Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 101
Văn bản gốc(Tây Tạng)
Trang 16 / 23 (50.000 ký tự/trang)
་དག་ན་རེ་འཁོར་བ་དང་རྗེས་སུ་མཐུན་པའི་ཕྱིན་ཅི་ལོག་བཞི་པོ་དག་ཕྱིན་ཅི་ལོག་ཅེས་བྱ་བའི་དོན་ཡིན་ནོ་ཞེས་ཟེར་བའི་ཚིག་ཡིན་ནོ། །དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས། གལ་ཏེ་མི་རྟག་པ་ལ་རྟག་པ་ཞེས་བྱ་བ་ལ་སོགས་པར་འཛིན་ན་དེ་ལྟ་ན་དངོས་པོ་སྟོང་པ་ལ་རྟག་པ་ཡོད་པ་མ་ཡིན་པས། དེ་དག་ཀྱང་ཀུན་རྫོབ་ཏུ་འཁོར་བ་དང་རྗེས་སུ་མཐུན་པའི་ཕྱིན་ཅི་ལོག་ཉིད་ཡིན་པར་བསྟན་པའི་ཕྱིར། དེའི་ཕྱིར་བཤད་པ། གལ་ཏེ་མི་རྟག་རྟག་པ་ཞེས། །མི་རྟག་པ་རྟག་པ་ ཉིད་ཀྱིས་སྟོང་པ་ལ་རྟག་པ་ཞེས་སོ། །དེ་ལྟར་འཛིན་པ་ལོག་ཡིན་ན། །དེ་ལྟར་ཤེས་པ་ཕྱིན་ཅི་ལོག་གི་དོན་ལ་དམིགས་པའི་ཕྱིར་ཕྱིན་ཅི་ལོག་ཡིན་ནའོ་ཞེས་བྱ་བ་སྨྲས་ཏེ། དེས་ནི་ཕ་རོལ་པོ་དག་འདོད་པའི་གཞུང་བསྣན་པ་བསྟན་ཏོ། །ད་ནི་དབུ་མ་པ་ཉིད་ཀྱིས་དེ་ཀུན་རྫོབ་ཏུ་འཁོར་བ་ དང་རྗེས་སུ་མཐུན་པའི་ཕྱིན་ཅི་ལོག་ཉིད་ཡིན་པར་བསྟན་པའི་ཕྱིར་དེ་ལྟར་ན། སྟོང་ལ་རྟག་པ་ཡོད་མིན་པས། །འཛིན་པ་ཇི་ལྟར་ལོག་མིན་པས། །སྟོང་པ་ལ་རྟག་པ་ཉིད་ཀྱང་ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་སྟོང་པ་ལ་རྟག་པར་འཛིན་པ་ཇི་ལྟར་ཕྱིན་ཅི་ལོག་མ་ཡིན་ཏེ། དེ་ནི་ཕྱིན་ཅི་ལོག་ཉིད་ཡིན་ ནོ་ཞེས་བྱ་བའི་ཐ་ཚིག་གི་དོན་ཏེ། དཔེར་ན་གལ་ཏེ་ཁམས་གསུམ་པ་ལས་འདོད་ཆགས་དང་བྲལ་ན་ཇི་ལྟར་གྲོལ་བ་མ་ཡིན་ནོ་ཞེས་བྱ་བ་བཞིན་ནོ་ཞེས་བྱ་བ་སྨྲས་སོ། །ཇི་ལྟར་དོན་དམ་པར་སྟོང་པ་ལ་རྟག་པ་ཉིད་ཀྱང་ངོ་བོ་ཉིད་ཀྱིས་སྟོང་པར་འདོད་ཅེ་ན། སྔར་བསྟན་པའི་ཚུལ་གྱིས་མ་སྐྱེས་པའི་ཕྱིར་ དཔེར་ན་མྱ་ངན་ལས་འདས་པ་བཞིན་ནོ་ཞེས་བྱ་བས་ནི། སྟོང་ལ་རྟག་པ་ཡོད་མིན་པས། །འཛིན་པ་ཇི་ལྟར་ལོག་མ་ཡིན། །ཞེས་བྱ་བའི་འཐད་པ་བསྟན་ཏེ། རེ་ཞིག་དེ་དག་གིས་ནི་གལ་ཏེ་མི་རྟག་པ་ལ་རྟག་པ་ཞེས་བྱ་བ་ལ་སོགས་པར་འཛིན་ན་དེ་དག་ཀུན་རྫོབ་ཏུ་འཁོར་བ་དང་ རྗེས་སུ་མཐུན་པའི་ཕྱིན་ཅི་ལོག་ཉིད་ཡིན་པར་བསྟན་ཏེ། ད་ནི་གལ་ཏེ་མི་རྟག་པ་ལ་མི་རྟག་པ་ཞེས་བྱ་བ་ལ་སོགས་པར་འཛིན་ན་དེ་ལྟ་ན་དངོས་པོ་སྟོང་པ་ལ་མི་རྟག་པ་ཡོད་པ་མ་ཡིན་པས་དེ་དག་ཀྱང་ཀུན་རྫོབ་ཏུ་མྱ་ངན་ལས་འདས་པ་དང་རྗེས་སུ་མཐུན་པའི་ཕྱིན་ཅི་ལོག་ཉིད་ཡིན་པར་བསྟན་པའི་ཕྱིར། ཡང་ན། གལ་ཏེ་མི་རྟག་མི་རྟག་ཅེས། །མི་རྟག་པ་མི་རྟག་པ་ཉིད་ཀྱིས་སྟོང་པ་ལ་མི་རྟག་པ་ཞེས་སོ། །དེ་ལྟར་འཛིན་པ་ལོག་མིན་ན། །དེ་ལྟར་ཤེས་པ་ཕྱིན་ཅི་ལོག་གི་དོན་ལ་དམིགས་པ་མ་ཡིན་པའི་ཕྱིར་ཕྱིན་ཅི་ལོག་མ་ཡིན་ནའོ་ཞེས་བྱ་བ་སྨྲས་ཏེ། དེས་ཀྱང་ཕ་རོལ་པོ་དག་འདོད་པའི་གཞུང་ བསྣན་པ་བསྟན་ཏོ། །ད་ནི་དབུ་མ་པ་ཉིད་ཀྱིས་དེ་ཀུན་རྫོབ་ཏུ་མྱ་ངན་ལས་འདས་པ་དང་རྗེས་སུ་མཐུན་པའི་ཕྱིན་ཅི་ལོག་ཉིད་ཡིན་པར་བསྟན་པའི་ཕྱིར། དེ་ལྟ་ན། སྟོང་ལ་མི་རྟག་ཡོད་མིན་པས། །འཛིན་པ་ཇི་ལྟར་ལོག་མ་ཡིན། །སྟོང་པ་ལ་མི་རྟག་པ་ཉིད་ཀྱང་ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་སྟོང་པ་ལ་མི་ རྟག་པར་འཛིན་པ་ཡང་ཇི་ལྟར་ཕྱིན་ཅི་ལོག་མ་ཡིན་ཏེ། དེ་ཡང་ཕྱིན་ཅི་ལོག་ཉིད་ཡིན་ནོ་ཞེས་བྱ་བའི་ཚིག་གི་དོན་ཏེ། དེའི་ཆོས་ནི་རྣམ་པར་རྟོག་པ་ཉིད་ཡིན་པའི་ཕྱིར་དཔེར་ན་རྟག་པར་འཛིན་པ་བཞིན་ནོ་ཞེས་བྱ་བའི་ཐ་ཚིག་གོ་ཞེས་བྱ་བ་སྨྲས་སོ། །དེ་ལྟར་ན་འདིར་གླགས་ཡོད་པའི་ཚིག་ཡིན་པའི་ཕྱིར་ཕ་རོལ་ པོའི་དམ་བཅས་པའི་དོན་ལས་བཟློག་པའི་ཚིག་གི་དོན་མངོན་ཏེ། དཔེར་ན་གལ་ཏེ་བུམ་པ་བྱས་པ་མི་རྟག་ན་སྒྲ་བྱས་པ་ཡང་ཅིའི་ཕྱིར་མི་རྟག་པར་མི་འགྱུར་ཞེས་བྱ་བ་བཞིན་ནོ་ཞེས་བྱ་བས་ནི། སྟོང་ལ་མི་རྟག་ཡོད་མིན་པས། །འཛིན་པ་ཇི་ལྟར་ལོག་མ་ཡིན། །ཞེས་བྱ་བའི་འཐད་པ་བསྟན་ཏོ། ། ད་ནི་མི་རྟག་པ་ལ་མི་རྟག་གོ་ཞེས་བྱ་བ་ལ་སོགས་པར་འཛིན་པ་དེ་དག་རྣམ་པར་རྟོག་པ་ཉིད་ཡིན་པའི་ཕྱིར་མྱ་ངན་ལས་འདས་པ་དང་རྗེས་སུ་མཐུན་པའི་ཕྱིན་ཅི་ལོག་ཉིད་ཡིན་པའི་རྗེས་སུ་དཔག་པ་བསྟན་པའི་ཕྱིར། འདིར་སྦྱོར་བའི་ཚིག་ནི་དོན་དམ་པར་གཟུགས་མི་རྟག་གོ་ཞེས་བྱ་བར་ཤེས་པ་དེ་ནི་ ཕྱིན་ཅི་ལོག་ཡིན་ཏེ། རྣམ་པར་རྟོག་པ་ཉིད་ཡིན་པའི་ཕྱིར་དཔེར་ན་གཟུགས་རྟག་གོ་ཞེས་བྱ་བར་ཤེས་པ་བཞིན་ནོ་ཞེས་བྱ་བ་སྨྲས་ཏེ། དེ་དག་ནི་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་གཟུགས་མི་རྟག་པ་ལ་རྟག་གོ་ ཞེས་བྱ་བར་ཤེས་པ་དེ་རྣམ་པར་རྟོག་པ་ཉིད་ཡིན་པའི་ཕྱིར་འཁོར་བ་དང་རྗེས་སུ་མཐུན་པའི་ཕྱིན་ཅི་ལོག་ཡིན་པ་དེ་བཞིན་དུ་གཟུགས་མི་རྟག་པ་ལ་མི་རྟག་གོ་ཞེས་བྱ་བར་ཤེས་པ་དེ་ཡང་རྣམ་པར་རྟོག་པ་ཉིད་ཡིན་པའི་ཕྱིར་མྱ་ངན་ལས་འདས་པ་དང་རྗེས་སུ་མཐུན་པའི་ཕྱིན་ཅི་ལོག་ཉིད་ཡིན་ནོ། །གལ་ཏེ་ འདུ་བྱེད་རྣམས་སྟོང་ངོ་ཞེས་བྱ་བར་ཤེས་པ་རྣམ་པར་རྟོག་པ་དང་བཅས་པ་དག་གིས་མ་ངེས་པ་ཉིད་དོ་ཞེ་ན་ཞེས་བྱ་བ་ནི་ཕ་རོལ་པོ་དག་དབུ་མ་པའི་གཏན་ཚིགས་རྣམ་པར་རྟོག་པ་ཉིད་ཡིན་པའི་ཕྱིར་ཞེས་བྱ་བ་དེ་མ་ངེས་པ་ཉིད་དོ་ཞེས་ཟེར་བའི་ཚིག་ཡིན་ཏེ། འདི་ན་འདུ་བྱེད་རྣམས་སྟོང་ངོ་ཞེས་བྱ་བར་ཤེས་པ་རྣམ་ པར་རྟོག་པ་དང་བཅས་པ་དག་རྣམ་པར་རྟོག་པ་ཉིད་ཡིན་ཡང་ཕྱིན་ཅི་ལོག་མ་ཡིན་པར་མཐོང་བས་དེས་ན་ཅི་རེ་ཞིག་རྣམ་པར་རྟོག་པ་ཉིད་ཡིན་པའི་ཕྱིར། དཔེར་ན་གཟུགས་རྟག་གོ་ཞེས་བྱ་བར་ཤེས་པ་བཞིན་གཟུགས་མི་རྟག་གོ་ཞེས་བྱ་བར་ཤེས་པ་དེ་ཕྱིན་ཅི་ལོག་ཡིན་པར་འགྱུར་རམ། འོན་ཏེ་རྣམ་པར་ རྟོག་པ་ཉིད་ཡིན་པའི་ཕྱིར་དཔེར་ན་འདུ་བྱེད་རྣམས་སྟོང་ངོ་ཞེས་བྱ་བར་ཤེས་པ་རྣམ་པར་རྟོག་པ་དང་བཅས་པ་དག་བཞིན་དུ་གཟུགས་མི་རྟག་གོ་ཞེས་བྱ་བར་ཤེས་པ་དེ་ཕྱིན་ཅི་ལོག་མ་ཡིན་པར་འགྱུར་བ་མ་ངེས་པ་ཉིད་དོ་ཞེས་ཟེར་རོ། །དེའི་ལན་དུ་འགྲེལ་པ་བྱེད་པ་ཉིད་ཀྱིས། དེ་ཡང་ཕྱིན་ཅི་ལོག་ཡིན་ པའི་ཕྱིར་སྐྱོན་མེད་དོ་ཞེས་བྱ་བ་སྨྲས་ཏེ། འདུ་བྱེད་རྣམས་སྟོང་ངོ་ཞེས་བྱ་བར་ཤེས་པ་རྣམ་པར་རྟོག་པ་དང་བཅས་པ་དེ་ཡང་ཀུན་རྫོབ་ཏུ་མྱ་ངན་ལས་འདས་པ་དང་རྗེས་སུ་མཐུན་པའི་ཕྱིན་ཅི་ལོག་ཡིན་པའི་ཕྱིར་མི་མཐུན་པའི་ཕྱོགས་མེད་པས་ཁོ་བོའི་གཏན་ཚིགས་མ་ངེས་པ་ཉིད་ཀྱི་སྐྱོན་མེད་ དོ། །གལ་ཏེ་དེ་ལྟ་ན་སྟོང་པ་ཉིད་ཀྱི་ཡེ་ཤེས་ཀྱང་ཐར་པ་ཐོབ་པར་བྱེད་པ་མ་ཡིན་ཏེ་ཕྱིན་ཅི་ལོག་ཡིན་པའི་ཕྱིར། དཔེར་ན་ནང་གི་སྐྱེ་མཆེད་རྣམས་ཀྱི་ཡུལ་ལ་བདེ་བ་ལ་སོགས་པར་ཤེས་པ་བཞིན་ནོ་ཞེ་ན་ཞེས་བྱ་བ་ནི། ཕ་རོལ་པོ་དག་ན་རེ། གལ་ཏེ་དེ་ལྟར་གཟུགས་མི་རྟག་གོ་ཞེས་བྱ་བར་ ཤེས་པ་དང་། འདུ་བྱེད་རྣམས་སྟོང་ངོ་ཞེས་བྱ་བར་ཤེས་པ་རྣམ་པར་རྟོག་པ་དང་བཅས་པ་དེ་དག་ཕྱིན་ཅི་ལོག་ཡིན་ན་དེ་ལྟར་ན་རྣལ་འབྱོར་པ་རྣམས་ཀྱི་སྟོང་པ་ཉིད་ཀྱི་དཔེ་ཤེས་ཀྱང་ཕྱིན་ཅི་ལོག་ཡིན་པའི་ཕྱིར་ཐར་པ་ཐོབ་པར་བྱེད་པ་མ་ཡིན་པའི་སྐྱོན་དུ་འགྱུར་རོ་ཞེས་ཟེར་ བའི་ཚིག་ཡིན་ཏེ། དེ་དག་ཀྱང་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་ནང་གི་སྐྱེ་མཆེད་རྣམས་ཀྱི་ཡུལ་གཟུགས་ལ་སོགས་པ་ལ་བདེ་བ་ལ་སོགས་པར་ཤེས་པ་ནི་ཕྱིན་ཅི་ལོག་ཡིན་པའི་ཕྱིར་ཐར་པ་ཐོབ་ པར་བྱེད་པ་མ་ཡིན་པ་དེ་བཞིན་དུ་རྣལ་འབྱོར་པ་རྣམས་ཀྱི་སྟོང་པ་ཉིད་ཀྱི་ཡེ་ཤེས་ཀྱང་ཕྱིན་ཅི་ལོག་ཡིན་པའི་ཕྱིར་ཐར་པ་ཐོབ་པར་བྱེད་པ་མ་ཡིན་པའི་སྐྱོན་དུ་འགྱུར་རོ་ཞེས་ཟེར་རོ། །དེའི་ལན་དུ་འགྲེལ་པ་བྱེད་པ་ཉིད་ཀྱིས། འདིར་དམ་བཅས་པ་དེའི་དོན་གང་ཡིན་ཞེས་བྱ་བས་ཐར་པ་ཐོབ་པར་བྱེད་པ་མ་ཡིན་ ཏེ་ཞེས་དམ་བཅས་པ་དེའི་དོན་གང་ཡིན་ཞེས་བརྟག་པ་སྨྲས་སོ། །གལ་ཏེ་མིག་སྟོང་པར་ཤེས་པ་ཐར་པ་ཐོབ་པར་བྱེད་པ་མ་ཡིན་ནོ་ཞེ་ན་ནི་གྲུབ་པ་ལ་སྒྲུབ་པ་ཡིན་ཏེ། ཐར་པ་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་འཐོབ་པ་ཡིན་པའི་ཕྱིར་རོ་ཞེས་བྱ་བས་ནི་གལ་ཏེ་ཕ་རོལ་པོ་དག་གི་དམ་བཅས་ པ་དེའི་དོན་རྣལ་འབྱོར་པ་རྣམས་ཀྱི་ཐོས་པ་དང་བསམས་པ་ལས་བྱུང་བའི་ཤེས་པ་རྣམ་པར་རྟོག་པ་དང་བཅས་པས་མིག་ལ་སོགས་པ་སྟོང་པར་ཤེས་པ་དེ་ཐར་པ་ཐོབ་པར་བྱེད་པ་མ་ཡིན་ནོ་ཞེ་ན་ནི། གྲུབ་པ་ལ་སྒྲུབ་པ་ཡིན་ཏེ། འདི་ལྟར་ཁོ་བོ་ཅག་གི་ཕྱོགས་ལ་ཡང་ཐར་པ་ནི་རྣམ་པར་མི་ རྟོག་པའི་ཡེ་ཤེས་ཀྱིས་འཐོབ་པ་ཡིན་པའི་ཕྱིར། མིག་སྟོང་པར་ཤེས་པ་དེ་ནི་ཕྱིན་ཅི་ལོག་ཡིན་པའི་ཕྱིར་ཐར་པ་ཐོབ་པར་བྱེད་པ་མ་ཡིན་པར་གྲུབ་པའི་ཕྱིར་རོ་ཞེས་བསྟན་ཏོ། །ཅི་སྟེ་རྣམ་པར་མི་རྟོག་པའོ་ཞེ་ན་ནི་དེའི་ཕྱིན་ཅི་ལོག་གི་ཤེས་པ་ཉིད་ཡིན་པར་མ་གྲུབ་པའི་ཕྱིར་གཏན་ཚིགས་ཀྱི་དོན་མ་ གྲུབ་པ་ཉིད་དོ་ཞེས་བྱ་བས་ནི། གལ་ཏེ་ཕ་རོལ་པོ་དག་གི་དམ་བཅས་པ་དེའི་དོན་རྣལ་འབྱོར་པ་རྣམས་ཀྱི་བསྒོམས་པ་ལས་བྱུང་བའི་ཤེས་པ་རྣམ་པར་མི་རྟོག་པ་དེ་ཐར་པ་ཐོབ་པར་བྱེད་པ་མ་ཡིན་ནོ་ཞེ་ན་ནི། ཕ་རོལ་པོ་དག་གི་གཏན་ཚིགས་ཕྱིན་ཅི་ལོག་ཡིན་པའི་ཕྱིར་ཞེས་བྱ་བ་དེའི་དོན་མ་གྲུབ་པ་ ཉིད་དེ། རྣལ་འབྱོར་པ་རྣམས་ཀྱི་བསྒོམས་པ་ལས་བྱུང་བའི་ཤེས་པ་རྣམ་པར་མི་རྟོག་པ་དེ་ཕྱིན་ཅི་ལོག་གི་ཤེས་པ་ཉིད་ཡིན་པར་མ་གྲུབ་པའི་ཕྱིར་རོ་ཞེས་བསྟན་ཏོ། །གལ་ཏེ་སྟོང་པ་ཉིད་ཀྱི་ཡེ་ཤེས་རྣམ་པར་མི་རྟོག་པ་ཡང་ཐར་པ་ཐོབ་པར་བྱེད་པ་མ་ཡིན་ཏེ། རྣམ་པར་མི་རྟོག་པའི་ཕྱིར་དཔེར་ན་བྱིས་པའི་ མིག་གི་རྣམ་པར་ཤེས་པ་བཞིན་ནོ་ཞེ་ན་ཞེས་བྱ་བ་ནི་ཕ་རོལ་པོ་དག་རྣལ་འབྱོར་པ་རྣམས་ཀྱི་བསྒོམས་པ་ལས་བྱུང་བའི་ཤེས་པ་རྣམ་པར་མི་རྟོག་པ་དེ་ཡང་རྣམ་པར་མི་རྟོག་པའི་ཕྱིར་སོ་སོའི་སྐྱེ་བོ་རྣམས་ཀྱི་མིག་གི་རྣམ་པར་ཤེས་པ་བཞིན་པས་ཐར་པ་ཐོབ་པར་བྱེད་པ་མ་ཡིན་ནོ་ཞེས་སྐྱོན་འདོགས་པའི་ཚིག་ ཡིན་ཏེ། དེ་དག་ཀྱང་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་བྱིས་པའི་མིག་གི་རྣམ་པར་ཤེས་པ་ནི་རྣམ་པར་མི་རྟོག་པའི་ཕྱིར་ཐར་པ་ཐོབ་པར་བྱེད་པ་མ་ཡིན་པ་དེ་བཞིན་དུ་རྣལ་འབྱོར་པ་རྣམས་ཀྱི་བསྒོམས་པ་ལས་ བྱུང་བ་སྟོང་པ་ཉིད་ཀྱི་ཡེ་ཤེས་རྣམ་པར་མི་རྟོག་པ་ཡང་རྣམ་པར་མི་རྟོག་པའི་ཕྱིར་ཐར་པ་ཐོབ་པར་བྱེད་པ་མ་ཡིན་ནོ་ཞེས་ཟེར་རོ། །དེའི་ལན་དུ་འགྲེལ་པ་བྱེད་པ་ཉིད་ཀྱིས། རང་ལ་གཏན་ཚིགས་ཀྱི་དོན་མ་ངེས་པ་ཉིད་དོ། །འགོག་པ་ཤེས་པ་བསྒོམས་པ་ལས་བྱུང་བ་དག་གིས་མ་ངེས་པ་ཉིད་ཡིན་པའི་ ཕྱིར་རོ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། འདི་ན་ཁྱེད་ཀྱི་འགོག་པ་ཤེས་པ་བསྒོམས་པ་ལས་བྱུང་བ་དག་རྣམ་པར་མི་རྟོག་པ་ཡང་ཡིན་ལ། ཐར་པ་ཐོབ་པར་བྱེད་པ་ཡང་ཡིན་པར་མཐོང་བས་དེས་ནི་ཅི་རེ་ཞིག་རྣམ་པར་མི་རྟོག་པའི་ཕྱིར། དཔེར་ན་བྱིས་པའི་མིག་གི་རྣམ་པར་ཤེས་པ་བཞིན་ དུ་རྣལ་འབྱོར་པ་རྣམས་ཀྱིས་བསྒོམས་པ་ལས་བྱུང་བ་སྟོང་པ་ཉིད་ཀྱི་ཡེ་ཤེས་རྣམ་པར་མི་རྟོག་པ་དེ་ཐར་པ་ཐོབ་པར་བྱེད་པ་མ་ཡིན་པར་འགྱུར་རམ། འོན་ཏེ་རྣམ་པར་མི་རྟོག་པའི་ཕྱིར་དཔེར་ན་ཁྱེད་ཀྱི་འགོག་པ་ཤེས་པ་བསྒོམས་པ་ལས་བྱུང་བ་དག་བཞིན་དུ་རྣལ་འབྱོར་པ་རྣམས་ཀྱི་བསྒོམས་པ་ ལས་བྱུང་བ་སྟོང་པ་ཉིད་ཀྱི་ཡེ་ཤེས་རྣམ་པར་མི་རྟོག་པ་དེ་ཐར་པ་ཐོབ་པར་བྱེད་པ་ཡིན་པ་མ་ངེས་པས་ཁྱེད་ཀྱི་གཏན་ཚིགས་རྣམ་པར་མི་རྟོག་པའི་ཕྱིར་ཞེས་བྱ་བ་དེའི་དོན་རང་ལ་མ་ངེས་པ་ཉིད་ཡིན་པས་མི་རུང་ངོ་། །རང་ལ་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་ཀྱང་ཡིན་ཏེ། སྟོང་པ་ཉིད་ ཀྱི་ཡེ་ཤེས་ཀྱང་ངོ་བོ་ཉིད་རྣམ་པར་རྟོག་པས་རྣམ་པར་རྟོག་པ་ཡིན་པའི་ཕྱིར་རོ་ཞེས་བྱ་བས་ནི་ཕ་རོལ་པོ་དག་གི་གཏན་ཚིགས་རྣམ་པར་མི་རྟོག་པའི་ཕྱིར་ཞེས་བྱ་བ་དེའི་དོན་རང་ལ་མ་གྲུབ་པ་ཉིད་དུ་སྟོན་ཏེ། འདི་ལྟར་རྣལ་འབྱོར་པ་རྣམས་ཀྱི་བསྒོམས་པ་ལས་བྱུང་བ་སྟོང་ པ་ཉིད་ཀྱི་ཡེ་ཤེས་ཀྱང་ཤེས་པའི་ངོ་བོ་ཉིད་ཀྱིས་རྣམ་པར་རྟོག་པ་ཡིན་པའི་ཕྱིར་སེམས་པ་མེད་པ་དག་ལྟར་རྣམ་པར་མི་རྟོག་པ་ཉིད་དུ་ཁྱེད་རང་ལ་མ་གྲུབ་པའི་ཕྱིར་རོ། །རྗེས་སུ་དཔག་པས་ཀྱང་མི་གནོད་དེ། རང་ལ་དཔེ་མེད་པ་ཉིད་ཀྱི་ཕྱིར་རོ་ཞེས་བྱ་བས་ནི་ཕ་རོལ་པོ་དག་གི་རྗེས་སུ་དཔག་པ་སྟོང་ པ་ཉིད་ཀྱི་ཡེ་ཤེས་རྣམ་པར་མི་རྟོག་པ་ཡང་ཐར་པ་ཐོབ་པར་བྱེད་པ་མ་ཡིན་ཏེ། རྣམ་པར་མི་རྟོག་པའི་ཕྱིར། དཔེར་ན་བྱིས་པའི་མིག་གི་རྣམ་པར་ཤེས་པ་བཞིན་ནོ་ཞེས་བྱ་བ་དེས་ཀྱང་དབུ་མ་པ་ལ་མི་གནོད་དེ། འདི་ལྟར་ཕ་རོལ་པོ་དག་གི་དཔེ་བྱིས་པའི་མིག་གི་རྣམ་པར་ཤེས་པ་བཞིན་ནོ་ཞེས་བྱ་ བ་དེ་ཡང་ཤེས་པའི་ངོ་བོ་ཉིད་ཀྱི་རྣམ་པར་རྟོག་པ་ཡིན་པའི་ཕྱིར། ཕ་རོལ་པོ་དག་རང་ལ་རྣམ་པར་མི་རྟོག་པ་ཉིད་དུ་མ་གྲུབ་པས་དཔེ་མེད་པ་ཉིད་ཀྱི་ཕྱིར་རོ་ཞེས་བསྟན་ཏོ། །གཞན་ཡང་ཐར་པ་ཐོབ་པར་བྱེད་པ་མ་ཡིན་ཏེ་ཞེས་བྱ་བ་དེའི་དོན་གང་ཡིན་ཞེས་བྱ་བས་ནི་སྔར་ཕ་རོལ་པོ་དག་གི་སྟོང་པ་ ཉིད་ཀྱི་ཡེ་ཤེས་རྣམ་པར་མི་རྟོག་པ་ཡང་ཐར་པ་ཐོབ་པར་བྱེད་པ་མ་ཡིན་ཏེ་ཞེས་དམ་བཅས་པ་དེའི་དོན་གང་ཡིན་ཞེས་གལ་ཏེ་གཉིས་སུ་བརྟག་པ་སྟོན་ཏོ། །གལ་ཏེ་ཐར་པ་མི་བྱེད་པའོ་ཞེ་ན་ནི་གྲུབ་པ་ལ་སྒྲུབ་པ་ཡིན་ཏེ། ཐར་པ་ནི་མ་བྱས་པའི་ཕྱིར་རོ་ཞེས་བྱ་བས་ནི་གལ་ཏེ་ཕ་རོལ་པོ་དག་གི་དམ་ བཅས་པ་དེའི་དོན་སྟོང་པ་ཉིད་ཀྱི་ཡེ་ཤེས་རྣམ་པར་མི་རྟོག་པ་དེས་ཐར་པ་མི་བྱེད་པའི་ཕྱིར་ཐར་པ་ཐོབ་པར་བྱེད་པ་མ་ཡིན་ནོ་ཞེས་བྱ་བ་ཡིན་ན་ནི་གྲུབ་པ་ལ་སྒྲུབ་པ་ཡིན་ཏེ། འདི་ལྟར་ཐར་པ་ནི་བྱས་པ་མ་ཡིན་པར་ཁོ་བོ་ཅག་གི་ཕྱོགས་ལ་ཡང་གྲུབ་པའི་ཕྱིར་རོ། །གལ་ཏེ་དོན་ཇི་ལྟ་བ་བཞིན་དུ་ཤེས་ པ་མ་ཡིན་ནོ་ཞེ་ན་ནི་རང་ལ་མ་ངེས་པ་ཉིད་དེ། མངོན་སུམ་གྱི་བློ་དག་གིས་མ་ངེས་པའི་ཕྱིར་རོ་ཞེས་བྱ་བས་ནི་གལ་ཏེ་ཕ་རོལ་པོ་དག་གི་དམ་བཅས་པ་དེའི་དོན་སྟོང་པ་ཉིད་ཀྱི་ཡེ་ཤེས་རྣམ་པར་མི་རྟོག་པ་དེས་དོན་མི་རྟག་པ་ལ་མི་རྟག་པ་ཇི་ལྟ་བ་བཞིན་དུ་ཤེས་པ་མ་ཡིན་པས་དེ་ཐར་པ་ཐོབ་པར་བྱེད་པ་མ་ ཡིན་ནོ་ཞེ་ན་ནི། ཕ་རོལ་པོ་དག་གི་གཏན་ཚིགས་རྣམ་པར་མི་རྟོག་པའི་ཕྱིར་ཞེས་བྱ་བ་དེའི་དོན་རང་ལ་མ་ངེས་པ་ཉིད་དེ། འདི་ན་མངོན་སུམ་གྱི་བློ་དག་རྣམ་པར་མི་རྟོག་པ་ཡིན་ཡང་གཟུགས་ལ་སོགས་པའི་དོན་ཇི་ལྟ་བ་བཞིན་དུ་ཤེས་པ་ཡིན་པར་མཐོང་བས་དེས་ན་ཇི་རེ་ཞིག་རྣམ་པར་མི་རྟོག་པའི་ ཕྱིར་དཔེར་ན་བྱིས་པའི་མིག་གི་རྣམ་པར་ཤེས་པ་བཞིན་དུ་སྟོང་པ་ཉིད་ཀྱི་ཡེ་ཤེས་རྣམ་པར་མི་རྟོག་པ་དེ་ཡང་མི་རྟག་པ་ལ་མི་རྟག་པར་དོན་ཇི་ལྟ་བ་བཞིན་དུ་ཤེས་པ་མ་ཡིན་པར་འགྱུར་རམ། འོན་ཏེ་རྣམ་པར་མི་རྟོག་པའི་ཕྱིར་དཔེར་ན་མངོན་སུམ་གྱི་བློ་དག་གི་གཟུགས་ལ་སོགས་པ་དོན་ཇི་ལྟ་བ་བཞིན་ དུ་ཤེས་པ་བཞིན་དུ་སྟོང་པ་ཉིད་ཀྱི་ཡེ་ཤེས་རྣམ་པར་མི་རྟོག་པ་དེས་ཀྱང་མི་རྟག་པ་ལ་མི་རྟག་པར་དོན་ཇི་ལྟ་བ་བཞིན་དུ་ཤེས་པ་ཡིན་པར་འགྱུར་བ་མ་ངེས་པས་ཕ་རོལ་པོ་དག་གི་གཏན་ཚིགས་རྣམ་པར་མི་རྟོག་པའི་ཕྱིར་ཞེས་བྱ་བ་དེའི་དོན་རང་ལ་མ་གྲུབ་པ་ཉིད་ཡིན་པས་མི་རུང་ངོ་། །རེ་ཞིག་དེ་དག་གིས་ ནི་སྟོང་པ་ཉིད་ཀྱི་ཡེ་ཤེས་ཐར་པ་ཐོབ་པར་བྱེད་པ་མ་ཡིན་ནོ་ཞེས་ཟེར་བའི་ལན་གདབ་པ་བསྟན་ཏོ། །ད་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱང་ཕྱིན་ཅི་ལོག་གི་ཤེས་པ་ཡིན་ནོ་ཞེས་ཟེར་བའི་ལན་གདབ་པ་བསྟན་པའི་ཕྱིར། འདིས་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱང་ཕྱིན་ཅི་ལོག་གི་ཤེས་པ་ཡིན་ཏེ། རྣམ་པར་མི་རྟོག་པའི་ཕྱིར་མིག་གི་རྣམ་པར་ཤེས་པ་བཞིན་ནོ་ཞེས་ཟེར་བ་དག་ལ་ཡང་ལན་གདབ་པར་རིག་པར་བྱའོ་ཞེས་བྱ་བ་སྨྲས་ཏེ། གཞན་ཡང་ཐར་པ་ཐོབ་པར་བྱེད་པ་མ་ཡིན་ནོ་ཞེས་བྱ་བ་དེའི་དོན་གང་ཡིན། གལ་ཏེ་ཐར་པ་མི་བྱེད་པའོ་ཞེ་ན་ནི་གྲུབ་པ་ལ་སྒྲུབ་པ་ཡིན་ཏེ། ཐར་པ་ནི་བྱས་ པ་མ་ཡིན་པའི་ཕྱིར་རོ། །གལ་ཏེ་དོན་ཇི་ལྟ་བ་བཞིན་དུ་ཤེས་པ་མ་ཡིན་ནོ་ཞེ་ན་ནི་རང་ལ་མ་ངེས་པ་ཉིད་ཡིན་ཏེ། མངོན་སུམ་གྱི་བློ་དག་གིས་མ་ངེས་པའི་ཕྱིར་རོ་ཞེས་བྱ་བའི་གལ་འདིས་ནི་ཕ་རོལ་པོ་གང་དག་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱང་ཕྱིན་ཅི་ལོག་གི་ཤེས་པ་ཡིན་ཏེ། རྣམ་པར་མི་རྟོག་ པའི་ཕྱིར་མིག་གི་རྣམ་པར་ཤེས་པ་བཞིན་ནོ་ཞེས་ཟེར་བ་དེ་དག་ལ་ཡང་ལན་གདབ་པར་རིག་པར་བྱའོ། །འདི་སྐད་བསྟན་ཏེ། ཕྱིན་ཅི་ལོག་གི་ཤེས་པ་ཡིན་ཏེ་ཞེས་བྱ་བ་དེའི་དོན་གང་ཡིན། གལ་ཏེ་ཐར་པ་མི་བྱེད་པའོ་ཞེ་ན་ནི་གྲུབ་པ་ལ་སྒྲུབ་པ་ཡིན་ཏེ། ཐར་པ་ནི་བྱས་པ་མ་ཡིན་པའི་ཕྱིར་རོ། ། གལ་ཏེ་དོན་ཇི་ལྟ་བ་བཞིན་དུ་ཤེས་པ་མ་ཡིན་ནོ་ཞེ་ན་ནི་རང་ལ་མ་ངེས་པ་ཉིད། མངོན་སུམ་གྱི་བློ་དག་གིས་མ་ངེས་པའི་ཕྱིར་རོ་ཞེས་བྱ་བར་སྦྱར་རོ། །ཅི་སྟེ་མངོན་སུམ་གྱི་ཤེས་པ་རྣམ་པར་རྟོག་པ་དང་བཅས་པས་སྨྲ་བ་དག་འདི་སྐད་ཅེས་མངོན་སུམ་གྱི་ཤེས་ པ་ནི་རྣམ་པར་རྟོག་པ་དང་བཅས་པ་ཡིན་ཏེ། ཤེས་པ་ཡིན་པའི་ཕྱིར་དང་ཚད་མ་ཡིན་པའི་ཕྱིར་དཔེར་ན་རྗེས་སུ་དཔག་པའི་ཤེས་པ་བཞིན་ནོ་ཞེ་ན་ཞེས་བྱ་བས་ནི་མངོན་སུམ་གྱི་ཤེས་པ་རྣམ་པར་རྟོག་པ་དང་བཅས་པར་སྨྲ་བ་དག་མངོན་སུམ་གྱི་ཤེས་པ་ཡང་ཤེས་པ་ཡིན་པ་དང་། ཚད་མ་ཡིན་པའི་གཏན་ཚིགས་ཀྱིས་རྗེས་སུ་དཔག་པའི་ཤེས་པ་བཞིན་དུ་རྣམ་པར་རྟོག་པ་དང་བཅས་པར་སྒྲུབ་པའི་ཚིག་ཡིན་ནོ། །དེ་དགག་པའི་ཕྱིར། དེ་དག་ལ་ཡང་འདི་སྐད་ཅེས་ལྷས་བྱིན་གྱི་མངོན་སུམ་གྱི་བློ་ནི་རྣམ་པར་རྟོག་པ་མེད་པ་ཡིན་ཏེ། མངོན་སུམ་གྱི་གཟུགས་ཀྱི་ ཡུལ་ཅན་ཡིན་པའི་ཕྱིར་དང་མིག་ལ་བརྟེན་པའི་ཕྱིར། དཔེར་ན་བྱིས་པའི་མིག་གི་རྣམ་པར་ཤེས་པ་བཞིན་ནོ་ཞེས་བརྗོད་པར་བྱའོ་ཞེས་བྱ་བ་སྨྲས་ཏེ། དཔེར་ན་བྱིས་པའི་མིག་གི་རྣམ་པར་ཤེས་པ་ནི་མངོན་སུམ་གྱི་གཟུགས་ཀྱི་ཡུལ་ཅན་ཡིན་པའི་ཕྱིར་དང་། མིག་ལ་བརྟེན་ པའི་ཕྱིར་རྣམ་པར་རྟོག་པ་མེད་པ་བཞིན་དུ་ལྷས་བྱིན་གྱི་མངོན་སུམ་གྱི་བློ་ཡང་དེ་བཞིན་ནོ། །དེའི་ཕྱིར་ཐ་སྙད་དུ་ནི་ཤེས་པ་དེ་དག་གིས་མ་ངེས་པ་ཉིད་ཡིན་ལ། དོན་དམ་པར་ནི་དཔེ་མེད་དེ་རྗེས་སུ་དཔག་པ་ལ་སོགས་པ་ཤེས་པ་དག་ཀྱང་རབ་ཏུ་དབེན་པ་དང་རོ་གཅིག་པས་མཚན་ཉིད་ གཅིག་པའི་ཕྱིར་རོ་ཞེས་བྱ་བས་ནི་ཕ་རོལ་པོ་དག་གི་གཏན་ཚིགས་ཤེས་པ་ཡིན་པའི་ཕྱིར་དང་ཚད་མ་ཡིན་པའི་ཕྱིར་ཞེས་བྱ་བ་དེ་དག་ཐ་སྙད་དུ་བྱིས་པའི་མིག་གི་རྣམ་པར་ཤེས་པ་བཞིན་ནོ་ཞེས་བྱ་བ་དེ་དག་གིས་མ་ངེས་པ་ཉིད་ཡིན་ལ། དོན་དམ་པར་ནི་ཕ་རོལ་པོ་དག་གི་དཔེ་རྗེས་སུ་དཔག་ པའི་ཤེས་པ་བཞིན་ནོ་ཞེས་བྱ་བ་དེ་མ་གྲུབ་པོ་ཞེས་མཇུག་བསྡུ་བ་བསྟན་ཏོ། །ཞར་ལ་བཤད་པས་ཆོག་གི་སྐབས་ཉིད་ཀྱི་དབང་དུ་བྱའོ་ཞེས་བྱ་བས་ནི་ཀུན་རྫོབ་ཏུ་ཇི་ལྟར་འཁོར་བ་དང་རྗེས་སུ་མཐུན་པའི་ཕྱིན་ཅི་ལོག་བཞི་པོ་དག་ཕྱིན་ཅི་ལོག་ཉིད་ཡིན་པ་དེ་བཞིན་དུ་མྱ་ངན་ལས་འདས་པ་ དང་རྗེས་སུ་མཐུན་པའི་ཕྱིན་ཅི་ལོག་བཞི་པོ་དག་ཀྱང་ཕྱིན་ཅི་ལོག་ཉིད་ཡིན་པར་སྒྲུབ་པ་ཞར་ལ་བཤད་པས་ཆོག་གི །དེ་ནི་ཇི་ལྟར་མི་རྟག་པ་ལ་རྟག་པ་དང་མི་རྟག་པ་ལ་འཛིན་པ་འཁོར་བ་དང་མྱ་ངན་ལས་འདས་པ་དང་རྗེས་སུ་མཐུན་པའི་ཕྱིན་ཅི་ལོག་ཡིན་པ་དེ་བཞིན་དུ་བདག་དང་། བདེ་ བ་དང་སྡུག་པ་དག་ལ་ཡང་དེ་དང་འདྲ་བར་བསྟན་པའི་སྐབས་ཉིད་ཀྱི་དབང་དུ་བྱའོ། །དེ་ཉིད་བསྟན་པའི་ཕྱིར། ཇི་ལྟར་མི་རྟག་པ་ལ་རྟག་པ་དང་མི་རྟག་པར་འཛིན་པ་ཕྱིན་ཅི་ལོག་ཡིན་པ་དེ་བཞིན་དུ་བདག་དང་བདེ་བ་དང་སྡུག་པ་དག་ལ། བདག་དང་བདེ་བ་དང་སྡུག་པ་དང་བདག་ མེད་པ་དང་སྡུག་བསྔལ་བ་དང་། མི་སྡུག་པར་འཛིན་པ་དག་ཀྱང་ཕྱིན་ཅི་ལོག་ཡིན་པར་བརྗོད་པར་བྱའོ་ཞེས་བྱ་བ་སྨྲས་ཏེ། སྔར། གལ་ཏེ་མི་རྟག་རྟག་པ་ཞེས། །དེ་ལྟར་འཛིན་པ་ལོག་ཡིན་ན། །སྟོང་ལ་མི་རྟག་ཡོད་མིན་པས། །འཛིན་པ་ཇི་ལྟར་ལོག་མ་ཡིན། །གལ་ཏེ་མི་ རྟག་མི་རྟག་ཅེས། །དེ་ལྟར་འཛིན་པ་ལོག་མིན་ན། །སྟོང་ལ་མི་རྟག་ཡོད་མིན་པས། །འཛིན་པ་ཇི་ལྟར་ལོག་མ་ཡིན། །ཞེས་བྱ་བས་མི་རྟག་པ་ལ་རྟག་པར་འཛིན་པ་ནི་འཁོར་བ་དང་རྗེས་སུ་མཐུན་པ་ཕྱིན་ཅི་ལོག་ཡིན་ལ། མི་རྟག་པ་ལ་མི་རྟག་པར་འཛིན་པ་ནི་མྱ་ངན་ལས་འདས་པ་ དང་རྗེས་སུ་མཐུན་པའི་ཕྱིན་ཅི་ལོག་ཡིན་པར་བསྟན་པ་བཞིན་དུ་ལྷག་མ་རྣམས་ལ་ཡང་ཅི་རིགས་པར་སྦྱར་བར་བྱའོ། །གཞན་དག་གིས་དམ་བཅས་པའི་དོན་སྒྲོ་བཏགས་ནས་སྨྲས་པ་འཛིན་པ་ནི་ཡོད་པ་ཁོ་ན་ཡིན་ཏེ། དེ་འཛིན་པར་བྱེད་པ་དང་། འཛིན་པ་པོ་དང་། གཟུང་བ་དག་ ཡོད་པའི་ཕྱིར་རོ། །འདི་ན་གང་ཡོད་པ་མ་ཡིན་པ་དེ་ལ་དེ་གསུམ་པོ་དེ་དག་མེད་དེ་དཔེར་ན་རི་བོང་གི་རྭ་བཞིན་ནོ། །ཕྱིན་ཅི་ལོག་ཏུ་འཛིན་པ་ལ་ནི་ཤེས་པ་གང་གིས་འཛིན་པར་བྱེད་པ་དང་། འཛིན་པ་པོ་ཕུང་པོའི་བདག་ཉིད་དང་། གཟུང་བ་གཟུགས་ལ་སོགས་པ་དག་ཡོད་པས་དེའི་ཕྱིར་ གཏན་ཚིགས་ཇི་སྐད་སྨོས་པའི་མཐུས་ཕྱིན་ཅི་ལོག་ཏུ་འཛིན་པ་ནི་ཡོད་པ་ཁོ་ན་ཡིན་ནོ་ཞེས་བྱ་བ་ནི་རང་གི་སྡེ་པ་དག་ཕྱིན་ཅི་ལོག་ཏུ་འཛིན་པའི་ཉོན་མོངས་པ་དག་ཡོད་པར་སྔར་དམ་བཅས་པ་དེའི་དོན་འདིར་བརྡ་སྤྲོད་པ་པའི་བྱེད་པ་པོའི་ཚིག་གི་ཐམ་ལག་གིས་སྒྲོ་བཏགས་ནས་དེ་དག་ཡོད་པར་སྒྲུབ་ པའི་ཚིག་ཡིན་ཏེ། དེ་དག་ནི་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། ཆོས་མི་མཐུན་པའི་ཕྱོགས་ཀྱི་དཔེ་དང་། ཉེ་བར་སྦྱར་བའི་སྦྱོར་བ་དང་། མཇུག་བསྡུ་བ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། འདི་ནི་རི་བོང་གི་རྭ་ལྟ་བུ་གང་ཡོད་ པ་མ་ཡིན་པ་ལ་བྱེད་པ་པོ་དང་། བྱེད་པ་དང་། ལས་བྱེད་པ་དེ་ནི་ཡོད་པ་མ་ཡིན་གྱི། ཕྱིན་ཅི་ལོག་ཏུ་འཛིན་པའི་བྱ་བ་ལ་ནི་གསུམ་ཡོད་པས་དེ་ཡང་ཡོད་པ་ཁོ་ན་ཡིན་ནོ་ཞེས་ཟེར་རོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འགྲེལ་པ་བྱེད་པ་ཉིད་ཀྱིས་འདིར་བཤད་པ། གང་གིས་འཛིན་ དང་འཛིན་གང་དང་། །འཛིན་པ་པོ་དང་གང་གཟུང་བ། །ཐམས་ཅད་ཉེ་བར་ཞི་བ་དེ། །དེ་ཕྱིར་འཛིན་པ་ཡོད་མ་ཡིན། །ཞེས་བྱ་བ་སྨྲས་ཏེ། འདིས་ནི་ཕྱིན་ཅི་ལོག་ཏུ་འཛིན་པའི་བྱེད་པ་དང་། བྱ་བ་དང་། བྱེད་པ་པོ་དང་། ལས་ཤེས་པ་བཞི་པོ་ཐམས་ཅད་ཉེ་བར་ཞི་བས་འཛིན་པའི་ བྱ་བ་ཡོད་པ་མ་ཡིན་ནོ་ཞེས་སྟོན་ཏོ། །དེ་ཉིད་བྱེ་བྲག་ཏུ་བཤད་པ་བསྟན་པའི་ཕྱིར། གང་གིས་འཛིན་པར་བྱེད་པ་ནི་དངོས་པོའི་རང་དང་སྤྱིའི་མཚན་ཉིད་ལ་དམིགས་པའི་ཤེས་པས་སོ་ཞེས་བྱ་བ་སྨྲས་ཏེ། དེ་ནི་བྱེད་པའོ། །འཛིན་པ་གང་ཡིན་པ་ནི་སྒྲོ་འདོགས་པ་དང་སྐུར་ པ་འདེབས་པའི་བདག་ཉིད་ཡོད་དོ་ཞེས་བྱ་བ་ནི་བྱ་བའོ། །འཛིན་པ་པོ་ནི་མིང་དང་གཟུགས་ཀྱི་བདག་ཉིད་དམ་དེ་ལས་གཞན་པ་བདག་གོ་ཞེས་བྱ་བ་དེ་ནི་བྱེད་པ་པོའོ། །གང་གཟུང་བ་ནི་གཟུགས་ལ་སོགས་པའོ་ཞེས་བྱ་བ་ནི་ལས་སོ། །དེ་དག་ཐམས་ཅད་ཉེ་བར་ཞི་བར་བསྟན་པའི་ ཕྱིར། དེ་དག་ནི་སྐབས་ཇི་ལྟ་བ་བཞིན་དུ་ངོ་བོ་ཉིད་སྟོང་པར་བསྟན་ཟིན་པས་དེས་ན་འཛིན་པར་བྱེད་པ་ལ་སོགས་པ་ཐམས་ཅད་ཉེ་བར་ཞི་བ་སྟེ་ཞེས་བྱ་བ་སྨྲས་སོ། །དེའི་ཕྱིར་འཛིན་པའི་བྱ་བ་ཡོད་པ་མ་ཡིན་པར་བསྟན་པའི་ཕྱིར། དེའི་ཕྱིར་འཛིན་པ་ཡོད་མ་ཡིན། །འཛིན་པའི་བྱ་ བ་བཞིན་དུ་བྱེད་པ་པོ་དང་བྱེད་པ་དང་ལས་དེ་དག་ཡོད་པ་ཉིད་དུ་སྟོན་པའི་གཏན་ཚིགས་དང་དཔེ་མ་གྲུབ་པའི་ཕྱིར་རོ་ཞེས་བྱ་བར་དགོངས་སོ་ཞེས་བྱ་བ་སྨྲས་སོ། །ད་ནི་དེ་ལྟར་འཛིན་པ་མེད་པས་འཁོར་བ་དང་མྱ་ངན་ལས་འདས་པ་དང་རྗེས་སུ་མཐུན་པའི་ཕྱིན་ཅི་ལོག་གཉིས་ཡོད་པ་མ་ཡིན་པར་ བསྟན་པའི་ཕྱིར། དེའི་ཕྱིར་དེ་ལྟར། ལོག་པ་འམ་ཡང་དག་ཉིད་དུ་ནི། །འཛིན་པ་ཡོད་པ་མ་ཡིན་ན། །རྟག་པ་དང་མི་རྟག་པ་ལ་སོགས་པའོ་ཞེས་བྱ་བ་སྨྲས་སོ། །དེ་ལྟར་ཕྱིན་ཅི་ལོག་ཏུ་འཛིན་པ་རྣམ་པ་གཉིས་མེད་པས་རྣལ་འབྱོར་པ་དེ་དང་ལྡན་པའི་ཕྱིན་ཅི་ལོག་ཅན་རྣམ་པ་གཉིས་ཀྱང་ཡོད་པ་མ་ཡིན་ པར་བསྟན་པའི་ཕྱིར། འོ་ན་དོན་དམ་པར། གང་ལ་ཕྱིན་ཅི་ལོག་ཡོད་ཅིང་། །གང་ལ་ཕྱིན་ཅི་མ་ལོག་ཡོད། །རྣམ་པར་མི་རྟོག་པའི་ཤེས་རབ་ཀྱིས་སྤྱོད་པ་ལ་གནས་པ་ལ་རྟག་པ་དང་མི་རྟག་པ་ལ་སོགས་པར་ཤེས་པ་ཀུན་དུ་མི་འབྱུང་བའི་ཕྱིར་རོ་ཞེས་བྱ་བར་དགོངས་སོ་ཞེས་བྱ་བ་སྨྲས་སོ། །ཡང་ ན་གང་དག་འདི་སྐད་ཅེས་ཕྱིན་ཅི་ལོག་རྣམས་ནི་ཡོད་པ་ཁོ་ན་ཡིན་ཏེ་དེ་དང་ལྡན་པ་ཡོད་པའི་ཕྱིར་རོ། །དཔེར་ན་གདུགས་དང་ལྡན་པ་ཡོད་ན་གདུགས་ཡོད་པ་དེ་བཞིན་དུ་ཕྱིན་ཅི་ལོག་དང་ལྡན་པ་བྱིས་པ་འདི་དག་ཡོད་པས་དེའི་ཕྱིར་ཕྱིན་ཅི་ལོག་རྣམས་ནི་ཡོད་པ་ཁོ་ན་ཡིན་ནོ་ཞེས་ཟེར་ན་ཞེས་བྱ་བས་ནི་ ཕ་རོལ་པོ་དག་ཕྱིན་ཅི་ལོག་དང་ལྡན་པ་སོ་སོའི་སྐྱེ་བོ་རྣམས་ཡོད་པའི་གཏན་ཚིགས་ཀྱིས་ཕྱིན་ཅི་ལོག་རྣམས་ཀྱང་ཡོད་པར་སྒྲུབ་པའི་ཚིག་ཡིན་ནོ། །དེའི་ལན་དུ་འདིར་ཕྱིན་ཅི་ལོག་ཡོད་པ་མ་ཡིན་པས་དེ་དང་ལྡན་པ་ཡང་ཡོད་པ་མ་ཡིན་པར་བསྟན་པའི་ཕྱིར་དེ་དག་གི་ཕྱིར་འདི་བཤད་དེ། ལོག་པའམ་ཡང་དག་ཉིད་དུ་ནི། །འཛིན་པ་ཡོད་པ་མ་ཡིན་ན། །རྣམ་པ་གཉི་ག་ཡང་སྔར་བསྟན་པའི་སྒྲུབ་པས་སྐྱེ་བ་ལ་སོགས་པར་མ་གྲུབ་པའི་ཕྱིར་རོ། །དེ་བཞིན་དུ། གང་ལ་ཕྱིན་ཅི་ལོག་ཡོད་ཅིང་། །གང་ལ་ཕྱིན་ཅི་མ་ལོག་ཡོད། །ཕྱིན་ཅི་ལོག་གང་ལ་ལྟོས་ན་འདི་ན་ཕྱིན་ཅི་ ལོག་དང་ལྡན་པའོ། །འདི་ན་ཕྱིན་ཅི་མ་ལོག་པ་དང་ལྡན་པའོ་ཞེས་བྱ་བ་དེ་དག་ཀྱང་ཕྱིན་ཅི་ལོག་བཞིན་དུ་ཡོད་པ་མ་ཡིན་ཏེ། གང་ལ་ཕྱིན་ཅི་ལོག་ཡོད་པ་དང་། གང་ལ་ཕྱིན་ཅི་མ་ལོག་པ་ཡོད་པ་དེ་དག་ཡོད་པ་མ་ཡིན་པ་ཉིད་དོ་ཞེས་བྱ་བའི་ཚིག་གི་དོན་ཏོ་ཞེས་བྱ་བ་སྨྲས་སོ། །དེའི་ཕྱིར་དོན་དམ་ པར་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་དང་དཔེ་ཡང་མེད་ལ། ཀུན་རྫོབ་ཏུ་ནི་དོན་འགལ་བ་ཉིད་ཀྱང་ཡིན་ནོ་ཞེས་བྱ་བས་ནི་མཇུག་བསྡུ་བ་དང་ཚད་མའི་འབྲས་བུ་ཡིན་ནོ། །ཡང་གཞན་ཡང་འདི་ལ་ཕྱིན་ཅི་ལོག་དང་ལྡན་པ་འདི་ནི་ཕྱིན་ཅི་ལོག་དང་བཅས་པར་འདོད་ན་དེ་ཡང་ཕྱིན་ཅི་ལོག་ཏུ་གྱུར་ པའམ། ཕྱིན་ཅི་ལོག་ཏུ་མ་གྱུར་པའམ། ཕྱིན་ཅི་ལོག་ཏུ་འགྱུར་བཞིན་པ་ཞིག་ཡིན་གྲང་ན་ཞེས་བྱ་བས་ནི་ཕྱིན་ཅི་ལོག་དང་ལྡན་པའི་གང་ཟག་ནི་ཕྱིན་ཅི་ལོག་དང་བཅས་པར་འདོད་ན་དེ་ཡང་གང་ཟག་འདི་གསུམ་ལས་གཅིག་ཡིན་གྲང་ན་གསུམ་ཆར་ཡང་དེ་ཡིན་པར་མི་འཐད་དོ་ཞེས་ བརྟག་པ་རྣམ་པ་གསུམ་སྟོན་ཏོ། །དེ་ལ་རེ་ཞིག་བརྟག་པ་དང་པོ་མི་འཐད་པར་བསྟན་པའི་ཕྱིར། དེ་ལ་ཕྱིན་ཅི་ལོག་ཏུ་གྱུར་པ་ལ། ཕྱིན་ཅི་ལོག་དག་མི་སྲིད་དོ། །དེ་དག་དང་ལྡན་པ་ལ་དེ་དག་དང་ལྡན་པར་འགྱུར་བ་དོན་མེད་པ་ཉིད་དུ་འགྱུར་བའི་ཕྱིར་རོ་ཞེས་བྱ་བ་སྨྲས་སོ། །བརྟག་པ་གཉིས་པ་ མི་འཐད་པར་བསྟན་པའི་ཕྱིར། ཕྱིན་ཅི་ལོག་ཏུ་མ་གྱུར་ལ། །ཕྱིན་ཅི་ལོག་དག་མི་སྲིད་དོ། །དེ་དག་དང་བྲལ་བའི་ཕྱིར་དཔེར་ན་འཕགས་པ་བཞིན་ནོ་ཞེས་བྱ་བ་སྨྲས་སོ། །བརྟག་པ་གསུམ་པ་མི་འཐད་པར་བསྟན་པའི་ཕྱིར། ཕྱིན་ཅི་ལོག་ཏུ་འགྱུར་བཞིན་ལ་ཕྱིན་ཅི་ལོག་དག་མི་སྲིད་དོ། །སྐྱོན་གཉི་ གར་འགྱུར་བའི་ཕྱིར་རོ་ཞེས་བྱ་བ་སྨྲས་སོ། །དེ་ལྟར་བརྟག་པ་གསུམ་པ་མི་འཐད་པས་ཕྱིན་ཅི་ལོག་དང་ལྡན་པའི་གང་ཟག་ཡོད་པ་མ་ཡིན་པ་ཉིད་དུ་བསྟན་པའི་ཕྱིར། ཕྱིན་ཅི་ལོག་ཏུ་གྱུར་པ་དང་། ཕྱིན་ཅི་ལོག་ཏུ་མ་གྱུར་པ་དང་ཕྱིན་ཅི་ལོག་ཏུ་འགྱུར་བཞིན་པ་མ་གཏོགས་པའི་ཕྱིན་ཅི་ལོག་དང་ལྡན་པའི་གང་ཟག་ མི་འཐད་པས་དེའི་ཕྱིར་བཤད་པ། ཁྱོད་ཉིད་ཕྱོགས་སུ་ལྷུང་བའི་བློ་མེད་པར་གྱིས་ལ། གང་ལ་ཕྱིན་ཅི་ལོག་སྲིད་པ། །བདག་ཉིད་ཀྱིས་ནི་རྣམ་པར་དཔྱོད། །ཕྱིན་ཅི་ལོག་དང་ལྡན་པ་ཡོད་པ་མ་ཡིན་པ་ཉིད་དོ་ཞེས་བྱ་བའི་ཚིག་གི་དོན་ཏོ་ཞེས་བྱ་བ་སྨྲས་སོ། །དེའི་ཕྱིར་གཏན་ཚིགས་དང་དཔེའི་ སྐྱོན་སྔ་མ་བཞིན་ནོ་ཞེས་བྱ་བ་ནི་མཇུག་བསྡུ་བ་དང་ཚད་མའི་འབྲས་བུ་ཡིན་ནོ། །གཞན་ཡང་གང་གི་ཚེ་དོན་དམ་པར་ཇི་སྐད་བསྟན་པའི་ཚུལ་གྱི་དབང་གིས་དངོས་པོ་ཐམས་ཅད་སྐྱེ་བ་མེད་པར་བསྟན་པ་དེའི་ཚེ་ཞེས་བྱ་བ་ལ་སོགས་པས་ནི་དོན་དམ་པར་ཕྱིན་ཅི་ལོག་རྣམས་སྐྱེ་བ་མེད་པས་ཡོད་ པ་མ་ཡིན་པའི་ཕྱིར་ཕྱིན་ཅི་ལོག་དང་ལྡན་པ་ཡང་ཡོད་པ་མ་ཡིན་པར་སྒྲུབ་པ་རྣམ་པ་གཞན་སྟོན་ཏོ། །དེ་ཉིད་བསྟན་པའི་ཕྱིར། ཕྱིན་ཅི་ལོག་རྣམས་མ་སྐྱེས་ན། །ཇི་ལྟ་བུར་ན་ཡོད་པར་འགྱུར། །ཡོད་པར་མི་འགྱུར་བ་ཉིད་དེ་མ་སྐྱེས་པའི་ཕྱིར་རོ་ཞེས་བྱ་བའི་ཚིག་གི་དོན་ཏོ། །ཕྱིན་ཅི་ལོག་ རྣམས་སྐྱེ་མེད་ན། །ཕྱིན་ཅི་ལོག་ཅན་ག་ལ་ཡོད། །ཕྱིན་ཅི་ལོག་ཅན་ཞེས་བྱ་བ་ནི་ཕྱིན་ཅི་ལོག་དང་ལྡན་པ་ཞེས་བྱ་བའི་ཐ་ཚིག་གོ་ཞེས་བྱ་བ་སྨྲས་སོ། །དེའི་ཕྱིར་གཏན་ཚིགས་ལ་སོགས་པའི་སྐྱོན་དེ་ཉིད་ཡོད་དོ་ཞེས་བྱ་བ་ནི་མཇུག་བསྡུ་བ་དང་ཚད་མའི་འབྲས་བུ་ཡིན་ནོ། །ཡང་གཞན་ ཡང་ཞེས་བྱ་བ་ལ་སོགས་པས་ནི་དོན་དམ་པར་བདག་ལ་སོགས་པ་ཡོད་ན་ནི་བདག་ལ་སོགས་པར་ཤེས་པ་ཡང་ཕྱིན་ཅི་ལོག་མ་ཡིན་པ་ཞིག་ན། དོན་དམ་པར་བདག་ལ་སོགས་པ་དག་ཡོད་པ་མ་ཡིན་པས་བདག་ལ་སོགས་པར་ཤེས་པ་ནི་འཁོར་བ་དང་རྗེས་སུ་མཐུན་པའི་ཕྱིན་ཅི་ལོག་ཡིན་པར་སྟོན་ཏོ། ། དེ་ཉིད་བསྟན་པའི་ཕྱིར། དོན་དམ་པར། གལ་ཏེ་བདག་དང་སྡུག་པ་དང་། །རྟག་དང་བདེ་བ་ཡོད་ན་ནི། །བདག་ཤེས་སྡུག་ཤེས་རྟག་ཤེས་དང་། །བདེ་ཞེས་ཕྱིན་ཅི་ལོག་མ་ཡིན། །ཤེས་བྱ་ཕྱིན་ཅི་ལོག་མ་ཡིན་པའི་ཕྱིར་རོ་ཞེས་བྱ་བར་དགོངས་སོ་ཞེས་བྱ་བ་སྨྲས་སོ། །འདིར་བདག་ ཤེས་ཞེས་བྱ་བ་ལ་སོགས་པའི་སྒྲ་ནི་བདག་ལ་སོགས་པ་དེ་དག་ལ་གནས་པ་ཉིད་ཀྱི་ཕྱིར་བདག་ལ་སོགས་པར་ཤེས་པ་ཡིན་པར་བསྟན་ཏོ་ཞེས་བྱ་བས་ནི། བདག་ཤེས་ཞེས་བྱ་བ་ལ་སོགས་པའི་སྒྲ་ནི་བདག་ལ་སོགས་པའི་ཡུལ་ལ་གནས་པའི་བློ་བདག་ལ་སོགས་པར་འཛིན་པ་ཕྱིན་ཅི་ ལོག་དང་ལྡན་པའི་དོན་ཡིན་པར་བསྟན་ཏོ། །དེ་བཞིན་དུ་ཞེས་བྱ་བ་ལ་སོགས་པས་ནི་དོན་དམ་པར་བདག་ལ་སོགས་པ་མེད་པས་བདག་ལ་སོགས་པ་ཡོད་པ་མ་ཡིན་པའི་ཕྱིར། བདག་མེད་པ་ལ་བདག་ཏུ་ལྟ་བ་ལ་སོགས་པའི་ཕྱིན་ཅི་ལོག་དག་ཀྱང་ཡོད་པ་མ་ཡིན་པར་སྟོན་ཏོ། ། དེ་ཉིད་བསྟན་པའི་ཕྱིར། དོན་དམ་པར། གལ་ཏེ་བདག་དང་སྡུག་པ་དང་། །རྟག་དང་བདེ་བ་མེད་ན་ནི། །བདག་མེད་མི་སྡུག་མི་རྟག་དང་། །སྡུག་བསྔལ་ཡོད་པ་མ་ཡིན་ནོ། །བདག་མེད་པ་ལ་སོགས་པའི་ངོ་བོ་ཉིད་ནི་བདག་ལ་སོགས་པ་བསལ་བས་སམ། དེ་དག་ལ་ལྟོས་ པ་བདག་མེད་པ་ཉིད་ལ་སོགས་པར་འགྲུབ་པའི་ཕྱིར་རོ་ཞེས་བྱ་བར་དགོངས་སོ་ཞེས་བྱ་བ་སྨྲས་སོ། །བདག་མེད་པ་ལ་སོགས་པ་མ་གྲུབ་པའི་ཕྱིར་གང་དག་ལ་བདག་ལ་སོགས་པར་ལྟ་བ་ཕྱིན་ཅི་ལོག་ཏུ་འགྱུར་ཏེ། འདི་ལྟར་མི་བྱེད་ན་སྡོང་དུམ་ལ་མིར་མཐོང་བའི་ཕྱིན་ཅི་ལོག་ཀྱང་མེད་དོ་ ཞེས་བྱ་བས་ནི་དོན་དམ་པར་བདག་ལ་སོགས་པ་མེད་པས་བདག་མེད་པ་ལ་སོགས་པ་ཡང་ཡོད་པ་མ་ཡིན་པས་བདག་མེད་པ་ལ་སོགས་པ་གྲུབ་པའི་ཕྱིར་གང་དག་ལ་བདག་ལ་སོགས་པར་ལྟ་བའི་གཞི་མེད་པས་བདག་ལ་སོགས་པར་ལྟ་བའི་ཕྱིན་ཅི་ལོག་རྣམས་ཀྱང་ཡོད་པ་ མ་ཡིན་པར་སྟོན་ཏོ། །ཕྱིན་ཅི་ལོག་ཉིད་མ་གྲུབ་པའི་ཕྱིར་གཏན་ཚིགས་ལ་སོགས་པ་མེད་པའི་སྐྱོན་དེ་ཉིད་བཟློག་དཀའོ་ཞེས་བྱ་བ་ནི་མཇུག་བསྡུ་བ་དང་ཚད་མའི་འབྲས་བུ་ཡིན་ནོ། །ད་ནི་དེ་ལྟར་ཕྱིན་ཅི་ལོག་ངོ་བོ་ཉིད་མེད་པ་ཉིད་དུ་རྟོགས་པའི་རྣལ་འབྱོར་པའི་ཉོན་མོངས་པ་ཐམས་ཅད་ཉེ་བར་ཞི་ བར་འགྱུར་བའི་ཕན་ཡོན་བསྟན་པའི་ཕྱིར། འོ་ན་རྣལ་འབྱོར་པ་དེ་ལ་དེ་ལྟར་རྟག་པ་དང་མི་རྟག་པ་ལ་སོགས་པའི་ཕྱིན་ཅི་ལོག་དང་ཕྱིན་ཅི་ལོག་མ་ཡིན་པ་དག་མ་གྲུབ་པའི་ཕྱིར་དེ་དག་ཏུ་རྣམ་པར་རྟོག་པ་ལོག་པར་གྱུར་པ་ན་ཡོན་ཏན་ཅི་ཞིག་འབྱུང་བར་འགྱུར་ཞེ་ན། ཇི་སྐད་བསྟན་པའི་ ཚུལ་གྱིས་འབྲས་བུ་བསྟན་པར་བཞེད་པས་བཤད་པ། དེ་ལྟར་ཕྱིན་ཅི་ལོག་འགགས་པས། །མ་རིག་པ་ནི་འགག་པར་འགྱུར། །ཕྱིན་ཅི་ལོག་དག་གི་རྒྱུ་ཡང་མ་རིག་པ་ཡིན་པའི་ཕྱིར་ཕྱིན་ཅི་ལོག་འགགས་པས་བདག་ལ་སོགས་པར་ལྟ་བའི་རྒྱུ་མ་རིག་པ་འགག་པར་འགྱུར་རོ། །མ་ རིག་འགག་པར་གྱུར་ན་ནི། །འདུ་བྱེད་ལ་སོགས་འགག་པར་འགྱུར། །འདུ་བྱེད་ལ་སོགས་པ་ཞེས་བྱ་བར་ཚིག་སྦྱར་ཏེ། འདུ་བྱེད་དང་རྣམ་པར་ཤེས་པ་དང་མིང་དང་གཟུགས་དང་། སྐྱེ་མཆེད་དྲུག་དང་། རེག་པ་དང་། ཚོར་བ་དང་། སྲེད་པ་དང་། ལེན་པ་དང་། སྲིད་པ་དང་། སྐྱེ་བ་དང་། རྒ་ཤི་ལ་སོགས་པ་དག་གོ། །དེའི་ཕྱིར་དེ་ལྟར་ངོ་བོ་ཉིད་མེད་པ་ཉིད་རྟོགས་པ་ལས་ཉོན་མོངས་པ་ཉེ་བར་ཞི་བ་འགྲུབ་པོ་ཞེས་བྱ་བ་སྨྲས་སོ། །ངོ་བོ་ཉིད་ཡོད་པར་སྨྲ་བའི་ཕྱོགས་འདི་ལ་ཉོན་མོངས་པ་དེ་དག་ཡོད་པར་གྱུར་པའམ། མེད་པར་གྱུར་པ་ཡིན་གྲང་ན་ཞེས་བྱ་བ་ལ་སོགས་པས་ནི་དངོས་ པོ་རྣམས་ངོ་བོ་ཉིད་ཡོད་པར་སྨྲ་བའི་ཕྱོགས་ལ་ཉོན་མོངས་པ་རྣམས་ཀྱང་ཡོད་པར་གྱུར་པའམ། མེད་པར་གྱུར་པ་ཞིག་ཡིན་གྲང་སྟེ། དེ་ལྟར་རྟོག་པ་དག་ལ་ཉོན་མོངས་པ་རྣམས་སྤོང་བ་མི་འཐད་པའི་གླགས་ཡོད་པ་སྟོན་ཏོ། །དེ་ལ་རེ་ཞིག་ཡོད་པར་གྱུར་པ་ལ་སྤོང་བ་མི་འཐད་པར་བསྟན་ པའི་ཕྱིར། དེས་ཅི་འགྱུར་ཞེ་ན། གལ་ཏེ་ལ་ལའི་ཉོན་མོངས་པ། །གང་དག་ངོ་བོ་ཉིད་ཡོད་ན། །གང་ཟག་ཡོད་པར་གྱུར་པ་ལ་ལའི་ཞེས་མ་སྨོས་ཀྱང་སྐབས་ལས་ཤེས་པར་བྱའོ་ཞེས་བྱ་བ་སྨྲས་ཏེ། དེས་ནི་ཕ་རོལ་པོ་དག་གི་གཞུང་བསྣན་པ་བསྟན་ཏོ། །ད་ནི་དེ་དག་ལ་ཉོན་མོངས་པ་སྤོང་ བ་མི་འཐད་པའི་གླགས་ཡོད་པར་བསྟན་པའི་ཕྱིར། ཇི་ལྟ་བུར་ན་སྤོང་བར་འགྱུར། །ཇི་ལྟར་སྤོང་བར་མི་འགྱུར་ཞེ་ན། ཡོད་པ་སུ་ཞིག་སྤོང་བར་བྱེད། །ཡོད་པར་གྱུར་པ་ནི་ངོ་བོ་ཉིད་མི་འགྱུར་བའི་ཕྱིར་རོ་ཞེས་བྱ་བར་དགོངས་སོ་ཞེས་བྱ་བ་སྨྲས་སོ། །ད་ནི་མེད་པར་གྱུར་པ་ལ་སྤོང་བ་མི་འཐད་ པར་བསྟན་པའི་ཕྱིར། ཅི་སྟེ་མེད་པར་གྱུར་པ་རི་བོང་གི་རྭ་ལྟ་བུའམ། གཅིག་ལ་གཅིག་མེད་པའི་མཚན་ཉིད་ལྟ་བུ་ཡིན་ན། དེ་ལྟ་ན་ཡང་། གལ་ཏེ་ལ་ལའི་ཉོན་མོངས་པ། །གང་དག་ངོ་བོ་ཉིད་མེད་ན། །འདིར་ཡང་། གང་ཟག་མེད་པར་གྱུར་པ་ལ་ལའི་ཞེས་མ་སྨོས་ཀྱང་སྐབས་ལས་ ཤེས་པར་བྱའོ་ཞེས་བྱ་བ་སྨྲས་ཏེ། དེས་ཀྱང་ཕ་རོལ་པོ་དག་གི་གཞུང་བསྣན་པ་བསྟན་ཏོ། །ད་ནི་དེ་དག་ལ་ཉོན་མོངས་པ་སྤོང་བ་མི་འཐད་པའི་གླགས་ཡོད་པར་བསྟན་པའི་ཕྱིར། ཇི་ལྟ་བུར་ན་སྤོང་བར་འགྱུར། །ཇི་ལྟར་སྤོང་བར་མི་འགྱུར་ཞེ་ན། །མེད་པ་སུ་ཞིག་སྤོང་བར་བྱེད། །མེད་ པར་གྱུར་པའི་མེད་པ་ཉིད་ནི་སྤང་དུ་མེད་པའི་ཕྱིར་ཏེ། འདི་ལྟར་ནམ་མཁའི་མེ་ཏོག་མེད་པས་མེད་པའི་ངོ་བོ་ཉིད་སྤོང་བར་མི་བྱེད་ལ། རྟ་ངོ་བོ་ཉིད་མེད་པས་ཀྱང་རྟ་མེད་པའི་ངོ་བོ་ཉིད་སྤོང་བར་མི་བྱེད་དོ་ཞེས་བྱ་བ་སྨྲས་སོ། །ཅི་སྟེ་ཡང་འདི་སྙམ་དུ་ཉོན་མོངས་པ་ཡོད་པར་གྱུར་པ་རྣམས་ ཉིད་གཉེན་པོ་སྐྱེས་པས་སྤོང་བར་འགྲུབ་པའི་ཕྱིར་སྐྱོན་མེད་དོ་སྙམ་ན་ཞེས་བྱ་བས་ནི་ཕ་རོལ་པོ་དག་དངོས་པོ་དག་ཡོད་པར་གྱུར་པ་ལ་སྤོང་བ་འགྲུབ་པར་སེམས་པའི་བསམ་པ་ཡིན་ནོ། །དེ་ནི་མི་འཐད་པར་བསྟན་པའི་ཕྱིར། ཡོད་པར་གྱུར་པ་གང་གི་གཉེན་པོ་སྐྱེས་པས་ཇི་ལྟར་སྤོང་བའི་ དོན་དེ་བསྟན་དཀའོ་ཞེས་བྱ་བ་སྨྲས་ཏེ། ཡོད་པར་གྱུར་པ་ནི་ངོ་བོ་ཉིད་མི་འགྱུར་བའི་ཕྱིར་རོ། །དེ་ལ་འདིར་ཉོན་མོངས་པ་རྣམས་ཡོད་པར་གྱུར་པ་དང་། མེད་པར་གྱུར་པར་རྟོག་པ་ལ་དེ་དག་སྤོང་བ་མི་འཐད་པའི་གླགས་ཡོད་པས་ཉོན་མོངས་པ་རྣམས་ཀྱི་ཆོས་ནི་སྤོང་བ་ཡིན་པར་བསྟན་ཏོ་ཞེས་ བྱ་བས་ནི་ཕ་རོལ་པོ་རྣམས་ངོ་བོ་ཉིད་ཡོད་པར་སྨྲ་བའི་ཕྱོགས་ལ་ཉོན་མོངས་པ་རྣམས་ཀྱང་ཡོད་པར་གྱུར་པའམ། མེད་པར་གྱུར་པ་ཞིག་ཏུ་འགྱུར་བས་དེ་ལྟར་རྟོག་པ་ལ་ཉོན་མོངས་པ་སྤོང་བ་མི་འཐད་པའི་གླགས་ཡོད་པར་བསྟན་ནས། འདིར་དབུ་མ་པ་དོན་དམ་པར་ཉོན་ མོངས་པ་རྣམས་ངོ་བོ་ཉིད་མེད་པ་ཉིད་དུ་སྒྲུབ་པའི་ཆོས་གཏན་ཚིགས་ནི་སྤང་བ་ཡིན་པར་བསྟན་ཏོ། །དེའི་རྗེས་སུ་དཔག་པ་བསྟན་པའི་ཕྱིར། དེའི་ཕྱིར་རྗེས་སུ་དཔག་པ་ནི་དོན་དམ་པར་ཉོན་མོངས་པ་རྣམས་ངོ་བོ་ཉིད་མེད་དེ་སྤངས་པ་ཡིན་པའི་ཕྱིར། དཔེར་ན་སྒྱུ་མ་མཁན་གྱིས་སྤྲུལ་པའི་བུད་ མེད་དང་། སྐྱེས་པ་དང་། གཟུགས་སུ་བྱས་པའི་ན་ཆུང་བཞིན་ཏེ། སྐྱོན་རྟོགས་པ་ལ་དེ་དག་སྤོང་བ་ཡོད་དོ་ཞེས་བྱ་བ་སྨྲས་ཏེ། དེ་དག་ནི་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་དང་། ཉེ་བར་སྦྱར་བའི་སྦྱོར་བ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ ན་སྒྱུ་མ་མཁན་གྱིས་སྤྲུལ་པའི་བུད་མེད་ལ་སོགས་པ་ནི་སྐྱོན་རྟོགས་པ་ལ་དེ་དག་སྤོང་བ་ཡོད་པས་སྤང་བ་ཡིན་པའི་ཕྱིར། ངོ་བོ་ཉིད་མེད་པ་དེ་བཞིན་དུ་ཉོན་མོངས་པ་རྣམས་ཀྱང་སྐྱོན་འདོགས་པ་ལ་དེ་དག་སྤོང་བ་ཡོད་པས་སྤང་བ་ཡིན་པའི་ཕྱིར་ངོ་བོ་ཉིད་མེད་དོ། །དེ་ལ་འདིར་རབ་ཏུ་བྱེད་པའི་དོན་ནི་ ཕ་རོལ་པོས་སྨྲས་པའི་སྒྲུབ་པའི་སྐྱོན་བརྗོད་པ་དང་། རང་གི་སྒྲུབ་པའི་ཁ་ན་མ་ཐོ་བ་མེད་པ་བསྟན་པས་ཕྱིན་ཅི་ལོག་ངོ་བོ་ཉིད་མེད་པ་ཉིད་དུ་བསྟན་པ་ཡིན་ནོ་ཞེས་བྱ་བ་ནི་མཇུག་བསྡུ་བ་དང་ཚད་མའི་འབྲས་བུ་ཡིན་ཏེ། ཕྱིན་ཅི་ལོག་བརྟག་པའི་རབ་ཏུ་བྱེད་པ་ཉི་ཤུ་གསུམ་པའི་སྐབས་འདིར་རབ་ཏུ་ བྱེད་པའི་དོན་ཚད་མའི་འབྲས་བུར་ལྟ་བ་ནི་སྟོང་པ་ཉིད་ཀྱི་མི་མཐུན་པའི་ཕྱོགས་ཀྱི་ཁྱད་པར་དགག་པས་ཕྱིན་ཅི་ལོག་ངོ་བོ་ཉིད་མེད་པ་ཉིད་དུ་བསྟན་པ་ཡིན་ནོ། །ཕྱིན་ཅི་ལོག་ངོ་བོ་ཉིད་མེད་པ་ཉིད་དུ་བསྟན་པ་ལ་ཡོན་ཏན་ཅི་ཡོད་པ་དང་། དེ་བསྟན་པ་འདི་ལ་གཞན་དག་ན་རེ། རྟོག་གེ་སྐམ་པོའི་བསྟན་ བཅོས་ཙམ་ཉི་ཚེས་བསྒྲུབས་སོ་ཞེས་ཟེར་བ་བསལ་བའི་ཕྱིར། འདིར་ཡིད་ཆེས་པའི་ལུང་གི་ཁུངས་ཀྱང་བསྒྲུབ་པར་བྱ་སྟེ། འདིའི་ཕྱིར་འཕགས་པ་སྒོ་མཐའ་ཡས་པ་སྒྲུབ་པའི་གཟུངས་ལས། ཇི་ལྟར་ངག་འདི་གཟུགས་ཅན་མིན། །ཀུན་ནས་དམིགས་སུ་མེད་པ་ལྟར། །དེ་ལྟར་ཉོན་མོངས་ གཟུགས་ཅན་མིན། །གཏན་དུ་དམིགས་སུ་ཡོད་མ་ཡིན། །ཇི་ལྟར་ངག་འདི་ཡོད་མ་ཡིན། །ནང་དང་ཕྱི་ན་མི་གནས་ལྟར། །དེ་ལྟར་ཉོན་མོངས་ཡོད་མིན་པ། །ནང་དང་ཕྱི་ན་གནས་པ་མིན། །ཞེས་བྱ་བ་ལ་སོགས་པ་གསུངས་པ་དེ་དག་གྲུབ་པ་ཡིན་ཏེ། ཚིགས་སུ་བཅད་པ་གོང་མས་ནི་ཉོན་མོངས་ པ་རྣམས་གཟུགས་ཅན་ཉིད་མ་ཡིན་པར་བསྟན་ལ། འོག་མས་ནི་ཉོན་མོངས་པ་རྣམས་ཡོད་པ་ཉིད་མ་ཡིན་པར་བསྟན་ཏོ། །དེ་བཞིན་དུ་ཡང་དེ་ཉིད་ལས། །ཤ་ར་དྭ་ཏིའི་བུ་ཀུན་ནས་ཉོན་མོངས་པའི་ཡོངས་སུ་ཤེས་པ་གང་ཡིན་པ་དེ་ནི་ཡང་དག་པ་ཇི་ལྟ་བ་དེ་བཞིན་ཉིད་དོ། །དེ་ལ་ནི་ཀུན་ནས་ཉོན་མོངས་པ་འགའ་ ཡང་མེད་དེ། སེམས་ཅན་ཕྱིན་ཅི་ལོག་ཏུ་གྱུར་པ་རྣམས་ནི་ཀུན་ནས་ཉོན་མོངས་པར་འགྱུར་རོ། །ཕྱིན་ཅི་ལོག་གང་ཡིན་པ་དེ་ནི་ཡོད་པ་མ་ཡིན་ཏེ། གང་ཡོད་པ་མ་ཡིན་པ་དེ་ལ་ཡོད་པའི་ཡོངས་སུ་འགྲུབ་པའམ་མཚན་ཉིད་མེད་དོ། །ཤ་ར་དྭ་ཏིའི་བུ་དེ་ལྟར་ཡོངས་སུ་ཤེས་པ་གང་ཡིན་པ་དེ་ནི་རྣམ་ པར་བྱང་བ་ཞེས་བྱའོ་ཞེས་བྱ་བ་ལ་སོགས་པས་གསུངས་པ་དེ་དག་ཀྱང་གྲུབ་པ་ཡིན་ནོ། །དེ་བཞིན་དུ་མདོ་སྡེ་གཞན་དག་ལས། དེ་བཞིན་གཤེགས་པས་ཉོན་མོངས་པ་རྣམས་ཡོད་པ་མ་ཡིན་པར་མངོན་པར་རྫོགས་པར་སངས་རྒྱས་ཤིང་བསྟན་ཏེ། གཟུགས་སུ་མི་སྣང་ཡང་ཀུན་དུ་མཁྱེན་ ལ། གཉིས་སུ་མ་མཛད་ཀྱང་མངོན་སུམ་དུ་མཛད་ཅིང་ཐོབ་པ་ཡང་མེད་དོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་དེ་དག་གྲུབ་པ་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། དེ་ལྟར་ཡིད་ཆེས་པའི་ལུང་དེ་དག་གྲུབ་པ་ནི་ཕྱིན་ཅི་ལོག་ངོ་བོ་ཉིད་མེད་པ་ཉིད་དུ་བསྟན་པ་འདིའི་ཡོན་ཏན་དང་ཁུངས་ཡིན་ནོ། །དེ་དག་བསྟན་བཅོས་ འདིས་རྣམ་པར་བཤད་པར་བྱ་བའི་ཡུལ་ཉིད་དུ་བསྟན་པ་ཡང་། སློབ་དཔོན་གྱི་ཞལ་སྔ་ནས་ཀྱི་མཁྱེན་རླབས་དང་འགྲེལ་པ་བྱེད་པའི་མཁས་པ་ཉིད་ཡིན་ནོ། །སློབ་དཔོན་ལེགས་ལྡན་བྱེད་ཀྱིས་ཉེ་བར་སྦྱར་བ། དབུ་མ་རྩ་བའི་འགྲེལ་པ་ཤེས་རབ་སྒྲོན་མ་ལས་ཕྱིན་ཅི་ལོག་བརྟག་པ་ཞེས་བྱ་བ་ སྟེ་རབ་ཏུ་བྱེད་པ་ཉི་ཤུ་གསུམ་པའི་རྒྱ་ཆེར་འགྲེལ་པ། སློབ་དཔོན་སྤྱན་རས་གཟིགས་བརྟུལ་ཞུགས་ཀྱིས་ཉེ་བར་སྦྱར་བ་རྫོགས་སོ།། །།བམ་པོ་བདུན་ཅུ་བཞི་པ། ད་ནི་དེ་བཞིན་དུ་སྟོང་པ་ཉིད་ཀྱི་མི་མཐུན་པའི་ཕྱོགས་ཀྱི་ཁྱད་པར་དགག་པས། འཕགས་པའི་ བདེན་པ་རྣམས་ངོ་བོ་ཉིད་མེད་པ་ཉིད་དུ་བསྟན་པའི་དོན་གྱི་དབང་གིས་རབ་ཏུ་བྱེད་པ་ཉི་ཤུ་བཞི་པ་བརྩམ་མོ་ཞེས་བྱ་བ་ལ། དབང་གིས་ཞེས་བྱ་བའི་སྒྲ་སྐབས་འདིར་ཡང་དམ་བཅས་པ་ལ་འཇུག་པའི་རྒྱུའི་དོན་དང་། གཞུང་འོག་ནས་འབྱུང་བ་དང་སྦྱར་བའི་དོན་དུ་བལྟས་ཏེ། ཚིག་གི་དོན་ནི་སྔ་མ་བཞིན་ནོ། །དེ་ལ་དམ་བཅས་པ་ལ་འཇུག་པའི་རྒྱུའི་དོན་གྱི་དབང་དུ་བྱས་ནས། ད་ནི་དེ་བཞིན་དུ་སྟོང་པ་ཉིད་ཀྱི་མི་མཐུན་པའི་ཕྱོགས་ཀྱི་ཁྱད་པར་དགག་པས་ཞེས་བྱ་བ་སྨྲས་ཏེ། བསྟན་བཅོས་མཛད་པས་རྐྱེན་བརྟག་པའི་རབ་ཏུ་བྱེད་པ་དང་པོ་བརྩམས་པའི་སྐབས་སུ་ དངོས་པོ་ཐམས་ཅད་སྐྱེ་བ་མེད་པར་དམ་བཅའ་བ་མཛད་པས། འདིར་ཡང་བསྟན་བཅོས་མཛད་པས། སྔར་ཇི་ལྟར་དམ་བཅས་པ་དེ་ལ་འཇུག་པའི་རྒྱུའི་དོན་གྱི་དབང་དུ་བྱས་ནས་དེ་སྐད་སྨྲས་ཏེ། སྟོང་པ་ཉིད་ནི་རང་གི་ཕྱོགས་ཡིན་ནོ། །དེའི་མི་མཐུན་པའི་ཕྱོགས་ནི་ཕྱིར་རྒོལ་བའི་ ཕྱོགས་ཡིན་ཏེ། འདི་ལྟ་སྟེ། དངོས་པོ་རྣམས་ངོ་བོ་ཉིད་ཡོད་པ་ཉིད་དུ་སྨྲ་བ་ཡིན་ནོ། །དེའི་ཁྱད་པར་ཞེས་བྱ་བ་ནི་ཕ་རོལ་པོས་དངོས་པོ་རྣམས་ངོ་བོ་ཉིད་ཡོད་པ་ཉིད་དུ་སྒྲུབ་པའི་ཕྱོགས་སྔ་མ་ཉེ་བར་གཞག་པ། འོག་ནས། གལ་ཏེ་འདི་དག་ཀུན་སྟོང་ན། །འབྱུང་བ་མེད་ ཅིང་འཇིག་པ་མེད། །འཕགས་པའི་བདེན་པ་བཞི་པོ་རྣམས། །ཁྱོད་ལ་མེད་པར་ཐལ་བར་འགྱུར། །ཞེས་བྱ་བ་ལ་སོགས་པ་ཚིག་ལེའུར་བྱས་པ་དྲུག་གིས་དབུ་མ་པ་དོན་དམ་པར་དངོས་པོ་རྣམས་ངོ་བོ་ཉིད་མེད་པ་ཉིད་དུ་སྨྲ་བ་ལ་གླགས་ཡོད་པའི་ཚིག་དག་བསྟན་ནས། རང་གིས་ དོན་དམ་པར་དངོས་པོ་རྣམས་ངོ་བོ་ཉིད་ཡོད་པ་ཁོ་ན་ཡིན་ཏེ། འབྱུང་བ་དང་འཇིག་པའི་ཆོས་ཅན་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ལ་སོགས་པས་དངོས་པོ་རྣམས་ངོ་བོ་ཉིད་ཡོད་པར་སྒྲུབ་པའི་རྗེས་སུ་དཔག་པ་དག་སྟོན་པ་ཡིན་ནོ། །དེ་དགག་པས་ཞེས་བྱ་བ་ནི་དེ་དགག་པའི་དབང་ དུ་བྱས་ནས་རབ་ཏུ་བྱེད་པ་ཉི་ཤུ་བཞི་པ་བརྩམ་མོ་ཞེས་བྱ་བར་སྦྱར་རོ། །གཞུང་འོག་ནས་འབྱུང་བ་དང་སྦྱར་བའི་དོན་གྱི་དབང་དུ་བྱས་ནས། འཕགས་པའི་བདེན་པ་རྣམས་ངོ་བོ་ཉིད་མེད་པ་ཉིད་དུ་བསྟན་པའི་དོན་གྱི་དབང་གིས་རབ་ཏུ་བྱེད་པ་ཉི་ཤུ་བཞི་པ་བརྩམ་མོ་ཞེས་བྱ་བ་སྨྲས་ ཏེ། འཕགས་པའི་བདེན་པ་བརྟག་པའི་རབ་ཏུ་བྱེད་པ་ཉི་ཤུ་བཞི་པའི་གཞུང་འོག་ནས་འབྱུང་བ་འདིའི་དོན་ནི་འཕགས་པའི་བདེན་པ་རྣམས་ངོ་བོ་ཉིད་མེད་པ་ཉིད་དུ་བསྟན་པ་ཡིན་པས། དེའི་དབང་དུ་བྱས་ནས་དེ་སྐད་སྨྲས་སོ། །རབ་ཏུ་བྱེད་པ་འདིའི་འབྲས་བུ་ནི་གང་ཡིན། རྣམ་པ་གང་ གིས་ནི་འབྲས་བུ་དེ་འཐོབ་ཅེ་ན། འཕགས་པའི་བདེན་པ་རྣམས་ངོ་བོ་ཉིད་མེད་པ་ཉིད་དུ་བསྟན་པ་ནི་འདིའི་འབྲས་བུ་ཡིན་ལ། སྟོང་པ་ཉིད་ཀྱི་མི་མཐུན་པའི་ཕྱོགས་ཀྱི་ཁྱད་པར་དགག་པའི་རྣམ་པས་ནི་འབྲས་བུ་དེ་འཐོབ་པས། དེའི་ཕྱིར་འགྲེལ་པ་བྱེད་པས་རབ་ཏུ་བྱེད་པའི་མཚམས་ སྦྱར་བའི་སྐབས་འདིར། ཐབས་དང་ཐབས་ལས་བྱུང་བའི་འབྲས་བུ་དང་པོ་ཁོ་ནར་བསྟན་ཏོ། །སྟོང་པ་ཉིད་ཀྱི་མི་མཐུན་པའི་ཕྱོགས་ཀྱི་ཁྱད་པར་ཞེས་བྱ་བ་སྨོས་པ་དེ་ཉིད་བསྟན་པའི་ཕྱིར། འདིར་སྨྲས་པ། ཁྱོད་ཀྱིས་བསྟན་པའི་ཚུལ་གྱིས་ནི། །གལ་ཏེ་འདི་དག་ཀུན་སྟོང་ན། ། འབྱུང་བ་མེད་ཅིང་འཇིག་པ་མེད། །སྟོང་པའི་ཕྱིར། དཔེར་ན་ནམ་མཁའི་མེ་ཏོག་བཞིན་ནོ་ཞེས་བྱ་བར་བསམས་སོ་ཞེས་བྱ་བ་སྨྲས་ཏེ། འདིས་ནི་ཁྱེད་དབུ་མ་པས་བསྟན་པའི་ཚུལ་གྱིས། གལ་ཏེ་འདི་དག་ཀུན་སྟོང་ན། །འབྱུང་བ་དང་འཇིག་པ་མེད་པས། འཕགས་པའི་ བདེན་པ་བཞི་ལ་སོགས་པ་མེད་པར་ཐལ་བའི་སྐྱོན་དུ་འགྱུར་རོ་ཞེས་གླགས་ཡོད་པའི་ཚིག་སྒྲུབ་པའི་རྗེས་སུ་དཔག་པ་སྟོན་ཏེ། དེ་དག་ནི་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་ནམ་མཁའི་ མེ་ཏོག་ནི་སྟོང་པའི་ཕྱིར། འབྱུང་བ་དང་འཇིག་པ་མེད་པ་དེ་བཞིན་དུ། གལ་ཏེ་འདི་ལྟར་ཀུན་སྟོང་པ་ཡང་སྟོང་པའི་ཕྱིར་འབྱུང་བ་དང་འཇིག་པ་མེད་པས་འཕགས་པའི་བདེན་པ་བཞི་ལ་སོགས་པ་མེད་པའི་སྐྱོན་དུ་འགྱུར་རོ་ཞེས་ཟེར་རོ། །དེ་ཉིད་བསྟན་པའི་ཕྱིར། དེའི་ཕྱིར་སྐྱོན་འདི་ལྟར་ འགྱུར་ཏེ། འབྱུང་བ་དང་འཇིག་པ་མེད་པའི་ཕྱིར། མ་སྐྱེས་པ་ནི་སྡུག་བསྔལ་མ་ཡིན་པས་སྡུག་བསྔལ་གྱི་བདེན་པ་མེད་པ་དང་། དེ་མེད་པའི་ཕྱིར་གང་ལས། དེ་ཀུན་འབྱུང་བ་དེ་ཀུན་འབྱུང་ཡིན་པ། །དེ་ཡང་མེད་པས། ཀུན་འབྱུང་གི་བདེན་པ་མེད་པ་དང་། ཀུན་འབྱུང་མེད་ན་དེ་འགོག་ པ་མེད་པའི་ཕྱིར། འགོག་པའི་བདེན་པ་མེད་པ་དང་། འགོག་པའི་བདེན་པ་མེད་ན། འགོག་པར་འགྲོ་བའི་ལམ་ཡང་དག་པའི་ལྟ་བ་སྔོན་དུ་བཏང་བ་ཡང་མེད་པའི་ཕྱིར། ལམ་གྱི་བདེན་པ་ཡང་མེད་པས། འཕགས་པའི་བདེན་པ་བཞི་པོ་རྣམས། །ཁྱོད་ལ་མེད་ པར་ཐལ་བར་འགྱུར། །ཞེས་བྱ་བ་སྨྲས་སོ། །འཕགས་པའི་བདེན་པ་བཞི་མེད་པས། །རྣལ་འབྱོར་པས་དེ་དག་ཡོངས་སུ་ཤེས་པ་དང་། སྤང་བ་དང་། མངོན་སུམ་དུ་བྱ་བ་དང་། བསྒོམ་པའི་མངོན་པར་བརྩོན་པ་མི་འཐོབ་པའི་སྐྱོན་དུ་འགྱུར་བར་བསྟན་པའི་ཕྱིར། དེས་ན་ རྣལ་འབྱོར་པ་སྐྱེ་བ་དང་འཆི་བས་འཇིགས་པ་རྣམས་ཀྱིས། འཕགས་པའི་བདེན་པ་བཞི་པོ་ཡོངས་སུ་ཤེས་པ་དང་། སྤང་བ་དང་། མངོན་སུམ་དུ་བྱ་བ་དང་། བསྒོམ་པའི་ཡུལ་ལ་སྡུག་བསྔལ་ཡོངས་སུ་ཤེས་པར་བྱ་བ་དང་། ཀུན་འབྱུང་སྤང་བར་བྱ་བ་དང་། འགོག་པ་མངོན་སུམ་དུ་ བྱ་བ་དང་། ལམ་བསྒོམ་པར་བྱ་བའི་མངོན་པར་བརྩོན་པ་གང་ཡིན་པ་དེ་མི་འཐད་པས། དེའི་ཕྱིར་སྨྲས་པ། འཕགས་པའི་བདེན་པ་བཞི་མེད་པས། །ཡོངས་སུ་ཤེས་དང་སྤང་བ་དང་། །བསྒོམ་དང་མངོན་དུ་བྱ་བ་དག །འཐད་པར་འགྱུར་བ་མ་ཡིན་ནོ། །ཞེས་བྱ་བ་སྨྲས་སོ། །འཕགས་ པའི་བདེན་པ་ཞེས་བྱ་བའི་སྒྲ་བྱེ་བྲག་ཏུ་བཤད་པ་བསྟན་པའི་ཕྱིར། འཕགས་པའི་བདེན་པ་ཞེས་བྱ་བ་ནི་འཕགས་པ་རྣམས་ཀྱི་བདེན་པའམ། འཕགས་པར་བྱེད་པའི་བདེན་པའམ། འཕགས་པ་ཡང་ཡིན་ལ། བདེན་པ་ཡང་ཡིན་པས་འཕགས་པའི་བདེན་པའོ། །བདེན་པ་ཞེས་ བྱ་བ་ནི་ཡང་དག་པ་དང་། མ་ནོར་བ་ཞེས་བྱ་བ་དག་གི་རྣམ་གྲངས་སོ་ཞེས་བྱ་བ་སྨྲས་སོ། །འདིར་བསྒོམ་པ་དང་། མངོན་སུམ་དུ་བྱ་བ་གཉིས་བསྣོར་བ་ནི་ཚིགས་སུ་བཅད་པ་བསྡེབ་པའི་དབང་གིས་སོ་ཞེས་བྱ་བས་ནི་དེ་ལྟར་བསྣོར་བ་ནི་ཚིག་བདེ་བར་བྱས་ཀྱི་དོན་གྱིས་ནི། འགོག་པ་ སྔར་བསྟན་པ་ལ་ལམ་ཕྱིས་སྨོས་པ་ཡིན་པར་བསྟན་ཏོ། །གཞན་ཡང་དེ་ལྟར། འཕགས་པའི་བདེན་པ་བཞི་པོ་དག་མེད་པས་དགེ་སྦྱོང་གི་འབྲས་བུ་བཞི་ཡང་མེད་པའི་སྐྱོན་དུ་འགྱུར་བར་བསྟན་པའི་ཕྱིར། ཡང་གཞན་ཡང་ཁྱོད་ལ་དེ་དག་ཡོད་པ་མ་ཡིན་པས། འཕགས་ པའི་བདེན་པ་བཞི་པོ་དེ་དག་ཡོད་པ་མ་ཡིན་པས་སོ། །འབྲས་བུ་བཞི་ཡང་ཡོད་མ་ཡིན། །རྒྱུན་དུ་ཞུགས་པ་དང་། ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་། དགྲ་བཅོམ་པ་ཞེས་བྱ་བ་དག་སྟེ་ཞེས་བྱ་བ་སྨྲས་སོ། །འཕགས་པའི་བདེན་པ་བཞི་མེད་པས། དགེ་སྦྱོང་གི་འབྲས་ བུ་བཞི་ཇི་ལྟར་མེད་པར་འགྱུར་བའི་འཐད་པ་བསྟན་པའི་ཕྱིར། འཇིག་ཚོགས་ལ་ལྟ་བ་དང་། ཐེ་ཚོམ་དང་། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་ལ་སོགས་པའི་ཕྲ་རྒྱས་དགུ་བཅུ་རྩ་བརྒྱད་ཀྱི་སྐྱོན་གྱི་བུད་ཤིང་དག་འཕགས་པའི་བདེན་པ་མཐོང་བ་དང་བསྒོམ་ པའི་ལམ་གྱིས། མཐོང་བའི་མེས་བསྲེག་པར་བྱ་བ་ཡིན་པའི་ཕྱིར་རོ་ཞེས་བྱ་བར་བསམས་སོ་ཞེས་བྱ་བ་སྨྲས་སོ། །དགེ་སྦྱོང་གི་འབྲས་བུ་བཞི་མེད་ན། འབྲས་བུ་ལ་གནས་པའི་གང་ཟག་བཞི་ཡང་མེད་པའི་སྐྱོན་དུ་འགྱུར་བར་བསྟན་པའི་ཕྱིར་དེ་ལྟར། འབྲས་བུ་མེད་ན་འབྲས་ གནས་མེད། །རྒྱུན་དུ་ཞུགས་པ་དང་། ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་། དགྲ་བཅོམ་པའི་འབྲས་བུ་ལ་གནས་པ་དེ་དག་གོ་ཞེས་བྱ་བ་སྨྲས་སོ། །འབྲས་བུ་ལ་གནས་པ་མེད་ན། ལམ་ལ་ཡང་གནས་པ་མེད་པའི་སྐྱོན་དུ་འགྱུར་བར་བསྟན་པའི་ཕྱིར། ཞུགས་ པ་དག་ཀྱང་ཡོད་མ་ཡིན། །ཞུགས་པ་དག་ནི་རྒྱུན་དུ་ཞུགས་པ་ལ་སོགས་པའི་ལམ་ལ་གནས་པ་དག་གོ་ཞེས་བྱ་བ་སྨྲས་སོ། །དེ་ལྟར་སྐྱེས་བུ་གང་ཟག་བརྒྱད་མེད་ན། དགེ་འདུན་དཀོན་མཆོག་ཀྱང་མེད་པའི་སྐྱོན་དུ་འགྱུར་བར་བསྟན་པའི་ཕྱིར། དེ་ལྟ་ན་བཅོམ་ལྡན་ འདས་ཀྱི་ཉན་ཐོས་ཀྱི་ཚོགས་འགྲོ་བའི་བསོད་ནམས་ཀྱི་ཞིང་བདུད་ལ་སོགས་པས་མི་ཕྱེད་ཅིང་གཞན་གྱི་དྲིང་མི་འཇོག་པས་འདུས་པའི་ཕྱིར་རམ། ཚུལ་ཁྲིམས་དང་། ཏིང་ངེ་འཛིན་དང་། ཤེས་རབ་དང་། རྣམ་པར་གྲོལ་བ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་དག་ གིས་འདུས་པའི་ཕྱིར་འཇིག་རྟེན་ན་མཚན་དགེ་འདུན་ཞེས་བྱ་བར་རྣམ་པར་གྲགས་པ་ཡང་མེད་པར་འགྱུར་བས། གལ་ཏེ་སྐྱེས་བུ་གང་ཟག་བརྒྱད། །དེ་དག་མེད་ན་དགེ་འདུན་མེད། །ཅེས་བྱ་བ་སྨྲས་སོ། །གང་དག་ལམ་དང་འབྲས་བུའི་དབྱེ་བས་རྣམ་པར་བཤད་པ་དག་ གོ་ཞེས་བྱ་བས་ནི་སྐྱེས་བུ་གང་ཟག་བརྒྱད་བསྟན་ཏོ། །དེ་ལྟར་དགེ་འདུན་དཀོན་མཆོག་མེད་ན། ཆོས་དཀོན་མཆོག་ཀྱང་མེད་པའི་སྐྱོན་དུ་འགྱུར་བ་བསྟན་པའི་ཕྱིར། གཞན་ཡང་། འཕགས་པའི་བདེན་རྣམས་མེད་པའི་ཕྱིར། །དམ་པའི་ཆོས་ཀྱང་ ཡོད་མ་ཡིན། །ཞེས་བྱ་བ་སྨྲས་སོ། །དེའི་འཐད་པ་བསྟན་པའི་ཕྱིར་ཐབས་ལས་བྱུང་བ་མེད་ན་ཐབས་ཀྱང་མི་སྲིད་པའི་ཕྱིར་རོ་ཞེས་བྱ་བར་བསམས་སོ་ཞེས་བྱ་བ་སྨྲས་སོ། །དེ་ལྟར་དགེ་འདུན་དང་། ཆོས་དཀོན་མཆོག་མེད་ན། སངས་རྒྱས་དཀོན་མཆོག་ཀྱང་མེད་པའི་སྐྱོན་དུ་འགྱུར་ བར་བསྟན་པའི་ཕྱིར། ཆོས་དང་དགེ་འདུན་ཡོད་མིན་ན། །ཆོས་ཉོན་མོངས་པའི་བུད་ཤིང་བསྲེག་པ་ལ་འཇེབས་པ་དང་། དགེ་འདུན་དེ་རྟོགས་པར་བྱེད་པའོ། །སངས་རྒྱས་ཇི་ལྟར་ཡོད་པར་འགྱུར། །ཡོད་པར་མི་འགྱུར་བ་ཉིད་དོ་ཞེས་བྱ་བའི་ཚིག་གི་དོན་ཏོ་ཞེས་བྱ་བ་སྨྲས་སོ། ། སངས་རྒྱས་ཞེས་བྱ་བའི་སྒྲ་བྱེ་བྲག་ཏུ་བཤད་པ་བསྟན་པའི་ཕྱིར་འདི་ལ་སངས་རྒྱས་ཞེས་བྱ་བ་ནི་བདེན་པ་རྣམས་རྟོགས་པར་གྱུར་པའམ། རྟོགས་པར་མཛད་པ་དེ། མདོ་སྡེ་ལས་ཇི་སྐད་དུ། ཡོངས་སུ་ཤེས་བྱ་ཡོངས་ཤེས་ཤིང་། །སྤང་བར་བྱ་བ་སྤངས་པར་འགྱུར། །བསྒོམ་པར་བྱ་བ་ བསྒོམས་ཟིན་པས། །བཟོད་ལྡན་དེ་ཕྱིར་ང་སངས་རྒྱས། །ཞེས་གསུངས་པ་ལྟ་བུའོ། །ཡང་ན་ཆོས་ཐམས་ཅད་དངོས་པོ་མེད་པ་མཉམ་པ་ཉིད་ཐུགས་སུ་ཆུད་པས་སངས་རྒྱས་ཏེ། ཇི་སྐད་དུ། གང་གིས་ཆོས་རྣམས་ཡོད་མིན་པ། །ཡོད་མིན་མ་ལུས་རྟོགས་གྱུར་ཅིང་། །ཡོད་ མིན་ཆོས་རྣམས་སངས་རྒྱས་པ། །དེ་ནི་སངས་རྒྱས་ཞེས་བྱའོ། །ཞེས་གསུངས་པ་ལྟ་བུའོ། །ཡང་ན་སངས་རྒྱས་པར་གྱུར་ཅིང་གདུལ་བ་རྣམས་སངས་རྒྱས་པར་མཛད་པས་སངས་རྒྱས་སོ་ཞེས་བྱ་བ་སྨྲས་སོ། །དེ་མེད་པའི་སྐྱོན་དུ་འགྱུར་བའི་འཐད་པ་བསྟན་པའི་ཕྱིར། སངས་རྒྱས་ དེ་ཡང་རྟོགས་པ་ཡེ་ཤེས་དང་རྟོགས་པར་བྱ་བ་ཆོས་དང་། རྟོགས་པར་བྱེད་དུ་གཞུག་པ་གདུལ་བ་རྣམས་མེད་པའི་ཕྱིར་མི་རིགས་པས་སངས་རྒྱས་ཀྱང་མེད་པར་འགྱུར་རོ་ཞེས་བྱ་བ་སྨྲས་སོ། །དེ་ལྟར། དེ་སྐད་སྨྲ་ན་དཀོན་པའི་མཆོག །གསུམ་ལ་གནོད་པ་བྱེད་པ་ཡིན། །ཞེས་བྱ་བ་ནི་ མཇུག་བསྡུ་བ་ཡིན་ནོ། །དེ་སྐད་སྨྲ་ན་ཞེས་བྱ་ཅི་ཞིག་ཅེ་ན། སྟོང་པ་ཉིད་དོ་ཞེས་བྱ་བ་ནི་དབུ་མ་པ་སྟོང་པ་ཉིད་དུ་སྨྲ་ན་དཀོན་མཆོག་གསུམ་ལ་གནོད་པ་བྱེད་པ་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །དཀོན་མཆོག་ཅེས་བྱ་བ་ནི་དཀོན་པ་དང་། རིན་ཆེ་བ་དང་། དགའ་བར་བྱེད་པ་དང་། ཕན་འདོགས་པ་དང་། མི་མ་ཡིན་པ་ལ་སོགས་པ་གནོད་པར་བྱེད་པའི་གཉེན་པོའི་དོན་གྱིས་སོ་ཞེས་བྱ་བས་ནི་དཀོན་མཆོག་ཅེས་བྱ་བའི་སྒྲ་བྱེ་བྲག་ཏུ་བཤད་པ་བསྟན་ཏོ། །གཞན་ཡང་སྟོང་པ་ཉིད་དུ་སྨྲ་ན་འཇིག་རྟེན་པའི་འབྲས་བུ་དང་། མི་དགེ་བ་དང་། དགེ་བ་དང་། ཐ་སྙད་ཐམས་ཅད་ལ་གནོད་པ་བྱེད་པའི་སྐྱོན་དུ་ཡང་ འགྱུར་བར་བསྟན་པའི་ཕྱིར། གཞན་ཡང་འབྲས་བུ་ཡོད་པ་དང་། ཆོས་མ་ཡིན་པ་དང་ཆོས་ཉིད་དང་། །འཇིག་རྟེན་པ་ཡི་ཐ་སྙད་ནི། །ཀུན་ལའང་གནོད་པ་བྱེད་པ་ཡིན། །ཞེས་བྱ་བ་སྨྲས་སོ། །དེ་ལྟར་ནི་མི་འདོད་དེ་ཞེས་བྱ་བ་ལ་སོགས་པས་ནི་ཁྱེད་དབུ་མ་པས་བསྟན་པའི་ཚུལ་ གྱིས་གལ་ཏེ་འདི་དག་ཀུན་སྟོང་ན་འབྱུང་བ་དང་། འཇིག་པ་མེད་པས་འཕགས་པའི་བདེན་པ་བཞི་ལ་སོགས་པ་དག་མེད་པར་འགྱུར་བ་དེ་ལྟར་ནི་ཁོ་བོ་ཅག་སྡེ་པ་གཞན་དག་མི་འདོད་དེ། ཇི་སྐད་སྨྲས་པའི་སྐྱོན་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་དག་ནི་ཁྱེད་དབུ་མ་པ་དངོས་པོ་རྣམས་ངོ་བོ་ ཉིད་མེད་པ་ཉིད་དུ་སྨྲ་བའི་ཚིག་ལ་གླགས་དེ་ལྟ་བུ་ཡོད་པར་བསྟན་པ་ཡིན་ནོ། །གླགས་ཡོད་པའི་ཚིག་དེ་ལས་བཟློག་པས་སྡེ་པ་གཞན་དག་ཉིད་ཇི་ལྟར་འདོད་པའི་སྐབས་ཀྱི་དོན་ཉིད་བསྟན་པའི་ཕྱིར། ཇི་སྐད་སྨྲས་པའི་སྐྱོན་དུ་ཐལ་བར་འགྱུར་བ་རྣམ་པར་བཟློག་པ་ནི་སྟོང་པ་ཉིད་མ་ ཡིན་ཞིང་འབྱུང་བ་དང་། འཇིག་པ་དག་ཀྱང་ཡོད་པ་ཡིན་ན་ངོ་བོ་ཉིད་ཡོད་པ་ཉིད་དང་། འབྱུང་བ་དང་འཇིག་པའི་ཆོས་ཅན་ཉིད་ཡིན་པར་བསྒྲུབ་པར་བྱ་བ་ཆོས་ངོ་བོ་ཉིད་ཡོད་པ་ཉིད་དང་སྒྲུབ་པའི་ཆོས་འབྱུང་བ་དང་། འཇིག་པའི་ཆོས་ཅན་ཉིད་ཡིན་པ་མངོན་ནོ་ཞེས་བྱ་བའི་ ཚིག་གི་དོན་ཏེ་གླགས་ཡོད་པའི་ཚིག་ཡིན་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་སོ། །དེ་ཉིད་དཔེས་བསྟན་པའི་ཕྱིར། དཔེར་ན་གལ་ཏེ་སྒྲ་རྟག་པ་ཡིན་ན། མ་བྱས་པར་འགྱུར་ཏེ་མ་བྱས་པ་ནི་རྟག་པར་དམིགས་པར་འགྱུར་ལ། དམིགས་ན་བྱས་པར་མི་འགྱུར་རོ་ཞེས་བྱ་བས། ཇི་ སྐད་སྨྲས་པའི་སྐྱོན་དུ་ཐལ་བར་འགྱུར་བ་རྣམ་པར་བཟློག་པ་ནི་མི་རྟག་པ་ལ་བྱས་པ་ཡོད་པས་སྒྲ་ནི་མི་རྟག་སྟེ། བྱས་པའི་ཕྱིར་རོ་ཞེས་བྱ་བས་བསྒྲུབ་པར་བྱ་བ་ཆོས་མི་རྟག་པ་དང་། སྒྲུབ་པའི་ཆོས་བྱས་པ་ཉིད་ཡིན་པ་མངོན་ནོ་ཞེས་བྱ་བའི་ཚིག་གི་དོན་ཡིན་པ་བཞིན་ནོ་ཞེས་ བྱ་བ་སྨྲས་སོ། །དེ་ཉིད་ཀྱི་རྗེས་སུ་དཔག་པ་བསྟན་པའི་ཕྱིར། འདིར་སྦྱོར་བའི་ཚིག་ནི་དོན་དམ་པར་དངོས་པོ་རྣམས་ངོ་བོ་ཉིད་ཡོད་པ་ཁོ་ན་ཡིན་ཏེ། འབྱུང་བ་དང་འཇིག་པའི་ཆོས་ཅན་ཉིད་ཡིན་པའི་ཕྱིར་རོ། །གང་དག་ངོ་བོ་ཉིད་མེད་པ་དེ་དག་ལ་ནི་འབྱུང་བ་དང་འཇིག་པ་དག་མ་མཐོང་སྟེ། དཔེར་ན་ནམ་མཁའི་མེ་ཏོག་བཞིན་ནོ། །དངོས་པོ་རྣམས་ལ་ནི་མ་བྱུང་བ་ལ་འབྱུང་བ་དང་། བྱུང་ནས་འཇིག་པ་ཡོད་པས་དེའི་ཕྱིར་གཏན་ཚིགས་ཇི་སྐད་སྨོས་པའི་མཐུས་དོན་དམ་པར་དངོས་པོ་རྣམས་ངོ་བོ་ཉིད་ཡོད་པ་ཁོ་ན་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། དེ་དག་ནི་ཆོས་ཅན་དང་། བསྒྲུབ་པར་ བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། ཆོས་མི་མཐུན་པའི་ཕྱོགས་ཀྱི་དཔེ་དང་། ཉེ་བར་སྦྱར་བའི་སྦྱོར་བ་དང་། མཇུག་བསྡུ་བ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། འདི་ན་ནམ་མཁའི་མེ་ཏོག་ལྟ་བུ་གང་ལ་འབྱུང་བ་དང་། འཇིག་པ་མེད་པ་དེ་ནི་ངོ་བོ་ཉིད་མེད་པ་ཡིན་གྱི། དངོས་པོ་ རྣམས་ནི་འབྱུང་བ་དང་འཇིག་པ་དག་ཡོད་པའི་ཕྱིར་དེས་ན་དོན་དམ་པར་དངོས་པོ་རྣམས་ངོ་བོ་ཉིད་ཡོད་པ་ཁོ་ན་ཡིན་ནོ་ཞེས་ཟེར་རོ། །རེ་ཞིག་དེ་དག་ནི་སྟོང་པ་ཉིད་ཀྱི་མི་མཐུན་པའི་ཕྱོགས་ཀྱི་ཁྱད་པར་ཡིན་ཏེ། ཕྱོགས་སྔ་མ་སྨྲ་བ་དག་གི་གཞུང་ཡིན་པར་སྦྱར་རོ། །ད་ནི་སྟོང་པ་ཉིད་ཀྱི་མི་མཐུན་ པའི་ཕྱོགས་ཀྱི་ཁྱད་པར་དེ་དགག་པས་འཕགས་པའི་བདེན་པ་རྣམས་ངོ་བོ་ཉིད་མེད་པ་ཉིད་དུ་བསྟན་པའི་ཕྱིར་དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འདིར་བསྟན་བཅོས་མཛད་པ་ཉིད་ཀྱིས། དེ་ལ་བཤད་པ་ཁྱོད་ཀྱིས་ནི། །སྟོང་ཉིད་དགོས་དང་སྟོང་ཉིད་དང་། །སྟོང་ཉིད་དོན་ནི་མ་རྟོགས་པས། །དེ་ཕྱིར་ དེ་ལྟར་གནོད་པ་བྱེད། །ཅེས་བྱ་བ་གསུངས་ཏེ། འདི་ནི་དངོས་པོ་རྣམས་ངོ་བོ་ཉིད་ཡོད་པ་ཉིད་དུ་སྨྲ་བ་ཁྱོད་ཀྱིས་ནི་ཁོ་བོ་ཅག་དབུ་མ་པ་འདོད་པའི་གཞུང་སྟོང་པ་ཉིད་ཀྱི་དགོས་པ་དང་། སྟོང་པ་ཉིད་དང་། སྟོང་པ་ཉིད་ཀྱི་དོན་མ་རྟོགས་པས་དེའི་ཕྱིར། གལ་ཏེ་འདི་དག་ཀུན་སྟོང་ན། །འབྱུང་བ་མེད་ཅིང་ འཇིག་པ་མེད། །ཅེས་བྱ་བ་ལ་སོགས་པ་སྨྲ་ཞིང་འཕགས་པའི་བདེན་པ་བཞི་ལ་སོགས་པ་མེད་དོ་ཞེས་དེ་ལྟར་ཐེག་པ་ཆེན་པོ་ལ་གནོད་པར་བྱེད་དེ། དེ་ནི་མང་པོ་ཡང་ཡིན། དེ་ནི་སྣ་ཚོགས་པ་ཡང་ཡིན་མོད་ཀྱི། དེ་དེ་ལྟར་ནི་མ་ཡིན་ནོ་ཞེས་སྟོན་ཏོ། །དེ་ལ་རེ་ཞིག་སྟོང་པ་ཉིད་ཀྱི་དགོས་པ་ བསྟན་པའི་ཕྱིར། འདིར་སྟོང་པ་ཉིད་ཀྱི་དགོས་པ་ནི་སྤྲོས་པ་ཐམས་ཅད་ཉེ་བར་ཞི་བའི་མཚན་ཉིད་དོ་ཞེས་བྱ་བ་སྨྲས་ཏེ། སྟོང་པ་ཉིད་རྟོགས་པ་ལས་སྤྲོས་པ་ཐམས་ཅད་ཉེ་བར་ཞི་བའི་མཚན་ཉིད་མྱ་ངན་ལས་འདས་པ་ཐོབ་པ་ནི་སྟོང་པ་ཉིད་ཀྱི་དགོས་པ་ཡིན་ནོ། །སྟོང་པ་ཉིད་བསྟན་པའི་ཕྱིར་སྟོང་ པ་ཉིད་ནི་འཛིན་པ་ཐམས་ཅད་དང་བྲལ་བའི་ཕྱིར་མཚན་ཉིད་སྟོང་པ་ཉིད་ལ་དམིགས་པའི་ཡེ་ཤེས་སོ་ཞེས་བྱ་བ་སྨྲས་ཏེ། རྣལ་འབྱོར་པ་རྣམས་ཀྱི་བསྒོམས་པ་ལས་བྱུང་བའི་ཤེས་པ་སྟོང་པ་ཉིད་ལ་དམིགས་པས་དམིགས་པ་མེད་པའི་ཚུལ་གྱིས་ཞེས་བྱ་བ་རང་གི་ངོ་བོ་ཉིད་དང་། དངོས་པོ་ ཐམས་ཅད་སྟོང་པ་ཉིད་དང་། སྟོང་པ་ཉིད་ཅེས་བྱ་བའི་ཐ་སྙད་གསུམ་པོ་དེ་དག་སྟོང་པ་ཉིད་དུ་དམིགས་པ་ནི་སྟོང་པ་ཉིད་ཡིན་ནོ། །སྟོང་པ་ཉིད་ཀྱི་དོན་བསྟན་པའི་ཕྱིར། སྟོང་པ་ཉིད་ཀྱི་དོན་ནི་དེ་བཞིན་ཉིད་ཀྱི་མཚན་ཉིད་དོ་ཞེས་བྱ་བ་སྨྲས་ཏེ། དོན་དམ་པར་དངོས་པོ་རྣམས་སྐྱེ་བ་མེད་པ་ཞེས་ བྱ་བ་དེ་བཞིན་ཉིད་ཀྱི་མཚན་ཉིད་ནི་སྟོང་པ་ཉིད་ཀྱི་དོན་ཡིན་ནོ། །ད་ནི་ཁྱོད་ཀྱིས་དེ་དག་མ་རྟོགས་པས་དེའི་ཕྱིར། གལ་ཏེ་འདི་དག་ཀུན་སྟོང་ན། །འབྱུང་བ་མེད་ཅིང་འཇིག་པ་མེད། །ཅེས་བྱ་བ་ལ་སོགས་པ་སྨྲ་ཞིང་འཕགས་པའི་བདེན་པ་བཞི་ལ་སོགས་པ་མེད་དོ་ཞེས་དེ་ལྟར་ ཐེག་པ་ཆེན་པོ་ལ་གནོད་པ་བྱེད་པ་ནི་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པའི་ལིང་ཏོག་ཆེན་པོས་བློ་གྲོས་ཀྱི་མིག་ཡོགས་པ་ཡིན་པར་བསྟན་པའི་ཕྱིར་ཁྱོད་ཀྱིས་དེ་དག་མ་རྟོགས་པས་དེའི་ཕྱིར་འདི་ལྟ་སྟེ། གལ་ཏེ་འདི་དག་ཀུན་སྟོང་ན། །འབྱུང་བ་མེད་ཅིང་འཇིག་པ་མེད། །ཅེས་བྱ་བ་ལ་ སོགས་པ་སྨྲ་ཞིང་། དཔེར་ན་ནམ་མཁའ་ལ་ཁུ་ཚུར་གཟས་ཏེ་རྣམ་པ་དུ་མས་འཚོག་པར་བྱེད་པ་དེ་ལྟར་གནོད་པར་བྱེད་དོ་ཞེས་བྱ་བ་སྨྲས་སོ། །ད་ནི་དེ་ལྟར་གང་དག་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པའི་ལིང་ཏོག་ཆེན་པོས་བློ་གྲོས་ཀྱི་མིག་ཡོགས་པ་དག་སྟོང་པ་ཉིད་ཀྱི་དགོས་པ་དང་། སྟོང་པ་ཉིད་དང་། སྟོང་པ་ཉིད་ཀྱི་དོན་མ་རྟོགས་པར་ནམ་མཁའ་ལ་ཁུ་ཚུར་གྱིས་འཆོག་པའི་ཚུལ་གྱིས་ཐེག་པ་ཆེན་པོ་ལ་གནོད་པ་བྱེད་པ་དེ་ནི་དེ་ལྟ་མ་ཡིན་ཏེ། ཐེག་པ་ཆེན་པོ་འདི་ལ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཆོས་བསྟན་པ་བདེན་པ་གཉིས་ལ་ བརྟེན་པའི་ཚུལ་རྣམ་པར་བཞག་པ་ནི་འདི་འདྲའོ་ཞེས་བསྟན་པའི་ཕྱིར། ཐེག་པ་ཆེན་པོ་འདི་ལ་ནི། སངས་རྒྱས་རྣམས་ཀྱི་ཆོས་བསྟན་པ། །བདེན་པ་གཉིས་ལ་ཡང་དག་བརྟེན། །དེ་དག་ཀྱང་གང་དང་གང་ཞེ་ན། །འཇིག་རྟེན་ཀུན་རྫོབ་བདེན་པ་དང་། དམ་པའི་དོན་གྱི་བདེན་པའོ། ། ཞེས་བྱ་བ་སྨྲས་སོ། །དེ་ལ་རེ་ཞིག་འཇིག་རྟེན་པའི་ཀུན་རྫོབ་ཀྱི་བདེན་པའི་མཚན་ཉིད་བསྟན་པའི་ཕྱིར། དེ་ལ་འཇིག་རྟེན་པའི་ཀུན་རྫོབ་ནི་འཇིག་རྟེན་གྱི་ཐ་སྙད་དེ། འདི་ལྟ་སྟེ། གཟུགས་ལ་སོགས་པ་དངོས་པོ་རྣམས་སྐྱེའོ། །གནས་སོ། །འགག་གོ་ཞེས་བྱ་བ་དང་། ལྷས་བྱིན་འགྲོའོ་ ཁྱབ་འཇུག་བཤེས་གཉེན་ཟའོ། །ཟླ་བས་བྱིན་བསྒོམ་མོ། །ཚངས་པས་བྱིན་གྲོལ་ཞེས་བྱ་བ་དག་འཇིག་རྟེན་གྱི་ཐ་སྙད་ཀྱི་ཕྱིར་ཕྱིན་ཅི་མ་ལོག་པས་དེ་ནི་འཇིག་རྟེན་པའི་ཀུན་རྫོབ་ཀྱི་བདེན་པ་ཡིན་ནོ་ཞེས་བྱ་བ་སྨྲས་སོ། །ད་ནི་དོན་དམ་པའི་བདེན་པའི་མཚན་ཉིད་བསྟན་པར་བྱ་སྟེ། དེ་ལ་དོན་ དམ་པ་ནི་དེ་དོན་ཀྱང་ཡིན་ལ། དམ་པ་ཡང་ཡིན་པས་དོན་དམ་པ་འམ་ཞེས་བྱ་བས་ནི་དོན་དམ་པའི་སྒྲ་ཁྱད་པར་གྱི་གཞིར་བསྡུ་བ་བསྟན་ཏེ། དེ་དོན་ཀྱང་ཡིན་ལ་དམ་པ་ཡང་ཡིན་པས་དོན་དམ་པའོ་ཞེས་ཁྱད་པར་གྱི་གཞིར་བསྡུ་བ་བསྟན་ཏོ། །རྣམ་པར་མི་རྟོག་པའི་ཡེ་ཤེས་དམ་པའི་ དོན་ཡིན་པས་དོན་དམ་པ་སྟེ་ཞེས་བྱ་བས་ནི་དོན་དམ་པའི་སྒྲའི་ཞེས་བྱ་བར་བསྡུ་བ་བསྟན་ཏེ། དེ་རྣམ་པར་མི་རྟོག་པའི་ཡེ་ཤེས་དམ་པའི་དོན་ཡིན་པས་དོན་དམ་པའོ་ཞེས་བྱ་བར་བསྡུ་བ་བསྟན་ཏོ། །དེ་ལྟར་དོན་དམ་པའི་སྒྲ་ཁྱད་པར་གྱི་གཞིར་བསྡུས་ཀྱང་རུང་བའི་ཞེས་བྱ་བར་བསྡུས་ཀྱང་རུང་ སྟེ། དེའི་དོན་གང་ཡིན་པ་བསྟན་པའི་ཕྱིར། དེ་ཁོ་ན་གཞན་ལས་ཤེས་པ་མ་ཡིན་པ་ལ་སོགས་པའི་མཚན་ཉིད་དོ་ཞེས་བྱ་བ་སྨྲས་ཏེ། དོན་དམ་པ་ཞེས་བྱ་བའི་དོན་ནི། གཞན་ལས་ཤེས་མིན་ཞི་བ་དང་། །སྤྲོས་པ་རྣམས་ཀྱིས་མ་སྤྲོས་པ། །རྣམ་རྟོག་མེད་དོན་ཐ་དད་མིན། ། དེ་ནི་དེ་ཉིད་མཚན་ཉིད་དོ། །ཞེས་བྱ་བ་ཡིན་པར་བསྟན་ཏོ། །དོན་དམ་པའི་སྒྲ་དང་མཚན་ཉིད་ནི་དེ་ལྟ་བུ་ཡིན་ན། དེ་བདེན་པ་ཞེས་བྱ་བའི་སྒྲ་དང་མཚན་ཉིད་དང་། ཇི་ལྟར་སྦྱར་ཞེ་ན། དེའི་ཕྱིར། དོན་དམ་པ་ཉིད་བདེན་པ་ཉིད་ཡིན་པས། དོན་དམ་པའི་བདེན་པ་ཏེ། དུས་ཐམས་ཅད་དང་རྣམ་པ་ ཐམས་ཅད་དུ་དེ་བཞིན་དུ་གནས་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། འདིར་ཡང་ཁྱད་པར་གྱི་གཞིར་བསྡུ་བ་བསྟན་ཏོ། །རེ་ཞིག་དེ་དག་གིས་ནི་དོན་དམ་པ་པའི་བདེན་པའི་མཚན་ཉིད་བསྟན་ཏོ། །ད་ནི་བརྡར་བཏགས་པའི་དོན་དམ་པ་པའི་བདེན་པའི་མཚན་ཉིད་བསྟན་པར་བྱ་སྟེ། དེ་ཡང་རྣམ་པར་མི་རྟོག་ པའི་ཡེ་ཤེས་དོན་དམ་པའི་ཡུལ་ཅན་དང་། དེ་འགོག་པའི་བསྟན་པ་དང་ཤེས་རབ་ལ་ཉེ་བར་གདགས་སོ། །དེ་ལ་རེ་ཞིག་རྣམ་པར་མི་རྟོག་པའི་ཡེ་ཤེས་དོན་དམ་པའི་ཡུལ་ཅན་བསྟན་པའི་ཕྱིར། རྣམ་པར་མི་རྟོག་པའི་ཡེ་ཤེས་དེའི་ཡུལ་ཅན་ཡང་ཡུལ་མེད་པའི་ཚུལ་གྱིས་དོན་དམ་པ་སྟེ། དེ་ལ་དོན་དམ་པ་ཡོད་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། དེས་དོན་དམ་པའི་སྒྲ་འབྲས་བུ་མང་པོར་བསྡུ་བ་བསྟན་ཏེ། དཔེར་ན་གང་ལ་དབྱུག་པ་ཁྲ་བོ་ཡོད་པ་དེ་ལ་དབྱུག་པ་ཁྲ་བོ་ཅན་ཞེས་བྱ་བ་དེ་བཞིན་དུ། རྣམ་པར་མི་རྟོག་པའི་ཡེ་ཤེས་གང་ལ་ཡུལ་དོན་དམ་པར་ཡོད་པ་དེ་དེའི་ཡུལ་ ཅན་ཡིན་པས་དེ་ཡང་དོན་དམ་པའོ་ཞེས་འབྲུ་མང་པོར་བསྡུ་བ་བསྟན་ཏོ། །དེ་ལ་འགོག་པའི་བསྟན་པ་དང་། ཤེས་རབ་བསྟན་པའི་ཕྱིར་དེ་འགོག་པ་དང་རྗེས་སུ་མཐུན་པ་སྐྱེ་བ་མེད་པ་ལ་སོགས་པ་བསྟན་པ་དང་། ཐོས་པ་དང་། བསམས་པ་དང་། བསྒོམས་པ་ལས་བྱུང་བའི་ཤེས་ རབ་ཀྱང་དོན་དམ་པ་ཏེ། དོན་དམ་པ་རྟོགས་པའི་ཐབས་ཀྱི་ཕྱིར་ཕྱིན་ཅི་མ་ལོག་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། དེས་ནི་དོན་དམ་པའི་སྒྲ་ཡུལ་དང་ཡུལ་ཅན་དུ་འཛིན་པ་དེ་འགོག་པ་དང་རྗེས་སུ་མཐུན་པའི་ཐབས་ཡིན་པས་ཐབས་འདིས་ཐབས་ལས་བྱུང་བའི་དོན་དམ་པ་ཡུལ་དང་ཡུལ་ཅན་མ་ ཡིན་པ་ཉིད་རྟོགས་པར་བྱེད་པའི་ཕྱིར་བསྟན་པ་དང་། ཤེས་རབ་འདི་ཡང་དོན་དམ་པ་ཞེས་བྱ་བ་ཉེ་བར་གདགས་པར་བསྟན་ཏེ། དེ་དག་གིས་ནི་བརྡར་བཏགས་པའི་དོན་དམ་པའི་བདེན་པའི་མཚན་ཉིད་བསྟན་ཏོ། །ད་ནི་གང་དག་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པའི་ལིང་ཏོག་ ཆེན་པོས་བློ་གྲོས་ཀྱི་མིག་ཡོགས་པ་སྟོང་པ་ཉིད་ཀྱི་དགོས་པ་དང་། སྟོང་པ་ཉིད་དང་། སྟོང་པ་ཉིད་ཀྱི་དོན་མ་རྟོགས་པར་ནམ་མཁའ་ལ་ཁུ་ཚུར་གྱིས་འཚོག་པའི་ཚུལ་དུ་ཐེག་པ་ཆེན་པོ་ལ་གནོད་པ་བྱེད་པ་བདེན་པ་གཉིས་ཀྱི་རྣམ་པར་དབྱེ་བ་རྣམ་པར་མི་ཤེས་པ་དེ་དག་གིས་ སངས་རྒྱས་བཅོམ་ལྡན་འདས་ཀྱི་བསྟན་པ་ཟབ་མོའི་དེ་ཉིད་རྣམ་པར་མི་ཤེས་སོ་ཞེས་བསྟན་པའི་ཕྱིར། གང་དག་བདེན་པ་དེ་ཉིད་ཀྱི། །རྣམ་དབྱེ་རྣམ་པར་མི་ཤེས་པ། །དེ་དག་སངས་རྒྱས་བསྟན་པ་ནི། །ཟབ་མོའི་དེ་ཉིད་རྣམ་མི་ཤེས། །ཞེས་བྱ་བ་སྨྲས་སོ། །དེ་ཉིད་བྱེ་བྲག་ཏུ་བཤད་པ་བསྟན་ པའི་ཕྱིར། །གང་དག་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པའི་ལིང་ཏོག་ཆེན་པོས་བློ་གྲོས་ཀྱི་མིག་ཡོགས་པ་ཐ་སྙད་དང་དོན་དམ་པའི་བདེན་པ་དེ་གཉིས་ཀྱི་རྣམ་པར་དབྱེ་བ་ཡུལ་གྱི་སྦྱོར་བའི་མཚན་ཉིད་ཀུན་རྫོབ་ཀྱི་མཚན་ཉིད་དམིགས་པ་ཞེས་བྱ་བ་གང་ཡིན་པ་དེ་དོན་དམ་པར་རྣམ་པར་བརྟག་ པར་མི་བྱ་བ་དང་། དོན་དམ་པའི་མཚན་ཉིད་དམིགས་སུ་མེད་པ་ཞེས་བྱ་བ་གང་ཡིན་པ་དེ་ཡང་ཀུན་རྫོབ་ཏུ་རྣམ་པར་བརྟག་པར་མི་བྱ་བ་མ་འདྲེས་པ་རྣམ་པར་མི་ཤེས་པ་དེ་དག་གིས་ནི་སངས་རྒྱས་ཀྱི་བསྟན་པ་ཟབ་མོའི་དེ་ཉིད་རྣམ་པར་མི་ཤེས་སོ་ཞེས་བྱ་བ་སྨྲས་སོ། །དེ་དག་སངས་རྒྱས་བསྟན་པ་ནི། ། ཟབ་མོ་དེ་ཉིད་རྣམ་མི་ཤེས། །ཞེས་བྱ་བའི་སངས་རྒྱས་དང་བསྟན་པ་དང་། ཟབ་མོ་ཞེས་བྱ་བའི་སྒྲ་བྱེ་བྲག་ཏུ་བཤད་པ་བསྟན་པའི་ཕྱིར། སངས་རྒྱས་ཀྱི་སྒྲའི་དོན་ནི་སྔ་མ་བཞིན་ནོ། །བསྟན་པ་ཞེས་བྱ་བ་ནི་ལྷ་དང་མིའི་བདུད་རྩིའི་གོ་འཕང་ཐོབ་པར་འདོད་པ་རྣམས་ཡོངས་སུ་ཤེས་པར་ བྱ་བ་དང་། སྤང་བར་བྱ་བ་དང་། མངོན་སུམ་དུ་བྱ་བ་དང་། བསྒོམ་པར་བྱ་བ་དག་ལ་ཕྱིན་ཅི་མ་ལོག་པར་སྟོན་པ་སྟེ། བཅོམ་ལྡན་འདས་ཀྱི་གསུང་རབ་ཅེས་བྱ་བ་ཡིན་ནོ། །ཟབ་མོ་ཞེས་བྱ་བ་ནི་དངོས་པོ་དང་། དངོས་པོ་མེད་པ་ལ་སོགས་པ་མངོན་པར་ཞེན་པའི་བློ་གྲོས་ཅན་རྣམས་ཀྱིས་གཏིང་ རྟོགས་པར་དཀའ་བའི་དོན་གྱིས་སོ་ཞེས་བྱ་བ་སྨྲས་སོ། །ད་ནི་གང་དག་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པའི་ལིང་ཏོག་ཆེན་པོས་བློ་གྲོས་ཀྱི་མིག་ཡོགས་པ་སྟོང་པ་ཉིད་ཀྱི་དགོས་པ་དང་། སྟོང་པ་ཉིད་དང་སྟོང་པ་ཉིད་ཀྱི་དོན་མ་རྟོགས་པར་ནམ་མཁའ་ལ་ཁུ་ཚུར་གྱིས་འཚོག་པའི་ཚུལ་དུ་ཐེག་པ་ཆེན་ པོ་ལ་གནོད་པ་བྱེད་པ། བདེན་པ་གཉིས་ཀྱི་རྣམ་པར་དབྱེ་བ་རྣམ་པར་མི་ཤེས་པ་ན་བཅོམ་ལྡན་འདས་ཀྱིས་དངོས་པོ་རྣམས་སྐྱེ་བ་དང་འགག་པ་མེད་པ་རྣལ་འབྱོར་པའི་ཡུལ་དུ་བསྟན་པ་ནི་ཐ་སྙད་པར་རྟོགས་ལ། ཚོགས་ཀྱི་ལམ་དང་མཐུན་པར་དངོས་པོ་རྣམས་ཀུན་རྫོབ་ཏུ་སྐྱེ་བ་ལ་སོགས་པར་ བསྟན་པ་ནི་དོན་དམ་པར་ཡང་རྣམ་པ་དེ་ལྟ་བུ་ཡིན་པར་རྟོགས་པ་དེ་དག་སྲིད་པའི་དགོན་པ་ལས་ནམ་ཡང་འདའ་བར་དཀའ་བའི་ཉེས་དམིགས་བསྟན་པའི་ཕྱིར། གང་དག་བདེ་བར་གཤེགས་པའི་ཚུལ་མཆོག་ཏུ་ཟབ་པ་དེ་ལེགས་པར་མ་རྟོགས་པ་ན་དངོས་པོ་རྣམས་མ་སྐྱེས་པ་དང་། མ་ འགགས་པ་རྣལ་འབྱོར་པ་རྣམ་པར་མི་རྟོག་པའི་ཤེས་རབ་ཀྱི་སྤྱོད་པ་དང་། ཆོས་ཀྱི་དེ་ཁོ་ན་ཕྱིན་ཅི་མ་ལོག་པའི་ཡུལ་ལ་འཇུག་པའི་ཡུལ་ཉིད་དུ་ཡུལ་མེད་པའི་ཚུལ་གྱིས་ཉེ་བར་འགྱུར་བ་བསྟན་པ་ན་ཐ་སྙད་པའི་སྐྱེ་བ་ལ་སོགས་པ་དང་ལྡན་པ་ཡང་མེད་དོ་ཞེས་སྐུར་པ་བཏབ་ནས། གལ་ཏེ་འདི་དག་ཀུན་སྟོང་ན། །འབྱུང་བ་མེད་ཅིང་འཇིག་པ་མེད། །ཅེས་བྱ་བ་ལ་སོགས་པར་རྣམ་པར་རྟོག་པ་དང་། ཀུན་རྫོབ་ཏུ་ཚུལ་ཁྲིམས་ཡང་དག་པར་བླང་བ་དང་། ཏིང་ངེ་འཛིན་བསྒོམ་པ་དང་རྗེས་སུ་མཐུན་པར་དངོས་པོ་རྣམས་སྐྱེའོ། །གནས་སོ། །འགག་གོ། ། ཞེས་བསྟན་པ་ན། དོན་དམ་པར་ཡང་རྣམ་པ་དེ་ལྟ་བུ་ཡིན་ནོ་ཞེས་བྱ་བར་རྣམ་པར་རྟོག་པ་དེ་དག་ནི་སྲིད་པའི་དགོན་པ་ལས་ཤིན་ཏུ་མི་འདའོ་ཞེས་བྱ་བ་སྨྲས་སོ། །གལ་ཏེ་དོན་དམ་པའི་བདེན་པ་བསྟན་པ་ཉིད་ཀྱིས་ཐར་པ་འགྲུབ་པའི་ཕྱིར་བདེན་པ་གཉིས་བསྟན་པ་ཅི་དགོས་ཤེ་ན་ ཞེས་བྱ་བ་ནི་ཕ་རོལ་པོ་དག་ཐེག་པ་ཆེན་པོ་དབུ་མ་པས་བདེན་པ་གཉིས་རྣམ་པར་གཞག་པའི་ཚུལ་བསྟན་པའི་དགོས་པ་འདྲི་བའི་ཚིག་ཡིན་ནོ། །དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས། འདི་ལྟར་ཐ་སྙད་ལ་ནི་མ་བརྟེན་པར། །དམ་པའི་དོན་ནི་བསྟན་མི་ནུས། །དོན་དམ་པ་དེ་ནི་ ངག་གི་ལམ་དེ་ཐམས་ཅད་ལས་ཡང་དག་པར་འདས་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། དེས་ནི་ཀུན་རྫོབ་ཀྱི་བདེན་པ་རྣམ་པར་གཞག་པའི་ཚུལ་བསྟན་པའི་དགོས་པ་བསྟན་ཏོ། །ད་ནི་དོན་དམ་པའི་བདེན་པ་རྣམ་པར་གཞག་པའི་ཚུལ་བསྟན་པའི་དགོས་པ་བསྟན་པའི་ཕྱིར། གཞན་གྱིས་ཡོངས་སུ་བརྟགས་པའི་རྣམ་པར་རྟོག་པ་མ་ལུས་པར་བསལ་བ་མེད་པའི་ཡང་དོན་དམ་པར་རྟོག་པ་དང་ལེགས་པར་བྲལ་བ་གཞན་ལས་ཤེས་པ་མ་ཡིན་པ་རྟོགས་པར་མི་འགྱུར་བས་དེའི་ཕྱིར་དོན་དམ་པ་ཡང་བསྟན་ཏེ། འདི་ལྟར། དམ་པའི་དོན་ལ་མ་ བརྟེན་པར། །མྱ་ངན་འདས་པ་འཐོབ་མི་འགྱུར། །ཞེས་བྱ་བ་སྨྲས་སོ། །ལས་དང་ཉོན་མོངས་པ་དང་། སྐྱེ་བ་ཉེ་བར་ཞི་བའི་མཚན་ཉིད་དོ་ཞེས་བྱ་བས་ནི་མྱ་ངན་ལས་འདས་པའི་མཚན་ཉིད་བསྟན་ཏོ། །ད་ནི་རང་གི་སྡེ་པ་མི་མཁས་པར་རློམ་པ་གང་དངོས་པོ་སྟོང་པ་ཉིད་ལ་བལྟ་ཉེས་པ་དག་ ཆུད་ཟ་བར་འགྱུར་བའི་ཉེས་དམིགས་བསྟན་པའི་ཕྱིར། མཁས་པར་རློམ་པ་གང་ཕུང་པོ་རྣམས་སྟོང་པ་ཉིད་ལས་དངོས་པོ་མེད་པར་ལྟ་བ་དང་། ཕུང་པོ་རྣམས་མི་སྟོང་པ་ཉིད་ལས་དངོས་པོར་ལྟ་བ་དང་། བདག་གིས་མཐོང་བར་གྱུར་ཏོ། །མཐོང་ངོ་། །མཐོང་བར་འགྱུར་རོ། །ཕུང་པོ་ རྣམས་སྟོང་པ་ཉིད་དོ། །ཕུང་པོ་རྣམས་ལས་སྟོང་པ་ཉིད་གཞན་ནོ། །སྟོང་པ་ཉིད་ལ་ཕུང་པོ་རྣམས་ཡོད་དོ། །ཕུང་པོ་རྣམས་ལ་སྟོང་པ་ཉིད་ཡོད་དོ། །སྟོང་པ་ཉིད་ཕུང་པོ་རྣམས་དང་ལྡན་ནོ་སྙམ་དུ་སེམས་པ་དེ་ལྟར་ཚུལ་བཞིན་མ་ཡིན་པར་ལྟ་བ་མངོན་པའི་ང་རྒྱལ་ཅན་དེ་ནི། སྟོང་པ་ ཉིད་ལ་ལྟ་ཉེས་ན། །ཤེས་རབ་ཆུང་ལྡན་ཕུང་བར་བྱེད། །རྣམ་པར་མི་རྟོག་པའི་ཤེས་རབ་ཀྱིས་སྲོག་གི་བར་ཆད་བྱེད་པའི་ཕྱིར་ཕུང་བར་བྱེད་དོ། །བལྟ་ཉེས་ཞེས་བྱ་བ་ནི་ལོག་པར་མཐོང་བ་སྟེ། དངོས་པོ་དང་དངོས་པོ་མེད་པ་ལ་སོགས་པའི་ཚུལ་དུ་མཐོང་བའོ་ཞེས་བྱ་བ་སྨྲས་སོ། །དེ་ ཉིད་དཔེས་བསྟན་པའི་ཕྱིར། ཇི་ལྟར་ཕུང་བར་བྱེད་ཅེ་ན། ཇི་ལྟར་སྦྲུལ་ལ་བཟུང་ཉེས་དང་། །རིག་སྔགས་ཉེས་པར་བསྒྲུབས་པ་བཞིན། །སྦྲུལ་རྒོད་དེ་ཁྲོ་གཏུམ་ཆེ་བ་དུག་དྲག་པོ་གཟུང་ཉེས་ན་འཛིན་པར་བྱེད་པ་ཉིད་ཕུང་བར་བྱེད་པ་དང་། ནམ་མཁའ་ཨནྡ་རྙིལ་ལྟར་སྔོ་ལ་འཕགས་ཏེ། རང་གི་རྒྱན་གྱི་ནོར་བུའི་འོད་ཟེར་དག་གིས་བར་སྣང་བརྒྱན་པར་བྱའོ་སྙམ་དུ་ཡིད་ལ་བསམ་པ་བྱས་པས་རིག་སྔགས་ཉེས་པར་བསྒྲུབས་ན་སྒྲུབ་པ་པོ་ཉིད་ཆོ་ག་ཉམས་པས་ཕུང་བར་བྱེད་པ་ལྟར་རོ་ཞེས་བྱ་བ་སྨྲས་སོ། །ད་ནི་སྣོད་དུ་མ་གྱུར་པ་ལ་ཐེག་པ་ཆེན་པོ་འདི་རང་བཞིན་གྱིས་གསང་ བས་རང་གི་སྡེ་པ་ཉོན་མོངས་པ་དེ་དག་གིས་འདི་མི་ཤེས་པར་བསྟན་པའི་ཕྱིར། གང་གི་ཕྱིར་དེ་ལྟར་སྟོང་པ་ཉིད་ཤེས་པར་དཀའ་ཞིང་གནོད་པ་བྱེད་པར། དེ་ཕྱིར་ཞན་པས་ཆོས་འདི་ཡི། །གཏིང་རྟོགས་དཀའ་བར་མཁྱེན་གྱུར་ནས། །ཐུབ་པའི་ཐུགས་ནི་ཆོས་བསྟན་ལས། །རབ་ཏུ་ ལོག་པར་གྱུར་པ་ཡིན། །ཤེས་རབ་ཞན་པ་རྣམས་ཀྱིས་ཆོས་འདིའི་གཏིང་རྟོགས་པར་དཀའ་བར་མཁྱེན་པར་གྱུར་ནས་ཐུབ་པ་བྱང་ཆུབ་མངོན་པར་སངས་རྒྱས་པའི་ཐུགས་ཆོས་བསྟན་པར་མཛད་པ་ལས་སླར་ལོག་པར་གྱུར་ཏོ་ཞེས་བྱ་བ་སྨྲས་ཏེ། ཚངས་པས་མ་བསྐུལ་གྱི་བར་དུ་ ཆོས་ཀྱི་འཁོར་ལོ་བསྐོར་བར་མི་མཛད་པ་ལྟ་བུའོ། །ད་ནི་རང་གི་སྡེ་པ་དག་སྟོང་པ་ཉིད་ཀྱི་དོན་མི་ཤེས་པར་དབུ་མ་པ་ལ་སྐྱོན་འདི་འདོགས་པ་སྐྱོན་དེ་དག་དབུ་མ་པའི་སྟོང་པ་ཉིད་ལ་མི་འཐད་པར་བསྟན་པའི་ཕྱིར། ཁྱོད་ནི་ང་ལ་སྟོང་པ་ཉིད། །སྐྱོན་དུ་ཐལ་བར་འགྱུར་བ་ཡིས། །སྤོང་ བར་བྱེད་པ་གང་ཡིན་པ། །དེ་ནི་སྟོང་ལ་མི་འཐད་དོ། །ཁྱོད་ཁོ་བོ་ལ་སྟོང་པ་ཉིད། །གལ་ཏེ་འདི་དག་ཀུན་སྟོང་ན། །འབྱུང་བ་མེད་ཅིང་འཇིག་པ་མེད། །ཅེས་བྱ་བ་ནས། དེ་སྐད་སྨྲ་ན་དཀོན་པའི་མཆོག །གསུམ་ལ་གནོད་པ་བྱེད་པ་ཡིན། །ཞེས་བྱ་བའི་བར་གྱིས་སྐྱོན་དུ་ཐལ་ བར་འགྱུར་བ་དག་གིས་སྤོང་བར་བྱེད་པ་གང་ཡིན་པ་དེ་ནི་སྟོང་པ་ཉིད་ལ་མི་འཐད་དེ། དོན་དམ་པར་ནི་དངོས་པོ་མེད་པའི་ངོ་བོ་ཉིད་ཀྱིས་ཀྱང་སྟོང་པའི་ཕྱིར་ཁོ་བོ་དངོས་པོ་མེད་པ་ཡང་སྟོང་པར་མི་བྱེད་པའི་ཕྱིར་རོ་ཞེས་བྱ་བར་དགོངས་སོ་ཞེས་བྱ་བ་སྨྲས