Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 101
Văn bản gốc(Tây Tạng)
Trang 13 / 23 (50.000 ký tự/trang)
ྱེད་པར་རྫས་སུ་ཡོད་པ་ཉིད་བཀག་པའི་ཕྱིར་རོ། །དེ་བཞིན་དུ་མིག་གི་རྣམ་པར་ཤེས་པ་ལ་སོགས་པའི་སྤྱོད་ཡུལ་གཟུགས་ལ་སོགས་པ་དེ་དག་གང་མིག་གི་བལྟ་བ་དགག་པ་བཞིན་དུ་བཀག་པའི་ཕྱིར་རོ་ཞེས་བྱ་བ་ཡང་དེ་བཞིན་དུ་སྦྱར་ཏེ། སྔར་ ཕ་རོལ་པོ་དག་ན་རེ། འདི་ལྟར་ཁོ་བོ་ཅག་ནི་མགལ་མེའི་འཁོར་ལོའི་གཟུགས་ལ་སོགས་པ་མིག་གི་རྣམ་པར་ཤེས་པ་རྣམ་པར་རྟོག་པ་མེད་པའི་སྤྱོད་ཡུལ་གང་དག་ཡིན་པ་དེ་དག་ངོ་བོ་ཉིད་དང་བཅས་པ་ཁོ་ན་ཡིན་པར་འདོད་པའི་ཕྱིར་རོ་ཞེས་ཟེར་བའི་ལན་ཀྱང་ཡིན་ཏེ། དེ་ཡང་སྔར་སྐྱེ་མཆེད་བརྟག་ པའི་རབ་ཏུ་བྱེད་པར་བཀག་ཟིན་པའི་ཕྱིར། ཁོ་བོའི་དཔེ་གྲུབ་པས་གཞན་གྱི་དབང་གི་ངོ་བོ་ཉིད་ཡོད་པར་སྨྲ་བ་དག་གི་གཞུང་ཉམས་ཤིང་བསྟན་བཅོས་མཛད་པས་དཔེར་ན་མགལ་མེའི་འཁོར་ལོ་ལ་ངོ་བོ་ཉིད་མེད་པ་དེ་བཞིན་དུ་དེ་བཞིན་གཤེགས་པ་ལ་ཡང་ངོ་བོ་ཉིད་མེད་དོ་ཞེས་དམ་བཅས་པའི་ དགོངས་པ་གྲུབ་པོ། །རེ་ཞིག་དེ་དག་གིས་ནི། གལ་ཏེ་སངས་རྒྱས་ཕུང་པོ་ལ། །བརྟེན་ནས་ངོ་བོ་ཉིད་ལས་མེད། །ཅེས་བྱ་བ་ཚིག་ལེའུར་བྱས་པ་ཕྱེད་ཀྱིས་དེ་བཞིན་གཤེགས་པ་ངོ་བོ་ཉིད་ལས་ཡོད་པ་མ་ཡིན་པར་བསྟན་ཏོ། །ད་ནི་གཞན་གྱི་དངོས་པོ་ལས་ཀྱང་ཡོད་པ་མ་ཡིན་པར་བསྟན་པའི་ཕྱིར། ངོ་བོ་ཉིད་ལས་གང་མེད་པ། །དེ་གཞན་དངོས་ལས་ག་ལ་ཡོད། བདག་གི་དངོས་པོའི་དངོས་པོ་གཞན་ལ་ལྟོས་ནས་གཞན་ཉིད་འགྲུབ་པའི་ཕྱིར་རོ་ཞེས་བྱ་བར་དགོངས་སོ་ཞེས་བྱ་བ་སྨྲས་ཏེ། དེ་བཞིན་གཤེགས་པ་ཞེས་བྱ་བའི་བདག་གི་དངོས་པོའི་ངོ་བོ་ཉིད་ཡོད་ན་དེ་ལ་ལྟོས་ནས་དེའི་རྒྱུ་དང་རྐྱེན་རྣམས་ གཞན་གྱི་དངོས་པོ་ཞེས་བྱ་བར་འགྲུབ་པས་དེ་གཞན་གྱི་དངོས་པོ་དེ་ལས་འགྲུབ་པར་ཡང་འགྱུར་གྲང་ན། གལ་ཏེ་སངས་རྒྱས་ཕུང་པོ་ལ། །བརྟེན་ནས་ངོ་བོ་ཉིད་ལས་མེད། །ཅེས་བྱ་བའི་རིགས་པས་བདག་གི་དངོས་པོ་མེད་པས་རྒྱུ་རྐྱེན་རྣམས་ཀྱང་གཞན་དུ་མ་གྲུབ་པའི་ཕྱིར་དེ་བཞིན་གཤེགས་པ་དེ་གཞན་ གྱི་དངོས་པོ་ལས་ཀྱང་གྲུབ་པ་མེད་དོ། །ཡང་གཞན་ཡང་ཞེས་བྱ་བ་ལ་སོགས་པས་ནི་སྔར་གཞན་དག་གིས་དེ་བཞིན་གཤེགས་པ་ནི་ཕུང་པོ་རྣམས་ལ་བརྟེན་ནས་འགྲུབ་པའི་ཕྱིར་ཁོ་བོ་ཅག་ལ་སྒྲུབ་པ་དེས་མི་གནོད་དོ་ཞེས་སྨྲས་པའི་ཕྱོགས་སྔ་མའི་བསམ་པ་བླངས་ནས། དེ་བཞིན་གཤེགས་པ་ཕུང་པོ་ལ་ བརྟེན་ནས་གདགས་པ་ཡིན་ན་བདག་ཉིད་དུ་མི་འཐད་པ་སྒྲུབ་པ་རྣམ་པ་གཞན་སྟོན་ཏོ། །དེ་ལ། གང་ཞིག་གཞན་གྱི་དངོས་བརྟེན་ནས། །གདགས་པའོ་ཞེས་བྱ་བ་ནི་ཆོས་ཅན་ནོ། །དེ་བདག་ཉིད་དུ་མི་འཐད་དོ་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བ་ཆོས་སོ། །གཞན་གྱི་དངོས་པོ་ལ་བརྟེན་ནས་གདགས་ པར་བྱ་བ་ཡིན་པའི་ཕྱིར་ཞེས་བྱ་བ་ནི་སྒྲུབ་པའི་ཆོས་སོ། །དཔེར་ན་སྒྱུ་མའི་སྐྱེས་བུ་བཞིན་ཏེ་ཞེས་བྱ་བ་ནི་དཔེའོ། །དེ་ནི་བདག་ཉིད་མེད་དེ་ངོ་བོ་ཉིད་མེད་དོ་ཞེས་བྱ་བའི་ཐ་ཚིག་གོ་ཞེས་བྱ་བ་ནི་མཇུག་བསྡུ་བ་སྟེ། དཔེར་ན་སྒྱུ་མའི་སྐྱེས་བུ་ནི་རྨ་བྱའི་མདོངས་ལ་སོགས་པའི་མཚན་ཉིད་ གཞན་གྱི་དབང་གི་དངོས་པོ་ལ་བརྟེན་ནས་གདགས་པར་བྱ་བ་ཡིན་པའི་ཕྱིར་བདག་ཉིད་དུ་མི་འཐད་པ་དེ་བཞིན་དུ་དེ་བཞིན་གཤེགས་པ་ཡང་ཕུང་པོའི་མཚན་ཉིད་གཞན་གྱི་དབང་གི་དངོས་པོ་ལ་བརྟེན་ནས་གདགས་པར་བྱ་བ་ཡིན་པའི་ཕྱིར་བདག་ཉིད་དུ་མི་འཐད་དེ། གང་བརྟེན་ནས་གདགས་པ་དེ་ནི་ བདག་ཉིད་མེད་དེ་ངོ་བོ་ཉིད་མེད་དོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟར། གང་ཞིག་བདག་ཉིད་མེད་པ་དེ། །ཇི་ལྟར་དེ་བཞིན་གཤེགས་པར་འགྱུར། །དངོས་པོ་རྣམས་ངོ་བོ་ཉིད་ཡོད་པར་སྒྲུབ་པའི་དཔེ་ཞེས་བྱ་བར་དགོངས་སོ་ཞེས་བྱ་བ་ནི་མཇུག་བསྡུ་བ་སྟེ། གང་བརྟེན་ནས་གདགས་པ་ངོ་བོ་ཉིད་མེད་པ་ དེ་ནི་དོན་དམ་པར་ཡོད་པ་མ་ཡིན་པས་ཕ་རོལ་པོ་དག་གིས་དངོས་པོ་རྣམས་ངོ་བོ་ཉིད་ཡོད་པར་སྒྲུབ་པའི་དཔེ་དེ་བཞིན་གཤེགས་པ་ཞེས་བྱ་བ་ཡོད་པ་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །དེའི་ཕྱིར་སྒྲུབ་པ་དཔེ་མ་ཚང་བའི་སྐྱོན་དེ་ཉིད་ཡོད་དོ་ཞེས་བྱ་བ་ནི་ཚད་མའི་འབྲས་བུ་སྟེ། དེ་ལྟར་དོན་དམ་པར་དེ་བཞིན་ གཤེགས་པ་ངོ་བོ་ཉིད་མེད་པ་ཉིད་དུ་གྲུབ་པས་སྔར་ཕ་རོལ་པོ་དག་གིས་དོན་དམ་པར་གཟུགས་ལ་སོགས་པ་དངོས་པོ་རྣམས་ངོ་བོ་ཉིད་ཡོད་པ་ཁོ་ན་ཡིན་ཏེ། དངོས་པོ་ཡིན་པའི་ཕྱིར་དཔེར་ན་དེ་བཞིན་གཤེགས་པའི་སྐུ་བཞིན་ནོ་ཞེས་སྨྲས་པའི་སྒྲུབ་པ་དཔེ་མ་ཚང་བའི་སྐྱོན་དེ་ཉིད་ཡོད་པས་སྔར་བསྟན་བཅོས་ མཛད་པས་དོན་དམ་པར་གཟུགས་ལ་སོགས་པ་དངོས་པོ་རྣམས་ངོ་བོ་ཉིད་མེད་དོ་ཞེས་དམ་བཅས་པའི་དགོངས་པ་གྲུབ་པོ། །ཡང་ན་ཕ་རོལ་པོ་དག་འདི་སྐད་ཅེས་ངོ་བོ་ཉིད་ལས་མ་གྲུབ་ཏུ་ཟིན་ཀྱང་གཞན་གྱི་དངོས་པོ་ལས་གྲུབ་པས་དཔེ་ཉིད་གྲུབ་པའི་ཕྱིར་དངོས་པོ་རྣམས་ངོ་བོ་ཉིད་ཡོད་པ་ཁོ་ནར་གྲུབ་བོ་ཞེས་ཟེར་ བ་ལ་འདིར་བཤད་པ། གལ་ཏེ་ངོ་བོ་ཉིད་མེད་ན། །གཞན་དངོས་ཡོད་པར་ཇི་ལྟར་འགྱུར། །ངོ་བོ་ཉིད་མ་གྲུབ་པ་ཁོ་ནའི་ཕྱིར་གཞན་དུ་འདོད་པ་རྒྱུ་དང་རྐྱེན་རྣམས་མེད་པའི་ཕྱིར་དེ་དག་ལས་བྱུང་བ་གཞན་གྱི་དངོས་པོ་ཅན་དེ་ཡོད་པ་ཉིད་མ་ཡིན་ནོ་ཞེས་བྱ་བར་དགོངས་སོ་ཞེས་བྱ་བས་ནི། ཕ་རོལ་པོ་དག་དེ་བཞིན་ གཤེགས་པ་ཞེས་བྱ་བ་རང་གི་ངོ་བོ་ཉིད་ལས་གྲུབ་པ་མེད་ཀྱང་དེའི་གཞན་གྱི་དངོས་པོ་རྒྱུ་དང་རྐྱེན་གང་དག་གིས་དེ་བཞིན་གཤེགས་པ་ཉིད་རབ་ཏུ་ཕྱེ་ཞིང་མངོན་པར་བྱས་པ་བྱང་ཆུབ་ཏུ་བྱེད་པའི་ཆོས་ས་དང་། ཕ་རོལ་ཏུ་ཕྱིན་པ་དང་། བྱང་ཆུབ་ཀྱི་ཕྱོགས་ལ་སོགས་པ་དག་ལས་གྲུབ་པ་དེས་ན་དེ་བཞིན་ གཤེགས་པ་གྲུབ་པས་དཔེ་གྲུབ་པའི་ཕྱིར་འདོད་པའི་དོན་གྲུབ་པོ་ཞེས་ཟེར་བ་དེ་དགག་པའི་ཕྱིར་བསྟན་བཅོས་མཛད་པས་ཚིག་ལེའུར་བྱས་པའི་ཕྱེད་འདི་བཤད་དེ་འདི་ནི་དེ་བཞིན་གཤེགས་པ་ཞེས་བྱ་བ་རང་གི་ངོ་བོ་ཉིད་ལས་གྲུབ་པ་མེད་པས་བྱང་ཆུབ་ཏུ་བྱེད་པའི་ཆོས་རྣམས་ཀྱང་གཞན་གྱི་དངོས་པོར་ མི་འགྲུབ་པའི་ཕྱིར་དེ་དག་ལས་བྱུང་བའི་དེ་བཞིན་གཤེགས་པ་ཡང་ཡོད་པ་མ་ཡིན་ནོ་ཞེས་དགོངས་པ་བསྟན་ཏོ། །དེའི་ཕྱིར་དཔེའི་སྐྱོན་དེ་ཉིད་ཡོད་དོ་ཞེས་བྱ་བའི་ཚད་མའི་འབྲས་བུ་སྟེ། དོན་དམ་པར་བྱང་ཆུབ་ཏུ་བྱེད་པའི་ཆོས་རྣམས་བཀག་པའི་སྒོ་ནས་དེ་བཞིན་གཤེགས་པ་ངོ་ བོ་ཉིད་མེད་པས་ཕ་རོལ་པོའི་སྒྲུབ་པ་དཔེ་མ་ཚང་བའི་སྐྱོན་ཡོད་པས་བསྟན་བཅོས་མཛད་པའི་དགོངས་པ་གྲུབ་པར་སྦྱར་རོ། །འདིར་སྨྲས་པ། དེ་བཞིན་གཤེགས་པའི་ངོ་བོ་ཉིད་ངེས་པར་མ་ཟིན་ཀྱང་ཡང་ཡོད་པའི་ཕྱིར་དཔེ་གྲུབ་པས་སྐྱོན་མེད་དོ་ཞེས་བྱ་བ་ནི། ཕ་རོལ་པོ་དག་ན་རེ། ཁོ་བོ་ཅག་ གིས་དེ་བཞིན་གཤེགས་པའི་ངོ་བོ་ཉིད་ཕུང་པོ་རྣམས་ལས་དེ་ཉིད་དམ་གཞན་ཉིད་དམ་ངོ་བོ་ཉིད་དམ། གཞན་གྱི་དངོས་པོ་ལས་གྲུབ་པའི་དམིགས་པ་ཉིད་ངེས་པར་མ་ཟིན་པས་ཤགས་མ་ཐེབས་སུ་ཟིན་ཀྱང་། ཡང་ནི་བདག་ཅག་སངས་རྒྱས་པ་རྣམས་ལ་སྟོན་པ་དེ་བཞིན་གཤེགས་པ་ཡོད་པའི་ ཕྱིར་དཔེ་གྲུབ་པས་ཁོ་བོ་ཅག་གི་སྒྲུབ་པ་དཔེ་མ་ཚང་བའི་སྐྱོན་མེད་དོ་ཞེས་ཟེར་བའི་ཚིག་ཡིན་ནོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འགྲེལ་པ་བྱེད་པ་ཉིད་ཀྱིས། འདིར་བཤད་པ། ངོ་བོ་ཉིད་དང་གཞན་དངོས་དག །མ་རྟོགས་དེ་བཞིན་གཤེགས་དེ་གང་། །དེ་ནི་ཡོད་པ་མ་ཡིན་པ་ཉིད་དེ་ངོ་བོ་ ཉིད་དང་གཞན་གྱི་དངོས་པོ་དག་མ་རྟོགས་པའི་དངོས་པོ་ནི་དོན་དམ་པར་ཡོད་པ་ཉིད་དུ་མི་འགྲུབ་པའི་ཕྱིར་སྐྱོན་མེད་པ་མ་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། ཡང་འཇིག་རྟེན་འདི་ན་དངོས་པོ་ཞིག་ཡོད་པར་གྱུར་ན་བདག་གི་དངོས་པོ་ལས་འགྲུབ་པ་ནི། དཔེར་ན་མེའི་ཚ་བ་ཉིད་ལྟ་བུ་ཡིན། གཞན་གྱི་དངོས་པོ་ ལས་འགྲུབ་པ་ནི་དཔེར་ན་བུམ་པ་ལྟ་བུ་ཡིན་ན། དེ་བཞིན་གཤེགས་པ་ནི་ཇི་སྐད་བསྟན་པའི་རྣམ་པས་ཕུང་པོ་རྣམས་ལས་དེ་ཉིད་དང་གཞན་ཉིད་དུ་ཡང་མ་གྲུབ་ལ། ཉིད་ཀྱི་བདག་གི་དངོས་པོ་དང་གཞན་གྱི་དངོས་པོ་ལས་ཀྱང་མ་གྲུབ་ན་རྣམ་པ་དེ་དག་མ་གཏོགས་པའི་དེ་བཞིན་གཤེགས་པ་ གང་ཞིག་ཡིན་ཏེ་དེ་ནི་ཡོད་པ་མ་ཡིན་པ་ཉིད་དོ། །ངོ་བོ་ཉིད་དང་གཞན་གྱི་དངོས་པོ་དག་མ་གཏོགས་པའི་དངོས་པོ་ནི་དོན་དམ་པར་ཡོད་པ་ཉིད་དུ་མི་འགྲུབ་པའི་ཕྱིར་ཁྱོད་ཀྱི་སྒྲུབ་པ་དཔེ་མ་ཚང་བའི་སྐྱོན་མེད་པ་མ་ཡིན་ཏེ་སོ་ན་གནས་སོ། །གནས་མ་བུའི་སྡེ་པ་དག་གིས་སྨྲས་པ། དེ་བཞིན་གཤེགས་པ་ནི་ཕུང་པོ་ རྣམས་ལ་བརྟེན་ནས་གདགས་པར་བྱ་བ་ཉིད་ཡིན་ཏེ་དེ་ཉིད་དང་གཞན་ཉིད་དུ་བརྗོད་པར་བྱ་བ་མ་ཡིན་པས་ཕུང་པོ་རྣམས་ཀྱི་ངོ་བོ་ཉིད་ཀྱང་མ་ཡིན་ལ། གཞན་གྱི་ངོ་བོ་ཉིད་ཀྱང་མ་ཡིན་ཏེ། དེའི་ཕྱིར་དེ་བཞིན་གཤེགས་པ་གྲུབ་པས་རྗེས་སུ་དཔག་པ་ཇི་སྐད་བསྟན་པས་དངོས་པོ་རྣམས་ངོ་བོ་ཉིད་མེད་པར་མ་གྲུབ་པོ་ ཞེས་བྱ་བ་ནི། འདིར་ཉན་ཐོས་གནས་མ་བུའི་སྡེ་པ་དག་ན་རེ། དེ་བཞིན་གཤེགས་པ་ནི་ཕུང་པོ་རྣམས་ལ་བརྟེན་ནས་གདགས་པར་བྱ་བ་ཉིད་ཡིན་ཏེ། ཕུང་པོ་རྣམས་ལས་དེ་ཉིད་དང་གཞན་ཉིད་དུ་བརྗོད་པར་བྱ་བ་མ་ཡིན་པ་ཉིད་དུ་གྲུབ་པས་ཁོ་བོ་ཅག་གི་དཔེ་གྲུབ་པའི་ཕྱིར་ཁྱེད་དབུ་མ་པའི་རྗེས་སུ་དཔག་པ་ཇི་སྐད་ བསྟན་པས་དངོས་པོ་རྣམས་ངོ་བོ་ཉིད་མེད་པ་ཉིད་དུ་མ་གྲུབ་བོ་ཞེས་ཟེར་བའི་ཚིག་ཡིན་ནོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འགྲེལ་པ་བྱེད་པ་ཉིད་ཀྱིས། འདིར་བཤད་པ། དོན་དམ་པར་དེ་བཞིན་གཤེགས་པའམ། དེ་བཞིན་གཤེགས་པ་མ་ཡིན་པ་ཞིག་དེ་བཞིན་གཤེགས་པའི་ཕུང་པོ་རྣམས་ལ་ བརྟེན་ནས་གདགས་པར་བྱ་བ་ཉིད་ཡིན་གྲང་ན་ཞེས་བྱ་བ་སྨྲས་ཏེ། འདིས་ནི་དོན་དམ་པར་དེ་བཞིན་གཤེགས་པ་ཡིན་པའམ། དེ་བཞིན་གཤེགས་པ་མ་ཡིན་པ་ཞིག་དེ་བཞིན་གཤེགས་པའི་ཕུང་པོ་རྣམས་ལ་བརྟེན་ནས་གདགས་པར་བྱ་བ་ཉིད་ཡིན་གྲང་ན། རྣམ་པ་གཉི་ག་ལྟར་ཡང་མི་འཐད་དོ་ཞེས་ བརྟག་པ་རྣམ་པ་གཉིས་སྟོན་ཏོ། །དེ་ལ་རེ་ཞིག་བརྟག་པ་དང་པོ་མི་འཐད་པར་བསྟན་པའི་ཕྱིར་དེ་ལ་གལ་ཏེ་དེ་བཞིན་གཤེགས་པ་ཡིན་ན་ནི་དེ་དེ་ལ་བརྟེན་པ་དོན་མེད་པ་ཉིད་དོ་ཞེས་བྱ་བ་སྨྲས་ཏེ། དེ་བཞིན་གཤེགས་པ་ཉིད་དུ་གྲུབ་པར་བྱ་བའི་ཕྱིར་དེ་བཞིན་གཤེགས་པའི་ཕུང་པོ་རྣམས་ལ་བརྟེན་ པར་བྱ་བ་ཡིན་ན་སྔ་ནས་དེ་བཞིན་གཤེགས་པ་ཉིད་ཡིན་ན་ད་དེ་ཡང་ཕུང་པོ་རྣམས་ལ་བརྟེན་པ་དོན་མེད་པ་ཉིད་ཡིན་པས་དེ་ནི་མི་འཐད་དོ། །བརྟག་པ་གཉིས་པ་མི་འཐད་པར་བསྟན་པའི་ཕྱིར། འོན་ཏེ་དེ་བཞིན་གཤེགས་པ་མ་ཡིན་ན་ནི་དེ་ལྟ་ན་ཡང་། །གལ་ཏེ་ཕུང་པོ་མ་བརྟེན་པར། །དེ་བཞིན་ གཤེགས་པ་འགའ་ཡོད་ན། །སྔ་རོལ་བདག་ཉིད་གཞན་གྱིས་སོ། །དེ་ནི་ད་གདོད་བརྟེན་འགྱུར་ཞིང་། །བརྟེན་ནས་དེ་ལས་འགྱུར་ལ་རག །ཅེས་བྱ་བ་སྨྲས་ཏེ། གལ་ཏེ་ཕུང་པོ་རྣམས་ལ་མ་བརྟེན་པའི་སྔ་རོལ་ན་དེ་བཞིན་གཤེགས་པ་བདག་ཉིད་གཞན་གྱིས་གནས་པ་འགའ་ཞིག་ཡོད་པར་གྱུར་ ན་ནི་དེ་ད་གདོད་དེ་བཞིན་གཤེགས་པའི་ཕུང་པོ་རྣམས་ལ་བརྟེན་པར་འགྱུར་ཞིང་། བརྟེན་ནས་བརྟེན་པའི་གཞི་དེ་ལས་དེ་བཞིན་གཤེགས་པར་འགྱུར་ལ་རག་གོ། །གལ་ཏེ་དེ་ལྟར་འགྱུར་རོ་ཞེ་ན་ཞེས་བྱ་བས་ནི་ཕ་རོལ་པོ་དག་ན་རེ། དེ་ལྟར་འགྱུར་རོ་ཞེས་ཟེར་བའི་ཚིག་ཡིན་ནོ། །དེ་མི་འཐད་པར་བསྟན་ པའི་ཕྱིར། ཕུང་པོ་རྣམས་ལ་མ་བརྟེན་པར། །དེ་བཞིན་གཤེགས་པ་འགའ་ཡང་མེད། །ཉེ་བར་ལེན་པ་མ་གཏོགས་པར། །དེ་བཞིན་གཤེགས་པ་མི་འགྲུབ་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། ཕུང་པོ་རྣམས་ལ་མ་བརྟེན་པའི་སྔ་རོལ་ན་དེ་བཞིན་གཤེགས་པ་བདག་ཉིད་གཞན་གྱིས་གནས་པ་ འགའ་ཡང་མེད་དེ། ཉེ་བར་ལེན་པ་མ་གཏོགས་པར་དེ་བཞིན་གཤེགས་པ་མི་འགྲུབ་པའི་ཕྱིར་རོ། །དེ་ལྟར་དེ་བཞིན་གཤེགས་པ་འགའ་ཡང་མེད་པ་དེ་ནི་དེ་བཞིན་གཤེགས་པ་མ་ཡིན་པ་ཞེས་བྱ་སྟེ། དེ་ཡང་དེ་བཞིན་གཤེགས་པའི་ཕུང་པོ་རྣམས་ལ་བརྟེན་ནས་གདགས་པར་བྱ་བ་ཉིད་ཡིན་པར་ མི་འཐད་དོ། །ད་ནི་དེ་ཉིད་ཀྱི་རྗེས་སུ་དཔག་པ་བསྟན་པར་བྱ་སྟེ། དེ་ལ། གང་ཞིག་མ་བརྟེན་ཡོད་ཡིན་པ། །དེ་བཞིན་གཤེགས་པའི་ངོ་བོ་ཉིད་དོ་ཞེས་བྱ་བ་ནི་ཆོས་ཅན་ནོ། །དེས་ནི་ཇི་ལྟར་ཉེར་ལེན་འགྱུར། །དེས་དེ་བཞིན་གཤེགས་པའི་ཕུང་པོ་རྣམས་ཉེ་བར་ལེན་པར་མི་བྱེད་པ་ཉིད་དེ་ཞེས་ བྱ་བ་ནི་བསྒྲུབ་པར་བྱ་བ་ཆོས་སོ། །དེ་བཞིན་གཤེགས་པ་མ་ཡིན་པའི་ཕྱིར་ཞེས་བྱ་བ་ནི་སྒྲུབ་པའི་ཆོས་སོ། །དཔེར་ན་དེ་ལས་གཞན་པ་བཞིན་ནོ་ཞེས་བྱ་བ་ནི་དཔེ་སྟེ། དཔེར་ན་དེ་བཞིན་གཤེགས་པ་ལས་གཞན་པ་སོ་སོའི་སྐྱེ་བོ་ནི་དེ་བཞིན་གཤེགས་པ་མ་ཡིན་པའི་ཕྱིར། དེས་ན་དེ་བཞིན་ གཤེགས་པའི་ཕུང་པོ་རྣམས་ཉེ་བར་ལེན་པར་མི་བྱེད་པ་དེ་བཞིན་དུ་གང་ཞིག་ཕུང་པོ་རྣམས་ལ་མ་བརྟེན་པར་དེ་བཞིན་གཤེགས་པའི་ངོ་བོ་ཉིད་དུ་ཡོད་པ་མ་ཡིན་པ་དེ་ཡང་དེ་བཞིན་གཤེགས་པ་མ་ཡིན་པའི་ཕྱིར། དེས་དེ་བཞིན་གཤེགས་པའི་ཕུང་པོ་རྣམས་ཉེ་བར་ལེན་པར་མི་ བྱེད་དེ། ཉེ་བར་ལེན་པར་མི་བྱེད་པས་བརྟེན་པར་མི་བྱེད་ལ། བརྟེན་པར་མི་བྱེད་པས་དེ་དག་ལ་བརྟེན་ནས་གདགས་པར་བྱ་བ་ཉིད་མ་ཡིན་པས་ཕ་རོལ་པོ་དག་ན་རེ། དེ་བཞིན་གཤེགས་པ་ནི་ཕུང་པོ་རྣམས་ལ་བརྟེན་ནས་གདགས་པར་བྱ་བ་ཉིད་ཡིན་ཏེ། དེ་ཉིད་དང་གཞན་ཉིད་དུ་བརྗོད་པར་བྱ་བ་མ་ ཡིན་ནོ་ཞེས་ཟེར་བའི་དམ་བཅས་པ་མ་གྲུབ་པོ། །ཅི་སྟེ་དེ་བཞིན་གཤེགས་པ་མ་ཡིན་པས་དེ་བཞིན་གཤེགས་པའི་ཕུང་པོ་རྣམས་ཉེ་བར་བླངས་ནས་དེ་བཞིན་གཤེགས་པར་འགྱུར་རོ་སྙམ་དུ་སེམས་ཤིང་འདི་སྐད་ཅེས། གལ་ཏེ་ཕུང་པོ་མ་བརྟེན་པར། །དེ་བཞིན་གཤེགས་པ་འགའ་ཡང་མེད། ། དེ་ནི་ད་གདོད་བརྟེན་འགྱུར་ཞིང་། །དེ་ནས་དེ་ལས་འགྱུར་བ་ཡིན། །ཞེས་ཀྱང་ཟེར་ན་ཞེས་བྱ་བ་ནི་ཅི་སྟེ། ཕ་རོལ་པོ་དག་འདི་སྙམ་དུ་གང་ཞིག་དེ་བཞིན་གཤེགས་པའི་ཕུང་པོ་རྣམས་ལ་མ་བརྟེན་པའི་སྔ་རོལ་ན་དེ་བཞིན་གཤེགས་པ་ཉིད་མ་ཡིན་པ་དཔེར་ན་འཕགས་པ་བྱམས་པ་ལྟ་བུས་མཚན་དང་དཔེ་ བྱད་ཡོངས་སུ་རྫོགས་པར་འགྱུར་བའི་ཚོགས་བཀང་སྟེ། དེ་བཞིན་གཤེགས་པའི་ཕུང་པོ་རྣམས་ཉེ་བར་བླངས་ནས་དེ་བཞིན་གཤེགས་པར་འགྱུར་རོ་སྙམ་དུ་སེམས་ཤིང་སྔར་བསྟན་བཅོས་མཛད་པས། གལ་ཏེ་ཕུང་པོ་མ་བརྟེན་པར། །དེ་བཞིན་གཤེགས་པ་འགའ་ཡོད་ན། །དེ་ནི་ད་གདོད་བརྟེན་ འགྱུར་ཞིང་། །བརྟེན་ནས་དེ་ལས་འགྱུར་ལ་རག །ཅེས་གསུངས་པའི་ཚིག་ལེའུར་བྱས་པ་དེ་ལས་བཟློག་པ་འདི་སྐད་ཅེས། གལ་ཏེ་ཕུང་པོ་མ་བརྟེན་པར། །དེ་བཞིན་གཤེགས་པ་འགའ་ཡང་མེད། །དེ་ནི་ད་གདོད་བརྟེན་འགྱུར་ཞིང་། །བརྟེན་ནས་དེ་ལས་འགྱུར་བ་ཡིན། །ཞེས་ཀྱང་ཟེར་ནའོ། ། དེ་སྙམ་དུ་སེམས་ཤིང་དེ་སྐད་ཟེར་བ་དེ་དག་དགག་པའི་ཕྱིར་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས། དེ་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། ཅི་སྟེ་ཕུང་པོའི་ངོ་བོ་ཉིད་ཡིན་ནམ། འོན་ཏེ་གཞན་གྱི་ངོ་བོ་ཉིད་ཡིན་ཞེས་བྱ་བ་སྨྲས་ཏེ། འདིས་ནི་དེ་བཞིན་གཤེགས་པ་མ་ཡིན་པ་དེ་དེ་བཞིན་གཤེགས་པའི་ ཕུང་པོའི་ངོ་བོ་ཉིད་ཡིན་ནམ། འོན་ཏེ་དེ་བཞིན་གཤེགས་པའི་ཕུང་པོ་མ་ཡིན་པ་གཞན་གྱི་ངོ་བོ་ཉིད་གཅིག་ཡིན་གྲང་ན་གཉི་ག་ལྟར་ཡང་མི་འཐད་དོ་ཞེས་བརྟག་པ་རྣམ་པ་གཉིས་སྟོན་ཏོ། །དེ་ལ་རེ་ཞིག་བརྟག་པ་དང་པོ་མི་འཐད་པར་བསྟན་པའི་ཕྱིར། དེ་ལ་གལ་ཏེ་ཕུང་པོའི་ངོ་བོ་ཉིད་ཡིན་ན་ ནི་ཕྱོགས་སྔ་མ་ལན་བཏབ་ཟིན་ཏོ་ཞེས་བྱ་བ་སྨྲས་ཏེ། ཕྱོགས་དེའི་ལན་ནི་སྔར་དེ་ལ་གལ་ཏེ་དེ་བཞིན་གཤེགས་པ་ཡིན་ན་ནི་དེ་དེ་ལ་བརྟེན་པ་དོན་མེད་པ་ཉིད་དོ་ཞེས་བསྟན་པས་ལན་བཏབ་ཟིན་ཏོ། །བརྟག་པ་གཉིས་པ་མི་འཐད་པར་བསྟན་པའི་ཕྱིར། འོན་ཏེ་གཞན་གྱི་ངོ་བོ་ཉིད་ཡིན་ ན་ནི་དེ་ཡོད་པ་མ་ཡིན་ཏེ། ཕུང་པོའི་ངོ་བོ་ཉིད་མ་ཡིན་པའི་ཕྱིར་དཔེར་ན་རི་བོང་གི་རྭ་བཞིན་ནོ་ཞེས་བྱ་བ་སྔར་བསྟན་པ་བཞིན་ནོ་ཞེས་བྱ་བ་སྨྲས་ཏེ། །དེ་དག་ནི་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ ན་རི་བོང་གི་རྭ་ནི་ཕུང་པོའི་ངོ་བོ་ཉིད་མ་ཡིན་པའི་ཕྱིར་དེ་ཡོད་པ་མ་ཡིན་པ་དེ་བཞིན་དུ་གཞན་གྱི་ངོ་བོ་ཉིད་དེ་ཡང་ཕུང་པོའི་ངོ་བོ་ཉིད་མ་ཡིན་པའི་ཕྱིར་དེ་ཡོད་པ་མ་ཡིན་པས་དེ་བཞིན་གཤེགས་པའི་ཕུང་པོ་རྣམས་ཉེ་བར་བླངས་ནས་དེ་བཞིན་གཤེགས་པར་འགྱུར་རོ་སྙམ་དུ་སེམས་ ཤིང་ལོག་ཐབས་སྨྲ་བ་དེ་ཡང་རིགས་པ་མ་ཡིན་ནོ། །ཡང་བཤད་པ། ཞེས་བྱ་བ་ལ་སོགས་པས་ནི་ཕུང་པོའི་ངོ་བོ་ཉིད་མ་ཡིན་པས་དེ་བཞིན་གཤེགས་པའི་ཕུང་པོ་རྣམས་ཉེ་བར་བླངས་ནས་དེ་བཞིན་གཤེགས་པར་འགྱུར་རོ་སྙམ་དུ་སེམས་ཤིང་ལོག་ཐབས་སྨྲ་བ་དེ་རིགས་པ་ མ་ཡིན་པར་སུན་དབྱུང་བའི་རྗེས་སུ་དཔག་པ་བསྟན་པའི་ཕྱིར། ཚིག་ལེའུར་བྱས་པའི་ཕྱེད་སྔར་བསྟན་པ་དེ་ཉིད་ཡང་བཟླས་ཏེ་སྟོན་ཏོ། །དེ་ལ་ཡང་། གང་ཞིག་མ་བརྟེན་ཡོད་མིན་པ། །ཕུང་པོའི་མཚན་ཉིད་མ་ཡིན་པའོ། །ཞེས་བྱ་བ་ནི་ཆོས་ཅན་ནོ། །དེས་ནི་ཇི་ལྟར་ཉེར་ལེན་འགྱུར། ། དེས་ཉེ་བར་ལེན་པར་མི་བྱེད་པ་ཉིད་དེ་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བ་ཆོས་སོ། །མེད་པའི་ཕྱིར་ཞེས་བྱ་བ་ནི་སྒྲུབ་པའི་ཆོས་སོ། །དཔེར་ན་ནམ་མཁའི་མེ་ཏོག་བཞིན་ནོ་ཞེས་བྱ་བར་དགོངས་སོ་ཞེས་བྱ་བ་ནི་དཔེ་སྟེ། །དཔེར་ན་ནམ་མཁའི་མེ་ཏོག་ནི་མེད་པའི་ཕྱིར། དེས་དེ་བཞིན་གཤེགས་པའི་ཕུང་པོ་རྣམས་ཉེ་ བར་ལེན་པར་མི་བྱེད་པ་དེ་བཞིན་དུ་གང་ཞིག་ཕུང་པོའི་མཚན་ཉིད་མ་ཡིན་པ་དེ་ཡང་མེད་པའི་ཕྱིར་དེས་དེ་བཞིན་གཤེགས་པའི་ཕུང་པོ་རྣམས་ཉེ་བར་ལེན་པར་མི་བྱེད་དོ། །ད་ནི་བརྟག་པ་དེ་གཉི་ག་བསྣན་པའི་ཚད་མ་གཞན་བསྟན་པའི་ཕྱིར། དོན་དམ་པར་དེ་བཞིན་གཤེགས་པ་སྐྱེ་ བའི་སྔ་རོལ་ན་མེད་པ་ནི་དེ་བཞིན་གཤེགས་པའི་ཉེ་བར་ལེན་པ་དག་ཉེ་བར་ལེན་པར་མི་བྱེད་དོ། །སྐྱེ་བའི་སྔ་རོལ་ན་མེད་པའི་ཕྱིར་དཔེར་ན་དེ་བཞིན་གཤེགས་པ་མ་ཡིན་པ་བཞིན་ནོ་ཞེས་བྱ་བ་སྨྲས་ཏེ། དེ་དག་ཀྱང་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་ བཞིན་དུ་སྦྱར་ཏེ། དཔེར་ན་དེ་བཞིན་གཤེགས་པ་མ་ཡིན་པ་ནི་སྐྱེ་བའི་སྔ་རོལ་ན་མེད་པའི་ཕྱིར་དེ་བཞིན་གཤེགས་པའི་ཉེ་བར་ལེན་པ་དག་ཉེ་བར་ལེན་པར་མི་བྱེད་པ་དེ་བཞིན་དུ་དེ་བཞིན་གཤེགས་པ་སྐྱེ་བའི་སྔ་རོལ་ན་མེད་པ་ཡང་སྐྱེ་བའི་སྔ་རོལ་ན་མེད་པའི་ཕྱིར་དེ་བཞིན་གཤེགས་པའི་ཉེ་བར་ལེན་ པར་མི་བྱེད་དོ། །གལ་ཏེ་འཁོར་བ་ལ་ཐོག་མ་དང་ཐ་མ་མེད་པའི་ཕྱིར་དང་། དེ་བཞིན་གཤེགས་པ་ཡང་དེ་ཉིད་དང་གཞན་ཉིད་དུ་བརྗོད་པར་བྱ་བ་མ་ཡིན་པའི་ཕྱིར་སྔ་ཕྱི་མི་འཐད་པས་སྐྱེ་བའི་སྔ་རོལ་ན་མེད་པའི་ཕྱིར་ཞེས་བྱ་བའི་གཏན་ཚིགས་དེའི་དོན་མ་གྲུབ་པ་ཉིད་དོ་ཞེ་ན་ཞེས་བྱ་བ་ནི་ཕ་རོལ་པོ་དག་ དབུ་མ་པའི་གཏན་ཚིགས་སྐྱེ་བའི་སྔ་རོལ་ན་མེད་པའི་ཕྱིར་ཞེས་བྱ་བ་དེ་ནི་དོན་མ་གྲུབ་པ་ཉིད་དུ་སྐྱོན་འདོགས་པའི་ཚིག་ཡིན་ཏེ། དེ་དག་ན་རེ། གལ་ཏེ་འཁོར་བ་ལ་ཐོག་མ་དང་ཐ་མ་ཡོད་དམ། དེ་བཞིན་གཤེགས་པ་ཡང་ཕུང་པོ་རྣམས་ལས་དེ་ཉིད་དང་གཞན་ཉིད་དུ་བརྗོད་པར་བྱ་བ་ཞིག་ཡིན་ན་ནི་ སྔ་ཕྱི་འཐད་པས་ཁྱེད་ཀྱི་གཏན་ཚིགས་སྐྱེ་བའི་སྔ་རོལ་ན་མེད་པའི་ཕྱིར་ཞེས་བྱ་བ་དེ་ཡང་འགྲུབ་པར་འགྱུར་བ་ཞིག་ན། བདག་ཅག་སངས་རྒྱས་པ་རྣམས་དེ་ལྟར་མི་འདོད་པའི་ཕྱིར། ཁྱེད་ཀྱི་གཏན་ཚིགས་དེའི་དོན་མ་གྲུབ་པ་ཉིད་དོ་ཞེས་ཟེར་རོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འདིར་འགྲེལ་པ་ བྱེད་པ་ཉིད་ཀྱིས། དེ་ནི་བཟང་པོ་མ་ཡིན་ཏེ། ཐ་སྙད་དུ་འདོགས་པའི་བློའི་སྤྱོད་ཡུལ་གྱི་དེ་བཞིན་གཤེགས་པ་ནི་སྐྱེ་བའི་སྔ་རོལ་ན་མེད་པ་ཉིད་དོ་ཞེས་བྱ་བར་ཤེས་པར་བྱ་སྟེ། འདུས་བྱས་ཡིན་པའི་ཕྱིར་དཔེར་ན་བུམ་པ་བཞིན་ནོ་ཞེས་བྱ་བ་སྨྲས་ཏེ། དེ་དག་ནི་ཆོས་ཅན་དང་། བསྒྲུབ་པར་བྱ་ བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་བུམ་པ་ནི་འདུས་བྱས་ཡིན་པའི་ཕྱིར། སྐྱེ་བའི་སྔ་རོལ་ན་མེད་པ་ཉིད་དོ་ཞེས་བྱ་བར་ཤེས་པར་བྱ་བ་དེ་བཞིན་དུ་ཐ་སྙད་དུ་གཏོགས་པའི་བློའི་སྤྱོད་ཡུལ་གྱི་དེ་བཞིན་གཤེགས་པ་ཡང་འདུས་བྱས་ཡིན་པའི་ ཕྱིར་སྐྱེ་བའི་སྔ་རོལ་ན་མེད་དོ་ཞེས་བྱ་བར་ཤེས་པར་བྱའོ། །དེ་ལྟར་ཐ་སྙད་དུ་མེད་པར་གྲུབ་པ་ཉིད་གཏན་ཚིགས་ཉིད་དུ་བརྗོད་པའི་ཕྱིར་དང་། དེ་བཞིན་གཤེགས་པ་ཡང་དེ་བཞིན་གཤེགས་པའི་ཕུང་པོ་རྣམས་ཀྱི་སྔ་རོལ་ན་ཡོད་པ་ཉིད་དུ་བསྟན་པའི་ཕྱིར་དེ་ནི་མ་གྲུབ་པ་ལྟར་སྣང་བ་ཉིད་ཡིན་ནོ་ ཞེས་བྱ་བ་དེ་ནི་འཐད་པ་གཞན་གྱི་མཇུག་བསྡུ་བ་ཡིན་ཏེ། དེ་ལྟར་ཁོ་བོས་ཐ་སྙད་དུ་སྐྱེ་བའི་སྔ་རོལ་ན་མེད་པར་གྲུབ་པ་ཉིད་གཏན་ཚིགས་ཉིད་དུ་བརྗོད་པའི་ཕྱིར་དང་། ཁྱེད་ལ་དེ་བཞིན་གཤེགས་པ་སྐྱེ་བའི་སྔ་རོལ་ན་ཡོད་པ་ཉིད་དུ་སྟོན་པའི་རྗེས་སུ་དཔག་པ་མེད་པའི་ཕྱིར་ཁོ་བོའི་གཏན་ཚིགས་ དེ་ནི་མ་གྲུབ་པ་ལྟར་སྣང་བ་ཡིན་གྱི། གསལ་བ་དང་དེ་ཁོ་ནས་སྒྲུབ་པ་ཉིད་ཡིན་ནོ། །དེ་ལྟར། གང་ཞིག་མ་བརྟེན་ཡོད་མིན་པ། །དེས་ནི་ཇི་ལྟར་ཉེར་ལེན་འགྱུར། །ཞེས་བྱ་བས་དེ་བཞིན་གཤེགས་པའམ། དེ་བཞིན་གཤེགས་པ་མ་ཡིན་པ་གང་ཕུང་པོ་རྣམས་ལ་མ་བརྟེན་པར་ ཡོད་པ་མ་ཡིན་པ་དེས་ཕུང་པོ་རྣམས་ཉེ་བར་ལེན་པར་མི་བྱེད་པར་བསྟན་ནས། ད་ནི་ཉེ་བར་ལེན་པ་པོས་ཉེ་བར་མ་བླངས་པ་ནི་ཕུང་པོ་མ་ཡིན་ལ་ཕུང་པོ་མེད་པའི་དེ་བཞིན་གཤེགས་པ་ནི་ཅི་ཡང་མེད་དོ་ཞེས་བསྟན་པའི་ཕྱིར། ཡང་གཞན་ཡང་ཞེས་བྱ་བ་ལ་སོགས་པ་ཚིག་ལེའུར་བྱས་པ་གཅིག་ སྟོན་ཏོ། །ཉེ་བར་བླངས་པ་མ་ཡིན་པ། །ཉེ་བར་ལེན་པར་ཇི་ལྟར་འགྱུར། །ཞེས་བྱ་བས་ནི་ཉེ་བར་ལེན་པ་པོས་ཉེ་བར་མ་བླངས་པ་ནི་ཕུང་པོ་མ་ཡིན་པར་བསྟན་ཏོ། །འོ་ན་ཇི་ལྟ་བུ་ཞེ་ན། ཉེ་བར་ལེན་པ་པོས་ཉེ་བར་བླངས་པ་ཉིད་ཉེ་བར་ལེན་པ་ཡིན་པར་འགྱུར་རོ་ཞེས་བྱ་བས་ནི་ཡང་ངོ་། །ཐ་སྙད་དུ་ ནི་དེ་ལྟ་བུ་ཡིན་ན་དེ་ཡང་སྔར། གང་ཞིག་མ་བརྟེན་ཡོད་མིན་པ། །དེས་ནི་ཇི་ལྟར་ཉེར་ལེན་འགྱུར། །ཞེས་བསྟན་པའི་ཚུལ་གྱིས་མི་སྲིད་པར་བསྟན་ཏོ། །ཉེ་བར་ལེན་པ་མེད་པ་ཡི། །ཉེ་བར་ལེན་པ་མེད་པའི་ངོ་བོ་ཉིད་དེ་ཉེ་བར་ལེན་པ་པོ་མ་ཡིན་པའི་ཕྱིར་ཞེས་བྱ་བའི་ཐ་ཚིག་གོ་ ཞེས་བྱ་བ་ནི་ཕུང་པོ་མེད་པ་ཉེ་བར་ལེན་པ་པོ་མ་ཡིན་པའི་ཚིག་གི་དོན་སྟོང་པ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟ་བུའི་དེ་བཞིན་གཤེགས་པ་ནི་ཅི་ཡང་མེད་དོ་ཞེས་བསྟན་པའི་ཕྱིར། དེ་བཞིན་གཤེགས་པ་ཅི་ཡང་མེད་ཅེས་བྱ་བ་སྨྲས་ཏེ། དེ་ཉིད་བྱེ་བྲག་ཏུ་བཤད་པ་བསྟན་པའི་ ཕྱིར། ཡང་ཞེས་བྱ་བའི་སྒྲ་ནི་ཉེ་བར་ལེན་པ་པོ་དང་ཉེ་བར་ལེན་པ་ཡང་བསྡུ་བའི་དོན་ཏེ། དེ་བཞིན་གཤེགས་པ་ལ་དེ་བཞིན་གཤེགས་པའི་ངོ་བོ་ཉིད་མེད་དོ་ཞེས་བྱ་བའི་ཚིག་གི་དོན་ཏོ་ཞེས་བྱ་བ་སྨྲས་ཏེ། ཉེ་བར་ལེན་པའི་ཕུང་པོ་ལ་ཉེ་བར་ལེན་པ་པོ་དེ་བཞིན་གཤེགས་པའི་ངོ་བོ་ཉིད་མེད་པས་ དེ་བཞིན་གཤེགས་པ་ངོ་བོ་ཉིད་དང་རྫས་སུ་ཡོད་པ་མ་ཡིན་ནོ། །དེ་ཉིད་ཀྱི་རྗེས་སུ་དཔག་པ་བསྟན་པའི་ཕྱིར། དེ་ལ་འདིར་ཚིག་གི་དོན་གསལ་བའི་དབང་གིས་རྗེས་སུ་དཔག་པ་ནི་ཕུང་པོ་ལྔ་ལ་གང་ཟག་མེད་དེ་བྱས་པའི་ཕྱིར་དཔེར་ན་བུམ་པ་བཞིན་ནོ་ཞེས་བྱ་བ་སྨྲས་ཏེ། དེ་དག་ནི་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་བུམ་པ་ནི་བྱས་པའི་ཕྱིར་དེ་ལ་གང་ཟག་མེད་པ་དེ་བཞིན་དུ་ཕུང་པོ་ལྔ་ཡང་བྱས་པའི་ཕྱིར་དེ་ལ་གང་ཟག་མེད་དོ། །དེ་བཞིན་དུ་རྟེན་ཅིང་འབྲེལ་བར་འབྱུང་བ་ཉིད་དང་། མི་རྟག་པ་ཉིད་དང་། ཡང་དག་པ་དང་། ལོག་པ་དང་། ཐེ་ཚོམ་ཅན་གྱི་ཤེས་པའི་ཡུལ་ཉིད་དང་། དགའ་བ་དང་། ཡོངས་སུ་གདུང་བའི་རྒྱུ་ཉིད་དང་། བདེན་པར་རྟོགས་པ་ཉིད་ལ་སོགས་པའི་གཏན་ཚིགས་དག་གི་ཕྱིར་རོ་ཞེས་ཀྱང་བརྗོད་པར་བྱའོ་ཞེས་བྱ་བ་ནི་དམ་བཅའ་བ་སྔ་མ་དེའི་གཏན་ཚིགས་ནི་འདི་དག་ཡིན་ཏེ། ཅི་རིགས་པར་སྦྱར་རོ་ཞེས་བྱ་བའི་ཐ་ཚིག་གོ། །གནས་མ་བུའི་སྡེ་པ་དག་ཡང་ཕྱིར་ཟློག་པར་བྱེད་དེ། དོན་དམ་པར་དེ་བཞིན་གཤེགས་པ་ཡོད་པ་ཁོ་ན་ཡིན་ཏེ། དེ་བཞིན་གཤེགས་པ་མེད་དོ་ཞེས་ལུང་མ་བསྟན་པའི་ཕྱིར་རོ། །འདི་ན་གང་ཡོད་པ་མ་ཡིན་པ་དེ་ནི་དེ་བཞིན་གཤེགས་པས་མེད་པར་གསུངས་ ཏེ། དཔེར་ན་མུ་སྟེགས་བྱེད་ཀྱིས་ཡོངས་སུ་བརྟགས་པའི་བདག་བཞིན་ནོ། །དེ་བཞིན་གཤེགས་པ་ནི་མེད་པར་མ་གསུངས་ཏེ། གཞན་གྱིས་དེ་བཞིན་གཤེགས་པ་མྱ་ངན་ལས་འདས་ནས་མེད་དམ་ཞེས་ཞུས་པ་ན་དེ་ནི་ལུང་དུ་མ་བསྟན་ཏོ་ཞེས་གསུངས་པའི་ཚིག་དེས་དེ་དགག་པ་ཡང་གསུངས་པས། དེའི་ཕྱིར་དོན་དམ་པར་དེ་བཞིན་གཤེགས་པ་ཡོད་པ་ཁོ་ན་ཡིན་ཏེ། དེའི་ཕྱིར་དེ་ནི་རང་དབང་དུ་རྗེས་སུ་དཔག་པ་ཡིན་པས་གཏན་ཚིགས་འགལ་བ་འཁྲུལ་པ་མེད་པའི་གནོད་པ་ཡང་ཡོད་དོ་ཞེས་བྱ་བ་ནི་གནས་མ་བུའི་སྡེ་པ་དག་བཅོམ་ལྡན་འདས་ཀྱིས་ལུང་དུ་མ་བསྟན་པའི་དངོས་པོ་བཅུ་བཞི་པའི་ནང་ནས་དེ་བཞིན་ གཤེགས་པ་མེད་དོ་ཞེས་ལུང་དུ་མ་བསྟན་པའི་གཏན་ཚིགས་ཀྱིས་དོན་དམ་པར་དེ་བཞིན་གཤེགས་པ་ཡོད་པར་སྒྲུབ་པའི་ཚིག་ཡིན་ཏེ། དེ་དག་ནི་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། ཆོས་མི་མཐུན་པའི་ཕྱོགས་ཀྱི་དཔེ་དང་། ཉེ་བར་སྦྱར་བའི་སྦྱོར་བ་དང་། མཇུག་བསྡུ་ བ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། འདི་ན་མུ་སྟེགས་བྱེད་ཀྱིས་ཡོངས་སུ་བརྟགས་པའི་བདག་ལྟ་བུ་གང་ཡོད་པ་མ་ཡིན་པ། དེ་བཞིན་གཤེགས་པས་མེད་པར་གསུངས་པ་དེ་ནི་ཡོད་པ་མ་ཡིན་གྱི། དེ་བཞིན་གཤེགས་པ་ནི་མེད་པར་མ་གསུངས་ཀྱི་སྟེང་དུ་གཞན་གྱི་དེ་བཞིན་གཤེགས་པ་མྱ་ངན་ ལས་འདས་ནས་མེད་དམ་ཞེས་ཞུས་པ་ན་མེད་པ་དགག་པའི་ཕྱིར་དེ་ནི་ལུང་དུ་མ་བསྟན་ཏོ་ཞེས་ཀྱང་གསུངས་པས་དེའི་ཕྱིར་དོན་དམ་པར་དེ་བཞིན་གཤེགས་པ་ཡོད་པ་ཁོ་ན་ཡིན་ཏེ། དེ་ལྟར་ལུང་དུ་མ་བསྟན་པ་དེ་ནི་ཁྱེད་དབུ་མ་པ་དང་ཐུན་མོང་མ་ཡིན་པ་ཁོ་བོ་ཅག་གི་རང་དབང་དུ་རྗེས་སུ་དཔག་པ་ཡིན་ པས་ཁྱེད་དབུ་མ་པའི་དེ་བཞིན་གཤེགས་པ་མེད་པར་སྒྲུབ་པའི་གཏན་ཚིགས་དང་ཁོ་བོ་ཅག་དེ་བཞིན་གཤེགས་པ་ཡོད་པར་སྒྲུབ་པའི་གཏན་ཚིགས་དེ་གཉིས་ཕན་ཚུན་འགལ་བ་འཁྲུལ་པ་མེད་པའི་གནོད་པ་ཡང་ཡོད་པས་ཁྱེད་འདོད་པ་ལྟར་གཅིག་ཏུ་མ་ངེས་སོ་ཞེས་ཟེར་རོ། །དེ་སྐད་ཅེས་ཟེར་ བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས་བཤད་པ། དེ་བཞིན་གཤེགས་པས་ཁང་པ་བརྩེགས་མའི་ནང་ནས་སྐྱེས་པའི་ཤིང་ཨ་མྲའི་འབྲས་བུའི་རོའི་བྱེ་བྲག་ལུང་དུ་མ་བསྟན་པ་ལ་སོགས་པ་དག་གིས་གཏན་ཚིགས་ཀྱི་དོན་འགལ་བ་ཉིད་ཡིན་པའི་ཕྱིར་དེ་ནི་རིགས་པ་མ་ཡིན་པས་རྟོག་གེ་ཕྱི་ མས་གནོད་པ་ཡང་མེད་ལ་རང་དབང་དུ་རྗེས་སུ་དཔག་པ་ཡང་མ་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། དེས་ནི་ཨ་མྲའི་འབྲས་བུའི་རོའི་བྱེ་བྲག་ལུང་དུ་མ་བསྟན་པའི་དཔེས་ཕ་རོལ་པོ་དག་གི་གཏན་ཚིགས་དེ་བཞིན་གཤེགས་པ་མེད་དོ་ཞེས་ལུང་དུ་མ་བསྟན་པའི་ཕྱིར་རོ་ཞེས་བྱ་བ་དེའི་དོན་འགལ་བ་ཉིད་དུ་བསྟན་ཏེ། དེའི་བྱུང་བའི་མཐའ་ནི་སྔོན་རྒྱལ་པོ་ཞིག །གནས་བརྟན་པི་ལིན་དའི་བུའི་གན་དུ་འོངས་ཏེ་སྨྲས་པ། འཕགས་པ་འདྲིའོ། །འདི་ལྟར་དགེ་སྦྱོང་དག་ནི་མང་དུ་སྨྲའོ། །གནས་བརྟན་གྱིས་སྨྲས་པ། རྒྱལ་པོ་ཆེན་པོ་དྲིས་ཤིག་རྒྱལ་པོས་སྨྲས་པ། ཇི་ལྟར་བདག་རྟག་གམ། འོན་ཏེ་མི་རྟག །གནས་བརྟན་གྱིས་སྨྲས་པ། ཁོ་བོ་ཡང་ཁྱོད་ལ་འདྲིའོ། །འདི་ལྟར་རྒྱལ་པོ་དག་ནི་མང་དུ་སྨྲའོ། །རྒྱལ་པོས་སྨྲས་པ། འཕགས་པ་དྲིས་ཤིག་དང་། གནས་བརྟན་གྱིས་སྨྲས་པ། ཁྱོད་ཀྱི་ཁང་པ་བརྩེགས་མའི་ནང་ནས་སྐྱེས་པའི་ཤིང་ཨ་མྲའི་འབྲས་བུ་དག་ཅི་འདྲ། རོའི་བྱེ་བྲག་ཅི་བྲོ། རྒྱལ་པོས་སྨྲས་པ། ཁོ་བོའི་ཁང་པ་བརྩེགས་མའི་ནང་ན་ཤིང་ཨ་མྲ་ཉིད་ཀྱང་རེ་ཞིག་མེད་ན་འབྲས་བུ་དག་གི་རོའི་བྱེ་བྲག་ལྟ་ཡོད་རེ་སྐན། གནས་བརྟན་གྱིས་སྨྲས་པ། ཤིང་ཨ་མྲ་ཇི་ལྟ་བར་བདག་ཀྱང་དེ་ལྟའོ། །རོའི་བྱེ་བྲག་ཇི་ལྟ་བར་རྟག་པ་དང་མི་རྟག་པ་ཡང་དེ་ལྟའོ་ཞེས་འབྱུང་ བའི་ལུང་གི་དཔེ་དེས། བཅོམ་ལྡན་འདས་ཀྱིས་ལུང་དུ་མ་བསྟན་པ་ནི་མེད་པའི་དོན་དུ་བཀའ་སྩལ་པ་ཡིན་པས། འདིར་ཁྱེད་དེ་བཞིན་གཤེགས་པས་མེད་དོ་ཞེས་ལུང་མ་བསྟན་པའི་ཕྱིར་རོ་ཞེས་བྱ་བའི་གཏན་ཚིགས་ཀྱིས་དེ་བཞིན་གཤེགས་པ་ལུང་དུ་མ་བསྟན་པ་ཉིད་རྗེས་སུ་དཔོགས་པས་དེ་ བཞིན་གཤེགས་པ་ཡོད་པ་མ་ཡིན་པ་ཉིད་ཀྱིས་དེ་ཡོད་པ་ཉིད་བསྩལ་བའི་ཕྱིར། ཁྱེད་ཀྱིས་དམ་བཅས་པ་ལ་ཆོས་ཅན་གྱི་ངོ་བོ་ཉིད་དང་ཁྱད་པར་བསྩལ་བའི་སྐྱོན་ཡོད་པས་ཁྱེད་དེ་བཞིན་གཤེགས་པ་ཡོད་པར་འདོད་ལ། གཏན་ཚིགས་ནི་མེད་པར་སྒྲུབ་པ་དོན་འགལ་བ་ཉིད་ཡིན་པ་དེ་ནི་རིགས་པ་མ་ ཡིན་པས། ཁྱོད་ཀྱི་རྟོག་གེ་ཕྱི་མ་དེས་ཁོ་བོ་ལ་གནོད་པ་ཡང་མེད་ལ། ལུང་དུ་མ་བསྟན་པའི་དངོས་པོ་བཅུ་བཞིས་དངོས་པོ་དེ་དག་ཡོད་པ་མ་ཡིན་པར་བསྟན་པ་ནི་ཁོ་བོ་ཅག་གི་ལུང་ཡང་ཡིན་པས་ཁྱེད་འབའ་ཞིག་གི་རང་དབང་དུ་རྗེས་སུ་དཔག་པ་ཡང་མ་ཡིན་པས། གནས་མ་བུའི་སྡེ་པ་དག་གི་སྒྲུབ་པ་ དེ་ཡང་གྱི་ནའོ། །གོས་དམར་སྡེ་དག་གིས་སྨྲས་པ། དོན་དམ་པར་དེ་བཞིན་གཤེགས་པ་ནི་ཡོད་པ་ཁོ་ན་ཡིན་ཏེ། ཉེ་བར་ལེན་པས་གདགས་པར་བྱ་བ་ཡིན་པའི་ཕྱིར་རོ། །འདི་ན་གང་ཡོད་པ་མ་ཡིན་པ་དེ་ནི་ཉེ་བར་ལེན་པས་གདགས་པར་བྱ་བ་མ་ཡིན་ཏེ། དཔེར་ན་སྦྲུལ་གྱི་རྐང་པ་བཞིན་ནོ། །དེ་ བཞིན་གཤེགས་པ་ནི་ཉེ་བར་ལེན་པས་རྣམ་པར་གྲོལ་བ་བླ་ན་མེད་པས་རབ་ཏུ་ཕྱེ་བའི་ཕུང་པོའི་རྒྱུན་ལ་བརྟེན་ནས་གདགས་པར་བྱ་བ་ཡིན་ཏེ། དེ་ལྟར་ཡང་མདོ་སྡེ་ལས། སངས་རྒྱས་ཞེས་བྱ་བའི་མཚན་འདི་ནི་ཡུམ་གྱིས་མ་བཏགས། ཡབ་ཀྱིས་མ་བཏགས། ལྷ་རྣམས་ཀྱི་བར་གྱིས་མ་ བཏགས་ཏེ། འོ་ན་ཇི་ལྟ་བུ་ཞེ་ན། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་མཚན་དེ་ནི་རྣམ་པར་གྲོལ་བའི་མཐའ་ལས་བྱུང་བ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་གསུངས་པས། དེའི་ཕྱིར་དོན་དམ་པར་དེ་བཞིན་གཤེགས་པ་ཡོད་པ་ཁོ་ན་ཡིན་ནོ་ཞེས་བྱ་བ་ནི། ཉན་ཐོས་གོས་དམར་ སྡེ་པ་དག་ཉེ་བར་ལེན་པས་གདགས་པར་བྱ་བ་ཡིན་པའི་ཕྱིར་གཏན་ཚིགས་ཀྱིས་དོན་དམ་པར་དེ་བཞིན་གཤེགས་པ་ཡོད་པར་སྒྲུབ་པའི་ཚིག་ཡིན་ཏེ། གོས་དམར་སྡེ་ཞེས་བྱ་བ་ནི་དེ་དག་གིས་ཟངས་མའི་གླེགས་བུ་ལ་སྡེ་སྣོད་གསུམ་ཡི་གེར་བྲིས་པས་གོས་དམར་སྡེ་ཞེས་བྱའོ་ཞེས་གྲག་སྟེ། དེ་དག་ཀྱང་གང་ཟག་ཏུ་སྨྲ་བ་ཡིན་པས་དེ་བཞིན་གཤེགས་པ་དོན་དམ་པར་རྫས་སུ་ཡོད་པར་འདོད་དོ། །ཚིག་དེ་དག་ཀྱང་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། ཆོས་མི་མཐུན་པའི་ཕྱོགས་ཀྱི་དཔེ་དང་། ཉེ་བར་སྦྱར་བའི་སྦྱོར་བ་དང་། མཇུག་བསྡུ་བ་ཡིན་པར་གོ་ རིམས་བཞིན་དུ་སྦྱར་ཏེ། འདི་ན་སྦྲུལ་གྱི་རྐང་པ་ལྟ་བུ་གང་མེད་པ་ཉེ་བར་ལེན་པས་གདགས་པར་བྱ་བ་མ་ཡིན་པ་དེ་ནི་ཡོད་པ་མ་ཡིན་གྱི། དེ་བཞིན་གཤེགས་པ་ནི་ཉེ་བར་ལེན་པས་རྣམ་པར་གྲོལ་བ་བླ་ན་མེད་པས་རབ་ཏུ་ཕྱེ་བའི་ཕུང་པོའི་རྒྱུན་ལ་བརྟེན་ནས་གདགས་པར་བྱ་བ་ཡིན་པས་དོན་དམ་པར་ ཡོད་པ་ཁོ་ན་ཡིན་ནོ་ཞེས་ཟེར་རོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འགྲེལ་པ་བྱེད་པ་ཉིད་ཀྱིས་འདིར་བཤད་པ། ཇི་ལྟར་དོན་དམ་པར་དེ་བཞིན་གཤེགས་པ་མི་འཐད་པ་དེ་ལྟར་སྔར། སྐུ་མིན་སྐུ་ལས་གཞན་མ་ཡིན། །དེ་ལ་སྐུ་མེད་དེར་དེ་མེད། །དེ་བཞིན་གཤེགས་པ་སྐུ་ལྡན་མིན། ། དེ་བཞིན་གཤེགས་པ་གང་ཞིག་ཡིན། །ཞེས་བྱ་བ་དེས་དཔྱད་ཟིན་པས་དེའི་ཕྱིར། དེ་ལྟར། རྣམ་པ་ལྔས་ནི་བཙལ་བྱས་ན། །གང་ཞིག་དེ་ཉིད་གཞན་ཉིད་དུ། །མེད་པའི་དེ་བཞིན་གཤེགས་པ་དེ། །ཉེ་བར་ལེན་པས་ཇི་ལྟར་གདགས། །དོན་དམ་པར་དེ་བཞིན་གཤེགས་པའི་ངོ་བོ་ ཉིད་དུའོ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། དེ་བཞིན་གཤེགས་པ་རྣམ་པ་ལྔས་བཙལ་ན་ཕུང་པོ་རྣམས་ལས་དེ་ཉིད་དང་གཞན་ཉིད་དུ་མ་གྲུབ་པ་དེ་ཉེ་བར་ལེན་པས་དོན་དམ་པར་དེ་བཞིན་གཤེགས་པའི་ངོ་བོ་ཉིད་དུ་ཇི་ལྟར་གདགས་ཏེ་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་དང་ འགལ་བ་ཉིད་དོ་ཞེས་སྟོན་ཏོ། །གདགས་པར་བྱ་བ་ཉིད་ཡོད་ན་ནི་བུམ་པ་ལ་སོགས་པའི་ཡོད་པ་ཉིད་བཞིན་དུ་དེ་བཞིན་གཤེགས་པ་ཡང་ཡོད་པ་ཉིད་དུ་འགྱུར་ཏེ། དེ་ལྟ་ན་ནི་འདོད་པ་ཉམས་སོ་ཞེས་བྱ་བས་ནི་ཁྱེད་ནི་དེ་བཞིན་གཤེགས་པ་དོན་དམ་པར་རྫས་སུ་ཡོད་པར་སྒྲུབ་པ་ཡིན་ན། དེ་བཞིན་ གཤེགས་པ་གདགས་པར་བྱ་བ་ཉིད་དུ་ཡོད་པ་ཉིད་ཡིན་ན་ནི་བུམ་པ་ལ་སོགས་པ་བཞིན་དུ་རྫས་སུ་ཡོད་པ་མ་ཡིན་པས། དེ་ལྟ་ན་ཁྱེད་ཀྱི་འདོད་པའི་དོན་ཉམས་སོ་ཞེས་བསྟན་ཏོ། །གདགས་པར་བྱ་བ་ཡིན་པའི་ཕྱིར་རོ་ཞེས་བྱ་བའི་གཏན་ཚིགས་དེའི་དོན་ཡང་དོན་དམ་པར་མ་གྲུབ་པ་ཉིད་དོ། །དོན་ འགལ་བ་ཉིད་ཀྱང་ཡིན་ཏེ། བུམ་པ་ལ་སོགས་པ་ཉེ་བར་ལེན་པས་གདགས་པར་བྱ་བ་དག་ནི་ཐ་སྙད་དུ་ཡོད་པ་ཡིན་པའི་ཕྱིར་རོ་ཞེས་བྱ་བས་ནི་ཕ་རོལ་པོ་དག་གི་གཏན་ཚིགས་དེ་དོན་དམ་པར་ནི་མ་གྲུབ་པ་ཉིད་ཡིན་ལ། ཀུན་རྫོབ་ཏུ་ནི་འགལ་བ་ཉིད་ཡིན་པར་བསྟན་ཏོ། །གཞན་དག་གིས་སྨྲས་ པ། ཉེ་བར་ལེན་པ་མེད་པ་ཡི། །དེ་བཞིན་གཤེགས་པ་ཅི་ཡང་མེད། །ཅེས་གང་སྨྲས་པ་དེ་མི་རིགས་ཏེ་ཞེས་བྱ་བ་ལ་སོགས་པས་ནི་ཕ་རོལ་པོ་དག་ཕུང་པོ་ཉེ་བར་ལེན་པ་པོའི་གང་ཟག་དང་བཅས་པའི་གཏན་ཚིགས་ཀྱིས་དེ་བཞིན་གཤེགས་པའི་ཕུང་པོ་ཡང་ཉེ་བར་ལེན་པ་པོ་དེ་བཞིན་གཤེགས་ པ་དང་བཅས་པ་ཡིན་པས། དབུ་མ་པས་སྔར་ཉེ་བར་ལེན་པ་པོའི་ངོ་བོ་ཉིད་མ་ཡིན་པའི་དེ་བཞིན་གཤེགས་པ་ཅི་ཡང་མེད་དོ་ཞེས་བཤད་པ་མི་རུང་བའི་སྒྲུབ་པའི་ཚིག་སྟོན་ཏོ། །དེ་ཉིད་བསྟན་པའི་ཕྱིར་ཁོ་བོ་སྨྲའོ། །དེ་བཞིན་གཤེགས་པའི་ཉེ་བར་ལེན་པ་ནི་ཉེ་བར་ལེན་པ་པོ་དང་བཅས་པ་ཉིད་ཡིན་ཏེ། ཉེ་བར་ལེན་པ་ཡིན་པའི་ཕྱིར་རོ། །འདི་ན་གང་ཉེ་བར་ལེན་པ་པོ་དང་བཅས་པ་ཉིད་མ་ཡིན་པ་དེ་ནི་ཉེ་བར་ལེན་པ་མ་ཡིན་ཏེ། དཔེར་ན་རུས་སྦལ་གྱི་སྤུ་ལ་སོགས་པ་བཞིན་ནོ། །དེ་བཞིན་གཤེགས་པའི་ཉེ་བར་ལེན་པའི་ཕུང་པོ་ལྔ་ནི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ལ་སོགས་པ་ཟག་པ་མེད་པ་ དག་གི་གཞི་ཡིན་པས་དེའི་ཕྱིར་གཏན་ཚིགས་ཅི་སྐད་སྨོས་པའི་མཐུས་དེ་བཞིན་གཤེགས་པའི་ཉེ་བར་ལེན་པ་ནི་ཉེ་བར་ལེན་པ་པོ་དང་བཅས་པ་ཉིད་ཡིན་ཏེ། ཉེ་བར་ལེན་པ་པོ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ། །དེ་ཡོད་པས་དཔེ་གྲུབ་པའི་ཕྱིར་འདོད་པའི་དོན་གྲུབ་བོ་ཞེས་བྱ་བ་སྨྲས་ཏེ། དེས་ནི་ ཕུང་པོའི་ཉེ་བར་ལེན་པ་ཡིན་པའི་གཏན་ཚིགས་ཀྱིས་ཉེ་བར་ལེན་པ་པོ་དང་བཅས་པ་ཉིད་ཡིན་པར་སྒྲུབ་པའི་རྗེས་སུ་དཔག་པ་སྟོན་ཏེ། དེ་དག་ནི་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། ཆོས་མི་མཐུན་པའི་ཕྱོགས་ཀྱི་དཔེ་དང་། ཉེ་བར་སྦྱར་བའི་སྦྱོར་བ་དང་། མཇུག་བསྡུ་བ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ་འདི་ན་རུས་སྦལ་གྱི་སྤུ་ལྟ་བུ་གང་ཉེ་བར་ལེན་པ་མ་ཡིན་པ་དེ་ལ་ནི་ཉེ་བར་ལེན་པ་པོ་སྤུ་སོགས་པར་བྱེད་པ་མེད་ཀྱི། ཕུང་པོ་རྣམས་ནི་ཉེ་བར་ལེན་པ་ཡིན་པའི་ཕྱིར་ཉེ་བར་ལེན་པ་པོ་དང་བཅས་པ་ཡིན་པས་དེ་བཞིན་གཤེགས་པའི་ཕུང་པོ་རྣམས་ཀྱང་ སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ལ་སོགས་པ་ཆེ་བའི་ཡོན་ཏན་ཟག་པ་མེད་པ་དག་གི་གཞི་ཡིན་པའི་ཕྱིར་ཆེ་བའི་བདག་ཉིད་ཅན་དེ་ནི་དེ་བཞིན་གཤེགས་པ་ཡིན་ཏེ། དེ་ཡོད་པས་ཁོ་བོ་ཅག་གི་དཔེ་གྲུབ་པའི་ཕྱིར་དངོས་པོ་རྣམས་ཀྱི་ངོ་བོ་ཉིད་ཡོད་པར་འདོད་པའི་དོན་གྲུབ་པོ་ཞེས་ཟེར་རོ། །དེ་སྐད་ཅེས་ ཟེར་བ་དེའི་ལན་དུ་འགྲེལ་པ་བྱེད་པ་ཉིད་ཀྱིས། འདིར་བཤད་པ། གང་ཞིག་ཉེ་བར་བླང་བ་དེ། ཉེ་བར་བླང་བར་བྱ་བའོ། །དེ་ནི་ངོ་བོ་ཉིད་ལས་མེད། །ཉེ་བར་བླང་བའི་ངོ་བོ་ཉིད་དུ་ཡོད་པ་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ་ཞེས་བྱ་བ་སྨྲས་ཏེ། དེས་ནི་ཕུང་པོ་རྣམས་ཉེ་བར་བླང་བའི་ངོ་བོ་ཉིད་དུ་ཡོད་པ་མ་ཡིན་ པས་ཕ་རོལ་པོ་དག་གི་གཏན་ཚིགས་ཀྱི་དོན་མ་གྲུབ་པར་སྟོན་ཏོ། །དེ་ཉིད་ཀྱི་འཐད་པ་བསྟན་པའི་ཕྱིར། དེ་ལྟར་ཡང་སྔར་ཉེ་བར་ལེན་པ་ལ་ཉེ་བར་ལེན་པའི་ངོ་བོ་ཉིད་མེད་དེ་ལྟོས་པ་དང་བཅས་པའི་ཕྱིར། དཔེར་ན་ཉེ་བར་ལེན་པ་པོ་བཞིན་ནོ་ཞེས་རྒྱ་ཆེར་བསྟན་ཟིན་ཏོ་ཞེས་བྱ་བ་སྨྲས་ཏེ། སྔར་ཉེ་བར་བླངས་པ་དང་ཉེ་ བར་ལེན་པ་པོ་བརྟག་པའི་སྐབས་སུ་དེ་སྐད་བསྟན་ཟིན་ཏོ། །དེའི་ཕྱིར་ཉེ་བར་ལེན་པ་ཡིན་པའི་ཕྱིར་རོ་ཞེས་བྱ་བའི་གཏན་ཚིགས་དེའི་དོན་མ་གྲུབ་པ་ཉིད་དང་དོན་འགལ་བ་ཉིད་དོ་ཞེས་བྱ་བ་ནི་མཇུག་བསྡུ་བ་དང་ཚད་མའི་འབྲས་བུ་ཡིན་ཏེ། ཕ་རོལ་པོ་དག་གི་གཏན་ཚིགས་དེ་དོན་དམ་པར་ནི་མ་གྲུབ་པ་ཉིད་ལ་ ཀུན་རྫོབ་ཏུ་ནི་འགལ་བ་ཉིད་དོ། །གལ་ཏེ་ཉེ་བར་ལེན་པ་ནི་གཞན་གྱི་དངོས་པོ་ལས་འགྲུབ་པས་ཇི་སྐད་སྨྲས་པའི་སྐྱོན་མེད་དོ་ཞེ་ན་ཞེས་བྱ་བ་ནི་ཕ་རོལ་པོ་དག་ན་རེ། ཕུང་པོ་རྣམས་བདག་གི་དངོས་པོ་ལས་མ་གྲུབ་ཀྱང་རྒྱུ་རྐྱེན་གཞན་གྱི་དངོས་པོ་ལས་འགྲུབ་པས་ཁོ་བོ་ཅག་གི་གཏན་ཚིགས་ མ་གྲུབ་པ་དང་། འགལ་བའི་སྐྱོན་ནི་མེད་དོ་ཞེས་ཟེར་བའི་ཚིག་ཡིན་ནོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས། དེ་ཡང་བཟང་པོ་མ་ཡིན་ནོ། །བདག་གི་དངོས་ལས་གང་མེད་པ། །དེ་གཞན་དངོས་ལས་ཡོད་རེ་སྐན། །ཉེ་བར་ལེན་པ་ནི་གཞན་ལས་ཡོད་པར་མི་འགྱུར་བ་ཉིད་དོ་ཞེས་ བྱ་བའི་ཚིག་གི་དོན་ཏོ་ཞེས་བྱ་བ་སྨྲས་ཏེ། དེས་ནི་ཕུང་པོ་རྣམས་ངོ་བོ་ཉིད་ཀྱིས་མེད་པས་རྒྱུ་རྐྱེན་རྣམས་གཞན་དུ་མི་འཐད་པའི་ཕྱིར་གཞན་ལས་འགྲུབ་པ་ཡང་མེད་དོ་ཞེས་བསྟན་ཏོ། །གཞན་ལས་སྐྱེ་བ་མེད་པ་ནི་སྔར་བསྟན་ཟིན་པས་ཡང་བསྟན་མི་དགོས་སོ་ཞེས་བྱ་བས་ནི་དངོས་པོ་རྣམས་གཞན་ལས་སྐྱེ་བ་ མེད་པའི་འཐད་པ་ནི་སྔར་རྐྱེན་བརྟག་པའི་སྐབས་སུ། བདག་ལས་མ་ཡིན་གཞན་ལས་མིན། །གཉིས་ལས་མ་ཡིན་རྒྱུ་མེད་མིན། །དངོས་པོ་གང་དག་གང་ན་ཡང་། །སྐྱེས་པ་ནམ་ཡང་ཡོད་མ་ཡིན། །ཞེས་བྱ་བ་དང་འདི་ཉིད་ཀྱི་སྐབས་སུ་ཡང་སྔར། ངོ་བོ་ཉིད་ལས་གང་མེད་པ། །དེ་གཞན་དངོས་ལས་ག་ ལ་ཡོད། །ཅེས་བསྟན་ཟིན་པས་འདིར་ཡང་བཟླས་མི་དགོས་སོ་ཞེས་བསྟན་ཏོ། །དེའི་ཕྱིར་དེ་ལྟར་ཡོངས་སུ་བརྟགས་ན། དེ་ལྟར་ཉེར་བླང་ཉེར་ལེན་པོ། །རྣམ་པ་ཀུན་གྱིས་སྟོང་པ་ཡིན། །རྣམ་པ་ཀུན་གྱིས་ཞེས་བྱ་བ་ནི་ངོ་བོ་ཉིད་དང་གཞན་གྱི་དངོས་པོ་དང་དེ་ཉིད་དང་གཞན་ཉིད་ལ་སོགས་པ་དག་གིས་སོ་ ཞེས་བྱ་བས་ནི་ཕུང་པོ་དང་གང་ཟག་ངོ་བོ་ཉིད་མེད་པ་ཉིད་དུ་བསྟན་པའི་མཇུག་བསྡུ་བ་བསྟན་ཏོ། །དེའི་ཕྱིར་དོན་དམ་པའི་དེ་ཁོ་ན་མཐོང་བ་དག་ཉེ་བར་བླང་བ་དང་ཉེ་བར་ལེན་པ་པོ་རྟོགས་པ་དེ་ལྟ་བུ་དེས། སྟོང་པས་དེ་བཞིན་གཤེགས་པ་སྟོང་པ། ཇི་ལྟ་བུར་ན་འདོགས་པར་འགྱུར། ཞེས་བྱ་བས་ནི་རྣལ་འབྱོར་ པ་དོན་དམ་པའི་དེ་ཁོ་ན་མཐོང་བ་དག་ཕུང་པོ་དང་གང་ཟག་ངོ་བོ་ཉིད་མེད་པ་ཉིད་དུ་རྟོགས་པའི་སྟོང་པ་དེས་དེ་བཞིན་གཤེགས་པ་ངོ་བོ་ཉིད་མེད་པ་ཉིད་ཀྱིས་སྟོང་པ་ལ་དོན་དམ་པར་ཐ་སྙད་འདོགས་ཤིང་མངོན་པར་ཞེན་པར་མི་བྱེད་དོ་ཞེས་བསྟན་ཏོ།། །།བམ་པོ་བདུན་ཅུ་གཅིག་པ། འདིར་ གཞན་དག་ན་རེ་ད་ལྟར་དབུ་མ་པ་དག་ཉེ་བར་བླང་བ་དང་། ཉེ་བར་ལེན་པ་པོ་སྟོང་པས་དེ་བཞིན་གཤེགས་པ་སྟོང་པ་འདོགས་པར་མི་བྱེད་ན། ལུང་ལས་འདི་ལྟར་བཅོམ་ལྡན་འདས་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་ བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་ཡིན་ཏེ། དེ་རྣམས་ལས་རྗེས་སུ་དྲན་པར་བྱའོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་དག་ཁས་བླངས་པ་ལ་གནོད་པར་མི་ འགྱུར་རམ་ཞེས་ཟེར་བའི་ཕྱོགས་སྔ་མ་ཁོང་ནས་དབྱུང་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས། དབུ་མ་སྨྲ་བ་དག་ཕུང་པོ་ལྔ་ལ་བརྟེན་ནས་ཐ་སྙད་དང་རྗེས་སུ་མཐུན་པར་བཅོམ་ལྡན་འདས་ཐམས་ཅད་མཁྱེན་པ་སྟོབས་བཅུ་དང་མ་འདྲེས་པ་དང་མི་འཇིགས་པ་ལ་སོགས་པའི་ཡོན་ཏན་གྱི་ཚོགས་ བསམ་གྱིས་མི་ཁྱབ་ཅིང་རྨད་དུ་བྱུང་བའི་འོད་ཟེར་དག་གིས་གསལ་བར་གྱུར་པ། བཀའ་འགྲོ་བ་མཐའ་དག་གིས་བཀུར་བ་ཞེས་འདོགས་པར་བྱེད་དེ་ཞེས་བྱ་བ་སྨྲས་ཏེ། ཐ་སྙད་དུ་དེ་ལྟར་འདོགས་པར་བྱེད་པས་ལུང་དང་མི་འགལ་ལོ་ཞེས་བྱ་བར་སྦྱར་རོ། །དེ་ལ་བཅོམ་ལྡན་འདས་ཐམས་ཅད་ མཁྱེན་པ་སྟོབས་བཅུ་དང་མ་འདྲེས་པ་དང་། མི་འཇིགས་པ་ལ་སོགས་པའི་ཡོན་ཏན་གྱི་ཚོགས་བསམ་གྱིས་མི་ཁྱབ་ཅིང་རྨད་དུ་བྱུང་བའི་འོད་ཟེར་དག་གིས་གསལ་བར་གྱུར་པས་ཞེས་བྱ་བས་ནི་བཅོམ་ལྡན་འདས་ཀྱིས་བདག་གི་དོན་ཕུན་སུམ་ཚོགས་པ། བླ་ན་མེད་པ་བསྟན་ལ། བཀའ་འགྲོ་བ་ མཐའ་དག་གིས་བཀུར་བ་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱིས་གཞན་གྱི་དོན་ཕུན་སུམ་ཚོགས་པ་བླ་ན་མེད་པ་བསྟན་ཏོ། །དེ་ལ་བཅོམ་ལྡན་འདས་ཞེས་བྱ་བ་ནི་བདུད་བཞི་བཅོམ་པ་དང་ལེགས་པ་དྲུག་དང་ལྡན་པའི་ཕྱིར་རོ། །ཐམས་ཅད་མཁྱེན་པ་ཞེས་བྱ་བ་ནི་རྣམ་པ་ཐམས་ཅད་ཀྱི་ མཆོག་དང་ལྡན་པ། ཐམས་ཅད་མཁྱེན་པའི་ཡེ་ཤེས་མངོན་པར་རྫོགས་པར་བྱང་ཆུབ་པའི་ཕྱིར་རོ། །སྟོབས་བཅུ་ནི་གནས་དང་། གནས་མ་ཡིན་པ་མཁྱེན་པའི་སྟོབས་དང་། ལས་རྣམ་པར་སྨིན་པ་མཁྱེན་པའི་སྟོབས་དང་། མོས་པ་སྣ་ཚོགས་མཁྱེན་པའི་སྟོབས་ དང་། ཁམས་སྣ་ཚོགས་མཁྱེན་པའི་སྟོབས་དང་། དབང་པོ་མཆོག་དང་མཆོག་མ་ཡིན་པ་མཁྱེན་པའི་སྟོབས་དང་། ཐམས་ཅད་དུ་འགྲོ་བའི་ལམ་མཁྱེན་པའི་སྟོབས་དང་། བསམ་གཏན་དང་། རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པའི་ཀུན་ ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་དང་། ལྡང་བ་ཐམས་ཅད་མཁྱེན་པའི་སྟོབས་དང་། སྔོན་གྱི་གནས་རྗེས་སུ་དྲན་པ་མཁྱེན་པའི་སྟོབས་དང་། ཤི་འཕོ་བ་དང་སྐྱེ་བ་མཁྱེན་པའི་སྟོབས་དང་། ཟག་པ་ཟད་པ་མཁྱེན་པའི་སྟོབས་སོ། །མ་འདྲེས་པ་ཞེས་བྱ་བ་ནི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་ བརྒྱད་དེ། དེ་བཞིན་གཤེགས་པ་ལ་འཁྲུལ་པ་མེད་པ་དང་། ཅ་ཅོ་མེད་པ་དང་། བསྙེལ་བ་མེད་པ་དང་། སེམས་མཉམ་པར་མ་བཞག་པ་མེད་པ་དང་། ཐ་དད་པའི་འདུ་ཤེས་མེད་པ་དང་། སོ་སོར་མ་བརྟགས་པའི་བཏང་སྙོམས་མེད་པ་དང་། འདུན་པ་ཉམས་པ་མེད་པ་དང་། བརྩོན་ འགྲུས་ཉམས་པ་མེད་པ་དང་། དྲན་པ་ཉམས་པ་མེད་པ་དང་། ཏིང་ངེ་འཛིན་ཉམས་པ་མེད་པ་དང་། ཤེས་རབ་ཉམས་པ་མེད་པ་དང་། རྣམ་པར་གྲོལ་བ་ཉམས་པ་མེད་པ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་གཟིགས་པ་ཉམས་པ་མེད་པ་དང་། ལུས་ཀྱི་ལས་ཐམས་ཅད་ཡེ་ཤེས་སྔོན་དུ་འགྲོ་ཞིང་ ཡེ་ཤེས་ཀྱི་རྗེས་སུ་འབྲང་བ་དང་། ངག་གི་ལས་ཐམས་ཅད་ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲང་བ་དང་། ཡིད་ཀྱི་ལས་ཐམས་ཅད་ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲང་བ་དང་། འདས་པའི་དུས་ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས་མཐོང་བ་འཇུག་པ་དང་། མ་འོངས་པའི་དུས་ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས་མཐོང་བ་འཇུག་པ་དང་། ད་ལྟར་གྱི་དུས་ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས་མཐོང་བ་འཇུག་པའོ། །མི་འཇིགས་པ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་མི་འཇིགས་པ་བཞི་སྟེ། ཆོས་ཐམས་ཅད་མངོན་པར་རྫོགས་པར་བྱང་ཆུབ་པ་ལ་མི་ འཇིགས་པ་དང་། ཟག་པ་ཐམས་ཅད་ཟད་པར་མཁྱེན་པ་ལ་མི་འཇིགས་པ་དང་། བར་དུ་གཅོད་པའི་ཆོས་རྣམས་གཞན་དུ་མི་འགྱུར་བར་ངེས་པའི་ལུང་བསྟན་པ་ལ་མི་འཇིགས་པ་དང་། ཕུན་སུམ་ཚོགས་པ་ཐམས་ཅད་ཐོབ་པར་འགྱུར་བ་ངེས་པར་འགྱུར་བའི་ལམ་དེ་བཞིན་དུ་འགྱུར་བ་ལ་ མི་འཇིགས་པའོ། །སྩོགས་པ་ཞེས་བྱ་བའི་སྒྲས་ནི་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུ་དང་། རྣམ་པ་ཐམས་ཅད་ཡོངས་སུ་དག་པ་བཞི་དང་། མ་འདྲེས་པའི་དྲན་པ་ཉེ་བར་གཞག་པ་བཞི་དང་། བསྲུང་བ་མེད་པ་གསུམ་དང་། ཐུགས་རྗེ་ཆེན་པོ་དང་། བསྙེལ་བ་མི་མངའ་བའི་ཆོས་ཉིད་དང་། བག་ཆགས་ཡང་དག་པར་བཅོམ་པ་དང་། རྣམ་པ་ཐམས་ཅད་དང་། མཆོག་མཁྱེན་པ་དག་བསྡུ་སྟེ། དེ་ལ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ནི་དབུ་གཙུག་ཏོར་དང་ལྡན་པ་དང་། དབུ་སྐྲ་གཡས་སུ་འཁྱིལ་བ་དང་ལྡན་པ་དང་། དཔྲལ་ བའི་དབྱེས་མཉམ་པ་དང་། མཛོད་སྤུ་དང་། སྤྱན་མཐོན་མཐིང་ལ་བའི་རྫི་མ་ལྟ་བུ་དང་། ཚེམས་བཞི་བཅུ་མངའ་བ་དང་། ཚེམས་མཉམ་པ་དང་། ཚེམས་ཐགས་བཟང་བ་དང་། ཚེམས་ཤིན་ཏུ་དཀར་བ་དང་། རོ་བྲོ་བའི་མཆོག་དང་ལྡན་པ་དང་། འགྲམ་པ་སེང་གེའི་འདྲ་བ་དང་། ལྗགས་ ཤིན་ཏུ་རིང་ཞིང་སྲབ་པ་དང་། ཚངས་པའི་དབྱངས་དང་ལྡན་པ་དང་། དཔུང་མགོ་ཤིན་ཏུ་ཟླུམ་པ་དང་། བདུན་མཐོ་བ་དང་། ཐལ་གོང་རྒྱས་པ་དང་། པགས་པ་སྲབ་ཅིང་མདོག་གསེར་འདྲ་བ་དང་། བཞེངས་བཞིན་དུ་མ་བཏུད་པར་ཕྱག་པུས་མོར་སླེབས་པ་དང་། རོ་སྟོད་སེང་གེའི་འདྲ་བ་དང་། ཤིང་ནྱ་གྲོ་ ད་ལྟར་ཆུ་ཞེང་གབ་པ་དང་། སྤུ་རེ་རེ་ནས་སྐྱེས་ཤིང་གཡས་སུ་འཁྱིལ་བ་དང་། སྐུའི་སྤུ་གྱེན་དུ་ཕྱོགས་པ་དང་། མདོམས་ཀྱི་སྦ་བ་སྦུབས་སུ་ནུབ་པ་དང་། བརླ་ལེགས་པར་ཟླུམ་པ་དང་། ཞབས་ལོང་མོའི་ཚིགས་མི་མངོན་པ་དང་། ཕྱག་དང་ཞབས་ཀྱི་མཐིལ་འཇམ་ཞིང་གཞོན་ཤ་ཆགས་པ་ དང་། ཕྱག་དང་ཞབས་དྲ་བས་འབྲེལ་བ་དང་། སོར་མོ་རིང་བ་དང་། ཕྱག་དང་ཞབས་ཀྱི་མཐིལ་འཁོར་ལོའི་མཚན་དང་ལྡན་པ་དང་། ཞབས་ཤིན་ཏུ་གནས་པ་དང་། ཞབས་ཀྱི་རྟིང་པ་ཡངས་པ་དང་། བྱིན་པ་རི་དགས་ཨེ་ན་ཡའི་ལྟ་བུའོ། །དཔེ་བྱད་ བཟང་པོ་བརྒྱད་ཅུ་ནི། སེན་མོ་ཟངས་ཀྱི་མདོག་ལྟ་བུ་དང་། སེན་མོ་མདོག་སྣུམ་པ་དང་། སེན་མོ་མཐོ་བ་དང་། སོར་མོ་རྣམས་ཟླུམ་པ་དང་། སོར་མོ་རྣམས་རྒྱས་པ་དང་། སོར་མོ་རྣམས་བྱིན་གྱིས་ཕྲ་བ་དང་། རྩ་མི་མངོན་པ་དང་། རྩ་མདུད་མེད་པ་དང་། ། ལོང་བུ་མི་མངོན་པ་དང་། ཞབས་མི་མཉམ་པ་མེད་པ་དང་། སེང་གེའི་སྟབས་སུ་གཤེགས་པ་དང་། གླང་པོ་ཆེའི་སྟབས་སུ་གཤེགས་པ་དང་། ངང་པའི་སྟབས་སུ་གཤེགས་པ་དང་། ཁྱུ་མཆོག་གི་སྟབས་སུ་གཤེགས་པ་དང་། གཡས་ཕྱོགས་ སུ་ལྡོག་ཅིང་གཤེགས་པ་དང་། མཛེས་པར་གཤེགས་པ་དང་། མ་ཡོ་བར་གཤེགས་པ་དང་། སྐུ་འཁྲིལ་བག་ཆགས་པ་དང་། སྐུ་བྱི་དོར་བྱས་པ་ལྟ་བུ་དང་། སྐུ་རིམ་པར་འཚམ་པ་དང་། སྐུ་གཙང་བ་དང་། སྐུ་འཇམ་པ་དང་། སྐུ་རྣམ་པར་དག་པ་དང་། མཚན་རྫོགས་པ་དང་། སྐུ་ཁོ་ ལག་ཡངས་ཤིང་བཟང་བ་དང་། གོམ་པ་སྙོམས་པ་དང་། སྐུ་ཤིན་ཏུ་གཞོན་མདོག་ཅན་དང་། སྐུ་ཞུམ་པ་མེད་པ་དང་། སྐུ་རྒྱས་པ་དང་། སྐུ་ཤིན་ཏུ་གྲིམས་པ་དང་། ཡན་ལག་དང་ཉིང་ལག་ཤིན་ཏུ་རྣམ་པར་འབྱེས་པ་དང་། གཟིགས་པ་རབ་རིབ་མེད་ཅིང་རྣམ་པར་དག་པ་དང་། དཀུ་ཟླུམ་པ་ དང་། དཀུ་སྐབས་ཕྱིན་པ་དང་། དཀུ་མ་རྙོངས་པ་དང་། ཕྱལ་ཕྱང་ངེ་བ་དང་། ལྟེ་བ་ཟབ་པ་དང་། ལྟེ་བ་གཡས་ཕྱོགས་སུ་འཁྱིལ་བ་དང་། ཀུན་ནས་མཛེས་པ་དང་། ཀུན་སྤྱོད་གཙང་བ་དང་། སྐུ་ལ་སྨེ་བ་དང་། གནག་བག་མེད་པ་དང་། ཕྱག་ཤིང་བལ་ལྟར་ཤིན་ཏུ་འཇམ་པ་དང་། ཕྱག་གི་ རི་མོ་མདངས་ཡོད་པ་དང་། ཕྱག་གི་རི་མོ་ཟབ་པ་དང་། ཕྱག་གི་རི་མོ་རིང་བ་དང་། ཞལ་ཧ་ཅང་ཡང་མི་རིང་བ་དང་། ཞལ་ལ་གཟུགས་ཀྱི་གཟུགས་བརྙན་སྣང་བ་དང་། ལྗགས་མཉེན་པ་དང་། ལྗགས་སྲབ་པ་དང་། ལྗགས་དམར་བ་དང་། གླང་པོ་ཆེའི་ང་རོ་དང་། འབྲུག་གི་སྒྲ་དང་ལྡན་པ་དང་། གསུང་སྙན་ཅིང་མཉེན་ལ་འཇམ་ པ་དང་། མཆེ་བ་ཟླུམ་པ་དང་། མཆེ་བ་རྣོ་བ་དང་། མཆེ་བ་དཀར་བ་དང་། མཆེ་བ་མཉམ་པ་དང་། མཆེ་བ་བྱིན་གྱིས་ཕྲ་བ་དང་། ཤངས་མཐོ་བ་དང་། ཤངས་གཙང་བ་དང་། སྤྱན་རྣམ་པར་དག་པ་དང་། སྤྱན་ཡངས་པ་དང་། རྫི་མ་སྟུག་པ་དང་། སྤྱན་དཀར་གནག་འབྱེས་ཤིང་པད་མའི་འདབ་མ་རངས་པ་ ལྟ་བུ་དང་། སྨིན་ཚུགས་རིང་བ་དང་། སྨིན་མ་འཇམ་པ་དང་། སྨིན་མའི་སྤུ་མཉམ་པ་དང་། སྨིན་མ་སྣུམ་པ་དང་། སྙན་ཤལ་སྟུག་ཅིང་རིང་བ་དང་། སྙན་མཉམ་པ་དང་། སྙན་གྱི་དབང་པོ་མ་ཉམས་པ་དང་། དཔྲལ་བ་ལེགས་པར་འབྱེས་པ་དང་། དཔྲལ་བ་དབྱེས་ཆེ་བ་དང་། དབུ་ ཤིན་ཏུ་རྒྱས་པ་དང་། དབུ་སྐྲ་བུང་བ་ལྟར་གནག་པ་དང་། དབུ་སྐྲ་སྟུག་པ་དང་། དབུ་སྐྲ་འཇམ་པ་དང་། དབུ་སྐྲ་མི་འཛིངས་པ་དང་། དབུ་སྐྲ་མི་བཤོར་བ་དང་། དབུ་སྐྲ་དྲི་ཞིམ་པ་དང་། ཕྱག་དང་ཞབས་དཔལ་བེའུ་དང་། བཀྲ་ཤིས་དང་། གཡུང་དྲུང་འཁྱིལ་པས་བརྒྱན་པ་དང་། སྡོང་རིས་དག་གོ། རྣམ་པ་ ཐམས་ཅད་ཡོངས་སུ་དག་པ་བཞི་ནི་གནས་ཡོངས་སུ་དག་པ་དང་། དམིགས་པ་ཡོངས་སུ་དག་པ་དང་། སེམས་ཡོངས་སུ་དག་པ་དང་། ཡེ་ཤེས་ཡོངས་སུ་དག་པའོ། །མ་འདྲེས་པའི་དྲན་པ་ཉེ་བར་གཞག་པ་གསུམ་ནི་གུས་པར་ཉན་པ་རྣམས་ལ་སེམས་སྙོམས་པ་དང་། གུས་པར་ཉན་པ་དང་། གུས་པར་མི་ཉན་པ་རྣམས་ལ་བཏང་སྙོམས་པའོ། །བསྲུང་བ་མེད་པ་བཞི་ནི་དེ་བཞིན་གཤེགས་པའི་སྐུའི་ཕྲིན་ལས་ཀྱི་སྤྱོད་པ་ཡོངས་སུ་དག་པ་སྟེ། དེ་བཞིན་གཤེགས་པའི་སྐུའི་ཕྲིན་ལས་ཡོངས་སུ་མ་དག་པ་མེད་པ་དང་། དེ་བཞིན་གཤེགས་པའི་གསུང་གི་ཕྲིན་ལས་ལ་སྤྱོད་པ་ཡོངས་སུ་དག་པ་ སྟེ། དེ་བཞིན་གཤེགས་པ་ལ་གསུང་གི་ཕྲིན་ལས་ཡོངས་སུ་མ་དག་པ་མེད་པ་དང་། དེ་བཞིན་གཤེགས་པའི་ཐུགས་ཀྱི་ཕྲིན་ལས་ཀྱི་སྤྱོད་པ་ཡོངས་སུ་དག་པ་སྟེ། དེ་བཞིན་གཤེགས་པ་ལ་ཐུགས་ཀྱི་ཕྲིན་ལས་ཡོངས་སུ་མ་དག་པ་མེད་པ་དང་། དེ་བཞིན་གཤེགས་པའི་འཚོ་བ་ཡོངས་སུ་དག་པ་སྟེ། དེ་བཞིན་གཤེགས་པ་ལ་འཚོ་བ་ཡོངས་སུ་མ་དག་པ་མེད་པའོ། །དེ་བཞིན་གཤེགས་པའི་ཐུགས་རྗེ་ཆེན་པོ་ནི་སུམ་ཅུ་རྩ་གཉིས་ཏེ། ཆོས་ཐམས་ཅད་ནི་བདག་མེད་པ་དང་། ཆོས་ཐམས་ཅད་ནི་སེམས་ཅན་མེད་པ་དང་། ཆོས་ཐམས་ཅད་ནི་སྲོག་མེད་པ་དང་། ཆོས་ཐམས་ཅད་ནི་གང་ཟག་མེད་པ་ དང་། ཆོས་ཐམས་ཅད་ནི་བྱེད་པ་མེད་པ་དང་། ཆོས་ཐམས་ཅད་ནི་གནས་མེད་པ་དང་། ཆོས་ཐམས་ཅད་ནི་གཞི་མེད་པ་དང་། ཆོས་ཐམས་ཅད་ནི་ང་ཡིར་བྱ་བ་མེད་པ་དང་། ཆོས་ཐམས་ཅད་ནི་བདག་པོ་མེད་པ་དང་། ཆོས་ཐམས་ཅད་ནི་དངོས་པོ་མེད་པ་དང་། ཆོས་ཐམས་ཅད་ནི་མ་སྐྱེས་པ་དང་། ཆོས་ ཐམས་ཅད་ནི་ཤི་འཕོས་མེད་ཅིང་མ་སྐྱེས་པ་དང་། ཆོས་ཐམས་ཅད་ནི་ཀུན་ནས་ཉོན་མོངས་པ་ཅན་མ་ཡིན་པ་དང་། ཆོས་ཐམས་ཅད་ནི་འདོད་ཆགས་དང་བྲལ་བ་དང་། ཆོས་ཐམས་ཅད་ནི་ཞེ་སྡང་དང་བྲལ་བ་དང་། ཆོས་ཐམས་ཅད་ནི་གཏི་མུག་དང་བྲལ་བ་དང་། ཆོས་ཐམས་ཅད་ནི་འོང་བ་མེད་པ་དང་། ཆོས་ཐམས་ཅད་ནི་འགྲོ་བ་མེད་པ་དང་། ཆོས་ཐམས་ཅད་ནི་མངོན་པར་འདུ་བྱེད་པ་མེད་པ་དང་། ཆོས་ཐམས་ཅད་ནི་སྤྲོས་པ་མེད་པ་དང་། ཆོས་ཐམས་ཅད་ནི་སྟོང་པ་དང་། ཆོས་ཐམས་ཅད་ནི་མཚན་མ་མེད་པ་དང་། ཆོས་ཐམས་ཅད་ནི་སྨོན་པ་མེད་པ་ཡིན་ན་སེམས་ཅན་རྣམས་ དེ་ལྟར་མ་མོས་པས་དེའི་ཕྱིར་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་ཐུགས་རྗེ་ཆེན་པོ་སྐྱེ་བ་དང་། ཀྱེ་མ་འཇིག་རྟེན་གནས་པ་འདི་ནི་ཕན་ཚུན་རྩོད་པས་ཡོངས་སུ་ཟིན་ཅིང་གནོད་སེམས་ཀྱི་ཐ་བ་དང་། ཞེ་སྡང་ལ་ཞུགས་པ་དང་། འཇིག་རྟེན་གནས་པ་འདི་ནི་ཕྱིན་ཅི་ལོག་དང་ལྡན་ཞིང་ལམ་ཉམ་ ང་བར་ཞུགས་པ་དང་ལམ་གོལ་བ་ལ་གནས་པ་དང་། འཇིག་རྟེན་གནས་པ་འདི་ནི་བརྐམ་ཞིང་འདོད་པས་ཟིལ་གྱིས་ནོན་པ་སྟེ། ཆོག་མི་ཤེས་ཤིང་གཞན་གྱི་ནོར་འཕྲོག་པ་དང་། སེམས་ཅན་འདི་དག་ནི་བུ་དང་། སྨན་དང་། ཁྱིམ་དང་། ནོར་དང་། འབྲུ་ལ་སྲེད་པས་ཁོལ་བ་སྟེ། སྙིང་པོ་ མེད་པ་ལ་སྙིང་པོར་འདུ་ཤེས་པ་དང་། སེམས་ཅན་འདི་དག་ནི་མི་རིགས་པས་འཚོ་བ་སྟེ། གཅིག་ལ་གཅིག་འདྲིད་པར་གནས་པ་དང་། སེམས་ཅན་འདི་དག་ནི་ཆོ་ག་མི་ཤེས་པ་སྟེ། རྙེད་པ་དང་། བཀུར་སྟི་དང་། ཚིགས་སུ་བཅད་པ་ལ་སྤྱོད་ཀྱང་བདག་ཅག་ནི་ཆོག་ཤེས་པའོ་སྙམ་དུ་ འཛིན་པ་དང་། སེམས་ཅན་འདི་དག་ནི་ཁྱིམ་གྱི་གནས་སྡུག་བསྔལ་གྱི་སྣོད་ཀུན་ནས་ཉོན་མོངས་པ་ཅན་ལ་རྟག་ཏུ་དགའ་བར་གཟིགས་ནས་དེའི་ཕྱིར་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་ཐུགས་རྗེ་ཆེན་པོ་སྐྱེ་བ་དང་། ཆོས་ཐམས་ཅད་ནི་རྒྱུས་ཉེ་བར་འགྲོ་བ་སྟེ། བསྒྲུབ་པས་ཉེ་བར་ གནས་པའི་མཚན་ཉིད་ཡིན་ན་སེམས་ཅན་རྣམས་ཀྱིས་དེ་ལྟར་མི་ཤེས་པ་དང་། སེམས་ཅན་རྣམས་ནི་ཆགས་པ་མེད་པའི་ཡེ་ཤེས་དམ་པ་ཁྱད་པར་དུ་འཕགས་པའི་ཡོངས་སུ་མྱ་ངན་ལས་འདས་པ་འདི་གཏང་ཞིང་གང་འདི་ཉན་ཐོས་ཀྱི་ཐེག་པ་དང་། རང་སངས་རྒྱས་ཀྱི་ཐེག་པ་དམན་ པ་ཚོལ་བ་ཡིན་གྱིས་དེ་དག་ལ་གང་འདི་སངས་རྒྱས་ཀྱི་ཡེ་ཤེས་ལ་དམིགས་པར་བྱ་བའི་ཕྱིར་རྒྱ་ཆེན་པོ་ལ་བློ་མོས་པར་བྱའོ་ཞེས་སེམས་ཅན་རྣམས་ལ་དེ་བཞིན་གཤེགས་པའི་ཐུགས་རྗེ་ཆེན་པོ་སྐྱེ་བའོ། །བསྙེལ་བ་མི་མངའ་བའི་ཆོས་ཉིད་ནི་རྣམ་པ་བཞི་སྟེ། མཛད་པ་ཐམས་ཅད་དང་། ཡུལ་ཐམས་ཅད་དང་། མཛད་པའི་ཐབས་ཐམས་ཅད་དང་། དུས་ཐམས་ཅད་དུ་བསྙེལ་བ་མི་མངའོ། །བག་ཆགས་ཡང་དག་པར་བཅོམ་པ་ཡང་རྣམ་པ་བཞི་སྟེ། བསྐྱོད་པ་དང་། གཟིགས་པ་དང་། གསུང་བ་དང་། གནས་པ་ལ་ཉོན་མོངས་པ་མངའ་བ་འདྲ་བའི་ཀུན་དུ་སྤྱོད་པ་མི་མངའོ། ། རྣམ་པ་ཐམས་ཅད་དང་། མཆོག་མཁྱེན་པ་ནི་ཆོས་རྣམས་ཀྱི་ཚོགས་གསུམ་པོ་དོན་དང་ལྡན་པ་དང་། དོན་དང་ལྡན་པ་མ་ཡིན་པ་དང་དོན་དང་ལྡན་པ་ཡང་མ་ཡིན་དོན་དང་ལྡན་པ་མ་ཡིན་པ་ཡང་མ་ཡིན་པ་རྣམས་མངོན་པར་རྫོགས་པར་སངས་རྒྱས་པ་སྟེ། ཐ་མ་གཉིས་མཁྱེན་པ་ནི་རྣམ་པ་ ཐམས་ཅད་མཁྱེན་པ་ཉིད་ཡིན་ལ། དང་པོ་མཁྱེན་པ་ནི་མཆོག་མཁྱེན་པ་ཡིན་ཏེ། དེས་ནི་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་ཐམས་ཅད་མཁྱེན་པའི་ཡེ་ཤེས་མངོན་པར་རྫོགས་པར་བྱང་ཆུབ་པ་བསྟན་ཏོ། །དེ་བཞིན་གཤེགས་པའི་བཀའ་ནི་དེ་ཁོ་ན་ཉིད་ཐུགས་སུ་ཆུད་པའི་དཔལ་ གྱི་མགུར་ནས་དོན་དམ་པའི་ཆོས་དང་ལམ་གྱི་ཆོས་དང་། བསྟན་པའི་ཆོས་བཀའ་སྩལ་པ་དག་སྟེ། དེ་དག་འགྲོ་བ་མཐའ་དག་གིས་མོས་པ་ཇི་ལྟ་བ་བཞིན་དུ་བཀུར་བ་ནི་བསྒྲུབ་པ་ལ་སོགས་པས་མཆོད་པ་ཡིན་ཏེ། དབུ་མ་སྨྲ་བ་དག་ཀུན་རྫོབ་ཏུ་ཕུང་པོ་ལྔ་ལ་བརྟེན་ནས་ཐ་སྙད་དང་རྗེས་སུ་ མཐུན་པར་དེ་དག་འདོགས་པར་བྱེད་དོ། །དེ་དག་འདོགས་པར་བྱེད་པས་ཁས་བླངས་པ་ལ་གནོད་པ་མེད་པར་བསྟན་པའི་ཕྱིར། དེས་ན་གང་ཟག་གཅིག་ཁོ་ན་འབྱུང་བ་ན་སྐྱེ་བོ་མང་པོ་ལ་ཕན་པ་དང་། སྐྱེ་བོ་མང་པོ་ལ་བདེ་བའི་ཕྱིར་འབྱུང་ངོ་ཞེས་བྱ་བ་ལ་སོགས་པ་དང་། དེ་བཞིན་དུ་དགེ་བའི་ བཤེས་གཉེན་ང་ལ་བརྟེན་ནས་སེམས་ཅན་རྣམས་སྐྱེ་བའི་ཆོས་ཅན་རྣམས་སྐྱེ་བའི་སྡུག་བསྔལ་ལས་རྣམ་པར་གྲོལ་ལོ་ཞེས་བྱ་བ་ལ་སོགས་པ་དང་། དེ་བཞིན་དུ། ཡོངས་སུ་ཤེས་བྱ་ཡོངས་ཤེས་ཤིང་། །སྤང་བར་བྱ་བ་སྤངས་པར་གྱུར། །བསྒོམ་པར་བྱ་བ་བསྒོམས་ཟིན་པས། །བཟོད་ ལྡན་དེ་ཕྱིར་ང་སངས་རྒྱས། །ཞེས་བྱ་བ་ལ་སོགས་པའི་ལུང་ཁས་བླངས་པ་ལ་ཡང་གནོད་པ་མེད་དོ་ཞེས་བྱ་བ་སྨྲས་སོ། །གལ་ཏེ་དོན་དམ་པར་ཁས་མ་བླངས་པའི་ཕྱིར། ཇི་སྐད་སྨྲས་པའི་སྐྱོན་ལྡོག་པ་མེད་དོ་ཞེ་ན་ཞེས་བྱ་བ་ནི་ཕ་རོལ་པོ་དག་ན་རེ་དབུ་མ་པས་ཕུང་པོ་ལྔ་ལ་བརྟེན་ནས་ཐ་སྙད་དང་ རྗེས་སུ་མཐུན་པར་ཐམས་ཅད་མཁྱེན་པ་བཏགས་པ་དང་། ལུང་ཁས་བླངས་པ་དེ་དག་དོན་དམ་པར་ཁས་མ་བླངས་པའི་ཕྱིར་ཁས་བླངས་པ་ལ་གནོད་པའི་སྐྱོན་ཇི་སྐད་སྨྲས་པ་ལྡོག་པ་མེད་དེ། སོ་ན་གནས་སོ་ཞེས་ཟེར་བའི་ཚིག་ཡིན་ནོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་ འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས། དོན་དམ་པར་དེ་ཡོད་པ་ཉིད་དུ་སྟོན་པའི་རྗེས་སུ་དཔག་པ་མེད་པའི་ཕྱིར་དང་། དེ་ལྟར་ཁས་མ་བླངས་པ་ཁོ་ནར་འགོག་པར་བྱེད་པའི་ཕྱིར་སྐྱོན་མེད་དོ་ཞེས་བྱ་བ་སྨྲས་ཏེ། ཁྱེད་ལ་དོན་དམ་པར་དེ་བཞིན་གཤེགས་པ་དང་ལུང་དེ་དག་ཡོད་པ་ཉིད་དུ་སྟོན་པའི་རྗེས་སུ་ དཔག་པ་མེད་པའི་ཕྱིར་དང་། ཁོ་བོས་དོན་དམ་པར་དེ་བཞིན་གཤེགས་པ་དང་། ལུང་དེ་དག་ཡོད་པ་དེ་ལྟར་ཁས་མ་བླངས་པ་ཁོ་ནར་འགོག་པར་བྱེད་པའི་ཕྱིར་ཁོ་བོ་ལ་ཁས་བླངས་པ་ལ་གནོད་པའི་སྐྱོན་མེད་དོ། །མུ་སྟེགས་ཅན་ངན་པ་མིག་ནད་ན་བས་ཉི་མའི་དཀྱིལ་འཁོར་གྱི་འོད་ཟེར་མི་ བཟོད་པ་བཞིན་དུ་སྟོབས་བཅུ་དྲི་མ་མེད་པའི་དཀྱིལ་འཁོར་ས་ཐམས་ཅད་སྣང་བར་མཛད་པའི་གསུང་མ་ནོར་བའི་འོད་ཟེར་མི་བཟོད་པ་དག་གིས་སྨྲས་པ་ཞེས་བྱ་བ་ལ་སོགས་པས་ནི། མུ་སྟེགས་བྱེད་གླང་པོའི་རིགས་ཅན་ངན་པ་དཔེར་ན་མིག་ནད་ན་བས་ཉི་མའི་དཀྱིལ་འཁོར་གྱི་འོད་ཟེར་ལ་ བརྟག་པར་མི་བཟོད་པ་བཞིན་དུ་དེ་བཞིན་གཤེགས་པ་སྟོབས་བཅུ་དྲི་མ་མེད་པའི་དཀྱིལ་འཁོར་སྲིད་པ་གསུམ་གྱིས་ཆ་དང་བཅས་པ་ཐམས་ཅད་སྣང་བར་མཛད་པའི་གསུང་མ་ནོར་བའི་འོད་ཟེར་ཉན་པར་མི་བཟོད་པ། དེ་བཞིན་གཤེགས་པ་ཐམས་ཅད་མཁྱེན་པ་མ་ཡིན་པར་སྨྲ་བ་དག ། ཐེག་པ་ཆེན་པོ་དབུ་མ་པ་དེ་བཞིན་གཤེགས་པའི་གསུང་ལས་སྐྱེས་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་གསལ་བར་བྱེད་པ། སེང་གེ་ཅང་ཤེས་ལྟ་བུས་དེ་བཞིན་གཤེགས་པ་ཐམས་ཅད་མཁྱེན་པ་ཉིད་དུ་བསྒྲུབ་པའི་རིགས་པ་ནི་ལྕགས་ཀྱུ་ལྟ་བུས་སྣ་ནས་གཟུང་ཞིང་ཚར་གཅད་པ་ སྟོན་ཏོ། །དེའི་ཕྱིར་དེ་དག་ན་རེ་དེ་བཞིན་གཤེགས་པ་ནི་ཐམས་ཅད་མཁྱེན་པ་མ་ཡིན་ཏེ། མི་ཡིན་པའི་ཕྱིར་དཔེར་ན་དེ་ལས་གཞན་བཞིན་ནོ། །ཡང་ན་དེ་བཞིན་གཤེགས་པའི་ཡེ་ཤེས་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་མ་ཡིན་ཏེ། ཤེས་པ་ཡིན་པའི་ཕྱིར་དཔེར་ན་སོ་སོའི་སྐྱེ་བོའི་ ཤེས་པ་བཞིན་ནོ། །ཡང་ན་དེ་བཞིན་གཤེགས་པའི་སྐུ་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་གཞི་མ་ཡིན་ཏེ། ལུས་ཡིན་པའི་ཕྱིར་དཔེར་ན་སོ་སོའི་སྐྱེ་བོའི་ལུས་བཞིན་ནོ་ཞེས་ཟེར་ཏེ། དེ་དག་ནི་དེ་བཞིན་གཤེགས་པ་ཕྱོགས་སུ་བྱས་པ་དང་། ཡེ་ཤེས་ཕྱོགས་སུ་བྱས་པ་དང་། སྐུ་ཕྱོགས་ སུ་བྱས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་མཁྱེན་པ་མ་ཡིན་པར་སྒྲུབ་པའི་རྗེས་སུ་དཔག་པ་རྣམ་པ་གསུམ་ཡིན་ཏེ། དེ་དག་ཀྱང་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་རོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་ འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས། དེ་ལ་འདིར་དོན་དམ་པ་པའི་དེ་བཞིན་གཤེགས་པ་ཐམས་ཅད་མཁྱེན་པ་མ་ཡིན་ནོ་ཞེས་སྟོན་ན་ནི་མི་ཡིན་པའི་ཕྱིར་ཞེས་བྱ་བའི་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་དེ། ཆོས་ཀྱི་སྐུ་ནི་མི་ལ་སོགས་པའི་སྤྲོས་པ་དང་བྲལ་བའི་ཕྱིར་དང་། འཇིག་རྟེན་ལས་ འདས་པ་ཟག་པ་མེད་པའི་ཆོས་ཀྱི་ཚོགས་ཀྱང་ཁམས་གསུམ་པར་མ་གཏོགས་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། འདིས་ནི་ཕ་རོལ་པོ་དག་གིས་དེ་བཞིན་གཤེགས་པ་ནི་ཐམས་ཅད་མཁྱེན་པ་མ་ཡིན་ཏེ། མི་ཡིན་པའི་ཕྱིར་དཔེར་ན་དེ་ལས་གཞན་བཞིན་ནོ་ཞེས་དེ་བཞིན་གཤེགས་པ་ཕྱོགས་སུ་བྱས་ ཏེ། ཐམས་ཅད་མཁྱེན་པ་མ་ཡིན་པར་བསྒྲུབ་པ་སུན་དབྱུང་ཞིང་། དེ་བཞིན་གཤེགས་པ་ཐམས་ཅད་མཁྱེན་པ་ཉིད་དུ་བསྒྲུབ་པ་སྟོན་ཏེ། དེ་ལ་འདིར་ཕ་རོལ་པོ་དག་དོན་དམ་པ་པའི་དེ་བཞིན་གཤེགས་པ་ཐམས་ཅད་མཁྱེན་པ་མ་ཡིན་ནོ་ཞེས་སྟོན་ན་ནི་ཕ་རོལ་པོ་དག་གི་གཏན་ཚིགས་མི་མ་ཡིན་པའི་ཕྱིར་ ཞེས་བྱ་བ་དེའི་དོན་མ་གྲུབ་པ་ཉིད་དེ། ཅིའི་ཕྱིར་ཞེ་ན། དོན་དམ་པ་པའི་དེ་བཞིན་གཤེགས་པ་ནི་ཆོས་ཀྱི་སྐུ་ཡིན་པས་ཆོས་ཀྱི་སྐུ་དེ་མི་ལ་སོགས་པའི་སྤྲོས་པ་དང་བྲལ་བའི་ཕྱིར། ཆོས་ཀྱི་སྐུ་ལ་མི་ལ་སོགས་པ་སེམས་ཅན་རྣམས་ཀྱི་ཆོས་གང་དག་ཡིན་པ་དེ་དག་ཐམས་ཅད་མེད་པའི་ཕྱིར་ དང་། དོན་དམ་པ་པའི་དེ་བཞིན་གཤེགས་པའི་འཇིག་རྟེན་ལས་འདས་པ་ཟག་པ་མེད་པའི་ཆོས་ཀྱི་ཚོགས་སྟོབས་བཅུ་ལ་སོགས་པ་ཆེ་བའི་ཡོན་ཏན་རྣམས་ཀྱང་ཁམས་གསུམ་པར་མ་གཏོགས་པའི་ཕྱིར་དོན་དམ་པ་པའི་དེ་བཞིན་གཤེགས་པ་མི་ཉིད་ཡིན་པར་མ་གྲུབ་པའི་ཕྱིར་རོ། །མི་ཡིན་ པའི་ཕྱིར་ཞེས་བྱ་བའི་གཏན་ཚིགས་ཀྱི་དོན་མ་གྲུབ་པ་འབའ་ཞིག་ཏུ་ཡང་མ་ཟད་དེ། དེའི་ཕྱིར་འདིས་བྱས་པ་ཉིད་ལ་སོགས་པའི་གཏན་ཚིགས་ཀྱི་སྐྱོན་དག་ཀྱང་ཤེས་པར་བྱ་ཞིང་ཞེས་བྱ་བ་སྨྲས་ཏེ། ཕ་རོལ་པོ་དག་དེ་བཞིན་གཤེགས་པ་ནི་ཐམས་ཅད་མཁྱེན་པ་མ་ཡིན་ ཏེ། བྱས་པ་ཉིད་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ལ་སོགས་པའི་གཏན་ཚིགས་གང་དག་ཇི་སྙེད་བརྗོད་དུ་ཟིན་ཀྱང་དོན་དམ་པ་པའི་དེ་བཞིན་གཤེགས་པ་ཐམས་ཅད་མཁྱེན་པ་མ་ཡིན་པའི་གཏན་ཚིགས་སུ་དེ་དག་མི་རུང་སྟེ། དཔེར་ན་སྒྲ་ནི་རྟག་ཏེ་མིག་གི་གཟུང་བ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་བཞིན་དུ་ ཐམས་ཅད་མ་གྲུབ་པའི་སྐྱོན་དག་ཀྱང་ཤེས་པར་བྱའོ། །མི་ཕལ་པ་ལ་སོགས་པའི་དཔེའི་སྐྱོན་དག་ཀྱང་བརྗོད་པར་བྱའོ་ཞེས་བྱ་བས་ནི་ཕ་རོལ་པོ་དག་གིས་དཔེ་མ་གྲུབ་པར་སྟོན་ཏེ། ཕ་རོལ་པོ་དག་ན་རེ་དཔེར་ན་དེ་ལས་གཞན་བཞིན་ནོ་ཞེས་ཟེར་བའི་དཔེ་མི་ཕལ་པ་ལ་སོགས་པ་ལས་བླངས་པ་དེ་ དག་ཀྱང་ཁོ་བོ་ཅག་གི་ཕྱོགས་ལ་དོན་དམ་པར་ཆོས་ཐམས་ཅད་སྐྱེ་བ་མེད་པའི་ཕྱིར་གང་གིས་དེ་བཞིན་གཤེགས་པ་ཐམས་ཅད་མཁྱེན་པ་མ་ཡིན་པ་མཚོན་པའི་དཔེར་རུང་བ། མི་ཕལ་པ་ལ་སོགས་པ་ཐམས་ཅད་མཁྱེན་པ་མ་ཡིན་པ་ཡང་ཡོད་པ་མ་ཡིན་པས་ཕ་རོལ་པོ་དག་གི་དཔེའི་ ཆོས་ཅན་མ་གྲུབ་པའི་སྐྱོན་དག་ཀྱང་བརྗོད་པར་བྱའོ། །དེ་ལྟར་ཕ་རོལ་པོ་དག་ལ་དོན་དམ་པ་པའི་དེ་བཞིན་གཤེགས་པ་ཐམས་ཅད་མཁྱེན་པ་མ་ཡིན་པར་སྒྲུབ་པའི་གཏན་ཚིགས་དང་། དཔེ་མེད་པས་དོན་དམ་པ་པའི་དེ་བཞིན་གཤེགས་པ་ཐམས་ཅད་མཁྱེན་པ་ཉིད་དུ་གྲུབ་པས་རྣམ་པ་དེ་ཉིད་ཀྱིས་ཁོ་བོ་ཅག་ གི་འདོད་པ་གྲུབ་པོ། ཕ་རོལ་པོའི་སྒྲུབ་པ་སུན་དབྱུང་བ་དང་། རང་དབང་དུ་རྗེས་སུ་དཔག་པས་ཐམས་ཅད་མཁྱེན་པས་ཐམས་ཅད་མཁྱེན་པ་མ་ཡིན་པར་སྒྲུབ་པ་དེ་སུན་ཕྱུང་བས་དེའི་ཕྱིར་ཁོ་བོ་ཅག་གིས་ཁྱེད་ཚར་བཅད་ཅིང་བདག་ཅག་རྒྱལ་བར་བྱས་སོ། །ཡེ་ཤེས་ཀྱི་ཕྱོགས་ལ་ཡང་རྣམ་པ་དེ་ཉིད་ཀྱིས་གཏན་ ཚིགས་དང་། དཔེའི་སྐྱོན་དག་དང་། དེའི་གཏན་ཚིགས་འཛིན་པ་ཉིད་དང་། དམིགས་པ་དང་བཅས་པ་ཉིད་ལ་སོགས་པའི་སྐྱོན་དག་ཀྱང་བརྗོད་པར་བྱའོ་ཞེས་བྱ་བས་ནི་ཕ་རོལ་པོ་དག་གིས་དེ་བཞིན་གཤེགས་པའི་ཡེ་ཤེས་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་མ་ཡིན་ཏེ། ཤེས་པ་ཡིན་པའི་ ཕྱིར་དཔེར་ན་སོ་སོའི་སྐྱེ་བོའི་ཤེས་པ་བཞིན་ནོ་ཞེས་ཡེ་ཤེས་ཕྱོགས་སུ་བྱས་ཏེ། ཐམས་ཅད་མཁྱེན་པ་མ་ཡིན་པར་བསྒྲུབ་པ་སུན་དབྱུང་ཞིང་། དེ་བཞིན་གཤེགས་པའི་ཡེ་ཤེས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཉིད་ཡིན་པར་བསྒྲུབ་པ་སྟོན་ཏེ། དེ་ལ་ཡང་འདིར་དོན་དམ་པ་པའི་དེ་བཞིན་གཤེགས་པའི་ཡེ་ཤེས་ ཐམས་ཅད་མཁྱེན་པའི་ཡེ་ཤེས་མ་ཡིན་ནོ་ཞེས་སྟོན་ན་ནི་ཕ་རོལ་པོ་དག་གི་གཏན་ཚིགས་ཤེས་པ་ཡིན་པའི་ཕྱིར་ཞེས་པ་དེའི་དོན་མ་གྲུབ་པ་ཉིད་དེ། ཅིའི་ཕྱིར་ཞེ་ན། འདི་ལྟར་དོན་དམ་པ་པའི་བདེན་པ་གང་ལ་ཡེ་ཤེས་ཀྱང་མི་རྒྱུ་ན་རྣམ་པར་ཤེས་པ་ལྟ་སྨོས་ཀྱང་ཅི་དགོས་པ་དེ་ལ་ཤེས་པ་སྐྱེ་བ་མེད་པས་ཤེས་པ་ཡིན་པའི་ཕྱིར་ ཞེས་བྱ་བའི་གཏན་ཚིགས་དེའི་དོན་མ་གྲུབ་པ་ཉིད་ཡིན་པའི་ཕྱིར་རོ། །དཔེར་ན་སོ་སོའི་སྐྱེ་བོའི་ཤེས་པ་བཞིན་ནོ་ཞེས་སྨྲས་པའི་དཔེ་དེ་ཡང་མ་གྲུབ་པ་སྟེ། ཅིའི་ཕྱིར་ཞེ་ན། འདི་ལྟར་དོན་དམ་པར་སོ་སོའི་སྐྱེ་བོའི་ཤེས་པ་ཡང་མ་སྐྱེས་པས་དཔེའི་ཆོས་ཅན་མ་གྲུབ་པའི་སྐྱོན་ཡོད་པའི་ཕྱིར་ རོ། ཤེས་པ་ཡིན་པའི་ཕྱིར་ཞེས་བྱ་བའི་གཏན་ཚིགས་ཀྱི་དོན་མ་གྲུབ་པ་འབའ་ཞིག་ཏུ་ཡང་མ་ཟད་དེ། གལ་ཏེ་ཕ་རོལ་པོ་དག་འདི་སྐད་ཅེས་དེ་བཞིན་གཤེགས་པའི་ཡེ་ཤེས་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་མ་ཡིན་ཏེ། འཛིན་པ་ཉིད་ཡིན་པའི་ཕྱིར་དང་། དམིགས་པ་དང་བཅས་པ་ ཉིད་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ལ་སོགས་པའི་གཏན་ཚིགས་དག་བརྗོད་ན་དེ་དག་ཀྱང་དོན་དམ་པར་སྐྱེ་བ་མེད་པ་ཉིད་ཀྱིས་མ་གྲུབ་པ་ཉིད་དོ་ཞེས་མ་གྲུབ་པ་ཉིད་ཀྱི་སྐྱོན་བརྗོད་པར་བྱའོ། །སྐུའི་ཕྱོགས་ལ་ཡང་གཏན་ཚིགས་དང་དཔེའི་སྐྱོན་དག་བཞིན་ནོ་ཞེས་བྱ་བས་ནི་ཕ་རོལ་པོ་དག་གིས་དེ་བཞིན་གཤེགས་ པའི་སྐུ་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་གཞི་མ་ཡིན་ཏེ། ལུས་ཡིན་པའི་ཕྱིར་དཔེར་ན་སོ་སོའི་སྐྱེ་བོའི་ལུས་བཞིན་ནོ་ཞེས་སྐུ་ཕྱོགས་སུ་བྱས་ཏེ། ཐམས་ཅད་མཁྱེན་པ་མ་ཡིན་པར་བསྒྲུབ་པ་སུན་དབྱུང་ཞིང་། དེ་བཞིན་གཤེགས་པའི་སྐུ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་གཞི་ ཉིད་ཡིན་པར་བསྒྲུབ་པ་སྟོན་ཏེ། དེ་ལ་ཡང་འདིར་དོན་དམ་པ་པའི་དེ་བཞིན་གཤེགས་པའི་སྐུ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་གཞི་མ་ཡིན་ནོ་ཞེས་སྟོན་ན་ནི་ཕ་རོལ་པོ་དག་གི་གཏན་ཚིགས་ལུས་ཡིན་པའི་ཕྱིར་ཞེས་བྱ་བ་དེའི་དོན་མ་གྲུབ་པ་ཉིད་དེ། ཅིའི་ཕྱིར་ཞེ་ན། འདི་ལྟར་དོན་དམ་ པར་དེ་བཞིན་གཤེགས་པ་ནི་ལུས་ཅན་མ་ཡིན་པའི་ཕྱིར། ལུས་ཡིན་པར་མ་གྲུབ་པས་ལུས་ཡིན་པའི་ཕྱིར་ཞེས་བྱ་བའི་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་ཡིན་པའི་ཕྱིར་རོ། །དཔེར་ན་སོ་སོའི་སྐྱེ་བོའི་ལུས་བཞིན་ནོ་ཞེས་སྨྲས་པའི་དཔེ་དེ་ཡང་མ་གྲུབ་སྟེ། ཅིའི་ཕྱིར་ཞེ་ན། འདི་ ལྟར་དོན་དམ་པར་སོ་སོའི་སྐྱེ་བོའི་ལུས་ཀྱང་མ་སྐྱེས་པས་དཔེའི་ཆོས་ཅན་མ་གྲུབ་པའི་སྐྱོན་ཡོད་པའི་ཕྱིར་རོ། །དེ་ལྟར་རེ་ཞིག་ཕ་རོལ་པོ་དག་གི་བསྒྲུབ་པ་སུན་ཕྱུང་བས་དོན་དམ་པ་པའི་དེ་བཞིན་གཤེགས་པ་ཐམས་ཅད་མཁྱེན་པ་ཉིད་དུ་གྲུབ་པོ། །འདིར་གལ་ཏེ་ཕ་རོལ་པོ་དག་འདི་སྐད་ཅེས་དོན་ དམ་པ་པའི་དེ་བཞིན་གཤེགས་པ་ལ་མི་ཉིད་དང་སྨྲ་བ་པོ་ཉིད་མ་གྲུབ་པས་དེ་ཐམས་ཅད་མཁྱེན་པ་ཉིད་ཡིན་དུ་ཟིན་ཀྱང་ཐ་སྙད་པའི་དེ་བཞིན་གཤེགས་པ་ཟས་གཙང་གི་རིགས་སུ་སྐྱེས་པ་འདི་ལ་མི་ཉིད་དང་སྨྲ་བ་པོ་ཉིད་གྲུབ་པས། དེ་ཐམས་ཅད་མཁྱེན་པ་མ་ཡིན་ནོ་ཞེས་ཟེར་བའི་ཕྱོགས་སྔ་མ་ཁོང་ ནས་དབྱུང་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས། ཐམས་ཅད་མཁྱེན་པ་མ་ཡིན་ནོ་ཞེས་དམ་བཅས་པ་དེའི་དོན་ཀྱང་རེ་ཞིག་གང་ཡིན། ཅི་ཐམས་ཅད་ནི་མི་མཁྱེན་ལ། ཆུང་ཟད་མཁྱེན་པ་ཡིན་ནམ། འོན་ཏེ་ཆུང་ཟད་ཀྱང་མི་མཁྱེན་པ་ཡིན་ནམ་ཞེས་བརྟག་པ་གཉིས་སྨྲས་ སོ། །དེ་ལ་གལ་ཏེ་བརྟག་པ་སྔ་མ་ལྟར་འདོད་ན་ནི་དེས་ཅི་ཞིག་མི་མཁྱེན་པར་འདོད་ཅེས་འདྲི་བར་བྱ་སྟེ། ཕ་རོལ་པོ་དག་ཐམས་ཅད་མཁྱེན་པ་མ་ཡིན་པ་ཞེས་བྱ་བ་དེ་ཐམས་ཅད་ནི་མི་མཁྱེན་ལ། ཆུང་ཟད་མཁྱེན་པ་ཡིན་པར་འདོད་ན་དེས་ཐམས་ཅད་ཅི་ཞིག་མི་མཁྱེན་པར་འདོད་ཅེས་དྲི་བར་ བྱའོ། །དེ་སྐད་ཅེས་དྲིས་པ་ན། དེ་དག་ན་རེ། གལ་ཏེ་དབང་པོ་ལས་འདས་པའོ་ཞེ་ན་ཞེས་བྱ་བས་དེ་མི་མཁྱེན་ཏོ་ཞེ་ནའོ། །དེའི་ལན་དུ་དེས་དབང་པོ་ལས་འདས་པ་ཡང་མཁྱེན་པར་བསྒྲུབ་པའི་རྗེས་སུ་དཔག་པ་བསྟན་པའི་ཕྱིར། དེས་དེ་མཁྱེན་ཏེ། ཤེས་བྱ་ཡིན་པའི་ཕྱིར་ཉིད་ཀྱི་ཕྱག་མཐིལ་དུ་ནོར་ བུ་དྲི་མ་མེད་པ་ལ་སོགས་པ་བཞག་པ་བཞིན་ནོ་ཞེས་བྱ་བ་སྨྲས་ཏེ། དེ་དག་ནི་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཕྱག་མཐིལ་དུ་ཤེལ་སྒོང་དྲི་མ་མེད་པ་ལ་སོགས་པ་ བཞག་པ་ནི་ཤེས་བྱ་ཡིན་པའི་ཕྱིར་དེ་མཁྱེན་པ་དེ་བཞིན་དུ་དབང་པོ་ལས་འདས་པ་དག་ཀྱང་ཤེས་བྱ་ཡིན་པའི་ཕྱིར་དེས་མཁྱེན་ཏོ། །དབང་པོ་ལས་འདས་པ་དག་ཀྱང་གང་ཞེ་ན། འདི་ལྟ་སྟེ་ཕུང་པོ་ལྔ་དང་། སྐྱེ་མཆེད་བཅུ་གཉིས་དང་། ཁམས་བཅོ་བརྒྱད་དང་། མི་སྡུག་པ་དང་། དབུགས་ དབྱུང་བ་དང་། རྔུབ་པ་དྲན་པ་དང་། དྲན་པ་ཉེ་བར་གཞག་པ་བཞི་དང་། ཡང་དག་པར་སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་། དབང་པོ་ལྔ་དང་། སྟོབས་ལྔ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་། རྟེན་ཅིང་འབྲེལ་པར་ འབྱུང་བ་དང་། རྣམ་པར་ཐར་པའི་སྒོ་གསུམ་དང་། རིག་པ་གསུམ་དང་། འཕགས་པའི་བདེན་པ་བཞི་དང་། འཕགས་པའི་རིགས་བཞི་སྟེ། དེ་དག་ལ་སོགས་པ་དབང་པོ་ལས་འདས་པའི་ཆོས་རྣམས་བཅོམ་ལྡན་འདས་ཀྱིས་མཁྱེན་ཏེ། ཤེས་བྱ་ཡིན་པའི་ཕྱིར་ལག་མཐིལ་དུ་ནོར་བུ་དྲི་ མ་མེད་པ་བཞག་པ་བཞིན་པས་དེ་ལྟར་རང་དབང་དུ་རྗེས་སུ་དཔག་པའི་སྟོབས་ཀྱིས་བཅོམ་ལྡན་འདས་ཐམས་ཅད་མཁྱེན་པ་ཉིད་དུ་གྲུབ་པོ། །ཡང་ན་བཅོམ་ལྡན་འདས་ཀྱིས་ང་ནི་ཐམས་ཅད་མཁྱེན་པའོ་ཞེས་གང་གསུངས་པའི་ཐམས་ཅད་མཁྱེན་པ་ཉིད་ཅེས་བྱ་བའི་སྒྲ་དེའི་བརྗོད་པར་བྱ་བའི་ དོན་ཐམས་ཅད་མཁྱེན་པ་ཉིད་ཅེས་བྱ་བ་ནི་ཡོད་དེ་དེ་གསུངས་པའི་ཕྱིར་དེའི་ཚིག་བཞིན་པས་དེའི་ཕྱིར་ཐམས་ཅད་མཁྱེན་པ་ཉིད་ཀྱི་དོན་ཀྱང་ཐམས་ཅད་མཁྱེན་པ་ཉིད་སྒྲ་བཞིན་དུ་ཡོད་པར་འགྱུར་རོ། །འོན་ཏེ་བརྟག་པ་ཕྱི་མ་ལྟར་འདོད་ན་ནི་ཕྱོགས་སྔ་མ་ལ་གནོད་པ་དང་། གྲགས་པས་གནོད་དེ་ཞེས་ བྱ་བ་ནི་འོན་ཏེ་ཕ་རོལ་པོ་དག་གིས་དམ་བཅས་པའི་དེའི་དོན་ཅུང་ཟད་ཀྱང་མི་མཁྱེན་པ་ཡིན་ན་ནི་དེ་ལྟ་ན་ཕྱོགས་སྔ་མ་ལ་གནོད་པ་དང་གྲགས་པས་གནོད་པར་འགྱུར་བས་མི་རུང་ངོ་། །ཇི་ལྟར་ཕྱོགས་སྔ་མ་ལ་གནོད་པར་འགྱུར་ཞེ་ན། དེ་ནི་མི་ཡིན་པའི་ཕྱིར་ཞེས་ཁས་བླངས་པའི་ཕྱིར་དང་ཞེས་བྱ་ བ་སྨྲས་ཏེ། སྔར་ཕ་རོལ་པོ་དག་གིས་དེ་བཞིན་གཤེགས་པ་ནི་ཐམས་ཅད་མཁྱེན་པ་མ་ཡིན་ཏེ། མི་ཡིན་པའི་ཕྱིར་དཔེར་ན་དེ་ལས་གཞན་བཞིན་ནོ་ཞེས་ཁས་བླངས་པའི་ཕྱིར་མི་ཡིན་ནོ་ཞེས་སྔར་ཁས་བླངས་པའི་ཕྱོགས་ལ་ད་འདིར་ཆུང་ཟད་ཀྱང་མི་མཁྱེན་པ་ཉིད་དོ་ཞེས་དམ་བཅས་པས་གནོད་ པར་འགྱུར་ཏེ། མི་ཡིན་ན་ནི་ཆུང་ཟད་ཀྱང་མི་ཤེས་པའི་ཆོས་མེད་པའི་ཕྱིར་དམ་བཅས་པ་དེའི་དོན་འགལ་བས་མ་གྲུབ་པོ། །ཇི་ལྟར་གྲགས་པས་གནོད་པར་འགྱུར་ཞེ་ན། སོ་སོའི་སྐྱེ་བོ་ལ་སོགས་པའི་དཔེ་དག་འཇིག་རྟེན་ལ་གྲགས་པས་མི་རུང་སྟེ། དེ་དག་གིས་ཀྱང་ ཡུལ་འགའ་ཞིག་ཤེས་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། སྔར་ཕ་རོལ་པོ་དག་གིས་དེ་བཞིན་གཤེགས་པ་ནི་ཐམས་ཅད་མཁྱེན་པ་མ་ཡིན་ཏེ། མི་མ་ཡིན་པའི་ཕྱིར་དཔེར་ན་དེ་ལས་གཞན་བཞིན་ནོ་ཞེས་སྨྲས་པ་དེ་ཆུང་ཟད་ཀྱང་མི་མཁྱེན་པའི་དཔེ་སོ་སོའི་སྐྱེ་བོ་ལ་སོགས་པ་ཤེས་པ་ཅན་དག་ལས་ བླངས་པ་དེ་འཇིག་རྟེན་ལ་གྲགས་པ་དང་འགལ་ཏེ། འདི་ལྟར་འདི་ན་དུད་འགྲོ་ཟས་དང་། གནས་དང་། ཉལ་བ་དང་། འཁྲིག་པའི་འདུ་ཤེས་བཞི་པ་དག་གིས་ཀྱང་དེ་དག་ཙམ་ཤེས་ན་མི་ལ་སོགས་པ་གཞན་གྱིས་ཡུལ་འགའ་ཞིག་ཤེས་པ་ལྟ་སྨོས་ཀྱང་ཅི་དགོས་ཏེ། དེའི་ཕྱིར་དམ་བཅས་པ་དེ་ འཇིག་རྟེན་ལ་གྲགས་པ་དང་འགལ་བའི་གནོད་པ་ཡོད་པའི་ཕྱིར་ཡང་མ་གྲུབ་པོ། །གཞན་ཡང་ཕ་རོལ་པོ་དག་ན་རེ་ཐ་སྙད་པའི་དེ་བཞིན་གཤེགས་པ་ཟས་གཙང་གི་རིགས་སུ་སྐྱེས་པ་འདི་ལ་མི་ཉིད་དང་། སྨྲ་བ་པོ་ཉིད་གྲུབ་པས་དེ་ཐམས་ཅད་མཁྱེན་པ་ཉིད་མ་ཡིན་ནོ་ཞེས་བྱ་བའི་ཚིག་དེ་ ཡང་མི་འགྲུབ་སྟེ། འདི་ལྟར་དམ་པའི་ཆོས་པད་མ་དཀར་པོའི་མདོ་ལས། བཅོམ་ལྡན་འདས་ཀྱི་ཞལ་སྔ་ནས། བསྐལ་པ་གྲངས་མེད་པའི་སྔ་རོལ་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་སོ་ཞེས་འབྱུང་བས་ཐ་སྙད་ཀྱི་སྒོ་ནས་ ཀྱང་རྣམ་པར་དག་པའི་ལྷ་ཉིད་ཡིན་པས་མི་ཉིད་མ་ཡིན་པའི་ཕྱིར་མི་ཉིད་དུ་ཡང་མ་གྲུབ་ལ། དེ་བཞིན་གཤེགས་པའི་གསང་བ་བསྟན་པའི་མདོ་ལས། ཞི་བའི་བློ་གྲོས་དེ་བཞིན་གཤེགས་པ་གང་གི་ནུབ་མོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་ ནས་གང་གི་ནུབ་མོ་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་པའི་བར་དུ་དེ་བཞིན་གཤེགས་པས་ཐ་ན་ཡི་གེ་གཅིག་ཙམ་ཡང་མ་གསུངས་སོ། །དེ་ཅིའི་ཕྱིར་ཞེ་ན། ཞི་བའི་བློ་གྲོས་དེ་བཞིན་གཤེགས་པ་ནི་རྟག་ཏུ་མཉམ་པར་གཞག་པ་ སྟེ། དབུགས་འབྱུང་བར་ཡང་མི་མཛད། དབུགས་རྔུབ་པར་ཡང་མི་མཛད། རྣམ་པར་རྟོག་པར་ཡང་མི་མཛད། རྣམ་པར་དཔྱོད་པར་ཡང་མི་མཛད་པའི་ཕྱིར་ཏེ། འདི་ལྟར་སྔོན་གྱི་སྨོན་ལམ་གྱི་དབང་གི་ཤུགས་ཀྱིས། ལྷུན་གྱིས་གྲུབ་པས་སེམས་ཅན་རྣམས་ཀྱི་བསམ་པ་ཚིམ་པར་བྱེད་པའི་ གསུང་ཡང་འབྱུང་ལ། ཐེག་པ་གསུམ་རྣམ་པར་གཞག་པ་ཡང་སྟོན་ཏོ་ཞེས་འབྱ