ་བསྟན་པས་ཕ་རོལ་པོ་དག་གི་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་དུ་བསྟན་ཏོ། །ཡང་ན། སངས་རྒྱས་ཀྱིས་ནི་གང་དུ་ཡང་། །སུ་ལའང་ཆོས་འགའ་མ་བསྟན་ཏོ། །ཞེས་བྱ་བ་ནི། འདུ་བྱེད་རྣམས་ནི་བྱེད་པ་མེད་པ་ཡིན་ལ། འདུ་བྱེད་ཀྱི་ཚོགས་ཟག་
པ་མེད་པ། སྒྲིབ་པ་གཉིས་སྤངས་པ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ལ་སོགས་པའི་གཞིར་གྱུར་པ་ནི་སངས་རྒྱས་ཡིན་ཏེ། དེ་ལ་ནི་བྱ་བ་མེད་པས་སྟོན་པར་མི་འཐད་པའི་ཕྱིར་དང་གང་ལ་བསྟན་པར་བྱ་བ་དེ་ཡང་འདུ་བྱེད་ཀྱི་ཚོགས་གཡོ་བ་མེད་པ་ཟག་པ་དང་བཅས་པ་དང་། ཟག་པ་མེད་
པ་ཡིན་པས་ཉན་པ་དང་འཛིན་པ་ལ་སོགས་པའི་ཐ་སྙད་མེད་པས་དོན་དམ་པར་ཉན་པ་དང་འཛིན་པར་བྱེད་པ་མེད་པའི་ཕྱིར་དང་། གང་དུ་གང་བསྟན་པར་བྱ་བ་ཡང་། དོན་དམ་པར་བོང་བ་དང་། སྤྲུལ་པ་ལྟ་བུ་ཡིན་པའི་ཕྱིར་རོ་ཞེས་བྱ་བས་ནི་འདུ་བྱེད་ཐམས་ཅད་ནི་བྱེད་པ་མེད་པ་ཡིན་ལ། སྟོན་
པ་དང་ཉན་པ་དང་གནས་སྐབས་དང་། ཆོས་དག་ཀྱང་འདུ་བྱེད་ཀྱི་ཚོགས་ཀྱི་ཁྱད་པར་ཡིན་པའི་ཕྱིར། དོན་དམ་པར་སངས་རྒྱས་ཀྱིས་གནས་སྐབས་གང་དུ་ཡང་གང་ཟག་སུ་ལའང་ཆོས་འགའ་ཡང་མ་བསྟན་པས། ཕ་རོལ་པོ་དག་གི་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་དུ་བསྟན་ཏོ། །ཡང་ན།

སངས་རྒྱས་ཀྱིས་ནི་གང་དུ་ཡང་། །སུ་ལའང་ཆོས་འགའ་མ་བསྟན་ཏོ། །ཞེས་བྱ་བ་ནི་སྔོན་གྱི་སྨོན་ལམ་གྱི་ཤུགས་ཀྱི་དབང་དང་། བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན་བསྡུ་བའི་དངོས་པོ་བཞིས་བསྡུས་པའི་སེམས་ཅན་དགེ་བའི་རྩ་བ་བསྐྱེད་པ་དང་། ཉེ་བར་བསྩགས་
པ་དང་ཡོངས་སུ་སྨིན་པར་གྱུར་པ་རྣམས་ཀྱི་རྒྱུའི་མཐུ་ཉིད་ལས་མོས་པ་དང་། དབང་པོ་དང་བསམ་པའི་དབང་གིས་ཆོས་སྟོན་པ་ཞེས་བྱ་བའི་གསུང་སྦྱིན་པ་ལ་སོགས་པའི་གཞིར་གྱུར་པ། ཡན་ལག་དྲུག་ཅུ་དང་ལྡན་པ་སེམས་ཅན་ཐམས་ཅད་ཡང་དག་པར་མགུ་བར་མཛད་པ། དེ་དེ་བཞིན་གཤེགས་
པའི་ཕྲིན་ལས་ལྟ་བུར་འབྱུང་གི །དེ་བཞིན་གཤེགས་པ་རྟག་ཏུ་མཉམ་པར་གཞག་པ་མཛད་པ་ལྷུན་གྱིས་གྲུབ་པ་རྟོག་པ་དང་དཔྱོད་པ་མི་མངའ་བ་རྣམས་ལ་འཇུག་པ་མི་འཐད་པའི་ཕྱིར་རོ་ཞེས་བྱ་བས་ནི། དེ་བཞིན་གཤེགས་པའི་སྔོན་གྱི་སྨོན་ལམ་དང་། སྔོན་བྱང་ཆུབ་སེམས་དཔའི་སྤྱད་
པ་སྤྱོད་པ་ན་བསྡུ་བའི་དངོས་པོ་བཞིས་བསྡུས་པའི་སེམས་ཅན་ཡོངས་སུ་སྨིན་པ་རྣམས་ཀྱི་རྒྱུའི་མཐུ་ཉིད་ལས་སེམས་ཅན་གྱི་མོས་པ་དང་། དབང་པོ་དང་། བསམ་པའི་དབང་གིས་དེ་བཞིན་གཤེགས་པའི་གསུང་ཆོས་སྟོན་པ་ཞེས་བྱ་བ་ཕྲིན་ལས་ལྟ་བུར་བྱུང་བར་ཟད་ཀྱི། དེ་བཞིན་གཤེགས་
པ་རྟག་ཏུ་མཉམ་པར་གཞག་པ་ལ་ཆོས་སྟོན་པ་ལ་སོགས་པའི་འཇུག་པ་མི་མངའ་བའི་ཕྱིར་དོན་དམ་པར་སངས་རྒྱས་ཀྱིས་གནས་སྐབས་གང་དུ་ཡང་གང་ཟག་སུ་ལ་ཡང་ཆོས་འགའ་ཡང་མ་བསྟན་པས་ཕ་རོལ་པོ་དག་གི་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་དུ་བསྟན་ཏོ། །ཡང་ན། སངས་རྒྱས་ཀྱིས་ནི་
གང་དུ་ཡང་། །སུ་ལའང་ཆོས་འགའ་མ་བསྟན་ཏོ། །ཞེས་བྱ་བ་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱིས་སྔོན་གྱི་དྲང་སྲོང་རྣམས་ཀྱིས་གསུངས་པ་ཉིད་ཀྱི་ཆོས་རང་གི་མངོན་པར་ཤེས་པས་མངོན་སུམ་དུ་མཛད་ནས། ཡི་གེ་ལྷག་ཆད་མེད་པར་རྗེས་སུ་སྟོན་པར་མཛད་དེ། ཆོས་ཐམས་ཅད་ནི་སྔོན་གྱི་དྲང་
སྲོང་རྣམས་ཀྱིས་གསུངས་པས། སངས་རྒྱས་སྔ་མ་རྣམས་ཀྱིས་གསུངས་པ་ཉིད་རྗེས་སུ་སྟོན་པའི་ཕྱིར་རོ་ཞེས་བྱ་བར་དགོངས་སོ་ཞེས་བྱ་བས་ནི། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་དེ་བཞིན་དུ་གསུངས་པ་ཡིན་པས་སྔོན་གྱི་དྲང་སྲོང་དེ་བཞིན་གཤེགས་པ་མར་མེ་མཛད་ལ་སོགས་པས་

གསུངས་པ་ཉིད་ཀྱི་ཆོས་རང་གིས་མངོན་པར་ཤེས་པ་མངོན་སུམ་དུ་མཛད་ནས་ཡི་གེ་ལྷག་ཆད་མེད་པར་རྗེས་སུ་སྟོན་པར་མཛད་ཀྱི། དེ་ལས་གཞན་དུ་མི་གསུང་བའི་ཕྱིར། དོན་དམ་པར་སངས་རྒྱས་ཀྱིས་གནས་སྐབས་གང་དུ་ཡང་། གང་ཟག་སུ་ལའང་ཆོས་འགའ་ཡང་མ་བསྟན་པས། ཕ་རོལ་
པོ་དག་གི་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་དུ་བསྟན་ཏོ། །ཡང་ན། སངས་རྒྱས་ཀྱིས་ནི་གང་དུ་ཡང་། །སུ་ལའང་ཆོས་འགའ་མ་བསྟན་ཏོ། །ཞེས་བྱ་བ་ནི་དོན་དམ་པར་ཆོས་རྣམས་བདག་ཉིད་དེ་དང་དེ་དག་གིས་གཏན་དུ་སྟོང་པའི་ཕྱིར་ཆོས་འགའ་ཞིག་ཤེས་པ་རང་གི་མཚན་ཉིད་ཀྱི་ཡུལ་ཅན་ནམ།
སྤྱིའི་མཚན་ཉིད་ཀྱི་ཡུལ་ཅན་གྱི་ངོ་བོ་ཉིད་གང་གི་བདག་ཉིད་ཀྱིས་གཟུང་བར་བྱ་བའི་ཆོས་དེ་ཡང་ཡོད་པ་མ་ཡིན་པའི་ཕྱིར་ཏེ་ཞེས་བྱ་བས་ནི་དོན་དམ་པར་ཆོས་རྣམས་རང་གི་མཚན་ཉིད་དང་སྤྱིའི་མཚན་ཉིད་ཀྱི་བདག་ཉིད་དེ་དང་དེ་དག་གིས་གཏན་དུ་སྟོང་པའི་ཕྱིར་རང་གི་མཚན་ཉིད་དམ་སྤྱིའི་མཚན་ཉིད་ཀྱི་ཆོས་གང་
ཞིག །མངོན་སུམ་གྱི་ཤེས་པ་རང་གི་མཚན་ཉིད་ཀྱི་ཡུལ་ཅན་ནམ་རྗེས་སུ་དཔག་པའི་ཤེས་པ་སྤྱིའི་མཚན་ཉིད་ཀྱི་ཡུལ་ཅན་གང་གི་གཟུང་བར་ཡང་ཡོད་པ་མ་ཡིན་པའི་ཕྱིར་དོན་དམ་པར་སངས་རྒྱས་ཀྱིས་གནས་སྐབས་གང་དུ་ཡང་གང་ཟག་སུ་ལའང་ཆོས་འགའ་ཡང་མ་བསྟན་པས། ཕ་རོལ་པོ་
དག་གི་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་དུ་བསྟན་ཏོ། །དེ་ཉིད་ཀྱི་ཁུངས་བསྟན་པའི་ཕྱིར། ཇི་སྐད་དུ། བཅོམ་ལྡན་འདས་དེ་བཞིན་གཤེགས་པས། དེ་བཞིན་གཤེགས་པ་མར་མེ་མཛད་ལས་བླངས་པའི་ཆོས་དེ་ནི་འགའ་ཡང་མ་མཆིས་ཏེ། དེ་ཅིའི་སླད་དུ་ཞེ་ན། ཆོས་ཐམས་ཅད་ནི་
གཟུང་དུ་མ་མཆིས་ཤིང་། བརྗོད་དུ་མ་མཆིས་པའི་སླད་དུའོ་ཞེས་གསུངས་པ་ལྟ་བུའོ་ཞེས་བྱ་བ་སྨྲས་ཏེ། འཕགས་པ་རྡོ་རྗེ་གཅོད་པའི་མདོ་ལས་དེ་སྐད་གསུངས་སོ།། །།བམ་པོ་བདུན་ཅུ་དྲུག་པ། འདིར་མུ་སྟེགས་ཅན་ངན་པ་སྤོབས་པ་རློམ་པ་དངོས་པོ་རྣམས་ཀྱི་ངོ་བོ་ཉིད་
སྟོང་པ་ཉིད་རྣམ་པ་ཐམས་ཅད་དུ་གསལ་བར་བྱེད་པ་ཐེག་པ་མཆོག་གི་ཚུལ་གྱིས་སྤ་བཀོང་བ་ངན་གཡོའི་རྗེས་སུ་འཇུག་པ་དག་གིས་རང་གི་གྲུབ་པའི་མཐའི་སྐྱོན་བཅབ་པའི་ཕྱིར་སྨྲས་པ་ཞེས་བྱ་བ་ནི་སྔར་དབུ་མ་པས། དམིགས་པ་ཐམས་ཅད་ཉེར་ཞི་ཞིང་། །སྤྲོས་པ་ཉེར་ཞི་ཞི་བ་སྟེ། །

སངས་རྒྱས་ཀྱིས་ནི་གང་དུ་ཡང་། །སུ་ལའང་ཆོས་འགའ་མ་བསྟན་ཏོ། །ཞེས་བྱ་བ་དངོས་པོ་རྣམས་ཀྱི་ངོ་བོ་ཉིད་སྟོང་པ་ཉིད་རྣམ་པ་ཐམས་ཅད་དུ་གསལ་བར་བྱེད་པ་ཐེག་པ་མཆོག་གི་ཚུལ་བསྟན་པ་དེས། རང་གི་སྡེ་པ་ལ་སོགས་པ་གཞན་དག་ན་རེ་དོན་དམ་པར་མྱ་ངན་ལས་
འདས་པ་ནི་ཡོད་པ་ཁོ་ན་ཡིན་ཏེ། དེ་ཐོབ་པར་བྱ་བའི་ཕྱིར་བཅོམ་ལྡན་འདས་ཀྱིས་དབང་པོ་དང་། བསམ་པ་དང་། མོས་པ་དང་། དུས་དང་ཡུལ་ལ་ལྟོས་པས་ཆོས་བསྟན་པའི་ཕྱིར་རོ་ཞེས་ཟེར་བའི་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་དུ་བསྟན་པ་དང་། འདིར་མུ་སྟེགས་ཅན་ངན་པ་སྤོབས་
པ་རློམ་པ་དབུ་མ་པའི་འཐད་པ་དངོས་པོ་རྣམས་ཀྱི་ངོ་བོ་ཉིད་སྟོང་པ་ཉིད་རྣམ་པ་ཐམས་ཅད་དུ་གསལ་བར་བྱེད་པ་ཐེག་པ་མཆོག་གི་ཚུལ་དེས་སྤ་བཀོང་བ་ངན་གཡོའི་རྗེས་སུ་འཇུག་པ་དག་གིས་འདི་སྙམ་དུ་དེ་ལྟར་དབུ་མ་པས་རང་གི་སྡེ་པ་མྱ་ངན་ལས་འདས་པ་ཡོད་པར་འདོད་པ་དག་གི་སྒྲུབ་པ་ཡང་སུན་
ཕྱུང་བས་ད་འདིར་བདག་ཅག་གིས་ཅུང་ཟད་ཅིག་མ་སྨྲས་སུ་ཟིན་ན། དབུ་མ་པས་བདག་ཅག་གི་གྲུབ་པའི་མཐའ་ཡང་གདོན་མི་ཟ་བར་སུན་ཕྱུང་བར་འགྱུར་རོ་སྙམ་པས་སྤོབས་པ་སྤ་བཀོང་བ་ངན་གཡོའི་རྗེས་སུ་འཇུག་པ་དེ་དག་གིས་རང་གི་གྲུབ་པའི་མཐའི་སྐྱོན་བཅབ་པའི་ཕྱིར་བྱུང་རྒྱལ་དུ་འདི་སྐད་
ཅེས་སྨྲས་སོ་ཞེས་བྱ་བར་སྦྱར་རོ། །དེའི་ཕྱིར། སངས་རྒྱས་རྣམ་རྟོག་མེད་པ་ཡི། །ཐེག་པ་ཆེན་པོ་མི་རུང་སྟེ། །གང་ཕྱིར་དོན་དམ་སངས་རྒྱས་ཀྱིས། །ཆོས་ནི་བསྟན་པར་མ་བྱས་ཕྱིར། །ཞེས་བྱ་བ་སྨྲས་ཏེ། མུ་སྟེགས་ཅན་དེ་དག་འདི་སྐད་ཅེས་ཟེར་ཏེ། སངས་རྒྱས་བཅོམ་ལྡན་འདས་
ཞེས་བྱ་བ་གལ་ཏེ་རྣམ་པར་རྟོག་པ་མེད་པ་ཡིན་ན། དེའི་བསྟན་པ་ཐེག་པ་ཆེན་པོ་ཞེས་བྱ་བ་དེ་ཡོད་པར་མི་རུང་སྟེ། ཅིའི་ཕྱིར་ཞེ་ན། འདི་ལྟར་ཁྱེད་དབུ་མ་པའི་ཚུལ་གྱིས། དམིགས་པ་ཐམས་ཅད་ཉེར་ཞི་ཞིང་། །སྤྲོས་པ་ཉེར་ཞི་ཞི་བ་སྟེ། །སངས་རྒྱས་ཀྱིས་ནི་གང་དུ་ཡང་། །སུ་ལའང་
ཆོས་འགའ་མ་བསྟན་ཏོ། །ཞེས་བཤད་པས་དོན་དམ་པའི་སངས་རྒྱས་ཀྱིས་གནས་སྐབས་གང་དུ་ཡང་གང་ཟག་སུ་ལ་ཡང་ཆོས་འགའ་ཡང་མ་བསྟན་པའི་ཕྱིར་རོ། །དེ་ལ་ཁྱེད་དབུ་མ་པ་འདི་སྙམ་དུ་དོན་དམ་པའི་སངས་རྒྱས་ཀྱིས་ཆོས་མ་བསྟན་པས། སངས་རྒྱས་རྣམ་པར་རྟོག་པ་མེད་

པའི་བསྟན་པ་ཐེག་པ་ཆེན་པོ་ཡོད་པར་མི་རུང་ཡང་སྤྲུལ་པའི་སངས་རྒྱས་ཀྱི་ཆོས་བསྟན་པས་དེའི་བསྟན་པ་ཐེག་པ་ཆེན་པོ་ཡོད་པར་རུང་ངོ་སྙམ་ན། དེའི་ཕྱིར། སྤྲུལ་པ་སངས་རྒྱས་ཀྱིའང་མི་རུང་སྟེ། དེ་ལ་སེམས་སོགས་མེད་པའི་ཕྱིར། །དེ་ཕྱིར་སྤྲུལ་པས་སངས་རྒྱས་མིན། །དེས་ནི་ཆོས་
ཀྱང་བསྟན་མ་བྱས། །ཞེས་བྱ་བ་སྨྲས་ཏེ། སྤྲུལ་པའི་སངས་རྒྱས་ཀྱི་བསྟན་པ་ཐེག་པ་ཆེན་པོ་ཡོད་པར་ཡང་མི་རུང་སྟེ། ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ལ་སེམས་ལ་སོགས་པ་མེད་པའི་ཕྱིར་སྤྲུལ་པ་ནི་སངས་རྒྱས་ཀྱང་མ་ཡིན་ལ། དེས་ཆོས་ཀྱང་མ་བསྟན་པའི་ཕྱིར་རོ། །དེ་ལ་ཁྱེད་དབུ་མ་
པ་འདི་སྙམ་དུ་དོན་དམ་པའི་སངས་རྒྱས་རྣམ་པར་མི་རྟོག་པ་ལ་རྣམ་པར་མི་རྟོག་པའི་ཡེ་ཤེས་སྟོང་པ་ཉིད་ཐུགས་སུ་ཆུད་པ་དང་། ཐུགས་རྗེ་ཆེན་པོ་སེམས་ཅན་ཐམས་ཅད་མི་གཏོང་བ་མངའ་བས། ཤེས་རབ་དང་སྙིང་རྗེའི་དབང་གིས་ཆོས་བསྟན་པའི་ཐེག་པ་ཆེན་པོ་ཡོད་པར་རུང་ངོ་སྙམ་ན།
དེའི་ཕྱིར། དོན་དམ་དུ་ནི་མི་རྟོག་པའི། །སྟོང་ལ་སྙིང་རྗེ་མི་འདོད་དོ། །གང་ལ་སྙིང་རྗེ་བྱེད་པ་ཡི། །སེམས་ཅན་མེད་ཕྱིར་སངས་རྒྱས་མེད། །ཅེས་བྱ་བ་སྨྲས་ཏེ། དོན་དམ་པར་ནི་རྣམ་པར་མི་རྟོག་པའི་སངས་རྒྱས་ལ་སྟོང་པ་ཉིད་རྟོགས་པའི་ཡེ་ཤེས་དང་། སྙིང་རྗེ་ཡོད་པར་མི་འདོད་དོ། །
ཅིའི་ཕྱིར་ཞེ་ན། འདི་ལྟར་གང་ལ་སྙིང་རྗེ་བྱེད་པའི་སེམས་ཅན་མེད་པའི་ཕྱིར་སྟོང་པ་ཉིད་ལ་སྙིང་རྗེ་ཡང་མེད་པའི་ཕྱིར་དང་གང་རྟོགས་པར་བྱ་བའི་ཆོས་ཀྱང་མེད་པའི་ཕྱིར་སྟོང་པ་ཉིད་ལ་དེ་རྟོགས་པའི་སངས་རྒྱས་ཀྱང་མེད་པའི་ཕྱིར་རོ། །དེ་ལ་ཁྱེད་དབུ་མ་པ་འདི་སྙམ་དུ་སྤྲུལ་པའི་སངས་རྒྱས་
ལ་ཀུན་རྫོབ་ཏུ་སྙིང་རྗེ་ཡོད་ལ་སྙིང་རྗེའི་གཞི་ལས་བླ་ན་མེད་པའི་བྱང་ཆུབ་ཀྱི་སེམས་སྐྱེ་ཞིང་ཆོས་ཐམས་ཅད་རྟོགས་པར་ཐུགས་སུ་ཆུད་པའི་ཡེ་ཤེས་ཀྱང་ཡོད་པར་འགྱུར་རོ་སྙམ་ན། དེའི་ཕྱིར། གལ་ཏེ་ཀུན་རྫོབ་སྙིང་རྗེ་ཡོད། །སྨད་འཚོང་ངུ་བར་བྱེད་དང་འདྲ། །སྨད་འཚོང་རྣམས་ཀྱི་ངུད་མོ་
གང་། །དེ་ནི་ཀུན་རྫོབ་སྙིང་ནས་མིན། །ཞེས་བྱ་བ་སྨྲས་ཏེ། གལ་ཏེ་སྤྲུལ་པའི་སངས་རྒྱས་ལ་ཀུན་རྫོབ་ཏུ་སྙིང་རྗེ་ཡོད་ན་དེ་ནི་བསམ་པ་ཐག་པའི་སྙིང་རྗེ་མ་ཡིན་གྱི། སྨད་འཚོང་མ་ངུ་བར་བྱེད་པའི་སྙིང་རྗེ་དང་འདྲ་བར་འགྱུར་རོ། །ཅིའི་ཕྱིར་ཞེ་ན། འདི་ལྟར་སྨད་འཚོང་མ་རྣམས་ཀྱི་ངུད་མོ་གང་

ཡིན་པ་དེ་ནི་ཀུན་རྫོབ་ཏུ་འཕྱོན་མ་པ་དག་བྲིད་པའི་ཕྱིར་སྒྱུ་བག་བྱེད་པ་ཡིན་གྱི། སྙིང་ནས་གཅུགས་པས་ངུ་བ་མ་ཡིན་པའི་ཕྱིར་རོ། །སྩོགས་པའོ་ཞེས་བྱ་བས་ནི་མུ་སྟེགས་ཅན་དག་སངས་རྒྱས་ཐམས་ཅད་མཁྱེན་པ་མ་ཡིན་པ་དང་། ཐེག་པ་ཆེན་པོ་མེད་པ་དང་། བདེན་
པ་གཉིས་རྣམ་པར་གཞག་པའི་ཚུལ་གྱིས་མི་འདོད་པ་ལ་སོགས་པ་སངས་རྒྱས་ལ་ཁ་ཟེར་བའི་ཚིག་ཅ་ལེ་ཅོ་ལེ་རང་གི་གྲུབ་པའི་མཐའ་ལས་སྨྲ་བ་གཞན་དག་བསྡུ་སྟེ། རེ་ཞིག་དེ་དག་ནི་སྟོང་པ་ཉིད་ཀྱི་མི་མཐུན་པའི་ཕྱོགས་ཀྱི་ཁྱད་པར་གཞན་ཡིན་པར་སྦྱར་རོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་
འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས། དེ་ལ་འདིར་དོན་དམ་པའི་མཚན་ཉིད་མེད་པས། །མཚན་ཉིད་གཅིག་པ་ཉིད་ཀྱིས་སངས་རྒྱས་ཀྱང་ཡོད་པ་མ་ཡིན་ལ་ཐེག་པ་ཆེན་པོ་ཡང་ཡོད་པ་མ་ཡིན་ཏེ། དོན་དམ་པ་ནི་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་ཡིན་པའི་ཕྱིར། ཁོ་བོ་ཅག་གི་ཚུལ་ཉིད་སྨྲས་
པར་གྱུར་ཏོ་ཞེས་བྱ་བ་སྨྲས་ཏེ། འདིས་ནི་བཅོམ་ལྡན་འདས་རྣམ་པར་རྟོག་པ་མི་མངའ་བ་ལ་ཆོས་སྟོན་པ་མི་མངའ་བར་སྟོན་ཏེ། འདི་ལྟར་ཁོ་བོ་ཅག་གི་གཞུང་ལས་དོན་དམ་པའི་མཚན་ཉིད་མེད་པས་མཚན་ཉིད་གཅིག་པ་ཉིད་ཀྱིས། དོན་དམ་པར་སངས་རྒྱས་ཀྱང་ཡོད་པ་མ་ཡིན་ལ། ཐེག་
པ་ཆེན་པོ་ཡང་ཡོད་པ་མ་ཡིན་ཏེ། དོན་དམ་པ་ནི་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་ཡིན་པའི་ཕྱིར་རོ། །དོན་དམ་པར་སངས་རྒྱས་ཀྱིས་གནས་སྐབས་གང་དུ་ཡང་གང་ཟག་སུ་ལ་ཡང་ཆོས་འགའ་ཡང་མ་བསྟན་པས་ཁོ་བོ་ཅག་གི་ཚུལ་དེ་ཉིད་ཀྱིས་སྨྲས་པར་གྱུར་ཏོ། །དེ་བཞིན་གཤེགས་
པའི་སྐུ་རྣམ་པར་མི་རྟོག་པ་ལས་ཀྱང་སྤྲུལ་པའི་སྐུ་ཐམས་ཅད་ལ་ཕན་འདོགས་པར་བཟོད་པ། གཞན་ལ་ཕན་པ་དང་། བདེ་བ་སྒྲུབ་པའི་ཐུགས་དམ་གྱིས་ཡོངས་སུ་བསྒོས་པ་ཉིད་དང་། སྔོན་གྱི་སྨོན་ལམ་གྱི་ཤུགས་ཀྱི་དབང་གིས་རྣམ་པ་ཐམས་ཅད་དུ་འབྱུང་སྟེ། དེ་ལ་བརྟེན་
ནས་ཡི་གེ་དང་ངག་དང་ཚིག་རྗེས་སུ་མཐུན་པའི་མཚན་ཉིད་ཀྱི་གསུང་ཆོས་དང་གང་ཟག་བདག་མེད་པ་མུ་སྟེགས་བྱེད་དང་། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་དང་ཐུན་མོང་མ་ཡིན་པ་གསལ་བར་མཛད་པ་ཕ་རོལ་ཏུ་ཕྱིན་པ་རྣམས་ཡང་དག་པར་འགྲུབ་པའི་ཕྱིར་ཐེག་པ་མཆོག་གིས་

འགྲོ་བ་རྣམས་ལ་ཉེ་བར་འབྱུང་སྟེ། དེ་ནི་ཐེག་པ་ཆེན་པོ་ཞེས་བྱའོ་ཞེས་བྱ་བས་ནི། དེ་བཞིན་གཤེགས་པའི་སྐུ་རྣམ་པར་མི་རྟོག་པ་ལས་སྤྲུལ་པའི་སྐུ་ཐུགས་དམ་དང་། སྨོན་ལམ་གྱི་དབང་གིས་བྱུང་བ་དེ་ལ་བརྟེན་ནས་ཡི་གེ་དང་ངག་དང་། ཚིག་རྗེས་སུ་མཐུན་པའི་མཚན་ཉིད་ཀྱི་
གསུང་ཇི་སྐད་སྨོས་པ་དག་འབྱུང་བ་དེ་ནི་ཐེག་པ་ཆེན་པོ་ཡིན་པས་སྤྲུལ་པའི་སངས་རྒྱས་ཀྱི་བསྟན་པ་ཐེག་པ་ཆེན་པོ་ཡོད་པར་བསྟན་ཏོ། །དོན་དམ་པའི་སངས་རྒྱས་ཡོད་ན་བསྟན་པ་བརྗོད་པའི་གསུང་འབྱུང་བའི་ཕྱིར་སྟོན་པ་ཡང་བསྟན་པ་དག་གི་མཛད་པ་པོ་ཉིད་དུ་འདོད་པ་ཁོ་ན་ཡིན་
པས་གྲགས་པའི་གནོད་པ་ཡང་མེད་དོ་ཞེས་བྱ་བས་ནི་དོན་དམ་པའི་སངས་རྒྱས་རྣམ་པར་མི་རྟོག་པ་ལ་བརྟེན་ནས་སྤྲུལ་པའི་སྐུ་འབྱུང་ཞིང་དེ་ལས་བསྟན་པ་བརྗོད་པའི་གསུང་འབྱུང་བའི་ཕྱིར། སངས་རྒྱས་བཅོམ་ལྡན་འདས་རྣམས་བསྟན་པ་དག་གི་མཛད་པ་པོ་ཉིད་དུ་འདོད་
པས། དོན་དམ་པར་སངས་རྒྱས་ཀྱིས་ཆོས་མ་བསྟན་ཀྱང་ཐ་སྙད་དུ་བསྟན་པ་ཡོད་པས་གྲགས་པའི་གནོད་པ་ཡང་མེད་པར་བསྟན་ཏོ། །ཇི་སྟེ་ཡང་ལ་ལ་འདི་སྙམ་དུ་དེ་བཞིན་གཤེགས་པའི་བསྟན་པ་ནི། བྱེད་པ་པོ་དེ་བཞིན་གཤེགས་པ་རྣམ་པར་རྟོག་པ་ཅན་དང་ལྡན་པ་ཡིན་ཏེ་སྒྲའི་མཚན་
ཉིད་ཡིན་ན། གཞན་གྱི་བསམ་པའི་དབང་གིས་དེ་འབྱུང་བའི་ཕྱིར། དཔེར་ན་ཉན་ཐོས་ལ་སོགས་པའི་བསྟན་པ་བཞིན་ནོ་སྙམ་དུ་སེམས་ན་ཞེས་བྱ་བ་ནི་ཕ་རོལ་པོ་དག་ན་རེ་དེ་བཞིན་གཤེགས་པའི་བསྟན་པ་ནི་བྱེད་པ་པོ་རྣམ་པར་རྟོག་པ་ཅན་དང་ལྡན་པ་ཡིན་པས། སངས་རྒྱས་རྣམ་པར་རྟོག་
པ་མེད་པའི་བསྟན་པ་ཐེག་པ་ཆེན་པོ་ཡོད་པར་མི་རུང་ངོ་ཞེས་ཟེར་བའི་ཚིག་ཡིན་ཏེ། དེ་དག་ནི་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་ཉན་ཐོས་ལ་སོགས་པའི་བསྟན་པ་ནི་སྒྲའི་མཚན་ཉིད་ཉིད་ཡིན་ན་གཞན་གྱི་
བསམ་པའི་དབང་གིས་དེ་འབྱུང་བའི་ཕྱིར་བྱེད་པ་པོ་ཉན་ཐོས་ལ་སོགས་པ་རྣམ་པར་རྟོག་པ་ཅན་དང་ལྡན་པ་ཡིན་པ་དེ་བཞིན་དུ་དེ་བཞིན་གཤེགས་པའི་བསྟན་པ་ཡང་སྒྲའི་མཚན་ཉིད་ཉིད་ཡིན་ན། གཞན་གྱི་བསམ་པའི་དབང་གིས་དེ་འབྱུང་བའི་ཕྱིར་བྱེད་པ་པོ་དེ་བཞིན་གཤེགས་པ་རྣམ་པར་རྟོག་

པ་ཅན་དང་ལྡན་པ་ཡིན་ནོ་ཞེས་ཟེར་རོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས། དེ་ནི་རིགས་པ་མ་ཡིན་ཏེ། སྤྲུལ་པས་བསྟན་པ་དག་གིས་མ་ངེས་པ་ཉིད་ཡིན་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། འདིས་ནི་ཕ་རོལ་པོ་དག་གི་གཏན་ཚིགས་དེ་མ་ངེས་
པ་ཉིད་དུ་སྟོན་ཏེ། འདི་ནི་སྤྲུལ་པ་དག་གི་བསྟན་པ་སྒྲའི་མཚན་ཉིད་ཉིད་ཡིན་ན་གཞན་གྱི་བསམ་པའི་དབང་གིས་དེ་འབྱུང་ཡང་བྱེད་པ་པོ་རྣམ་པར་རྟོག་པ་ཅན་མ་ཡིན་པ་དང་ལྡན་པར་མཐོང་བས་དེས་ན་ཇི་རེ་ཞིག་སྒྲའི་མཚན་ཉིད་ཡིན་ན། གཞན་གྱི་བསམ་པའི་དབང་གིས་དེ་འབྱུང་བའི་ཕྱིར། དཔེར་ན་
ཉན་ཐོས་ལ་སོགས་པའི་བསྟན་པ་བཞིན་དུ་དེ་བཞིན་གཤེགས་པའི་བསྟན་པ་བྱེད་པ་པོ་དེ་བཞིན་གཤེགས་པ་རྣམ་པར་རྟོག་པ་ཅན་དང་ལྡན་པ་ཡིན་ནམ། འོན་ཏེ་སྒྲའི་མཚན་ཉིད་ཉིད་ཡིན་ན་གཞན་གྱི་བསམ་པའི་དབང་གིས་དེ་འབྱུང་བའི་ཕྱིར། དཔེར་ན་སྤྲུལ་པས་བསྟན་པ་དག་བཞིན་དུ་དེ་བཞིན་
གཤེགས་པའི་བསྟན་པ་བྱེད་པ་པོ་དེ་བཞིན་གཤེགས་པ་རྣམ་པར་རྟོག་པ་ཅན་མ་ཡིན་པ་དང་ལྡན་པར་འགྱུར་བ་མ་ངེས་པ་ཉིད་ཡིན་པའི་ཕྱིར། ཕ་རོལ་པོ་དག་གི་སྒྲུབ་པ་དེ་ནི་རིགས་པ་མ་ཡིན་ནོ། །འདིས་ནི་རྣམ་པར་མི་རྟོག་པ་ལ་བསྟན་པ་མི་རུང་སྟེ། རྣམ་པར་མི་རྟོག་པའི་ཕྱིར་དཔེར་ན་བོང་བ་
བཞིན་ནོ་ཞེས་རྗེས་སུ་དཔོག་པ་ལ་ཡང་སྐྱོན་གྱིས་ལན་བཏབ་པ་ཡིན་ནོ་ཞེས་བྱ་བ་ནི་སྤྲུལ་པས་བསྟན་པ་དག་གིས་མ་ངེས་པ་ཉིད་ཡིན་པའི་ཕྱིར་རོ་ཞེས་བྱ་བའི་སྐབས་འདིས་ནི་གལ་ཏེ་ཕ་རོལ་པོ་དག་འདི་སྐད་ཅེས་སངས་རྒྱས་རྣམ་པར་མི་རྟོག་པ་ལ་བསྟན་པ་ཡོད་པར་མི་རུང་སྟེ། རྣམ་པར་མི་རྟོག་པའི་
ཕྱིར་དཔེར་ན་བོང་བ་བཞིན་ནོ་ཞེས་རྗེས་སུ་དཔོག་པ་ལ་ཡང་སྔ་མ་བཞིན་དུ་མ་ངེས་པའི་སྐྱོན་གྱིས་ལན་བཏབ་པ་ཡིན་ཏེ། འདི་སྤྲུལ་པ་རྣམ་པར་མི་རྟོག་པ་ལ་ཡང་བསྟན་པ་རུང་བར་མཐོང་བས། དེས་ན་ཇེ་རེ་ཞིག་རྣམ་པར་མི་རྟོག་པའི་ཕྱིར། དཔེར་ན་སྤྲུལ་པ་བཞིན་དུ་སངས་རྒྱས་རྣམ་པར་མི་རྟོག་
པ་ལ་བསྟན་པར་འགྱུར་རམ། འོན་ཏེ་རྣམ་པར་མི་རྟོག་པའི་ཕྱིར་དཔེར་ན་བོང་བ་བཞིན་དུ་སངས་རྒྱས་རྣམ་པར་མི་རྟོག་པ་ལ་བསྟན་པ་མི་རུང་བར་འགྱུར་བ་མ་ངེས་པ་ཉིད་ཡིན་པའི་ཕྱིར། ཕ་རོལ་པོ་དག་གི་སྒྲུབ་པ་དེ་ཡང་རིགས་པ་མ་ཡིན་ནོ། །གཏན་ཚིགས་ཀྱི་དོན་རང་ལ་མ་གྲུབ་པ་ཉིད་ཀྱང་ཡིན་

ནོ་ཞེས་བྱ་བས་ནི་ཕ་རོལ་པོ་དག་གི་གཏན་ཚིགས་རྣམ་པར་མི་རྟོག་པའི་ཕྱིར་ཞེས་བྱ་བ་དེ་ཕ་རོལ་པོ་དག་རང་ལ་མ་གྲུབ་སྟེ། ཕ་རོལ་པོ་དག་ལ་སངས་རྒྱས་རྣམ་པར་མི་རྟོག་པ་མ་གྲུབ་པའི་ཕྱིར་རོ། །གཞན་གྱི་ཕྱོགས་ལ་གྲུབ་པ་གཏན་ཚིགས་ཉིད་ཡིན་པའི་ཕྱིར་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་མ་
ཡིན་ནོ་ཞེས་ཕྱིར་ཟློག་པར་བྱེད་ན་ཡང་ལན་སྔ་མ་བཞིན་ནོ་ཞེས་བྱ་བས་ནི། གལ་ཏེ་ཕ་རོལ་པོ་དག་འདི་སྐད་ཅེས་ཁོ་བོ་ཅག་རང་གི་ཕྱོགས་ལ་སངས་རྒྱས་རྣམ་པར་མི་རྟོག་པ་ཉིད་དུ་མ་གྲུབ་ཀྱང་ཁྱེད་དབུ་མ་པའི་ཕྱོགས་ལ་སངས་རྒྱས་རྣམ་པར་མི་རྟོག་པ་ཉིད་དུ་གྲུབ་པ་གཏན་ཚིགས་ཉིད་ཡིན་པའི་
ཕྱིར། ཁོ་བོ་ཅག་གི་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་མ་ཡིན་ཏེ། རང་ལ་གཏན་ཚིགས་མ་གྲུབ་པས་ཀྱང་འདོད་པའི་དོན་སྟོན་པར་བྱེད་དེ། གཞན་གྱི་ཕྱོགས་ལ་གྲུབ་པའི་ཕྱིར་ཕྱོགས་གཉི་ག་ལ་གྲགས་པའི་ཆོས་བཞིན་ནོ་ཞེས་ཕྱིར་ཟློག་པར་བྱེད་ན་ཡང་། དེའི་ལན་ནི་སྔར་བདག་
དང་ཆོས་བརྟག་པའི་སྐབས་སུ་གཞན་གྱི་ཕྱོགས་འབའ་ཞིག་ལ་གྲགས་པའི་ཕྱོགས་ཀྱི་ཆོས་ཀྱིས་ནི་བསྒྲུབ་པར་བྱ་བའི་དོན་བསྒྲུབ་མི་ནུས་པར་ངེས་པར་བཟུང་སྟེ། གང་ཡང་རུང་བ་ལ་མ་གྲུབ་པའི་ཕྱིར། གཞན་གྱི་ཕྱོགས་ལ་མ་གྲུབ་པ་བཞིན་པས། རྗེས་སུ་དཔག་པ་འགལ་བས་བཟློག་
པའི་ཕྱིར་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་ཉམས་པ་མེད་དོ་ཞེས་བསྟན་པ་ཡིན་ནོ། །སྤྲུལ་པའི་སངས་རྒྱས་ནི་དོན་དམ་པར་སངས་རྒྱས་ལས་གཞན་ཉིད་དུ་བརྗོད་པར་བྱ་བ་མ་ཡིན་པའི་ཕྱིར་ཐ་སྙད་པའི་སངས་རྒྱས་ཉིད་ཟློག་པར་མི་བྱེད་དོ་ཞེས་བྱ་བས་ནི་ཕ་རོལ་པོ་དག་ན་རེ་དོན་དམ་པའི་སངས་རྒྱས་ཀྱིས་ཆོས་
བསྟན་པ་མ་བྱས་པའི་ཕྱིར་ཐེག་པ་ཆེན་པོ་མི་རུང་ངོ་ཞེས་གང་སྨྲས་པ་དེ་ཡང་སྤྲུལ་པའི་སངས་རྒྱས་ནི་དོན་དམ་པའི་སངས་རྒྱས་ལས་གཞན་ཉིད་དུ་བརྗོད་པར་བྱ་བ་མ་ཡིན་པའི་ཕྱིར་དོན་དམ་པའི་སངས་རྒྱས་ཀྱི་སྤྲུལ་པའི་སངས་རྒྱས་ཀྱིས་ཆོས་བསྟན་པ་བཟློག་པར་མི་བྱེད་དེ། འདི་ལྟར་ཀུན་རྫོབ་ཏུ་
བཅོམ་ལྡན་འདས་ཀྱི་སྤྲུལ་པའི་སྐུས་སེམས་ཅན་གྱི་དོན་མཛད་པའི་ཕྱིར་རོ། །དེས་བསྟན་པ་ཡང་ཟློག་པར་མི་བྱེད་དོ། །དོན་དམ་པར་སངས་རྒྱས་ནི་གསུང་གི་རྒྱུ་ཡིན་པའི་ཕྱིར་དང་ཐ་སྙད་དུ་མཛད་པ་པོ་ཉིད་དུ་གྲུབ་པའི་ཕྱིར་རོ་ཞེས་བྱ་བས་ནི་དོན་དམ་པའི་སངས་རྒྱས་དེ་ཐ་སྙད་དུ་ཆོས་བསྟན་པ་ཡང་

ཟློག་པར་མི་བྱེད་དེ། །ཆོས་ཀྱི་སྐུ་ནི་གསུང་གི་རྒྱུ་ཡིན་པའི་ཕྱིར་དང་། ཐ་སྙད་དུ་ཆོས་སྟོན་པའི་མཛད་པ་པོ་ཉིད་དུ་མ་གྲུབ་པའི་ཕྱིར་རོ་ཞེས་སྟོན་ཏོ། །རེ་ཞིག་དེ་དག་གིས་ནི་སྔར་ཕ་རོལ་པོ་དག་གིས། །སངས་རྒྱས་རྣམ་རྟོག་མེད་པ་ཡི། །ཐེག་པ་ཆེན་པོ་མི་རུང་སྟེ། །གང་ཕྱིར་
དོན་དམ་སངས་རྒྱས་ཀྱིས། །ཆོས་ནི་བསྟན་པ་མ་བྱས་ཕྱིར། །སྤྲུལ་སངས་རྒྱས་ཀྱི་འང་མི་རུང་སྟེ། །དེ་ལ་སེམས་ལ་སོགས་མེད་ཕྱིར། །དེ་ཕྱིར་སྤྲུལ་པའང་སངས་རྒྱས་མིན། །དེས་ནི་ཆོས་ཀྱང་བསྟན་མ་བྱས། །ཞེས་སྨྲས་པའི་སྒྲུབ་པ་དག་སུན་དབྱུང་བ་ཅི་རིགས་པར་བསྟན་ཏོ། །ད་ནི་སྔར་
ཕ་རོལ་པོ་དག་གིས། །དོན་དམ་དུ་ནི་མི་རྟོག་པའི། །སྟོང་ལ་སྙིང་རྗེ་མི་འདོད་དོ། །གང་ལ་སྙིང་རྗེ་བྱེད་པ་ཡི། །སེམས་ཅན་མེད་ཕྱིར་སངས་རྒྱས་མེད། །གལ་ཏེ་ཀུན་རྫོབ་སྙིང་རྗེ་ཡོད། །སྨད་འཚོང་ངུ་བར་བྱེད་དང་འདྲ། །སྨད་འཚོང་རྣམས་ཀྱི་ངུད་མོ་གང་། །དེ་ནི་ཀུན་རྫོབ་སྙིང་ནས་མིན། །
ཞེས་སྨྲས་པའི་སྒྲུབ་པ་དག་སུན་དབྱུང་བ་ཅི་རིགས་པར་བསྟན་པར་བྱ་སྟེ། དེའི་ཕྱིར་དོན་དམ་པར་ནི་དེ་བཞིན་གཤེགས་པ་ལ་སྤྲོས་པ་མི་མངའ་བའི་ཕྱིར། དེ་བཞིན་གཤེགས་པ་ཐུགས་རྗེ་མི་མངའ་བའམ། ཐུགས་རྗེ་དང་ལྡན་པའོ་ཞེས་བྱ་བར་རྣམ་པར་རྟོག་པའི་སྤྲོས་པ་མི་མངའ་བའི་ཕྱིར་དང་།
ཐུགས་རྗེ་དང་ཐུགས་རྗེའི་གནས་སེམས་ཅན་མེད་པའི་ཕྱིར་ཐུགས་རྗེ་ཡང་ཡོད་པ་མ་ཡིན་ལ། དེ་དང་ལྡན་པ་ཡང་ཡོད་པ་མ་ཡིན་པས། འདི་ཡང་ཁོ་བོ་ཅག་གི་ཚུལ་ཉིད་གསལ་བར་བྱེད་པ་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། དེས་ནི་དོན་དམ་པར་དེ་བཞིན་གཤེགས་པ་ལ་སྤྲོས་པ་མི་མངའ་བའི་ཕྱིར་དང་།
Luận tạng Tây Tạng (Tengyur) — Tập 101 | Tra cứu Kinh điển | Tàng Kinh Việt