Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 101

Văn bản gốc(Tây Tạng)

Trang 15 / 23 (50.000 ký tự/trang)
ཀུན་རྫོབ་ཏུ་ནི་དངོས་
རྣམས་ཡོད། །དོན་དམ་དུ་ནི་དངོས་པོ་མེད། །ཅེས་གསུངས་པ་དང་། འཕགས་པ་བློ་གྲོས་ཆེན་པོས་ཞུས་པ། གལ་ཏེ་དོན་དམ་པར་ངོ་བོ་ཉིད་མ་མཆིས་ན་དེ་ལྟ་ན་ཀུན་རྫོབ་ཀྱི་བདེན་པ་མཆིས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དངོས་ཉིད་མེད་ལ་གང་འཁྲུལ་པ། །དེ་ནི་
ཀུན་རྫོབ་བདེན་པའོ། །ཞེས་གསུངས་པས་གང་དངོས་པོ་ཉིད་མེད་པར་ཡོངས་སུ་མ་ཤེས་པས་ངོ་བོ་ཉིད་དང་བཅས་པ་ཉིད་དུ་མངོན་པར་ཞེན་པའི་འཁྲུལ་པ་གང་ཡིན་པ་དེ་ནི་ཀུན་རྫོབ་ཀྱི་བདེན་པའོ། །དེ་ཉིད་ངོ་བོ་ཉིད་མེད་པ་ནི་དོན་དམ་པ་ཡིན་པས་དངོས་པོ་རྣམས་ངོ་བོ་ཉིད་མེད་པས་མྱ་ངན་ལས་
འདས་པ་ཐོབ་པར་འགྱུར་རོ། །གལ་ཏེ་གཉི་ག་མ་ཡིན་ནོ་ཞེས་སྤྲོས་པ་བྱེད་པས་སྤྲོས་པ་ཡང་མ་སྤངས་སོ་ཞེ་ན་ཞེས་བྱ་བ་ནི་ཕ་རོལ་པོ་དག་ན་རེ་གཉི་ག་མ་ཡིན་ནོ་ཞེས་བྱ་བ་དེ་ཡང་སྤྲོས་པ་ཡིན་པས་ཁས་བླངས་པ་ལ་གནོད་པའི་སྐྱོན་ཡོད་དོ་ཞེས་ཟེར་བའི་ཚིག་ཡིན་ནོ། །དེའི་ལན་དུ། དེ་ལས་གཞན་
པའི་སྤྲོས་པ་དགག་པར་འདོད་པས་དེ་སྐད་སྨྲས་ཀྱང་སྐྱོན་མེད་དེ་ཞེས་བྱ་བ་སྨྲས་ཏེ། གཉི་ག་མ་ཡིན་པ་ལས་གཞན་པ་སྟོང་པ་དང་། མི་སྟོང་པ་ཞེས་པ་དགག་པར་འདོད་པའི་ཕྱིར་རོ། །དེ་ཉིད་ཀྱི་དཔེ་བསྟན་པའི་ཕྱིར། དཔེར་ན་རང་ཉིད་སྒྲ་མི་འདོད་པས་གཞན་དག་གི་སྒྲ་དགག་པར་འདོད་པའི་ཕྱིར་སྒྲ་མ་
འབྱིན་ཞེས་བརྗོད་པ་ལ་སྐྱོན་མེད་པ་བཞིན་ནོ་ཞེས་བྱ་བ་སྨྲས་སོ། །ཡང་ན་དོན་དམ་པ་སྟོན་པར་བྱེད་པའི་རྒྱུའི་ཤེས་པ་ཐ་སྙད་པའི་ཤེས་པ་ཁྱད་པར་ལ་དོན་དམ་པ་ཉེ་བར་གདགས་པ་བྱས་ནས་དོན་དམ་པར་དངོས་པོ་རྣམས་སྟོང་ངོ་ཞེས་དམ་བཅས་པའི་ཕྱིར་སྐྱོན་མེད་དེ་ཞེས་བྱ་བས་ནི་སྔར་དོན་དམ་པར་ནི་
སྤྲོས་པ་མེད་མོད་ཀྱི་ཀུན་རྫོབ་ཏུ་མ་སྤྲོས་ན་དོན་དམ་པ་མི་རྟོགས་པས་ཀུན་རྫོབ་ཀྱི་སྒོ་ནས་དོན་དམ་པར་སྟོང་པ་ཉིད་དོ་ཞེས་བསྟན་པ་དེ་ལས་རྣམ་པ་གཞན་དུ་བཤད་པ་སྟོན་ཏེ། འདིས་ནི་དོན་དམ་པ་སྟོན་པའི་ཤེས་པ་ཀུན་རྫོབ་པ་ལ་དོན་དམ་པ་ཉེ་བར་བཏགས་ཏེ། དོན་དམ་པར་དངོས་པོ་རྣམས་

སྟོང་ངོ་ཞེས་བསྟན་པ་ཁས་བླངས་པ་ལ་གནོད་པའི་སྐྱོན་མེད་དོ་ཞེས་བསྟན་ཏོ། །དེ་ཉིད་ཀྱི་ཁུངས་བསྟན་པའི་ཕྱིར། འོག་ནས་ཀྱང་། ཐ་སྙད་ལ་ནི་མ་བརྟེན་པར། །དམ་པའི་དོན་ནི་བསྟན་མི་ནུས། །ཞེས་འབྱུང་ངོ་ཞེས་བྱ་བ་སྨྲས་ཏེ། འཕགས་པའི་བདེན་པ་བརྟག་པའི་
སྐབས་ནས་འབྱུང་ངོ་། །གཞན་ཡང་མི་སྟོང་པ་དགག་པ་ཁོ་ནའི་ཕྱིར་སྟོང་པ་ཉིད་ཅེས་བརྗོད་པར་ཟད་ཀྱི། སྟོང་པ་ཉིད་དུ་བསྒྲུབ་པ་གཙོ་ཆེར་མ་བསྟན་པས་སྐྱོན་མེད་དོ་ཞེས་བྱ་བས་ནི་མེད་པར་དགག་པ་བསྟན་གྱི་མ་ཡིན་པར་དགག་པ་མ་བསྟན་པས་སྐྱོན་མེད་དོ་ཞེས་སྟོན་ཏོ། །དེའི་ཕྱིར་དེ་ལྟར་
དེ་བཞིན་གཤེགས་པ་ངོ་བོ་ཉིད་སྟོང་ཡང་གང་དག་འདི་སྐད་ཅེས་འདི་ལ་དེ་བཞིན་གཤེགས་པ་དེ་རྟག་པ་འམ། མི་རྟག་པ་འམ། རྟག་ཀྱང་རྟག་ལ་མི་རྟག་ཀྱང་མི་རྟག་པའམ། རྟག་པ་ཡང་མ་ཡིན། མི་རྟག་པ་ཡང་མ་ཡིན་པའམ། དེ་བཞིན་དུ་འཇིག་རྟེན་མཐའ་ཡོད་པའམ། འཇིག་རྟེན་
མཐའ་མེད་པའམ། མཐའ་ཡོད་ཀྱང་ཡོད་ལ། མཐའ་མེད་ཀྱང་མེད་པའམ། མཐའ་ཡོད་པ་ཡང་མ་ཡིན། མཐའ་མེད་པ་ཡང་མ་ཡིན་པ་ཞིག་ཏུ་འགྱུར་བའི་ཕྱིར། དེ་དག་ཇི་ལྟར་འགྲུབ་པ་དེ་བཞིན་དུ་བདག་ཀྱང་འགྲུབ་ལ། དངོས་པོ་རྣམས་ཀྱང་འགྲུབ་པོ་ཞེས་ཟེར་བ་ཞེས་བྱ་བ་ནི་བདག་
དང་ཕུང་པོ་རྫས་སུ་ཡོད་པར་སྨྲ་བ་དག །དེ་བཞིན་གཤེགས་པ་རྟག་པ་དང་། མི་རྟག་པ་ལ་སོགས་པ་བཞི་པོ་དག་ལས་གང་ཡང་རུང་བ་གཅིག་ཏུ་འགྱུར་བའི་ཕྱིར་ཞེས་བྱ་བའི་གཏན་ཚིགས་ཀྱིས་དོན་དམ་པ་པོའི་དེ་བཞིན་གཤེགས་པ་རྫས་སུ་ཡོད་པར་གྲུབ་པས་བདག་ཀྱང་རྫས་སུ་ཡོད་པར་གྲུབ་ལ།
འཇིག་རྟེན་མཐའ་ཡོད་པ་དང་། མཐའ་མེད་པ་ལ་སོགས་པ་བཞི་པོ་དག་ལས་གང་ཡང་རུང་བ་གཅིག་ཏུ་འགྱུར་བའི་ཕྱིར་ཞེས་བྱ་བའི་གཏན་ཚིགས་ཀྱིས་ཀུན་རྫོབ་པའི་དེ་བཞིན་གཤེགས་པ་རྫས་སུ་ཡོད་པར་གྲུབ་པས་དངོས་པོ་རྣམས་ཀྱང་རྫས་སུ་ཡོད་པར་གྲུབ་བོ་ཞེས་ཟེར་བའི་ཚིག་ཡིན་ནོ། །དེ་དག་གི་
ཕྱིར་འདི་བཤད་དེ། རྟག་དང་མི་རྟག་ལ་སོགས་བཞི། །ཞི་བ་འདི་ལ་ག་ལ་ཡོད། །མཐའ་དང་མཐའ་མེད་ལ་སོགས་བཞི། །ཞི་བ་འདི་ལ་ག་ལ་ཡོད། །དེ་བཞིན་གཤེགས་པ་ངོ་བོ་ཉིད་ཀྱིས་མ་སྐྱེས་པའི་ཞི་བ་འདི་ལ་སྟེ་ཞེས་བྱ་བས་ནི་དོན་དམ་པ་པའི་དེ་བཞིན་གཤེགས་པ་ཆོས་ཀྱི་སྐུ་ངོ་བོ་ཉིད་ཀྱིས་

མ་སྐྱེས་པ་ཞི་བ་འདི་ལ་རྟག་པ་དང་། མི་རྟག་པ་ལ་སོགས་པ་བཞིར་ལུང་བསྟན་དུ་མེད་ལ། ཀུན་རྫོབ་པའི་དེ་བཞིན་གཤེགས་པ་གཟུགས་ཀྱི་སྐུ་དོན་དམ་པར་ངོ་བོ་ཉིད་ཀྱིས་མ་སྐྱེས་པ་ཞི་བ་འདི་ལ་མཐའ་དང་མཐའ་མེད་པ་ལ་སོགས་པ་བཞིར་ལུང་བསྟན་དུ་མེད་པས་ཕ་རོལ་པོའི་གཏན་ཚིགས་མ་
གྲུབ་པའི་ཕྱིར་བདག་དང་དངོས་པོ་རྣམས་ངོ་བོ་ཉིད་ཡོད་པར་འདོད་པའི་དཔེར་དེ་བཞིན་གཤེགས་པ་མ་གྲུབ་བོ་ཞེས་སྟོན་ཏོ། །དེ་ཉིད་བསྟན་པའི་ཕྱིར། གང་གི་ཕྱིར་གཏན་ཚིགས་གྲུབ་ན་དཔེ་ཡང་འགྲུབ་པ་ཞིག་ན་ཞེས་བྱ་བའི་ཚིག་གི་ལྷག་མའོ་ཞེས་བྱ་བ་སྨྲས་ཏེ། གཏན་ཚིགས་རྟག་པ་དང་མི་རྟག་པ་ལ་
སོགས་པ་དག་མ་གྲུབ་པས་དཔེ་དེ་བཞིན་གཤེགས་པ་ཡང་མི་འགྲུབ་པོ་ཞེས་བྱ་བར་སྦྱར་རོ། །དེའི་ཕྱིར་གཏན་ཚིགས་ཐུན་མོང་མ་ཡིན་པ་ཉིད་འགལ་བ་ཉིད་དོ་ཞེས་བྱ་བ་ནི་དོན་དམ་པར་ནི་ཕ་རོལ་པོའི་གཏན་ཚིགས་རྟག་པ་དང་། མི་རྟག་པ་ལ་སོགས་པ་དག་གང་ཡང་དེ་བཞིན་གཤེགས་པ་ལ་མེད་
པས་ཐུན་མོང་མ་ཡིན་པའི་ཕྱིར་མ་གྲུབ་ལ། ཀུན་རྫོབ་ཏུ་ནི་དོན་དམ་པར་སྒྲུབ་པ་དང་འགལ་བ་ཉིད་དུ་བསྟན་ཏོ། །ཡང་ན་སྒྲུབ་པ་ཇི་སྐད་བསྟན་པས་བཅོམ་ལྡན་འདས་བརྟེན་ནས་གདགས་པ་ངོ་བོ་ཉིད་སྟོང་པ་ལ། རྟག་དང་མི་རྟག་ལ་སོགས་བཞི། །ཞི་བ་འདི་ལ་ག་ལ་ཡོད། །མཐའ་དང་མཐའ་
མེད་ལ་སོགས་བཞི། །ཞི་བ་འདི་ལ་ག་ལ་ཡོད། །ངོ་བོ་ཉིད་མེད་པ་དང་རྫས་སུ་ཡོད་པ་མ་ཡིན་པའི་ཞི་བ་འདི་ལ་སྟེ། རྟག་དང་མི་རྟག་པ་ལ་སོགས་པ་བཞི་པོ་དེ་དག་འདི་ལ་ཡོད་པ་མ་ཡིན་པ་ཉིད་དོ་ཞེས་བྱ་བའི་ཚིག་གི་དོན་ཏོ་ཞེས་བྱ་བའི་སྔར་དོན་དམ་པར་དེ་བཞིན་གཤེགས་པ་ངོ་བོ་ཉིད་
མེད་པ་དང་། རྫས་སུ་ཡོད་པ་མ་ཡིན་ཏེ། གདགས་པར་བྱ་བ་ཡིན་པའི་ཕྱིར་དཔེར་ན་མགལ་མེའི་འཁོར་ལོ་བཞིན་ནམ། རྫས་སུ་ཡོད་པ་མ་ཡིན་པས་དཔེར་ན་བུམ་པ་བཞིན་ནོ་ཞེས་གྲུབ་པ་ཇི་ལྟར་བསྟན་པས་བཅོམ་ལྡན་འདས་བརྟེན་ནས་གདགས་པ་ངོ་བོ་ཉིད་སྟོང་པ་འདི་ལ་རྟག་པ་དང་མི་
རྟག་པ་ལ་སོགས་པ་དག་མེད་པས་ཕ་རོལ་པོ་དག་གི་གཏན་ཚིགས་དེ་དག་མ་གྲུབ་པོ་ཞེས་བསྟན་ཏོ། །དེ་ལྟ་བས་ན་དེ་བཞིན་གཤེགས་པ་རྟག་པའམ། མི་རྟག་པའམ། རྟག་ཀྱང་རྟག་ལ། མི་རྟག་ཀྱང་མི་རྟག་པའམ། རྟག་པ་ཡང་མ་ཡིན་མི་རྟག་པ་ཡང་མ་ཡིན་པའམ། འཇིག་རྟེན་མཐའ་

ཡོད་པའམ་མཐའ་མེད་པའམ། མཐའ་ཡོད་ཀྱང་ཡོད་ལ། མཐའ་མེད་ཀྱང་མེད་པའམ། མཐའ་ཡོད་པ་ཡང་མ་ཡིན། མཐའ་མེད་པ་ཡང་མ་ཡིན་པ་ཞེས་བྱ་བ་དེ་དག་མ་ཡིན་ཏེ། དོན་དམ་པར་དེ་བཞིན་གཤེགས་པ་སྐྱེ་བ་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི་མཇུག་བསྡུ་བ་དང་།
ཚད་མའི་འབྲས་བུ་ཡིན་ཏེ། དོན་དམ་པར་དེ་བཞིན་གཤེགས་པ་ནི་ལུང་དུ་མ་བསྟན་པའི་དངོས་པོ་བཅུ་བཞི་གང་གི་དངོས་པོར་ཡང་ལུང་བསྟན་དུ་མེད་དེ། སྐྱེ་བ་མེད་པའི་ཕྱིར་རོ། །དེ་ཉིད་ཀྱི་ཁུངས་བསྟན་པའི་ཕྱིར། དེ་ལྟར་ཡང་མདོ་སྡེ་ལས། འཇམ་དཔལ་སྐྱེ་བ་མེད་པ་དང་འགག་པ་མེད་པ་ཞེས་
བྱ་བ་ནི་དེ་བཞིན་གཤེགས་པའི་ཚིག་བླ་དགས་སོ་ཞེས་ཇི་སྐད་གསུངས་པ་ལྟ་བུའོ་ཞེས་བྱ་བ་སྨྲས་ཏེ། འཕགས་པ་སངས་རྒྱས་ཐམས་ཅད་ཀྱི་ཡུལ་ལ་འཇུག་པ་ཡེ་ཤེས་སྣང་བའི་རྒྱན་གྱི་མདོ་ལས་དེ་སྐད་གསུངས་སོ། །ད་ནི་གང་དག་རྣམ་པར་རྟོག་པ་ལ་གོམས་པའི་འཛིན་པ་དམ་པོ་ཅན་
དག་ནི་དེ་བཞིན་གཤེགས་པ་ལ་ཡོད་པ་དང་། མེད་པ་ལ་སོགས་པར་རྟོག་ལ། གང་དག་ཡང་དག་པའི་ཡེ་ཤེས་ཀྱི་མིག་བྱེ་བ་དག་ལ་ནི་རྟོག་པ་དེ་དག་མེད་པའི་སྐབས་གཉིས་བསྟན་པར་བྱ་སྟེ། དེ་ལ་རེ་ཞིག་སྐབས་དང་པོ་བསྟན་པའི་ཕྱིར། གང་དག་འདི་སྐད་ཅེས་དོན་དམ་པར་དེ་བཞིན་
གཤེགས་པ་ཡོད་པ་ཁོ་ན་ཡིན་ཏེ། མྱ་ངན་ལས་འདས་ནས་མེད་དོ་ཞེས་ལུང་མ་བསྟན་པའི་ཕྱིར་རོ། །འདི་ན་མོ་གཤམ་གྱི་བུ་ལྟ་བུ་གང་ཡོད་པ་མ་ཡིན་པ་དེ་ལ་ནི་སྒྲུབ་པ་དེ་ལྟ་བུ་མེད་པས་དེའི་ཕྱིར་དོན་དམ་པར་དེ་བཞིན་གཤེགས་པ་ནི་ཡོད་པ་ཁོ་ན་ཡིན་ནོ་ཞེས་ཟེར་བ་ཞེས་བྱ་བ་ལ་སོགས་པ་
སྨྲས་ཏེ། འདིས་ནི་ཕྱོགས་སྔ་མ་བསྟན་ཏེ། དེ་དག་ནི་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། ཆོས་མི་མཐུན་པའི་ཕྱོགས་ཀྱི་དཔེ་དང་། མཇུག་བསྡུ་བ་ཡིན་པར་གོ་རིམས་བཞིན་དུ་སྦྱར་རོ། །དེ་དག་གི་ཕྱིར་འདི་བཤད་དེ། རྣམ་པར་རྟོག་པ་རྣམ་པ་སྣ་ཚོགས་
ལ་གོམས་པའི་བག་ཆགས་ཀྱིས་བསྒོས་པའི་བློ་གྲོས་ཅན། གང་གིས་འཛིན་སྟུག་བཟུང་གྱུར་པ། །དེ་ནི་མྱ་ངན་འདས་པ་ལ། །དེ་བཞིན་གཤེགས་པ་ཡོད་ཅེ་འམ། །མེད་ཅེས་རྣམ་རྟོག་རྟོག་པར་བྱེད། །དེ་བཞིན་གཤེགས་པ་མྱ་ངན་ལས་འདས་ནས་ཡོད་ཅེ་འམ། དེ་བཞིན་གཤེགས་

པ་མྱ་ངན་ལས་འདས་ནས་མེད་ཅེ་འམ། དེ་བཞིན་གཤེགས་པ་མྱ་ངན་ལས་འདས་ནས་ཡོད་ཀྱང་ཡོད་ལ་མེད་ཀྱང་མེད་ཅེའམ། དེ་བཞིན་གཤེགས་པ་མྱ་ངན་ལས་འདས་ནས་ཡོད་པ་ཡང་མ་ཡིན། མེད་པ་ཡང་མ་ཡིན་ཞེས་བྱ་བར་རྣམ་པར་རྟོག་པ་ལ་རྟོག་པར་བྱེད་དོ་ཞེས་བྱ་བ་སྨྲས་སོ། །
སྐབས་གཉིས་པ་བསྟན་པའི་ཕྱིར། ཡང་དག་པའི་ཡེ་ཤེས་ཀྱི་མིག་བྱེ་བ་དག་ལ་ནི། །ངོ་བོ་ཉིད་ཀྱིས་སྟོང་དེ་ལ། །སངས་རྒྱས་མྱ་ངན་འདས་ནས་ནི། །ཡོད་དོ་ཞེ་འམ་མེད་དོ་ཞེས། །བསམ་པ་འཐད་པ་ཉིད་མི་འགྱུར། །རྣམ་པར་རྟོག་པའི་བློ་ཡུལ་མེད་པ་ལ་སྐྱེ་བར་མི་འགྱུར་བའི་ཕྱིར་རོ་
ཞེས་བྱ་བར་དགོངས་སོ་ཞེས་བྱ་བ་སྨྲས་སོ། །དེ་ལྟ་བས་ན་འདིར་ཡང་གཏན་ཚིགས་ཀྱི་སྐྱོན་དང་དཔེའི་སྐྱོན་དེ་དག་ཉིད་དོ་ཞེས་བྱ་བ་ནི་མཇུག་བསྡུ་བ་དང་། ཚད་མའི་འབྲས་བུ་ཡིན་ཏེ། ཕ་རོལ་པོ་དག་གི་གཏན་ཚིགས་མྱ་ངན་ལས་འདས་ནས་མེད་དོ་ཞེས་ལུང་མ་བསྟན་པའི་ཕྱིར་རོ་ཞེས་
བྱ་བ་དེ་མ་གྲུབ་པས་སྔར་དངོས་པོ་རྣམས་ལ་ངོ་བོ་ཉིད་ཡོད་པའི་དཔེ་དེ་བཞིན་གཤེགས་པའི་སྐུ་བཞིན་ནོ་ཞེས་སྨྲས་པ་དེ་ཉིད་མ་གྲུབ་པའི་སྐྱོན་དེ་དག་ཉིད་ཡོད་དོ། །ད་ནི་སྤྲོས་པ་ལ་མངོན་པར་ཞེན་པ་རྣམས་ཀྱིས་དེ་བཞིན་གཤེགས་པ་མི་མཐོང་བར་བསྟན་པའི་ཕྱིར། དེའི་ཕྱིར་དེ་ལྟར་
ཡོད་པ་དང་། མེད་པ་དང་། རྟག་པ་དང་། མི་རྟག་པ་དང་། གཟུགས་ཀྱི་སྐུ་དང་། ཆོས་ཀྱི་སྐུ་དང་། གསུང་རབ་ཀྱི་སྐུ་དང་། མཚན་ཉིད་དང་། མཚན་ཉིད་ཀྱི་གཞི་དང་། རྒྱུ་དང་། འབྲས་བུ་དང་། བློ་དང་། རྟོགས་པར་བྱ་བ་དང་། སྟོང་པ་དང་། མི་སྟོང་པ་ལ་སོགས་པའི་སྤྲོས་པ་དག་གིས།
གང་དག་སངས་རྒྱས་སྤྲོས་འདས་ཤིང་། །ཟད་པ་མེད་ལ་སྤྲོས་བྱེད་པ། །སྤྲོས་པས་ཉམས་པ་དེ་ཀུན་གྱིས། །དེ་བཞིན་གཤེགས་པ་མཐོང་མི་འགྱུར། །སྤྲོས་པས་བློ་གྲོས་ཀྱི་མིག་ཉམས་པ་དེ་དག་ཐམས་ཅད་ཀྱིས་དམུས་ལོང་གིས་ཉི་མ་བཞིན་དུ་དེ་བཞིན་གཤེགས་པ་མཐོང་བར་མི་འགྱུར་ཏེ། དེ་བཞིན་
གཤེགས་པ་ནི་ཆོས་ཉིད་ལས་བལྟ་བར་བྱ་བ་ཡིན་པའི་ཕྱིར་རོ་ཞེས་བྱ་བར་དགོངས་སོ་ཞེས་བྱ་བ་སྨྲས་སོ། །དེ་ཉིད་ཀྱི་ཁུངས་བསྟན་པའི་ཕྱིར། དེ་ལྟར་ཡང་གང་གིས་རྟེན་ཅིང་འབྲེལ་པར་འབྱུང་བ་མཐོང་བ་དེས་ཆོས་མཐོང་ངོ་། །གང་གིས་ཆོས་མཐོང་བ་དེས་སངས་རྒྱས་མཐོང་ངོ་ཞེས་གསུང་བའི་ཕྱིར་རོ་ཞེས་

བྱ་བ་སྨྲས་ཏེ། འཕགས་པ་སཱ་ལུ་ལྗང་པའི་མདོ་ལས་ཀྱང་དེ་སྐད་གསུངས་སོ། །ཡང་ན་གང་དག་གཟུགས་ཀྱི་སྐུ་མཚན་དང་། དཔེ་བྱད་ཀྱིས་བརྒྱན་པ་དང་། བསྟན་པའི་ཆོས་ཀྱི་ཚོགས་གསུང་རབ་ཏུ་གཏོགས་པ་ཡན་ལག་བཅུ་གཉིས་པོ་དེ་དག་དེ་བཞིན་གཤེགས་པ་ཡིན་པར་ལྟ་བ་
དེ་དག་ཀྱང་སྤྲོས་པ་ཡིན་པས་དེས་དོན་དམ་པའི་དེ་བཞིན་གཤེགས་པ་མི་མཐོང་བར་བསྟན་པའི་ཕྱིར། ཡང་ན་དེ་བཞིན་གཤེགས་པ་ནི་གཟུགས་ཀྱི་སྐུའོ། །དེ་བཞིན་གཤེགས་པ་ནི་བསྟན་པའི་ཆོས་ཀྱི་སྐུའོ་ཞེས། གང་དག་སངས་རྒྱས་སྤྲོས་འདས་ཤིང་། །ཟད་པ་མེད་ལ་སྤྲོས་བྱེད་པ། །སྤྲོས་
པས་ཉམས་པ་དེ་ཀུན་གྱིས། །དེ་བཞིན་གཤེགས་པ་མཐོང་མི་འགྱུར། །ཞེས་བྱ་བ་སྨྲས་སོ། །དེ་ཉིད་ཀྱི་ཁུངས་བསྟན་པའི་ཕྱིར། ཇི་སྐད་དུ། གང་རྣམས་གཟུགས་སུ་ང་མཐོང་ཞིང་། །གང་དག་ང་ལ་སྒྲར་ཤེས་པ། །ལོག་པས་སྤོང་བར་ཞུགས་པ་སྟེ། །སྐྱེ་བོ་དེ་ཡིས་ང་མི་མཐོང་། །ཞེས་
གསུངས་པ་ལྟ་བུའོ་ཞེས་བྱ་བ་སྨྲས་ཏེ། འཕགས་པ་རྡོ་རྗེ་གཅོད་པའི་མདོ་ལས་དེ་སྐད་ཅེས་གསུངས་སོ། །དེ་ནི་དེ་བཞིན་གཤེགས་པ་ངོ་བོ་ཉིད་མེད་པ་བཞིན་དུ་འགྲོ་བ་འདི་དག་ཀྱང་ངོ་བོ་ཉིད་དུ་བསྟན་པའི་དོན་གྱི་དབང་གིས་མཇུག་བསྡུ་བའི་ཕྱིར། དེའི་ཕྱིར་དེ་ལྟར་ཡོངས་སུ་བརྟགས་ན་དངོས་
པོ་རྣམས་ངོ་བོ་ཉིད་དུ་ཡོད་པ་ཉིད་དུ་བསྒྲུབ་པའི་དཔེ་ཉིད་དུ་དེ་བཞིན་གཤེགས་པ་སྨྲས་པ་གང་ཡིན་པའི། དེ་བཞིན་གཤེགས་པའི་དངོས་ཉིད་གང་། །དེ་ནི་འགྲོ་འདིའི་ངོ་བོ་ཉིད། །དེ་བཞིན་གཤེགས་པ་དངོས་ཉིད་མེད། །འགྲོ་འདི་ངོ་བོ་ཉིད་མེད་དོ། །ཞེས་བྱ་
བ་སྨྲས་སོ། །དེ་ཉིད་བྱེ་བྲག་ཏུ་བཤད་པ་བསྟན་པའི་ཕྱིར། དེ་ཡང་ཡོངས་སུ་བརྟགས་ན། སྐུ་མིན་སྐུ་ལས་གཞན་མ་ཡིན། །ཞེས་བྱ་བ་ལ་སོགས་པས་ངོ་བོ་ཉིད་མེད་དེ། དེ་ཀུན་བརྟགས་པ་མ་ལུས་པར་ངོ་བོ་ཉིད་མེད་པའི་ཕྱིར་ངོ་བོ་ཉིད་མེད་དོ་ཞེས་བྱ་བ་སྨྲས་སོ། །ཀུན་བརྟགས་
པའི་ངོ་བོ་ཉིད་བསྟན་པའི་ཕྱིར། དེ་ལ་ཀུན་བརྟགས་པའི་ངོ་བོ་ཉིད་ནི་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དང་། མཚན་ཉིད་དང་། མཚན་ཉིད་ཀྱི་གཞི་དང་། རྒྱུ་དང་། འབྲས་བུ་དང་། དངོས་པོ་དང་། དངོས་པོ་མེད་པ་དང་། གཅིག་པ་ཉིད་དང་། གཞན་ཉིད་ལ་སོགས་པའི་བདག་ཉིད་

དོ་ཞེས་བྱ་བ་སྨྲས་ཏེ། ཁ་ཅིག་ནི་དེ་བཞིན་གཤེགས་པ་དོན་དམ་པར་ཕུང་པོའི་ངོ་བོ་ཉིད་ཡིན་པར་ཡོངས་སུ་རྟོག །ཁ་ཅིག་ནི་ཁམས་ཀྱི་ངོ་བོ་ཉིད་དང་། ཁ་ཅིག་ནི་སྐྱེ་མཆེད་ཀྱི་ངོ་བོ་ཉིད། ཁ་ཅིག་ནི་མཚན་ཉིད་ཀྱི་ངོ་བོ་ཉིད། ཁ་ཅིག་ནི་མཚན་གཞིའི་ངོ་བོ་ཉིད། ཁ་ཅིག་ནི་རྒྱུའི་ངོ་བོ་
ཉིད། ཁ་ཅིག་ནི་འབྲས་བུའི་ངོ་བོ་ཉིད། ཁ་ཅིག་ནི་དངོས་པོའི་ངོ་བོ་ཉིད། ཁ་ཅིག་ནི་དངོས་པོ་མེད་པའི་ངོ་བོ་ཉིད། ཁ་ཅིག་ནི་གཅིག་པ་ཉིད་ཀྱི་ངོ་བོ་ཉིད། ཁ་ཅིག་ནི་གཞན་ཉིད་ལ་སོགས་པའི་ངོ་བོ་ཉིད་དུ་ཡོངས་སུ་རྟོག་པ་དེ་དག་ནི་ཀུན་བརྟགས་པའི་ངོ་བོ་ཉིད་ཙམ་དུ་ཟད་དེ། དོན་དམ་པར་ངོ་བོ་
ཉིད་ཡོད་པ་མ་ཡིན་པས་དེ་དག་གི་བདག་ཉིད་ཀྱི་དེ་བཞིན་གཤེགས་པ་དང་འགྲོ་བ་འདི་དག་ཀྱང་ངོ་བོ་ཉིད་མེད་དོ་ཞེས་སྟོན་ཏོ། །དེ་ལ་རེ་ཞིག་དེ་བཞིན་གཤེགས་པ་ཕུང་པོའི་ངོ་བོ་ཉིད་དུ་ཡོངས་སུ་བརྟགས་པ་ངོ་བོ་ཉིད་མེད་པ་ཉིད་དུ་བསྟན་པའི་ཕྱིར། དེ་ལ། གཟུགས་ཀྱི་རྒྱུ་ནི་མ་རྟོགས་པར། །
གཟུགས་ནི་དམིགས་པར་མི་འགྱུར་རོ། །ཞེས་དེར་བསྟན་པའི་ཚུལ་གྱིས་ཕུང་པོ་རྣམས་ངོ་བོ་ཉིད་མེད་པ་ཉིད་ཡིན་པའི་ཕྱིར་དེའི་བདག་ཉིད་ཀྱི་དེ་བཞིན་གཤེགས་པ་ངོ་བོ་ཉིད་མེད་པ་ཉིད་དོ་ཞེས་བྱ་བ་སྨྲས་ཏེ། ཕུང་པོ་བརྟག་པའི་སྐབས་དེར་དེ་སྐད་བསྟན་པའི་ཚུལ་གྱིས་སོ། །དེ་བཞིན་
གཤེགས་པའི་ཁམས་དང་། དངོས་པོ་དང་། དངོས་པོ་མེད་པ་དང་། མཚན་ཉིད་ཀྱི་གཞི་དང་། མཚན་ཉིད་ཀྱི་ངོ་བོ་ཉིད་དུ་ཡོངས་སུ་བརྟགས་པ་ངོ་བོ་ཉིད་མེད་པ་ཉིད་དུ་བསྟན་པའི་ཕྱིར། ནམ་མཁའི་མཚན་ཉིད་སྔ་རོལ་ན། །ནམ་མཁའ་ཅུང་ཟད་ཡོད་མ་ཡིན། །ཞེས་བྱ་བ་ལ་སོགས་
པ་དེར། ཇི་ལྟར་ནམ་མཁའ་ལ་སོགས་པ་ཁམས་དྲུག་པོ་དག་ཡོངས་སུ་བརྟགས་ན་དངོས་པོ་ཡང་མ་ཡིན། དངོས་པོ་མེད་པ་ཡང་མ་ཡིན། མཚན་ཉིད་ཀྱི་གཞི་ཡང་མ་ཡིན། མཚན་ཉིད་ཀྱང་མ་ཡིན་པས་དངོས་པོ་ལ་སོགས་པའི་ངོ་བོ་ཉིད་མེད་པའི་ཕྱིར་ངོ་བོ་ཉིད་མེད་པ་ཉིད་དུ་
བསྟན་པ་དང་། དེ་བཞིན་དུ་དེ་བཞིན་གཤེགས་པ་རྣམ་པར་ཤེས་པའི་ཁམས་ལ་སོགས་པའི་བདག་ཉིད་དུ་བརྟགས་པ་ཡང་ཡོངས་སུ་བརྟགས་ན་དངོས་པོ་ཡང་མ་ཡིན། དངོས་པོ་མེད་པ་ཡང་མ་ཡིན། མཚན་ཉིད་ཀྱི་གཞི་ཡང་མ་ཡིན། མཚན་ཉིད་ཀྱང་མ་ཡིན་པས་དངོས་

པོ་དང་། དངོས་པོ་མེད་པ་དང་། མཚན་ཉིད་ཀྱི་གཞི་དང་། མཚན་ཉིད་ཀྱི་ངོ་བོ་ཉིད་མེད་པའི་ཕྱིར། ངོ་བོ་ཉིད་མེད་པ་ཉིད་དོ་ཞེས་བྱ་བ་སྨྲས་ཏེ། ཁམས་བརྟག་པའི་སྐབས་དེར་དེ་སྐད་བསྟན་པའི་ཚུལ་གྱིས་སོ། །དེ་བཞིན་གཤེགས་པ་སྐྱེ་མཆེད་ཀྱི་ངོ་བོ་ཉིད་དུ་
ཡོངས་སུ་བརྟགས་པ་ངོ་བོ་ཉིད་མེད་པ་ཉིད་དུ་བསྟན་པའི་ཕྱིར། ཇི་ལྟར་སྐྱེ་མཆེད་བརྟག་པར་སྐྱེ་མཆེད་རྣམས་ངོ་བོ་ཉིད་མེད་པ་ཉིད་དུ་བསྟན་པ་དེ་ལས་མ་གཏོགས་པའི་ལྟ་བ་པོ་ལ་སོགས་པ་ཡོད་པ་མ་ཡིན་པ་དེ་བཞིན་དུ་སྐྱེ་མཆེད་ཀྱི་བདག་ཉིད་ཀྱི་དེ་བཞིན་གཤེགས་པ་ཡང་ངོ་བོ་ཉིད་
མེད་པ་ཉིད་ཡིན་པས་དེ་བཞིན་གཤེགས་པ་ངོ་བོ་ཉིད་མེད་པ་ཉིད་དོ་ཞེས་བྱ་བ་སྨྲས་ཏེ། སྐྱེ་མཆེད་བརྟག་པའི་སྐབས་དེར་དེ་སྐད་བསྟན་པའི་ཚུལ་གྱིས་སོ། །དེ་བཞིན་གཤེགས་པ་གཅིག་པ་ཉིད་དང་། གཞན་ཉིད་ལ་སོགས་པའི་ངོ་བོ་ཉིད་ལ་སོགས་པ་དེ་བཞིན་དུ་ཡོངས་སུ་བརྟགས་པ་
ངོ་བོ་ཉིད་མེད་པ་ཉིད་དུ་བསྟན་པའི་ཕྱིར་ཇི་ལྟར་མེ་དང་བུད་ཤིང་བརྟག་པར་གཅིག་པ་ཉིད་དང་། གཞན་ཉིད་དང་། བརྗོད་པར་བྱ་བ་མ་ཡིན་པ་ཉིད་བཀག་པས་དེ་དག་ངོ་བོ་ཉིད་མེད་པ་ཉིད་ཡིན་པ་དེ་བཞིན་དུ་ཤེས་པའི་མཚན་ཉིད་དེ་བཞིན་གཤེགས་པ་དང་། ཤེས་བྱ་དང་སངས་རྒྱས་ཀྱི་ཡོན་ཏན་
འདུས་པའི་མཚན་ཉིད་དང་། དེ་བཞིན་གཤེགས་པ་འདུས་པ་ཅན་དང་། ཆོས་ཀྱི་དབྱིངས་ཀྱི་དེ་བཞིན་གཤེགས་པ་དག་ཀྱང་གཅིག་པ་ཉིད་དང་། གཞན་ཉིད་དང་། བརྗོད་པར་བྱ་བ་མ་ཡིན་པའི་ངོ་བོ་ཉིད་མེད་པས་དེ་བཞིན་གཤེགས་པའི་ངོ་བོ་ཉིད་མེད་པ་ཉིད་དོ་ཞེས་བྱ་བ་སྨྲས་ཏེ། མེ་དང་བུད་ཤིང་
བརྟག་པར་དེ་སྐད་བསྟན་པའི་ཚུལ་གྱིས་སོ། །དེ་བཞིན་གཤེགས་པ་རྒྱུ་དང་འབྲས་བུ་ལ་སོགས་པའི་ངོ་བོ་ཉིད་ཡོངས་སུ་བརྟག་པ་ངོ་བོ་ཉིད་མེད་པ་ཉིད་དུ་བསྟན་པའི་ཕྱིར། སྐྱེ་བ་མེད་པའི་རབ་ཏུ་བྱེད་པར་སྐྱེ་བ་ལ་སོགས་པ་བཀག་པའི་ཕྱིར་དང་། སོང་བ་དང་། མ་སོང་བ་བརྟག་པའི་རབ་ཏུ་བྱེད་
པར་སོང་བ་དང་། མ་སོང་བ་ལ་སོགས་པ་བཀག་པའི་ཕྱིར་སྐྱེ་བ་ལ་སོགས་པའི་ངོ་བོ་ཉིད་མེད་པ་ཉིད་ཡིན་པས་དེ་བཞིན་གཤེགས་པ་ངོ་བོ་ཉིད་མེད་པ་ཉིད་དོ་ཞེས་བྱ་བ་སྨྲས་ཏེ། རབ་ཏུ་བྱེད་པ་དེ་དག་རྒྱུ་དང་འབྲས་བུ་དང་། སྐྱེ་བ་དང་། འགྲོ་བ་ལ་སོགས་པའི་བྱ་བ་དགག་པ་ཇི་སྐད་བསྟན་པའི་ཚུལ་

གྱིས་སོ། །དེ་བཞིན་གཤེགས་པ་ཇི་ལྟ་བར་འགྲོ་བ་འདི་ཡང་ངོ་བོ་ཉིད་མེད་དོ་ཞེས་བྱ་བས་ནི། དེ་བཞིན་གཤེགས་པ་དངོས་ཉིད་མེད། །འགྲོ་འདི་ངོ་བོ་ཉིད་མེད་དོ། །ཞེས་བྱ་བའི་སྐབས་བསྡུ་བ་བསྟན་ཏོ། །དེ་ལྟ་བས་ན་མཐུན་པའི་ཕྱོགས་མེད་པའི་ཕྱིར་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་དང་། འགལ་
བ་ཉིད་དོ་ཞེས་བྱ་བ་ནི་སྐབས་ཀྱི་མཇུག་བསྡུ་བ་ཡིན་ཏེ། ཕ་རོལ་པོ་དག་དོན་དམ་པར་གཟུགས་ལ་སོགས་པ་དངོས་པོ་རྣམས་ངོ་བོ་ཉིད་ཡོད་པ་ཉིད་དུ་བསྒྲུབ་པའི་མཐུན་པའི་ཕྱོགས་ཀྱི་དཔེ་དེ་བཞིན་གཤེགས་པའི་སྐུ་བཞིན་ནོ་ཞེས་བྱ་བ་དེ་ངོ་བོ་ཉིད་ཡོད་པ་ཉིད་དུ་མ་གྲུབ་པས་མཐུན་པའི་ཕྱོགས་མེད་པའི་ཕྱིར་
ཕ་རོལ་པོ་དག་གི་གཏན་ཚིགས་དངོས་པོ་ཡིན་པའི་ཕྱིར་ཞེས་བྱ་བ་དེ་དོན་དམ་པར་ནི་མ་གྲུབ་པ་ཉིད་ལ། ཀུན་རྫོབ་ཏུ་ནི་འགལ་བ་ཉིད་དོ། །དེ་ལ་འདིར་རབ་ཏུ་བྱེད་པའི་དོན་ནི་ཕ་རོལ་པོས་རབ་ཏུ་བྱེད་པའི་དང་པོར་སྨྲས་པའི་བསྒྲུབ་པའི་སྐྱོན་བརྗོད་པས་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་བསྟན་པ་ཡིན་ནོ་
ཞེས་བྱ་བ་ནི་མཇུག་བསྡུ་བ་དང་། ཚད་མའི་འབྲས་བུ་ཡིན་ཏེ། དེ་བཞིན་གཤེགས་པ་བརྟག་པའི་རབ་ཏུ་བྱེད་པ་ཉི་ཤུ་གཉིས་པའི་སྐབས་འདིར་རབ་ཏུ་བྱེད་པའི་དོན་ཚད་མའི་འབྲས་བུར་བལྟ་བ་ནི་རབ་ཏུ་བྱེད་པ་འདིའི་དང་པོར་མདོ་སྡེ་པ་དང་། བྱེ་བྲག་ཏུ་སྨྲ་བ་དག་གིས་དོན་དམ་པར་གཟུགས་ལ་
སོགས་པ་དངོས་པོ་རྣམས་ངོ་བོ་ཉིད་ཡོད་པ་ཁོ་ན་ཡིན་ཏེ། དངོས་པོ་ཡིན་པའི་ཕྱིར་དཔེར་ན་དེ་བཞིན་གཤེགས་པའི་སྐུ་བཞིན་ནོ་ཞེས་བྱ་བ་སྨྲས་པའི་དཔེ་དེ་བཞིན་གཤེགས་པ་ཉིད་ངོ་བོ་ཉིད་མེད་པ་ཉིད་དུ་བརྗོད་པས་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་བསྟན་པ་ཡིན་ཏེ། འདི་ལྟར་ཕུང་པོ་དང་།
ཁམས་དང་། སྐྱེ་མཆེད་དང་། མཚན་ཉིད་དང་། མཚན་ཉིད་ཀྱི་གཞི་དང་། རྒྱུ་དང་འབྲས་བུ་དང་། དངོས་པོ་དང་། དངོས་པོ་མེད་པ་དང་། གཅིག་པ་ཉིད་དང་། གཞན་ཉིད་ལ་སོགས་པའི་ངོ་བོ་ཉིད་དུ་ཡོངས་སུ་བརྟགས་པའི་རྣམ་པ་དེ་དག་ཐམས་ཅད་ཆོས་ཀྱི་སྐུ་ལ་ཡོད་པ་མ་ཡིན་
པས་དེ་དག་ཡོངས་སུ་བརྩལ་བ་ཉིད་ཀྱིས་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་གྲུབ་པ་ཡིན་ནོ། །དེ་ལྟར་ཡང་འཕགས་པ་བདེན་པ་པོས་བསྟན་པའི་ལེའུ་ལས་བཙུན་པ་ཤ་ར་དྭ་ཏིའི་བུ་གཟུགས་མཐོང་བ་ནི་དེ་བཞིན་གཤེགས་པ་མཐོང་བ་མ་ཡིན་ནོ། །རྣམ་པར་ཤེས་པའི་བར་དུ་མཐོང་བ་ནི་དེ་བཞིན་

གཤེགས་པ་མཐོང་བ་མ་ཡིན་ནོ། །སའི་ཁམས་མཐོང་བ་ནི་དེ་བཞིན་གཤེགས་པ་མཐོང་བ་མ་ཡིན་ནོ། །རླུང་གི་ཁམས་ཀྱི་བར་དུ་མཐོང་བ་ནི་དེ་བཞིན་གཤེགས་པ་མཐོང་བ་མ་ཡིན་ནོ། །བདག་མཐོང་བ་ནི་དེ་བཞིན་གཤེགས་པ་མཐོང་བ་མ་ཡིན་ནོ། །སེམས་
ཅན་དང་། སྲོག་དང་། གསོ་བ་དང་། སྐྱེས་བུ་དང་། གང་ཟག་མཐོང་བ་དེ་ནི་དེ་བཞིན་གཤེགས་པ་མཐོང་བ་མ་ཡིན་ནོ། །ངར་འཛིན་པ་མཐོང་བ་ནི་དེ་བཞིན་གཤེགས་པ་མཐོང་བ་མ་ཡིན་ནོ། །ང་ཡིར་འཛིན་པ་མཐོང་བ་ནི་དེ་བཞིན་གཤེགས་པ་མཐོང་བ་མ་ཡིན་ནོ། །མཚན་མ་
མཐོང་བ་ནི་དེ་བཞིན་གཤེགས་པ་མཐོང་བ་མ་ཡིན་ཏེ། བཙུན་པ་ཤ་ར་དྭ་ཏིའི་བུ་འདི་ལྟར་མཚན་མ་རྣམས་མ་མཐོང་བ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པ་མཐོང་བ་ཡིན་ནོ། །མངོན་པར་ཞེན་པ་མེད་པ་མཐོང་བ་ནི་དེ་བཞིན་གཤེགས་པ་མཐོང་བ་མ་ཡིན་ནོ། །དངོས་པོ་མེད་པ་མཐོང་བ་ནི་དེ་
བཞིན་གཤེགས་པ་མཐོང་བ་མ་ཡིན་ནོ། །ཡང་དག་པའི་མཐའ་མཐོང་བ་ནི་དེ་བཞིན་གཤེགས་པ་མཐོང་བ་མ་ཡིན་ནོ་ཞེས་ཇི་སྐད་གསུངས་པ་ལྟ་བུ་སྟེ། དེའི་ཕྱིར། སྐུ་མིན་སྐུ་ལས་གཞན་མ་ཡིན། །དེ་ལ་སྐུ་མེད་དེར་དེ་མེད། །དེ་བཞིན་གཤེགས་པ་སྐུ་ལྡན་མིན། །དེ་བཞིན་གཤེགས་པ་གང་
ཞིག་ཡིན། །ཞེས་བྱ་བ་ལ་སོགས་པ་ངག་གིས་དེ་བཞིན་གཤེགས་པ་སུན་ཕྱུང་བ་མ་ཡིན་གྱི། དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་དོན་དམ་པ་དང་། གཟུགས་ཀྱི་སྐུ་ཀུན་རྫོབ་པ་དག་དོན་དམ་པར་ངོ་བོ་ཉིད་མེད་པ་ཉིད་གསལ་བའི་དོན་གྱི་དབང་གིས་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་དམིགས་
སུ་མེད་པ་ཞེས་བྱ་བ་བསྟན་པ་ཡིན་ནོ། །དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་བསྟན་པ་འདི་ལ་ཡོན་ཏན་ཇི་ཡོད་པ་དང་། དེ་བསྟན་པ་འདི་ལ་གཞན་དག་ན་རེ་རྟོག་གེ་སྐམ་པོའི་བསྟན་བཅོས་ཙམ་ཉི་ཚེས་བསྒྲུབས་སོ་ཞེས་ཟེར་བ་བསལ་བའི་ཕྱིར་འདིར་ཡིད་ཆེས་པའི་ལུང་གི་ཁུངས་ཀྱང་བསྒྲུབ་པར་བྱ་
སྟེ། དེའི་ཕྱིར་འཕགས་པ་ལང་ཀར་གཤེགས་པའི་མདོ་ལས། བློ་གྲོས་ཆེན་པོ་རྟག་པ་མ་ཡིན་པ་དང་། མི་རྟག་པ་མ་ཡིན་པ་དང་། འབྲས་བུ་མ་ཡིན་པ་དང་། རྒྱུ་མ་ཡིན་པ་དང་། འདུས་བྱས་མ་ཡིན་པ་དང་། འདུས་མ་བྱས་མ་ཡིན་པ་དང་། བློ་མ་ཡིན་པ་དང་། རྟོགས་པར་བྱ་བ་མ་

ཡིན་པ་དང་། མཚན་ཉིད་ཀྱི་གཞི་མ་ཡིན་པ་དང་། མཚན་ཉིད་མ་ཡིན་པ་དང་། ཕུང་པོ་རྣམས་མ་ཡིན་པ་དང་། ཕུང་པོ་རྣམས་ལས་གཞན་མ་ཡིན་པ་དང་། བརྗོད་པ་མ་ཡིན་པ་དང་། བརྗོད་པར་བྱ་བ་མ་ཡིན་པ་དང་། གཅིག་པ་ཉིད་དང་། གཞན་ཉིད་དང་། གཉི་ག་དང་འབྲེལ་པ་མ་ཡིན་པ་དང་།
གང་དམིགས་སུ་མེད་པ་དེ་ནི་སྤྲོས་པ་ཐམས་ཅད་ལས་འདས་པའོ། །གང་སྤྲོས་པ་ཐམས་ཅད་ལས་འདས་པ་དེ་ནི་དེ་བཞིན་གཤེགས་པའོ་ཞེས་བྱ་བའི་བར་དུ་གསུངས་པ་དེ་དག་གྲུབ་པ་ཡིན་ནོ། །དེ་བཞིན་དུ་འཕགས་པ་དེ་བཞིན་གཤེགས་པའི་གསང་བ་བསྟན་པའི་མདོ་ལས། ཞི་བའི་བློ་གྲོས་
དེ་བཞིན་གཤེགས་པའི་སྐུ་ནི་ཞེས་བྱ་བ་ལ་སོགས་པས་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུའི་མཚན་ཉིད་རྣམ་པ་དགུ་དང་། གཟུགས་ཀྱི་སྐུའི་མཚན་ཉིད་རྣམ་པ་ལྔ་དང་། གསུང་རབ་ཀྱི་སྐུའི་མཚན་ཉིད་གཅིག་དང་། སྐུ་གཉི་གའི་མཚན་ཉིད་རྣམ་པ་བཞི་དང་། ཆོས་ཀྱི་སྐུའི་མཚན་ཉིད་གཞན་
རྣམ་པ་དྲུག་བསྟན་ཏེ། དེ་ལ་ཆོས་ཀྱི་སྐུའི་མཚན་ཉིད་རྣམ་པ་དགུ་ལ། ནམ་མཁའི་སྐུ་ཞེས་བྱ་བ་ནི་ཤེས་བྱ་ལ་ཡེ་ཤེས་ཀྱི་མཐུ་ཐོགས་པ་མེད་པ་བསྟན་ཏེ། ཇི་ལྟར་ནམ་མཁས་དངོས་པོ་ཐམས་ཅད་ལ་ཁྱབ་པ་དེ་ལྟར་ཆོས་ཀྱི་སྐུའི་རྒྱུ་ལས་བྱུང་བའི་ཡེ་ཤེས་ཀྱིས་ཤེས་བྱ་ཐམས་ཅད་ལ་ཁྱབ་
པའི་ཕྱིར་རོ། །མི་མཉམ་པ་དང་མཉམ་པའི་སྐུ་ཞེས་བྱ་བས་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་མཉམ་པ་བསྟན་ཏེ། དེ་བཞིན་གཤེགས་པའི་ཡོན་ཏན་རྣམས་ནི་དེ་བཞིན་གཤེགས་པ་མ་ཡིན་པ་གཞན་ལ་མེད་པས་དེ་དག་དང་མི་མཉམ་པའི་དེ་བཞིན་གཤེགས་པ་རྣམས་དཔེ་ཉིད་དུ་ཉེ་བར་
གཞག་ནས་གཞན་དང་མི་མཉམ་པའི་དེ་བཞིན་གཤེགས་པ་རྣམས་དང་མཉམ་པར་བསྟན་ཏེ། དཔེར་ན། སྙན་དངགས་ཀྱི་མཚན་ཉིད་ལས་དེ་དང་མཐུན་པའི་ཕྱོགས་གཞན་མེད་པ་ལ་དེ་ཉིད་དཔེར་གཞག་པ་འདི་ལྟ་སྟེ། སྒྲ་སྒྲོགས་ཀྱི་བུ་དང་རངས་བྱེད་ཀྱི་བུའི་གཡུལ་སྤྲད་པ་ནི་སྒྲ་སྒྲོགས་ཀྱི་
བུ་དང་རངས་བྱེད་ཀྱི་བུའི་གཡུལ་ཉིད་འདྲའོ་ཞེས་བྱ་བ་ལྟ་བུ་འམ། ཡང་ན་དེ་བཞིན་གཤེགས་པ་འོད་དཔག་མེད་ལ་སོགས་པའི་ཆོས་ཀྱི་སྐུ་འགྲོ་བ་གཞན་དང་མི་མཉམ་པ་དེ་དང་འདིར་མཉམ་པས་མི་མཉམ་པ་དང་མཉམ་པའོ། །ཡང་ན་མི་མཉམ་པ་ནི་གང་དག་ཕན་འདོགས་པ་དང་། གནོད་པ་བྱེད་པ་

ལ་རྗེས་སུ་ཆགས་པ་དང་། ཁོང་ཁྲོ་བ་དག་སྟེ། དེ་དག་སྐུ་འདི་ལ་མཉམ་པས་མི་མཉམ་པ་དང་མཉམ་པའོ། །ཡང་ན་ནི་དམིགས་པའི་མཚན་ཉིད་ནི་དམིགས་པའི་མཚན་ཉིད་གཞན་དང་ཕན་ཚུན་མཉམ་པ་ཡིན་གྱི། སྟོང་པ་ཉིད་དུ་དམིགས་པ་ནི་དེ་དག་དང་མི་མཉམ་ཏེ། མི་
མཉམ་པ་དེས་མཉམ་པར་གྱུར་པའི་སྐུ་ནི་མི་མཉམ་པ་དང་མཉམ་པའོ། །འཇིག་རྟེན་ཐམས་ཅད་ལས་ཁྱད་པར་དུ་འཕགས་པའི་སྐུ་ཞེས་བྱ་བས་ནི་ཡོན་ཏན་མཆོག་ཏུ་གྱུར་པ་ཉིད་བསྟན་ཏེ། གང་ཡོན་ཏན་མཆོག་ཏུ་གྱུར་ཅིང་ལྷག་པ་དེ་ཉིད་འཇིག་རྟེན་ན་ཁྱད་པར་དུ་འཕགས་པ་ཞེས་བརྗོད་པའི་ཕྱིར་རོ། །
སེམས་ཅན་ཐམས་ཅད་དེ་བཞིན་ཉིད་ཀྱི་རྗེས་སུ་ཞུགས་པའི་སྐུ་ཞེས་བྱ་བས་ནི་སེམས་ཅན་ཐམས་ཅད་དེ་བཞིན་གཤེགས་པའི་སྙིང་པོ་ཡིན་པར་བསྟན་ཏེ། འདི་ལྟར་ཆོས་ཀྱི་སྐུ་སྟོང་པ་ཉིད་ཀྱི་མཚན་ཉིད་ནི་སེམས་ཅན་ཐམས་ཅད་ལ་རྗེས་སུ་ཞུགས་པའི་ཕྱིར་རོ། །དཔེ་མེད་པའི་སྐུ་ཞེས་བྱ་བས་ནི་ཡོན་
ཏན་རྣམས་ཀྱི་གོང་ན་ལྷག་པ་གཞན་མེད་པ་ཉིད་བསྟན་ཏེ། འདི་ལྟར་ཡོན་ཏན་གྱིས་ལྷག་པ་དཔེ་ཉིད་དུ་བྱེད་ཀྱི། དམའ་བ་དཔེ་ཉིད་དུ་མི་བྱེད་དེ། དཔེར་ན་བུ་མོའི་བཞིན་ཟླ་བ་འདྲའོ་ཞེས་བྱ་བ་ལྟ་བུའོ། །འདྲ་བ་མེད་པའི་སྐུ་ཞེས་བྱ་བས་ནི་དེའི་ཡོན་ཏན་རྣམས་གཞན་ལ་མེད་པར་བསྟན་ཏེ། འདི་
ལྟར་ཡོན་ཏན་མཉམ་པ་ལ་འདྲ་བ་ཞེས་བརྗོད་པའི་ཕྱིར་རོ། །རྣམ་པར་དག་པའི་སྐུ་ཞེས་བྱ་བ་ནི་འཛིན་པའི་རྣམ་པར་རྟོག་པ་མེད་པར་བསྟན་ཏེ། འདི་ལྟར་གང་ལ་ངར་འཛིན་པའི་རྣམ་པར་རྟོག་པ་མེད་པ་དེ་རྣམ་པར་དག་པར་འདོད་པའི་ཕྱིར་རོ། །དྲི་མ་མེད་པའི་སྐུ་ཞེས་བྱ་བས་ནི་གཟུང་བའི་
རྣམ་པར་རྟོག་པ་མེད་པར་བསྟན་ཏེ། འདི་ལྟར་གང་ལ་ང་ཡིར་འཛིན་པའི་རྣམ་པར་རྟོག་པ་མེད་ཅིང་ཕྱི་རོལ་གྱི་ཡུན་མི་དམིགས་པ་དེ་དྲི་མ་མེད་པར་འདོད་པའི་ཕྱིར་རོ། །ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་པའི་སྐུ་ཞེས་བྱ་བས་ནི་གཟུང་བ་དང་། འཛིན་པའི་རྣམ་པར་རྟོག་པ་གཉི་ག་མེད་པར་
བསྟན་ཏེ། འདི་ལྟར་ཉོན་མོངས་པ་དང་ཉོན་མོངས་པར་བྱ་བ་དག་ཡོད་ན་ཀུན་ནས་ཉོན་མོངས་པར་འགྱུར་གྱི། སྟོང་པ་ཉིད་དུ་རོ་གཅིག་པས་དེ་གཉིས་མེད་ན་ཀུན་ནས་ཉོན་མོངས་པ་ཅན་དུ་མི་འགྱུར་བའི་ཕྱིར་ཏེ། རེ་ཞིག་དེ་དག་གིས་ནི་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུའི་མཚན་ཉིད་རྣམ་པ་དགུ་

བསྟན་ཏོ། །གཟུགས་ཀྱི་སྐུའི་མཚན་ཉིད་རྣམ་པ་ལྔ་ལ། རང་བཞིན་གྱིས་འོད་གསལ་བའི་སྐུ་ཞེས་བྱ་བས་ནི་སྒོ་ང་ལས་སྐྱེ་བའི་སྐྱེ་གནས་དྲི་མས་མ་གོས་པ་ཉིད་བསྟན་ཏོ། །རང་བཞིན་གྱིས་མ་སྐྱེས་པའི་སྐུ་ཞེས་བྱ་བས་ནི་མངལ་ནས་སྐྱེ་བའི་སྐྱེ་གནས་ཀྱིས་མ་བསྡུས་པ་ཉིད་བསྟན་ཏོ། །རང་བཞིན་
གྱིས་མ་བྱུང་བའི་སྐུ་ཞེས་བྱ་བས་ནི་དྲོད་གཤེར་ལས་སྐྱེ་བའི་སྐྱེ་གནས་སུ་མ་གཏོགས་པ་ཉིད་བསྟན་ཏོ། །སེམས་དང་། ཡིད་དང་། རྣམ་པར་ཤེས་པ་དང་མ་འདྲེས་པའི་སྐུ་ཞེས་བྱ་བས་ནི། ཉོན་མོངས་པའི་རྒྱུ་ནི་རྫུས་ཏེ་སྐྱེ་བའི་སྐྱེ་གནས་མེད་པ་ཉིད་དུ་བསྟན་ཏོ། །སྒྱུ་མ་དང་། སྨིག་རྒྱུ་དང་།
ཆུ་ཟླའི་ངོ་བོ་ཉིད་ཀྱི་སྐུ་ཞེས་བྱ་བ་ནི་སྔོན་གྱི་སྨོན་ལམ་གྱི་ཤུགས་དང་། བསོད་ནམས་དང་ཡེ་ཤེས་ལ་སོགས་པའི་རྐྱེན་ལས་བྱུང་བ་སྤྲུལ་པའི་སྐུའི་ངོ་བོ་ཉིད་བསྟན་ཏེ། དེ་དག་ནི་དེ་བཞིན་གཤེགས་པའི་གཟུགས་ཀྱི་སྐུའི་མཚན་ཉིད་རྣམ་པ་ལྔ་ཡིན་ནོ། །གསུང་རབ་ཀྱི་སྐུའི་མཚན་ཉིད་རྣམ་པ་
གཅིག་ནི། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པས་ངེས་པར་འབྱུང་བའི་སྐུ་ཞེས་བྱ་བས་བསྟན་ཏེ། དེས་ནི་རྣམ་པར་ཐར་པ་གསུམ་ལ་སོགས་པ་བསྟན་པའི་མཚན་ཉིད་ཀྱིས་གསུང་རབ་ཀྱི་སྐུ་བསྟན་པར་ཤེས་པར་བྱའོ། །སྐུ་གཉི་གའི་མཚན་ཉིད་རྣམ་པ་བཞི་ལ།
ཕྱོགས་བཅུའི་ནམ་མཁས་ཁྱབ་པའི་སྐུ་ཞེས་བྱ་བས་ནི་ཆོས་ཀྱི་སྐུའི་སྟོང་པ་ཉིད་ཀྱི་མཚན་ཉིད་ཀྱང་བསྟན་ལ། གཟུགས་ཀྱི་སྐུའི་རྫུ་འཕྲུལ་རྣམ་པར་སྟོན་པ་ཡང་བསྟན་ཏོ། །སེམས་ཅན་ཐམས་ཅད་ལ་སྙོམས་པའི་སྐུ་ཞེས་བྱ་བས་ནི་སྐུ་དེ་གཉིས་ཉིད་ཀྱིས་སེམས་ཅན་ལ་ཕན་འདོགས་པ་ལ་
སེམས་སྙོམས་པ་ཉིད་བསྟན་ཏོ། །མཐའ་ཡས་མུ་མེད་པའི་སྐུ་ཞེས་བྱ་བས་ནི་སྐུ་དེ་གཉིས་ཉིད་ཀྱིས་འཁོར་བར་གདུལ་བའི་དབང་གིས་སྐུ་ཉེ་བར་སྟོན་པ་ཉིད་བསྟན་ཏོ། །གཡོ་བ་མེད་པ་དང་རློམ་སེམས་མེད་པའི་སྐུ་ཞེས་བྱ་བས་ནི་སྐུ་དེ་གཉིས་ཉིད་བདག་དང་གཞན་གྱི་རློམ་སེམས་དང་བྲལ་ཞིང་
གདུལ་བ་དཔག་ཏུ་མེད་པ་རྣམས་ཀྱི་དོན་ལས་མི་གཡོ་བ་ཉིད་བསྟན་ཏེ། དེ་དག་ནི་སྐུ་གཉི་གའི་མཚན་ཉིད་རྣམ་པ་བཞི་ཡིན་ནོ། །ཆོས་ཀྱི་སྐུའི་མཚན་ཉིད་གཞན་རྣམ་པ་དྲུག་ལ། མི་གནས་པས་གནས་པ་ལས་མི་གཡོ་བ་ཐོབ་པའི་སྐུ་ཞེས་བྱ་བས་ནི་ལུང་མི་དམིགས་པའི་མཚན་ཉིད་བསྟན་

ཏོ། །གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པའི་ངོ་བོ་ཉིད་མ་ཡིན་པའི་སྐུ་ཞེས་བྱ་བས་ནི་ཕུང་པོ་ལྔ་པོ་དག་དང་མཚན་ཉིད་མི་འདྲ་བ་བསྟན་ཏོ། །ས་དང་ཆུ་དང་མེ་དང་རླུང་གིས་རབ་ཏུ་ཕྱེ་བ་མ་ཡིན་པའི་སྐུ་ཞེས་བྱ་
བས་ནི་འབྱུང་བ་ལས་གྱུར་པའི་མཚན་ཉིད་མ་ཡིན་པར་བསྟན་ཏོ། །འབྱུང་བ་མ་ཡིན་པ་དང་། འབྱུང་བ་མ་ཡིན་པ་མ་ཡིན་པ་དང་། འབྱུང་བ་ཆེན་པོས་རབ་ཏུ་ཕྱེ་བ་མ་ཡིན་པའི་སྐུ་ཞེས་བྱ་བས་ནི་འབྱུང་བའི་ངོ་བོ་ཉིད་མ་ཡིན་པར་བསྟན་ཏོ། །ཡང་དག་པ་མ་ཡིན་པ་དང་། ཡང་དག་པ་
མ་ཡིན་པ་མ་ཡིན་པའི་ཆོས་འཇིག་རྟེན་ཐམས་ཅད་དང་མི་མཐུན་པའི་སྐུ་ཞེས་བྱ་བས་ནི་ལས་དང་ཉོན་མོངས་པ་དང་། སྐྱེ་བའི་མཚན་ཉིད་མ་ཡིན་པར་བསྟན་ཏོ། །མིག་ལས་མ་བྱུང་བ་དང་། རྣ་བ་ལ་མི་བརྟེན་པ་དང་། སྣས་རྣམ་པར་ཤེས་པར་བྱ་བ་མ་ཡིན་པ་དང་། ལྕེས་རབ་ཏུ་ཕྱེ་
བ་མ་ཡིན་པ་དང་། ལུས་དང་ལྡན་པ་མ་ཡིན་པའི་སྐུ་ཞེས་བྱ་བས་ནི་རང་བཞིན་གྱི་སྐུའི་ངོ་བོ་ཉིད་བསྟན་ཏོ། །དེ་དག་ལ་སོགས་པའི་དེ་བཞིན་གཤེགས་པའི་སྐུ་དང་། གསུང་དང་། ཐུགས་ཀྱི་གསང་བ་བསྟན་པ་དེ་དག་ཀྱང་གྲུབ་པ་ཡིན་ནོ། །དེ་བཞིན་དུ་འཕགས་པ་སྒོ་མཐའ་ཡས་
པས་གྲུབ་པའི་གཟུངས་ལས། སངས་རྒྱས་རྗེས་སུ་དྲན་པ་འབའ་ཞིག་སྒོམ་པར་བྱེད་དེ། དེ་བཞིན་གཤེགས་པའི་གཟུགས་ལས་མི་མཐོང་བ་དང་། གཟུགས་མ་ཡིན་པ་དང་། མཚན་དང་། དཔེ་བྱད་དང་། ཚུལ་ཁྲིམས་དང་། ཏིང་ངེ་འཛིན་དང་། ཤེས་རབ་དང་། རྣམ་པར་གྲོལ་བ་དང་།
རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་དང་། དུས་དང་། རུས་དང་། རིགས་དང་། སྐྱེ་བ་དང་། འཁོར་དང་། བདག་ཉིད་ཀྱི་རྣམ་པ་དང་། གཞན་གྱི་རྣམ་པ་ལས་མི་མཐོང་བ་དེ་ནི་སངས་རྒྱས་རྗེས་སུ་དྲན་པའོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་དེ་དག་ཀྱང་གྲུབ་པ་ཡིན་ཏེ། ཇི་སྐད་སྨོས་པའི་
རྣམ་པར་རྟོག་པ་དེ་དག་དང་བྲལ་བ་ནི་སངས་རྒྱས་རྗེས་སུ་དྲན་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་བཞིན་དུ་འཕགས་པ་སངས་རྒྱས་ཐམས་ཅད་ཀྱི་ཡུལ་ལ་འཇུག་པ་ཡེ་ཤེས་སྣང་བའི་རྒྱན་གྱི་མདོ་ལས། དེ་བཞིན་གཤེགས་པ་རྟག་ཏུ་སྐྱེ་མེད་ཆོས། །ཆོས་རྣམས་ཐམས་ཅད་བདེ་བར་གཤེགས་དང་

འདྲ། །མཚན་མར་འཛིན་པ་བྱིས་པའི་བློ་ཅན་རྣམས། །འཇིག་རྟེན་དག་ན་མེད་པའི་ཆོས་ལ་སྤྱོད། །དེ་བཞིན་གཤེགས་པ་ཟག་མེད་དགེ་བ་ཡིན། །ཆོས་ཀྱི་གཟུགས་བརྙན་ལྟ་བུར་གྱུར་པ་སྟེ། །འདི་ལ་དེ་ཉིད་དེ་བཞིན་གཤེགས་མེད་ཀྱང་། །འཇིག་རྟེན་ཀུན་དུ་གཟུགས་བརྙན་ཀུན་ནས་
སྣང་། །ཞེས་བྱ་བ་ལ་སོགས་པ་དེ་བཞིན་གཤེགས་པའི་སྐུ་བདེན་པ་གཉིས་ཀྱི་ཚུལ་དུ་བསྟན་པ་དེ་དག་ཀྱང་གྲུབ་པ་ཉིད་ཡིན་ནོ། །དེ་བཞིན་དུ་འཕགས་པ་ལང་ཀར་གཤེགས་པའི་མདོ་ལས། ཕུང་པོ་བརྟེན་པའི་རྫོགས་སངས་རྒྱས། །གང་གིས་གང་དུ་མཐོང་བ་མེད། །
གང་གིས་གང་དུ་གང་མ་མཐོང་། །དེ་ནི་ཇི་ལྟར་བསྟན་པར་བྱ། །ཞེས་བྱ་བ་ལ་སོགས་པ་གསུངས་པ་དེ་དག་གྲུབ་པ་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། དེ་ལྟར་ཡིད་ཆེས་པའི་ལུང་དེ་དག་གྲུབ་པ་ནི་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་བསྟན་པ་འདིའི་ཡོན་ཏན་དང་ཁུངས་ཡིན་ཏེ། དེ་དག་བསྟན་བཅོས་
འདིས་རྣམ་པར་བཤད་པར་བྱ་བའི་ཡུལ་ཉིད་དུ་བསྟན་པ་ཡང་། སློབ་དཔོན་གྱི་ཞལ་སྔ་ནས་ཀྱི་མཁྱེན་རླབས་དང་འགྲེལ་པ་བྱེད་པའི་མཁས་པ་ཉིད་ཡིན་ནོ། །སློབ་དཔོན་ལེགས་ལྡན་བྱེད་ཀྱིས་ཉེ་བར་སྦྱར་བ། དབུ་མ་རྩ་བའི་འགྲེལ་པ་ཤེས་རབ་སྒྲོན་མ་ལས། དེ་བཞིན་གཤེགས་པ་
བརྟག་པ་ཞེས་བྱ་བ་སྟེ། རབ་ཏུ་བྱེད་པ་ཉི་ཤུ་གཉིས་པ་རྒྱ་ཆེར་འགྲེལ་པ་སློབ་དཔོན་སྤྱན་རས་གཟིགས་བརྟུལ་ཞུགས་ཀྱིས་ཉེ་བར་སྦྱར་བ་རྫོགས་སོ།། །།བམ་པོ་བདུན་ཅུ་གསུམ་པ། ད་ནི་དེ་བཞིན་དུ་སྟོང་པ་ཉིད་ཀྱི་མི་མཐུན་པའི་ཕྱོགས་ཀྱི་ཁྱད་པར་དགག་པས་ཕྱིན་ཅི་ལོག་ངོ་བོ་ཉིད་མེད་
པ་ཉིད་དུ་བསྟན་པའི་དོན་གྱི་དབང་གིས་རབ་ཏུ་བྱེད་པ་ཉི་ཤུ་གསུམ་པ་བརྩམ་མོ་ཞེས་བྱ་བ་ལ། དབང་གིས་ཞེས་བྱ་བའི་སྒྲ་སྐབས་འདིར་ཡང་དམ་བཅས་པ་ལ་འཇུག་པའི་རྒྱུའི་དོན་དང་། གཞུང་འོག་ནས་འབྱུང་བ་དང་སྦྱར་བའི་དོན་དུ་བལྟ་སྟེ། ཚིག་གི་དོན་སྔ་མ་བཞིན་ནོ། །དེ་ལ་དམ་བཅས་པ་ལ་འཇུག་
པའི་རྒྱུའི་དོན་གྱི་དབང་དུ་བྱས་ནས། ད་ནི་དེ་བཞིན་དུ་སྟོང་པ་ཉིད་ཀྱི་མི་མཐུན་པའི་ཕྱོགས་ཀྱི་ཁྱད་པར་དགག་པས་ཞེས་བྱ་བ་སྨྲས་ཏེ། བསྟན་བཅོས་མཛད་པས་རྐྱེན་བརྟག་པའི་རབ་ཏུ་བྱེད་པ་དང་པོ་བརྩམ་པའི་སྐབས་སུ་དངོས་པོ་ཐམས་ཅད་སྐྱེ་བ་མེད་པར་དམ་བཅས་པ་མཛད་པས་འདིར་

ཡང་བསྟན་བཅོས་མཛད་པས་སྔར་ཇི་ལྟར་དམ་བཅའ་བ་དེ་ལ་འཇུག་པའི་རྒྱུའི་དོན་གྱི་དབང་དུ་བྱས་ནས་དེ་སྐད་སྨྲས་ཏེ། དེ་བཞིན་དུ་ཞེས་བྱ་བ་ནི་སྔར་བསྟན་པའི་ལུགས་བཞིན་དུའོ། །སྟོང་པ་ཉིད་ནི་རང་གི་ཕྱོགས་ཡིན་ནོ། །དེའི་མི་མཐུན་པའི་ཕྱོགས་ནི་ཕྱིར་རྒོལ་བར་
བྱེད་པའི་ཕྱོགས་ཏེ། འདི་ལྟ་སྟེ། དོན་དམ་པར་དངོས་པོ་རྣམས་ངོ་བོ་ཉིད་ཡོད་པ་ཉིད་དུ་སྨྲ་བ་ཡིན་ནོ། །དེའི་ཁྱད་པར་ཞེས་བྱ་བ་ནི་ཕ་རོལ་པོས་དོན་དམ་པར་དངོས་པོ་རྣམས་ངོ་བོ་ཉིད་ཡོད་པ་ཉིད་དུ་བསྒྲུབ་པའི་ཕྱོགས་ཀྱི་ཁྱད་པར་འོག་ནས། འདོད་ཆགས་ཞེ་སྡང་གཏི་མུག་རྣམས། །ཀུན་དུ་
རྟོག་ལས་འབྱུང་བར་གསུངས། །སྡུག་དང་མི་སྡུག་ཕྱིན་ཅི་ལོག །བརྟེན་པ་ཉིད་ལས་ཀུན་དུ་འབྱུང་། །ཞེས་བྱ་བས་དོན་དམ་པར་ཕུང་པོ་ལ་སོགས་པ་དག་ངོ་བོ་ཉིད་ཡོད་པ་ཁོ་ན་ཡིན་ཏེ། རྒྱུ་ལ་བརྟེན་ནས་འབྱུང་བའི་ཕྱིར་དཔེར་ན་འདོད་ཆགས་ལ་སོགས་པ་བཞིན་ནོ། །ཞེས་བྱ་བ་ལ་
སོགས་པ་བསྒྲུབ་པ་འབྱུང་བ་དག་ཡིན་ནོ། །དེ་དགག་པས་ཞེས་བྱ་བ་ནི་དེ་དགག་པའི་དབང་དུ་བྱས་ནས་རབ་ཏུ་བྱེད་པ་ཉི་ཤུ་གསུམ་པ་བརྩམ་མོ་ཞེས་བྱ་བར་སྦྱར་རོ། །གཞུང་འོག་ནས་འབྱུང་བ་དང་སྦྱར་བའི་དོན་གྱི་དབང་དུ་བྱས་ནས། ཕྱིན་ཅི་ལོག་ངོ་བོ་ཉིད་མེད་པ་ཉིད་དུ་བསྟན་པའི་
དོན་གྱི་དབང་གིས་རབ་ཏུ་བྱེད་པ་ཉི་ཤུ་གསུམ་པ་བརྩམ་མོ་ཞེས་བྱ་བ་སྨྲས་ཏེ། ཕྱིན་ཅི་ལོག་བརྟག་པའི་རབ་ཏུ་བྱེད་པ་ཉི་ཤུ་གསུམ་པའི་གཞུང་འོག་ནས་འབྱུང་བ་འདིའི་དོན་ནི་ཕྱིན་ཅི་ལོག་ངོ་བོ་ཉིད་མེད་པ་ཉིད་དུ་བསྟན་པ་ཡིན་པས་དེའི་དབང་དུ་བྱས་ནས་དེ་སྐད་སྨྲས་སོ། །རབ་ཏུ་བྱེད་
པ་འདིའི་འབྲས་བུ་ནི་གང་ཡིན། རྣམ་པ་གང་གིས་ནི་འབྲས་བུ་དེ་འཐོབ་ཅེ་ན། ཕྱིན་ཅི་ལོག་ངོ་བོ་ཉིད་མེད་པ་ཉིད་དུ་བསྟན་པ་ནི་འདིའི་འབྲས་བུ་ཡིན་ལ། སྟོང་པ་ཉིད་ཀྱི་མི་མཐུན་པའི་ཕྱོགས་ཀྱི་ཁྱད་པར་དགག་པའི་རྣམ་པས་ནི་འབྲས་བུ་དེ་འཐོབ་པས་དེའི་ཕྱིར་འདིར་འགྲེལ་པ་བྱེད་
པས་རབ་ཏུ་བྱེད་པའི་མཚམས་སྦྱར་བའི་སྐབས་འདིར་ཐབས་དང་ཐབས་ལས་བྱུང་བའི་འབྲས་བུ་དང་པོ་ཁོ་ནར་བསྟན་ཏོ། །སྟོང་པ་ཉིད་ཀྱི་མི་མཐུན་པའི་ཕྱོགས་ཀྱི་ཁྱད་པར་ཞེས་སྨོས་པ་དེ་ཉིད་བསྟན་པའི་ཕྱིར། འདིར་སྨྲས་པ། འདོད་ཆགས་ཞེ་སྡང་གཏི་མུག་རྣམས། །ཀུན་དུ་

རྟོག་ལས་འབྱུང་བར་གསུངས། །བསྟན་བཅོས་ལས་སོ་ཞེས་བྱ་བ་སྨྲས་ཏེ། ལུང་ལས་འདོད་ཆགས་ལ་སོགས་པ་ནི་ཡང་དག་པ་མ་ཡིན་པའི་ཀུན་དུ་རྟོག་པ་ལས་འབྱུང་བར་གསུངས་སོ། །དེ་ཉིད་བྱེ་བྲག་ཏུ་བཤད་པ་བསྟན་པའི་ཕྱིར། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དེ་དག་
ཀྱང་གོ་རིམས་བཞིན་དུ། སྡུག་དང་མི་སྡུག་ཕྱིན་ཅི་ལོག །བརྟེན་པ་ཉིད་ལས་ཀུན་དུ་འབྱུང་། །ཞེས་བྱ་བ་སྨྲས་ཏེ། སྡུག་པའི་ཕྱིན་ཅི་ལོག་ལ་བརྟེན་པ་ཉིད་ལས་འདོད་ཆགས་ཀུན་དུ་འབྱུང་ལ། མི་སྡུག་པའི་ཕྱིན་ཅི་ལོག་ལ་བརྟེན་པ་ཉིད་ལས་ཞེ་སྡང་ཀུན་དུ་འབྱུང་། གཉི་གའི་ཕྱིན་ཅི་ལོག་
ལ་བརྟེན་པ་ཉིད་ལས་གཏི་མུག་ཀུན་དུ་འབྱུང་བར་སྦྱར་རོ། །ཉིད་ལས་ཞེས་བྱ་བའི་སྒྲ་ནི་ངེས་པར་གཟུང་བའི་དོན་ཏེ། སྡུག་པ་དང་། མི་སྡུག་པའི་ཕྱིན་ཅི་ལོག་ལ་བརྟེན་པ་ཉིད་ལས་ཀུན་དུ་འབྱུང་གི་མ་བརྟེན་པར་མི་འབྱུང་ངོ་ཞེས་ངེས་པར་གཟུང་གི །སྡུག་པ་དང་མི་སྡུག་པའི་ཕྱིན་ཅི་ལོག་ཉིད་
ལ་བརྟེན་ནས་ཞེས་བྱ་བར་ནི་ངེས་པར་མི་གཟུང་སྟེ། དེ་དག་སྐྱེ་བའི་རྐྱེན་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ལ་སོགས་པ་དག་ཀྱང་ཡོད་པའི་ཕྱིར་རོ་ཞེས་བྱ་བས་ནི་ཉིད་ཅེས་བྱ་བའི་སྒྲ་བརྟེན་པ་ཉིད་ལས་ཞེས་བྱ་བར་སྦྱར་གྱི། ཕྱིན་ཅི་ལོག་ཉིད་ལ་ཞེས་བྱ་བར་མི་སྦྱར་བའི་སྒྲ་བསྒྲུབ་པ་བསྟན་ཏོ། །
དེ་ལྟར་ན་དེ་ནི་ཆོས་མཐུན་པའི་དཔེའི་ཚིག་ཡིན་ཏེ་ཞེས་བྱ་བས་ནི་འདོད་ཆགས་ལ་སོགས་པ་རྒྱུ་ལ་བརྟེན་ནས་འབྱུང་བས་ངོ་བོ་ཉིད་ཡོད་པ་དེ་ནི་འདིར་དོན་དམ་པར་ཕུང་པོ་ལ་སོགས་པ་དག་རྒྱུ་ལ་བརྟེན་ནས་འབྱུང་བས་ངོ་བོ་ཉིད་ཡོད་པར་བསྒྲུབ་པའི་ཆོས་མཐུན་པའི་དཔེའི་ཚིག་ཡིན་པར་བསྟན་ཏོ། །
འོ་ན་དམ་བཅས་པ་དང་གཏན་ཚིགས་དག་གང་ཡིན་ཞེ་ན། དེའི་ཕྱིར། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་ཀྱི་དབང་གིས་དཔེ་བསྟན་པས་ཡན་ལག་ལྷག་མ་དག་མངོན་ནོ་ཞེས་བྱ་བ་སྨྲས་ཏེ། བསྒྲུབ་པར་བྱ་བ་ཆོས་དོན་དམ་པར་ཕུང་པོ་ལ་སོགས་པ་དག་ངོ་བོ་ཉིད་ཡོད་པ་ཁོ་ན་
ཡིན་ཏེ་ཞེས་བྱ་བ་དང་། སྒྲུབ་པའི་ཆོས་རྒྱུ་ལ་བརྟེན་ནས་འབྱུང་བའི་ཕྱིར་ཞེས་བྱ་བའི་དབང་གིས་དཔེ་འདོད་ཆགས་ལ་སོགས་པ་རྒྱུ་ལ་བརྟེན་ནས་འབྱུང་བས་དོན་དམ་པར་ངོ་བོ་ཉིད་ཡོད་པ་དག་བསྟན་པས་དམ་བཅས་པ་དང་། གཏན་ཚིགས་ཀྱི་ཡན་ལག་ལྷག་མ་དག་མངོན་ནོ། །དེ་ནི་དེའི་རྗེས་

སུ་དཔག་པ་བསྟན་པའི་ཕྱིར། དེའི་ཕྱིར་རྗེས་སུ་དཔག་པ་ནི་དོན་དམ་པར་ཕུང་པོ་ལ་སོགས་པ་དག་ངོ་བོ་ཉིད་ཡོད་པ་ཁོ་ན་ཡིན་ཏེ། རྒྱུ་ལ་བརྟེན་ནས་འབྱུང་བའི་ཕྱིར་དཔེར་ན་འདོད་ཆགས་ལ་སོགས་པ་བཞིན་ནོ། །གང་ངོ་བོ་ཉིད་མེད་པ་དེ་ནི་རྒྱུ་ལ་བརྟེན་ནས་མི་འབྱུང་སྟེ། དཔེར་ན་
ནམ་མཁའི་མེ་ཏོག་བཞིན་ནོ། །ཕུང་པོ་ལ་སོགས་པ་དག་ནི་རང་རང་གི་རྒྱུ་ལ་བརྟེན་ནས་འབྱུང་བས་དེའི་ཕྱིར་གཏན་ཚིགས་ཇི་སྐད་སྨོས་པའི་མཐུས་དོན་དམ་པར་ཕུང་པོ་ལ་སོགས་པ་དག་ངོ་བོ་ཉིད་ཡོད་པ་ཁོ་ན་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། དེ་དག་ནི་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་
པའི་ཆོས་དང་། ཆོས་མཐུན་པའི་ཕྱོགས་ཀྱི་དཔེ་དང་། ཆོས་མི་མཐུན་པའི་ཕྱོགས་ཀྱི་དཔེ་དང་། ཉེ་བར་སྦྱར་བའི་སྦྱོར་བ་དང་། མཇུག་བསྡུ་བ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། འདི་ན་ནམ་མཁའི་མེ་ཏོག་ལ་སོགས་པ་ལྟ་བུ་གང་རྒྱུ་ལ་བརྟེན་ནས་མི་འབྱུང་བ་དེ་ནི་ངོ་བོ་ཉིད་ཡོད་པ་མ་ཡིན་
གྱི། འདོད་ཆགས་ལ་སོགས་པ་ནི་རྒྱུ་ལ་བརྟེན་ནས་འབྱུང་བའི་ཕྱིར་དོན་དམ་པར་ངོ་བོ་ཉིད་ཡོད་པ་ཁོ་ན་ཡིན་པས་དེ་བཞིན་དུ་ཕུང་པོ་ལ་སོགས་པ་དག་ཀྱང་རྒྱུ་ལ་བརྟེན་ནས་འབྱུང་བའི་ཕྱིར་དོན་དམ་པར་ངོ་བོ་ཉིད་ཡོད་པ་ཁོ་ན་ཡིན་ནོ་ཞེས་ཟེར་རོ། །སྟོང་པ་ཉིད་ཀྱི་མི་མཐུན་པའི་ཕྱོགས་ཀྱི་ཁྱད་
པར་དེ་དགག་པས་ཕྱིན་ཅི་ལོག་ངོ་བོ་ཉིད་མེད་པ་ཉིད་དུ་བསྟན་པའི་ཕྱིར་དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འགྲེལ་པ་བྱེད་པ་ཉིད་ཀྱིས། འདིར་བཤད་པ། གང་དག་སྡུག་དང་མི་སྡུག་པའི། །ཕྱིན་ཅི་ལོག་ལ་བརྟེན་འབྱུང་བ། །འདོད་ཆགས་ལ་སོགས་པ་ཉོན་མོངས་པ་ཁྱེད་ཀྱི་དཔེ་ཉིད་དུ་བསྟན་པ་
དག་གོ་ཞེས་བྱ་བ་སྨྲས་ཏེ། དེས་ནི་ཕ་རོལ་པོ་དག་གི་དཔེ་མི་འགྲུབ་པར་སུན་དབྱུང་བའི་ཕྱོགས་སུ་བསྟན་ཏོ། །དེ་དག་ངོ་བོ་ཉིད་ལས་མེད། །གང་གི་ཕྱིར་སྔར་བསྟན་པའི་ཚུལ་གྱིས་སོ་ཞེས་བྱ་བས་ནི་འདོད་ཆགས་ལ་སོགས་པ་དེ་དག་རྒྱུ་ལ་བརྟེན་ནས་འབྱུང་བའི་ཕྱིར་ངོ་བོ་ཉིད་ལས་མེད་པར་དམ་
བཅའ་བ་བསྟན་ཏེ། གང་གི་ཕྱིར་རྒྱུ་དང་རྐྱེན་གཞན་གྱི་དངོས་པོ་ལ་བརྟེན་ནས་གདགས་པར་བྱ་བ་གང་ཡིན་པ་ནི་བདག་གི་ངོ་བོ་ཉིད་ལས་མེད་དོ་ཞེས་སྔར་བསྟན་པའི་ཚུལ་གྱིས་དེ་དག་ངོ་བོ་ཉིད་ལས་མེད་པར་དམ་བཅའོ། །དེ་ཕྱིར་ཉོན་མོངས་ཡང་དག་མེད། །ཡང་དག་པར་ཞེས་བྱ་བ་ནི་དོན་དམ་

པར་ཞེས་བྱ་བའི་ཐ་ཚིག་གོ་ཞེས་བྱ་བས་ནི་མཇུག་བསྡུ་བ་བསྟན་ཏེ། དེ་ལྟར་གང་གི་ཕྱིར་འདོད་ཆགས་ལ་སོགས་པ་དེ་དག་སྡུག་པ་ལ་སོགས་པ་ལ་བརྟེན་ནས་འབྱུང་བས་ངོ་བོ་ཉིད་མེད་པ་དེའི་ཕྱིར་ཉོན་མོངས་པ་རྣམས་དོན་དམ་པར་ངོ་བོ་ཉིད་མེད་པ་ཉིད་ཡིན་ནོ། །དེའི་ཕྱིར་བསྒྲུབ་པ་དཔེ་མ་ཚང་
བའི་སྐྱོན་ཡོད་དོ་ཞེས་བྱ་བས་ནི་ཚད་མའི་འབྲས་བུ་ཡིན་ཏེ། དེས་ནི་ཕ་རོལ་པོ་དག་གི་དཔེ་འདོད་ཆགས་ལ་སོགས་པ་བཞིན་ནོ་ཞེས་བྱ་བ་དེ་མ་གྲུབ་པར་བསྟན་ཏོ། །ཐ་སྙད་པའི་དཔེར་རྟོག་ན་ནི་བསྒྲུབ་པར་བྱ་བ་ཆོས་མ་ཚང་བ་ཉིད་ཀྱི་ལན་གདབ་དཀའ་སྟེ། དོན་དམ་པར་ཉོན་མོངས་པ་རྣམས་
ངོ་བོ་ཉིད་མེད་པའི་ཕྱིར་རོ་ཞེས་བྱ་བས་ནི་ཕ་རོལ་པོ་དག་གི་དཔེ་དེ་ཐ་སྙད་པར་གྲུབ་ན་ནི་བསྒྲུབ་པར་བྱ་བ་ཆོས་དོན་དམ་པར་ཕུང་པོ་ལ་སོགས་པ་དག་ངོ་བོ་ཉིད་ཡོད་པ་ཁོ་ན་ཡིན་ཏེ་ཞེས་བྱ་བ་དེ་དཔེ་ལ་མེད་པ་ཉིད་ཀྱི་ལན་གདབ་དཀའ་སྟེ། དོན་དམ་པར་ཉོན་མོངས་པ་རྣམས་ངོ་བོ་ཉིད་མེད་པའི་ཕྱིར་འགལ་
བ་ཉིད་དུ་བསྟན་ཏོ། །ཐ་སྙད་པའི་ངོ་བོ་ཉིད་ཡོད་པ་ཉིད་དུ་བསྒྲུབ་ན་ནི་གྲུབ་པ་ལ་སྒྲུབ་པ་ཡིན་ནོ་ཞེས་བྱ་བས་ནི་ཕ་རོལ་པོ་དག་གི་དཔེ་དེས་ཕུང་པོ་ལ་སོགས་པ་དག་ལ་ཐ་སྙད་པའི་ངོ་བོ་ཉིད་ཡོད་པ་ཉིད་དུ་བསྒྲུབ་ན་ནི་དེ་ལྟར་དབུ་མ་པ་ལ་ཡང་གྲུབ་ཟིན་པས་གྲུབ་པ་ལ་སྒྲུབ་པའི་སྐྱོན་ཆགས་པ་ཡིན་
པར་བསྟན་ཏོ། །ཡང་གཞན་ཡང་ཞེས་བྱ་བ་ལ་སོགས་པས་ནི་འདོད་ཆགས་ལ་སོགས་པ་ཉོན་མོངས་པ་རྣམས་ཀྱི་རྟེན་བདག་ཅེས་བྱ་བ་ཡོད་ན་ནི་དེ་ལ་བརྟེན་པ་ཉོན་མོངས་པ་རྣམས་ཀྱང་ཡོད་པར་འགྱུར་བ་ཞིག་ན། བདག་དེ་མེད་པས་ཉོན་མོངས་པ་རྣམས་ཀྱང་ཡོད་པར་མི་འགྲུབ་པ་ཉིད་དོ་ཞེས་སྟོན་ཏོ། །
དེའི་ཕྱིར། བདག་གི་ཡོད་ཉིད་མེད་ཉིད་ནི། །ཞེས་བྱ་བ་སྨྲས་ཏེ། འདོད་ཆགས་ལ་སོགས་པ་ཉོན་མོངས་པ་རྣམས་ཀྱི་རྟེན་བདག་ཅེས་བྱ་བའི་ཡོད་པ་ཉིད་དང་། མེད་པ་ཉིད་ཅེས་ཐ་སྙད་གདགས་པའོ། །དེ་འགྲུབ་པ་མེད་པར་བསྟན་པའི་ཕྱིར། དོན་དམ་པ་དང་ཀུན་རྫོབ་ཀྱི་ཚུལ་
ལ་ལྟོས་པས། ཇི་ལྟ་བུར་ཡང་འགྲུབ་པ་མེད་ཅེས་བྱ་བ་སྨྲས་སོ། །དེ་ཉིད་བསྟན་པའི་ཕྱིར། ཡང་ཞེས་བྱ་བའི་སྒྲས་ནི་ངེས་པར་གཟུང་བའི་དོན་དེ། འགྲུབ་པ་མེད་པ་ཉིད་དོ་ཞེས་བྱ་བའོ་ཞེས་བྱ་བ་སྨྲས་ཏེ། དོན་དམ་པའི་ཚུལ་ལ་ལྟོས་པས་ཡོད་པ་ཉིད་དུ་འགྲུབ་པ་མེད་པ་ཉིད་ལ་ཀུན་རྫོབ་

ཀྱི་ཚུལ་ལ་ལྟོས་པས་མེད་པ་ཉིད་དུ་འགྲུབ་པ་མེད་པ་ཉིད་དེ་གཞི་མ་གྲུབ་པའི་ཕྱིར་རོ་ཞེས་བྱ་བར་སྦྱར་རོ། །དེ་ལྟར། བདག་དེ་ཉོན་མོངས་རྣམས་ཀྱི་ནི། །ཡོད་ཉིད་མེད་ཉིད་ཇི་ལྟར་འགྲུབ། །མི་འགྲུབ་པ་ཉིད་དོ་ཞེས་བྱ་བའི་ཚིག་གི་དོན་ཏེ་ཞེས་བྱ་བས་ནི་དེ་ལྟར་འདོད་ཆགས་ལ་
སོགས་པ་ཉོན་མོངས་པ་རྣམས་ཀྱི་བརྟེན་བདག་དེ་ཡོད་པ་ཉིད་དང་མེད་པ་ཉིད་དུ་འགྲུབ་པ་མེད་པ་ཉིད་ཡིན་ན་དེ་ལ་བརྟེན་པ་ཉོན་མོངས་པ་རྣམས་ཀྱི་ཡོད་པ་ཉིད་དང་། མེད་པ་ཇི་ལྟར་འགྲུབ་སྟེ། མི་འགྲུབ་པ་ཉིད་དོ་ཞེས་བསྟན་ཏོ། །དེ་ཉིད་ཀྱི་འཐད་པ་བསྟན་པའི་ཕྱིར། བརྟེན་པ་ནི་རྟེན་ཡོད་ན་ཡོད་པར་
འགྱུར་བའི་ཕྱིར་རོ་ཞེས་བྱ་བར་དགོངས་སོ་ཞེས་བྱ་བ་སྨྲས་ཏེ། བརྟེན་པ་ཉོན་མོངས་པ་རྣམས་ནི་རྟེན་བདག་ཡོད་ན་ཡོད་པར་འགྱུར་བའི་ཕྱིར་འདིར་རྟེན་བདག་ཡོད་པར་མ་གྲུབ་པས་དེ་ལ་བརྟེན་པ་ཉོན་མོངས་པ་རྣམས་ཀྱང་ཡོད་པར་མི་འགྲུབ་པ་ཉིད་དོ་ཞེས་བྱ་བར་དགོངས་སོ། །དོན་དེ་ཉིད་གསལ་བར་
བྱ་བའི་ཕྱིར་འདི་བཤད་དེ་ཞེས་བྱ་བ་ལ་སོགས་པས་ནི་འདོད་ཆགས་ལ་སོགས་པ་ཉོན་མོངས་པ་དེ་དག་ཀྱང་རྟེན་བདག་ཅེས་བྱ་བ་འགའ་ཞིག་ལ་བརྟེན་ནས་འབྱུང་བ་ཡིན་ན་དེ་དག་གི་རྟེན་དེ་ཡང་འགྲུབ་པ་ཡོད་པ་མ་ཡིན་ནོ། །གལ་ཏེ་དེ་དག་གི་རྟེན་བདག་ཅེས་བྱ་བ་འགའ་ཡང་མེད་ན། དེ་ལ་
བརྟེན་པ་ཉོན་མོངས་པ་རྣམས་ཞེས་བྱ་བ་ཅི་ཞིག་ཡོད་དེ་ཉོན་མོངས་པ་ཆུང་ཟད་ཀྱང་ཡོད་པ་མ་ཡིན་པས་ཕ་རོལ་པོ་དག་གི་དཔེ་མ་གྲུབ་པས་དོན་དམ་པར་ཕུང་པོ་ལ་སོགས་པ་དག་ངོ་བོ་ཉིད་ཡོད་པ་ཁོ་ན་ཡིན་ཏེ་ཞེས་སྒྲུབ་པར་འདོད་པའི་དོན་གྲུབ་པ་མེད་དོ་ཞེས་སྟོན་ཏོ། །དེའི་ཕྱིར། ཉོན་མོངས་དེ་
དག་འགའ་ལས་འབྱུང་། །དེའི་ཡོན་ཏན་ཡིན་པའི་ཕྱིར་དང་དེའི་ལོངས་སྤྱད་པར་བྱ་བ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། འདོད་ཆགས་ལ་སོགས་པ་ཉོན་མོངས་པ་དེ་དག་ཀྱང་རྟེན་བདག་ཅེས་བྱ་བ་འགའ་ཞིག་ལ་བརྟེན་ནས་འབྱུང་བ་ཡིན་ཏེ། ཉོན་མོངས་པ་རྣམས་ནི་བདག་དེའི་ཡོན་ཏན་
དང་། ལོངས་སྤྱོད་པར་བྱ་བ་ཡིན་པའི་ཕྱིར་རོ། །དེ་ཡང་འགྲུབ་པ་ཡོད་མ་ཡིན། །ཞེས་བྱ་བས་ནི་དེ་དག་གི་རྟེན་བདག་དེ་ཡང་འགྲུབ་པ་ཡོད་པ་མ་ཡིན་པར་བསྟན་ཏོ། །ཇི་ལྟར་ཞེ་ན། དེ་ལྟར་བདག་བརྟག་པའི་རབ་ཏུ་བྱེད་པ་ཉིད་དུ་བརྟགས་ཟིན་ཏོ་ཞེས་བྱ་བས་ནི་བདག་དེ་ཇི་ལྟར་འགྲུབ་པ་

ཡོད་པ་མ་ཡིན་ཞེ་ན། དེ་ལྟར་ནི་སྔར་ཉེ་བར་ལེན་པ་པོ་དང་། ཉེ་བར་ལེན་པ་བརྟག་པའི་རབ་ཏུ་བྱེད་པ་ཉིད་དུ་བརྟགས་ཟིན་ཏོ་ཞེས་བསྟན་ཏོ། །དེ་ལྟར་ན་འདིས་ནི་ཉོན་མོངས་པ་རྣམས་ཀྱི་ཆོས་ནི་རྟེན་མེད་པ་ཡིན་པར་བསྟན་ཏོ་ཞེས་བྱ་བས་ནི་ཉོན་མོངས་པ་རྣམས་ཡོད་པ་མ་ཡིན་པར་སྒྲུབ་པའི་ཆོས་
གཏན་ཚིགས་ནི་རྟེན་བདག་མེད་པ་ཡིན་པར་བསྟན་ཏོ། །དེ་ཉིད་ཀྱི་རྗེས་སུ་དཔག་པ་བསྟན་པའི་ཕྱིར། དེའི་ཕྱིར་རྗེས་སུ་དཔག་པ་ནི་དོན་དམ་པར་འདོད་ཆགས་ལ་སོགས་པ་དག་ཡོད་པ་མ་ཡིན་ཏེ། དེ་དག་གི་རྟེན་མེད་པའི་ཕྱིར་དཔེར་ན་མོ་གཤམ་གྱི་བུའི་སྔོ་བསངས་ཉིད་བཞིན་ནོ་ཞེས་བྱ་བ་སྨྲས་
ཏེ། དེ་དག་ནི་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་མོ་གཤམ་གྱི་བུའི་སྔོ་བསངས་ཉིད་ནི་དེའི་རྟེན་མོ་གཤམ་གྱི་བུ་ཉིད་མེད་པའི་ཕྱིར་ཡོད་པ་མ་ཡིན་པ་དེ་བཞིན་དུ་འདོད་ཆགས་ལ་སོགས་པ་ཉོན་མོངས་པ་དག་ཀྱང་
དེ་དག་གི་རྟེན་བདག་མེད་པའི་ཕྱིར་ཡོད་པ་མ་ཡིན་ནོ། །རང་གི་སྡེ་པ་དག་ན་རེ་བདག་མེད་དུ་ཟིན་ཀྱང་སེམས་ཀྱི་ཉོན་མོངས་པ་རྣམས་སོ་ཞེས་འབྲེལ་པ་འགྲུབ་སྟེ། ཉོན་མོངས་པ་རྣམས་ནི་སེམས་དེའི་ཆོས་ཡིན་པའི་ཕྱིར་བདག་མེད་པར་སྨྲ་བ་རྣམས་ལ་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་དོ་
ཞེས་ཟེར་རོ་ཞེས་བྱ་བས་ནི་རང་གི་སྡེ་པ་དག་ན་རེ་འདོད་ཆགས་ལ་སོགས་པ་ཉོན་མོངས་པ་རྣམས་ཀྱི་རྟེན་བདག་མེད་དུ་ཟིན་ཀྱང་དེ་དག་གི་རྟེན་སེམས་ཡོད་པའི་ཕྱིར་ཉོན་མོངས་པ་རྣམས་སེམས་ཀྱི་ཆོས་ཡིན་པར་འགྲུབ་པས་བདག་མེད་པར་སྨྲ་བ་རྣམས་ལ་དབུ་མ་པའི་གཏན་ཚིགས་དེ་དག་
གི་རྟེན་མེད་པའི་ཕྱིར་ཞེས་བྱ་བའི་དོན་མ་གྲུབ་པ་ཉིད་དོ་ཞེས་ཟེར་བའི་ཚིག་ཡིན་ནོ། །དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་མ་ཡིན་ཏེ། སེམས་ཀྱི་སྐྱེ་བ་བཀག་པའི་ཕྱིར་དང་། རྣམ་པར་ཤེས་པའི་ངོ་བོ་ཉིད་བསལ་བའི་ཕྱིར་དང་། དེ་
རྫས་སུ་ཡོད་པ་ཉིད་བཀག་པས། སེམས་མ་གྲུབ་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། རྐྱེན་བརྟག་པ་དང་། ཕུང་པོ་བརྟག་པ་ལ་སོགས་པའི་རབ་ཏུ་བྱེད་པར་སེམས་ཀྱི་སྐྱེ་བ་དང་། ངོ་བོ་ཉིད་དང་། རྫས་སུ་ཡོད་པ་ཉིད་བཀག་པས་སེམས་མ་གྲུབ་པའི་ཕྱིར་ཁོ་བོའི་གཏན་ཚིགས་ཀྱི་

དོན་མ་གྲུབ་པ་ཉིད་མ་ཡིན་ནོ། །གང་དག་ཡོད་པར་སྨྲ་བ་དག་ན་རེ་འདི་ལྟར་ཁོ་བོ་ཅག་ནི་གཅིག་ལ་གཅིག་མེད་པས་དངོས་པོའི་མཚན་ཉིད་མེད་པར་སྨྲ་བ་ཡིན་པས་ཉོན་མོངས་པ་རྣམས་ཡོད་པ་མ་ཡིན་ནོ་ཞེས་བྱ་བ་དེ་གྲུབ་པས་སེམས་ལས་བྱུང་བ་རྣམས་ལ་དངོས་
པོ་རྣམས་ཀྱི་ངོ་བོ་ཉིད་མེད་པ་དང་འབྲེལ་པ་ཡང་མ་གྲུབ་པར་འགྱུར་རོ་ཞེས་ཟེར་རོ་ཞེས་བྱ་བས་ནི་གཅིག་ལ་གཅིག་མེད་པར་སྨྲ་བ་དངོས་པོ་རྣམས་ཀྱི་ངོ་བོ་ཉིད་ཡོད་པར་འདོད་པ་དག་ན་རེ་དཔེར་ན་བུམ་པ་ལ་སྣམ་བུ་མེད་ལ། སྣམ་བུ་ལ་ཡང་བུམ་པ་མེད་པས་གཅིག་ལ་གཅིག་མེད་པའི་ཕྱིར་ངོ་
བོ་ཉིད་མེད་པ་ཞེས་བྱ་བའི་བུམ་པ་དང་། སྣམ་བུའི་ངོ་བོ་ཉིད་ནི་སོ་སོ་ན་ཡོད་པ་དེ་བཞིན་དུ་སེམས་ལ་ཡང་ཉོན་མོངས་པ་རྣམས་མེད་ལ། ཉོན་མོངས་པ་རྣམས་ལ་ཡང་སེམས་མེད་པས་གཅིག་ལ་གཅིག་མེད་པའི་ཕྱིར་ངོ་བོ་ཉིད་མེད་པས་ཞེས་བྱ་བའི་སེམས་དང་ཉོན་མོངས་པ་རྣམས་ཀྱི་
ངོ་བོ་ཉིད་ནི་སོ་སོ་ན་ཡོད་པས་འདོད་ཆགས་ལ་སོགས་པ་ཉོན་མོངས་པ་རྣམས་ཡོད་པར་འགྲུབ་པོ་ཞེས་ཟེར་བའི་ཚིག་ཡིན་ནོ། །དེའི་ལན་དུ་འགྲེལ་པ་བྱེད་པ་ཉིད་ཀྱིས་དེ་དག་གི་ཕྱིར་འདི་བཤད་དེ། ཁྱེད་བུམ་པ་དང་སྣམ་བུ་དག་ལ་དེ་ལས་གཞན་པའི་དངོས་པོའི་མཚན་ཉིད་མེད་པར་འདོད་
པ་གང་ཡིན་པ་དེའི་དངོས་པོ་དང་དངོས་པོ་མེད་པར་སྣང་བའི་བློ་སྐྱེ་བའི་རྒྱུ་ཡིན་པའི་ཕྱིར་དངོས་པོ་འམ། དངོས་པོ་མེད་པ་ཞིག་ཡིན་གྲང་ན་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། ཁྱེད་གཅིག་ལ་གཅིག་མེད་པས་དངོས་པོ་མེད་པར་འདོད་པ་གང་ཡིན་པ་དེ་ནི་དངོས་པོ་དང་དངོས་པོ་མེད་པར་སྣང་བའི་བློ་སྐྱེ་
བའི་རྒྱུ་ཡིན་པའི་ཕྱིར་དངོས་པོ་འམ་དངོས་པོ་མེད་པ་ཞིག་ཡིན་གྲངས་ན། བརྟག་པ་གཉི་ག་ལྟར་མི་འཐད་པར་སྟོན་ཏོ། །དེ་ལ་རེ་ཞིག་བརྟག་པ་དང་པོ་མི་འཐད་པར་བསྟན་པའི་ཕྱིར། དེ་ལ་གལ་ཏེ་དངོས་པོ་ཡིན་ན་ནི་དམ་བཅས་པ་ཉམས་སོ་ཞེས་བྱ་བ་སྨྲས་ཏེ། སྔར་གཅིག་ལ་གཅིག་མེད་
པས་དངོས་པོ་མེད་དོ་ཞེས་དམ་བཅས་པ་ལ་ད་དངོས་པོར་སྨྲ་བའི་ཕྱིར་རོ། །བརྟག་པ་གཉིས་པ་མི་འཐད་པར་བསྟན་པའི་ཕྱིར། ཇི་སྟེ་དངོས་པོ་མེད་པ་ཡིན་ན་ནི་འོ་ན་དེས་ན་བུམ་པ་འདིའི་སྔོ་བ་ཉིད་དང་དམར་བ་ཉིད་འདིའོ་ཞེས་བྱ་བའི་འབྲེལ་པ་མེད་པའི་ཕྱིར་ཐ་སྙད་མེད་པར་འགྱུར་བས་དེའི་ཕྱིར་

བཤད་པ་གལ་ཏེ་འགའ་མེད་ཇི་ཞིག་ཡོད་རྟེན་བུམ་པའམ། སྣམ་བུ་འགའ་ཞིག་མེད་པར་བརྟེན་པ་སྔོ་བ་ཉིད་དམ། དམར་བ་ཉིད་ཇི་ཞིག་ཡོད་པར་འདོད་ཅེས་བྱ་བ་སྨྲས་ཏེ། དངོས་པོ་མེད་པ་ཡིན་ན་དེའི་འདིའོ་ཞེས་བྱ་བའི་འབྲེལ་པ་མེད་པའི་ཕྱིར་ཉོན་མོངས་པ་རྣམས་ཡོད་པར་མི་འགྲུབ་བོ། །
དེ་ཉིད་བསྟན་པའི་ཕྱིར། ཉོན་མོངས་འགའ་ཡང་ཡོད་མ་ཡིན། །མོ་གཤམ་གྱི་བུ་ལ་སོགས་པའི་མཚན་ཉིད་དངོས་པོ་མེད་པ་ལ་ཞེས་བྱ་བར་དགོངས་སོ་ཞེས་བྱ་བ་སྨྲས་ཏེ། རྟེན་སེམས་མེད་པར་བརྟེན་པ་ཉོན་མོངས་པ་རྣམས་ཡོད་པ་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟར་ནི་མི་འདོད་
པས་དེའི་ཕྱིར་ཡོད་པ་མ་ཡིན་པ་དཔེ་ཉིད་དུ་མི་རུང་བས་འདོད་པའི་དོན་གྲུབ་པ་མེད་དོ་ཞེས་བྱ་བ་ནི་མཇུག་བསྡུ་བ་དང་ཚད་མའི་འབྲས་བུ་ཡིན་ཏེ། རྟེན་སེམས་མེད་པར་བརྟེན་པ་ཉོན་མོངས་པ་རྣམས་ཡོད་པར་མི་འདོད་པས་དེའི་ཕྱིར་ཉོན་མོངས་པ་ཡོད་པ་མ་ཡིན་པ་དཔེ་ཉིད་དུ་མི་རུང་བས། ཕ་རོལ་
པོ་དག་ན་རེ་དོན་དམ་པར་ཕུང་པོ་ལ་སོགས་པ་དག་ངོ་བོ་ཉིད་ཡོད་པ་ཁོ་ན་ཡིན་ཏེ། རྒྱུ་ལ་བརྟེན་ནས་འབྱུང་བའི་ཕྱིར་དཔེར་ན་འདོད་ཆགས་ལ་སོགས་པ་བཞིན་ནོ་ཞེས་ཟེར་བའི་འདོད་པའི་དོན་གྲུབ་པ་མེད་དོ། །རང་གི་སྡེ་པ་རྣམས་ཀྱི་ཕྱིར་ཡང་འདི་བཤད་པར་བྱ་སྟེ་ཞེས་བྱ་བ་ལ་སོགས་པས་
ནི་ཇི་ལྟར་སྔར་དེ་བཞིན་གཤེགས་པ་བརྟག་པའི་སྐབས་སུ། སྐུ་མིན་སྐུ་ལས་གཞན་མ་ཡིན། །དེ་ལ་སྐུ་མེད་དེར་དེ་མེད། །དེ་བཞིན་གཤེགས་པ་སྐུ་ལྡན་མིན། །དེ་བཞིན་གཤེགས་པ་གང་ཞིག་ཡིན། །ཞེས་བྱ་བས་དེ་བཞིན་གཤེགས་པ་ཕྱོགས་སུ་བྱས་ཏེ། དེ་བཞིན་གཤེགས་པ་
ཕུང་པོ་རྣམས་ལ་རྣམ་པ་ལྔས་བཙལ་ན་དམིགས་སུ་མེད་པར་བསྟན་པ་དེ་བཞིན་དུ་འདིར་ཡང་ཉོན་མོངས་པ་རྣམས་ཕྱོགས་སུ་བྱས་ཏེ། ཉོན་མོངས་པ་ཅན་ལ་རྣམ་པ་ལྔས་བཙལ་ན་དམིགས་སུ་མེད་པ་དང་། ཉོན་མོངས་པ་ཅན་ཕྱོགས་སུ་བྱས་ཏེ། ཉོན་མོངས་པ་རྣམས་ལ་རྣམ་པ་ལྔས་བཙལ་
ན་དམིགས་སུ་མེད་པར་སྟོན་ཏོ། །དེ་ལ་རེ་ཞིག་ཉོན་མོངས་པ་རྣམས་ཕྱོགས་སུ་བྱས་ཏེ། ཉོན་མོངས་པ་ཅན་ལ་རྣམ་པ་ལྔས་བཙལ་ན་དམིགས་སུ་མེད་པར་བསྟན་པའི་ཕྱིར། རང་ལུས་ལྟ་བཞིན་ཉོན་མོངས་རྣམས། །རང་ཞེས་བྱ་བ་ནི་བདག་དང་བདག་གིའོ། །

ལུས་ཞེས་བྱ་བ་ནི་མིང་དང་གཟུགས་ཉེ་བར་བསྩགས་པའི་རྣམ་གྲངས་སོ། །རང་གི་ལུས་ལ་ལྟ་བ་ཞེས་བྱ་བ་ནི་རང་གི་ལུས་ལ་དམིགས་པའི་ཉོན་མོངས་པ་ཅན་གྱི་ལྟ་བའོ། །རང་གི་ལུས་ལ་ལྟ་བ་བཞིན་ཞེས་བྱ་བ་ན་རང་གི་ལུས་ལ་ལྟ་བ་དང་འདྲ་བ་སྟེ། ཇི་ལྟར།
སྐུ་མིན་སྐུ་ལས་གཞན་མ་ཡིན། །དེ་ལ་སྐུ་མེད་དེར་དེ་མེད། །དེ་བཞིན་གཤེགས་པ་སྐུ་ལྡན་མིན། །དེ་བཞིན་གཤེགས་པ་གང་ཞིག་ཡིན། །ཞེས་བྱ་བ་བཞིན་དུ་ཉོན་མོངས་པ་རྣམས་ཀྱང་དེ་དང་འདྲའོ། །ཉོན་མོངས་པ་རྣམས་ཞེས་བྱ་བ་ནི་གནོད་པའི་དོན་གྱིས་ཉོན་མོངས་པར་བྱེད་པ་དག་གོ། །ཉོན་མོངས་ཅན་ལ་རྣམ་
ལྔར་མེད། །ཉོན་མོངས་ཅན་གྱི་སེམས་ལ་སྟེ། །ཉོན་མོངས་པ་རྣམས་ནི་ཉོན་མོངས་པ་ཅན་མ་ཡིན་ཏེ། དེ་ལས་གཞན་མ་ཡིན་པ་ཉིད་བཀག་པའི་ཕྱིར་དང་། བསྲེག་པ་དང་སྲེག་པ་དག་གཅིག་པ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །ཉོན་མོངས་པ་རྣམས་ནི་ཉོན་མོངས་པ་ཅན་ལས་གཞན་
པ་ཡང་མ་ཡིན་ཏེ། སྔ་མ་བཞིན་དུ་དེ་ལས་གཞན་ཉིད་བཀག་པའི་ཕྱིར་དང་། ཉོན་མོངས་པ་རྣམས་མེད་པར་ཡང་ཉོན་མོངས་པ་ཅན་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །ཉོན་མོངས་པ་རྣམས་ཉོན་མོངས་པ་ཅན་དག་ལ་མེད་ཅིང་ཉོན་མོངས་པ་ཅན་ཡང་ཉོན་མོངས་པ་རྣམས་ལ་མེད་
ལ། ཉོན་མོངས་པ་རྣམས་ཉོན་མོངས་པ་ཅན་དང་ལྡན་པ་ཡང་མ་ཡིན་ཏེ། གཞན་ཉིད་མེད་པ་ཁོ་ནའི་ཕྱིར་རོ། །དེ་ལྟར་ཉོན་མོངས་པ་རྣམས་ཉོན་མོངས་པ་ཅན་ལ་རྣམ་པ་ལྔར་མེད་དོ་ཞེས་བྱ་བ་སྨྲས་སོ། །ད་ནི་ཉོན་མོངས་པ་ཅན་ཕྱོགས་སུ་བྱས་ཏེ། ཉོན་མོངས་པ་རྣམས་ལ་རྣམ་པ་
ལྔས་བཙལ་ན་དམིགས་སུ་མེད་པར་བསྟན་པའི་ཕྱིར། རང་ལུས་ལྟ་བཞིན་ཉོན་མོངས་ཅན། །ཉོན་མོངས་པ་ལ་རྣམ་ལྔར་མེད། །ཉོན་མོངས་པ་ཅན་ཉོན་མོངས་པ་རྣམས་ལ་རྣམ་པ་ལྔར་མེད་པ་ཡང་དེ་བཞིན་དུ་སྦྱར་བར་བྱའོ་ཞེས་བྱ་བ་སྨྲས་སོ། །དེ་ལ་ཉོན་མོངས་པ་རྣམས་མེད་པའི་
ཕྱིར་དཔེ་ལ་བསྒྲུབ་པར་བྱ་བ་ཆོས་མ་ཚང་བ་ཉིད་ཀྱི་སྐྱོན་ཡོད་དོ་ཞེས་བྱ་བས་ནི་ཕ་རོལ་པོ་དག་གིས་དོན་དམ་པར་ཕུང་པོ་ལ་སོགས་པ་དག་ངོ་བོ་ཉིད་ཡོད་པ་ཁོ་ན་ཡིན་ཏེ། རྒྱུ་ལ་བརྟེན་ནས་འབྱུང་བའི་ཕྱིར། དཔེར་ན་འདོད་ཆགས་ལ་སོགས་པ་བཞིན་ནོ་ཞེས་སྨྲས་པའི་དཔེ་དེ་ལ་བསྒྲུབ་པར་བྱ་བ་ཆོས་

ངོ་བོ་ཉིད་ཡོད་པ་ཁོ་ན་ཡིན་ཏེ་ཞེས་བྱ་བ་མ་ཚང་བ་ཉིད་ཀྱི་སྐྱོན་ཡོད་པར་བསྟན་ཏོ། །ཡང་གཞན་ཡང་གང་གི་ཚེ་ཁོ་བོ་ཅག་གི་ཕྱོགས་ལ། སྡུག་དང་མི་སྡུག་ཕྱིན་ཅི་ལོག །ངོ་བོ་ཉིད་ལས་ཡོད་མིན་པ། །དེའི་ཚེ། སྡུག་དང་མི་སྡུག་ཕྱིན་ཅི་ལོག །བརྟེན་ནས་ཉོན་མོངས་གང་དག་ཡིན། །
འབྱུང་བ་ཞེས་བྱ་བའི་ཚིག་གི་ལྷག་མའོ་ཞེས་བྱ་བས་ནི་ཕྱིན་ཅི་ལོག་རྣམས་ངོ་བོ་ཉིད་ལས་ཡོད་པ་མ་ཡིན་པས། ཕྱིན་ཅི་ལོག་གི་རྒྱུ་ལ་བརྟེན་ནས་འདོད་ཆགས་ལ་སོགས་པ་ཉོན་མོངས་པ་རྣམས་འབྱུང་བར་མི་འགྱུར་བར་བསྟན་ཏོ། །དེའི་ཕྱིར་དོན་དམ་པར་ཉོན་མོངས་པ་རྣམས་ཀྱི་ཆོས་ནི་
བསྟན་ནས་འབྱུང་བ་མ་ཡིན་པས་དཔེ་ལ་སྒྲུབ་པའི་ཆོས་མ་ཚང་བ་ཉིད་ཀྱི་སྐྱོན་ཡོད་དོ་ཞེས་བྱ་བས་ནི་ཕ་རོལ་པོ་དག་གིས་དོན་དམ་པ་ཕུང་པོ་ལ་སོགས་པ་དག་ངོ་བོ་ཉིད་ཡོད་པ་ཁོ་ན་ཡིན་ཏེ། རྒྱུ་ལ་བརྟེན་ནས་འབྱུང་བའི་ཕྱིར་དཔེར་ན་འདོད་ཆགས་ལ་སོགས་པ་བཞིན་ནོ་ཞེས་སྨྲས་པའི་དཔེ་དེ་
ལ་སྒྲུབ་པའི་ཆོས་རྒྱུ་ལ་བརྟེན་ནས་འབྱུང་བའི་ཕྱིར་ཞེས་བྱ་བ་མ་ཚང་བ་ཉིད་ཀྱི་སྐྱོན་ཡོད་པར་བསྟན་ཏོ། །རང་གི་སྡེ་པ་དག་ཡང་ཕྱིར་ཟློག་པར་བྱེད་དེ་ཞེས་བྱ་བ་ལ་སོགས་པས་ནི་རང་གི་སྡེ་པ་དག་གཟུགས་ལ་སོགས་པ་ཡུལ་དྲུག་པོ་དག་ནི་འདོད་ཆགས་ལ་སོགས་པ་ཉོན་མོངས་པ་རྣམས་སྐྱེ་བའི་
གཞི་ཡིན་པས་དེ་དག་ལ་བརྟེན་ནས་ཉོན་མོངས་པ་རྣམས་འབྱུང་བར་འགྲུབ་པས་དཔེ་ལ་བསྒྲུབ་པར་བྱ་བ་དང་། སྒྲུབ་པའི་ཆོས་མ་ཚང་བའི་སྐྱོན་མེད་དོ་ཞེས་ཟེར་བའི་ཚིག་སྟོན་ཏོ། །དེ་ཉིད་བསྟན་པའི་ཕྱིར། གཟུགས་སྒྲ་རོ་དང་རེག་པ་དང་། དྲི་དང་ཆོས་དག་རྣམ་དྲུག་ནི། །རྣམ་པ་དྲུག་གོ །
དེ་དག་ཅི་ཡིན་ཞེ་ན་གཞི་སྟེ། འདི་ལ་གནས་པས་གཞི་སྟེ། དེ་དག་ལས་འབྱུང་ངོ་ཞེས་བྱ་བའི་ཐ་ཚིག་གོ་ཞེས་བྱ་བ་སྨྲས་སོ། །གཟུགས་ལ་སོགས་པའི་ངེས་པའི་ཚིག་བསྟན་པའི་ཕྱིར། གཟུགས་ཞེས་བྱ་བ་ནི་གཟུགས་སུ་རུང་བའོ། །སྒྲ་ཞེས་བྱ་བ་ནི་བསྒྲག་ཏུ་རུང་བའོ། །དྲི་ཞེས་
བྱ་བ་ནི་སྣམ་དུ་རུང་བའོ། །རོ་ཞེས་བྱ་བ་ནི་མྱང་དུ་རུང་བའོ། །རེག་པ་ཞེས་བྱ་བ་ནི་རེག་བྱར་རུང་བའོ། །ཆོས་བདག་ཅེས་བྱ་བ་ནི་རང་གི་མཚན་ཉིད་འཛིན་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་སོ། །དེ་དག་གི་གཞི་ཡིན་པར་བསྟན་པའི་ཕྱིར། རྣམ་པ་དྲུག་པོ་དེ་དག་གང་གི་གཞི་ཡིན་ཞེ་ན། འདོད་

ཆགས་དང་ནི་ཞེ་སྡང་དང་། །གཏི་མུག་གིས་ནི་རྣམ་པར་རྟག །ཅེས་བྱ་བ་སྨྲས་སོ། །འདོད་ཆགས་ལ་སོགས་པའི་ཚིག་བསྟན་པའི་ཕྱིར། འདོད་ཆགས་ནི་ཆགས་པར་བྱེད་པ་སྟེ། ལྷག་པར་ཆགས་པའོ། །ཞེ་སྡང་ནི་སྡང་བར་བྱེད་པ་སྟེ། སེམས་ཅན་
རྣམས་ལ་ཀུན་ནས་མནར་སེམས་སྐྱེད་པའོ། །གཏི་མུག་ནི་རྨོངས་པར་བྱེད་པ་སྟེ་མི་ཤེས་པའོ་ཞེས་བྱ་བ་སྨྲས་སོ། །འདིས་ནི་ཕྱིན་ཅི་ལོག་གི་ཆོས་ནི་གཞི་ཡོད་པ་ཡིན་པར་བསྟན་ཏོ་ཞེས་བྱ་བས་ནི། ཚིག་ལེའུར་བྱས་པ་སྔ་མ་འདིས་ནི་ཕྱིན་ཅི་ལོག་ལ་བརྟེན་ནས་འདོད་ཆགས་ལ་སོགས་པ་
ཀུན་དུ་འབྱུང་བར་སྒྲུབ་པའི་ཆོས་གཏན་ཚིགས་ནི་དེ་དག་སྐྱེ་བའི་གཞི་ཡུལ་དྲུག་པོ་དག་ཡོད་པར་བསྟན་ཏོ། །དེའི་རྗེས་སུ་དཔག་པ་བསྟན་པའི་ཕྱིར། དེའི་ཕྱིར་རྗེས་སུ་དཔག་པ་ནི་དོན་དམ་པར་སྡུག་པ་དང་མི་སྡུག་པའི་ཕྱིན་ཅི་ལོག་གང་དག་ལ་བརྟེན་ནས་འབྱུང་བའི་འདོད་ཆགས་ལ་སོགས་པ་
དག་ནི་ཡོད་པ་ཁོ་ན་ཡིན་ཏེ། དེ་དག་གི་གཞི་ཡོད་པའི་ཕྱིར་རོ། །འདི་ན་གང་དོན་དམ་པར་ཡོད་པ་མ་ཡིན་པ་དེ་ལ་ནི་གཞི་མེད་དེ། དཔེར་ན་ལོང་བའི་མིག་གི་རྣམ་པར་ཤེས་པ་བཞིན་ནོ། །འདོད་ཆགས་ལ་སོགས་པ་དག་ལ་ནི་གཞི་ཕྱིན་ཅི་ལོག་དག་ཏུ་རྣམ་པར་བརྟགས་པ་གང་དག་ཡིན་པ་
དག་ཡོད་པས་དེའི་ཕྱིར་གཏན་ཚིགས་ཇི་སྐད་སྨོས་པའི་མཐུས་ཕྱིན་ཅི་ལོག་དག་ཡོད་པས་དེ་དག་ལ་བརྟེན་ནས་ཉོན་མོངས་པ་རྣམས་འབྱུང་བར་འགྲུབ་པས་དཔེའི་སྐྱོན་མེད་དོ་ཞེས་བྱ་བ་སྨྲས་ཏེ། དེ་དག་ནི་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། ཆོས་མི་མཐུན་
པའི་ཕྱོགས་ཀྱི་དཔེ་དང་། ཉེ་བར་སྦྱར་བའི་སྦྱོར་བ་དང་། མཇུག་བསྡུ་བ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། འདི་ན་ལོང་བའི་མིག་གི་རྣམ་པར་ཤེས་པ་ལྟ་བུ་གང་ཡོད་པ་མ་ཡིན་པ་དེ་ལ་ནི་གཞི་མེད་ཀྱི། འདོད་ཆགས་ལ་སོགས་པ་དག་ལ་ནི་གཞི་ཕྱིན་ཅི་ལོག་དག་ཏུ་རྣམ་པར་བརྟག་པའི་
ཡུལ་དག་ཡོད་པས་དེའི་ཕྱིར་འདོད་ཆགས་ལ་སོགས་པ་དག་ནི་ཡོད་པ་ཁོ་ན་ཡིན་པས་ཁོ་བོ་ཅག་གི་དཔེ་ལ་བསྒྲུབ་པར་བྱ་བ་དང་། སྒྲུབ་པའི་ཆོས་མ་ཚང་བའི་སྐྱོན་མེད་དོ་ཞེས་ཟེར་རོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འགྲེལ་པ་བྱེད་པ་ཉིད་ཀྱིས་འདིར་བཤད་པ། གཟུགས་སྒྲ་རོ་དང་

རེག་པ་དང་། དྲི་དང་ཆོས་དག་འབའ་ཞིག་པ། །འབའ་ཞིག་པ་ཞེས་བྱ་བ་ནི་ངོ་བོ་ཉིད་མེད་པ་སྟེ། ངོ་བོ་ཉིད་ཀྱི་དྲི་ཙམ་གྱིས་ཀྱང་མ་བསྒོས་པ་དག་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། དེས་ནི་ཕ་རོལ་པོ་དག་གི་གཏན་ཚིགས་དེ་དག་གི་གཞི་ཡོད་པའི་ཕྱིར་རོ་ཞེས་བྱ་བའི་དོན་མ་གྲུབ་པ་ཉིད་དུ་
སྟོན་ཏེ། འདི་ལྟར་དོན་དམ་པར་གཟུགས་ལ་སོགས་པ་དག་ངོ་བོ་ཉིད་མེད་པ་འབའ་ཞིག་པ་ཡིན་པའི་ཕྱིར་རོ། །འོ་ན་ཐ་སྙད་དུ་གཟུགས་ལ་སོགས་པ་ཕྱིན་ཅི་ལོག་ཏུ་བརྟག་པ་དག་ལ་བརྟེན་ནས་འདོད་ཆགས་ལ་སོགས་པ་ཀུན་དུ་འབྱུང་བར་མི་འགྱུར་རམ་ཞེ་ན། དེའི་ཕྱིར་ཐ་སྙད་ཀྱི་བདེན་པ་ལ་
སྐུར་པ་འདེབས་པ་ཡང་མ་ཡིན་ཏེ། འདི་ལྟར། གཟུགས་ལ་སོགས་པ་དེ་དག་ནི། །དྲི་ཟའི་གྲོང་ཁྱེར་ལྟ་བུ་དང་། །སྨིག་རྒྱུ་རྨི་ལམ་འདྲ་བ་ཡིན། །ཞེས་བྱ་བ་སྨྲས་ཏེ། ཐ་སྙད་ཀྱི་བདེན་པར་གཟུགས་ལ་སོགས་པ་དྲི་ཟའི་གྲོང་ཁྱེར་དང་། སྨིག་རྒྱུ་དང་། རྨི་ལམ་ལྟ་བུ་དེ་དག་ལ་བརྟེན་ནས་ཕྱིན་
ཅི་ལོག་ཏུ་འཁྲུལ་པ་རྣམས་ལ་འདོད་ཆགས་ལ་སོགས་པ་མི་འབྱུང་བ་ཡང་མ་ཡིན་ནོ། །དཔེ་གསུམ་པོ་དེ་དག་གི་ཡུལ་གྱི་ཁྱད་པར་བསྟན་པའི་ཕྱིར། དྲི་ཟའི་གྲོང་ཁྱེར་ལྟ་བུ་ཞེས་བྱ་བ་ནི། ཡུལ་དང་། དུས་ངེས་པ་དང་། རྒྱུ་ངེས་པ་མེད་པར་དམིགས་པར་བྱ་བ་ཉིད་དང་ཆོས་མཐུན་པའི་ཕྱིར་རོ། །
སྨིག་རྒྱུ་འདྲ་བ་ཞེས་བྱ་བ་ནི་ངོ་བོ་ཉིད་སྟོང་པ་ཉིད་ཡིན་ཡང་དེ་ལ་མངོན་པར་ཞེན་པས་ཡོངས་སུ་ཚོལ་བའི་ཕྱིར་རྐྱེན་གྱི་དངོས་པོར་ཉེ་བར་འགྲོ་བ་དང་ཆོས་མཐུན་པའི་ཕྱིར་རོ། །རྨི་ལམ་འདྲ་བ་ཞེས་བྱ་བ་ནི་ངོ་བོ་ཉིད་མེད་པ་ཉིད་ཡིན་ཡང་རེ་ཞིག་པར་འདོད་པས་རྒྱུ་དང་འབྲས་བུ་སྒྲུབ་པའི་དངོས་པོར་ཉེ་བར་འགྲོ་བ་དང་ཆོས་
མཐུན་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་སོ། །ད་ནི་དོན་དམ་པར་དེ་དག་ལ་བརྟེན་ནས་འདོད་ཆགས་ལ་སོགས་པ་འབྱུང་བར་མི་འགྱུར་བས་ཕ་རོལ་པོ་དག་གི་གཏན་ཚིགས་དེ་དག་གི་གཞི་ཡོད་པའི་ཕྱིར་རོ་ཞེས་བྱ་བ་དེ་མ་གྲུབ་པ་དང་། འགལ་བ་ཉིད་དུ་བསྟན་པའི་ཕྱིར་གང་གི་ཕྱིར་རྣམ་པ་དེ་ལྟ་བུའི་གཟུགས་ལ་
སོགས་པ། སྒྱུ་མའི་སྐྱེས་བུ་ལྟ་བུ་དང་། ལོག་པར་སྣང་བ་དང་ཆོས་མཐུན་པའི་ཕྱིར་རོ། །གཟུགས་བརྙན་འདྲ་བ་དེ་དག་ལ། །བྱེད་པ་པོའི་བྱ་བ་ལ་མི་ལྟོས་པར་སྐྱེ་བ་ཉིད་དང་ཆོས་མཐུན་པའི་ཕྱིར་རོ། །དེའི་ཕྱིར། སྡུག་པ་དང་ནི་མི་སྡུག་པ། །འབྱུང་བར་ཡང་ནི་ག་ལ་འགྱུར། །ཞེས་བྱ་

བ་སྨྲས་ཏེ། འབྱུང་བར་མི་འགྱུར་བ་ཉིད་དེ། །དོན་དམ་པ་པའི་ངོ་བོ་ཉིད་སྟོང་པའི་ཕྱིར་རོ་ཞེས་བྱ་བར་དགོངས་སོ་ཞེས་བྱ་བ་སྨྲས་སོ། །དེའི་ཕྱིར་དོན་དམ་པར་གཞི་མ་གྲུབ་པའི་ཕྱིར་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་དང་དོན་འགལ་བ་ཉིད་དོ་ཞེས་བྱ་བ་ནི་མཇུག་
བསྡུ་བ་དང་། ཚད་མའི་འབྲས་བུ་ཡིན་ཏེ། ཕ་རོལ་པོ་དག་གི་གཏན་ཚིགས་དེ་དག་གི་གཞི་ཡོད་པའི་ཕྱིར་རོ་ཞེས་བྱ་བ་དེ་དོན་དམ་པར་ནི་མ་གྲུབ་པ་ཉིད་ལ། ཀུན་རྫོབ་ཏུ་ནི་འགལ་བ་ཉིད་ཀྱི་སྐྱོན་ཡོད་དོ། །གཞན་ཡང་ཞེས་བྱ་བ་ལ་སོགས་པས་ནི་སྡུག་པ་གང་ལ་བརྟེན་ནས་མི་སྡུག་པ་མི་སྡུག་པར་
གདགས་པར་བྱ་བའི་སྡུག་པ་དེ་མི་སྡུག་པ་ལ་མ་ལྟོས་པར་ཡོད་པ་མ་ཡིན་པས་དེའི་ཕྱིར་སྡུག་པ་འཐད་པ་མ་ཡིན་པ་དང་། མི་སྡུག་པ་གང་ལ་བརྟེན་ནས་སྡུག་པ་སྡུག་པར་གདགས་པར་བྱ་བའི་མི་སྡུག་པ་དེ་སྡུག་པ་ལ་མ་ལྟོས་པར་ཡོད་པ་མ་ཡིན་པས་དེའི་ཕྱིར་མི་སྡུག་པ་འཐད་པ་མ་ཡིན་
པར་བསྒྲུབ་པ་རྣམ་པ་གཉིས་སྟོན་ཏོ། །དེ་ལ་རེ་ཤིག་བསྒྲུབ་པ་དང་པོ་བསྟན་པའི་ཕྱིར་སྡུག་པ། གང་ལ་བརྟེན་ནས་མི་སྡུག་པ། །མི་སྡུག་པ་ཞེས་བྱ་བར་འགྱུར་བའོ། །མི་སྡུག་པར་ནི་གདགས་བྱ་བ། །མི་སྡུག་པ་གང་འདི་ནི་མི་སྡུག་པའི་ཞེས་མི་སྡུག་པའི་ངོ་བོ་ཉིད་དུ་འོ་བུ་ཅག་
གིས་གདགས་པར་བྱ་བའོ། །སྡུག་པ་མ་ལྟོས་ཡོད་མིན་པས། །སྡུག་པ་དེ་མི་སྡུག་པ་ལ་མ་ལྟོས་པར་སྡུག་པའི་བདག་ཉིད་དུ་ཡོད་པ་མ་ཡིན་པས་ཞེས་བྱ་བའི་ཐ་ཚིག་གོ། །དེའི་ཕྱིར་སྡུག་པ་འཐད་མ་ཡིན། །མི་སྡུག་པ་མེད་པའི་ཕྱིར་སྡུག་པ་ཡང་དེ་ལ་མ་ལྟོས་པར་
སྡུག་པ་ཉིད་དུ་མི་འགྱུར་བ་ཉིད་ཀྱི་ཕྱིར་རོ་ཞེས་བྱ་བར་དགོངས་སོ་ཞེས་བྱ་བ་སྨྲས་སོ། །བསྒྲུབ་པ་གཉིས་པ་བསྟན་པའི་ཕྱིར། །དེ་བཞིན་དུ་མི་སྡུག་པ་གང་ལ་བརྟེན་ནས་སྡུག་པ་ནི། སྡུག་པ་ཞེས་བྱ་བར་རབ་ཏུ་འགྲུབ་པའོ། །སྡུག་པ་ཞེས་ནི་གདགས་བྱ་བ། །སྡུག་པ་གང་འདི་ནི་
སྡུག་པའོ་ཞེས་སྡུག་པའི་ངོ་བོ་ཉིད་དུ་འོ་བུ་ཅག་གིས་གདགས་པར་བྱ་བའོ། །མི་སྡུག་མ་ལྟོས་ཡོད་མིན་པས། །མི་སྡུག་པ་དེ་སྡུག་པ་ལ་མ་ལྟོས་པར་མི་སྡུག་པའི་བདག་ཉིད་དུ་གྲུབ་པ་མེད་པས་སོ། །དེ་ཕྱིར་མི་སྡུག་འཐད་མ་ཡིན། །གང་གི་ཕྱིར་དེ་ལྟར་སྡུག་པ་ཡོད་པ་མ་ཡིན་པ་དེའི་ཕྱིར་མི་

སྡུག་པ་ཡང་སྡུག་པ་དེ་ལ་མ་ལྟོས་པར་མི་སྡུག་པ་ཉིད་དུ་མི་འགྱུར་བ་ཉིད་ཀྱི་ཕྱིར་རོ་ཞེས་བྱ་བར་དགོངས་སོ་ཞེས་བྱ་བ་སྨྲས་སོ། །ད་ནི་དེ་ལྟར་སྡུག་པ་ཡོད་པ་མ་ཡིན་པས་འདོད་ཆགས་འབྱུང་བར་མི་འགྱུར་ལ། མི་སྡུག་པ་ཡོད་པ་མ་ཡིན་པས་ཞེ་སྡང་འབྱུང་བར་མི་འགྱུར་ཞིང་། དེ་གཉིས་ཀ་ཡོད་པ་མ་
ཡིན་པས་གཏི་མུག་འབྱུང་བར་མི་འགྱུར་རོ་ཞེས་མཇུག་བསྡུ་བ་བསྟན་པའི་ཕྱིར། དེའི་ཕྱིར་དེ་ལྟར། སྡུག་པ་ཡོད་པ་མ་ཡིན་ན། །འདོད་ཆགས་འབྱུང་བར་ག་ལ་འགྱུར། །མི་སྡུག་ཡོད་པ་མ་ཡིན་ན། །ཞེ་སྡང་འབྱུང་བར་ག་ལ་འགྱུར། །དེ་དག་མེད་པའི་ཕྱིར་གཏི་མུག་ཀྱང་མེད་དེ། དེ་དག་
མེད་པ་ཁོ་ནས་དེ་ཡང་ཡོད་པ་མ་ཡིན་པར་གྲུབ་པོ་ཞེས་བྱ་བ་སྨྲས་སོ། །དེ་དག་བརྗོད་ན་སྐྱོན་མེད་པ་མ་ཡིན་པས་དེའི་ཕྱིར་གཏན་ཚིགས་ཀྱི་སྐྱོན་ཇི་སྐད་བསྟན་པ་ལྡོག་པ་མེད་དོ་ཞེས་བྱ་བ་ནི་ཚད་མའི་འབྲས་བུ་ཡིན་ནོ། །འདིར་སྨྲས་པ། དོན་དམ་པར་སྡུག་པ་དང་། མི་སྡུག་པའི་ཕྱིན་ཅི་ལོག་དག་
ནི་ཡོད་པ་ཁོ་ན་ཡིན་ཏེ། བཅོམ་ལྡན་འདས་ཀྱིས་མདོ་སྡེ་ལས་གསུངས་པའི་ཕྱིར་རོ། །བཅོམ་ལྡན་འདས་ཀྱིས་གང་མདོ་སྡེ་ལས་གསུངས་པ་དེ་ནི་ཡོད་དེ། དཔེར་ན་བདག་མེད་པ་ཉིད་བཞིན་ནོ། །མདོ་སྡེ་ལས་མི་རྟག་པ་ལ་རྟག་པ་དང་། བདག་མེད་པ་ལ་བདག་དང་། སྡུག་བསྔལ་ལ་བདེ་
བ་དང་། མི་སྡུག་པ་ལ་སྡུག་པར་འཛིན་པ་ནི་ཕྱིན་ཅི་ལོག་གོ་ཞེས་གསུངས་པ་དེ་དག་ཡོད་པས། དེའི་ཕྱིར་དོན་དམ་པར་སྡུག་པ་དང་མི་སྡུག་པའི་ཕྱིན་ཅི་ལོག་དག་ནི་ཡོད་པ་ཁོ་ན་ཡིན་ནོ་ཞེས་བྱ་བ་ནི་རང་གི་སྡེ་པ་དག་བཅོམ་ལྡན་འདས་ཀྱིས་མདོ་སྡེ་ལས་ཕྱིན་ཅི་ལོག་ཡོད་པར་གསུངས་པའི་གཏན་ཚིགས་
དང་བདག་མེད་པ་ཉིད་ཡོད་པར་གསུངས་པའི་དཔེས་དོན་དམ་པར་སྡུག་པ་དང་མི་སྡུག་པའི་ཕྱིན་ཅི་ལོག་དག་ཡོད་པ་ཁོ་ན་ཡིན་ཏེ་ཞེས་ཟེར་བའི་ཚིག་ཡིན་ཏེ། དེ་དག་ནི་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། ཆོས་མཐུན་པའི་ཕྱོགས་ཀྱི་དཔེ་དང་། ཉེ་བར་སྦྱར་
བའི་སྦྱོར་བ་དང་མཇུག་བསྡུ་བ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་བཅོམ་ལྡན་འདས་ཀྱིས་མདོ་སྡེ་ལས་བདག་མེད་པ་ཉིད་དུ་གསུངས་པ་ནི་ཡོད་པ་ཁོ་ན་ཡིན་པ་དེ་བཞིན་དུ་བཅོམ་ལྡན་འདས་ཀྱིས་མདོ་སྡེ་ལས་ཕྱིན་ཅི་ལོག་དག་གསུངས་པ་དེ་དག་ཀྱང་ཡོད་པ་ཁོ་ན་ཡིན་ནོ་ཞེས་ཟེར་རོ། །དེ་སྐད་

ཅེས་ཟེར་བ་དེའི་ལན་དུ་འགྲེལ་པ་བྱེད་པ་ཉིད་ཀྱིས། འདིར་བཤད་པ་གལ་ཏེ་འགའ་ཞིག་ལོག་པར་བསྒྲུབ་པ་ཡོད་ན་ཐ་སྙད་པའི་སྡུག་པ་དང་། མི་སྡུག་པའི་ཕྱིན་ཅི་ལོག་དག་སྒྲུབ་པ་ལ་ནི་སྒྲུབ་པ་འདི་རུང་ངོ་། །དོན་དམ་པར་ནི་མི་རུང་ངོ་ཞེས་བྱ་བ་སྨྲས་ཏེ། གལ་ཏེ་
ཐ་སྙད་དུ་ཡང་ཕྱིན་ཅི་ལོག་དག་མེད་དོ་ཞེས་འགའ་ཞིག་ལོག་པར་སྒྲུབ་པ་ཡོད་ན། དེ་དག་ལ་ཐ་སྙད་པའི་སྡུག་པ་དང་མི་སྡུག་པའི་ཕྱིན་ཅི་ལོག་དག་སྒྲུབ་པ་ལ་ནི་ཁྱེད་ཀྱི་གཏན་ཚིགས་དང་དཔེའི་སྒྲུབ་པ་འདི་རུང་ངོ་། །ཁོ་བོ་ཅག་དབུ་མ་པ་དོན་དམ་པར་ཕྱིན་ཅི་ལོག་དག་ངོ་བོ་ཉིད་མེད་པ་ཉིད་དུ་སྒྲུབ་
པ་ལ་ནི་ཁྱེད་ཀྱི་གཏན་ཚིགས་དང་དཔེའི་སྒྲུབ་པ་འདི་མི་རུང་སྟེ། དོན་དམ་པར་དེ་དག་མི་འགྲུབ་པའི་ཕྱིར་རོ། །དེ་ལ་རེ་ཞིག་དོན་དམ་པར་ཕ་རོལ་པོ་དག་གི་དཔེ་བཅོམ་ལྡན་འདས་ཀྱིས་གང་མདོ་སྡེ་ལས་གསུངས་པ་ནི་ཡོད་དེ། དཔེར་ན་བདག་མེད་པ་ཉིད་བཞིན་ནོ་ཞེས་བྱ་བ་དེ་ནི་མི་རུང་བར་
བསྟན་པའི་ཕྱིར། སངས་རྒྱས་རྣམས་ཀྱིས་བདག་དང་ནི། །བདག་མེད་གང་ཡང་མེད་པར་གསུངས། །ཞེས་བྱ་བ་དེར་ལན་བཏབ་ཟིན་པས། བདག་མེད་པ་ཉིད་མ་གྲུབ་པའི་ཕྱིར་དཔེ་མེད་དོ་ཞེས་བྱ་བ་སྨྲས་ཏེ། སྔར་བདག་དང་ཆོས་བརྟག་པའི་སྐབས་སུ་དེ་སྐད་བསྟན་པས་སོ། །
དོན་དམ་པར་ཕ་རོལ་པོ་དག་གི་གཏན་ཚིགས་བཅོམ་ལྡན་འདས་ཀྱིས་མདོ་སྡེ་ལས་གསུངས་པའི་ཕྱིར་རོ་ཞེས་བྱ་བ་དེ་མི་རུང་བར་བསྟན་པའི་ཕྱིར། གཏན་ཚིགས་ཀྱང་མེད་དེ། དོན་དམ་པར་མདོ་སྡེ་ལས་ཕྱིན་ཅི་ལོག་དག་ཡོད་པར་ཁས་མ་བླངས་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ།
ཁོ་བོ་ཅག་དབུ་མ་པས་སོ། །འདིར་ཕྱིན་ཅི་ལོག་ནི་རྣམ་པ་གཉིས་ཏེ། འཁོར་བ་དང་མྱ་ངན་ལས་འདས་པ་དང་རྗེས་སུ་མཐུན་པས་སོ། །དེ་ལ་འཁོར་བ་དང་རྗེས་སུ་མཐུན་པ་ནི་འདི་ལྟ་སྟེ་མི་རྟག་པ་ལ་རྟག་པ་ཞེས་བྱ་བ་ལ་སོགས་པའོ། །མྱ་ངན་ལས་འདས་པ་དང་རྗེས་སུ་མཐུན་པ་
ནི་འདི་ལྟ་སྟེ་མི་རྟག་པ་ལ་མི་རྟག་པ་ཞེས་བྱ་བ་ལ་སོགས་པའོ། །དེ་གཉི་ག་ཡང་ཕྱིན་ཅི་ལོག་སྟེ། རྣམ་པར་མི་རྟོག་པའི་ཡེ་ཤེས་ཐོབ་པས་སྤང་བར་བྱ་བ་ཡིན་ཏེ། དེའི་མི་མཐུན་པའི་ཕྱོགས་ཡིན་པའི་ཕྱིར་རོ་ཞེས་བྱ་བས་ནི་དེ་གཉི་ག་ཡང་ཀུན་རྫོབ་ཏུ་ཕྱིན་ཅི་ལོག་ཡིན་པར་ཁོ་བོ་ཅག་

དབུ་མ་པ་ཡང་འདོད་དོ་ཞེས་བསྟན་ཏོ། །གལ་ཏེ་མི་རྟག་པ་ལ་སོགས་པ་ལ་མི་རྟག་པ་ལ་སོགས་པར་ལྟ་བ་ནི་ཕྱིན་ཅི་མ་ལོག་པའི་ཕྱིར་ཕྱིན་ཅི་ལོག་ཉིད་ཡིན་པར་མི་རིགས་སོ་ཞེ་ན་ཞེས་བྱ་བ་ནི་ཕ་རོལ་པོ་དག་ན་རེ་འཁོར་བ་དང་རྗེས་སུ་མཐུན་པའི་ཕྱིན་ཅི་ལོག་བཞི་ནི་ཀུན་རྫོབ་
ཏུ་ཡང་ཕྱིན་ཅི་ལོག་ཉིད་ཡིན་པར་རིགས་ན་མྱ་ངན་ལས་འདས་པ་དང་རྗེས་སུ་མཐུན་པ་དག་ཇི་ལྟར་ཀུན་རྫོབ་ཏུ་ཕྱིན་ཅི་ལོག་ཉིད་ཡིན་པར་རིགས་ཞེས་ཟེར་བའི་ཚིག་ཡིན་ནོ། །དེའི་ལན་དུ་འགྲེལ་པ་བྱེད་པ་ཉིད་ཀྱིས། ཕྱིན་ཅི་ལོག་ཅེས་བྱ་བ་དེའི་དོན་ནི་གང་ཡིན་ཞེས་བརྟག་པ་སྨྲས་སོ། །དེའི་
ལན་དུ་ཕ་རོལ་པོ་དག་ན་རེ། གལ་ཏེ་མི་རྟག་པ་ལ་རྟག་གོ་ཞེས་ལོག་པར་ལྟ་བའི་དོན་ཏོ་ཞེ་ན་ཞེས་བྱ་བ་ནི་ཕ་རོལ་པོ