Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 101

Văn bản gốc(Tây Tạng)

Trang 14 / 23 (50.000 ký tự/trang)
ུང་བས་ཐ་སྙད་ཀྱི་སྒོ་ནས་ཀྱང་གསུང་བརྗོད་པ་མི་མངའ་བས་སྨྲ་བ་པོ་ཉིད་མ་ཡིན་པའི་ཕྱིར་སྨྲ་བ་པོ་ཉིད་དུ་མ་གྲུབ་པས། དེའི་ཕྱིར་ཁོ་བོ་ཅག་ལ་ནི་ཁས་བླངས་པ་ལ་གནོད་པ་ཡང་མེད་དོ། །ཇི་སྟེ་གཞན་དག་གིས་
འདས་པ་དང་མ་འོངས་པ་དང་ད་ལྟར་དུ་གཏོགས་པ་དང་། མ་གཏོགས་པ་དག་ཇི་ལྟར་ཤེས་པ་དེ་ལྟར་བཅོམ་ལྡན་འདས་ཀྱིས་མི་མཁྱེན་ཏོ་ཞེ་ན་ནི་གྲུབ་པ་ལ་སྒྲུབ་པ་ཡིན་ཏེ། དེ་དག་གིས་ལོག་པའི་ཤེས་པས་ཤེས་བྱ་ལོག་པར་ཤེས་པའི་ཕྱིར་རོ་ཞེས་བྱ་བ་ནི་ཇི་སྟེ་ཕ་རོལ་པོ་དག་འདི་སྐད་ཅེས་ལྷ་ཆེན་
པོ་དང་། ཁྱབ་འཇུག་དང་། རྐང་མིག་དང་། འཕེལ་བ་དང་། སེར་སྐྱ་དང་། གཟེགས་ཟན་ལ་སོགས་པ་དག་གིས་དུས་གསུམ་གྱི་ཁོངས་སུ་གཏོགས་པ་དང་མ་གཏོགས་པའི་དངོས་པོ་དག་ཇི་ལྟར་ཤེས་པ་དེ་ལྟར་བཅོམ་ལྡན་འདས་ཀྱིས་མི་མཁྱེན་པས་ཐམས་ཅད་མཁྱེན་པ་ཉིད་མ་ཡིན་ནོ་ཞེ་
ན་ནི་གྲུབ་པ་ལ་སྒྲུབ་པ་ཡིན། ལྷ་ཆེན་པོ་ལ་སོགས་པ་དེ་དག་གིས་ལོག་པའི་ཤེས་པས་ཤེས་བྱ་ཇི་སྙེད་ཡོད་པ་ཉིད་དང་། ཇི་ལྟ་བ་བཞིན་དུ་ཡོད་པ་ཉིད་ལོག་པར་ཤེས་པ་དེ་ལྟར་བཅོམ་ལྡན་འདས་སོ་སོ་ཡང་དག་པར་རིག་པའི་མཁྱེན་པར་ཁོ་བོ་ཅག་གི་གཞུང་ལ་ཡང་གྲུབ་པའི་ཕྱིར་དེ་ཡང་རིགས་པ་མ་
ཡིན་ནོ། །ཇི་སྟེ་མཁྱེན་པ་མ་ཡིན་ནོ་ཞེས་བྱ་བ་ངན་པ་མཁྱེན་པའོ་ཞེ་ན་ནི་ཁོ་བོ་ཅག་གི་སྟོན་པ་ཐམས་ཅད་ཤེས་པའོ་ཞེས་སྒྲུབ་པ་རྣམས་ཀྱི་རང་གི་སྟོན་པ་དག་གི་གཏན་ཚིགས་ཐམས་ཅད་མ་ངེས་པ་ཉིད་དོ་ཞེས་བྱ་བ་ནི་ཇི་སྟེ་ཕ་རོལ་པོ་དག་འདི་སྐད་ཅེས་ཐམས་ཅད་མཁྱེན་པ་མ་ཡིན་ནོ་ཞེས་བྱ་བ་རྒྱུ་མེད་པ་
དང་། མི་མཐུན་པའི་རྒྱུ་དང་། རྟག་པ་དང་ཆད་པར་ལྟ་བ་ལ་སོགས་པ་ངན་པ་དག་མཁྱེན་པའི་ཕྱིར་རོ་ཞེ་ན་ནི་གཏན་ཚིགས་མ་ངེས་པ་ཉིད་དེ། འདི་ན་མུ་སྟེགས་ཅན་དག་ཁོ་བོ་ཅག་གི་སྟོན་པ་རྫོགས་བྱེད་ལ་སོགས་པ་ཐམས་ཅད་ཤེས་པའོ་ཞེས་བསྒྲུབ་པ་རྣམས་ཀྱི་རང་གི་སྟོན་པ་རྫོགས་བྱེད་ལ་

སོགས་པ་དག་རྒྱུ་མེད་པ་དང་། མི་མཐུན་པའི་རྒྱུ་དང་། རྟག་པ་དང་། ཆད་པར་ལྟ་བ་ལ་སོགས་པ་ངན་པ་དག་ཤེས་པས་ཐམས་ཅད་མཁྱེན་པ་མ་ཡིན་པར་མཐོང་བས་དེས་ན་ཇི་རེ་ཞིག་ངན་པ་མཁྱེན་པས་དེ་བཞིན་གཤེགས་པ་ཐམས་ཅད་མཁྱེན་པ་མ་ཡིན་པར་འགྱུར་
རམ། འོན་ཏེ་ངན་པར་ཤེས་པས་རྫོགས་བྱེད་ལ་སོགས་པ་དག་ཐམས་ཅད་ཤེས་པ་མ་ཡིན་པར་འགྱུར་བའི་གཏན་ཚིགས་ཐམས་ཅད་མ་ངེས་པ་ཉིད་ཡིན་པས་དེ་ཡང་གྱི་ནའོ། །དཔྱོད་པ་ཅན་དག་གི་ནི་རྒྱལ་དཔོག་ལ་སོགས་པ་དག་གིས་མ་ངེས་པ་ཉིད་དེ་ཞེས་བྱ་བ་ལ་སོགས་པས་ནི་མུ་སྟེགས་དཔྱོད་
པ་ཅན་རིག་བྱེད་ཀྱི་མཐའ་གསང་བ་སྨྲ་བ་དག་གི་གཞུང་ལས་འཇིག་རྟེན་ན་ཐམས་ཅད་མཁྱེན་པ་ཞེས་བྱ་བ་ནི་འགའ་ཡང་མེད་དེ། རིག་བྱེད་འབའ་ཞིག་ཡོང་གི་རྟག་པ་བྱེད་པ་པོ་གཞན་མེད་པ་ཐམས་ཅད་མཁྱེན་པ་མ་ཡིན་པས་ཤེས་པ་ཅན་གཞན་ནི་ཁ་ཅིག་ནི་ཡང་དག་པའི་ཤེས་པ་ཅན་ཡིན།
ཁ་ཅིག་ནི་ལོག་པའི་ཤེས་པ་ཅན་ཡིན་པར་ཟད་ཀྱི། ཐམས་ཅད་མཁྱེན་པ་གཞན་འགའ་ཡང་མེད་པས་དེ་བཞིན་གཤེགས་པ་ཡང་ཐམས་ཅད་མཁྱེན་པ་མ་ཡིན་ནོ་ཞེས་ཟེར་ཏེ། དེ་དག་གི་གཞུང་དེ་ཡང་འདི་ན་དཔྱོད་པ་ཅན་དག་ཉིད་ཀྱི་སྟོན་པ་རྒྱལ་དཔོག་ལ་སོགས་པ་དག་ཀྱང་རིགས་
བྱེད་ཀྱི་མཐའ་སྨྲ་བར་ཟད་ཀྱི། རང་ཉིད་ཐམས་ཅད་མཁྱེན་པ་མ་ཡིན་པར་མཐོང་བས་དེས་ན་ཇི་རེ་ཞིག་རིག་བྱེད་ཐམས་ཅད་མཁྱེན་པ་མ་ཡིན་པའི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་མཁྱེན་པ་མ་ཡིན་པར་འགྱུར་རམ། འོན་ཏེ་རྒྱལ་དཔོག་ལ་སོགས་པ་ཐམས་ཅད་མཁྱེན་པ་མ་
ཡིན་པར་འགྱུར་བ་མ་ངེས་པ་ཉིད་ཡིན་པས་དེས་ཀྱང་གཞུང་མི་ཚུགས་སོ་ཞེས་སྟོན་ཏོ། །དེའི་ཕྱིར་དེ་དག་ལ་བརྒལ་ཞིང་བརྟག་པ་བསྟན་པའི་ཕྱིར། རེ་ཞིག་རབ་རིབ་ཀྱིས་ཟིལ་གྱིས་ནོན་པ་དེ་དག་ལ། འདི་སྐད་ཅེས་དྲི་བར་བྱ་སྟེ། གང་གིས་ཞེས་བྱ་བ་གང་གི་ངོ་བོ་ཉིད་ཤེས་པ་དེ་ཡང་དག་པའི་
ཤེས་པ་དང་ལྡན་པར་བརྗོད་པར་བྱའོ་ཞེས་བྱ་བ་སྨྲས་ཏེ། ཁྱེད་ན་རེ་རིག་བྱེད་འབའ་ཞིག་ཡོང་གི་རྟག་པ་བྱེད་པ་པོ་གཞན་མེད་ལ། ཐམས་ཅད་མཁྱེན་པ་ཡིན་པས་ཤེས་པ་ཅན་གཞན་ནི་ཁ་ཅིག་ནི་ཡང་དག་པའི་ཤེས་པ་ཅན་ཡིན། ཁ་ཅིག་ནི་ལོག་པའི་ཤེས་པ་ཅན་ཡིན་པར་ཟད་ཀྱི། ཐམས་

ཅད་མཁྱེན་པ་གཞན་འགའ་ཡང་མེད་པས་དེ་བཞིན་གཤེགས་པ་ཡང་ཐམས་ཅད་མཁྱེན་པ་མ་ཡིན་ནོ་ཞེས་ཟེར་ན། འོ་ན་ཤེས་པ་ཅན་གཞན་དག་ལས་གང་གིས་ཞེས་བྱ་བ། གང་གི་ངོ་བོ་ཉིད་ཤེས་པ་དེ་ཡང་དག་པའི་ཤེས་པ་དང་ལྡན་པར་བརྗོད་པ་སྨྲོས་ཤིག་ཅེས་དྲི་བར་བྱའོ། །དེ་སྐད་ཅེས་དྲིས་
པ་ན། དེ་དག་གལ་ཏེ་འདི་སྐད་ཅེས་འདིའི་ངོ་བོ་ཉིད་ནི་འདིའོ་ཞེས་དེ་དག་གྲུབ་པའི་མཐའ་ཡོངས་སུ་བཟུང་སྟེ་སྨྲ་ན་ཞེས་བྱ་བ་ནི་དེ་སྐད་ཅེས་དྲིས་པ་ན། དེ་དག་འདི་སྐད་ཅེས་ཁོ་བོ་ཅག་གི་སྟོན་པ་རྒྱལ་དཔོག་ལ་སོགས་པ་འདིའི་ངོ་བོ་ཉིད་ནི་ཡང་དག་པའི་ཤེས་པ་དང་ལྡན་པ་འདི་ཡིན་ནོ། །ཁྱེད་
ཀྱི་སྟོན་པ་དེ་བཞིན་གཤེགས་པ་འདིའི་ངོ་བོ་ཉིད་ནི་ལོག་པའི་ཤེས་པ་དང་ལྡན་པ་འདི་ཡིན་ནོ་ཞེས་དེ་དག་རང་གི་གྲུབ་པའི་མཐའ་ཡོངས་སུ་བཟུང་སྟེ་སྨྲ་ནའོ། །དེ་དག་དེ་སྐད་སྨྲ་ན། འགྲེལ་པ་བྱེད་པས་དེ་དག་ལ། དགག་པ་སྐབས་ཇི་ལྟར་གསུངས་པ་དག་རྒྱ་ཆེར་བརྗོད་པར་བྱའོ་ཞེས་བྱ་བ་
སྨྲས་ཏེ། འདི་ན་རྒྱལ་དཔོག་ལ་སོགས་པ་དང་སོ་སོའི་སྐྱེ་བོ་གཞན་དག་ཀྱང་རིག་བྱེད་མ་ཡིན་པས་ལོག་པའི་ཤེས་པ་དང་ལྡན་པར་མཐོང་བས་དེས་ན་ཇི་རེ་ཞིག་དེ་བཞིན་གཤེགས་པ་རིག་བྱེད་མ་ཡིན་པས་སོ་སོའི་སྐྱེ་བོ་གཞན་དག་བཞིན་དུ་ལོག་པའི་ཤེས་པ་དང་ལྡན་པར་འགྱུར་རམ། འོན་ཏེ་
རྒྱལ་དཔོག་ལ་སོགས་པ་དག་རིག་བྱེད་མ་ཡིན་པས་སོ་སོའི་སྐྱེ་བོ་གཞན་དག་བཞིན་དུ་ལོག་པའི་ཤེས་པ་དང་ལྡན་པར་འགྱུར་བ་མ་ངེས་པས་དེ་བཞིན་གཤེགས་པ་ལོག་པའི་ཤེས་པ་དང་ལྡན་པར་མ་གྲུབ་པོ་ཞེས་བྱ་བ་དང་། རིག་བྱེད་ཉིད་ལས་གང་ཞིག་གླང་པོ་ཆེ་ཐལ་ཀར་མཆེ་བ་དྲུག་དང་
ལྡན་པར་སྤྲུལ་ཏེ། ཡུམ་གྱི་ལྷུམས་སུ་ཞུགས་ཤིང་འཁྲུངས་ནས་ཤེས་བྱའི་རྒྱ་མཚོ་ཐམས་ཅད་འཐུང་བ་དེ་ནི་འཇིག་རྟེན་ན་ཐམས་ཅད་མཁྱེན་པ་ཉིད་ཡིན་ནོ་ཞེས་འབྱུང་བ་དེ་ཟླ་གཞན་མེད་པས་དེ་བཞིན་གཤེགས་པ་ཉིད་ཐམས་ཅད་མཁྱེན་པ་ཉིད་ཡིན་པར་ངེས་པའི་གཏན་ཚིགས་དག་རྒྱ་ཆེར་
བརྗོད་པར་བྱ་སྟེ། དེས་ན་ཐམས་ཅད་མཁྱེན་པ་གྲུབ་པོ། །གང་དག་མཁས་པར་རློམ་པས་འཁྲུལ་པ་དག་གིས་སྨྲས་པ། དེ་བཞིན་གཤེགས་པ་ནི་ཐམས་ཅད་མཁྱེན་པ་མ་ཡིན་ཏེ། ལུང་དུ་མ་བསྟན་པའི་དངོས་པོ་ལུང་མ་བསྟན་པའི་ཕྱིར་དང་། མཛེས་ལྡན་མ་གསོད་པ་མ་སྦྲན་པའི་ཕྱིར་

དང་། བྲམ་ཟེའི་བུ་མོ་དྲེགས་མས་སྐུར་པ་བཏབ་པའི་ཕྱིར་དང་། གྲོང་ཁྱེར་དམར་ཅན་གྱི་བུ་འཇིག་པ་མ་ངེས་པའི་ཕྱིར་དང་། འཁོར་བའི་སྔོན་གྱི་མཐའ་མི་མངོན་ཞེས་རང་ཉིད་མི་ཤེས་པར་ཁས་བླངས་པའི་ཕྱིར་དང་། ལྷས་བྱིན་རབ་ཏུ་བྱུང་བ་ལ་སོགས་པ་དག་གི་ཕྱིར་
དཔེར་ན་མི་ཕལ་པ་བཞིན་ནོ་ཞེས་བྱ་བ་ནི་མུ་སྟེགས་ཅན་གང་དག་ཐམས་ཅད་ཤེས་པ་མ་ཡིན་པར་ཐམས་ཅད་ཤེས་པར་མངོན་པའི་ང་རྒྱལ་ཅན་བདག་ཉིད་ཀྱང་འཁྲུལ་པས་ཕུང་བར་བྱེད་ལ་གཞན་དག་ཀྱང་ལམ་ལོག་པར་གཏོང་བ་དག་དེ་བཞིན་གཤེགས་པ་ཐམས་ཅད་མཁྱེན་པ་མ་ཡིན་པར་
སྒྲུབ་པའི་རྗེས་སུ་དཔག་པ་གཞན་ཡིན་ཏེ། དེ་དག་ཀྱང་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་མི་ཕལ་པས་ནི་ལུང་དུ་མ་བསྟན་པའི་དངོས་པོ་ལུང་སྟོན་པ་དང་། མཛེས་ལྡན་མ་གསོད་པ་དག་སྦྲོན་པ་དང་། དྲེགས་མའི་
སྐུར་པ་ཟློག་པ་དང་། དམར་ཅན་གྱི་བུ་ཇིས་འཇིག་པ་དང་། འཁོར་བའི་མཐའ་སྟོན་པ་དང་། ལྷས་བྱིན་རབ་ཏུ་བྱུང་བ་བཟློག་པ་ལ་སོགས་པ་མི་ཤེས་པས་ཐམས་ཅད་མཁྱེན་པ་མ་ཡིན་པ་དེ་བཞིན་དུ་དེ་བཞིན་གཤེགས་པས་ཀྱང་དེ་དག་མི་མཁྱེན་པས་ཐམས་ཅད་མཁྱེན་པ་མ་ཡིན་ནོ། །དེ་ལ་
ལུང་དུ་མ་བསྟན་པའི་དངོས་པོ་ལུང་མ་བསྟན་པ་ཞེས་བྱ་བ་ནི་ལུང་དུ་མ་བསྟན་པའི་དངོས་པོ་བཅུ་བཞི་པོ་འདི་ལྟ་སྟེ། འཇིག་རྟེན་རྟག་པ་དང་འཇིག་རྟེན་མི་རྟག་པ་དང་། རྟག་ཀྱང་རྟག་ལ་མི་རྟག་ཀྱང་མི་རྟག་པ་དང་རྟག་པ་ཡང་མ་ཡིན། མི་རྟག་པ་ཡང་མ་ཡིན་པ་དང་། འཇིག་རྟེན་མཐའ་ཡོད་པ་དང་།
འཇིག་རྟེན་མཐའ་ཡོད་པ་མ་ཡིན་པ་དང་། མཐའ་ཡོད་ཀྱང་ཡོད་ལ། མཐའ་མེད་ཀྱང་མེད་པ་དང་། མཐའ་ཡོད་པ་ཡང་མ་ཡིན། མཐའ་མེད་པ་ཡང་མ་ཡིན་པ་དང་། དེ་བཞིན་གཤེགས་པ་མྱ་ངན་ལས་འདས་ནས་ཡོད་པ་དང་། དེ་བཞིན་གཤེགས་པ་མྱ་ངན་ལས་འདས་ནས་མེད་པ་དང་།
དེ་བཞིན་གཤེགས་པ་མྱ་ངན་ལས་འདས་ནས་ཡོད་ཀྱང་ཡོད་ལ་མེད་ཀྱང་མེད་པ་དང་། དེ་བཞིན་གཤེགས་པ་མྱ་ངན་ལས་འདས་ནས་ཡོད་པ་འང་མ་ཡིན། མེད་པའང་མ་ཡིན་པ་དང་། སྲོག་དེ་ལུས་དེ་ཡིན་པ་དང་། སྲོག་ཀྱང་གཞན་ལ་ལུས་ཀྱང་གཞན་ཞེས་བྱ་བར་ལུང་དུ་མ་བསྟན་པ་དེ་

དག་དེ་བཞིན་གཤེགས་པས་ཀྱང་ལུང་མ་བསྟན་པའི་ཕྱིར་རོ། །མཛེས་ལྡན་མ་གསོད་པ་མ་སྦྲན་པ་ཞེས་བྱ་བ་ནི་བྲམ་ཟེ་རྣམས་ཀྱིས་བཅོམ་ལྡན་འདས་ལ་སྐུར་པ་གདབ་པའི་ཕྱིར་ཤཱཀྱའི་བུ་མོ་མཛེས་ལྡན་མ་བསད་དེ། བཅོམ་ལྡན་འདས་ཀྱི་འཆག་སར་བོར་བ་དེ་བཞིན་གཤེགས་པས་སྔར་མ་སྦྲན་
པའི་ཕྱིར་རོ། །བྲམ་ཟེའི་བུ་མོ་དྲེགས་མས་སྐུར་པ་བཏབ་པ་ཞེས་བྱ་བ་ནི་དེས་བཅོམ་ལྡན་འདས་ལ་སྐུར་པ་གདབ་པའི་ཕྱིར་ཤིང་གི་གཞོང་བུ་ལྟོ་བར་གླན་ཏེ་གཡོགས་ནས་སྐྱེ་བོ་ཕལ་པོ་ཆེའི་མདུན་དུ། དགེ་སྦྱོང་གཽ་ཏ་མས་བདག་སྦྲུམ་པར་བྱས་སོ་ཞེས་ཟེར་བ་དེ་བཞིན་གཤེགས་པས་མ་བཟློག་པའི་
ཕྱིར་རོ། །གྲོང་ཁྱེར་དམར་ཅན་གྱི་བུ་འཇིག་པ་མ་ངེས་པ་ཞེས་བྱ་བ་ནི། བཅོམ་ལྡན་འདས་ཀྱི་གྲོང་ཁྱེར་དེ་ཆུའམ་མེས་འཇིག་གོ་ཞེས་གསུངས་པས་གཏན་ལ་བབ་པར་ཆུའམ་མེ་གང་གིས་འཇིག་པ་ངེས་པར་མ་བསྟན་པའི་ཕྱིར་རོ། །འཁོར་བའི་སྔོན་གྱི་མཐའ་མི་མངོན་ནོ་ཞེས་རང་ཉིད་མི་ཤེས་པར་
ཁས་བླངས་པ་ཞེས་བྱ་བ་ནི་གཞན་དག་གིས་འཁོར་བའི་སྔོན་གྱི་མཐའ་མངོན་ནམ་ཞེས་ཞུས་པ་ན། བཅོམ་ལྡན་འདས་ཀྱིས་མི་མངོན་ནོ་ཞེས་གསུངས་པས་རང་ཉིད་མི་ཤེས་པར་ཁས་བླངས་པའི་ཕྱིར་རོ། །ལྷས་བྱིན་རབ་ཏུ་བྱུང་བ་ཞེས་བྱ་བ་ནི་དེ་རབ་ཏུ་ཕྱུང་ན། དེ་དག་དགེ་འདུན་གྱི་དབྱེན་
བྱེད་པར་འགྱུར་བར་མི་མཁྱེན་ནས་དེ་རབ་ཏུ་བྱུང་བའི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་མཁྱེན་པ་མ་ཡིན་ནོ། །སྩོགས་པའི་སྒྲས་ནི་ཕ་རོལ་པོ་དག་དེ་བཞིན་གཤེགས་པ་ཐམས་ཅད་མཁྱེན་པ་མ་ཡིན་པར་སྒྲུབ་པའི་གཏན་ཚིགས་འདི་སྐད་ཟེར་བ་དག་བསྡུ་སྟེ། ཤེས་བྱ་མཐའ་
ཡས་ཀུན་ཤེས་མིན། །ཤེས་བྱེད་གཞན་ཡོད་ཐུག་པ་མེད། །གཅིག་གིས་རྒྱུ་དང་མི་རྒྱུ་བ། །ཐམས་ཅད་ཤེས་པར་བྱར་མི་ནུས། །སྦྱོར་བ་དམིགས་སུ་མེད་པའི་ཕྱིར། །བསྟན་བཅོས་ཀུན་ཤེས་ག་ལ་ཡིན། །རིག་བྱེད་དག་ནི་ཐམས་ཅད་ཀྱི། །ཀློག་པ་གང་དག་མི་སྲིད་
ཕྱིར། །འཇིག་རྟེན་དག་ན་མི་རྣམས་དང་། །མུ་སྟེགས་བྱེད་ལའང་ཀུན་མཁྱེན་མེད། །འདོད་ཆགས་ཞེ་སྡང་སྐྱེ་བའམ། །གལ་ཏེ་མི་ཤེས་ཀུན་རིག་མིན། །མ་འོངས་པ་དག་མི་ཤེས་ཕྱིར། །ཀུན་རིག་མེད་པ་ཁོ་ནར་སེམས། །གང་ཕྱིར་ཀུན་མཁྱེན་སུན་འབྱིན་པ། །ཁོ་བོ་

ཉིད་ཀྱང་ཤེས་མ་གྱུར། །རྡོ་སྒྱོགས་འཕེན་པར་བྱེད་པ་ཡི། །ལྷས་བྱིན་བསྡུས་པར་གྱུར་ཕྱིར་དང་། །གླང་པོའི་དབང་པོ་འོང་བ་ཡི། །མ་འོངས་པ་དག་ཤེས་མ་གྱུར། །སྐུར་འདེབས་མཛེས་ལྡན་གསོད་པ་དང་། །ཅི་ཡི་ཕྱིར་ན་བསྟན་མ་གྱུར། །གང་ཕྱིར་དང་པོ་ཉིད་ནས་ནི། །
དགེ་སློང་བསྲུང་བ་མ་བྱས་ཕྱིར། །བདུད་ཀྱི་ལས་ནི་མི་ཤེས་པས། །སཱ་ལའི་གྲོང་དུ་ཞུགས་པ་དང་། །བྲམ་ཟེ་བརྗེད་པར་གྱུར་ནས་ནི། །ནས་རུལ་བྱིན་པ་ཟོས་པར་གྱུར། །བསླབ་གཞི་འཆའ་བའི་སྔ་རོལ་དུ། །ལྟུང་བ་རྣམ་པར་གཞག་པ་དག །ཅི་ཡི་ཕྱིར་ན་བྱས་མ་གྱུར། །དེ་ཕྱིར་མ་འོངས་ཤེས་
པ་མིན། །ན་ཚོད་དང་ནི་རིགས་དང་རུས། །ཚུལ་ཁྲིམས་ཡོན་ཏན་ལྡན་པ་དང་། །ཐོས་དང་ཤེས་དང་འབྲས་བུ་ཡིས། །ཕྱུག་པའི་རྐང་ལ་ཕྱག་བྱར་རིགས། །གང་ལ་ཡིད་གཉིས་སྐྱེ་བ་ཡི། །ཆོས་དེ་སུ་ཞིག་སྨྲ་བར་འདོད། །སེམས་ཅན་སྐལ་ལྡན་མི་ཤེས་ཤིང་། །ད་ལྟར་བྱུང་བའང་མི་ཤེས་ཕྱིར། །
ལྔ་པ་དང་ནི་བཟང་སྡེའི་ཚོགས། །ད་ལྟར་ག་ལ་འཁོད་ཅེས་འདྲི། །ལྷ་རྣམས་ཀྱིས་ནི་སྦྲན་པའི་ཕྱིར། །ད་ལྟར་བྱུང་བ་ཤེས་མ་གྱུར། །གང་ཕྱིར་རེངས་བྱེད་སྒྱུ་རྩལ་ཤེས། །ཤི་བ་དག་ཀྱང་ལྷས་བསྟན་པ། །དེ་ཕྱིར་འདས་པ་མི་ཤེས་པས། །དེས་ན་ཐམས་ཅད་མཁྱེན་པ་མིན། །གྲོང་ཁྱེར་འཇིག་པར་འགྱུར་
བ་ནི། །མེ་འམ་ཆུས་ནི་མ་ངེས་པས། །ཐེ་ཚོམ་ཅན་གྱི་ཚིག་ཅན་ནི། །ཀུན་མཁྱེན་མིན་པར་གསལ་བར་ཤེས། །ཐམས་ཅད་མཁྱེན་པ་ཡིན་གྱུར་ན། །གཞན་ལ་འདྲི་བ་མི་རིགས་གྲང་། །དེས་ནི་དགེ་སློང་ཚོགས་རྣམས་ལ། །ད་ལྟར་ཅི་སྨྲ་འཁོད་ཅེས་དྲི། །མུ་སྟེགས་འདི་དག་ངོ་ཚ་མེད། །ང་ནི་
ལུས་ཅན་མཆོག་ཡིན་ཞེས། །བདག་སྟོད་གཞན་ལ་སྨོད་བྱེད་པ། །ཇི་ལྟར་ཀུན་མཁྱེན་ཡིན་པར་འདོད། །ངས་ནི་སྔོན་བྱུང་མ་ཡིན་པའི། །འཕགས་ལམ་སྙིང་པོ་ཐོབ་གྱུར་ཅེས། །སྔ་ཕྱི་འགལ་བའི་ཚིག་སྨྲ་བ། །ཇི་ལྟར་ཐམས་ཅད་མཁྱེན་པར་རིགས། །ཞེས་བྱ་བ་དག་ཀྱང་གཏན་ཚིགས་
ཡིན་ཏེ། དེའི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་མཁྱེན་པ་མ་ཡིན་ནོ་ཞེས་ཟེར་རོ། །དེ་སྐད་ཅེས་ཟེར་བའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས། དེ་དག་གི་ཡང་དམ་བཅས་པའི་དོན་རྣམ་པར་བརྟགས་ནས། སྐྱོན་ཇི་སྐད་བསྟན་པ་དག་ཉིད་བརྗོད་པར་བྱ་ཞིང་གཏན་ཚིགས་དང་དཔེའི་སྐྱོན་

དག་ཅི་རིགས་པར་བརྗོད་པར་བྱའོ་ཞེས་བྱ་བ་སྨྲས་ཏེ། འདིར་རྒོལ་བ་དེ་དག་གིས་སྒྲུབ་པ་སུན་དབྱུང་ཞིང་དེ་བཞིན་གཤེགས་པ་ཐམས་ཅད་མཁྱེན་པ་མ་ཡིན་པ་ཉིད་དུ་བསྒྲུབ་པ་ཡང་ཕ་རོལ་པོ་དག་གི་དམ་བཅས་པའི་དོན་དམ་པར་བརྟགས་ནས། སྐྱོན་སྔར་ཇི་སྐད་བསྟན་པ་དག་ཉིད་བརྗོད་པར་བྱ་ཞིང་
གཏན་ཚིགས་དང་དཔེའི་སྐྱོན་དག་ཅི་རིགས་པར་བརྗོད་པར་བྱའོ། །འདི་སྐད་བསྟན་ཏེ། དེ་ལ་འདིར་དོན་དམ་པ་པའི་དེ་བཞིན་གཤེགས་པ་ཐམས་ཅད་མཁྱེན་པ་མ་ཡིན་ནོ་ཞེས་སྟོན་ན་ནི་ལུང་དུ་མ་བསྟན་པའི་དངོས་པོ་ལུང་དུ་མ་བསྟན་པའི་ཕྱིར་དང་། མཛེས་ལྡན་མ་གསོད་པར་མ་སྦྲན་པའི་ཕྱིར་དང་། བྲམ་ཟེའི་བུ་མོ་དྲེགས་
མས་སྐུར་པ་བཏབ་པའི་ཕྱིར་དང་། གྲོང་ཁྱེར་དམར་ཅན་གྱི་བུ་འཇིག་པ་མ་ངེས་པའི་ཕྱིར་དང་། འཁོར་བའི་སྔོན་གྱི་མཐའ་མི་མངོན་ཞེས་རང་ཉིད་མི་ཤེས་པར་ཁས་བླངས་པའི་ཕྱིར་དང་། ལྷས་བྱིན་རབ་ཏུ་ཕྱུང་བ་དང་། ཤེས་བྱ་མཐའ་ཡས་ཀུན་མཁྱེན་མིན། །ཤེས་བྱེད་གཞན་ཡོད་ཐུག་པ་
མེད། །གཅིག་གིས་རྒྱུ་དང་མི་རྒྱུ་བ། །ཐམས་ཅད་ཤེས་པར་བྱར་མི་ནུས། །ཞེས་བྱ་བ་ལ་སོགས་པའི་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་དེ། ཅིའི་ཕྱིར་ཞེ་ན། འདི་ལྟར་དོན་དམ་པར་ལུང་དུ་མ་བསྟན་པའི་དངོས་པོ་ལ་སོགས་པ་དེ་དག་མ་སྐྱེས་པའི་ཕྱིར་རོ། །དཔེར་ན་མི་ཕལ་པ་བཞིན་ནོ་ཞེས་
བྱ་བ་སྨྲས་པའི་དཔེ་ཡང་མ་གྲུབ་སྟེ། ཅིའི་ཕྱིར་ཞེ་ན། འདི་ལྟར་དོན་དམ་པར་མི་ཕལ་པ་ཡང་མ་སྐྱེས་པས་དཔེའི་ཆོས་ཅན་མ་གྲུབ་པའི་སྐྱོན་ཡོད་པའི་ཕྱིར་རོ། །འོན་ཏེ་འདིར་ཐ་སྙད་པའི་དེ་བཞིན་གཤེགས་པ་ཐམས་ཅད་མཁྱེན་པ་མ་ཡིན་ནོ་ཞེས་སྟོན་ན་ནི་ཐམས་ཅད་མཁྱེན་པ་མ་ཡིན་ནོ་ཞེས་དམ་
བཅས་པ་དེའི་དོན་ཀྱང་རེ་ཞིག་གང་ཡིན། ཅི་ཐམས་ཅད་ནི་མི་མཁྱེན་ལ། ཅུང་ཟད་མཁྱེན་པ་ཡིན་ནམ། འོན་ཏེ་ཅུང་ཟད་ཀྱང་མི་མཁྱེན་པ་ཡིན། དེ་ལ་གལ་ཏེ་བརྟག་པ་སྔ་མ་ལྟར་འདོད་ན་ནི་དེས་ཅི་ཞིག་མི་མཁྱེན་པར་འདོད། གལ་ཏེ་དབང་པོ་ལས་འདས་པའོ་ཞེ་ན། དེས་དེ་མཁྱེན་ཏེ། ཤེས་བྱ་
ཡིན་པའི་ཕྱིར་ཉིད་ཀྱི་ཕྱག་མཐིལ་དུ་ནོར་བུ་དྲི་མ་མེད་པ་ལ་སོགས་པ་བཞག་པ་བཞིན་ནོ། །འོན་ཏེ་བརྟག་པ་ཕྱི་མ་ལྟར་འདོད་ན་ནི་ཕྱོགས་སྔ་མ་ལ་གནོད་པ་དང་། གྲགས་པས་གནོད་དེ། དེ་མི་མ་ཡིན་པའི་ཕྱིར་ཞེས་ཁས་བླངས་པའི་ཕྱིར་དང་། སོ་སོའི་སྐྱེ་བོ་ལ་སོགས་པའི་དཔེ་དག་འཇིག་རྟེན་ལ་

གྲགས་པས་མི་རུང་སྟེ། དེ་དག་གིས་ཀྱང་ཡུལ་འགའ་ཞིག་ཤེས་པའི་ཕྱིར་རོ་ཞེས་སྔར་བསྟན་པའི་ལུགས་བཞིན་དུ་ཅི་རིགས་པར་དགག་པར་བྱ་སྟེ། རེ་ཞིག་དེ་དག་ནི་སུན་འབྱིན་པ་ཐམས་ཅད་ཀྱི་ལན་སྤྱིར་གདབ་པ་ཡིན་ནོ། །ད་ནི་ཕྱོགས་སྔ་མ་སྨྲ་བ་དག་གིས། ཤེས་བྱ་
མཐའ་ཡས་ཀུན་ཤེས་མིན། །ཞེས་བྱ་བ་ལ་སོགས་པས་སུན་འབྱིན་པའི་གཏན་ཚིགས་སྨྲས་པ་དེ་དག་རེ་རེ་ནས་ལན་གདབ་པ་བསྟན་པར་བྱ་སྟེ། ཇི་ལྟར་ནམ་མཁས་རྟག་ཏུ་ནི། །གཟུགས་དངོས་ཐམས་ཅད་ཁྱབ་པ་ལྟར། །དེ་བཞིན་ཡེ་ཤེས་མཁའ་འདྲ་བས། །ཤེས་བྱ་ཀུན་ལ་ཁྱབ་
པར་འདོད། །ཤེས་དང་ཤེས་བྱ་མཉམ་པའི་ཕྱིར། །ཐུབ་པ་ཐམས་ཅད་མཁྱེན་པར་གྲུབ། །ཐུབ་པ་མེད་པ་ཡོད་མིན་ཏེ། །ལུང་ལས་ཡེ་ཤེས་ཆ་ཕྲར་གསུངས། །གང་ཕྱིར་འཇིག་རྟེན་འདི་དག་ན། །བདག་ནི་ཤེས་ལྡན་གླེན་པ་ཞེས། །རང་ལ་ཤེས་པ་འཇུག་པའི་ཕྱིར། །བདག་ཉིད་ཤེས་
པ་འགལ་བ་མེད། །ང་ནི་བདག་དང་ལྔ་ཡིན་ཞེས། །དེས་ནི་གྲངས་ཅན་རྣམ་པར་མཁྱེན། །ངོ་བོ་ཉིད་ཀྱང་རྣམ་མཁྱེན་ཏེ། །མར་མེས་བདག་ཉིད་ཇི་བཞིན་ནོ། །གཅིག་གིས་དོན་རྣམས་མང་པོ་དག །རྣམ་པར་མཁྱེན་པ་ཉིད་ཀྱང་སྣང་། །གང་ཕྱིར་སྟོན་པ་སྤྱན་ལྡན་པ། །དམུས་ལོང་
མང་པོ་རྣམས་ལྟར་མིན། །རྒྱལ་བའི་བསྟན་པ་བཤད་པ་ལ། །སྦྱོར་བ་དམིགས་སུ་མེད་པ་ནི། །རིག་བྱེད་ཉེར་ཞི་མ་ཡིན་པས། །དེ་ཕྱིར་མཁྱེན་ཀྱང་མ་བསྟན་ཏོ། །གལ་ཏེ་འཆི་མེད་ཡོད་པའི་ཕྱིར། །རིག་བྱེད་རྣམས་ལ་ཞི་ཡོད་ན། །མི་རུང་དེ་ནི་ལོག་པ་སྟེ། །མི་རྟག་རྟག་པར་
རྟོག་ཕྱིར་རོ། །གང་གི་ཕྱིར་དེ་དག་གིས་འཆི་བ་མེད་པ་ཉིད་དུ་བརྟགས་པ་དེ་ནི་མི་རྟག་པ་ཡིན་ཏེ། ཇི་སྐད་དུ་མེའི་གནས་དག་ཏུ་ཟླ་བ་ཕྱེད་ཕྱེད་ཅིང་ཟླ་བ་ཉ་བ་མཐོང་གི་མཆོད་སྦྱིན་བྱེད་པ་དང་། ཟླ་བ་བཞི་བཞི་ཞིང་ཟླ་བ་བཞི་པའི་མཆོད་སྦྱིན་བྱེད་པ་དང་། ཟླ་བ་དྲུག་དྲུག་ཅིང་ཕྱུགས་འདོགས་པའི་
མཆོད་སྦྱིན་བྱེད་པ་དང་། ལོ་རེ་རེ་ཞིང་སྨན་སོ་མའི་མཆོད་སྦྱིན་བྱེད་པ་དང་། ལོ་བརྒྱ་བརྒྱ་ཞིང་མེ་མཆོད་པ་འདོད་པ་སྤྱོད་པར་བྱེད་དོ་ཞེས་བྱ་བ་ལ་སོགས་པ་གང་དག་སྨྲས་པ། དེ་དག་ཀྱང་འཇིག་རྟེན་ན་ལོའི་བར་གྱི་མིང་དུ་བྱ་བ་དེ་དག་ནི་མི་རྟག་པ་ཉིད་དུ་གནས་པའི་ཕྱིར་རོ། །རིག་བྱེད་རྣམས་

ལ་དོན་གསུམ་ཏེ། །ཤིས་བརྗོད་བསྟོད་དང་ཆོ་གའོ། །དེ་ལ་ཤིས་པ་བརྗོད་པ་ནི་མཐོ་རིས་ཞི་བར་གྱུར་ཅིག །བར་སྣང་ཞི་བར་གྱུར་ཅིག །ས་ཞི་བར་གྱུར་ཅིག། ཆུ་ཞི་བར་གྱུར་ཅིག་ཅེས་བྱ་བ་ལ་སོགས་པའོ། །བསྟོད་པ་ནི་མདོག་སྔོན་མགྲིན་པ་དམར་པོ་དང་། ཁ་དོག་ནག་པོ་སྦྱིན་སྲེག་ཟ། །འབྱུང་པོ་ཀུན་གྱི་
མུན་སེལ་བ། །དེ་ནི་རྟག་ཏུ་ཐམས་ཅད་སོང་། །ཞེས་བྱ་བ་ལ་སོགས་པའོ། །ཆོ་ག་ནི་མར་གྱི་མཆོད་སྦྱིན་དང་། འབྲུའི་མཆོད་སྦྱིན་ལ་སོགས་པ་སྟེ། དོན་གསུམ་པོ་དེ་དག་གིས་གང་དུ་ཡང་ཐར་པ་མི་འཐོབ་པོ། །གཞན་ཡང་རིག་བྱེད་རྣམས་ནི་སྔ་བའི་ཕྱིར། །གལ་ཏེ་ཚད་མ་ཉིད་འདོད་ན། །མི་ཤེས་
ལོག་ལྟ་ལ་སོགས་པ། །ཅི་ཕྱིར་དེ་དག་ཚད་མ་མིན། །གལ་ཏེ་ད་ལྟར་གང་བྱུང་བ། །དེ་དག་ཚད་མར་ཁྱོད་འདོད་ན། །ཡེ་ཤེས་དང་ནི་ཡང་དག་ལྟ། །དེ་ཡང་ཚད་མར་མི་རིགས་འགྱུར། །གཞན་ཡང་རིག་བྱེད་རྣམ་པ་ནི། །རྒྱལ་བའི་བསྟན་པ་སྔ་བ་སྟེ། །འདི་ལྟར་མར་མེ་མཛད་ལ་སོགས། །བདེ་གཤེགས་
གྲངས་མེད་འདས་ཕྱིར་རོ། །ཕ་རོལ་པོས་སྨྲས་པ། གལ་ཏེ་རིག་བྱེད་ལ་སོགས་པ། །དོན་མེད་དེ་ཤེས་ཅི་ལ་དགོས། །གལ་ཏེ་ཤེས་པ་མ་ཡིན་ན། །ཀུན་མཁྱེན་མིན་པས་གཉི་ག་སྐྱོན། །དེའི་ལན་དུ་བཤད་པ། དཔེར་ན་དེད་དཔོན་ལམ་དང་ནི། །ལམ་མིན་མཁས་པ་འགའ་ཞིག་གིས། །ལམ་ངན་
ཡོངས་སུ་སྤོང་བྱེད་ཅིང་། །བཟང་པོའི་ལམ་དུ་འཛུད་པ་ལྟར། །སྟོན་པས་ཞི་བ་ཐོབ་མཛད་ཕྱིར། །ཡན་ལག་བརྒྱད་པའི་ལམ་ཡང་མཁྱེན། །རིག་བྱེད་རྣམས་ཀྱང་ཡོངས་མཁྱེན་ཏེ། །ལམ་ངན་བཞིན་དུ་བསྟན་མ་མཛད། །དཔེར་ན་འབྲས་ཀྱི་དོན་དུ་ནི། །ཞིང་གི་ལས་ལ་བརྩོན་བྱེད་པ། །འབྲུ་རྣམས་
འཐོབ་པར་འདོད་མོད་ཀྱི། །སོག་མ་དག་ཀྱང་སྐྱེ་བ་ལྟར། །དེ་བཞིན་སྟོན་པ་རྫོགས་སངས་རྒྱས། །བསྟན་བཅོས་ཐམས་ཅད་མཁྱེན་གྱུར་པ། །རིག་བྱེད་རྣམས་ཀྱང་ཆུབ་པར་བཞེད། །དེ་ཕྱིར་ཐུབ་པ་ཐམས་ཅད་མཁྱེན། །རིག་བྱེད་ཀུན་གྱི་ཕ་རོལ་ཏུ། །ཕྱིན་པ་ཡོད་མིན་གང་སྨྲས་པ། །སྟོན་
པ་རིག་བྱེད་རྣམས་ཀྱིས་ནི། །དང་པོ་འཛིན་པ་ཡིན་པར་གྲུབ། །ཇི་ལྟར་ལ་ལས་མི་ལྡོབ་པ། །མཐོང་ནས་ཉིན་བརྒྱ་ཀློག་བྱེད་པ། །འགའ་ཡོད་མིན་ཞེས་ཟེར་བ་ལྟར། །ཁྱོད་ཀྱི་ཚིག་འདི་དེ་དང་འདྲ། །ཇི་ལྟར་ཚེ་ནི་བསྲུང་བའི་ཕྱིར། །འཆི་བའི་རྒྱུ་ནི་འདོད་བྱེད་ཅིང་། །དེ་དག་སྤང་ཕྱིར་ཤེས་

བྱེད་ལྟར། །གར་ལ་སོགས་པ་ཤེས་དེ་བཞིན། །ཇི་ལྟར་མིས་ནི་དུག་དག་གིས། །མི་རྣམས་འཆི་བར་ཤེས་གྱུར་ཀྱང་། །གང་ཕྱིར་དུག་དེ་མ་ཟོས་ན། །འཆི་བ་ཉིད་དུ་མི་འགྱུར་ལྟར། །དེ་ལྟར་དེ་བཞིན་གཤེགས་པས་ཀྱང་། །གར་ལ་སོགས་པའི་བསྟན་བཅོས་དག །མཁྱེན་
ཀྱང་ཆགས་དང་སྡང་མི་འགྱུར། །གར་ལ་ཀུན་སྤྱོད་སྤངས་ཕྱིར་རོ། །གང་གི་ཕྱིར་ཐམས་ཅད་མཁྱེན་པ་སུན་འབྱིན་པ་ཁོ་བོ་ཡང་ཤེས་པར་མ་གྱུར་ཏོ་ཞེས་གང་སྨྲས་པ་དེ་ལ་ཡང་། འདིར་ནི་མཚན་ཉིད་བསྟན་གྱུར་པས། །དེས་ནི་རྒྱལ་བ་སུན་འབྱིན་པ། །མ་འོངས་ཁྱོད་ནི་རྣམ་མཁྱེན་ཏེ། །
མིང་བརྗོད་ཅིར་ཡང་དགོས་པ་མེད། །རབ་བྱུང་སྡུག་བསྔལ་ཟད་པ་ཡི། །རྒྱུ་ཡིན་པར་ནི་རབ་མཁྱེན་པས། །དེས་ནི་དགེ་འདུན་འབྱེད་འགྱུར་ཡང་། །དེ་ཕྱིར་ལྷས་བྱིན་སྤངས་མ་མཛད། །རྡོ་སྒྱོགས་འཕེན་པ་གང་ཡིན་པ། །དེའི་ཚེ་སྟོན་པའི་ཕྲིན་ལས་ནི། །སྨས་འགྱུར་ཆུད་མི་ཟ་བ་ཡི། །རྣམ་
སྨིན་འབྲས་བུ་དེ་འདྲ་ཡིན། །སྟོན་པས་སྐུར་འདེབས་གང་ཡིན་པ། །མཁྱེན་ཀྱང་གསུངས་པར་མ་གྱུར་པ། །དེར་ལུང་བསྟན་ན་ལས་དེ་ཡི། །འབྲས་བུ་ཆུང་ཟད་འགྱུར་ཕྱིར་རོ། །གལ་ཏེ་མཛེས་ལྡན་འཆི་འགྱུར་བ། །མི་མཁྱེན་མ་བསྐྱབས་ཕྱིར་ཞེ་ན། །ཇི་ལྟ་ཐུབ་པ་མངའ་མཛད་ན། །
སེམས་ཅན་ཐམས་ཅད་མྱ་ངན་འདའ། །གྲོང་དུ་ཞུགས་པའི་འོག་ཏུ་ནི། །བདུད་ཀྱིས་ཀླན་ཀ་བཙལ་བྱས་པ། །འཇིག་རྟེན་རྗེས་སུ་གཟུང་ཕྱིར་ཏེ། །དེར་ནི་ཞལ་མཐོང་སྣང་ཕྱིར་རོ། །གླང་པོ་འདུལ་བའི་ཕྱིར་དང་ནི། །འཇིག་རྟེན་རྗེས་སུ་གཟུང་བའི་ཕྱིར། །བཅོམ་ལྡན་གྲོང་དུ་ཞུགས་གྱུར་ཅིང་། །
ཐུབ་པ་མི་མཁྱེན་གཤེགས་མ་ཡིན། །ཆོ་འཕྲུལ་དག་ཀྱང་མཐོང་གྱུར་ཅིང་། །ཆོས་ཀྱང་ཐོས་པར་གྱུར་པ་ན། །དེ་ཡི་བསོད་ནམས་འཕེལ་གཟིགས་ནས། །རྒྱུ་སྐར་བཟང་པོ་བསྡུ་བ་མཛད། །ལམ་མགོ་གསུམ་པོ་བསྟན་ཕྱིར་དང་། །གཅིག་ཏུ་མི་དགེ་སྤང་ཕྱིར་དང་། །ལས་ལམ་ཐམས་ཅད་
བསྟན་པའི་ཕྱིར། །བསླབ་པ་སྔར་ནི་བྱས་པ་ཡིན། །གཞན་ཡང་། གསོ་སྦྱོང་བསྟན་པར་བྱ་ཕྱིར་དང་། །ཉེས་སྤྱོད་རྣམ་པ་གསུམ་དང་ནི། །སྡོམ་པ་ཀུན་གྱི་ཕྱིར་ཡང་ནི། །བསླབ་པ་དག་ནི་བཅའ་བར་བཞེད། །དྲན་པ་ཉེ་བར་གཞག་བསྟན་ཅིང་། །རྐང་ལག་ལེགས་པར་སྡོམ་ཕྱིར་དང་། །

དགེ་སློང་གིས་ནི་ཆོས་བཞིའི་ཕྱིར། །བསླབ་པ་དག་ནི་བཅའ་བར་བཞེད། །གང་ཚེ་དང་པོ་ཉིད་དུ་ནི། །དགེ་སློང་རྣམས་ལས་བསླབ་ཚོགས་མཛད། །ལྟུང་བ་རྣམ་པར་གཞག་པ་ནི། །ཉེས་པའི་ཚུལ་དང་མཐུན་ཕྱིར་རོ། །གང་ཕྱིར་ན་ཚོད་རིགས་དང་ནི། །རུས་ལ་སོགས་ལས་བཙུན་མི་སྒྲུབ། །བསྙེན་
པར་རྫོགས་ལ་བརྟེན་བྱས་ནས། །དེ་ཕྱིར་ན་ཚོད་རབ་ཏུ་བསྒྲགས། །གང་ཕྱིར་བསྙེན་རྫོགས་རིགས་ཀུན་ལ། །ཐ་དད་མེད་པར་སྟོན་བྱེད་པ། །དེ་ཕྱིར་རུས་དང་རིགས་གྱུར་པའི། །ཁྱད་པར་འཐད་པར་མི་འགྱུར་རོ། །གལ་ཏེ་ཚུལ་ལས་ཕྱག་བྱ་བར། །འདོད་ན་དེ་ཕྱིར་བསྙེན་རྫོགས་ལ། །ཕྱག་བྱར་འོས་
ཏེ་བསྙེན་རྫོགས་ཏེ། །ཚུལ་ཁྲིམས་ཀུན་གྱི་གཞི་ཡིན་ནོ། །འགྲན་པའི་ཕྱིར་དང་རྨོངས་པའི་ཕྱིར། །གླེན་ཕྱིར་སྲེད་པའི་ཕྱིར་དང་ནི། །དེ་བཞིན་བསྟོད་ཕྱིར་ནོར་འཐོབ་པས། །དེ་ཕྱིར་དེ་ལ་ཕྱག་མི་བྱ། །འགྲན་ཕྱིར་འདོད་པའི་ཕྱིར་ཡང་ནི། །ཐོས་དང་ཤེས་ལ་བརྩོན་བྱེད་ན། །ཐོས་ཤེས་འབྲས་བུ་
ཚུལ་ཡིན་པས། །ཅི་ཕྱིར་དེ་ལ་ཕྱག་མི་བྱ། །གཞན་ཡང་། ཇི་ལྟར་ཕ་དང་ཕུ་བོ་དག །འཇིག་རྟེན་ཤེས་པ་མ་ཡིན་ཡང་། །གཞོན་ནུ་ཐོབ་ཤེས་ལྡན་པ་ལ། །ཕྱག་བྱར་རིགས་པ་མ་ཡིན་བཞིན། །དེ་ཕྱིར་དང་པོ་བསྙེན་རྫོགས་པ། །རྒན་ཕྱིར་ཕྱག་བྱར་འོས་པར་འདོད། །ཐོས་ཤེས་ལྡན་
པས་དགེ་སློང་ཉིད། །ཕྱིས་ནས་ཐོབ་ན་གཞོན་པ་ཡིན། །གལ་ཏེ་ཐོས་ཤེས་ཡོན་ཏན་གྱིས། །ཕྱུག་པ་ཕྱག་བྱའི་འོས་ཡིན་ན། །ན་ཚོད་ཡོན་ཏན་མཉམ་པ་དག །གང་ལ་གང་གིས་ཕྱག་ཀྱང་བྱ། །འབྲས་བུ་མངོན་ཤེས་སྤངས་པ་དག །སོ་སོའི་སྐྱེ་བོ་ཤེས་དཀའ་བས། །དེ་ལ་ཕྱག་བྱར་མ་
གསུངས་ཏེ། །མཉམ་པ་རྣམས་ཀྱང་ཕྱག་མི་བྱ། །སྟོན་པ་ཐུགས་ལས་ཆུང་མཛད་པ། །སྐལ་ལྡན་ཐུགས་སུ་མ་ཆུད་མིན། །འདི་ལྟར་ཆོས་ཀུན་འཛིན་བྱེད་ཅིང་། །དེ་ཤེས་ཉིད་ནི་ཤིན་ཏུ་དཀོན། །རངས་བྱེད་སྒྱུ་རྩལ་ཤེས་བཞི་དང་། །ལྔ་པ་བཟང་སྡེ་འཁོད་པ་དག །སྟོན་པས་བརྩལ་
བ་མ་མཛད་དེ། །སྐལ་ལྡན་ཉིད་ལ་གཟིགས་པ་མཛད། །གང་ལ་བརྩལ་བ་མཛད་པ་དེར། །མཁྱེན་པ་འཇུག་པར་རིགས་པ་ཡིན། །དེ་གཉིས་ཤི་དང་གནས་པ་དག །མགོན་པོ་རང་གིས་མཁྱེན་པར་གྱུར། །གང་ཕྱིར་གྲོང་ཁྱེར་འཇིག་པ་ལ། །ངེས་པ་ཡོད་པ་མ་ཡིན་པས། །

དེ་ཕྱིར་ངེས་པར་མ་གསུངས་ཏེ། མགོ་གཅིག་ལུང་མ་བསྟན་དེ་བཞིན། །བསླབ་པ་བཅའ་བར་མཛད་པ་དང་། ཆོས་དོན་བཤད་པར་མཛད་སླད་དུ། །ད་ལྟར་ཇི་སྨྲ་འཁོད་ཅེས་རྨས། །མཁྱེན་བཞིན་དུ་ནི་རྨས་པ་ཡིན། །ཇི་ལྟར་མི་ཤེས་ཚུལ་གྱིས་ནི། །ཟན་ལ་འགྲོ་
བར་སྤངས་སམ་ཞེས། །འདྲི་བ་མི་རིགས་མ་ཡིན་ལྟར། །སྟོན་པ་དེ་དང་འདྲ་བ་ཡིན། །ང་མཆོག་ཡིན་ཞེས་བཀའ་སྩལ་པ། །སེམས་ཅན་སྤྲོ་བར་བྱ་བ་དང་། །བག་ཡོད་པ་དང་བདེར་འགྱུར་ཞིང་། །མངོན་པར་དགའ་བར་མཛད་ཕྱིར་རོ། །མུ་སྟེགས་ངན་ཅེས་གང་གསུངས་པ། །འདྲེན་པ་
སེམས་ཅན་རྣམས་ལ་ནི། །རྗེས་སུ་བརྩེ་བས་དེ་དག་ནི། །ངན་སོང་ལམ་ངན་བཟློག་ཕྱིར་རོ། །སྔ་ཕྱི་འགལ་ཞེས་བྱ་བ་ནི། །དོན་ཤེས་མིན་པ་ཁྱོད་སྨྲས་ཏེ། །འཕགས་ལམ་རང་བྱུང་ཉིད་ཡིན་ཕྱིར། །ལུས་ཅན་གཞན་ལ་སྔོན་མ་བྱུང་། །ཡན་ལག་བརྒྱད་ལྡན་འཕགས་པའི་ལམ། །དབྱེར་
མེད་དེ་བཞིན་གཤེགས་པས་མཁྱེན། །སྔོན་གྱིས་སངས་རྒྱས་རྗེས་གཤེགས་པས། །དེ་ཚེ་རྙིང་པ་ཡིན་ཞེས་གསུངས། །དེ་ལྟར་སུན་འབྱིན་པ་སྔར་སྨྲས་པ་དེ་དག་གི་ལན་གདབ་པར་བྱའོ། །ཇི་སྟེ་ཐམས་ཅད་ལུང་མ་བསྟན་པའི་ཕྱིར་ཞེས་གཏན་ཚིགས་བརྗོད་ན་ཞེས་བྱ་བ་ནི། ཇི་སྟེ་
ཕ་རོལ་པོ་དག་འདི་སྐད་ཅེས། དེ་བཞིན་གཤེགས་པ་ནི་ཐམས་ཅད་མཁྱེན་པ་མ་ཡིན་ཏེ། ཐམས་ཅད་ལུང་མ་བསྟན་པའི་ཕྱིར་དཔེར་ན་མི་ཕལ་པ་བཞིན་ནོ་ཞེས་གཏན་ཚིགས་བརྗོད་ནའོ། །དེའི་ལན་དུ། དེ་ལྟ་ན་ཡང་རང་གི་སྟོན་པ་དག་གིས་མ་ངེས་པ་ཉིད་ཡིན་པས་ཞེས་བྱ་བ་སྨྲས་
ཏེ། འདི་ན་མུ་སྟེགས་ཅན་རང་གི་སྟོན་པ་དག་གིས་ཀྱང་ཐམས་ཅད་ལུང་མ་བསྟན་པར་མཐོང་བས། དེས་ན་ཇི་རེ་ཞིག་ཐམས་ཅད་ལུང་མ་བསྟན་པའི་ཕྱིར་དཔེར་ན་མི་ཕལ་པ་དག་བཞིན་དུ་དེ་བཞིན་གཤེགས་པ་ཐམས་ཅད་མཁྱེན་པ་མ་ཡིན་པར་འགྱུར་རམ། འོན་ཏེ་ཐམས་ཅད་ལུང་མ་
བསྟན་པའི་ཕྱིར་དཔེར་ན་མི་ཕལ་པ་དག་བཞིན་དུ་ཁྱེད་རང་གི་སྟོན་པ་དག་ཐམས་ཅད་མཁྱེན་པ་མ་ཡིན་པར་འགྱུར་བ་མ་ངེས་པ་ཡིན་པས་གཏན་ཚིགས་དེ་ཡང་མི་རུང་ངོ་། །དེ་བཞིན་གཤེགས་པ་ནི་ཕྱིན་ཅི་མ་ལོག་པར་མཁྱེན་པ་ཡིན་ནོ་ཞེས་བག་རྐྱོང་སྟེ་སྨྲ་བར་བྱའོ་ཞེས་བྱ་བ་ནི་མཇུག་བསྡུ་བ་དང་

ཚད་མའི་འབྲས་བུ་ཡིན་ཏེ། ཤེས་བྱ་ཇི་སྙེད་ཡོད་པ་ཉིད་དང་། ཇི་ལྟ་བ་བཞིན་དུ་ཡོད་པ་ཉིད་ཕྱིན་ཅི་མ་ལོག་པར་མཁྱེན་པས་ཐམས་ཅད་མཁྱེན་པ་ཉིད་དུ་གྲུབ་པོ་ཞེས་བག་རྐྱོང་སྟེ་སྨྲ་བར་བྱའོ། །ཐམས་ཅད་ཅེས་བྱ་བ་ཡང་གང་ཡིན་ཞེས་བྱ་བས་ནི་ཕ་རོལ་པོའི་གཏན་ཚིགས་ཐམས་ཅད་ལུང་མ་བསྟན་པའི་
ཕྱིར་ཞེས་བྱ་བ་དེ་མ་གྲུབ་པ་ཉིད་དུ་བསྟན་པའི་ཕྱིར་དེ་ཉིད་ཀྱི་ཚིག་གི་དོན་གང་ཡིན་པའི་ཕྱིར་དྲི་བ་བསྟན་ཏོ། །དེ་སྐད་ཅེས་དྲིས་པ་ན། གལ་ཏེ་སྲོག་ལ་སོགས་པ་དག་གམ། ཚིག་གི་དོན་དྲུག་གི་རྫས་དག་གམ། གཙོ་བོ་དང་སྐྱེས་བུའོ་ཞེ་ན་ནི་ཞེས་བྱ་བ་ནི་གལ་ཏེ་ཕ་རོལ་པོ་དག་ན་རེ་ཐམས་ཅད་ཅེས་བྱ་བ་
ནམ་མཁའི་གོས་ཅན་དག་འདོད་པའི་སྲོག་ལ་སོགས་པ་དག་གམ། བྱེ་བྲག་པ་དག་འདོད་པའི་ཚིག་གི་དོན་དྲུག་གི་རྫས་དག་གམ། གྲངས་ཅན་དག་འདོད་པའི་གཙོ་བོ་དང་སྐྱེས་བུའོ་ཞེ་ནའོ། །དེ་དག་ཐམས་ཅད་མ་ཡིན་པར་དགག་པའི་ཕྱིར། དེ་དག་དེ་ལྟར་ངོ་བོ་ཉིད་ཡོད་པ་མ་ཡིན་པས། དེ་དག་
ཐམས་ཅད་ཉིད་མ་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། སྲོག་ལ་སོགས་པ་དེ་དག་ནི་དེ་ལྟར་ངོ་བོ་ཉིད་ཡོད་པ་མ་ཡིན་ཏེ། མ་སྐྱེས་པའི་ཕྱིར་དཔེར་ན་ནམ་མཁའི་མེ་ཏོག་བཞིན་པས་དེའི་ཕྱིར་དེ་དག་ཐམས་ཅད་ཉིད་མ་ཡིན་པའི་ཕྱིར་དེ་བཞིན་གཤེགས་པས་དེ་ལུང་མ་བསྟན་པའི་ཕྱིར་ཐམས་ཅད་མཁྱེན་པ་མ་ཡིན་ནོ་ཞེས་
བྱར་མི་རུང་སྟེ། གཏན་ཚིགས་ཀྱི་གཞི་མ་གྲུབ་པའི་ཕྱིར་རོ། །ཇི་སྟེ་སྤྱི་བོ་ཞེ་ན་ནི་ཞེས་བྱ་བས་ནི་ཇི་སྟེ་ཕ་རོལ་པོ་དག་ན་རེ་ཐམས་ཅད་ཅེས་བྱ་བ་ཡོད་པ་ཉིད་ཅེའམ། རྟ་ཉིད་ཅེ་འམ། བ་ལང་ཉིད་ཅེས་བྱ་བ་ལྟ་བུའི་སྤྱི་ཆེན་པོ་དང་། ཉི་ཚེ་བའི་སྤྱི་ཞེས་བྱ་བ་དངོས་པོ་ཐམས་ཅད་དང་། ཁ་ཅིག་ལ་ཁྱད་
པར་མེད་པའི་ཚིག་གི་དོན་ཞིག་ཡོད་པ་སྟེ། དེ་བྱེ་བྲག་ཏུ་ལུང་མ་བསྟན་པའི་ཕྱིར་ཐམས་ཅད་མཁྱེན་པ་མ་ཡིན་ནོ་ཞེ་ནའོ། །དེ་དགག་པའི་ཕྱིར། དེས་དེ་དག་ངོ་བོ་ཉིད་མེད་པ་ཉིད་དུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་མཁྱེན་ཏེ་བྱ་བ་སྨྲས་ཏེ། དེ་བཞིན་གཤེགས་པ་དེས་སྤྱི་དེ་དག་ངོ་བོ་ཉིད་མེད་པ་ཉིད་
དུ་ཡང་དག་པ་ཇི་ལྟ་བ་བཞིན་མཁྱེན་ཏེ། ངོ་བོ་ཉིད་མེད་པ་ཉིད་དུ་ལུང་བསྟན་པས། ཕ་རོལ་པོ་དག་གི་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་དོ། །སྤྱི་དེ་དག་ངོ་བོ་ཉིད་མེད་པ་ཉིད་དུ་ཇི་ལྟར་མཁྱེན་ཅེ་ན། དེ་ལྟར་ནི་བསྟན་ཀྱང་ཟིན་ལ་སྟོན་པར་ཡང་འགྱུར་རོ་ཞེས་བྱ་བ་སྨྲས་ཏེ། བསྟན་བཅོས་འདི་

ཉིད་ལས་སོ། །དཔྱོད་པ་ཅན་དག་ལས་ཁ་ཅིག་གིས་སྨྲས་པ། དེ་བཞིན་གཤེགས་པའི་གསུང་རབ་ནི་ཐམས་ཅད་མཁྱེན་པ་མ་ཡིན་པས་སྨྲས་པ་ཡིན་ཏེ། བྱེད་པ་པོ་དང་བཅས་པའི་ཕྱིར་དཔེར་ན་བྱེ་བྲག་པ་ལ་སོགས་པའི་བསྟན་བཅོས་བཞིན་ནོ་ཞེས་བྱ་བས་ནི་མུ་
སྟེགས་དཔྱོད་པ་ཅན་དག་ལས་ཁ་ཅིག་གིས་སྨྲས་པ། དེ་བཞིན་གཤེགས་པའི་གསུང་རབ་བྱེད་པ་པོ་དང་བཅས་པའི་གཏན་ཚིགས་ཀྱིས་ཐམས་ཅད་མཁྱེན་པ་མ་ཡིན་པར་སྨྲས་པས་དེ་སྟོན་པ་དེ་བཞིན་གཤེགས་པ་ཡང་ཐམས་ཅད་མཁྱེན་པ་མ་ཡིན་པར་སྒྲུབ་པའི་ཚིག་ཡིན་ཏེ། དེ་དག་ནི་
ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་བྱེ་བྲག་པ་ལ་སོགས་པའི་བསྟན་བཅོས་འདི་ནི་བྱེད་པ་པོ་དང་བཅས་པའི་ཕྱིར་ཐམས་ཅད་མཁྱེན་པ་མ་ཡིན་པས་སྨྲས་པ་ཡིན་པས། དེ་སྟོན་པ་གཟེགས་ཟན་ལ་སོགས་
པ་དག་ཀྱང་ཐམས་ཅད་མཁྱེན་པ་ཉིད་མ་ཡིན་པ་དེ་བཞིན་དུ་དེ་བཞིན་གཤེགས་པའི་གསུང་རབ་ཀྱང་བྱེད་པ་པོ་དང་བཅས་པའི་ཕྱིར་ཐམས་ཅད་མཁྱེན་པ་མ་ཡིན་པས་སྨྲས་པ་ཡིན་པས་དེ་སྟོན་པ་དེ་བཞིན་གཤེགས་པ་ཉིད་ཀྱང་ཐམས་ཅད་མཁྱེན་པ་མ་ཡིན་ནོ་ཞེས་ཟེར་རོ། །དེ་སྐད་ཅེས་
ཟེར་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས། དེ་དག་ནི་དམ་བཅས་པའི་དོན་ཀྱང་རྣམ་པར་བརྟགས་ནས་སྔ་མ་བཞིན་དུ་སྐྱོན་བརྗོད་པར་བྱའོ་ཞེས་བྱ་བ་སྨྲས་ཏེ། འདིས་ནི་ཐམས་ཅད་མཁྱེན་པ་མ་ཡིན་པས་སྨྲས་པ་ཡིན་ཏེ་ཞེས་དམ་བཅས་པ་དེའི་དོན་ཀྱང་རེ་ཞིག་གང་ཡིན།
ཅི་ཐམས་ཅད་ནི་མི་མཁྱེན་ལ་ཅུང་ཟད་མཁྱེན་པ་ཡིན་ནམ། འོན་ཏེ་ཅུང་ཟད་ཀྱང་མི་མཁྱེན་པ་ཡིན། དེ་ལ་གལ་ཏེ་བརྟག་པ་སྔ་མ་ལྟར་འདོད་ན་ནི་དེས་ཅི་ཞིག་མི་མཁྱེན་པར་འདོད། གལ་ཏེ་དབང་པོ་ལས་འདས་པའོ་ཞེ་ན། དེས་དེ་མཁྱེན་ཏེ། ཤེས་བྱ་ཡིན་པའི་ཕྱིར་ཉིད་ཀྱི་
ཕྱག་མཐིལ་དུ་ནོར་བུ་དྲི་མ་མེད་པ་ལ་སོགས་པ་བཞག་པ་བཞིན་ནོ། །འོན་ཏེ་བརྟག་པ་ཕྱི་མ་ལྟར་འདོད་ན་ནི་ཕྱོགས་སྔ་མ་ལ་གནོད་པ་དང་། གྲགས་པས་གནོད་དེ་དེ་ནི་མི་ཡིན་པའི་ཕྱིར་ཞེས་ཁས་བླངས་པའི་ཕྱིར་དང་། སོ་སོའི་སྐྱེ་བོ་ལ་སོགས་པའི་དཔེ་དག་འཇིག་རྟེན་ལ་གྲགས་པས་

མི་རུང་སྟེ། དེ་དག་གིས་ཀྱང་ཡུལ་འགའ་ཞིག་ཤེས་པའི་ཕྱིར་རོ་ཞེས་དེ་དག་གི་དམ་བཅས་པའི་དོན་ཀྱང་རྣམ་པར་བརྟགས་ནས་སྔ་མ་བཞིན་དུ་སྐྱོན་བརྗོད་པར་བྱ་བ་བསྟན་ཏོ། །རིག་བྱེད་ནི་བྱེད་པ་པོ་དང་བཅས་པ་ཡིན་ཏེ། བཀླག་པར་བྱ་བ་ཡིན་པའི་ཕྱིར་དཔེར་ན་བྱེ་བྲག་པ་ལ་སོགས་པའི་
བསྟན་བཅོས་བཞིན་པས་རིག་བྱེད་ཀྱང་བྱེད་པ་པོ་དང་བཅས་པའི་ཕྱིར་ཞེས་བྱ་བའི་གཏན་ཚིགས་མ་ངེས་པ་ཉིད་དོ་ཞེས་བྱ་བས་ནི་ཕ་རོལ་པོ་དག་གི་གཏན་ཚིགས་བྱེད་པ་པོ་དང་བཅས་པའི་ཕྱིར་ཞེས་བྱ་བ་དེ་མ་ངེས་པ་ཉིད་དུ་བསྟན་པའི་ཕྱིར་དཔྱོད་པ་ཅན་དག་གི་རིག་བྱེད་ཀྱང་བྱེད་པ་པོ་དང་བཅས་པ་
ཉིད་དུ་བསྒྲུབ་པའི་རྗེས་སུ་དཔག་པ་སྟོན་ཏེ། དེ་དག་ཀྱང་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་དང་། མཇུག་བསྡུ་བ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་བྱེ་བྲག་པ་ལ་སོགས་པའི་བསྟན་བཅོས་ནི་བཀླག་པར་བྱ་བ་ཡིན་པའི་ཕྱིར་བྱེད་པ་པོ་དང་
བཅས་པ་ཡིན་པ་དེ་བཞིན་དུ་དཔྱོད་པ་ཅན་དག་གི་རིག་བྱེད་ཀྱང་བཀླག་པར་བྱ་བ་ཡིན་པའི་ཕྱིར། བྱེད་པ་པོ་དང་བཅས་པ་ཡིན་པས་རིག་བྱེད་ཀྱང་བྱེད་པ་པོ་དང་བཅས་པ་ཡིན་པར་གྲུབ་པོ། །དེས་ན་རིག་བྱེད་སྨྲ་བ་དག་གི་ལུང་ལས། རིག་བྱེད་ལ་ནི་མི་སྨྲ་གང་། །རིག་བྱེད་ལ་ནི་མི་སྣང་གང་། །ཐམས་ཅད་མེད་པར་
བརྗོད་པར་བྱ། །རིག་བྱེད་འདྲ་བའི་ཐོས་པ་མེད། །ཅེས་འབྱུང་བས་རིག་བྱེད་ནི་ཐམས་ཅད་མཁྱེན་པ་ཡིན་པར་འདོད་པའི་ཕྱིར་དེས་ན་རེ་ཞིག་བྱེད་པ་པོ་དང་བཅས་པའི་ཕྱིར། དཔེར་ན་བྱེ་བྲག་པ་ལ་སོགས་པའི་བསྟན་བཅོས་བཞིན་དུ་དེ་བཞིན་གཤེགས་པའི་གསུང་རབ་ཐམས་ཅད་མཁྱེན་པ་མ་ཡིན་
པས་སྨྲས་པ་ཡིན་པས་དེ་སྟོན་པ་དེ་བཞིན་གཤེགས་པ་ཐམས་ཅད་མཁྱེན་པ་མ་ཡིན་པར་འགྱུར་བ་ཡིན་ནམ། འོན་ཏེ་བྱེད་པ་པོ་དང་བཅས་པའི་ཕྱིར་དཔྱོད་པ་ཅན་དག་གི་རིག་བྱེད་ཐམས་ཅད་མཁྱེན་པར་འདོད་པ་དེ་བཞིན་དུ་དེ་བཞིན་གཤེགས་པའི་གསུང་རབ་ཐམས་ཅད་མཁྱེན་པས་གསུངས་
པ་དེ་སྟོན་པ་དེ་བཞིན་གཤེགས་པ་ཐམས་ཅད་མཁྱེན་པ་ཡིན་པར་འགྱུར་བ་མ་ངེས་པས་ཕ་རོལ་པོ་དག་གི་གཏན་ཚིགས་བྱེད་པ་པོ་དང་བཅས་པའི་ཕྱིར་ཞེས་བྱ་བ་དེ་མ་ངེས་པ་ཉིད་ཡིན་པའི་ཕྱིར་དེ་བཞིན་གཤེགས་པའི་གསུང་རབ་ནི་ཐམས་ཅད་མཁྱེན་པ་མི་མ་ཡིན་པས་སྨྲས་པ་ཡིན་ཏེ་ཞེས་དམ་

བཅས་པའི་དོན་མ་གྲུབ་པས་དེ་བཞིན་གཤེགས་པའི་གསུང་རབ་ཀྱང་ཐམས་ཅད་མཁྱེན་པས་གསུངས་པ་ཡིན་ལ། དེ་སྟོན་པ་དེ་བཞིན་གཤེགས་པ་ཡང་ཐམས་ཅད་མཁྱེན་པ་ཉིད་ཡིན་པར་གྲུབ་པོ།། །།བམ་པོ་བདུན་ཅུ་གཉིས་པ། ཇི་སྟེ་རིག་
བྱེད་ཀྱི་ཚིག་དག་ནི་བྱས་པ་མ་ཡིན་ཏེ། བྱེད་པ་པོ་མི་དྲན་པའི་ཕྱིར་རོ་ཞེ་ན་ཞེས་བྱ་བ་ནི་དཔྱོད་པ་ཅན་དག་བྱེད་པ་པོ་མི་དྲན་པའི་ཕྱིར་ཞེས་བྱ་བའི་གཏན་ཚིགས་ཀྱི་རིག་བྱེད་ཀྱི་ཚིག་དག་བྱེད་པ་པོས་བྱས་པ་མ་ཡིན་པར་བསྒྲུབ་པའི་ཚིག་ཡིན་ཏེ། དེ་དག་ནི་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་
པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་རོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས། དེ་ནི་བཟང་པོ་མ་ཡིན་ཏེ། གཏན་ཚིགས་ཀྱི་རྗེས་སུ་འགྲོ་བ་བསྟན་དཀའ་བའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། རིག་བྱེད་ཀྱི་ཚིག་དག་ནི་བྱས་པ་མ་ཡིན་ཏེ། བྱེད་པ་པོ་མི་དྲན་པའི་
ཕྱིར་དཔེར་ན་ཆེ་གེ་མོ་ཞིག་བཞིན་ནོ་ཞེས་གཏན་ཚིགས་ཀྱི་རྗེས་སུ་འགྲོ་བའི་དཔེ་བསྟན་དཀའ་བའི་ཕྱིར་དེ་ནི་བཟང་པོ་མ་ཡིན་ནོ། །ཇི་སྟེ་ཁྲོན་པ་རྙིང་པའི་བྱེད་པ་པོ་མི་དྲན་བཞིན་ནོ་ཞེ་ན་ནི་ཁྲོན་པ་བྱས་པ་ཡིན་ན་ནི་དེ་བྱས་པ་ཡིན་པས་དེའི་བྱེད་པ་པོ་མི་དྲན་ཡང་མེད་པ་མ་ཡིན་པས་བྱས་པ་མ་ཡིན་པའི་
དཔེར་ཡང་མི་རུང་ངོ་། །ཇི་སྟེ་ནམ་མཁའི་མེ་ཏོག་ལ་སོགས་པའི་བྱེད་པ་པོ་མི་དྲན་པ་བཞིན་ནོ་ཞེ་ན་ཡང་། རིག་བྱེད་ཡོད་པ་ལ་བྱེད་པ་པོ་མེད་པར་བསྒྲུབ་པའི་དཔེར་ན་ནམ་མཁའི་མེ་ཏོག་ལ་སོགས་པ་མེད་པ་ལ། བྱེད་པ་པོ་མི་དྲན་པ་མི་རུང་བས་ཁྱེད་ཀྱི་བསྒྲུབ་པ་དེ་ལ་ཇི་ལྟར་བསྒྲེས་ཀྱང་། གཏན་
ཚིགས་ཀྱི་རྗེས་སུ་འགྲོ་བའི་དཔེ་མེད་པས་མི་རུང་ངོ་། །ལུང་ལས་ངེས་བརྗོད་ནི་རི་བོ་ངེས་པ་ཞེས་བྱ་བར་བྱས་ལ། སྙན་ཚིག་དག་ནི་རི་བོ་སྙན་པ་ཞེས་བྱ་བར་བྱས་ལ། སྲིད་སྲུང་ཉི་མའི་རྒྱུད་ནི་རི་བོ་སྐལ་ལྡན་ཕུག་རོན་ཅན་དུ་བྱས་སོ་ཞེས་འབྱུང་བས། གཏན་ཚིགས་ཀྱི་དོན་རང་ལ་ཡང་མ་གྲུབ་པ་ཉིད་
དོ་ཞེས་བྱ་བས་ནི་སྤྱོད་པ་ཅན་དག་གི་གཏན་ཚིགས་བྱེད་པ་པོ་མི་དྲན་པའི་ཕྱིར་ཞེས་བྱ་བས་རིག་བྱེད་ཀྱི་ཚིག་དག་བྱས་པ་མ་ཡིན་པར་སྒྲུབ་པ་དེ་རང་ལ་ཡང་མ་གྲུབ་པ་ཉིད་དུ་སྟོན་ཏེ། རིག་བྱེད་སྨྲ་བ་དག་ཉིད་ཀྱི་ལུང་ལས་ངེས་བརྗོད་ཀྱི་རིག་བྱེད་ནི་རི་བོ་ངེས་པ་ཞེས་བྱ་བར་བྱས་ལ། སྙན་ཚིག་གི་

རིག་བྱེད་དག་ནི་རི་བོ་སྙན་པ་ཞེས་བྱ་བར་བྱས། སྲིད་སྲུང་གི་རིག་བྱེད་ཉི་མའི་རྒྱུད་ཅེས་བྱ་བ་ནི་རི་བོ་སྐལ་ལྡན་ཕུག་རོན་ཅན་ཞེས་བྱ་བར་བྱས་སོ་ཞེས་འབྱུང་བས་དེ་དག་གི་བྱེད་པ་པོ་མི་དྲན་ཡང་གནས་དེ་དག་ཏུ་བྱས་སོ་ཞེས་འབྱུང་བས། དཔེར་ན་ཁྲོན་པ་རྙིང་པའི་བྱེད་པ་པོ་མི་དྲན་ཡང་དེ་བྱས་པ་མ་ཡིན་
པར་མི་འགྲུབ་པ་བཞིན་དུ་ཁྱེད་ཀྱང་གཏན་ཚིགས་བྱེད་པ་པོ་མི་དྲན་པའི་ཕྱིར་ཞེས་བྱ་བས་རིག་བྱེད་ཀྱི་ཚིག་དག་བྱས་པ་མ་ཡིན་པར་སྒྲུབ་པ་དེའི་དོན་ཡང་རང་ལ་མ་གྲུབ་པ་ཉིད་དོ། །གལ་ཏེ་གསལ་བ་དག་གིས་སྐྱོན་མེད་དོ་ཞེ་ན་ཞེས་བྱ་བ་ནི་དཔྱོད་པ་ཅན་དག་ན་རེ་རིག་བྱེད་ནི་སུས་ཀྱང་མ་བྱས་པ་ཡོང་གིས་
ཡོད་པ་རྟག་པ་ཡིན་ཏེ། དཔེར་ན་བརྡ་སྤྲོད་པ་ནི་སུས་ཀྱང་མ་བྱས་པ་ཡོང་གིས་ཡོད་པ་རྟག་པ་ཡིན་ཡང་འཇིག་རྟེན་ན་ནི་དེ་ཤེས་པ་མེད་ཅིང་མི་གསལ་བར་གྱུར་པ་ན། ལྷའི་དབང་པོ་བརྒྱ་བྱིན་ནམ་པ་ནི་ནི་ལ་སོགས་པ་དག་གིས་ལྷ་ཡུལ་དང་མི་ཡུལ་དུ་གསལ་བར་བྱས་པ་བཞིན་དུ་རིག་བྱེད་ཀྱང་
རི་བོ་ངེས་པ་དང་། སྙན་པ་དང་སྐལ་ལྡན་ཕུག་རོན་ཅན་དག་ཏུ་རིག་བྱེད་ཀློག་པ་ཁ་ཅིག་གིས་གསལ་བར་བྱས་པས་ཁོ་བོ་ཅག་གི་གཏན་ཚིགས་མ་གྲུབ་པའི་སྐྱོན་མེད་དོ་ཞེས་ཟེར་བའི་ཚིག་ཡིན་ནོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས། ཕྱོགས་དེས་ཀྱང་མི་ནུས་
ཏེ། གསལ་བ་སྔ་མ་བཞིན་དུ་དགག་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། རིག་བྱེད་མི་གསལ་བ་ནི་གསལ་བར་མི་བྱེད་དེ། མི་གསལ་བའི་ཕྱིར་དཔེར་ན་ནམ་མཁའི་མེ་ཏོག་བཞིན་ནོ་ཞེས། གྲངས་ཅན་གྱི་གསལ་བ་དགག་པ་སྔར་བསྟན་པ་བཞིན་དགག་པའི་ཕྱིར་རོ། །རིག་བྱེད་ཀྱི་ཚིག་
དག་ནི་བྱས་པ་ཡིན་ཏེ། རྟོགས་པར་འདོད་པའི་དོན་གོ་སླ་བ་ཉིད་དུ་ཚིག་གི་རིམ་པ་བསྟན་པའི་ཕྱིར། དཔེར་ན་གྲངས་ཅན་གྱི་བསྟན་བཅོས་ཀྱི་ཚིག་དག་བཞིན་ནོ་ཞེས་བྱ་བས་ནི་དབུ་མ་པས་རིག་བྱེད་ཀྱི་ཚིག་དག་བྱས་པ་ཉིད་ཡིན་པར་བསྒྲུབ་པའི་རྗེས་སུ་དཔག་པ་སྟོན་ཏེ། དེ་དག་ནི་ཆོས་ཅན་
དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་གྲངས་ཅན་གྱི་བསྟན་བཅོས་ཀྱི་ཚིག་དག་ནི་རྟོགས་པར་འདོད་པའི་དོན་གོ་སླ་བ་ཉིད་དུ་ཚིག་གི་རིམ་པ་བསྟན་པའི་ཕྱིར་སེར་སྐྱ་ལ་སོགས་པས་བྱས་པ་ཡིན་པ་དེ་བཞིན་དུ་དཔྱོད་པ་ཅན་གྱི་

རིག་བྱེད་ཀྱི་ཚིག་དག་ཀྱང་རྟོགས་པར་འདོད་པའི་དོན་གོ་སླ་བ་ཉིད་དུ་ཚིག་གི་རིམ་པ་བསྟན་པའི་ཕྱིར་བྱེད་པ་པོ་འགའ་ཞིག་གིས་བྱས་པ་ཡིན་ནོ། །རྟོགས་པར་འདོད་པའི་དོན་གོ་སླ་བ་ཉིད་དུ་ཚིག་གི་རིམ་པ་བསྟན་པ་ནི་དཔེར་ན་རིག་བྱེད་ལས། མ་ནོ་ཛྱོ་ཏི། ཛུ་ཤཱ་ཏམ། ཨ་ཛྱ་སྱ།
བྲི་ཧསྤ་ཏི། མ་ནོ་ཛྱོ་ཏི། ཛུ་ཤ་ཏམ་ཤ་ཏམ། ཛུ་ཤ་ཏམ། ཨ་ཛྱ་སྱ་ཡ། ཨ་ཛྱ་སྱ། བྲི་ཧསྤ་ཏི། མ་ནོ་ཛྱོ་ཏི་ཛྱོ་ཏི། ཛུ་ཤ་ཏམ། ཛུ་ཤ་ཏམ། ཛུ་ཤ་ཏམ། ཨ་ཛྱ་སྱ། ཨ་ཛྱ་སྱ། བྲི་ཧསྤ་ཏི། ཞེས་བྱ་བ་ལྟ་བུ་ལ་སོགས་པ་དག་འབྱུང་བ་བཞིན་ནོ། །དེ་བཞིན་དུ་ཇི་སྐད་བསྟན་པའི་ཡན་ལག་
ལྷག་མ་དག་འདོད་པ་ཉིད་དང་། གཟུང་བ་ཉིད་དང་། བརྗོད་པར་བྱ་བ་ཉིད་དང་། དོན་དང་ལྡན་པ་ཉིད་དང་། ཆོས་སྒྲུབ་པ་ཉིད་ལ་སོགས་པའི་གཏན་ཚིགས་དག་གི་ཕྱིར་རོ་ཞེས་ཀྱང་རྗེས་སུ་དཔག་པ་རྒྱས་པར་བརྗོད་པར་བྱའོ་ཞེས་བྱ་བས་ནི། སྔར་བསྟན་པའི་ཡན་ལག་ལྷག་མ་ཆོས་ཅན་དང་།
བསྒྲུབ་པར་བྱ་བ་ཆོས་དང་། དཔེ་དེ་དག་གཏན་ཚིགས་འདི་དག་གིས་ཀྱང་བསྒྲུབ་པར་བྱའོ་ཞེས་བྱ་བར་སྦྱར་ཏེ། རིག་བྱེད་ཀྱི་ཚིག་དག་ནི་བྱས་པ་ཡིན་ཏེ། བྲམ་ཟེ་རྣམས་ཀྱི་འདོད་པ་དང་བཅས་པ་ཉིད་ལ་སོགས་པ་ཡིན་པའི་ཕྱིར། དཔེར་ན་གྲངས་ཅན་གྱི་བསྟན་བཅོས་ཀྱི་ཚིག་དག་བཞིན་ཞེས་བྱ་བར་
སྦྱར་རོ། །དཔྱོད་པ་པ་དག་གིས་རབ་ཏུ་བརྟགས་པའི་སྒྲ་ལ་ནི་སྒྲའི་ངོ་བོ་ཉིད་མེད་དེ། དབང་པོའི་གཟུང་བ་ཡིན་པའི་ཕྱིར་དཔེར་ན་གཟུགས་བཞིན་ནོ་ཞེས་བྱ་བ་ནི་དཔྱོད་པ་ཅན་དག་གི་གཞུང་ལས་རིག་བྱེད་ཀྱི་སྒྲ་ལ་རྟག་པ་ངོ་བོ་ཉིད་ཡོད་པར་འདོད་པ་དགག་པའི་རྗེས་སུ་དཔག་པ་སྟོན་ཏེ། དེ་དག་ཀྱང་ཆོས་
ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་གཟུགས་ནི་དབང་པོའི་གཟུང་བ་ཡིན་པའི་ཕྱིར་ངོ་བོ་ཉིད་མེད་པ་དེ་བཞིན་དུ་སྒྲ་ཡང་དབང་པོའི་གཟུང་བ་ཡིན་པའི་ཕྱིར་ངོ་བོ་ཉིད་མེད་དོ། །སྒྲ་ནི་གསལ་བར་བྱ་བ་མ་ཡིན་ཏེ་རྟོགས་པའི་རྒྱུ་
ཡིན་པའི་ཕྱིར། དཔེར་ན་ཡན་ལག་གི་ལས་བཞིན་ནོ་ཞེས་དཔྱོད་པ་ཅན་གྱི་གཞུང་ལས་རིག་བྱེད་ཀྱི་སྒྲ་ནི་ཡོང་གིས་ཡོད་པ་སྐད་ཀྱི་དབྱིངས་ཀྱི་བག་ལ་ཞ་ཞིང་འདུག་པ། རྐན་དང་། མཆུ་དང་། སོ་དང་། ལྕེ་ལ་སོགས་པའི་བྱ་བས་གསལ་བར་བྱེད་དོ་ཞེས་ཟེར་བ་དགག་པའི་རྗེས་སུ་དཔག་པ་སྟོན་ཏེ།

དེ་དག་ཀྱང་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་ཡན་ལག་གི་ལས་ཞེས་བྱ་བ་ལག་རྩིས་ནི་དེའི་བསྒྱུར་བ་ལས་ཐ་སྙད་རྟོགས་པའི་རྒྱུ་ཡིན་པའི་ཕྱིར། གསལ་བར་བྱ་བ་མ་ཡིན་གྱི་བསྐྱེད་པར་བྱ་བ་ཡིན་པ་དེ་བཞིན་དུ་སྒྲ་
ཡང་སྨྲ་བ་ལས་ཐ་སྙད་རྟོགས་པའི་རྒྱུ་ཡིན་པའི་ཕྱིར་གསལ་བར་བྱ་བ་མ་ཡིན་གྱི། བསྐྱེད་པར་བྱ་བ་ཡིན་ནོ། །དེ་བཞིན་དུ་ཡོད་པ་ཉིད་དང་། བརྗོད་པར་བྱ་བ་ཉིད་དང་། ཤེས་བྱ་ཉིད་དང་། ཆོས་སྒྲུབ་པ་ཉིད་དང་། དགའ་བ་དང་། ཡོངས་སུ་གདུང་བའི་རྒྱུ་ཉིད་ལ་སོགས་པའི་གཏན་ཚིགས་དག་གི་ཕྱིར་རོ་
ཞེས་ཀྱང་རྗེས་སུ་དཔག་པ་རྒྱས་པར་བརྗོད་པར་བྱའོ་ཞེས་བྱ་བས་ནི། ཕྱོགས་དང་དཔེ་སྔ་མའི་གཏན་ཚིགས་ནི་འདི་དག་ཀྱང་ཡིན་པར་སྦྱར་རོ། །འདིས་སྔོན་མ་བྱུང་བའི་ལྷ་ཉིད་ཀྱིས་གསལ་བར་བྱ་བ་ཉིད་ཡིན་ནོ་ཞེས་ཟེར་བ་དགག་པ་ཡང་ཁོང་དུ་ཆུད་པར་བྱའོ་ཞེས་བྱ་བ་ནི་གསལ་བ་དགག་པའི་རྗེས་
སུ་དཔག་པ་སྔ་མ་འདིས། དཔྱོད་པ་དག་གི་གཞུང་ལས་རིག་བྱེད་ཀྱི་ཚིག་དག་ནི། སུས་ཀྱང་མ་བྱས་པ་ཡོང་གིས་ཡོད་པ་རྟག་པ་ཡིན་ཏེ། འཇིག་རྟེན་ན་རིག་བྱེད་འདོན་པ་དག་གི་རྒྱུད་ལ་མི་གསལ་བར་གྱུར་པ་ན་ཚངས་པས་གཞུང་བསྲངས་ཏེ། གསལ་བར་བྱས་པས་རིག་བྱེད་ནི་ལྷ་ཉིད་
ཀྱིས་གསལ་བར་བྱ་བ་ཉིད་ཡིན་ནོ་ཞེས་ཟེར་བ་དགག་པ་ཡང་དེ་བཞིན་དུ་ཁོང་དུ་ཆུད་པར་བྱའོ་ཞེས་བྱ་བར་སྦྱར་རོ། །རིག་བྱེད་ནི་བྱེད་པ་པོ་ཚུལ་ཁྲིམས་འཆལ་པས་བྱས་པར་ཤེས་པར་བྱ་སྟེ། འཚེ་བ་དང་བགྲོད་པར་བྱ་བ་མ་ཡིན་པར་འགྲོ་བ་དང་། ཆང་འཐུང་བ་ཆོས་སུ་སྟོན་པའི་ཕྱིར། དཔེར་ན་
པར་སིག་ལ་སོགས་པའི་བསྟན་བཅོས་བཞིན་ནོ་ཞེས་བྱ་བས་ནི། དཔྱོད་པ་ཅན་དག་གི་རིག་བྱེད་དག་བྱེད་པ་པོས་བྱས་པ་ལྟ་ལོས་ཀྱང་ཡིན་གྱི། བྱས་པའི་ནང་ན་ཡང་བྱེད་པ་པོ་སྡིག་ཅན་ཚུལ་ཁྲིམས་འཆལ་པ་ཞིག་གིས་བྱས་པར་རྗེས་སུ་དཔག་པ་སྟོན་ཏེ། དེ་དག་ཆོས་ཅན་དང་། བསྒྲུབ་པར་བྱ་
བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་པར་སིག་ལ་སོགས་པའི་བསྟན་བཅོས་ནི་བྱི་སྨྱིལ་ལ་སོགས་པས་སྲོག་ཆགས་ལ་འཚེ་བ་དང་། བུ་སྲིང་དང་ཉལ་བ་ལ་སོགས་པས་བགྲོད་པར་བྱ་བ་མ་ཡིན་པར་འགྲོ་བ་དང་། ལྐོག་ཏུ་མྱོས་ཀྱང་བླའི་ཞེས་བྱ་

བ་ལ་སོགས་པས་ཆང་འཐུང་བ་དག་ཆོས་སུ་སྟོན་པའི་ཕྱིར། བྱེད་པ་པོ་ཚུལ་ཁྲིམས་འཆལ་པས་བྱས་པར་ཤེས་པར་བྱས་པ་དེ་བཞིན་དུ། དཔྱོད་པ་ཅན་དག་གི་རིག་བྱེད་ཀྱང་ཟླ་བ་བཞི་བཞི་ཞིང་ཟླ་བ་བཞི་པ་ཞེས་བྱ་བའི་མཆོད་སྦྱིན་དང་། ཟླ་བ་དྲུག་དྲུག་ཅིང་ཕྱུགས་འདོག་པ་
ཞེས་བྱ་བའི་མཆོད་སྦྱིན་བྱེད་པ་དེའི་ཚེ་ཕྱུགས་ཁ་འདོག་ཅིང་མཆོད་སྦྱིན་བྱེད་པས་སྲོག་ཆགས་ལ་འཚེ་བ་དང་། གོ་ས་བེ་ཞེས་བྱ་བའི་མཆོད་སྦྱིན་བྱེད་པའི་ཚེ་མ་དང་བུ་སྲིང་ལ་སོགས་པ་དང་ལྷན་ཅིག་ཏུ་གཅེར་བུར་ཕྱུང་ཏེ། ཕྱུགས་བཞིན་དུ་རྐང་ལག་བཞི་ས་ལ་བཙུགས་ཤིང་རྩྭ་ཟ་བ་ལྟར་
བཅོས་ཏེ་མངལ་གྱི་སྒོར་ལྕེས་འདག་པ་དང་། བཤང་བའི་ལམ་དུ་སྣོམ་པ་དང་། འཁྲིག་པ་ལྷག་པར་སྤྱོད་པ་ལ་སོགས་པ་དང་། བུ་མེད་པ་ལ་མཐོ་རིས་སུ་འགྲོ་བ་མེད་དོ་ཞེས་ཟེར་ཞིང་རང་གི་དབང་པོ་དུལ་བར་བྱ་བ་དང་། མཐོ་རིས་སུ་འགྲོ་བའི་ལམ་ནི་བུ་ཡོད་པར་བྱ་བ་ཡིན་ནོ་ཞེས་ཕྱུགས་བཞིན་དུ་མ་
སྲིང་ལ་སོགས་པ་དང་འཆོལ་བར་སྤྱོད་པ་ལ་སོགས་པས་བགྲོད་པར་བྱ་བ་མ་ཡིན་པར་འགྲོ་བ་དང་། སཽ་ཏ་མ་ནི་ཞེས་བྱ་བའི་མཆོད་སྦྱིན་གྱི་ཚེ་ཆང་དང་བཙོས་པའི་ཆང་དང་བག་མེད་པར་འཐུང་བ་ལ་སོགས་པས་ཆང་འཐུང་བ་དེ་དག་ཐམས་ཅད་མཐོ་རིས་སུ་སྐྱེ་བའི་རྒྱུ་དགེ་བའི་ཆོས་ཡིན་པར་བསྟན་
པའི་ཕྱིར། བྱེད་པ་པོ་སྡིག་ཅན་ཚུལ་ཁྲིམས་འཆལ་པ་ཞིག་གིས་བྱས་པར་ཤེས་པར་བྱའོ། །གལ་ཏེ་བསྟན་བཅོས་ལས་འབྱུང་བའི་འཚེ་བ་ནི་ཆོས་མ་ཡིན་པ་མ་ཡིན་ཏེ། གསང་སྔགས་ཀྱིས་ཡོངས་སུ་གཟུང་བའི་ཕྱིར། དཔེར་ན་དུག་ཟ་བ་བཞིན་ནོ་ཞེ་ན་ཞེས་བྱ་བ་ནི་དཔྱོད་པ་ཅན་དག་ན་རེ་རིག་
བྱེད་ཀྱི་བསྟན་བཅོས་ལས་ཕྱུགས་ལ་སོགས་པ་བསད་དེ་མཆོད་སྦྱིན་བྱ་བར་འབྱུང་བས་ནི་སྡིག་པ་མ་ཡིན་ཏེ། ཕྱུགས་འདོག་པ་ཞེས་བྱ་བའི་མཆོད་སྦྱིན་བྱེད་པའི་ཚེ་ར་དང་བ་ལང་ལ་སོགས་པ་བཅིངས་ཏེ་ཁ་མིག་ལ་སོགས་པ་དབང་པོ་ཐམས་ཅད་བསུབས་ནས་ཀྱི་ཕྱུགས་མཐོ་རིས་སུ་སོང་ཤིག །
ཁྱེད་ཀྱི་མིག་དག་པར་བྱའོ། །རྣ་བ་དག་པར་བྱའོ། །སྣ་དག་པར་བྱའོ། །ལྕེ་དག་པར་བྱའོ། །ལུས་དག་པར་བྱའོ་ཞེས་བྱ་བའི་གསང་སྔགས་ཀྱིས་བཏབ་སྟེ་བསད་ནས་མཆོད་སྦྱིན་བྱས་ན་ཕྱུགས་དེ་ཉིད་དང་། མཆོད་བྱིན་བྱེད་པ་དང་། ཡོན་བདག་དང་། དེའི་ཤ་ཟོས་པ་དང་། གསུར་བསྣམས་

པ་ལ་སོགས་པ་ཐམས་ཅད་མཐོ་རིས་སུ་སྐྱེའོ་ཞེས་ཟེར་བའི་གཞུང་སྟོན་ཏེ། དེ་དག་ནི་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་དུག་གསང་སྔགས་ཀྱིས་བསད་དེ། ཟོས་ན་མི་དུག་པ་དེ་བཞིན་དུ་རིག་བྱེད་ལས་ཕྱུགས་
བསད་དེ། མཆོད་སྦྱིན་བྱས་པར་འབྱུང་བ་ཡང་། ཧེ་པ་ཤོ་སྭར་གཾ་གཙྪ། ཏེ་ཙཀྵུ་ཤུདྡྷ་མི། ཤྲོ་ཏ་ཤུདྡྷ། མིགྟ་ན་ཤུདྡྷ་མི། ཛིཧྭ་ཤུདྡྷ་མི། ཀཱ་ཡཾ་ཤུདྡྷ་མི། ཞེས་བྱ་བ་ལ་སོགས་པའི་གསང་སྔགས་ཀྱིས་བསད་དེ། མཆོད་སྦྱིན་བྱས་པས་ཆོས་མ་ཡིན་པ་མ་ཡིན་ནོ་ཞེས་ཟེར་རོ། །དེ་སྐད་ཅེས་ཟེར་བ་
དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས། དེ་ནི་བཟང་པོ་མ་ཡིན་ཏེ། མ་བྱིན་པར་ལེན་པ་དང་། འདོད་པ་ལ་ལོག་པར་གཡེམ་པ་ལ་སོགས་པ་དག་གིས་མ་ངེས་པ་ཉིད་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། སྡིག་ཅན་བྱུང་རྒྱལ་དུ་སྨྲ་བའི་ཚིག་དེ་ནི་བཟང་པོ་མ་ཡིན་ཏེ། འདི་ན་མ་བྱིན་པར་ལེན་པ་དང་།
འདོད་པ་ལ་ལོག་པར་གཡེམ་པ་ལ་སོགས་པ་མི་དགེ་བ་བཅུ་དང་མཚམས་མེད་པ་ལྔ་ལ་སོགས་པ་དག་སྤྱོད་པ་ལ་བྲམ་ཟེ་བྱེ་བ་འབུམ་ཕྲག་དུ་མས་གསང་སྔགས་ཀྱིས་བཏབ་ཀྱང་དེ་དག་མི་དགེ་བ་མ་ཡིན་པར་མ་མཐོང་བས་དེས་ན་ཇེ་རེ་ཞིག་གསང་སྔགས་ཀྱིས་ཡོངས་སུ་གཟུང་བའི་ཕྱིར། དཔེར་ན་
དུག་ཟ་བ་བཞིན་དུ་རིག་བྱེད་ལས་འབྱུང་བའི་འཚེ་བ་ཆོས་མ་ཡིན་པ་མ་ཡིན་པར་འགྱུར་རམ། འོན་ཏེ་གསང་སྔགས་ཀྱིས་ཡོངས་སུ་གཟུང་བའི་ཕྱིར། དཔེར་ན་མི་དགེ་བ་བཅུ་དང་། མཚམས་མེད་པ་ལྔ་ལ་སོགས་པ་དག་བཞིན་དུ་རིག་བྱེད་ལས་འབྱུང་བའི་འཚེ་བ་ཆོས་མ་ཡིན་པར་འགྱུར་བ་མ་
ངེས་པས་ཁྱེད་ཀྱི་གཏན་ཚིགས་གསང་སྔགས་ཀྱིས་ཡོངས་སུ་གཟུང་བའི་ཕྱིར་ཞེས་བྱ་བ་དེ་མ་ངེས་པས་མི་རུང་ངོ་། །ད་ནི་དེ་ཉིད་རྗེས་སུ་དཔག་པས་སྒྲུབ་པ་བསྟན་པའི་ཕྱིར། འཚེ་བ་ནི་ངན་འགྲོར་འགྲོ་བའི་རྒྱུ་ཡིན་ཏེ། བསམས་བཞིན་དུ་མ་ནོར་བར་གསོད་པའི་ཕྱིར། དཔེར་ན་ཐ་མལ་པ་
ཕྱུགས་གསོད་པ་བཞིན་ནོ་ཞེས་བྱ་བ་སྨྲས་ཏེ། དེ་དག་ནི་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་མཆོད་སྦྱིན་གྱི་ཆོ་ག་མ་གཏོགས་པར་ཐ་མལ་པར་རྔོན་པ་དང་། ལིངས་པ་དང་། འདྲེན་གཏོར་དང་། འདོད་ཞེན་

དང་། ཤ་ཁོན་ལ་སོགས་པས་ཕྱུགས་གསོད་པ་ནི་བསམས་བཞིན་དུ་མ་ནོར་བར་གསོད་པའི་ཕྱིར་ངན་འགྲོར་འགྲོ་བའི་རྒྱུ་ཡིན་པ་དེ་བཞིན་དུ་སྤྱོད་པ་ཅན་དག་གི་མཆོད་སྦྱིན་གྱི་ཚེ་སྲོག་ཆགས་ལ་འཚེ་བ་ཡང་བསམས་བཞིན་དུ་མ་ནོར་བར་གསོད་པའི་ཕྱིར་ངན་འགྲོར་འགྲོ་བའི་
རྒྱུ་ཡིན་ནོ། །ཡང་ན་མཆོད་སྦྱིན་གྱི་གནས་སུ་འཚེ་བའི་མཚན་ཉིད་ཀྱི་བྱ་བ་ནི་ངན་འགྲོར་འགྲོ་བའི་རྒྱུ་ཡིན་ཏེ། གཞན་གསོད་པར་རྗེས་སུ་གནང་བ་སྔོན་དུ་གཏོང་བ་ཉིད་ཡིན་ན་བྱ་བའི་ཁྱད་པར་ཡིན་པའི་ཕྱིར་དཔེར་ན་མཆོད་སྦྱིན་གྱི་གནས་མ་ཡིན་པར་འཚེ་བའི་མཚན་ཉིད་ཀྱི་བྱ་བ་བཞིན་ནོ་ཞེས་བྱ་
བས་ནི་དཔྱོད་པ་ཅན་དག་མཆོད་སྦྱིན་གྱི་གནས་སུ་ཕྱུགས་གསོད་པ་ལ་སོགས་པ་འཚེ་བའི་མཚན་ཉིད་ཀྱི་བྱ་བ་བྱེད་པའི་ལས་ནི་ངན་འགྲོར་འགྲོ་བའི་རྒྱུ་ཡིན་པར་སྒྲུབ་པའི་རྗེས་སུ་དཔག་པ་གཞན་སྟོན་ཏེ། དེ་དག་ནི་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་
རིམས་བཞིན་དུ་སྦྱར་ཏེ། དཔེར་ན་མཆོད་སྦྱིན་གྱི་གནས་མ་ཡིན་པར་ཕྱུགས་གསོད་པ་ལ་སོགས་པ་འཚེ་བའི་མཚན་ཉིད་ཀྱི་བྱ་བ་ནི་རང་གི་སེམས་ཀྱིས་གཞན་གསོད་པར་རྗེས་སུ་གནང་བ་སྔོན་དུ་བཏང་བ་ཉིད་ཡིན་ན་མི་དགེ་བའི་བྱ་བའི་ཁྱད་པར་ཡིན་པའི་ཕྱིར། ངན་འགྲོར་འགྲོ་
བའི་རྒྱུ་ཡིན་པ་དེ་བཞིན་དུ་མཆོད་སྦྱིན་གྱི་གནས་སུ་མཆོད་སྦྱིན་གྱི་ཆེད་དུ་ཕྱུགས་ལ་སོགས་པ་གསོད་པ་འཚེ་བའི་མཚན་ཉིད་ཀྱི་བྱ་བ་ཡང་རིག་བྱེད་ལ་གཞན་གསོད་པར་རྗེས་སུ་གནང་བ་སྔོན་དུ་བཏང་བ་ཉིད་ཡིན་ན་མི་དགེ་བའི་བྱ་བའི་ཁྱད་པར་ཡིན་པའི་ཕྱིར་ངན་འགྲོར་འགྲོ་བའི་རྒྱུ་ཡིན་
ནོ། །དེ་ལ་འདིར་གཞན་གསོད་པར་རྗེས་སུ་གནང་བ་སྔོན་དུ་བཏང་བ་ཉིད་ཡིན་ན་བྱ་བའི་ཁྱད་པར་ཡིན་པའི་ཕྱིར་ཞེས་གཏན་ཚིགས་ཀྱི་ཁྱད་པར་གཉིས་སྨོས་ཅི་དགོས་ཤེ་ན། གལ་ཏེ་བྱ་བའི་ཁྱད་པར་ཡིན་པའི་ཕྱིར་ཞེས་བྱ་བ་མ་སྨོས་པར་གཞན་གསོད་པར་རྗེས་སུ་གནང་བ་སྔོན་དུ་བཏང་བ་ཉིད་ཡིན་ན་ཞེས་བྱ་
བ་དེ་ཙམ་ཞིག་སྨོས་པར་གྱུར་ན་བྱ་བའི་ཁྱད་པར་མེད་པའི་ཕྱིར་ཕྱོགས་ཀྱི་ཆོས་གཏན་ཚིགས་སུ་མི་རུང་བས་དེའི་ཕྱིར་བྱ་བའི་ཁྱད་པར་ཡིན་པའི་ཕྱིར་ཞེས་སྨོས་སོ། །གལ་ཏེ་གཞན་གསོད་པར་རྗེས་སུ་གནང་བ་སྔོན་དུ་བཏང་བ་ཉིད་ཡིན་ན་ཞེས་བྱ་བ་མ་སྨོས་པར་བྱ་བའི་ཁྱད་པར་ཡིན་པའི་ཕྱིར་ཞེས་བྱ་བ་

དེ་ཙམ་ཞིག་སྨོས་པར་གྱུར་ན་ཡང་སྦྱིན་པ་ལ་སོགས་པའི་བྱ་བའི་ཁྱད་པར་ཡིན་པའི་ཕྱིར་མཐོ་རིས་སུ་འགྲོ་བའི་རྒྱུ་ཡིན་ནམ། སྲོག་གཅོད་པ་ལ་སོགས་པའི་བྱ་བའི་ཁྱད་པར་ཡིན་པའི་ཕྱིར་ངན་འགྲོར་འགྲོ་བའི་རྒྱུ་ཡིན་པ་མ་ངེས་པར་འགྱུར་བས་དེའི་ཕྱིར་གཞན་གསོད་པར་རྗེས་སུ་གནང་བ་སྔོན་དུ་བཏང་
བ་ཉིད་ཡིན་ན་བྱ་བའི་ཁྱད་པར་ཡིན་པའི་ཕྱིར་ཞེས་བྱ་བ་གཉི་ག་སྨོས་ཏེ། རིག་བྱེད་ལས་གཞན་གསོད་པར་རྗེས་སུ་གནང་བ་སྔོན་དུ་བཏང་བ་ཉིད་ཡིན་ན་མི་དགེ་བའི་བྱ་བའི་ཁྱད་པར་ཡིན་པའི་ཕྱིར་ངན་འགྲོར་འགྲོ་བའི་རྒྱུ་ཡིན་ནོ་ཞེས་བྱ་བར་སྦྱར་རོ། །གལ་ཏེ་འདིར་མི་མཁས་པ་འགའ་ཞིག་དཔེར་ན་ཆུ་
ཆེན་པོའི་རྒྱུན་གྱིས་ཁྱེར་བ་ན་རྩྭ་ཀ་ཤ་དང་། ཀུ་ཤ་ཙམ་ལ་འཇུ་བ་དང་འདྲ་བར་འཚེ་བའི་མཚན་ཉིད་ཀྱི་བྱ་བ་ངན་འགྲོར་འགྲོ་བའི་རྒྱུ་ཡིན་པར་བསྒྲུབས་པ་འདི་ལ་འདི་སྐད་ཅེས། ཁྱེད་དབུ་མ་པས་མཆོད་སྦྱིན་གྱི་གནས་སུ་འཚེ་བའི་མཚན་ཉིད་ཀྱི་བྱ་བ་ནི་ངན་འགྲོར་འགྲོ་བའི་རྒྱུ་ཡིན་ཏེ་ཞེས་དམ་བཅས་
པ་འདི་ལ་མཆོད་སྦྱིན་གྱི་གནས་སུ་ཞེས་བྱ་བའི་ཚིག་འདིའི་རྣམ་པར་དབྱེ་བ་ནི་མཆོད་སྦྱིན་གྱི་གནས་ཀྱི་ནང་དུ་ཞེས་བྱ་བའི་སྒྲ་ཡིན་པས་དེས་ན་མཆོད་སྦྱིན་གྱི་གནས་ཀྱི་ནང་དུ་ནི་འཚེ་བའི་མཚན་ཉིད་ཀྱི་བྱ་བ་ཁོ་བོ་ཅག་ཀྱང་མི་བྱེད་པས་ཁྱེད་ན་རེ་མཆོད་སྦྱིན་གྱི་གནས་སུ་འཚེ་བའི་མཚན་ཉིད་ཀྱི་
བྱ་བ་ངན་འགྲོར་འགྲོ་བའི་རྒྱུ་ཡིན་པས་མི་བྱའོ་ཞེས་ཟེར་བའི་བསྒྲུབ་པ་དེ་གྲུབ་པ་ལ་སྒྲུབ་པའི་སྐྱོན་ཆགས་པ་ཡིན་པས་མི་རུང་སྟེ། འདི་ལྟར་ཁོ་བོ་ཅག་གི་གཞུང་ལས་ཀྱང་མཆོད་སྦྱིན་གྱི་གནས་ཞེས་བྱ་བ་ནི་ཀུན་སྦྱིན་པའི་མེ་དང་། ཁྱིམ་བདག་གིས་བྱས་པའི་མེ་དང་། མཆོད་པའི་མེ་
ཞེས་བྱ་བ་སྦྱིན་སྲེག་གི་ཐབ་ཁུང་གསུམ་པོ་དག་ཡིན་པས་ཁོ་བོ་ཅག་གི་སྦྱིན་སྲེག་མཁན་དག་ཀྱང་ཐབ་གསུམ་པོ་དེ་དག་གི་ནང་ཉིད་དུ་ཕྱུགས་གསོད་པ་ལ་སོགས་པ་འཚེ་བའི་མཚན་ཉིད་ཀྱི་བྱ་བ་མི་བྱེད་དེ། མཆོད་སྦྱིན་གྱི་གནས་ཀྱི་ཕྱི་རོལ་ཕྱོགས་གཞན་དུ་ཕྱུགས་གསོད་པ་ལ་སོགས་པ་འཚེ་
བའི་མཚན་ཉིད་ཀྱི་བྱ་བ་བྱས་ནས་ཤ་ལ་སོགས་པ་ཐབ་དེ་གསུམ་གྱི་ནང་དུ་སྦྱིན་སྲེག་བྱེད་པས་དེ་ནི་ངན་འགྲོར་འགྲོ་བའི་རྒྱུ་མ་ཡིན་ནོ་ཞེས་ཟེར་ན། དེ་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། འདིར་ཁོ་བོས་མཆོད་སྦྱིན་གྱི་གནས་སུ་ཞེས་སྨྲས་པའི་ཚིག་དེའི་རྣམ་པར་དབྱེ་བ་ནི་མཆོད་སྦྱིན་གྱི་གནས་ཀྱི་ནང་དུ་

ཞེས་བྱ་བའི་སྒྲ་མ་ཡིན་གྱི་མཆོད་སྦྱིན་གྱི་གནས་ཀྱི་ཕྱིར་ཞེས་བྱ་བའི་སྒྲ་ཡིན་པས། དེས་ན་ཇི་ཙམ་དུ་མཆོད་སྦྱིན་གྱི་གནས་ཀྱི་ཕྱིར་རམ། དེའི་དོན་དུའམ། དེའི་ཆེད་དུ་ཕྱུགས་གསོད་པ་ལ་སོགས་པ་འཚེ་བའི་མཚན་ཉིད་ཀྱི་བྱ་བ་བྱེད་ན་སྦྱིན་སྲེག་གི་ཐབ་ཀྱི་ནང་དུ་ཡང་རུང་། ཐབ་
ངོགས་སུ་ཡང་རུང་། མཆོད་སྦྱིན་གྱི་གནས་ཀྱི་ནང་རོལ་དུ་ཡང་རུང་། ཕྱི་རོལ་དུ་ཡང་རུང་། དེའི་ཕྱོགས་སུ་ཡང་རུང་། ཕྱོགས་གཞན་དུ་ཡང་རུང་སྟེ། དེ་དག་ཐམས་ཅད་ངན་འགྲོར་འགྲོ་བའི་རྒྱུ་ཡིན་ཏེ། གཞན་གསོད་པར་རྗེས་སུ་གནང་བ་སྔོན་དུ་བཏང་བ་ཉིད་ཡིན་ན་བྱ་བའི་ཁྱད་པར་ཡིན་པའི་
ཕྱིར་དཔེར་ན་མཆོད་སྦྱིན་གྱི་གནས་མ་ཡིན་པར་འཚེ་བའི་མཚན་ཉིད་ཀྱི་བྱ་བ་བཞིན་ནོ་ཞེས་དམ་བཅས་པ་དེའི་ཕྱིར་ཁོ་བོའི་སྒྲུབ་པ་དེ་སྒྲུབ་པ་ལ་གྲུབ་པ་མ་ཡིན་པའི་ཕྱིར་ཁྱོད་ཀྱི་སྒྲུབ་པ་དེས་ནི་དཔེར་ན་ཆུ་ཆེན་པོའི་རྒྱུན་གྱིས་ཁྱེར་བ་ན་རྩྭ་ཀ་ཤ་དང་ཀུ་ཤ་ཙམ་ལ་འཇུས་པས་ཕ་མི་ལོན་པ་དང་འདྲ་བར་མཆོད་
སྦྱིན་གྱི་གནས་སུ་འཚེ་བའི་མཚན་ཉིད་ཀྱི་བྱ་བ་ངན་འགྲོར་འགྲོ་བའི་རྒྱུ་མ་ཡིན་པར་མི་འགྲུབ་བོ། །གང་དག་འཇིག་རྟེན་རྒྱང་པན་པ་དག་པས་ཀྱང་སྡིག་ཆེ་བར་རིག་བྱེད་སྨྲ་བའི་ཐམ་ལག་གི་རྗེས་སུ་ཞུགས་ནས་མཆོད་སྦྱིན་གྱི་གནས་སུ་འཚེ་བའི་མཚན་ཉིད་ཀྱི་བྱ་བ་ནི་མཆོད་སྦྱིན་གྱི་གནས་མ་ཡིན་པར་
འཚེ་བའི་མཚན་ཉིད་ཀྱི་བྱ་བ་ལྟར་ཆོས་མ་ཡིན་པ་མ་ཡིན་ཏེ། བསྟན་བཅོས་ལས་ཆོས་མ་ཡིན་པ་མི་སྟོན་པའི་ཕྱིར་དཔེ་མ་གྲུབ་པོ་ཞེས་ཟེར་ན་ཞེས་བྱ་བ་ནི་བྲམ་ཟེར་དཔྱོད་པ་ཅན་སྲོག་ཆགས་ལ་འཚེ་བ་སྡིག་ཅན་ཟང་ཟིང་འདོད་པ་གང་དག་འཇིག་རྟེན་རྒྱང་པན་པ་དག་པས་ཀྱང་སྡིག་ཆེ་བ་རིག་བྱེད་སྨྲ་
བའི་ཐམ་ལག་གི་རྗེས་སུ་ཞུགས་པ་དག་དབུ་མ་པའི་སྒྲུབ་པ་སྔ་མའི་དཔེ་མཆོད་སྦྱིན་གྱི་གནས་མ་ཡིན་པར་འཚེ་བའི་མཚན་ཉིད་ཀྱི་བྱ་བ་བཞིན་ནོ་ཞེས་བྱ་བ་དེ་བསྒྲུབ་པར་བྱ་བ་ཆོས་ཀྱིས་སྟོང་པས་མ་གྲུབ་པོ་ཞེས་ཟེར་བའི་ཚིག་ཡིན་ཏེ། དེ་དག་ན་རེ་མཆོད་སྦྱིན་གྱི་གནས་མ་ཡིན་པར་འཚེ་བའི་མཚན་
ཉིད་ཀྱི་བྱ་བ་ནི་ངན་འགྲོར་འགྲོ་བའི་རྒྱུ་ཡིན་པ་དེ་བདེན་པས་མཆོད་སྦྱིན་གྱི་གནས་སུ་འཚེ་བའི་མཚན་ཉིད་ཀྱི་བྱ་བ་ནི་མཆོད་སྦྱིན་གྱི་གནས་མ་ཡིན་པར་འཚེ་བའི་མཚན་ཉིད་ཀྱི་བྱ་བ་ལྟར་ཆོས་མ་ཡིན་པ་མ་ཡིན་ཏེ། ཅིའི་ཕྱིར་ན། འདི་ལྟར་མཆོད་སྦྱིན་གྱི་གནས་སུ་འཚེ་བའི་མཚན་ཉིད་ཀྱི་བྱ་བ་ནི་

རིག་བྱེད་ཀྱི་བསྟན་བཅོས་ལས་འབྱུང་ལ། རིག་བྱེད་ཀྱི་བསྟན་བཅོས་ནི་ཡིད་ཆེས་པའི་ལུང་ཡིན་པས་དེ་ལས་ཆོས་མ་ཡིན་པ་མི་སྟོན་པའི་ཕྱིར་མཆོད་སྦྱིན་གྱི་གནས་སུ་འཚེ་བའི་མཚན་ཉིད་ཀྱི་བྱ་བ་ནི་ངན་འགྲོར་འགྲོ་བའི་རྒྱུ་མ་ཡིན་པས་ཁྱོད་ཀྱི་དཔེ་མཆོད་སྦྱིན་གྱི་གནས་མ་ཡིན་པར་འཚེ་བའི་མཚན་ཉིད་ཀྱི་
བྱ་བ་བཞིན་ནོ་ཞེས་བྱ་བ་དེ་བསྒྲུབ་པར་བྱ་བ་ཆོས་ཀྱིས་སྟོང་པའི་ཕྱིར་མ་གྲུབ་བོ་ཞེས་ཟེར་རོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས་དེ་དག་ནི་འཇིག་རྟེན་རྒྱང་པན་པ་བློ་གྲོས་སྦྱང་བ་མ་བྱས་པ། མི་དགེ་བའི་བྱ་བ་ལ་མངོན་པར་དགའ་བའི་སེམས་དང་ལྡན་པ་རྣམས་ཀྱི་འཇུག་པ་གང་ཡིན་པ་དེ་
གཙོ་ཆེར་སྒྲུབ་པར་བྱེད་པ་ཡིན་པས་གཏམ་འདྲེ་བར་བྱས་པ་ཡང་མ་ཡིན་མོད་ཀྱི། འོན་ཀྱང་དེ་དག་གི་ལུགས་དགག་པ་བརྗོད་པར་བྱ་སྟེ་ཞེས་བྱ་བ་སྨྲས་ཏེ། དེ་དག་ནི་བདག་ཉིད་ཀྱང་ཉམས་ལ་གཞན་དག་ཀྱང་ཆུད་ཟ་བར་བྱེད་པ་ཡིན་པས་གཏམ་འདྲེ་བར་བྱ་བ་ཡང་མ་ཡིན་མོད་ཀྱི། འོན་ཀྱང་དེ་
དག་བདག་ཉིད་ཉམས་པ་ལ་སྙིང་བརྩེ་བ་དང་། གཞན་དག་ཆུད་ཟ་བར་བྱེད་པ་བཟློག་པའི་ཕྱིར་དེ་དག་གི་ལུགས་དགག་པ་བརྗོད་པར་བྱ་སྟེ་ཞེས་བྱ་བར་སྦྱར་རོ། །དེ་དགག་པའི་རྗེས་སུ་དཔག་པ་བསྟན་པའི་ཕྱིར། མཆོད་སྦྱིན་གྱི་གནས་སུ་འཚེ་བའི་མཚན་ཉིད་ཀྱི་བྱ་བ་གང་ཡིན་པ་དེ་ནི་ཚེ་འདི་
ལ་དེའི་གནས་ལ་འབྲས་བུ་ཇི་ལྟ་བུ་མངོན་པར་སྒྲུབ་པར་བྱེད་པ་དེ་ལྟ་བུ་ཁོ་ནའི་འབྲས་བུ་ཚེ་ཕྱི་མ་ལ་བྱེད་པ་པོ་ལ་མངོན་པར་འགྲུབ་པར་བྱེད་པ་ཡིན་ཏེ། བྱ་བའི་ཁྱད་པར་ཡིན་པའི་ཕྱིར་དཔེར་ན་སྦྱིན་པ་བཞིན་ནོ་ཞེས་བྱ་བ་སྨྲས་ཏེ། དེས་ནི་མཆོད་སྦྱིན་གྱི་གནས་སུ་འཚེ་བའི་མཚན་ཉིད་ཀྱི་བྱ་བ་གང་
ཡིན་པ་དེ་ངན་འགྲོར་འགྲོ་བའི་རྒྱུ་ཡིན་པས་དབུ་མ་པའི་དཔེ་སྔ་མ་དེ་བསྒྲུབ་པར་བྱ་བ་ཆོས་ཀྱིས་མི་སྟོང་པར་བསྒྲུབ་པའི་རྗེས་སུ་དཔག་པ་སྟོན་ཏེ། དེ་དག་ཀྱང་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་སྦྱིན་པ་
ནི་དགེ་བའི་ཁྱད་པར་ཡིན་པའི་ཕྱིར་ཚེ་འདི་ལ་སྦྱིན་པ་དེའི་གནས་མཆོད་པ་དང་། དྲིན་བསབ་པ་དང་། སྙིང་རྗེ་བ་དག་ལ་ཆོས་དང་། ཟང་ཟིང་དང་། མི་འཇིགས་པ་སྦྱིན་པའི་འབྲས་བུ་ཇི་ལྟ་བུ་མངོན་པར་སྒྲུབ་པར་བྱེད་པ། དེ་ལྟ་བུ་ཁོ་ནའི་འབྲས་བུ་ཚེ་ཕྱི་མ་ལ་སྦྱིན་པ་པོ་ལ་མངོན་པར་

འགྲུབ་པར་བྱེད་པ་དེ་བཞིན་དུ་མཆོད་སྦྱིན་གྱི་གནས་སུ་འཚེ་བའི་མཚན་ཉིད་ཀྱི་བྱ་བ་གང་ཡིན་པ་དེ་ཡང་མི་དགེ་བའི་བྱ་བའི་ཁྱད་པར་ཡིན་པའི་ཕྱིར་ཚེ་འདི་ལ་འཚེ་བ་དེའི་གནས་ཕྱུགས་ལ་སོགས་པའི་ལུས་ལ་བཅིང་བ་དང་། བསུབ་པ་དང་། མཚོན་གྱིས་གདབ་པ་དང་།
སྲོག་གཅོད་པ་དང་། ཤ་སྲེག་པ་ལ་སོགས་པའི་འབྲས་བུ་ཇི་ལྟ་བུ་མངོན་པར་སྒྲུབ་པར་བྱེད་པ་དེ་ལྟ་བུ་ཁོ་ནའི་འབྲས་བུ་ཚེ་ཕྱི་མ་ལ་བྱེད་པ་པོ་ལ་མངོན་པར་གྲུབ་པ་བྱེད་པ་ཡིན་པས་མཆོད་སྦྱིན་གྱི་གནས་སུ་འཚེ་བའི་མཚན་ཉིད་ཀྱི་བྱ་བ་གང་ཡིན་པ་དེ་ནི་ངན་འགྲོར་འགྲོ་བའི་རྒྱུ་ཡིན་པའི་ཕྱིར་ཁོ་བོའི་
དཔེ་མཆོད་སྦྱིན་གྱི་གནས་མ་ཡིན་པར་འཚེ་བའི་མཚན་ཉིད་ཀྱི་བྱ་བ་ངན་འགྲོར་འགྲོ་བའི་རྒྱུ་ཡིན་པ་བཞིན་ནོ་ཞེས་བྱ་བ་དེ་བསྒྲུབ་པར་བྱ་བ་ཆོས་ཀྱིས་མི་སྟོང་པས་གྲུབ་པ་ཡིན་ནོ། །གང་དག་འདི་སྐད་ཅེས་ཕྱུགས་མཆོད་སྦྱིན་དུ་སྤྱད་པ་ནི་ཆོས་མ་ཡིན་པ་མ་ཡིན་ཏེ། དེའི་ཆེད་ཉིད་ཡིན་པའི་ཕྱིར་གང་ཞིག་
གང་གི་ཆེད་དུ་སྦྱར་བ་དེའི་ཆེད་དུ་སྤྱད་པ་ཆོས་མ་ཡིན་པའི་རྒྱུར་མི་འགྱུར་ཏེ། དཔེར་ན་སྦྱིན་བདག་གིས་བྲམ་ཟེའི་ཆེད་དུ་འབྲས་ཆན་སྦྱར་བ་བཞིན་ནོ་ཞེས་ཟེར་ན་ཞེས་བྱ་བས་ནི་དཔྱོད་པ་ཅན་དང་། པར་སིག་དང་། མོ་གོ་ཤ་དང་། མུ་སུལ་མན་དང་། ཏར་སག་ལ་སོགས་པ་དག་གི་གཞུང་ལས་ཕྱུགས་
ལ་སོགས་པ་དུད་འགྲོ་རྣམས་མཆོད་སྦྱིན་དུ་སྤྱད་པ་དང་། མིས་བཟའ་བའི་རྐྱེན་དུ་བྱ་བ་ཡིན་པས་དེ་དག་མཆོད་སྦྱིན་དུ་སྤྱད་པ་དང་། མིས་ཟོས་པ་ལ་སྡིག་པ་མེད་དོ་ཞེས་ཟེར་བའི་གཞུང་སྟོན་ཏེ། དེ་དག་ནི་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། ཉེ་བར་སྦྱར་བའི་སྦྱོར་
བ་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས། དེ་ནི་བཟང་པོ་མ་ཡིན་ཏེ། འགའ་ཞིག་གིས་ཕྱུགས་མཆོད་སྦྱིན་གྱི་ཆེད་དུ་སྤྲུལ་ཏོ་ཞེས་བྱ་བ་དེ་མི་འགྲུབ་སྟེ། སྤྲུལ་པ་པོ་འགའ་ཞིག་གིས་བློ་སྔོན་དུ་བཏང་སྟེ། བྱས་པར་
ཁས་མ་བླངས་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་སོ། །དུད་འགྲོའི་མཆོད་སྦྱིན་གྱིས་ལྷ་མཉེས་པར་འགྱུར་རོ་ཞེས་ཟེར་བ་དེ་ཡང་འཇིག་རྟེན་སླུ་བའི་ཚིག་ཡིན་པར་བསྟན་པའི་ཕྱིར། དུད་འགྲོ་ཕྱུགས་ངན་འགྲོ་ལོག་པར་ལྟུང་བར་སྐྱེས་པ་བདེ་བ་ཤིན་ཏུ་དཀོན་པ་ཤ་ཁོན་མེད་པ་འཆི་བས་འཇིགས་སྐྲག་པ་

མྱ་ངན་བྱ་བར་འོས་པ་དག་བསད་པས་ལྷ་ལྷའི་ཕྲེང་བ་དང་། བྱུག་པ་དང་རྒྱན་དང་། གོས་འཆང་བའི་གཟུགས་ཅན་བདུད་རྩི་མཆོག་ཏུ་ཡིད་དུ་འོང་བ་རོ་ཞིམ་པའི་ཟས་ཟ་བར་འབྱོར་པ་ཆེན་པོ་དང་ལྡན་པ་རྣམས་དགའ་བར་འགྱུར་རོ་ཞེས་བྱ་བ་དེ་ལ་སུ་ཞིག་ཡིད་ཆེས་པ་སྐྱེ་བར་འགྱུར་ཞེས་བྱ་བ་སྨྲས་སོ། །
དེ་ཉིད་ཀྱི་རྗེས་སུ་དཔག་པ་བསྟན་པའི་ཕྱིར། ཕྱུགས་དག་ནི་མཆོད་སྦྱིན་གྱི་ཆེད་མ་ཡིན་ཏེ། ལོངས་སྤྱད་པར་བྱ་བ་ཡིན་པའི་ཕྱིར་དཔེར་ན་མཆོད་སྦྱིན་བྱ་བའི་འབྲས་བུ་བཞིན་ནོ་ཞེས་བྱ་བ་སྨྲས་ཏེ། དེ་དག་ནི་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་
དུ་སྦྱར་ཏེ། དཔེར་ན་མཆོད་སྦྱིན་བྱ་བའི་འབྲས་བུ་མཐོ་རིས་སུ་སྐྱེ་བ་ལ་སོགས་པ་ནི་ལོངས་སྤྱད་པར་བྱ་བ་ཡིན་པའི་ཕྱིར་མཆོད་སྦྱིན་གྱི་ཆེད་མ་ཡིན་ཏེ། འདི་ལྟར་མཆོད་སྦྱིན་ཉིད་དེའི་ཆེད་ཡིན་པ་དེ་བཞིན་དུ་ཕྱུགས་དག་ཀྱང་བཞོ་བ་དང་བཀལ་བ་ལ་སོགས་པས་ལོངས་སྤྱད་པར་བྱ་བ་ཡིན་པའི་ཕྱིར་མཆོད་
སྦྱིན་གྱི་ཆེད་མ་ཡིན་ཏེ། འདི་ལྟར་མཆོད་སྦྱིན་ཉིད་དེ་དག་གི་ཆེད་ཡིན་པས་གང་དག་འདི་སྐད་ཅེས་ཕྱུགས་མཆོད་སྦྱིན་དུ་སྤྱད་པ་ནི་ཆོས་མ་ཡིན་པ་མ་ཡིན་ཏེ། དེའི་ཆེད་ཉིད་ཡིན་པའི་ཕྱིར་རོ་ཞེས་ཟེར་བ་དེའི་གཏན་ཚིགས་ཀྱི་དོན་མ་གྲུབ་པོ། །དེ་བཞིན་དུ་ཡོད་པ་ཉིད་ལ་སོགས་པའི་གཏན་
ཚིགས་དག་གི་ཕྱིར་རོ་ཞེས་ཀྱང་རྗེས་སུ་དཔག་པ་རྒྱས་པར་བརྗོད་པར་བྱའོ་ཞེས་བྱ་བ་ནི་ཕྱོགས་དེའི་གཏན་ཚིགས་ནི་ཡོད་པ་ཉིད་དང་། བརྗོད་པར་བྱ་བ་ཉིད་དང་། ཤེས་བྱ་ཉིད་དང་། ཆོས་སྒྲུབ་པ་ཉིད་དང་། དགའ་བ་དང་ཡོངས་སུ་གདུང་བའི་རྒྱུ་ཉིད་ལ་སོགས་པ་དག་ཀྱང་ཡིན་པར་སྦྱར་རོ། །
དེ་ལྟར་སྤྱོད་པ་ཅན་དག་རིག་བྱེད་ནི་སུས་ཀྱང་མ་བྱས་པ་ཡོང་གིས་ཡོད་པ་རྟག་པ་ཐམས་ཅད་མཁྱེན་པ་ཡིན་པར་བསྒྲུབ་པའི་གཞུང་སུན་དབྱུང་བ་བསྟན་ཏོ། །དེ་ནི་ཕྱོགས་ཙམ་ཞིག་ཉེ་བར་བསྟན་པ་ཡིན་ཏེ་ཞེས་བྱ་བ་ནི་མཆོད་སྦྱིན་དགག་པའོ། །ཞར་ལ་བཤད་པས་ཆོག་གོ་ཞེས་བྱ་བ་ནི་
ཐམས་ཅད་མཁྱེན་པ་བསྒྲུབ་པའོ། །དེའི་ཕྱིར་དེ་ལྟར་ཐམས་ཅད་མཁྱེན་པ་ནི་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ་ཉིད་ཕྱིན་ཅི་མ་ལོག་པར་སྟོན་པར་དཀའ་བ་ལྷ་དང་། མིའི་བླ་མ་རྣམས་ཀྱིས་བཀུར་བ་སྟེ། དེ་ཉིད་བཅོམ་ལྡན་འདས་སྟོབས་བཅུ་མངའ་བ་ཡིན་ནོ་ཞེས་བྱ་བ་ནི་མཇུག་བསྡུ་བ་དང་ཚད་

མའི་འབྲས་བུ་ཡིན་ཏེ། དེ་ལྟར་ཕས་ཀྱི་རྒོལ་བ་མུ་སྟེགས་བྱེད་གླང་པོའི་རིགས་ཅན་རྣམས་ཀྱི་ཚིག་དག་དེ་བཞིན་གཤེགས་པའི་བཀའ་སེང་གེའི་སྒྲ་ལྟ་བུའི་ལུང་གིས་ཚར་བཅད་པས་དེ་བཞིན་གཤེགས་པ་ཐམས་ཅད་མཁྱེན་པ་ཉིད་དུ་གྲུབ་པོ། །གཏམ་ཧ་ཅང་འཕྲོས་པས་
ཆོག་གིས་སྐབས་ཉིད་ལ་འཇུག་པར་བྱའོ་ཞེས་བྱ་བས་ནི་ཐམས་ཅད་མཁྱེན་པ་མ་ཡིན་པར་སྨྲ་བ་སུན་དབྱུང་བ་དང་། ཐམས་ཅད་མཁྱེན་པ་ཉིད་བསྒྲུབ་པ་དེ་ཙམ་གྱིས་ཆོག་གིས་ད་ནི་དོན་དམ་པར་དེ་བཞིན་གཤེགས་པ་ངོ་བོ་ཉིད་མེད་པར་བསྒྲུབ་པའི་སྐབས་ཉིད་ལ་འཇུག་པར་བྱའོ་ཞེས་སྟོན་ཏོ། །
འདིར་སྨྲས་པ་ཁྱོད་ཀྱིས་ཆོས་ཐམས་ཅད་སྤྲོས་པ་མེད་དོ་ཞེས་ཁས་བླངས་ལ། ཆོས་ཐམས་ཅད་སྟོང་པའོ་ཞེས་སྤྲོས་པར་ཡང་བྱེད་པས་དེའི་ཕྱིར་ཁས་བླངས་པ་ལ་གནོད་པར་འགྱུར་རོ་ཞེས་བྱ་བ་ནི་ཕ་རོལ་པོ་དག་དབུ་མ་པ་ལ་ཁས་བླངས་པ་ལ་གནོད་པའི་སྐྱོན་འདོགས་པའི་ཚིག་ཡིན་ནོ། །
དེའི་ལན་དུ་འདིར་བཤད་པ་དེ་ནི་བདེན་མོད་ཀྱི་ཞེས་བྱ་བ་ནི་ཆོས་ཐམས་ཅད་སྤྲོས་པ་མེད་པ་ནི་བདེན་ནོ་ཞེས་སྟོན་ཏོ། །དོན་དམ་པར་སྤྲོས་པ་མེད་པ་བདེན་མོད་ཀྱི། ཀུན་རྫོབ་ཏུ་སྟོང་ངོ་ཞེས་སྤྲོས་པས་མ་བསྟན་ན་སྒྲུབ་པར་བྱེད་པ་དག་གིས་དེ་མི་རྟོགས་པས་དོན་དམ་པ་རྟོགས་པར་བྱ་བའི་ཐབས་སུ་
ཐ་སྙད་དུ་སྤྲོས་པས་བསྟན་ཏོ་ཞེས་བསྒྲུབ་པའི་ཕྱིར། གལ་ཏེ་ཆོས་ཐམས་ཅད་སྟོང་ངོ་ཞེས་མ་བརྟེན་པ་ཡང་སྒྲུབ་པར་བྱེད་པས་ཐོས་པ་ལས་བྱུང་བའི་ཤེས་པ་མེད་པར་ཆོས་ཐམས་ཅད་སྟོང་ངོ་ཞེས་བྱ་བར་རྟོགས་པར་འགྱུར་ན་ནི་དོན་དམ་པར། སྟོང་ངོ་ཞེས་ཀྱང་མི་བརྗོད་དེ། །མི་
སྟོང་ཞེས་ཀྱང་མི་བྱ་ཞིང་། །གཉིས་དང་གཉིས་མིན་མི་བྱ་སྟེ། །ཞེས་བྱ་བ་སྨྲས་ཏེ། དེ་ལྟར་དེ་སྐད་སྤྲོས་པར་བྱ་ཡང་མི་དགོས་པ་ཞིག་ན་ཞེས་བསྟན་ཏོ། །དེ་ལྟ་མ་ཡིན་པས་དེའི་ཕྱིར་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དང་རྗེས་སུ་མཐུན་པར་སྒྲུབ་པར་བྱེད་པ་རྣམས་ཀྱིས་དེ་ལྟར་རྟོགས་
པར་བྱ་བའི་ཕྱིར་སྟོང་པ་ཉིད་ལ་སོགས་པའི་བརྗོད་པ་དག་གིས། གདགས་པའི་དོན་དུ་བརྗོད་པར་བྱ། །ཡང་དག་པ་མ་ཡིན་པར་རྟོག་པའི་དྲི་མ་བཀྲུ་བའི་ཕྱིར་རོ་ཞེས་བྱ་བ་ནི་དེ་ལྟ་མ་ཡིན་པས་དེའི་ཕྱིར་ཚོགས་གཉིས་རྫོགས་པར་བྱ་བ་དང་། ལྟ་བ་ངན་པའི་དྲི་མ་དག་བཀྲུ་བའི་ཕྱིར་ཀུན་རྫོབ་

ཏུ་སྟོང་པ་ཉིད་ལ་སོགས་པའི་བརྗོད་པ་དག་གིས་སྟོང་པ་དང་། མི་སྟོང་པ་དང་། གཉི་ག་དང་། གཉི་ག་མ་ཡིན་ནོ་ཞེས་སྤྲོས་ཏེ་བསྟན་པར་བྱ་བ་ལ་སྐྱོན་མེད་དོ་ཞེས་བསྟན་ཏོ། །ད་ནི་ཀུན་རྫོབ་དུ་སྟོང་པ་ཉིད་ལ་སོགས་པར་བསྟན་པའི་དགོས་པ་བསྟན་པའི་ཕྱིར། དེ་ལ་རེ་ཞིག་ལྟ་བའི་ལིང་ཏོག་
གཞིག་པའི་ཕྱིར་ཤེས་བྱ་སྟོང་ངོ་ཞེས་བརྗོད་པར་བྱའོ། །མེད་པར་ལྟ་བ་སྤང་བའི་ཕྱིར་སྒྱུ་མ་དང་། སྨིག་རྒྱུ་ལྟ་བུའི་བདག་ཉིད་ཀྱིས་མི་སྟོང་ངོ་ཞེས་ཀྱང་བརྗོད་པར་བྱའོ། །དོན་དམ་པར་རང་ལས་སྐྱེ་བ་མེད་པའི་ཕྱིར་དང་། སྒྱུ་མ་ལ་སོགས་པའི་ངོ་བོ་ཉིད་ཀྱི་བདག་ཉིད་དུ་སྐྱེས་པའི་ཕྱིར་གཉི་
ག་ཞེས་ཀྱང་བརྗོད་པར་བྱའོ། །གང་ཡང་རུང་བའི་མཐར་ལྟུང་བ་ཡོངས་སུ་སྤང་བའི་ཕྱིར་དང་། བདེན་པ་གཉིས་ལ་རྣམ་པར་ལྟོས་པས་གཉི་གར་ལྟ་བའི་སྐྱོན་གྱི་དུག་བསལ་བའི་ཕྱིར་དང་། དོན་དམ་པའི་བདེན་པ་རྟོགས་པར་བྱ་བའི་ཕྱིར་གཉི་ག་མ་ཡིན་ནོ་ཞེས་ཀྱང་བརྗོད་པར་བྱའོ་ཞེས་
བྱ་བ་སྨྲས་སོ། །དེའི་ཕྱིར་དེ་ལྟར་ཡང་དག་པ་མ་ཡིན་པར་རྟོག་པའི་དྲི་མ་བཀྲུ་བའི་ཕྱིར་སྟོང་པ་ཉིད་ལ་སོགས་པ་བརྗོད་དེ་ཞེས་བྱ་བ་ནི་དགོས་པ་བཞི་བསྟན་པའི་མཇུག་བསྡུ་བ་སྟེ། མི་མཐུན་པ་བཞི་པོ་དེ་དག་བཀྲུ་བའི་ཕྱིར་སྟོང་པ་དང་། མི་སྟོང་པ་དང་། གཉི་ག་དང་། གཉི་ག་
མ་ཡིན་པ་ཞེས་བརྗོད་དོ། །སྟོང་པ་ཉིད་ལ་སོགས་པས་མི་མཐུན་པ་དེ་དག་སྤང་བའི་ཁུངས་བསྟན་པའི་ཕྱིར། ཇི་སྐད་དུ་སྟོང་པ་ཉིད་ནི་ལྟ་བར་གྱུར་པ་ཐམས་ཅད་ལས་ངེས་པར་འབྱིན་པའོ་ཞེས་གསུངས་པ་ལྟ་བུའོ་ཞེས་བྱ་བ་སྨྲས་སོ། །དེ་ཉིད་ཀྱི་ཁུངས་སློབ་དཔོན་འཕགས་པ་ལྷས་མཛད་པ་
བསྟན་པའི་ཕྱིར། གཞན་ཡང་། གལ་ཏེ་དངོས་པོར་རང་བཞིན་ཡོད། །སྟོང་མཐོང་ཡོན་ཏན་ཇི་ཞིག་ཡོད། །རྟོག་པས་བཅིངས་པ་མཐོང་བས་ན། །འདིར་ནི་དེ་ཉིད་གདགས་པར་བྱ། །ཞེས་བཤད་པ་ལྟ་བུའོ་ཞེས་བྱ་བ་སྨྲས་ཏེ། གལ་ཏེ་དོན་དམ་པར་དངོས་པོ་རྣམས་ངོ་བོ་ཉིད་ཀྱིས་ཡོད་
པར་གྱུར་ན་སྟོང་པ་མཐོང་བ་ལ་ཡོན་ཏན་ཇི་ཞིག་ཡོད་དེ། འདི་ལྟར་ངོ་བོ་ཉིད་ལ་འགྱུར་བ་མེད་པའི་ཕྱིར་སྟོང་པ་ཉིད་མཐོང་བ་ལ་ཡོན་ཏན་འགའ་ཡང་མེད་པར་འགྱུར་བ་ཞིག་ན། སྟོང་པ་ཉིད་མཐོང་བ་ལ་མྱ་ངན་ལས་འདས་པ་འཐོབ་པ་ཞེས་བྱ་བའི་ཡོན་ཏན་ཡོད་པས་དེའི་ཕྱིར་དངོས་པོ་རྣམས་ངོ་བོ་

ཉིད་ཡོད་པ་མ་ཡིན་ནོ། །གལ་ཏེ་གཞན་དག་ན་རེ་དངོས་པོ་རྣམས་ངོ་བོ་ཉིད་མེད་ན་ཡང་སྟོང་པ་ཉིད་མཐོང་བ་ལ་ཡོན་ཏན་ཇི་ཡོད་ལྟ་བ་དག་དངོས་པོ་ཡོད་ན་ནི་སྟོང་པ་ཉིད་མཐོང་བས་དེ་དག་སེལ་བས་སྟོང་པ་ཉིད་མཐོང་བ་ལ་ལྟ་བ་སེལ་བའི་ཡོན་ཏན་ཡོད་དོ་ཞེ་ན། དེའི་ལན་དུ་
རྟོག་པས་བཅིངས་པ་མཐོང་བས་ན། །འདིར་ནི་དེ་ཉིད་དགག་པར་བྱ། །ཞེས་གསུངས་ཏེ། འདིའི་དོན་ནི་དངོས་པོ་ཐམས་ཅད་སྟོང་པ་ཉིད་ཡིན་ཡང་མི་སྟོང་པར་རྟོག་པ་ལ་མངོན་པར་ཞེན་པས། འཁོར་བར་བཅིངས་པས་བཅིངས་པ་དག་འདི་ན་མཐོང་བས་ན། དེའི་ཕྱིར་མི་སྟོང་པར་རྟོག་པས་
འཁོར་བར་བཅིངས་པའི་རྟོག་པ་དེ་ཉིད་འདིར་དགག་པར་བྱ་བ་ཡིན་པའི་ཕྱིར་སྟོང་པ་ཉིད་མཐོང་བ་ལ་ཡོན་ཏན་ཡོད་དོ། །དེ་ལྟ་བས་ན་གང་དག་འདི་སྐད་ཅེས་གལ་ཏེ་དོན་དམ་པར་དངོས་པོ་རྣམས་ཡོད་པ་མ་ཡིན་ན་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་དག་རྒྱུ་མེད་པར་ཇི་ལྟར་རུང་བར་འགྱུར་
ཞེས་ཟེར་བ་དེ་དག་གི་ལན་ཀྱང་། རྟོག་པས་བཅིངས་པ་མཐོང་བས་ན། །ཞེས་བྱ་བ་འདི་ཉིད་ཡིན་ཏེ། དཔེར་ན་ཁྱིམ་ཐབ་གཞན་དུ་སོང་བའི་ཆུང་མས་རང་གི་ཁྱིམ་ཐབ་ཤི་བའི་གཏམ་ཐོས་པའི་འོག་ཏུ་ད་ཙམ་བདག་གི་ཁྱིམ་ཐབ་བུད་མེད་གཞན་དང་འཁྲིག་ཅིང་འདུག་གོ་སྙམ་པའི་རྟོག་པ་
སྐྱེས་ན་གཞི་མེད་པའི་རྟོག་པ་དེས་རང་གི་སེམས་ལ་ཕྲག་དོག་དང་། ཞེ་སྡང་སྐྱེས་པས་བཅིངས་པ་དག་འདི་ན་མཐོང་བས་དངོས་པོ་ཡོད་པ་མ་ཡིན་བཞིན་དུ་རང་གི་རྟོག་པས་བཅིངས་པ་དེ་ཉིད་ཀུན་ནས་ཉོན་མོངས་པའི་རྒྱུ་ཡིན་པས་དེ་འདིར་དགག་པར་བྱ་བ་ཡིན་ནོ། །གལ་ཏེ་གཞན་གྱི་དབང་གི་ངོ་བོ་
ཉིད་ཡོད་པར་གྱུར་ན་ནི། ངོ་བོ་ཉིད་མི་སྤོང་བའི་ཕྱིར་ཉོན་མོངས་པ་སྤོང་བ་ཡང་མི་སྲིད་པར་འགྱུར་རོ། །དེ་ལྟར་ཡང་། བཅོམ་ལྡན་འདས་ལ་འཕགས་པ་རབ་འབྱོར་གྱིས་ཞུས་པ། བཅོམ་ལྡན་འདས་གལ་ཏེ་དོན་དམ་པར་དངོས་པོ་ཐམས་ཅད་སྟོང་པ་ལགས་ན། འོ་ན་ཇི་ལྟར་སོ་
སོའི་སྐྱེ་བོ་རྣམ་པར་གཞག་པ་དང་། དགྲ་བཅོམ་པའི་བར་དག་རྣམ་པར་གཞག །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་འདི་ལྟ་སྟེ་དཔེར་ན་མི་ཞིག་གཉིད་ལོག་པའི་རྨི་ལམ་ན་བདག་ཉིད་སྦྲུལ་གདུག་པས་ཟིན་ཏེ་ཤི་བ་ལ་ཐུག་པ་ལས་དུག་སྨན་ཟོས་པ་དང་བདག་ཉིད་དུག་མེད་

པར་ཤེས་པ་དེ་ལ་དུག་ཀྱང་མེད་སྨན་ཡང་མེད་པ་དེ་བཞིན་དུ་དོན་དམ་པར་དངོས་པོ་ཡོད་པ་མ་ཡིན་པ་དག་ལ་ཐ་དད་དུ་ཉོན་མོངས་པ་དང་བཅས་པ་དང་། ཉོན་མོངས་པ་མེད་པར་འདོགས་སོ་ཞེས་གསུངས་པ་དང་། འཕགས་པ་ལང་ཀར་གཤེགས་པའི་མདོ་ལས་ཀྱང་།