Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 101
Văn bản gốc(Tây Tạng)
Trang 12 / 23 (50.000 ký tự/trang)
བའི་སྐྱོན་དུ་མི་འགྱུར་བར་སྟོན་ཏོ། །དེ་རེ་ཞིག་མུ་དང་པོ་བསྟན་པའི་ཕྱིར། དེ་ལ། ཐ་མ་འགགས་ པར་གྱུར་པ་ནི། །སྲིད་པ་དང་པོར་སྦྱོར་མི་འགྱུར། །ཞེས་བྱ་བའི་དམ་བཅའ་བ་ཉེ་བར་གཞག་པའོ་ཞེས་བྱ་བ་སྨྲས་ཏེ། དེ་ནི་ད་ལྟར་གྱི་སྲིད་པ་ཐ་མའི་སེམས་འགགས་པ་མ་འོངས་པའི་སྲིད་པ་དང་པོའི་སེམས་དང་ཉིང་མཚམས་སྦྱོར་བ་མེད་པའི་དམ་བཅའ་བ་ཉེ་བར་གཞག་པ་བསྟན་ཏེ། དེ་ནི་ཕྱོགས་ ཡིན་ནོ། །འགགས་པའི་ཆོས་ནི་འགགས་པ་ཉིད་ཡིན་ནོ་ཞེས་བྱ་བས་ནི་ད་ལྟར་གྱི་སྲིད་པ་ཐ་མའི་སེམས་འགགས་པ་མ་འོངས་པའི་སྲིད་པ་དང་པོའི་སེམས་དང་ཉིང་མཚམས་སྦྱོར་བ་མེད་པའི་སྒྲུབ་པའི་ཆོས་གཏན་ཚིགས་ནི་འགགས་པ་ཉིད་ཡིན་པར་བསྟན་ཏེ་དེ་ནི་ཕྱོགས་ཀྱི་ཆོས་ཡིན་ནོ། །དེའི་ ཕྱིར་རྗེས་སུ་དཔག་པ་ནི་དོན་དམ་པར་སྲིད་པ་ཐ་མ་འགགས་པ་ནི་མ་འོངས་པའི་སྲིད་པ་དང་པོ་དང་ཉིང་མཚམས་སྦྱོར་བ་མེད་དེ་འགགས་པ་ཉིད་ཡིན་པའི་ཕྱིར་རམ། སྲིད་པ་ཐ་མ་ཡིན་པའི་ཕྱིར། དཔེར་ན་དགྲ་བཅོམ་པའི་སྲིད་པ་ཐ་མ་འགགས་པ་བཞིན་ནོ་ཞེས་བྱ་བ་སྨྲས་ཏེ། དེ་དག་ནི་ཆོས་ཅན་ དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་དགྲ་བཅོམ་པའི་སྲིད་པ་ཐ་མ་འགགས་པ་ནི་འགགས་པ་ཉིད་ཡིན་པའི་ཕྱིར་རམ། སྲིད་པ་ཐ་མ་ཡིན་པའི་ཕྱིར་མ་འོངས་པའི་སྲིད་པ་དང་པོ་དང་ཉིང་མཚམས་སྦྱོར་བ་མེད་པ་དེ་ བཞིན་དུ་ད་ལྟར་གྱི་སྲིད་པ་ཐ་མ་འགགས་པ་ཡང་འགགས་པ་ཉིད་ཡིན་པའི་ཕྱིར་རམ། སྲིད་པ་ཐ་མ་ཡིན་པའི་ཕྱིར་མ་འོངས་པའི་སྲིད་པ་དང་པོ་དང་ཉིང་མཚམས་སྦྱོར་བ་མེད་དོ། །མུ་གཉིས་པ་བསྟན་པའི་ཕྱོགས་སྔ་མ་བསྟན་པའི་ཕྱིར། གལ་ཏེ་སྲིད་པ་ཐ་མ་འགགས་པ་མ་འོངས་པའི་སྲིད་པ་དང་ པོ་དང་ཉིང་མཚམས་སྦྱོར་བར་དམ་བཅས་པའི་ཕྱིར་སྐྱོན་མེད་དོ་ཞེ་ན་ཞེས་བྱ་བ་སྨྲས་ཏེ། དེ་ནི་ཕ་རོལ་པོ་དག་ན་རེ། ཁོ་བོ་ཅག་གི་ད་ལྟར་གྱི་སྲིད་པ་ཐ་མའི་སེམས་མ་འགགས་པ་མ་འོངས་པའི་སྲིད་པ་དང་པོའི་སེམས་དང་ཉིང་མཚམས་སྦྱོར་བར་དམ་བཅས་པའི་ཕྱིར། ཁྱེད་ཀྱི་སྒྲུབ་པ་སྔ་མའི་སྐྱོན་ དེ་ཁོ་བོ་ཅག་གི་ཕྱོགས་ལ་མེད་དོ་ཞེས་ཟེར་བའི་ཚིག་ཡིན་ནོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས། མ་འགགས་པ་ཡང་རྒྱུ་སྲིད་པ་ཐ་མ་མ་ཉམས་པའི་ཕྱིར་སྐྱོན་འོག་ནས་འབྱུང་བ་ལྟ་བུར་འགྱུར་བས་སྐྱོན་མེད་པ་མ་ཡིན་ཏེ་ཞེས་བྱ་བ་སྨྲས་ཏེ། རྒྱུ་མ་འགགས་པར་འབྲས་བུ་སྐྱེ་མི་སྲིད་པའི་ཕྱིར་རྗེས་སུ་དཔག་པ་འོག་མས་གནོད་པར་འགྱུར་བས་སྐྱོན་མེད་པ་མ་ཡིན་ནོ་ཞེས་སྟོན་ཏོ། །དེ་ཉིད་བསྟན་པའི་ཕྱིར། འདི་ལྟར། ཐ་མ་འགགས་པར་མ་གྱུར་པ། །སྲིད་པ་དང་པོར་སྦྱོར་མི་འགྱུར། །འདིར་ཡང་དེ་ནི་དམ་བཅའ་བ་ཉེ་བར་གཞག་པའོ་ཞེས་ བྱ་བ་སྨྲས་ཏེ། དེས་ནི་ད་ལྟར་གྱི་སྲིད་པ་ཐ་མའི་སེམས་མ་འགགས་པ་མ་འོངས་པའི་སྲིད་པ་དང་པོའི་སེམས་དང་ཉིང་མཚམས་སྦྱོར་བ་མེད་པའི་དམ་བཅའ་བ་ཉེ་བར་གཞག་པ་བསྟན་ཏེ་དེ་ནི་ཕྱོགས་ཡིན་ནོ། །མ་འགགས་པའི་ཆོས་ནི་མ་འགགས་པ་ཉིད་ཡིན་ནོ་ཞེས་བྱ་བས་ནི་ད་ལྟར་གྱི་སྲིད་པ་ཐ་ མའི་སེམས་མ་འགགས་པ་མ་འོངས་པའི་སྲིད་པ་དང་པོའི་སེམས་དང་ཉིང་མཚམས་སྦྱོར་བ་མེད་པའི་སྒྲུབ་པའི་ཆོས་གཏན་ཚིགས་ནི་མ་འགགས་པ་ཉིད་ཡིན་པར་བསྟན་ཏེ་དེ་ནི་ཕྱོགས་ཀྱི་ཆོས་ཡིན་ནོ། །དེའི་ཕྱིར་འདིར་ཡང་རྗེས་སུ་དཔག་པ་ནི་དོན་དམ་པར་སྲིད་པ་ཐ་མ་འགགས་པ་ནི་མ་འོངས་ པའི་སྲིད་པ་དང་པོ་དང་ཉིང་མཚམས་སྦྱོར་བ་མེད་དེ། མ་འགགས་པ་ཉིད་ཡིན་པའི་ཕྱིར། དཔེར་ན་ད་ལྟར་གྱི་སྲིད་པ་བཞིན་ནོ་ཞེས་བྱ་བ་སྨྲས་ཏེ། དེ་དག་ནི་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་ད་ལྟར་གྱི་སྲིད་པ་ནི་ མ་འགགས་པ་ཉིད་ཡིན་པའི་ཕྱིར་མ་འོངས་པའི་སྲིད་པ་དང་པོ་དང་ཉིང་མཚམས་སྦྱོར་བ་མེད་པ་དེ་བཞིན་དུ་ད་ལྟར་གྱི་སྲིད་པ་ཐ་མ་འགགས་པ་ཡང་མ་འགགས་པ་ཉིད་ཡིན་པའི་ཕྱིར། མ་འོངས་པའི་སྲིད་པ་དང་པོ་དང་ཉིང་མཚམས་སྦྱོར་བ་མེད་དོ། །མུ་གསུམ་པ་བསྟན་པའི་ཕྱོགས་སྔ་མ་བསྟན་ པའི་ཕྱིར། གལ་ཏེ་སྲིད་པ་ཐ་མ་འགག་བཞིན་པ་མ་འོངས་པའི་སྲིད་པ་དང་པོ་དང་ཉིང་མཚམས་སྦྱོར་བར་བྱེད་དོ་ཞེ་ན་ཞེས་བྱ་བ་སྨྲས་ཏེ། དེ་ནི་ཕ་རོལ་པོ་དག་ན་རེ། སྲིད་པ་ཐ་མ་པའི་སེམས་འགགས་པ་དང་མ་འགགས་པ་དག་སྲིད་པ་དང་པོ་དང་ཉིང་མཚམས་སྦྱོར་བ་མེད་པ་ནི་བདེན་མོད་ཀྱི། འོན་ ཀྱང་སྲིད་པ་ཐ་མའི་སེམས་འགག་བཞིན་པ་ཉིང་མཚམས་སྦྱོར་བར་བྱེད་དོ་ཞེས་ཟེར་བའི་ཚིག་ཡིན་ནོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འགྲེལ་པ་བྱེད་པ་ཉིད་ཀྱིས། འདིར་བཤད་པ། དེ་ཡང་བཟང་པོ་མ་ཡིན་ཏེ། །གལ་ཏེ་ཐ་མ་འགག་བཞིན་པ། །དང་པོ་སྐྱེ་བར་གྱུར་ན་ནི། །འགག་བཞིན་པ་ནི་ གཅིག་འགྱུར་ཞིང་། །སྐྱེ་བཞིན་པ་ཡང་གཞན་དུ་འགྱུར། །འགག་བཞིན་པ་དང་སྐྱེ་བཞིན་པ་དག་ནི་ཐ་དད་པ་ཉིད་ཡིན་པའི་ཕྱིར་རྒྱུད་ཐ་དད་པའི་སྲིད་པ་བཞིན་ནོ་ཞེས་བྱ་བ་སྨྲས་ཏེ། དེ་ལྟར་ན་སྲིད་པ་གཉིས་སུ་ཐལ་བའི་སྐྱོན་དུ་འགྱུར་བས་དེ་ནི་མི་འདོད་དོ་ཞེས་སྟོན་ཏེ། དེ་དག་ཀྱང་ཆོས་ ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་རྒྱུད་ཐ་དད་པའི་སྲིད་པ་ནི་ཐ་དད་པ་ཉིད་ཡིན་པའི་ཕྱིར་སྲིད་པ་གཉིས་སུ་འགྱུར་བ་དེ་བཞིན་དུ། སྲིད་པ་ཐ་མ་འགག་བཞིན་པ་སྲིད་པ་དང་པོར་སྐྱེ་བ་ཡང་ཐ་དད་པ་ཉིད་ཡིན་པའི་ ཕྱིར་སྲིད་པ་གཉིས་སུ་འགྱུར་བས་དེ་ནི་མི་འདོད་དོ། །གལ་ཏེ་དེ་ལྟར་འདོད་པའི་ཕྱིར་སྐྱོན་མེད་དོ་ཞེ་ན་ཞེས་བྱ་བས་ནི། ཕ་རོལ་པོ་དག་ན་རེ། སྲིད་པ་ཐ་མ་དང་དང་པོ་གཉིས་ཐ་དད་པ་ཡང་ཡིན་ལ། ཉིང་མཚམས་ཀྱང་སྦྱོར་བ་དེ་ནི་ཁོ་བོ་ཅག་འདོད་པའི་ཕྱིར་ཁྱེད་ཀྱིས་སྐྱོན་བཏགས་པ་དེ་ཁོ་བོ་ཅག་གི་ ཕྱོགས་ལ་མེད་དོ་ཞེས་ཟེར་བའི་ཚིག་ཡིན་ནོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས། དེ་ནི་མི་རིགས་ཏེ། ལྷས་བྱིན་གྱི་སྲིད་པ་ཐ་མ་ནི་ལྷས་བྱིན་གྱི་སྲིད་པ་དང་པོ་དང་ཉིང་མཚམས་སྦྱོར་བ་མེད་དེ་དེ་ལས་གཞན་ཡིན་པའི་ཕྱིར། དཔེར་ན་མཆོད་སྦྱིན་གྱི་སྲིད་པ་ཐ་མ་བཞིན་ནོ་ཞེས་བྱ་ བ་སྨྲས་ཏེ། དེ་དག་ནི་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་མཆོད་སྦྱིན་གྱི་སྲིད་པ་ཐ་མ་ནི་ལྷས་བྱིན་གྱི་སྲིད་པ་དང་པོ་དེ་ལས་གཞན་ཡིན་པའི་ཕྱིར། ལྷས་བྱིན་གྱི་སྲིད་པ་དང་པོ་དང་ཉིང་མཚམས་སྦྱོར་བ་མེད་པ་དེ་བཞིན་ དུ་ལྷས་བྱིན་གྱི་སྲིད་པ་ཐ་མ་ཡང་། ལྷ་སྦྱིན་གྱི་སྲིད་པ་དང་པོ་དེ་ལས་གཞན་ཡིན་པའི་ཕྱིར་དེ་གཉིས་ཉིང་མཚམས་སྦྱོར་བ་མེད་དོ། །གཞན་ཡང་འགགས་པ་དང་མ་འགགས་པ་དག་ནི་འགག་བཞིན་པ་ཉིད་ཡིན་པར་མི་རིགས་པའི་ཕྱིར་རོ་ཞེས་བྱ་བས་ཀྱང་། སྔར་ཕ་རོལ་པོ་དག་ན་རེ། སྲིད་པ་ ཐ་མ་འགག་བཞིན་པ་མ་འོངས་པའི་སྲིད་པ་དང་པོ་དང་ཉིང་མཚམས་སྦྱོར་བར་བྱེད་དོ་ཞེས་ཟེར་བའི་ལན་གཞན་བསྟན་ཏེ། འགགས་པ་དང་མ་འགགས་པ་མ་གཏོགས་པར་འགག་བཞིན་པ་མེད་པའི་ཕྱིར། དེ་ལ་ཉིང་མཚམས་སྦྱོར་བ་མེད་དོ། །གལ་ཏེ་འགག་བཞིན་པ་ནི་འགག་ པ་ལ་མངོན་པར་ཕྱོགས་པའོ་ཞེ་ན་ཞེས་བྱ་བ་ནི། ཕ་རོལ་པོ་དག་འགག་བཞིན་པ་ཡོད་པར་སྒྲུབ་པའི་ཚིག་ཡིན་ཏེ། དེ་དག་ན་རེ། འགག་བཞིན་པ་ཞེས་བྱ་བ་འགགས་པ་དང་མ་འགགས་པ་དག་མ་ཡིན་ཡང་འགག་པ་ལ་མངོན་པར་ཕྱོགས་པ་ཡིན་པས་དེ་ནི་ཡོད་པ་ཁོ་ནའོ་ཞེས་ཟེར་རོ། ། དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས་མི་རུང་སྟེ། དེའི་ལན་བཏབ་ཟིན་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། འགག་བཞིན་པ་འགགས་པ་ལ་མངོན་པར་ཕྱོགས་པ་མ་ཡིན་པར་དགག་པ་གོང་དུ་གནས་སྐབས་ཐམས་ཅད་དུ་བསྟན་ཟིན་པའི་ཕྱིར་འགག་བཞིན་པ་མེད་ པས་དེ་སྲིད་པ་དང་པོ་དང་ཉིང་མཚམས་སྦྱོར་བ་མེད་དོ། །དེ་བཞིན་དུ་སྐྱེ་བཞིན་པ་ཡང་སྐྱེ་བཞིན་ཉིད་ཡིན་པར་མི་རིགས་པས་ཞེས་བྱ་བ་ནི་ཇི་ལྟར་སྲིད་པ་ཐ་མའི་སེམས་འགག་བཞིན་པ་མི་རིགས་པ་དེ་བཞིན་དུ་སྲིད་པ་དང་པོའི་སེམས་སྐྱེ་བཞིན་པ་ཡང་སྐྱེས་པ་དང་མ་སྐྱེས་པ་དང་སྐྱེ་བ་ལ་ མངོན་པར་ཕྱོགས་པ་གང་ཡང་མ་ཡིན་པས་ཡོད་པར་མི་རིགས་པའི་ཕྱིར་སྲིད་པ་ཐ་མའི་སེམས་འགགས་པ་དང་། མ་འགགས་པ་དང་འགག་བཞིན་པ་དག་སྲིད་པ་དང་པོའི་སེམས་སྐྱེ་བཞིན་པ་དང་ཉིང་མཚམས་སྦྱོར་བ་ཡང་མེད་པར་བསྟན་ཏོ། །དེའི་ཕྱིར། གལ་ཏེ་འགག་བཞིན་སྐྱེ་ བཞིན་དག །ལྷན་ཅིག་སྦྱོར་བ་འང་ཡོད་མིན་ན། །འོ་ན་ཇི་ལྟར་འགྱུར་ཞེ་ན། །ཕུང་པོ་གང་ལ་འཆི་འགྱུར་བ། །དེར་ནི་སྐྱེ་བའང་འབྱུང་བར་འགྱུར། །དེ་ནི་མི་འདོད་དེ། གཅིག་ལ་དུས་གཅིག་ཏུ་མི་མཐུན་པའི་བདག་ཉིད་གཉིས་མི་སྲིད་པའི་ཕྱིར་རོ་ཞེས་བྱ་བས་ནི་འདི་སྐད་བསྟན་ཏེ། དེ་ལྟར་ གལ་ཏེ་སྲིད་པ་ཐ་མ་འགགས་པ་དང་མ་འགགས་པ་དང་འགག་བཞིན་པ་དག་སྲིད་པ་དང་པོ་སྐྱེ་བཞིན་པ་དང་ཉིང་མཚམས་སྦྱོར་བ་ཡོད་པ་མ་ཡིན་པ་བཞིན་དུ་ཡང་ཕ་རོལ་པོ་དག་སྲིད་པ་ཐ་མ་དང་། དང་པོ་ཉིང་མཚམས་སྦྱོར་ཞིང་སྲིད་པའི་རྒྱུན་ཡོད་པས་ཆད་པར་ལྟ་བར་ཐལ་བར་མི་འགྱུར་ བར་འདོད་ན། འོ་ན་ད་ཇི་ལྟར་འགྱུར་ཞེ་ན། དེ་ལྟ་ན་ཕུང་པོ་གང་དག་ཁོ་ན་ལ་འཆི་བར་འགྱུར་བ་དེ་དག་ཁོ་ན་ལ་སྐྱེ་བ་ཡང་འབྱུང་བར་ཐལ་བར་འགྱུར་ཏེ། འགགས་པ་དང་མ་འགགས་པ་དང་འགག་བཞིན་པ་དག་སྐྱེ་བཞིན་པ་དང་ཉིང་མཚམས་སྦྱོར་བ་མི་འཐད་པར་སྔར་བསྟན་པ་ལས་གཞན་ པའི་སྐྱེ་བ་མི་སྲིད་པས་ཕུང་པོ་གཅིག་ལ་འཆི་བ་དང་སྐྱེ་བ་གཉི་ག་འབྱུང་བར་འགྱུར་བ་འདི་ཁས་བླངས་པ་ལས་འབྲོས་ཁུང་གཞན་མེད་པའི་ཕྱིར་རོ། །དེ་ནི་མི་འདོད་དེ། དངོས་པོ་གཅིག་ལ་དུས་གཅིག་ཏུ་མི་མཐུན་པའི་བདག་ཉིད་གཉིས་མི་སྲིད་པའི་ཕྱིར་རོ། །དེ་ལྟ་བས་ན་དངོས་པོར་ལྟ་བ་ ཡོད་ན་སྲིད་པའི་རྒྱུན་ཡང་མི་འཐད་པས་ཆད་པར་ལྟ་བར་ཐལ་བར་འགྱུར་རོ། །དབུ་མ་པ་ལ་ནི་དངོས་པོ་བརྟེན་ནས་གདགས་པ་ངོ་བོ་ཉིད་སྟོང་པ་སྒྱུ་མ་དང་སྨིག་རྒྱུ་དང་གཟུགས་བརྙན་ལྟ་བུ་རྣམས་ལ་གཅིག་པ་ཉིད་དང་གཞན་ཉིད་དུ་འགྱུར་བ་དེ་མེད་པས་རྟག་པ་དང་ཆད་པར་ལྟ་བར་ཐལ་བར་མི་འགྱུར་རོ་ཞེས་ བསྟན་ཏོ། །ཡང་ན་གང་དག་འདི་སྐད་ཅེས་སྲིད་པ་ཐ་མ་སྲིད་པ་དང་པོ་དང་འདི་ལྟར་ཉིང་མཚམས་སྦྱོར་རོ་ཞེས་བརྗོད་པར་མི་ནུས་མོད་ཀྱི། འོན་ཀྱང་རེ་ཞིག་སྲིད་པ་དང་པོའི་སྐྱེ་བ་མཐོང་བས་དེ་ཡང་གང་ལས་རིགས་པར་འགྱུར་བ་དེ་ལས་འབྱུང་བར་འགྱུར་རོ་ཞེས་ཟེར་བ་དེ་དག་གི་ཕྱིར་འདི་བཤད་དེ་ཞེས་ བྱ་བས་ནི་འདི་སྐད་བསྟན་ཏེ། ཡང་རྣམ་པ་གཅིག་ཏུ་ན་ཕ་རོལ་པོ་གང་དག་འདི་སྐད་ཅེས་སྲིད་པ་ཐ་མ་འགགས་པ་དང་མ་འགགས་པ་དང་འགག་བཞིན་པ་དག་སྲིད་པ་དང་པོ་དང་ཉིང་མཚམས་སྦྱོར་བ་མེད་དོ་ཞེས་བྱ་བ་དེས་ཁོ་བོ་ཅག་ལ་ཅི་བྱ། ཡོང་ནི་རེ་ཞིག་སྲིད་པ་དང་པོའི་སྐྱེ་བ་ནི་ཡོད་དེ། དེ་ཡང་ གང་ལས་རིགས་པར་འགྱུར་བ་དེ་ལས་འབྱུང་བར་འགྱུར་བས་དེས་ན་སྲིད་པའི་རྒྱུན་ཡང་འཐད་པས་དངོས་པོ་ཡོད་པར་ཁས་བླངས་ཀྱང་རྟག་པ་དང་ཆད་པར་ལྟ་བར་ཐལ་བར་མི་འགྱུར་རོ་ཞེས་ཟེར་བ་དེ་དག་གི་ཕྱིར། བསྟན་བཅོས་མཛད་པས། གལ་ཏེ་འགག་བཞིན་སྐྱེ་བཞིན་དག །ལྷན་ཅིག་སྦྱོར་ བའང་ཡོད་མིན་ན། །ཕུང་པོ་གང་ལ་འཆི་འགྱུར་བ། །དེར་ནི་སྐྱེ་བའང་འབྱུང་བར་འགྱུར། །ཞེས་བྱ་བ་ཚིག་ལེའུར་བྱས་པ་སྔ་མ་འདི་བཤད་དེ་ཞེས་བྱ་བར་སྦྱར་རོ། །དེ་ཉིད་བསྟན་པའི་ཕྱིར། སྲིད་པ་ཐ་མ་འགགས་པ་དང་། །མ་འགགས་པ་དག་སྲིད་པ་དང་པོ་དང་ཉིང་མཚམས་སྦྱོར་བར་མི་འཐད་ དོ་ཞེས་ནི་བསྟན་ཟིན་ཏོ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། དེ་ནི་སྔར། ཐ་མ་འགགས་པར་གྱུར་པ་ནི། །སྲིད་པ་དང་པོར་སྦྱོར་མི་འགྱུར། །ཐ་མ་འགགས་པར་མ་གྱུར་པ། །སྲིད་པ་དང་པོར་སྦྱོར་མི་འགྱུར། །ཞེས་བྱ་བ་དག་གིས་བསྟན་ཟིན་ཏོ། །གལ་ཏེ་སྲིད་པ་ ཐ་མ་འགག་བཞིན་པ་སྲིད་པ་དང་པོ་དང་ཉིང་མཚམས་སྦྱོར་བར་འགྱུར་རོ་ཞེ་ན། དེ་ལ་ཡང་རྗེས་སུ་དཔག་པ་བསྟན་ཟིན་ཏོ་ཞེས་བྱ་བ་ཡང་སྔར། གལ་ཏེ་ཐ་མ་འགག་བཞིན་པ། །དང་པོར་སྐྱེ་བར་གྱུར་ན་ནི། །འགག་བཞིན་པ་ནི་གཅིག་འགྱུར་ཞིང་། །སྐྱེ་བཞིན་པ་ཡང་གཞན་དུ་ འགྱུར། །ཞེས་བྱ་བས་བསྟན་ཟིན་ཏོ། །ཡང་ན་སྲིད་པ་ཐ་མ་འགག་བཞིན་པ་ནི་སྲིད་པ་དང་པོ་དང་ཉིང་མཚམས་སྦྱོར་བ་མེད་དེ་འགག་བཞིན་པ་ཡིན་པའི་ཕྱིར། དཔེར་ན་དགྲ་བཅོམ་པའི་སེམས་པ་ཐ་མ་བཞིན་ནོ་ཞེས་བྱ་བས་ནི་སྲིད་པ་ཐ་མ་འགག་བཞིན་པ་སྲིད་པ་དང་པོར་ཉིང་མཚམས་ སྦྱོར་བ་མེད་པའི་རྗེས་སུ་དཔག་པ་སྔར་བསྟན་པ་ལས་གཞན་སྟོན་ཏེ། དེ་དག་ནི་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་དགྲ་བཅོམ་པའི་སྲིད་པ་ཐ་མ་ནི་འགག་བཞིན་པ་ཡིན་པའི་ཕྱིར་སྲིད་པ་དང་པོར་ཉིང་མཚམས་ སྦྱོར་བ་མེད་པ་དེ་བཞིན་དུ་སྲིད་པ་ཐ་མ་འགག་བཞིན་པ་ཡང་འགག་བཞིན་པ་ཡིན་པའི་ཕྱིར་སྲིད་པ་དང་པོ་དང་ཉིང་མཚམས་སྦྱོར་བ་མེད་དོ། །དེའི་ཕྱིར་དེ་ལྟར་ཇི་སྐད་བསྟན་པའི་ཚུལ་གྱིས། གལ་ཏེ་འགག་བཞིན་སྐྱེ་བཞིན་དག །ལྷན་ཅིག་སྦྱོར་བའང་ཡོད་མིན་ན། །འོ་ན་དེ་ཅིར་འགྱུར་ཞེ་ན། ཕུང་ པོ་གང་ལ་འཆི་འགྱུར་བ། །དེར་ནི་སྐྱེ་བ་འང་འབྱུང་བར་འགྱུར། །དེ་ནི་མི་འདོད་དེ། སྲིད་པ་དང་པོ་དང་ཉིང་མཚམས་སྦྱོར་བ་ལས་སྐྱེ་བར་འདོད་ན་དེ་དང་ཉིང་མཚམས་སྦྱོར་བ་མི་འཐད་པར་ཡང་བསྟན་ཟིན་ཏོ་ཞེས་བྱ་བས་ནི། དེ་ལྟར་གལ་ཏེ་སྲིད་པ་ཐ་མ་འགགས་པ་དང་མ་འགགས་པ་དང་འགག་ བཞིན་པ་དག་སྲིད་པ་དང་པོ་སྐྱེ་བཞིན་པ་དང་ཉིང་མཚམས་སྦྱོར་བ་ཡོད་པ་མ་ཡིན་པ་བཞིན་དུ། ཕ་རོལ་པོ་དག་སྲིད་པ་ཐ་མ་འགགས་པ་དང་མ་འགགས་པ་དང་འགག་བཞིན་པ་དག་སྲིད་པ་དང་པོ་དང་ཉིང་མཚམས་སྦྱོར་བ་མེད་དོ་ཞེས་བྱ་བ་དེས་ཁོ་བོ་ཅག་ལ་ཅི་བྱ། ཡོང་ནི་རེ་ཞིག་སྲིད་པ་དང་པོའི་སྐྱེ་བ་ནི་ ཡོད་དེ། དེ་ཡང་གང་ལས་རིགས་པར་འགྱུར་བ་དེ་ལས་འབྱུང་བར་འགྱུར་བ་དེས་ན་སྲིད་པའི་རྒྱུན་ཡང་འཐད་པས་དངོས་པོ་ཡོད་པར་ཁས་བླངས་ཀྱང་རྟག་པ་དང་ཆད་པར་ལྟ་བར་ཐལ་བར་མི་འགྱུར་རོ་ཞེས་ཟེར་ན། འོ་ན་ད་ཇི་ལྟར་འགྱུར་ཞེ་ན། དེ་ལྟ་ན་ཕུང་པོ་གང་དག་ཁོ་ན་ལ་འཆི་བར་འགྱུར་བ་ དེ་དག་ཁོ་ན་ལ་སྐྱེ་བ་ཡང་འབྱུང་བར་ཐལ་བར་འགྱུར་ཏེ། འགགས་པ་དང་མ་འགགས་པ་དང་འགག་བཞིན་པ་དག་སྐྱེ་བཞིན་པ་དང་ཉིང་མཚམས་སྦྱོར་བ་མི་འཐད་པར་སྔར་བསྟན་པ་ལས་གཞན་པའི་སྐྱེ་བ་མི་སྲིད་པས་ཕུང་པོ་གཅིག་ལ་འཆི་བ་དང་སྐྱེ་བ་གཉིས་ཀ་འབྱུང་བར་འགྱུར་བ་འདི་ཁས་ བླངས་པ་ལས་འབྲོས་ཁུང་གཞན་མེད་པའི་ཕྱིར་རོ། །དེ་ནི་མི་འདོད་དོ། །ཡོང་ནི་སྲིད་པ་དང་པོ་དང་ཉིང་མཚམས་སྦྱོར་བ་ལས་སྐྱེ་བར་འདོད་ན་དེ་དང་ཉིང་མཚམས་སྦྱོར་བ་མི་འཐད་པར་ཡང་སྔར་བསྟན་ཟིན་པས་དེ་ལྟ་བས་ན་སྲིད་པ་དང་པོའི་སྐྱེ་བ་ཡོད་པའི་རྒྱུན་ཡང་འཐད་དོ་ཞེས་ཟེར་བ་དེ་ནི་མི་རུང་ངོ་ ཞེས་སྟོན་ཏོ། །དེ་ལ་བརྟག་པ་སྔ་མས་ནི་སྲིད་པ་ཐ་མ་འགགས་པ་དང་། མ་འགགས་པ་དང་། འགག་བཞིན་པའི་ཕྱོགས་གསུམ་རྣམ་པར་གཞག་ནས་སྲིད་པ་དང་པོ་དང་ཉིང་མཚམས་སྦྱོར་བ་མེད་པར་བསྟན་ཏོ། །བརྟག་པ་ཕྱི་མ་འདིས་ནི་ཕྱོགས་གསུམ་པོ་དེ་དག་ཉིད་མི་འཐད་བཞིན་དུ་ཕ་རོལ་པོ་དག་ སྲིད་པ་དང་པོའི་སྐྱེ་བ་ཡོད་པས་སྲིད་པའི་རྒྱུན་ཡང་འཐད་དོ་ཞེས་ཟེར་བ་དགག་པ་བསྟན་ཏེ། ཁྱད་པར་ནི་དེ་ཡོད་དེ། དེའི་ཕྱིར་སྒྲུབ་པ་ཇི་སྐད་བསྟན་པའི་དབང་གིས། དེ་ལྟར་དུས་གསུམ་དག་ཏུ་ཡང་། །འགྲོ་བའི་རྒྱུན་ནི་མི་རིགས་ན། །དུས་གསུམ་དག་ཏུ་གང་མེད་པ། །དེ་ན་ཇི་ལྟར་སྲིད་པའི་རྒྱུན། །ཞེས་མཇུག་ བསྡུ་བར་བྱ་སྟེ། དེ་ལྟར་སྲིད་པ་དང་པོ་དང་ཉིང་མཚམས་སྦྱོར་བ་མི་འཐད་པའི་ཕྱིར་རྒྱུན་ལ་ཆད་པ་མེད་པ་དང་། རྟག་པ་མེད་དོ་ཞེས་བྱ་བའི་ཚིག་ནི་དོན་དམ་པར་མ་ཡིན་ལ། ཁས་བླངས་པ་ལ་གནོད་པར་མི་འགྱུར་རོ་ཞེས་བྱ་བ་ནི་དམ་བཅས་པ་དང་སུན་དབྱུང་བའི་སྐབས་ཀྱི་མཇུག་བསྡུ་བ་ཡིན་ཏེ། དེའི་ཕྱིར་དེ་ལྟར་ ཡོངས་སུ་བརྟགས་ན་སྲིད་པ་ཐ་མ་འགགས་པ་དང་། མ་འགགས་པ་དང་། འགག་བཞིན་པ་སྲིད་པ་དང་པོ་དང་ཉིང་མཚམས་སྦྱོར་བར་མི་འཐད་པའི་ཕྱིར་དུས་གསུམ་དག་ཏུ་ཡང་སྲིད་པའི་རྒྱུན་མི་རིགས་སོ། །དུས་གསུམ་དག་ཏུ་སྲིད་པའི་རྒྱུན་གང་མེད་པ་དེ་ད་ཇི་ལྟར་སྲིད་པའི་རྒྱུན་དུ་འཐད། སྲིད་པའི་རྒྱུན་ཡོད་པ་ མ་ཡིན་ན་འབྱུང་བ་དང་འཇིག་པ་དག་ཡོད་པར་ག་ལ་འགྱུར། འབྱུང་བ་དང་འཇིག་པ་དག་ཡོད་པ་མ་ཡིན་ན་ཕ་རོལ་པོ་དག་གིས་དུས་ལ་སོགས་པ་དག་འགྲུབ་པར་མི་འགྱུར་ཏེ། དེ་ལྟ་བས་ན་ཕ་རོལ་པོ་དག་གི་རྒྱུན་ལ་ཆད་པ་མེད་པ་དང་། རྟག་པ་མེད་དོ་ཞེས་སྨྲས་པའི་ཚིག་དེ་ནི་དོན་དམ་ པ་མ་ཡིན་ལ། དབུ་མ་པས་དོན་དམ་པར་སྲིད་པའི་རྒྱུན་མི་འཐད་པར་བཤད་པ་ནི་ཁས་བླངས་པ་ལ་གནོད་པར་ཡང་མི་འགྱུར་རོ། །དེ་ལ་འདིར་རབ་ཏུ་བྱེད་པའི་དོན་ནི་ཕ་རོལ་པོས་རབ་ཏུ་བྱེད་པའི་དང་པོར་དོན་དམ་པར་དུས་ནི་ཡོད་པ་ཁོ་ན་ཡིན་ཏེ། འབྱུང་བ་དང་འཇིག་པའི་རྒྱུ་ཡིན་པའི་ཕྱིར་རོ་ཞེས་སྨྲས་ པའི་གཏན་ཚིགས་ཀྱི་སྐྱོན་བརྗོད་པས་དུས་མ་གྲུབ་པའི་ཕྱིར་འབྱུང་བ་དང་འཇིག་པ་ངོ་བོ་ཉིད་མེད་པ་ཉིད་དུ་བསྟན་པ་ཡིན་ནོ་ཞེས་བྱ་བ་ནི་མཇུག་བསྡུ་བ་དང་ཚད་མའི་འབྲས་བུ་ཡིན་ཏེ། འབྱུང་བ་དང་འཇིག་པ་བརྟག་པའི་རབ་ཏུ་བྱེད་པ་ཉི་ཤུ་གཅིག་པའི་སྐབས་འདིར་རབ་ཏུ་བྱེད་པའི་དོན་ཚད་མའི་འབྲས་ བུར་ལྟ་བ་ནི་ཕ་རོལ་པོས་རབ་ཏུ་བྱེད་པ་འདིའི་དང་པོར་དོན་དམ་པར་དུས་ནི་ཡོད་པ་ཁོ་ན་ཡིན་ཏེ། འབྱུང་བ་དང་འཇིག་པའི་རྒྱུ་ཡིན་པའི་ཕྱིར་རོ་ཞེས་བྱ་བས་སྟོང་པ་ཉིད་ཀྱི་མི་མཐུན་པའི་ཕྱོགས་ཀྱི་ཁྱད་པར་སྨྲས་པ་དགག་པས་འབྱུང་བ་དང་འཇིག་པ་ངོ་བོ་ཉིད་མེད་པ་ཉིད་དུ་བསྟན་པ་ཡིན་ནོ། ། འབྱུང་བ་དང་འཇིག་པ་ངོ་བོ་ཉིད་མེད་པ་ཉིད་དུ་བསྟན་པ་ལ་ཡོན་ཏན་ཅི་ཡོད་པ་དང་། དེ་བསྟན་པ་འདི་ལ་གཞན་དག་ན་རེ། རྟོག་གེ་སྐམ་པོའི་བསྟན་བཅོས་ཙམ་ཉི་ཚེས་བསྒྲུབས་སོ་ཞེས་ཟེར་བ་བསལ་བའི་ཕྱིར་འདིར་ཡིད་ཆེས་པའི་ལུང་གིས་ཀྱང་བསྒྲུབ་པར་བྱ་སྟེ། དེའི་ཕྱིར། བཅོམ་ ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པས་ཞུས་པ་ལས། རབ་ཀྱི་རྩལ་གྱིས་རྣམ་པར་གནོན་པ་གཟུགས་ལ་འཆི་བའམ་སྐྱེ་བ་མེད་དོ། །དེ་བཞིན་དུ་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་འཆི་བ་འམ་སྐྱེ་བ་ མེད་དོ། །གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་འཆི་བ་འམ་སྐྱེ་བ་མེད་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་དེ་དག་གྲུབ་པ་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། དེ་ལྟར་ཡིད་ཆེས་པའི་ ལུང་དེ་དག་གྲུབ་པ་ནི་འབྱུང་བ་དང་། འཇིག་པ་ངོ་བོ་ཉིད་མེད་པ་ཉིད་དུ་བསྟན་པའི་ཡོན་ཏན་དང་ཁུངས་ཡིན་ནོ། །དེ་དག་བསྟན་བཅོས་འདིས་རྣམ་པར་བཤད་པར་བྱ་བའི་ཡུལ་ཉིད་དུ་བསྟན་པ་ཡང་སློབ་དཔོན་གྱི་ཞལ་སྔ་ནས་ཀྱིས་མཁྱེན་རླབས་དང་འགྲེལ་པ་བྱེད་པའི་མཁས་པ་ཉིད་ཡིན་ནོ། ། སློབ་དཔོན་ལེགས་ལྡན་བྱེད་ཀྱིས་ཉེ་བར་སྦྱར་བ་དབུ་མ་རྩ་བའི་འགྲེལ་པ་ཤེས་རབ་སྒྲོན་མ་ལས་འབྱུང་བ་དང་འཇིག་པ་བརྟག་པ་ཞེས་བྱ་བ་སྟེ། རབ་ཏུ་བྱེད་པ་ཉི་ཤུ་གཅིག་པའི་རྒྱ་ཆེར་འགྲེལ་པ། སློབ་དཔོན་སྤྱན་རས་གཟིགས་བརྟུལ་ཞུགས་ཀྱིས་ཉེ་བར་སྦྱར་བ་རྫོགས་སོ།། །། ད་ནི་སྟོང་པ་ཉིད་ཀྱི་མི་མཐུན་པའི་ཕྱོགས་ཀྱི་ཁྱད་པར་དགག་པས་དོན་དམ་པར་དེ་བཞིན་གཤེགས་པའི་སྐུ་བཙལ་བའི་དོན་གྱི་དབང་གིས་རབ་ཏུ་བྱེད་པ་ཉི་ཤུ་གཉིས་པ་བརྩམ་མོ་ཞེས་བྱ་བ་ལ་དབང་གིས་ཞེས་བྱ་བའི་སྒྲ་སྐབས་འདིར་ཡང་དམ་བཅས་པ་ལ་འཇུག་པ་རྒྱུའི་དོན་དང་། གཞུང་འོག་ནས་ འབྱུང་བ་དང་སྦྱར་བའི་དོན་དུ་བལྟ་སྟེ་ཚིག་གི་དོན་ནི་སྔ་མ་བཞིན་ནོ། །དེ་ལ་དམ་བཅས་པ་ལ་འཇུག་པ་རྒྱུའི་དོན་གྱི་དབང་དུ་བྱས་ནས། ད་ནི་སྟོང་པ་ཉིད་ཀྱི་མི་མཐུན་པའི་ཕྱོགས་ཀྱི་ཁྱད་པར་དགག་པས་ཞེས་བྱ་བ་སྨྲས་ཏེ། བསྟན་བཅོས་མཛད་པས་རྐྱེན་བཏགས་པའི་རབ་ཏུ་བྱེད་པ་དང་པོ་བརྩམས་པའི་ སྐབས་སུ། དངོས་པོ་ཐམས་ཅད་སྐྱེ་བ་མེད་པར་དམ་བཅས་པ་མཛད་པས་འདིར་ཡང་བསྟན་བཅོས་མཛད་པས་སྔར་ཇི་ལྟར་དམ་བཅས་པ་དེ་ལ་འཇུག་པ་རྒྱུའི་དོན་གྱི་དབང་དུ་བྱས་ནས་དེ་སྐད་སྨྲས་ཏེ། སྟོང་པ་ཉིད་ནི་རང་གི་ཕྱོགས་ཡིན་ནོ། །དེའི་མི་མཐུན་པའི་ཕྱོགས་ནི་ཕྱིར་རྒོལ་བའི་ཕྱོགས་ཡིན་ ཏེ། འདི་ལྟ་སྟེ། དངོས་པོ་རྣམས་ངོ་བོ་ཉིད་ཡོད་པ་ཉིད་དུ་སྨྲ་བ་ཡིན་ནོ། །དེའི་ཁྱད་པར་ཞེས་བྱ་བ་ནི་ཕ་རོལ་པོས་དངོས་པོ་རྣམས་ངོ་བོ་ཉིད་ཡོད་པ་ཉིད་དུ་བསྒྲུབ་པའི་ཕྱོགས་སྔ་མ་ཉེ་བར་གཞག་པ་འོག་ནས་དོན་དམ་པར་གཟུགས་ལ་སོགས་པ་དངོས་པོ་རྣམས་ངོ་བོ་ཉིད་ཡོད་པ་ཁོ་ན་ཡིན་ཏེ་དངོས་པོ་ཡིན་ པའི་ཕྱིར། དཔེར་ན་དེ་བཞིན་གཤེགས་པའི་སྐུ་བཞིན་ནོ་ཞེས་བྱ་བ་ལ་སོགས་པས་དངོས་པོ་རྣམས་ངོ་བོ་ཉིད་ཡོད་པར་བསྒྲུབས་པའི་དཔེ་དེ་བཞིན་གཤེགས་པའི་སྐུ་དོན་དམ་པར་ངོ་བོ་ཉིད་ཡོད་པ་ཉིད་དུ་སྟོན་པ་དག་ཡིན་ནོ། །དེ་དགག་པས་ཞེས་བྱ་བ་ནི་དེ་དགག་པའི་དབང་དུ་བྱས་ནས། རབ་ཏུ་བྱེད་པ་ཉི་ ཤུ་གཉིས་པ་བརྩམ་མོ་ཞེས་བྱ་བར་སྦྱར་རོ། །གཞུང་འོག་ནས་འབྱུང་བ་དང་སྦྱར་བའི་དོན་གྱི་དབང་དུ་བྱས་ནས། དོན་དམ་པར་དེ་བཞིན་གཤེགས་པའི་སྐུ་བསྩལ་བའི་དོན་གྱི་དབང་གིས་རབ་ཏུ་བྱེད་པ་ཉི་ཤུ་གཉིས་པ་བརྩམ་མོ་ཞེས་བྱ་བ་སྨྲས་ཏེ། དེ་བཞིན་གཤེགས་པ་བརྟག་ པའི་རབ་ཏུ་བྱེད་པ་ཉི་ཤུ་གཉིས་པའི་གཞུང་འོག་ནས་འབྱུང་བ་འདིའི་དོན་ནི་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་དོན་དམ་པ་དང་། གཟུགས་ཀྱི་སྐུ་ཀུན་རྫོབ་པ་ཡང་དོན་དམ་པར་ངོ་བོ་ཉིད་མེད་པ་ཉིད་དུ་གསལ་བ་ཡིན་པས་དེའི་དབང་དུ་བྱས་ནས་དེ་སྐད་ཅེས་སྨྲས་སོ། །རབ་ཏུ་བྱེད་པ་འདིའི་འབྲས་བུ་ནི་ གང་ཡིན། རྣམ་པ་གང་གིས་ནི་འབྲས་བུ་དེ་འཐོབ་ཅེ་ན། དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་དོན་དམ་པ་དང་། གཟུགས་ཀྱི་སྐུ་ཀུན་རྫོབ་པ་ཡང་དོན་དམ་པར་ངོ་བོ་ཉིད་མེད་པ་ཉིད་དུ་གསལ་བ་ནི་འདིའི་འབྲས་བུ་ཡིན་ལ། སྟོང་པ་ཉིད་ཀྱི་མི་མཐུན་པའི་ཕྱོགས་ཀྱི་ཁྱད་པར་དགག་པའི་རྣམ་པས་ ནི་འབྲས་བུ་དེ་འཐོབ་པས་དེའི་ཕྱིར་འགྲེལ་པ་བྱེད་པ་ཉིད་ཀྱིས་རབ་ཏུ་བྱེད་པའི་མཚམས་སྦྱར་བའི་སྐབས་འདིར། ཐབས་དང་ཐབས་ལས་བྱུང་བའི་འབྲས་བུ་དང་པོ་ཁོ་ནར་བསྟན་ཏོ། །སྟོང་པ་ཉིད་ཀྱི་མི་མཐུན་པའི་ཕྱོགས་ཀྱི་ཁྱད་པར་ཞེས་སྨོས་པ་དེ་ཉིད་བསྟན་པའི་ཕྱིར། མདོ་སྡེ་པ་དང་བྱེ་ བྲག་ཏུ་སྨྲ་བ་དག་གིས་འདིར་སྨྲས་པ་དོན་དམ་པར་གཟུགས་ལ་སོགས་པ་དངོས་པོ་རྣམས་ངོ་བོ་ཉིད་ཡོད་པ་ཁོ་ན་ཡིན་ཏེ། དངོས་པོ་ཡིན་པའི་ཕྱིར་དཔེར་ན་དེ་བཞིན་གཤེགས་པའི་སྐུ་བཞིན་ནོ། །དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་དོན་དམ་པ་པ་ནི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་སེམས་ཀྱི་སྐད་ ཅིག་མའི་མཇུག་ཐོགས་སུ་སྐྱེས་པ་རྣམ་པར་གྲོལ་བའི་ལམ་ཞེས་བྱ་བའི་ཡེ་ཤེས་ཀྱི་སྐད་ཅིག་མའོ། །གཟུགས་ཀྱི་སྐུ་ཀུན་རྫོབ་པ་ཡང་དེའི་གཞི་ཡིན་པའི་ཕྱིར་དེ་བཞིན་གཤེགས་པའི་སྐུ་ཞེས་བྱའོ། །དེའི་ཕྱིར་གཏན་ཚིགས་ཇི་སྐད་སྨོས་པའི་མཐུས་དོན་དམ་པར་གཟུགས་ལ་སོགས་པ་དངོས་ པོ་རྣམས་ངོ་བོ་ཉིད་ཡོད་པ་ཁོ་ན་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། དེ་དག་ནི་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་དང་། ཉེ་བར་སྦྱར་བའི་སྦྱོར་བ་དང་། མཇུག་བསྡུ་བ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་དོན་ དམ་པ་དང་། གཟུགས་ཀྱི་སྐུ་ཀུན་རྫོབ་པ་ནི་དངོས་པོ་ཡིན་པའི་ཕྱིར་ངོ་བོ་ཉིད་ཡོད་པ་ཁོ་ན་ཡིན་པ་དེ་བཞིན་དུ་གཟུགས་ལ་སོགས་པ་དངོས་པོ་རྣམས་ཀྱང་དངོས་པོ་ཡིན་པའི་ཕྱིར་ངོ་བོ་ཉིད་ཡོད་པ་ཁོ་ན་ཡིན་ཏེ། དེ་ལ་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་དོན་དམ་པ་པ་ནི་སློབ་པ་ཐམས་ཅད་ཐ་མའི་ ཏིང་ངེ་འཛིན་རྡོ་རྗེ་ལྟ་བུ་ཞེས་བྱ་བའི་མཇུག་ཐོགས་སུ་མི་སློབ་པའི་རྣམ་པར་གྲོལ་བའི་ལམ་གྱི་ཡེ་ཤེས་སྐྱེས་པ་ཡིན་པས་དེ་ཡང་དེ་བཞིན་གཤེགས་པའི་སྐུ་ཡིན་ལ། དེ་བཞིན་གཤེགས་པའི་གཟུགས་ཀྱི་སྐུ་ཀུན་རྫོབ་པ་ནི་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་ པོ་བརྒྱད་ཅུ་ལ་སོགས་པས་མཚོན་པ་ཡིན་ཏེ། དེ་ཡང་ཆོས་ཀྱི་སྐུ་དེའི་གཞི་ཡིན་པའི་ཕྱིར་དེ་བཞིན་གཤེགས་པའི་སྐུ་ཞེས་བྱ་སྟེ། དེ་དག་དངོས་པོ་ཡིན་པའི་ཕྱིར་དོན་དམ་པར་ངོ་བོ་ཉིད་ཡོད་པ་ཁོ་ན་ཡིན་པ་དེ་བཞིན་དུ་གཟུགས་ལ་སོགས་པ་དངོས་པོ་རྣམས་ཀྱང་དངོས་པོ་ཡིན་པའི་ཕྱིར། དོན་ དམ་པར་ངོ་བོ་ཉིད་ཡོད་པ་ཁོ་ན་ཡིན་ནོ་ཞེས་ཟེར་རོ། །སྟོང་པ་ཉིད་ཀྱི་མི་མཐུན་པའི་ཕྱོགས་ཀྱི་ཁྱད་པར་དེ་དགག་པས་དོན་དམ་པར་དེ་བཞིན་གཤེགས་པའི་སྐུ་རྣམ་པ་གཉིས་ངོ་བོ་ཉིད་མེད་པ་ཉིད་དུ་བསྩལ་བ་བསྟན་པའི་ཕྱིར། དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འགྲེལ་པ་བྱེད་པ་ཉིད་ཀྱིས། འདིར་ བཤད་པ། གལ་ཏེ་ཐ་སྙད་དུ་གཏོགས་པའི་བློ་གྲོས་ཀྱིས་དངོས་པོ་རྣམས་དང་དེ་བཞིན་གཤེགས་པ་ངོ་བོ་ཉིད་ཡོད་པ་ཁོ་ནར་འདོད་ན་ནི་གྲུབ་པ་ལ་སྒྲུབ་པ་ཉིད་ཡིན་ནོ། །འོན་ཏེ་དོན་དམ་པར་ན་ནི་རེ་ཞིག་དེ་བཞིན་གཤེགས་པ་ཉིད་ཇེ་དཔྱད་པར་བྱ་སྟེ་ཞེས་བྱ་བ་སྨྲས་ཏེ། ཕ་རོལ་པོ་དག་ཀུན་རྫོབ་ཀྱི་ ཐ་སྙད་དུ་གཏོགས་པའི་བློ་གྲོས་ཀྱིས་གཟུགས་ལ་སོགས་པ་དངོས་པོ་རྣམས་དང་། དེ་བཞིན་གཤེགས་པའི་སྐུ་རྣམ་གཉིས་ངོ་བོ་ཉིད་ཡོད་པ་ཁོ་ནར་འདོད་ན་ནི་ཁོ་བོ་ཅག་དབུ་མ་པས་ཀྱང་ལུང་ལས། གཟུགས་ནི་དབུ་བ་རྡོས་པ་འདྲ། །ཚོར་བ་ཆུ་བུར་དག་དང་མཚུངས། །འདུ་ཤེས་སྨིག་རྒྱུ་ འདྲ་བ་སྟེ། །འདུ་བྱེད་རྣམས་ནི་ཆུ་ཤིང་བཞིན། །རྣམ་ཤེས་སྒྱུ་མ་ལྟ་བུ་ཞེས། །ཉི་མའི་གཉེན་གྱིས་བཀའ་སྩལ་ཏོ། །ཞེས་བྱ་བ་དང་། རིའི་རྒྱལ་པོ་གངས་ཀྱི་ལྷོ་ཕྱོགས་ཆུ་ཀླུང་སྐལ་ལྡན་ཤིང་རྟའི་འགྲམ་དང་ཉེ་བ་དྲང་སྲོང་སེར་སྐྱའི་བསྟི་གནས་སུ་ཤཱཀྱའི་རྒྱལ་པོ་ཟས་གཙང་གི་སྲས་པོ་རྒྱལ་ བུ་དོན་ཐམས་ཅད་གྲུབ་པ་ཞེས་བྱ་བ་བྱུང་སྟེ། དེ་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་མ་བྱུང་ན་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོ་གླིང་བཞི་ལ་དབང་བ་རིན་པོ་ཆེ་སྣ་བདུན་དང་ལྡན་པར་འགྱུར་རོ། །ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ན་ནི་བླ་ན་མེད་པའི་སངས་རྒྱས་སྐྱེ་བོ་མང་པོ་ ལ་ཕན་པ་དང་། སྐྱེ་བོ་མང་པོ་ལ་བདེ་བ་དང་། ལྷ་དང་མི་རྣམས་ཀྱི་སྟོན་པར་འགྱུར་རོ་ཞེས་གསུངས་པ་དག་ཁས་བླངས་པས་དེ་དག་ཁོ་བོ་ཅག་གི་ཕྱོགས་ལ་ཡང་གྲུབ་པའི་ཕྱིར་ཁྱེད་ཀྱི་སྒྲུབ་པ་དེ། གྲུབ་པ་ལ་སྒྲུབ་པ་ཉིད་དུ་འགྱུར་བས་མི་རུང་ངོ་། །འོན་ཏེ་དོན་དམ་པར་དེ་དག་ངོ་བོ་ཉིད་ཡོད་པ་ ཁོ་ནར་འདོད་ན་ནི་མི་འགྲུབ་སྟེ། དེ་ལ་རེ་ཞིག་ཁྱོད་ཀྱིས་དཔེ་དེ་བཞིན་གཤེགས་པ་ཉིད་ཇེ་དཔྱད་པར་བྱ་སྟེ་ཞེས་སྟོན་ཏོ། །དེ་ལ་འདིར་ཕ་རོལ་པོ་དག་བརྟགས་པ་ཕྱི་མ་ལྟར་འདོད་པས་དེ་དགག་པའི་ཕྱིར། འདི་ལ་ཡེ་ཤེས་ཀྱང་ཕུང་པོའི་ཁོངས་སུ་གཏོགས་པའི་ཕྱིར་ཕུང་པོའི་བདག་ཉིད་ཀྱི་ དེ་བཞིན་གཤེགས་པ་བཀག་པས་དེ་ཡང་བཀག་པར་འགྱུར་བས་དེའི་ཕྱིར་སྐུ་མིན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་དོན་དམ་པ་པ་རྣམ་པར་གྲོལ་བའི་ལམ་ཞེས་བྱ་བའི་ཡེ་ཤེས་ཀྱང་གཟུགས་ཀྱི་སྐུ་ཀུན་རྫོབ་པ་མཚན་དང་དཔེ་བྱད་ལ་སོགས་ པས་མཚོན་པའི་ཕུང་པོའི་ཁོངས་སུ་གཏོགས་པའི་ཕྱིར། གཟུགས་ཀྱི་སྐུ་ཀུན་རྫོབ་པ་ཕུང་པོའི་བདག་ཉིད་ཀྱི་དེ་བཞིན་གཤེགས་པ་དོན་དམ་པར་ངོ་བོ་ཉིད་མེད་པ་ཉིད་བཀག་པས་ཆོས་ཀྱི་སྐུ་དོན་དམ་པ་པ་ཡེ་ཤེས་དེ་ཡང་དོན་དམ་པར་ངོ་བོ་ཉིད་མེད་པ་ཉིད་དུ་བཀག་པར་འགྱུར་བས་དེའི་ཕྱིར། བསྟན་བཅོས་མཛད་པས། སྐུ་མིན་སྐུ་ལས་གཞན་མ་ཡིན། །དེ་ལ་སྐུ་མེད་དེར་དེ་མེད། །དེ་བཞིན་གཤེགས་པ་སྐུ་ལྡན་མིན། །དེ་བཞིན་གཤེགས་པ་གང་ཞིག་ཡིན། །ཞེས་བྱ་བ་ཚིག་ལེའུར་བྱས་པ་དང་པོ་འདི་གསུངས་སོ་ཞེས་བྱ་བར་སྦྱར་རོ། །དེ་ལ་སྐུའི་དོན་ནི་ཕུང་པོའི་དོན་ཏོ་ ཞེས་བྱ་བས་ནི་དེ་བཞིན་གཤེགས་པའི་སྐུའི་དོན་ནི་ཕུང་པོ་ལྔ་དག་གི་དོན་ཏོ་ཞེས་བསྟན་ཏེ། ཆོས་མངོན་པ་ལས་ཕུང་པོའི་དོན་ནི་སྤུངས་པའི་དོན་ཏོ་ཞེས་བྱ་བ་འབྱུང་བས་གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པའི་བདག་ཉིད་ཀྱི་ཕུང་པོ་ལྔ་ ཞེས་བྱ་བའི་ཐ་ཚིག་གོ། །ཕུང་པོ་ལྔ་རྣམས་ཅི་ཞིག་མ་ཡིན་ཞེ་ན། དེ་བཞིན་གཤེགས་པའོ་ཞེས་བྱ་བས་ནི་ཚིག་ལེའུར་བྱས་པ་ལས་སྐུ་མིན་ཞེས་གསུངས་པ་དེ་བྱེ་བྲག་ཏུ་བཤད་པ་བསྟན་ཏེ། སྐུའི་དོན་ཕུང་པོ་ལྔ་པོ་དག་ཇི་བཞིན་ཡིན་ཞེ་ན། དེ་བཞིན་གཤེགས་པ་མ་ཡིན་ཏེ། གཟུགས་ཀྱི་ སྐུ་དང་། ཆོས་ཀྱི་སྐུའི་བདག་ཉིད་ཀྱི་དེ་བཞིན་གཤེགས་པ་མ་ཡིན་ཞེས་བྱ་བར་སྦྱར་རོ། །དེ་བཞིན་གཤེགས་པ་ཞེས་བྱ་བའི་སྒྲ་ནི་སོ་སོར་བརྗོད་པར་བྱ་སྟེ་ཞེས་བྱ་བས་ནི། དེ་བཞིན་གཤེགས་པ་ཞེས་བྱ་བའི་སྒྲ་འདི། སྐུ་མིན་སྐུ་ལས་གཞན་མ་ཡིན། །དེ་ལ་སྐུ་མེད་དེར་དེ་མིན། །དེ་བཞིན་ གཤེགས་པ་སྐུ་ལྔ་ན་མིན། །དེ་བཞིན་གཤེགས་པ་གང་ཞིག་ཡིན། །ཞེས་བྱ་བའི་གནས་སྐབས་ཐམས་ཅད་དུ་ཕུང་པོ་རྣམས་དེ་བཞིན་གཤེགས་པ་མ་ཡིན། ཕུང་པོ་རྣམས་ལས་དེ་བཞིན་གཤེགས་པ་གཞན་མ་ཡིན། དེ་བཞིན་གཤེགས་པ་ལ་ཕུང་པོ་རྣམས་མེད། ཕུང་པོ་རྣམས་ལ་ དེ་བཞིན་གཤེགས་པ་མེད། དེ་བཞིན་གཤེགས་པ་ཕུང་པོ་རྣམས་དང་ལྡན་པ་མ་ཡིན་པས་དོན་དམ་པར་དེ་བཞིན་གཤེགས་པ་ཞེས་བྱ་བ་གང་ཞིག་ཡིན་ཞེས་སོ་སོར་བརྗོད་པར་བྱ་བ་བསྟན་ཏོ། །ཅིའི་ཕྱིར་དེ་ལྟར་སོ་སོར་བརྗོད་པར་བྱ་ཞེ་ན། ཚིག་གི་དོན་གསལ་བར་འདོད་པ་དང་བཅས་པའི་ ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། གལ་ཏེ་དེ་བཞིན་གཤེགས་པ་ཞེས་བྱ་བའི་སྒྲ་མ་སྨོས་པར་ཕུང་པོ་རྣམས་མ་ཡིན། ཕུང་པོ་རྣམས་ལས་གཞན་མ་ཡིན་ཞེས་བྱ་བ་ལ་སོགས་པ་དེ་ཚིག་ཙམ་ཞིག་སྨོས་ན་དེ་བཞིན་གཤེགས་པ་དགག་པའི་ཚིག་གི་དོན་ཡིན་པར་མི་མངོན་གྱི། ཕུང་པོ་རྣམས་ཉི་ཚེ་དགག་ པའི་ཚིག་གི་དོན་ཡིན་པར་གོ་བར་འགྱུར་ཏེ། ཚིག་ལེའུར་བྱས་པའི་སྐབས་ཀྱི་དོན་འདི་ནི། དེ་བཞིན་གཤེགས་པ་དགག་པའི་ཚིག་གི་དོན་གསལ་བར་འདོད་པ་དང་བཅས་པ་ཡིན་པའི་ཕྱིར་དེ་བཞིན་གཤེགས་པ་ཞེས་བྱ་བའི་སྒྲ་འདི་སོ་སོར་བརྗོད་པར་བྱ་བ་ཡིན་པར་བསྟན་ཏོ། །དེས་ན་འདིར་ ཕུང་པོ་རྣམས་དེ་བཞིན་གཤེགས་པ་ཡིན་པ་དང་། ཕུང་པོ་རྣམས་ལས་དེ་བཞིན་གཤེགས་པ་གཞན་མ་ཡིན་པ་དང་། དེ་བཞིན་གཤེགས་པ་ལ་ཕུང་པོ་རྣམས་མེད་པ་དང་། ཕུང་པོ་རྣམས་ལ་དེ་བཞིན་གཤེགས་པ་མེད་པ་དང་། དེ་བཞིན་གཤེགས་པ་ཕུང་པོ་རྣམས་དང་ལྡན་པ་མ་ ཡིན་པར་དམ་བཅའ་བ་རྣམ་པ་ལྔ་སྟོན་ཏོ། །དེ་ལ་རེ་ཞིག་དམ་བཅའ་བ་དང་པོ་བསྟན་པའི་ཕྱིར། ཕུང་པོ་རྣམས་དེ་བཞིན་གཤེགས་པ་མ་ཡིན་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་ངོ་བོ་ཉིད་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་སྟེ། དེ་ནི་དམ་བཅའ་བ་ཉེ་བར་གཞག་པའོ་ཞེས་བྱ་ བ་སྨྲས་ཏེ། དེ་ནི་ཕྱོགས་ཡིན་ནོ། །ཕུང་པོ་རྣམས་ཀྱི་ཆོས་ནི་ཕུང་པོ་ཉིད་དང་འབྱུང་བ་དང་འཇིག་པའི་ཆོས་ཅན་ཉིད་དང་བྱས་པ་ཉིད་ལ་སོགས་པ་སྟེ། དེ་ནི་གཏན་ཚིགས་སོ་ཞེས་བྱ་བ་ནི་ཕུང་པོ་རྣམས་དེ་བཞིན་གཤེགས་པ་མ་ཡིན་པར་སྒྲུབ་པའི་ཆོས་གཏན་ཚིགས་ནི་དེ་དག་ཡིན་པར་བསྟན་ ཏེ། དེ་ནི་ཕྱོགས་ཀྱི་ཆོས་མ་ཡིན་ནོ། །དཔེ་ནི་དེའི་དབང་གིས་སོ་སོའི་སྐྱེ་བོའི་ཕུང་པོ་ལ་སོགས་པ་དག་གོ་ཞེས་བྱ་བས་ནི་ཕུང་པོ་རྣམས་དེ་བཞིན་གཤེགས་པ་མ་ཡིན་པར་སྒྲུབ་པའི་དཔེ་ནི་ཕྱོགས་དང་ཕྱོགས་ཀྱི་ཆོས་དེའི་དབང་གིས་རྒོལ་བ་དང་ཕྱིར་རྒོལ་བ་གཉིས་ཀ་ལ་གྲགས་པའི་ཆོས་ཅན་སོ་སོའི་སྐྱེ་ བོའི་ཕུང་པོ་ལ་སོགས་པ་དག་ཡིན་པར་བསྟན་ཏེ། དེ་ནི་ཆོས་མཐུན་པའི་ཕྱོགས་ཀྱི་དཔེ་ཡིན་ནོ། །དེ་ལྟར་ཕྱོགས་དང་ཕྱོགས་ཀྱི་ཆོས་དང་དཔེ་དག་ངོ་བསྟན་ནས། ད་ནི་རྗེས་སུ་དཔག་པའི་ཚད་མ་བསྟན་པའི་ཕྱིར། འདིར་རྗེས་སུ་དཔག་པ་ནི་དོན་དམ་པར་ཕུང་པོ་རྣམས་ནི་དེ་བཞིན་གཤེགས་ པ་མ་ཡིན་ཏེ། ཕུང་པོ་ཉིད་ཡིན་པའི་ཕྱིར་དང་། འབྱུང་བ་དང་འཇིག་པའི་ཆོས་ཅན་ཉིད་ཡིན་པའི་ཕྱིར། དཔེར་ན་སོ་སོའི་སྐྱེ་བོའི་ཕུང་པོ་རྣམས་བཞིན་ནམ་ཕྱི་རོལ་གྱི་ས་ལ་སོགས་པ་དག་བཞིན་ནོ་ཞེས་བྱ་བ་སྨྲས་ཏེ། དེ་དག་ནི་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་སོ་སོའི་སྐྱེ་བོའི་ཕུང་པོ་རྣམས་སམ། ཕྱི་རོལ་གྱི་ས་ལ་སོགས་པ་དག་ནི་ཕུང་པོ་ཉིད་ཡིན་པའི་ཕྱིར་དང་། འབྱུང་བ་དང་འཇིག་པའི་ཆོས་ཅན་ཉིད་ཡིན་པའི་ཕྱིར། དེ་བཞིན་གཤེགས་པ་མ་ཡིན་པ་དེ་བཞིན་དུ་དེ་བཞིན་གཤེགས་པའི་ སྐུ་མཚན་དང་དཔེ་བྱད་ལ་སོགས་པས་མཚན་པའི་ཕུང་པོ་རྣམས་ཀྱང་ཕུང་པོ་ཉིད་ཡིན་པའི་ཕྱིར་དང་། འབྱུང་བ་དང་འཇིག་པའི་ཆོས་ཅན་ཉིད་ཡིན་པའི་ཕྱིར། དེ་བཞིན་གཤེགས་པ་མ་ཡིན་ནོ། །དེ་བཞིན་དུ་བྱས་པ་ཉིད་ལ་སོགས་པའི་གཏན་ཚིགས་དག་གི་ཕྱིར་རོ་ཞེས་ཀྱང་བརྗོད་པར་ བྱའོ་ཞེས་བྱ་བ་ནི་འདི་ལྟར་སྦྱར་ཏེ། དོན་དམ་པར་ཕུང་པོ་རྣམས་ནི་དེ་བཞིན་གཤེགས་པ་མ་ཡིན་ཏེ། བྱས་པ་ཉིད་དང་། མིག་གི་ཡུལ་ཉིད་དང་། ཐོགས་པ་དང་བཅས་པ་ཉིད་དང་། དགའ་བ་དང་། ཡོངས་སུ་གདུང་བའི་རྒྱུ་ཉིད་ལ་སོགས་པ་ཡིན་པའི་ཕྱིར། དཔེར་ན་སོ་སོའི་སྐྱེ་བོའི་ཕུང་པོ་ རྣམས་བཞིན་ནམ། ཕྱི་རོལ་གྱི་ས་ལ་སོགས་པ་དག་བཞིན་ནོ་ཞེས་བྱ་བར་སྦྱར་རོ། །ཡང་ན་དོན་དམ་པར་ཕུང་པོ་རྣམས་དེ་བཞིན་གཤེགས་པ་མ་ཡིན་ཏེ། དེ་དག་གི་སྐྱེ་བ་བཀག་པའི་ཕྱིར་དང་། གཟུགས་ལ་སོགས་པ་དག་གི་རྫས་སུ་ཡོད་པ་ཉིད་བཀག་པའི་ཕྱིར་རོ་ཞེས་བྱ་བས་ནི་དམ་བཅས་ པ་དང་། དཔེ་སྔ་མའི་གཏན་ཚིགས་ནི་འདི་གཉིས་ཀྱང་ཡིན་པར་སྦྱར་ཏེ། རེ་ཞིག་དེ་དག་གིས་ནི་ཕུང་པོ་རྣམས་ཕྱོགས་སུ་བྱ་སྟེ། དེ་བཞིན་གཤེགས་པ་དགག་པ་བསྟན་ཏོ། །ད་ནི་ཡེ་ཤེས་ཕྱོགས་སུ་བྱ་སྟེ། དེ་བཞིན་གཤེགས་པ་དགག་པ་བསྟན་པའི་ཕྱིར། ཡང་ན་ཡེ་ཤེས་འབའ་ཞིག་ ཕྱོགས་སུ་བྱས་ནས་བརྗོད་པར་བྱ་སྟེ། དོན་དམ་པར་ཡེ་ཤེས་ནི་དེ་བཞིན་གཤེགས་པ་མ་ཡིན་ཏེ། འབྱུང་བ་དང་འཇིག་པའི་ཆོས་ཅན་ཉིད་ཡིན་པའི་ཕྱིར་དང་། ཤེས་པ་ཉིད་ཡིན་པའི་ཕྱིར་དཔེར་ན་སོ་སོའི་སྐྱེ་བོའི་ཤེས་པ་བཞིན་ནོ་ཞེས་བྱ་བ་སྨྲས་ཏེ། དེ་དག་ཀྱང་ཆོས་ཅན་དང་། བསྒྲུབ་པར་བྱ་ བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་སོ་སོའི་སྐྱེ་བོའི་ཤེས་པ་ནི་འབྱུང་བ་དང་། འཇིག་པའི་ཆོས་ཅན་ཉིད་ཡིན་པའི་ཕྱིར་དང་ཤེས་པ་ཉིད་ཡིན་པའི་ཕྱིར། དེ་བཞིན་གཤེགས་པ་མ་ཡིན་པ་དེ་བཞིན་དུ་དེ་བཞིན་གཤེགས་པའི་རྣམ་པར་ གྲོལ་བའི་ཡེ་ཤེས་ཀྱང་འབྱུང་བ་དང་འཇིག་པའི་ཆོས་ཅན་ཉིད་ཡིན་པའི་ཕྱིར་དང་། ཤེས་པ་ཉིད་ཡིན་པའི་ཕྱིར་དེ་བཞིན་གཤེགས་པ་མ་ཡིན་ནོ། །འདིར་གལ་ཏེ་མུ་སྟེགས་ཅན་དག་འདི་སྐད་ཅེས་ཁྱེད་སངས་རྒྱས་པ་དེ་དག་གིས་དེ་བཞིན་གཤེགས་པའི་སྐུ་མཚན་དང་དཔེ་བྱད་ལ་ སོགས་པས་མཚན་པའི་ཕུང་པོ་རྣམས་དང་། རྣམ་པར་གྲོལ་བའི་ཡེ་ཤེས་དག་དེ་བཞིན་གཤེགས་པ་མ་ཡིན་པར་བསྒྲུབས་པ་དེ་ནི་བདེན་ཏེ། དེས་ན་ཁོ་བོ་ཅག་གི་སྟོན་པ་འོད་སྲུངས་རྫོགས་བྱེད་ལ་སོགས་པའི་ལུས་གཡང་གཞི་དང་། རལ་པ་དང་། ཤིང་ཤུན་ལ་སོགས་པས་ མཚོན་པའི་ཕུང་པོ་རྣམས་དང་། དེ་དག་ནི་ཆོས་དང་། ཆོས་མ་ཡིན་པ་ལ་སོགས་པ་མངོན་པར་རྟོགས་པའི་ཤེས་པ་ནི་དེ་བཞིན་གཤེགས་པ་ཡིན་ནོ་ཞེས་ཟེར་ན། དེ་དག་ལ་འདི་སྐད་ཅེས་ཐ་སྙད་དུ་ཡང་རྫོགས་བྱེད་ལ་སོགས་པའི་ཕུང་པོ་དང་ཤེས་པ་ནི་དེ་བཞིན་གཤེགས་པ་ མ་ཡིན་ཏེ། རྒྱུས་འཚོ་བ་ལ་སོགས་པའི་ལུས་ཅན་ཡིན་པའི་ཕྱིར་དང་། ལོག་པར་ལྟ་བ་ལ་སོགས་པའི་བློ་ཅན་ཡིན་པའི་ཕྱིར་དཔེར་ན་སྨད་འཚོང་མའི་ལུས་དང་། གླང་བུའི་སེམས་བཞིན་ནོ་ཞེས་བརྗོད་པར་བྱའོ། །དམ་བཅའ་བ་གཉིས་པ་བསྟན་པའི་ཕྱིར། མུ་སྟེགས་ཅན་དག་ནི་ ཕུང་པོ་རྣམས་ལས་དེ་བཞིན་གཤེགས་པ་གཞན་ཡིན་པར་བསམས་ནས་བདག་ཏུ་སྒྲུབ་པར་འདོད་པས་དེ་དག་གི་ཕྱིར་འདི་བཤད་དེ། སྐུ་ལས་གཞན་མ་ཡིན། དེ་བཞིན་གཤེགས་པས་ཏེ། དེ་དག་ལས་གཞན་པའི་དེ་བཞིན་གཤེགས་པ་ཡོད་པར་སྟོན་པའི་རྗེས་སུ་དཔག་པ་མེད་པའི་ ཕྱིར་དང་། ཕུང་པོ་རྣམས་ལས་གཞན་པའི་བདག་དགག་པ་བཞིན་དུ་དེ་ཡང་བཀག་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། སྔར་དམ་བཅའ་བ་དང་པོས་ཕུང་པོ་རྣམས་དེ་བཞིན་གཤེགས་པ་མ་ཡིན་པར་བཀག་པ་དང་། འདིར་མུ་སྟེགས་ཅན་དག་ཕུང་པོ་རྣམས་ལས་དེ་བཞིན་གཤེགས་པ་ གཞན་ཡིན་པར་སེམས་ཤིང་། དེ་ཡང་བདག་ཏུ་སྒྲུབ་པར་འདོད་པས་དེ་དག་དགག་པའི་ཕྱིར་དམ་བཅའ་བ་གཉིས་པ་འདི་བཤད་དོ་ཞེས་བྱ་བར་སྦྱར་རོ། །འདི་ཡང་ཕུང་པོ་རྣམས་ལས་ཅི་ཞིག་གཞན་མ་ཡིན་ཞེ་ན། དེ་བཞིན་གཤེགས་པའོ་ཞེས་བསྟན་པའི་ཕྱིར། སྐུ་ལས་ གཞན་མ་ཡིན། དེ་བཞིན་གཤེགས་པ་སྟེ་ཞེས་བྱ་བ་སྨོས་སོ། །ཅིའི་ཕྱིར་ཞེ་ན། མུ་སྟེགས་ཅན་དག་ལས་སེར་སྐྱ་དང་རྐང་མིག་དང་གཟེགས་ཟན་ལ་སོགས་པ་དེ་དག་གི་ཕུང་པོ་དེ་དག་ལས་གཞན་པའི་དེ་བཞིན་གཤེགས་པ་ཞེས་བྱ་བ་བདག་ཡོད་པར་སྟོན་པའི་རྗེས་སུ་དཔག་པ་ མེད་པའི་ཕྱིར་དང་། དབུ་མ་པ་ལ་ཕུང་པོ་རྣམས་ལས་གཞན་པའི་བདག་དགག་པའི་རྗེས་སུ་དཔག་པ། གལ་ཏེ་ཕུང་པོ་རྣམས་ལས་གཞན། །ཕུང་པོའི་མཚན་ཉིད་མེད་པར་འགྱུར། །ཞེས་བྱ་བ་ལ་སོགས་པ་ཡོད་པ་བཞིན་དུ། དེ་བཞིན་གཤེགས་པའི་སྐུ་མཚན་དང་དཔེ་བྱད་ ལ་སོགས་པས་མཚན་པའི་ཕུང་པོ་རྣམས་ལས་དེ་བཞིན་གཤེགས་པ་གཞན་མ་ཡིན་པར་དགག་པའི་རྗེས་སུ་དཔག་པ། གལ་ཏེ་ཕུང་པོ་རྣམས་ལས་གཞན། །ཕུང་པོའི་མཚན་ཉིད་མེད་པར་འགྱུར། །ཞེས་བྱ་བས་དོན་དམ་པར་དེ་བཞིན་གཤེགས་པ་ནི་ཕུང་པོ་རྣམས་ལས་གཞན་མ་ཡིན་ཏེ། ཕུང་པོའི་མཚན་ཉིད་མེད་པའི་ཕྱིར་དཔེར་ན་མོ་གཤམ་གྱི་བུ་བཞིན་ནོ་ཞེས་བྱ་བ་དག་ཡོད་པས་དེ་ཡང་བཀག་པའི་ཕྱིར་རོ། །དམ་བཅའ་བ་གསུམ་པ་བསྟན་པའི་ཕྱིར། ཕུང་པོ་རྣམས་ལས་དེ་བཞིན་གཤེགས་པ་གཞན་ཡིན་པར་མ་གྲུབ་པ་ཁོ་ནའི་ཕྱིར། དེ་ལ་སྐུ་མེད་ཅེས་གསུངས་ཏེ། ཇི་ལྟར་གངས་ལ་ སྨན་དག་ཡོད་པ་དེ་ལྟར་རོ་ཞེས་བྱ་བ་སྨྲས་ཏེ། འདིར་ཡང་དེ་བཞིན་གཤེགས་པ་ལ་ཅི་ཞིག་མེད་ཅེ་ན། ཕུང་པོ་རྣམས་སོ་ཞེས་བསྟན་པའི་ཕྱིར། དེ་ལ་སྐུ་མེད་ཅེས་གསུངས་ཏེ། ཇི་ལྟར་གངས་ཀྱི་རྒྱལ་པོ་ཏི་སེ་ལ་སྨན་གྱི་རིགས་དག་ཡོད་པ་དེ་ལྟར་དེ་བཞིན་གཤེགས་པ་ལ་ཕུང་པོ་རྣམས་ཡོད་པ་མ་ ཡིན་ཏེ། གཞི་དེ་བཞིན་གཤེགས་པ་ཉིད་མ་གྲུབ་པའི་ཕྱིར་རོ། །འདིར་རྗེས་སུ་དཔག་པ་ནི་དོན་དམ་པར་དེ་བཞིན་གཤེགས་པ་ལ་ཕུང་པོ་རྣམས་ཡོད་པ་མ་ཡིན་ཏེ། ཕུང་པོ་རྣམས་ལས་དེ་བཞིན་གཤེགས་པ་གཞན་མ་ཡིན་པའི་ཕྱིར། དཔེར་ན་གངས་ལ་སྨན་ཡོད་པ་ལས་བཟློག་པ་ བཞིན་ནོ་ཞེས་བྱ་བར་སྦྱར་རོ། །དམ་བཅའ་བ་བཞི་པ་བསྟན་པའི་ཕྱིར་དེར་དེ་མེད། ཇི་ལྟར་ཤིང་ལྗོན་པའི་ནགས་ཚལ་དག་ན་སེང་གེ་ཡོད་པ་དེ་ལྟར་རོ་ཞེས་བྱ་བ་སྨྲས་ཏེ། འདིར་ཡང་ཕུང་པོ་རྣམས་ལ་ཅི་ཞིག་མེད་ཅེ་ན། དེ་བཞིན་གཤེགས་པའོ་ཞེས་བསྟན་པའི་ཕྱིར་དེར་དེ་མེད་ཅེས་གསུངས་ ཏེ། ཇི་ལྟར་སེང་ལྡེང་གི་ནགས་ཚལ་ན་གཅན་གཟན་གྱི་རྒྱལ་པོ་སེང་གེ་ཡོད་པ་དེ་ལྟར་ཕུང་པོ་རྣམས་ལ་དེ་བཞིན་གཤེགས་པ་ཡོད་པ་མ་ཡིན་ཏེ། གནས་པ་དེ་བཞིན་གཤེགས་པ་ཉིད་མ་གྲུབ་པའི་ཕྱིར་རོ། །འདིར་ཡང་རྗེས་སུ་དཔག་པ་ནི་དོན་དམ་པར་དེ་བཞིན་གཤེགས་པ་ནི་ཕུང་པོ་རྣམས་ ལ་ཡོད་པ་མ་ཡིན་ཏེ། ཕུང་པོ་རྣམས་ལས་དེ་བཞིན་གཤེགས་པ་གཞན་མ་ཡིན་པའི་ཕྱིར། དཔེར་ན་ནགས་ཚལ་ན་སེང་གེ་ཡོད་པ་ལས་བཟློག་པ་བཞིན་ནོ་ཞེས་བྱ་བར་སྦྱར་རོ། །དམ་བཅའ་བ་ལྔ་པ་བསྟན་པའི་ཕྱིར། དེ་བཞིན་གཤེགས་པ་སྐུ་ལྡན་མིན། །ཇི་ལྟར་ནོར་ཅན་ནོར་དང་ལྡན་ པ་དེ་ལྟར་རོ་ཞེས་བྱ་བ་སྨྲས་ཏེ། འདིར་ཡང་དེ་བཞིན་གཤེགས་པ་ཅི་ཞིག་དང་ལྡན་པ་མ་ཡིན་ཞེ་ན། སྐུ་ལྡན་མིན་ཞེས་གསུངས་ཏེ། ཇི་ལྟར་ནོར་ལྷ་ནོར་ཅན་ནོར་དང་ལྡན་པ་དེ་ལྟར་དེ་བཞིན་གཤེགས་པ་ཕུང་པོ་རྣམས་དང་ལྡན་པ་མ་ཡིན་ཏེ། བདག་པོ་དེ་བཞིན་གཤེགས་པ་ ཉིད་མ་གྲུབ་པའི་ཕྱིར་རོ། །འདིར་ཡང་རྗེས་སུ་དཔག་པ་ནི་དོན་དམ་པར་དེ་བཞིན་གཤེགས་པ་ཕུང་པོ་རྣམས་དང་ལྡན་པ་མ་ཡིན་ཏེ། ཕུང་པོ་རྣམས་ལས་དེ་བཞིན་གཤེགས་པ་གཞན་མ་ཡིན་པའི་ཕྱིར། དཔེར་ན་ནོར་ཅན་ནོར་དང་ལྡན་པ་ལས་བཟློག་པ་བཞིན་ནོ་ཞེས་བྱ་བར་སྦྱར་རོ། །ད་ནི་ དམ་བཅའ་བ་རྣམ་པ་ལྔ་པོ་དེ་དག་གི་མཇུག་བསྡུ་བ་བསྟན་པའི་ཕྱིར། དེའི་ཕྱིར་དེ་ལྟར་རྣམ་པ་ལྔས་ཡོངས་སུ་བརྟགས་ན་གང་མི་སྲིད་པའི་དེ་བཞིན་གཤེགས་པ་གང་ཞིག་ཡིན། སྒྲུབ་པ་ཇི་སྐད་བསྟན་པ་དག་གིས་ཡོངས་སུ་བརྟགས་ན་དེ་བཞིན་གཤེགས་པ་ཞེས་བྱ་བ་ཡོད་པ་མ་ཡིན་པ་ ཉིད་དོ་ཞེས་བྱ་བའི་ཚིག་གི་དོན་ཏོ་ཞེས་བྱ་བ་སྨྲས་སོ། །དེ་ཉིད་དཔེས་བསྟན་པའི་ཕྱིར། དཔེར་ན་ཆོམ་རྐུན་པ་ཉིད་ལ་མངོན་པར་བརྩོན་པ་དག་ལ་ཡོངས་སུ་བརྟགས་པ་ན་གང་ཡང་དེ་ཡིན་པར་མི་འཐད་པའི་ཕྱིར་ཆོམ་རྐུན་པ་གང་ཞིག་ཡིན་ཞེས་བྱ་བ་བཞིན་ནོ་ཞེས་བྱ་བ་སྨྲས་ཏེ། དཔེར་ན་ ཆོམ་རྐུན་པ་ཉིད་དུ་གྲགས་པ་དག་ལ་ཡོངས་སུ་བརྟགས་ན་གང་ཡང་ཆོམ་རྐུན་པ་ཡིན་པར་མི་འཐད་པའི་ཕྱིར། ཆོམ་རྐུན་པ་གང་ཞིག་ཡིན་ཏེ་མེད་དོ་ཞེས་བྱ་བ་དེ་བཞིན་དུ། མདོ་སྡེ་པ་དང་བྱེ་བྲག་ཏུ་སྨྲ་བ་དེ་བཞིན་གཤེགས་པ་དངོས་པོར་འདོད་པ་དག་ལ་རྣམ་པ་ལྔས་ཡོངས་སུ་བརྟགས་ ན་གང་ཡང་དེ་བཞིན་གཤེགས་པ་ཡིན་པར་མི་འཐད་པའི་ཕྱིར། དེ་བཞིན་གཤེགས་པ་གང་ཞིག་ཡིན་ཏེ། དོན་དམ་པར་ངོ་བོ་ཉིད་མེད་པ་ཉིད་དོ་ཞེས་བསྟན་ཏོ། །ཡང་དཔེ་གཞན་བསྟན་པའི་ཕྱིར། ཡང་དཔེར་ན་ཕུང་པོ་རྣམས་མ་གཏོགས་པར་སྐྱེས་བུ་འམ་དབང་ཕྱུག་ཅེས་བྱ་བ་ གང་ཞིག་ཡིན་ཞེས་བྱ་བ་བཞིན་ནོ་ཞེས་བྱ་བ་སྨྲས་ཏེ། དཔེར་ན་སྐྱེས་བུ་དང་དབང་ཕྱུག་རྒྱུར་འདོད་པ་དག་ལ་རིགས་པས་བརྟགས་ན་ཕུང་པོ་རྣམས་མ་གཏོགས་པར་སྐྱེས་བུའམ་དབང་ཕྱུག་ཅེས་བྱ་བ་མེད་པས་དེ་གང་ཡིན་ཞེས་བྱ་བ་དེ་བཞིན་དུ། དེ་བཞིན་གཤེགས་པ་དངོས་པོར་འདོད་པ་དག་ལ་ཡང་ རིགས་པས་བརྟགས་ན་རྣམ་པ་ལྔ་པོ་དག་མ་གཏོགས་པ་དེ་བཞིན་གཤེགས་པ་ཞེས་བྱ་བ་མེད་པས་དེ་གང་ཞིག་ཡིན་ཞེས་མཇུག་བསྡུ་བ་བསྟན་ཏོ། །ཚད་མའི་འབྲས་བུ་བསྟན་པའི་ཕྱིར། དེའི་ཕྱིར་དེ་ལྟར་དེ་བཞིན་གཤེགས་པ་མ་གྲུབ་པས་སྒྲུབ་པ་དཔེ་མ་ཚང་བ་ཉིད་ཀྱི་སྐྱོན་ཡོད་དོ་ཞེས་བྱ་ བ་སྨྲས་ཏེ། དེ་ལྟར་དེ་བཞིན་གཤེགས་པ་རྣམ་པ་ལྔས་བརྟགས་ན་མ་གྲུབ་པ་སྔར་མདོ་སྡེ་པ་དང་བྱེ་བྲག་ཏུ་སྨྲ་བ་དག་གིས་དོན་དམ་པར་གཟུགས་ལ་སོགས་པ་དངོས་པོ་རྣམས་ངོ་བོ་ཉིད་ཡོད་པ་ཁོ་ན་ཡིན་ཏེ་དངོས་པོ་ཡིན་པའི་ཕྱིར། དཔེར་ན་དེ་བཞིན་གཤེགས་པའི་སྐུ་བཞིན་ནོ་ཞེས་སྨྲས་པའི་ སྒྲུབ་པའི་དཔེ་མ་གྲུབ་པའི་ཕྱིར་ཕ་རོལ་པོ་དག་གི་སྒྲུབ་པ་དཔེ་མ་ཚང་བ་ཉིད་ཀྱི་སྐྱོན་ཡོད་པས་དོན་དམ་པར་གཟུགས་ལ་སོགས་པ་དངོས་པོ་རྣམས་ངོ་བོ་ཉིད་ཡོད་པར་དམ་བཅའ་བ་མ་གྲུབ་པས། བསྟན་བཅོས་མཛད་པས་སྔར་དོན་དམ་པར་གཟུགས་ལ་སོགས་པ་དང་དངོས་པོ་རྣམས་ངོ་བོ་ཉིད་མེད་པ་ཉིད་ དུ་དམ་བཅས་པའི་དགོངས་པ་གྲུབ་པོ།། །།བམ་པོ་བདུན་ཅུ་པའོ། །གཞན་དག་གིས་སྨྲས་པ། དེ་བཞིན་གཤེགས་པ་ནི་ཕུང་པོ་རྣམས་ལ་བརྟེན་ནས་འགྲུབ་པའི་ཕྱིར་ཁོ་བོ་ཅག་ལ་སྒྲུབ་པ་དེས་མི་གནོད་དོ་ཞེས་བྱ་བ་ནི་འདིར་རང་གི་སྡེ་པ་དག་ལས་གཞན་དག་ན་རེ། དེ་བཞིན་ གཤེགས་པ་ནི་ཕུང་པོ་རྣམས་ཀྱང་མ་ཡིན་ལ། ཕུང་པོ་རྣམས་ཀྱང་གཞན་པ་ཡང་མ་ཡིན་ཏེ། དེ་ཉིད་དང་གཞན་ཉིད་དུ་བརྗོད་པར་བྱ་བ་མ་ཡིན་པས། ཁྱེད་ཀྱིས། སྐུ་མིན་སྐུ་ལས་གཞན་མ་ཡིན། །ཞེས་བཤད་པ་དེ་ནི་བདེན་ནོ། །དེ་བཞིན་གཤེགས་པ་ཕུང་པོ་རྣམས་ལ་བརྟེན་ནས་ འགྲུབ་པའི་ཕྱིར་ཁོ་བོ་ཅག་ལ་ཁྱེད་ཀྱིས་དེ་ཉིད་དང་གཞན་ཉིད་དགག་པའི་སྒྲུབ་པ་ཇི་སྐད་སྨྲས་པ་དེས་མི་གནོད་དོ་ཞེས་ཟེར་བའི་ཚིག་ཡིན་ནོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འགྲེལ་པ་བྱེད་པ་ཉིད་ཀྱིས། འདིར་བཤད་པ། གལ་ཏེ་སངས་རྒྱས་ཕུང་པོ་ལ། བརྟེན་ནས་གདགས་པར་འདོད་ན་ ནི། འོ་ན་དེ་ལྟར་ན། ངོ་བོ་ཉིད་ལས་མེད། ཅེས་བྱ་བ་སྨྲས་ཏེ། འདིས་ནི་གལ་ཏེ་དེ་བཞིན་གཤེགས་པ་ཕུང་པོ་རྣམས་ལ་བརྟེན་ནས་གདགས་པར་འདོད་ན་འོ་ན་དེ་ལྟ་ན་གཞན་གྱི་དངོས་པོ་ལ་བརྟེན་ནས་གདགས་པ་ཡིན་པས་བདག་གི་དངོས་པོ་ལས་འགྲུབ་པ་མེད་པའི་ཕྱིར་དེ་བཞིན་གཤེགས་ པ་ངོ་བོ་ཉིད་མེད་པ་དང་། རྫས་སུ་ཡོད་པ་མ་ཡིན་ནོ་ཞེས་བསྟན་ཏོ། །དེ་ཉིད་བསྟན་པའི་ཕྱིར། དེ་བཞིན་གཤེགས་པ་ངོ་བོ་ཉིད་མེད་པ་དང་། རྫས་སུ་ཡོད་པ་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་སྟེ། དེ་ནི་དམ་བཅའ་བ་ཉེ་བར་གཞག་པའོ་ཞེས་བྱ་བ་སྨྲས་ཏེ། དེས་ནི་དེ་བཞིན་ གཤེགས་པ་ཕུང་པོ་རྣམས་ལ་བརྟེན་ནས་གདགས་པར་འདོད་ན་ངོ་བོ་ཉིད་ལས་ངོ་བོ་ཉིད་མེད་པ་དང་རྫས་ཉིད་དུ་རྫས་སུ་ཡོད་པ་མ་ཡིན་ནོ་ཞེས་དམ་བཅའ་བ་ཉེ་བར་གཞག་པ་བསྟན་ཏེ་དེ་ནི་ཕྱོགས་ཡིན་ནོ། །ཕྱོགས་ཀྱི་ཆོས་ནི་ཁོངས་ན་ཡོད་དོ་ཞེས་བྱ་བ་ནི། དེ་བཞིན་གཤེགས་པ་ངོ་བོ་ཉིད་མེད་པ་དང་ རྫས་སུ་ཡོད་པ་མ་ཡིན་པར་སྒྲུབ་པའི་ཕྱོགས་ཀྱི་ཆོས་གཏན་ཚིགས་ནི་དམ་བཅའ་བ་ཉེ་བར་གཞག་པ་དེ་ཉིད་ཀྱི་ཁོངས་ན་ཡོད་དེ། རྟེན་ནས་གདགས་པར་བྱ་བ་དང་རྫས་སུ་ཡོད་པ་མ་ཡིན་པར་སྦྱར་རོ། །དཔེ་ནི་དེའི་དབང་གིས་མགལ་མེའི་འཁོར་ལོ་དང་བུམ་པ་དག་ཡིན་ནོ་ཞེས་བྱ་བས་ནི་དེ་ བཞིན་གཤེགས་པ་ངོ་བོ་ཉིད་མེད་པ་དང་། རྫས་སུ་ཡོད་པ་མ་ཡིན་པར་བསྒྲུབ་པའི་དཔེ་ནི་ཕྱོགས་དང་ཕྱོགས་ཀྱི་ཆོས་དེའི་དབང་གིས་རྒོལ་བ་དང་ཕྱིར་རྒོལ་བ་གཉི་ག་ལ་གྲགས་པའི་ཆོས་མགལ་མེའི་འཁོར་ལོ་དང་བུམ་པ་ཡིན་ཏེ། དེ་ནི་ཆོས་མཐུན་པའི་དཔེ་ཡིན་ནོ། །དེ་ལྟར་ཕྱོགས་དང་། ཕྱོགས་ཀྱི་ ཆོས་དང་། དཔེ་དག་ངོ་བསྟན་ནས། ད་ནི་རྗེས་སུ་དཔག་པ་བསྟན་པའི་ཕྱིར། འདིར་རྗེས་སུ་དཔག་པ་ནི་དོན་དམ་པར་དེ་བཞིན་གཤེགས་པ་ངོ་བོ་ཉིད་མེད་པ་དང་རྫས་སུ་ཡོད་པ་མ་ཡིན་ཏེ། གདགས་པར་བྱ་བ་ཡིན་པའི་ཕྱིར་དཔེར་ན་མགལ་མེའི་འཁོར་ལོ་བཞིན་ནམ། རྫས་སུ་ཡོད་པ་མ་ཡིན་པའི་ ཕྱིར་དཔེར་ན་བུམ་པ་བཞིན་ནོ་ཞེས་བྱ་བ་སྨྲས་ཏེ། དེ་དག་ནི་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་རྣམ་པ་གཉིས་དང་། སྒྲུབ་པའི་ཆོས་རྣམ་པ་གཉིས་དང་། དཔེ་རྣམ་པ་གཉིས་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་མགལ་མེའི་འཁོར་ལོ་ནི་གདགས་པར་བྱ་བ་ཡིན་པའི་ཕྱིར་ངོ་བོ་ཉིད་ མེད་པ་དང་། བུམ་པ་ནི་རྫས་སུ་མེད་པའི་ཕྱིར་རྫས་སུ་ཡོད་པ་མ་ཡིན་པ། དེ་བཞིན་དུ་དེ་བཞིན་གཤེགས་པ་ཡང་ཕུང་པོ་རྣམས་ལ་བརྟེན་ནས་གདགས་པར་བྱ་བ་ཡིན་པའི་ཕྱིར་ངོ་བོ་ཉིད་མེད་པ་དང་། རྫས་སུ་མེད་པའི་ཕྱིར་རྫས་སུ་ཡོད་པ་མ་ཡིན་ནོ། །མི་མཁས་པ་ཁ་ཅིག་གིས་འདིར་ སྨྲས་པ། གལ་ཏེ་རེ་ཞིག་མཚན་ཉིད་ལས། །གང་ཞིག་བློས་གཞན་སེལ་བ་ལ། །དེ་བློ་མེད་པ་བུམ་ཆུ་བཞིན། །དེ་ནི་ཀུན་རྫོབ་ཡོད་པ་ཡིན། །དོན་དམ་ཡོད་པ་དོན་བཞིན་ནོ། །ཞེས་འབྱུང་བ་དེས་རྫས་སུ་ཡོད་པ་ཉིད་འགོག་པར་བྱེད་ན་ནི་དེ་ཁོ་བོ་ཅག་ལ་མི་གནོད་དེ། འདི་ལྟར་བུམ་པ་ནི་ཞིག་པ་དང་བློས་ གཞན་སེལ་བ་ན་དེ་དག་ལས་གཞན་པའི་གཟུགས་དག་ལ་དེ་དག་ནི་བློ་ཡོད་པས་དེ་དག་རྫས་སུ་ཡོད་པ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ནི་འདིར་ཆོས་མངོན་པ་པ་དག །སྔར་རྫས་དབུ་མ་པས་དོན་དམ་པར་དེ་བཞིན་གཤེགས་པ་རྫས་སུ་ཡོད་པ་མ་ཡིན་ཏེ། རྫས་སུ་ཡོད་པ་མ་ཡིན་པའི་ཕྱིར་དཔེར་ན་བུམ་པ་བཞིན་ནོ་ ཞེས་སྨྲས་པའི་གཏན་ཚིགས་དང་། དཔེ་དེས་བུམ་པ་ཡང་རྫས་སུ་ཡོད་པ་མ་ཡིན་པར་མི་འགྲུབ་ལ། དེ་བཞིན་གཤེགས་པ་ཡང་རྫས་སུ་ཡོད་པ་མ་ཡིན་པར་མི་འགྲུབ་པོ་ཞེས་ཟེར་བའི་ཚིག་ཡིན་ཏེ། དེ་དག་ན་རེ། ཆོས་མངོན་པའི་མཚན་ཉིད་ལས་གང་ཞིག་པ་ལ་དེའི་བློ་མེད་པ་བུམ་པ་ལྟ་བུ་དང་། བློས་གཞན་སེལ་བ་ལ་དེའི་བློ་མེད་པ་ཆུ་ལྟ་བུ་དེ་ནི་ཀུན་རྫོབ་ཏུ་ཡོད་པ་མ་ཡིན་ལ། དོན་དམ་པར་ཡོད་པ་ནི་དེ་དག་ལས་གཞན་པའི་དོན་ཡིན་ཏེ། ཀུན་རྫོབ་ཏུ་ཡོད་པ་ནི་བཏགས་པར་ཡོད་པ་ཞེས་བྱ་སྟེ། དོན་དམ་པར་ཡོད་པ་ནི་རྫས་སུ་ཡོད་པ་ཞེས་བྱའོ་ཞེས་འབྱུང་སྟེ། དེ་ལ་གང་ཞིག་པ་ལ་དེའི་བློ་མེད་པ་ བུམ་པ་ལྟ་བུ་ཀུན་རྫོབ་ཏུ་ཡོད་པ་དེའི་མཚན་ཉིད་གང་ཞེ་ན། དངོས་པོ་གང་ཞིག་པ་ལ་དངོས་པོ་དེའི་བློ་མི་སྐྱེ་བ་དཔེར་ན་བུམ་པ་ཞིག་པ་ལ་བུམ་པ་དེའི་བློ་ཡང་མི་སྐྱེ་ལ། བློ་གཞན་ཡང་མི་སྐྱེ་བ་ལྟ་བུ་དེ་ནི་ཀུན་རྫོབ་ཏུ་ཡོད་པ་ཡིན་ཏེ། བཏགས་པར་ཡོད་པ་ཞེས་བྱའོ། །བློས་གཞན་སེལ་བ་ལ་དེའི་བློ་མེད་པ་ཆུ་ ལྟ་བུ་ཀུན་རྫོབ་ཏུ་ཡོད་པ་དེའི་མཚན་ཉིད་གང་ཞེ་ན། བློས་དངོས་པོ་གཞན་བཙལ་བ་ལ་དངོས་པོ་དེའི་མཚན་ཉིད་གང་ཞེ་ན། དངོས་པོ་གང་ཞིག་པ་དང་། བློ་མི་སྐྱེ་བ་དཔེར་ན་རྒྱ་མཚོ་འམ་ལྟེང་ཀ་ནས་བཅུས་པའི་ཆུ་ལ་རྒྱ་མཚོ་དང་ལྟེང་ཀའི་བློ་ཡང་མི་སྐྱེ་ལ། བློ་གཞན་ཡང་མི་སྐྱེ་བ་ལྟ་བུ་དེ་ཡང་ ཀུན་རྫོབ་ཏུ་ཡོད་པ་ཡིན་ཏེ། བཏགས་པར་ཡོད་པ་ཞེས་བྱའོ། །དོན་དམ་པར་ཡོད་པ་ནི་དེ་དག་ལས་གཞན་པའི་དོན་ཡིན་ཏེ་ཞེས་བྱ་བ་དེའི་མཚན་ཉིད་གང་ཞེ་ན། དངོས་པོ་གང་ཞིག་པ་དང་བློས་བསྩལ་ཀྱང་དེ་ལས་གཞན་པའི་བློས་སྐྱེ་བ་དཔེར་ན་བུམ་པ་ཞིག་ཀྱང་དེ་ལས་གཞན་པ་གྱོ་མོའི་ བློ་སྐྱེ་བ་ལྟ་བུ་དང་། རྒྱ་མཚོའམ་ལྡེང་ཀ་ནས་བཅུས་པའི་ཆུ་ལ་བློས་རྒྱ་མཚོ་དང་ལྟེང་ཀ་བསྩལ་ཀྱང་དེ་དག་ལས་གཞན་པ་ཆུའི་བློ་སྐྱེ་བ་ལྟ་བུ་དེ་ནི་དོན་དམ་པར་ཡོད་པ་ཡིན་ཏེ། རྫས་སུ་ཡོད་པ་ཞེས་བྱའོ། །དེ་ལྟ་བས་ན་ཁྱེད་དབུ་མ་པས་རྫས་སུ་ཡོད་པ་མ་ཡིན་པའི་ཕྱིར་ དཔེར་ན་བུམ་པ་བཞིན་ནོ་ཞེས་བཤད་པ་དེ། གལ་ཏེ་རེ་ཞིག་ཁོ་བོ་ཅག་གི་ཆོས་མངོན་པའི་མཚན་ཉིད་དེའི་སྒོ་ནས་རྫས་སུ་ཡོད་པ་ཉིད་འགོག་པར་བྱེད་ན་ནི་དེས་ཁོ་བོ་ཅག་ལ་མི་གནོད་དེ། ཅིའི་ཕྱིར་ཞེ་ན། འདི་ལྟར་བུམ་པ་ཞིག་པ་དང་། བློས་གཞན་སེལ་བ་ན་དེ་དག་ལ་དེ་དག་ཉིད་ཀྱི་བློ་སྐྱེ་བ་ མེད་པས་དེ་དག་ཀུན་རྫོབ་ཏུ་བཏགས་པར་ཡོད་པ་ཡིན་དུ་ཟིན་ཀྱང་བུམ་པ་ཞིག་པ་དང་། བློས་གཞན་བསྩལ་བ་དེ་དག་ལས་གཞན་པའི་གཟུགས་གྱོ་མོ་དང་ཆུ་དག་ལ་དེ་དག་གི་བློ་སྐྱེ་བ་ཡོད་པས་དེ་དག་དོན་དམ་པར་རྫས་སུ་ཡོད་པ་ཡིན་པའི་ཕྱིར་ཏེ། དེས་ན་ཇི་ལྟར་གྱོ་མོ་དང་ཆུ་དག་དོན་དམ་པར་ རྫས་སུ་ཡོད་པ་དེ་བཞིན་དུ་བུམ་པ་མ་ཞིག་པ་དང་། རྒྱ་མཚོ་དང་ལྟེང་ཀ་བློས་མ་བསྩལ་བ་དེ་དག་ཀྱང་དོན་དམ་པར་རྫས་སུ་ཡོད་པ་ཡིན་པའི་ཕྱིར་ཁྱེད་ཀྱིས་རྫས་སུ་ཡོད་པ་མ་ཡིན་པའི་ཕྱིར་དཔེར་ན་བུམ་པ་བཞིན་ནོ་ཞེས་བཤད་པའི་གཏན་ཚིགས་དང་དཔེ་དེ་དག་མ་གྲུབ་པས་དོན་དམ་པར་བུམ་པ་ ཡང་རྫས་སུ་ཡོད་པ་ཡིན་ལ། དེ་བཞིན་གཤེགས་པ་རྫས་སུ་ཡོད་པ་ཡིན་ནོ་ཞེས་ཟེར་རོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས་དེ་ནི་བཟང་པོ་མ་ཡིན་ཏེ། རྫས་སུ་ཡོད་པ་ལ་མཚན་ཉིད་ཀྱིས་གནོད་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། དེ་ནི་སྔར་ཕ་རོལ་པོ་དག་གིས་ཆོས་ མངོན་པའི་མཚན་ཉིད་ལས་གང་ཞིག་པ་ལ་དེའི་བློ་མེད་པ་བུམ་པ་ལྟ་བུ་བློས་གཞན་སེལ་བ་ལ་དེའི་བློ་མེད་པ་ཆུ་ལྟ་བུ་དེ་ནི་ཀུན་རྫོབ་ཏུ་ཡོད་པ་ཡིན་ལ། གང་ཞིག་པ་དང་བློས་བསྩལ་ཀྱང་དེ་ལས་གཞན་པའི་བློ་སྐྱེ་བ་དཔེར་ན་བུམ་པ་ཞིག་ཀྱང་དེ་ལས་གཞན་པ་གྱོ་མོའི་བློ་སྐྱེ་བ་ལྟ་བུ་དང་། རྒྱ་མཚོ་ འམ་ལྟེང་ཀ་ནས་བཅུས་པའི་ཆུ་ལ་བློས་རྒྱ་མཚོ་དང་ལྡེང་ཀ་བསྩལ་ཀྱང་དེ་དག་ལ་གཞན་པ་ཆུའི་བློ་སྐྱེ་བ་ལྟ་བུ་དེ་ནི་དོན་དམ་པར་ཡོད་པ་ཡིན་པར་འབྱུང་བས། ཁྱེད་དབུ་མ་པས་རྫས་སུ་ཡོད་པ་མ་ཡིན་པའི་ཕྱིར་དཔེར་ན་བུམ་པ་བཞིན་ནོ་ཞེས་བཤད་པ་དེ་གལ་ཏེ་རེ་ཞིག་ཁོ་བོ་ཅག་གི་ཆོས་མངོན་པའི་མཚན་ ཉིད་དེའི་སྒོ་ནས་རྫས་སུ་ཡོད་པ་ཉིད་འགོག་པར་བྱེད་ན་ནི་དེས་ཁོ་བོ་ཅག་ལ་མི་གནོད་དེ། ཅིའི་ཕྱིར་ཞེ་ན། འདི་ལྟར་བུམ་པ་ཞིག་པ་དང་བློས་གཞན་སེལ་བ་ན་དེ་དག་ལ་དེ་དག་ཉིད་ཀྱི་བློ་སྐྱེ་བ་མེད་པས་དེ་དག་ཀུན་རྫོབ་ཏུ་བཏགས་པར་ཡོད་པ་ཡིན་དུ་ཟིན་ཀྱང་བུམ་པ་ཞིག་པ་དང་། བློས་གཞན་བསྩལ་བ་དེ་དག་ལས་ གཞན་པའི་གཟུགས་གྱོ་མོ་དང་ཆུ་དག་ལ་དེ་དག་གི་བློ་སྐྱེ་བ་ཡོད་པས་དེ་དོན་དམ་པར་རྫས་སུ་ཡོད་པའི་ཕྱིར་ཏེ་དེས་ན་ཇི་ལྟར་གྱོ་མོ་དང་ཆུ་དག་དོན་དམ་པར་རྫས་སུ་ཡོད་པ་དེ་བཞིན་དུ་བུམ་པ་མ་ཞིག་པ་དང་། རྒྱ་མཚོ་དང་ལྟེང་ཀ་བློས་མ་བསྩལ་བ་དག་ཀྱང་དོན་དམ་པར་རྫས་སུ་ཡོད་པ་མ་ཡིན་ནོ་ཞེས་སྨྲས་པ་དེས་ཇི་ལྟར་ གྱོ་མོ་དང་ཆུ་དག་དོན་དམ་པར་རྫས་སུ་ཡོད་པ་དེ་བཞིན་དུ་བུམ་པ་མ་ཞིག་པ་དང་། རྒྱ་མཚོ་དང་ལྟེང་ཀ་བློས་མ་བསྩལ་བ་དག་ཀྱང་དོན་དམ་པར་རྫས་སུ་ཡོད་དོ་ཞེས་དམ་བཅས་པའི་རྫས་སུ་ཡོད་པ་དེ་ལ་ཆོས་མངོན་པའི་མཚན་ཉིད་ལས་གང་ཞིག་པ་ལ་དེའི་བློ་མེད་པ་བུམ་པ་ལྟ་བུ་དང་བློ་གཞན་སེལ་བ་ལ་དེའི་བློ་མེད་ པ་ཆུ་ལྟ་བུ་དེ་ནི་ཀུན་རྫོབ་ཏུ་བཏགས་པར་ཡོད་པ་ཡིན་གྱི། དོན་དམ་པར་རྫས་སུ་ཡོད་པ་མ་ཡིན་ནོ་ཞེས་འབྱུང་བའི་མཚན་ཉིད་དེས་གནོད་པའི་ཕྱིར་བུམ་པ་མ་ཞིག་པ་དང་། རྒྱ་མཚོ་དང་ལྟེང་ཀ་བློས་མ་བསྩལ་བ་དག་དང་གྱོ་མོ་དང་ཆུ་དག་སྤྱིར་མཚན་ཉིད་འདྲ་བར་རྫས་སུ་ཡོད་པར་མི་འགྲུབ་པས་ཕ་རོལ་ པོ་དག་གི་རྟོག་པ་དེ་ནི་བཟང་པོ་མ་ཡིན་ནོ་ཞེས་སྟོན་ཏོ། །དེ་ཉིད་བསྟན་པའི་ཕྱིར། གང་ཞིག་པ་དེ་རྫས་སུ་ཡོད་པ་ལ་གནོད་པ་ཉིད་དོ་ཞེས་བྱ་བ་སྨྲས་ཏེ། དེས་ནི་ཕ་རོལ་པོ་དག་བུམ་པ་ཞིག་པ་ན་གྱོ་མོ་ལ་གྱོ་མོའི་བློ་སྐྱེ་བས་གྱོ་མོ་དེ་རྫས་སུ་ཡོད་པར་འདོད་པ་ལ་ཆོས་མངོན་པའི་མཚན་ཉིད་ལས་བུམ་པ་ཞིག་ པ་ལ་བུམ་པའི་བློ་སྐྱེ་བ་མེད་པས་བུམ་པ་ཞིག་པ་དེ་ཀུན་རྫོབ་ཏུ་བཏགས་པར་ཡོད་པ་ཡིན་གྱི། དོན་དམ་པར་རྫས་སུ་ཡོད་པ་མ་ཡིན་ནོ་ཞེས་འབྱུང་བའི་མཚན་ཉིད་དེས་གནོད་པ་ཉིད་དོ་ཞེས་སྟོན་ཏོ། །དེ་ཡང་འདི་ལྟར་སྦྱར་ཏེ། དེ་གང་གི་ཚེ་བུམ་པ་ཞིག་པ་དེ་ལ་བུམ་པའི་བློ་མི་སྐྱེ་བས་དེ་རྫས་སུ་ ཡོད་པ་མ་ཡིན་པ་དེ་བཞིན་དུ་ཕྱིས་གྱོ་མོ་དེ་ཞིག་པར་གྱུར་པ་ན་ཡང་དེ་ལ་གྱོ་མོའི་བློ་མི་སྐྱེ་བས་དེ་ཡང་རྫས་སུ་ཡོད་པ་མ་ཡིན་ནོ། །དེ་བཞིན་དུ་ཕྱིས་ནམ་ཞིག་ན་གྱོ་མོ་དེའི་གྱོ་དུམ་ཞིག་པར་གྱུར་པ་ན་ཡང་དེ་ལ་དེའི་བློ་མི་སྐྱེ་བས་དེ་ཡང་རྫས་སུ་ཡོད་པ་མ་ཡིན་ཏེ། ཚུལ་འདིས་བསྒྲེས་ནས་གྱོ་དུམ་དེའི་ཆ་ ཤས་དུམ་གྲུགས་དང་། རྡུལ་དང་རྡུལ་ཕྲ་མོ་དང་རྡུལ་ཕྲ་རབ་དང་། ཕྱོགས་ཆ་མེད་པའི་རྡུལ་གྱི་མཐར་ཐུག་པའི་བར་དག་ཞིག་པར་གྱུར་པ་ན་ཡང་དེ་དག་ལ་དེ་དག་གི་བློ་མི་སྐྱེ་བས་དེ་དག་ཀྱང་རྫས་སུ་ཡོད་པ་མ་ཡིན་པས་ཕ་རོལ་པོ་དག་གིས་བུམ་པ་ཞིག་པ་དེ་ལས་གཞན་པའི་གཟུགས་ གྱོ་མོ་ལ་སོགས་པ་གང་དག་ལ་དེ་དག་གི་བློ་སྐྱེ་བ་ཡོད་པ་དེ་དག་དོན་དམ་པར་རྫས་སུ་ཡོད་པ་དེ་བཞིན་དུ་བུམ་པ་མ་ཞིག་པ་ཡང་རྫས་སུ་ཡོད་པར་དམ་བཅས་པ་དེ་ལ་ཆོས་མངོན་པའི་མཚན་ཉིད་དེས་གནོད་པའི་ཕྱིར་ཕ་རོལ་པོ་དག་གི་དམ་བཅས་པ་དེ་མ་གྲུབ་པས་བསྟན་བཅོས་མཛད་པས་དཔེར་ན་བུམ་པ་རྫས་ སུ་ཡོད་པ་མ་ཡིན་པ་དེ་བཞིན་དུ་དེ་བཞིན་གཤེགས་པ་ཡང་རྫས་སུ་ཡོད་པ་མ་ཡིན་ནོ་ཞེས་དམ་བཅས་པའི་དགོངས་པ་འགྲུབ་པོ། འདིར་གལ་ཏེ་ཕ་རོལ་པོ་དག་འདི་སྐད་ཅེས་བུམ་པ་དང་གྱོ་མོ་ལ་སོགས་པ་དག་ཞིག་པ་ལ་དེ་དག་གི་བློ་མི་སྐྱེ་བས་དེ་དག་དོན་དམ་པར་རྫས་སུ་ཡོད་པ་མ་ཡིན་པ་དེ་ནི་ བདེན་མོད་ཀྱི། འོན་ཀྱང་དེ་དག་མ་ཞིག་པ་ལ་དེ་དག་གི་བློ་སྐྱེ་བ་ཡོད་པས་མ་ཞིག་པ་དེ་དག་དོན་དམ་པར་རྫས་སུ་ཡོད་པར་ཆོས་མངོན་པའི་མཚན་ཉིད་ལས་འབྱུང་བ་ཁྱེད་མི་འདོད་ན་ནི་དེ་ལྟ་ན་ཁས་བླངས་པ་ལ་གནོད་པར་འགྱུར་རོ་ཞེས་ཟེར་བའི་ཕྱོགས་སྔ་མ་ཁོང་ནས་དབྱུང་བ་དེའི་ལན་དུ་འདིར་ འགྲེལ་པ་བྱེད་པ་ཉིད་ཀྱིས། དེའི་བློ་མེད་པ་ཞེས་ངེས་པར་གཟུང་བའི་ཕྱིར་གང་མ་ཞིག་པ་དེ་ལ་ཡང་དེའི་བློ་མེད་དོ་ཞེས་སྨྲས་ཏེ། ཡང་གི་སྒྲས་ནི་གང་ཞིག་པ་དེ་ལ་ཡང་དེའི་བློ་མེད་དོ་ཞེས་བྱ་བ་བསྡུའོ། །འདིས་ནི་འདི་སྐད་བསྟན་ཏེ། ཆོས་མངོན་པ་ཡི་མཚན་ཉིད་ལས། །གང་ཞིག་བློས་གཞན་ སེལ་བ་ལ། །དེའི་བློ་མེད་པ་བུམ་ཆུ་བཞིན། །དེ་ནི་ཀུན་རྫོབ་ཡོད་པ་ཡིན། །ཞེས་འབྱུང་བའི་སྐབས་ཀྱི་དེའི་བློ་མེད་པ་ཞེས་བྱ་བའི་སྒྲ་ཁོ་བོས་འདིར་ངེས་པར་གཟུང་བའི་ཕྱིར། གང་ཞིག་པ་འབའ་ཞིག་ལ་དེའི་བློ་མེད་པར་མ་ཟད་ཀྱི། གང་མ་ཞིག་པ་དེ་ལ་ཡང་དེའི་བློ་མེད་པར་ འདྲ་བས། དེས་ན་བུམ་པ་ལ་སོགས་པ་གང་ཞིག་པ་ལ་དེའི་བློ་མེད་པས་དེ་རྫས་སུ་ཡོད་པ་མ་ཡིན་པ་བཞིན་དུ་གང་མ་ཞིག་པ་ལ་ཡང་དེའི་བློ་མེད་པས་དེ་ཡང་རྫས་སུ་ཡོད་པ་མ་ཡིན་པར་དོན་དམ་པའི་ཆོས་མངོན་པ་འདི་ཉིད་ཀྱི་ཚུལ་གྱིས་མངོན་པར་ཁས་བླངས་པ་ལ་གནོད་པར་ མི་འགྱུར། འདིར་གལ་ཏེ་ཕ་རོལ་པོ་དག་ན་རེ། དེ་ལྟར་གང་ཞིག་པ་དང་མ་ཞིག་པ་དེ་ལ་དེའི་བློ་སྐྱེ་བ་མེད་པས་དེ་རྫས་སུ་ཡོད་པ་མ་ཡིན་དུ་ཟིན་ཀྱང་བློས་གཞན་སེལ་བ་ལ་དེའི་བློ་མེད་པ་དེ་ལས་གཞན་པ་བློས་མ་བསྩལ་བ་ལ་དེའི་བློ་སྐྱེ་བ་ཡོད་པ་དེ་དོན་དམ་པར་རྫས་སུ་ཡོད་པ་ཡིན་ནོ་ཞེས་ཟེར་བའི་ ཕྱོགས་སྔ་མ་ཁོང་ནས་དབྱུང་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས། ཉེ་བར་ལེན་པ་དང་བཅས་པ་གཞན་དག་སེལ་བ་ལ་གཞན་སེལ་བ་ཞེས་བྱ་བར་འདོད་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། འདིས་ནི་ཇི་ལྟར་ཞིག་པ་དང་མ་ཞིག་པ་དེ་ལ་དེའི་བློ་སྐྱེ་བ་མེད་པས་རྫས་སུ་ཡོད་པ་མ་ཡིན་པ་དེ་བཞིན་དུ་བློས་ གཞན་བསྩལ་བ་དང་མ་བསྩལ་བ་ལ་ཡང་དེའི་བློ་སྐྱེ་བ་མེད་པས་རྫས་སུ་ཡོད་པ་མ་ཡིན་ནོ་ཞེས་སྟོན་ཏེ། ཇི་ལྟར་ཞེ་ན། དབུ་མ་པ་ནི་གཞན་སེལ་བ་ཞེས་བྱ་བའི་དོན་ཇི་ལྟར་དངོས་པོའི་ངོ་བོ་ཉིད་དོན་དམ་པར་སྐྱེ་བ་མེད་པར་བསྩལ་བ་བཞིན་དུ་དངོས་པོ་ཉེ་བར་ལེན་པའི་རྒྱུ་དང་བཅས་པ་གཞན་དག་ཀྱང་དོན་དམ་ པར་སྐྱེ་བ་མེད་པའི་ཚུལ་གྱིས་སེལ་བ་ལ་གཞན་སེལ་བ་ཞེས་བྱ་བར་འདོད་པས་དེས་ན་བློས་གཞན་བསྩལ་བ་ལ་དེའི་བློ་མེད་པ་ཆུ་ལྟ་བུ་དེའི་མི་མཐུན་པའི་ཕྱོགས་དེ་ལས་གཞན་པ་བློས་མ་བསྩལ་བའི་དངོས་པོ་མེད་པའི་ཕྱིར། ཇི་ལྟར་བློས་གཞན་སེལ་བ་ལ་དེའི་བློ་མེད་པས་དོན་དམ་པར་རྫས་སུ་ཡོད་པ་ མ་ཡིན་པ་དེ་བཞིན་དུ་བློས་གཞན་མ་བསྩལ་བ་ལ་ཡང་དེའི་བློ་མེད་པར་འདྲ་བས་དེ་ཡང་དོན་དམ་པར་རྫས་སུ་ཡོད་པ་མ་ཡིན་ནོ། །གཞན་དག་གིས་སྨྲས་པ། དོན་དམ་པར་བུམ་པ་ནི་རྫས་སུ་ཡོད་པ་ཡིན་ཏེ། ཤེས་བྱ་ཡིན་པའི་ཕྱིར་དཔེར་ན་གཟུགས་བཞིན་ཏེ། ཤེས་པར་བྱ་བ་ཡིན་པས་རྫས་དེ་ ཤེས་པར་བྱ་བ་ནི་རྟོགས་པར་བྱ་བ་ཞེས་བྱ་བའི་ཐ་ཚིག་གོ་ཞེས་བྱ་བ་ནི། འདིར་ཆོས་མངོན་པ་བདག་ཉིད་བརྡ་སྤྲོད་པ་པའི་ཐམ་ལག་གི་རྗེས་སུ་ཞུགས་ནས་དབུ་མ་པས་རྫས་སུ་ཡོད་པ་མ་ཡིན་པའི་ཕྱིར་དཔེར་ན་བུམ་པ་བཞིན་ནོ་ཞེས་སྨྲས་པའི་དཔེ་དེ་བསྒྲུབ་པར་བྱ་བ་ཆོས་ཀྱིས་སྟོང་པར་སྐྱོན་འདོགས་ཤིང་ བུམ་པ་རྫས་སུ་ཡོད་པར་སྒྲུབ་པའི་རྗེས་སུ་དཔག་པ་སྟོན་པའི་ཚིག་ཡིན་ཏེ། དེ་དག་ནི་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་དང་། ཉེ་བར་སྦྱར་བའི་སྦྱོར་བ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་གཟུགས་ནི་ཤེས་བྱ་ཡིན་པའི་ཕྱིར་རྫས་སུ་ཡོད་པ་ཡིན་པ་ དེ་བཞིན་དུ་བུམ་པ་ཡང་ཤེས་བྱ་ཡིན་པའི་ཕྱིར་རྫས་སུ་ཡོད་པ་ཡིན་ཏེ། ཤེས་བྱ་ཡིན་པའི་གཏན་ཚིགས་ཀྱིས་རྫས་སུ་ཡོད་པ་ཡིན་པར་ཇི་ལྟར་སྒྲུབ་ཅེ་ན། དེའི་ཉེ་བར་སྦྱར་བའི་སྦྱོར་བ་ནི་ཤེས་པར་བྱ་བ་ཡིན་པས་རྫས་དེ་ཤེས་པར་བྱ་བ་ནི་རྟོགས་པར་བྱ་བ་ཞེས་བྱ་བའི་དོན་ཡིན་ལ། དེ་ནི་ རྫས་ཡིན་པའི་ཕྱིར་རོ་ཞེས་བྱ་བར་སྦྱར་རོ། །དེ་ཉིད་ཀྱི་ཁུངས་བསྟན་པའི་ཕྱིར། མཚན་ཉིད་ལས་ཤེས་པར་བྱ་བའི་སྐད་ཀྱི་བྱིངས་དག་ནི་རྟོགས་པར་བྱ་བའི་དོན་ཡིན་པར་འབྱུང་བའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། བརྡ་སྤྲོད་པའི་མཚན་ཉིད་ལས་ཤེས་པར་བྱ་བའི་སྐད་ཀྱི་བྱིངས་དག་ནི་རྟོགས་པར་བྱ་བའི་དོན་ ཡིན་པར་འབྱུང་བའི་ཕྱིར། འདིར་ཡང་ཤེས་པར་བྱ་བ་ནི་རྟོགས་པར་བྱ་བའི་དོན་ཡིན་ལ། དེ་ནི་རྫས་ཡིན་པས་དེའི་ཕྱིར་ཤེས་བྱ་ཡིན་པའི་ཕྱིར་ཞེས་གཏན་ཚིགས་ཀྱིས་རྫས་སུ་ཡོད་པ་ཡིན་པར་སྒྲུབ་ཏུ་རུང་བས། དེས་ན་གཟུགས་དང་བུམ་པ་དག་ཤེས་བྱ་ཡིན་པའི་ཕྱིར་རྫས་སུ་ཡོད་པ་ཉིད་དུ་གྲུབ་པོ། ། དེ་ཉིད་ཀྱི་མཇུག་བསྡུ་བ་བསྟན་པའི་ཕྱིར། བུམ་པ་ལ་སོགས་པ་དག་ཀྱང་རྫས་སུ་ཡོད་པ་ཉིད་དུ་གྲུབ་པས་བུམ་པ་དང་ཆུ་བཞིན་དུ་ཀུན་རྫོབ་ཏུ་ཡོད་པ་ཡིན་ནོ་ཞེས་བྱ་བའི་ཁུངས་ཀྱང་མེད་དོ་ཞེས་བྱ་བ་སྨྲས་ཏེ། དེ་ལྟར་བརྡ་སྤྲོད་པ་པའི་ཐམ་ལག་གིས་བུམ་པ་དང་གཟུགས་དག་རྫས་སུ་ཡོད་པ་ཉིད་དུ་གྲུབ་པས། ཆོས་མངོན་པའི་མཚན་ཉིད་ལས། གང་ཞིག་བློས་གཞན་སེལ་བ་ལ། །དེའི་བློ་མེད་པ་བུམ་ཆུ་བཞིན། །དེ་ནི་ཀུན་རྫོབ་ཡོད་པ་ཡིན། །ཞེས་འབྱུང་བ་དེ་ཡང་འདིར་རེ་ཞིག་ཁུངས་སུ་མི་བྱའོ་ཞེས་ཟེར་རོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས་དེ་ཡང་བཟང་པོ་མ་ཡིན་ཏེ། དོན་དམ་པར་གཟུགས་རྫས་སུ་ཡོད་པ་ཉིད་དུ་མ་གྲུབ་པའི་ཕྱིར་དཔེ་མེད་དོ་ཞེས་བྱ་བ་སྨྲས་ཏེ། ཕ་རོལ་པོ་དག་བརྡ་སྤྲོད་པ་པའི་ཐམ་ལག་གི་རྗེས་སུ་ཞུགས་ནས་རང་གི་ལུང་བོར་ཏེ་བྱུང་རྒྱལ་ཇི་སྐད་སྨྲས་སུ་ཟིན་ཀྱང་ཁོ་བོ་ཅག་གི་ཕྱོགས་ལ་དོན་དམ་པར་གཟུགས་རྫས་སུ་ཡོད་པ་ཉིད་དུ་མ་གྲུབ་པའི་ཕྱིར་ཕ་ རོལ་པོ་དག་གིས་དཔེར་ན་གཟུགས་བཞིན་ཏེ་ཞེས་སྨྲས་པའི་དཔེ་མེད་པས་བུམ་པ་ཡང་རྫས་སུ་ཡོད་པར་མ་གྲུབ་པོ། །དེའི་ཕྱིར་ཁོ་བོ་ཅག་ལ་ནི་ཆོས་མངོན་པའི་མཚན་ཉིད་ལས། གང་ཞིག་བློས་གཞན་སེལ་བ་ལ། །དེའི་བློ་མེད་པ་བུམ་ཆུ་བཞིན། །དེ་ནི་ཀུན་རྫོབ་ཡོད་པ་ཡིན། །ཞེས་བྱ་བའི་ ཁུངས་དེ་ཡང་མེད་པ་མ་ཡིན་ནོ། །ད་ནི་དེ་ལྟར་དོན་དམ་པ་པའི་ཆོས་མངོན་པའི་ཚུལ་གྲུབ་མོད་ཀྱི། ཀུན་རྫོབ་པའི་ཆོས་མངོན་པའི་ཚུལ་ཡང་ཁོ་བོ་ཅག་ཁས་ལེན་པས་དེ་ཉིད་ཆོས་མངོན་པ་ལ་མི་མཁས་པ་ཁྱེད་ཉོན་ཅིག་ཅེས་བསྟན་པའི་ཕྱིར། ཐ་སྙད་དུ་ནི་མཚན་ཉིད་ཇི་སྐད་སྨྲས་པ་ཉིད་ཀྱིས་དངོས་ པོ་ཐམས་ཅད་བཏགས་པར་ཡོད་པ་ཉིད་ཡིན་ཡང་གང་ཞིག་ཀྱང་དེའི་བློ་མི་འཇིག་པ་དེ་ནི་རྫས་སུ་ཡོད་པ་ཡིན་ལ། གང་ཞིག་པ་ན་དེའི་བློ་མེད་པ་དེ་ནི་བཏགས་པར་ཡོད་པ་ཡིན་པར་རྣམ་པར་གཞག་གོ་ཞེས་བྱ་བ་སྨྲས་ཏེ། ཐ་སྙད་དུ་ནི་ཆོས་མངོན་པའི་མཚན་ཉིད་ལས། གང་ཞིག་བློས་གཞན་སེལ་བ་ལ། ། དེའི་བློ་མེད་པ་བུམ་ཆུ་བཞིན། །དེ་ནི་ཀུན་རྫོབ་ཡོད་པ་ཡིན། །ཞེས་ཇི་སྐད་སྨྲས་པ་ཉིད་ཀྱིས། དངོས་པོ་ཐམས་ཅད་བཏགས་པར་ཡོད་པ་ཉིད་ཡིན་ཡང་དེ་ལ་བྱེ་བྲག་ཏུ་དབྱེ་ན། བུམ་པ་ལ་སོགས་པའི་དངོས་པོ་གང་ཞིག་ཀྱང་གྱོ་མོ་ལ་སོགས་པ་དེའི་བློ་མི་འཇིག་པའི་གྱོ་མོ་ལ་སོགས་པ་དེ་ནི་རྫས་སུ་ ཡོད་པ་ཡིན་ལ། བུམ་པ་ལ་སོགས་པ་གང་ཞིག་པ་ན་བུམ་པ་ལ་སོགས་པ་དེའི་བློ་མེད་པའི་ཞིག་པ་དེ་ནི་བཏགས་པར་ཡོད་པ་ཡིན་པར་རྣམ་པར་གཞག་པས་དེས་ན་ཀུན་རྫོབ་ཏུ་ཆོས་མངོན་པའི་མཚན་ཉིད་དང་མི་འགལ་ལོ། །དངོས་པོ་མེད་པ་ཡང་དངོས་པོ་མེད་པའི་ཚུལ་གྱི་ཤེས་བྱ་ཡིན་ཡང་ རྫས་སུ་ཡོད་པ་ཉིད་མ་ཡིན་པས་མ་ངེས་པ་ཉིད་ཀྱང་ཡིན་ནོ་ཞེས་བྱ་བས་ནི་ཕ་རོལ་པོ་དག་གིས་གཏན་ཚིགས་ཤེས་བྱ་ཡིན་པའི་ཕྱིར་ཞེས་བྱ་བ་དེ་མ་ངེས་པ་ཉིད་དུ་སྟོན་ཏེ། འདི་ན་རི་བོང་གི་རྭ་ལ་སོགས་པ་དངོས་པོ་མེད་པ་དག་ཀྱང་དངོས་པོ་མེད་པའི་ཚུལ་གྱིས་ཤེས་བྱ་ཡིན་ཡང་རྫས་སུ་ཡོད་པ་ཉིད་མ་ཡིན་ པར་མཐོང་བས་དེས་ན་ཅི་རེ་ཞིག་ཤེས་བྱ་ཡིན་པའི་ཕྱིར་གཟུགས་བཞིན་དུ་བུམ་པ་རྫས་སུ་ཡོད་པར་འགྱུར་རམ། འོན་ཏེ་ཤེས་བྱ་ཡིན་པའི་ཕྱིར། རི་བོང་གི་རྭ་ལ་སོགས་པ་བཞིན་དུ་བུམ་པ་རྫས་སུ་ཡོད་པ་མ་ཡིན་པར་འགྱུར་བ་མ་ངེས་པས་ཕ་རོལ་པོ་དག་གི་གཏན་ཚིགས་དེ་མི་རུང་ངོ་། །ད་རྫས་སུ་ ཡོད་པ་ཉིད་དུ་རྟོགས་ན་ནི་གྲགས་པ་དང་ལུང་གིས་གནོད་པར་འགྱུར་བས་དེ་ཡང་རིགས་པ་མ་ཡིན་ནོ་ཞེས་བྱ་བས་ནི། གལ་ཏེ་ཕ་རོལ་པོ་དག་ཤེས་པར་བྱ་བ་ཡིན་པས་རྫས་དེ་ཞེས་བྱ་བའི་ཚིག་གིས་རི་བོང་གི་རྭ་ལ་སོགས་པ་དངོས་པོ་མེད་པ་དེ་དག་ཀྱང་རྫས་སུ་ཡོད་པ་ཉིད་དུ་རྟོག་ན་ནི་འཇིག་རྟེན་ལ་གྲགས་ པ་དང་། ལུང་གིས་གནོད་པར་འགྱུར་བས་དེ་ཡང་རིགས་པ་མ་ཡིན་ནོ་ཞེས་བསྟན་ཏེ། དེ་ལྟར་བུམ་པ་རྫས་སུ་ཡོད་པར་མ་གྲུབ་པས་བསྟན་བཅོས་མཛད་པས། དཔེར་ན་བུམ་པ་རྫས་སུ་ཡོད་པ་མ་ཡིན་པ་དེ་བཞིན་དུ་དེ་བཞིན་གཤེགས་པ་ཡང་རྫས་སུ་ཡོད་པ་མ་ཡིན་ནོ་ཞེས་ དམ་བཅས་པའི་དགོངས་པ་གྲུབ་པོ། །གཞན་དག་གིས་སྨྲས་པ། ཕུང་པོ་ལྔ་ནི་གདགས་པར་བྱ་བ་ཡིན་ཡང་ངོ་བོ་ཉིད་ཡོད་པ་མ་ཡིན་ལ། དེ་ཡང་དེ་བཞིན་གཤེགས་པར་གདགས་པའི་བརྗོད་པར་བྱ་བ་ཡིན་པས་དེ་བཞིན་གཤེགས་པ་དེའི་ངོ་བོ་ཉིད་བཅོས་མ་མ་ཡིན་པ་གང་ཡིན་པ་བློ་ལ་ངེས་པར་ གཞག་ནས། དེ་བཞིན་གཤེགས་པ་ངོ་བོ་ཉིད་མེད་དོ་ཞེས་སྒྲུབ་ན་ནི་གྲུབ་པ་ལ་སྒྲུབ་པ་མ་ཡིན་ཏེ། ཕུང་པོ་རྣམས་བྱས་པ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་ལ་སོགས་པས་ནི་གཞན་གྱི་དབང་གི་ངོ་བོ་ཉིད་ཡོད་པར་སྨྲ་བ་དག་སྔར་དབུ་མ་པས་དོན་དམ་པར་དེ་བཞིན་གཤེགས་པ་ངོ་བོ་ཉིད་མེད་དེ་གདགས་པར་ བྱ་བ་ཡིན་པའི་ཕྱིར་དཔེར་ན་མགལ་མེའི་འཁོར་ལོ་བཞིན་ནོ་ཞེས་སྨྲས་པའི་གཏན་ཚིགས་དང་དཔེ་དེ་དག་གིས་ཀུན་བརྟགས་པའི་ངོ་བོ་ཉིད་ཀྱི་དེ་བཞིན་གཤེགས་པ་ངོ་བོ་ཉིད་མེད་པར་སྒྲུབ་ན་ནི་གྲུབ་པ་ལ་སྒྲུབ་པ་ཡིན་ལ། གཞན་གྱི་དབང་གི་ངོ་བོ་ཉིད་ཀྱི་དེ་བཞིན་གཤེགས་པ་ངོ་བོ་ཉིད་མེད་པར་ སྒྲུབ་ན་ནི་དཔེ་མེད་དོ་ཞེས་ཟེར་བའི་ཚིག་ཡིན་ཏེ། དེ་དག་ན་རེ། འདི་ལྟར་ཕུང་པོ་ལྔ་ནི་དེ་དག་ལ་དེ་བཞིན་གཤེགས་པར་གདགས་པར་བྱ་བ་ཡིན་ཡང་དེ་དག་ལ་ཀུན་བརྟགས་པའི་ངོ་བོ་ཉིད་མེད་པར་ཟད་ཀྱི། གཞན་གྱི་དབང་གི་ངོ་བོ་ཉིད་མེད་པ་མ་ཡིན་ནོ། །དེ་ལ་ད་ཁྱེད་དབུ་མ་པ་དག་དེ་བཞིན་ གཤེགས་པ་དེའི་ངོ་བོ་ཉིད་བཅོས་མ་མ་ཡིན་པ་གཞན་གྱི་དབང་གི་ངོ་བོ་ཉིད་ཀྱི་དེ་བཞིན་གཤེགས་པ་གང་ཡིན་པ་དེ་ནི་ངོ་བོ་ཉིད་མེད་པ་མ་ཡིན་ནོ་ཞེས་བློ་ལ་ངེས་པར་བཞག་ནས། ཀུན་བརྟགས་པའི་ངོ་བོ་ཉིད་ཀྱི་དེ་བཞིན་གཤེགས་པ་བཅོས་མ་དེ་ངོ་བོ་ཉིད་མེད་དོ་ཞེས་སྒྲུབ་ན་ནི་གྲུབ་པ་ལ་སྒྲུབ་པ་ཡིན་ཏེ། འདི་ལྟར་ཁོ་བོ་ཅག་ལ་ཡང་ཕུང་པོ་རྣམས་ཀུན་བརྟགས་པའི་འཁྲུལ་པས་བྱས་ཤིང་བསྐྱེད་པའི་ཕྱིར་དེ་དག་ལ་ཀུན་བརྟགས་པའི་ངོ་བོ་ཉིད་མེད་པར་གྲུབ་པའི་ཕྱིར་རོ། །དེ་བས་ན་ཀུན་བརྟགས་པའི་ངོ་བོ་ཉིད་ཀྱི་དེ་བཞིན་གཤེགས་པ་ངོ་བོ་ཉིད་མེད་པར་སྒྲུབ་ན་ནི་གྲུབ་པ་ལ་སྒྲུབ་པ་ཡིན་ནོ། །འོན་ཏེ་གཞན་ ལས་བྱུང་བའི་དངོས་པོ་རྒྱུ་དང་རྐྱེན་གཞན་དག་ལས་བྱུང་ཞིང་སྐྱེས་པ་བདག་ཉིད་ཐོབ་པ་གང་ཡིན་པ་ལ་འགོག་པར་བྱེད་ན་ནི་འོ་ན་དེ་ནི་དཔེ་མེད་དེ། དངོས་པོ་ཐམས་ཅད་ནི་གཞན་ལས་བྱུང་བའི་མཚན་ཉིད་ཀྱི་ངོ་བོ་ཉིད་ཀྱིས་ངོ་བོ་དང་བཅས་པ་ཡིན་པས་འདི་ལྟར་ཁོ་བོ་ཅག་ནི་མགལ་མེའི་འཁོར་ལོ་བཞིན་ གཟུགས་ལ་སོགས་པ་མིག་གི་རྣམ་པར་ཤེས་པ་རྣམ་པར་རྟོག་པ་མེད་པའི་སྤྱོད་ཡུལ་གང་དག་ཡིན་པ་དེ་དག་ངོ་བོ་ཉིད་དང་བཅས་པ་ཁོ་ན་ཡིན་པར་འདོད་པའི་ཕྱིར་རོ་ཞེས་བྱ་བས་ནི་གཞན་གྱི་དབང་གི་ངོ་བོ་ཉིད་ཀྱི་དེ་བཞིན་གཤེགས་པ་ངོ་བོ་ཉིད་མེད་པར་སྒྲུབ་ན་ནི་དཔེ་མེད་པར་སྟོན་ཏེ། དེ་དག་ན་རེ། ཁྱོད་ ཀྱི་གཏན་ཚིགས་དང་དཔེ་དེས་གཞན་གྱི་དབང་གི་ངོ་བོ་ཉིད་གཞན་ལས་བྱུང་བའི་དངོས་པོ་རྒྱུ་དང་རྐྱེན་གཞན་ལས་བྱུང་ཞིང་སྐྱེས་པ་བདག་ཉིད་ཐོབ་པའི་དེ་བཞིན་གཤེགས་པ་འགོག་པར་བྱེད་ན་ནི། དེས་ན་ཁྱེད་ཀྱི་དཔེ་མགལ་མེའི་འཁོར་ལོ་བཞིན་ནོ་ཞེས་བྱ་བ་དེ་མེད་དེ་འདི་ལྟར་དངོས་པོ་ཐམས་ཅད་ནི་རྐྱེན་ གཞན་ལས་བྱུང་བའི་མཚན་ཉིད་ཡིན་པས་རང་གི་ངོ་བོ་ཉིད་ལས་མ་སྐྱེས་པའི་ཕྱིར་སྐྱེ་བ་ངོ་བོ་ཉིད་མེད་པ་ཉིད་ཡིན་དུ་ཟིན་ཀྱང་གཞན་གྱི་དབང་གིས་བྱུང་བའི་དངོས་པོའི་ངོ་བོ་ཉིད་ཀྱིས་ངོ་བོ་ཉིད་དང་བཅས་པ་ཡིན་པས། དེས་ན་འདི་ལྟར་ཁོ་བོ་ཅག་ནི་མགལ་མེའི་འཁོར་ལོ་གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་པ་དང་། མིག་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་ཀྱི་རྣམ་པར་ཤེས་པ་རྣམ་པར་རྟོག་པ་མེད་པའི་སྤྱོད་ཡུལ་ཀུན་བརྟགས་པ་དང་བྲལ་བ་གཞན་གྱི་དབང་གི་ངོ་བོ་ཉིད་དོན་དམ་པར་ཡང་ངོ་བོ་ཉིད་ཡོད་པར་འདོད་པས། དེས་ན་ཁྱེད་ཀྱི་གདགས་པར་བྱ་བ་ཡིན་པའི་ཕྱིར་ངོ་བོ་ཉིད་མེད་དེ་ དཔེར་ན་མགལ་མེའི་འཁོར་ལོ་བཞིན་ནོ་ཞེས་སྨྲས་པའི་དཔེ་མེད་དོ། །དེ་ལྟར་ན་གྲུབ་པ་ལ་སྒྲུབ་ན་ཡང་གཏན་ཚིགས་སྐྱོན་ཆགས་པ་ཡིན་ལ་དཔེ་མེད་ན་ཡང་སྒྲུབ་པ་དཔེ་མ་ཚང་བའི་སྐྱོན་ཡོད་པ་ཡིན་པས་དབུ་མ་པའི་གཏན་ཚིགས་མ་གྲུབ་པའི་ཕྱིར། གཞན་གྱི་དབང་གི་ངོ་བོ་ཉིད་ཀྱི་དེ་བཞིན་གཤེགས་ པ་ནི་དོན་དམ་པར་ངོ་བོ་ཉིད་མེད་པ་མ་ཡིན་ནོ་ཞེས་ཟེར་རོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས། དེ་ནི་བཟང་པོ་མ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པ་སྨྲས་ཏེ། དབུ་མ་པས་ཀུན་བརྟགས་པའི་ངོ་བོ་ཉིད་ཀྱི་དེ་བཞིན་གཤེགས་པ་འབའ་ཞིག་དོན་དམ་པར་ངོ་བོ་ཉིད་མེད་པར་ མི་སྒྲུབ་པས་གྲུབ་པ་ལ་སྒྲུབ་པ་ཡིན་ནོ་ཞེས་ཟེར་བའི་ལན་ནི་གདབ་མི་དགོས་སོ། །དཔེ་མེད་དེ་ཞེས་ཟེར་བའི་ལན་གདབ་པར་བྱ་སྟེ། ཕ་རོལ་པོ་དག་གཞན་གྱི་དབང་གི་ངོ་བོ་ཉིད་ཀྱི་དེ་བཞིན་གཤེགས་པ་དོན་དམ་པར་ངོ་བོ་ཉིད་ཡོད་པར་འདོད་ཅིང་མགལ་མེའི་འཁོར་ལོའི་ གཟུགས་ལ་སོགས་པ་ངོ་བོ་ཉིད་ཡོད་པར་སྒྲུབ་པ་དང་། དབུ་མ་པའི་དཔེ་མེད་དེ་ཞེས་ཟེར་བ་དེ་ནི་བཟང་པོ་མ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། འདིར་མགལ་མེའི་འཁོར་ལོ་ཉིད་ནི་འཁྲུལ་པ་སྟེ་ཞེས་བྱ་བ་སྨྲས་ཏེ། མགལ་མེ་གཅིག་འགྲེང་གི་རྩེ་མོ་ལ་འཁོར་ལོ་མེད་བཞིན་དུ་མྱུར་དུ་བསྐོར་བའི་དབང་ གིས་འཁོར་ལོ་འདྲ་བར་མཐོང་བ་ནི་འཁྲུལ་པ་ཡིན་པས་ངོ་བོ་ཉིད་མེད་པའི་ཕྱིར་ཁོ་བོའི་དཔེ་མེད་པ་མ་ཡིན་ནོ། །དེ་ཉིད་བསྟན་པའི་ཕྱིར། དངོས་དང་སྟེང་དང་འོག་གི་ནམ་མཁའི་ཆ་དང་མགལ་མེ་ལ་འཁོར་ལོའི་ངོ་བོ་ཉིད་ཀྱིས་སྟོང་པ་དཔེ་ཉིད་དུ་འདོད་པའི་ཕྱིར་དང་ཞེས་བྱ་བ་སྨྲས་ཏེ། དེ་ ལྟར་ནམ་མཁའི་ཆ་དང་མགལ་མེ་ལ་འཁོར་ལོའི་ངོ་བོ་ཉིད་མེད་བཞིན་དུ་བརྟེན་ནས་འཁོར་ལོར་གདགས་པ་ཡིན་པས་ཁོ་བོའི་དཔེ་གྲུབ་པའི་ཕྱིར། དཔེར་ན་མགལ་མེའི་འཁོར་ལོ་ནི་བརྟེན་ནས་གདགས་པར་བྱ་བ་ཡིན་པའི་ཕྱིར་ངོ་བོ་ཉིད་མེད་པ་དེ་བཞིན་དུ་དེ་བཞིན་གཤེགས་པ་ཡང་ཕུང་ པོ་རྣམས་ལ་བརྟེན་ནས་གདགས་པར་བྱ་བ་ཡིན་པའི་ཕྱིར་ངོ་བོ་ཉིད་མེད་དོ་ཞེས་དམ་བཅས་པ་གྲུབ་པོ་ཞེས་བྱ་བར་སྦྱར་རོ། །མགལ་མེའི་གཟུགས་ལ་སོགས་པ་དག་གི་སྐྱེ་བ་བཀག་པའི་ཕྱིར་དང་ཞེས་བྱ་བ་ཡང་དཔེ་གྲུབ་པོ་ཞེས་བྱ་བར་སྦྱར་ཏེ། གལ་ཏེ་ཕ་རོལ་པོ་དག་ན་རེ། འཁོར་ལོ་ ཉིད་མེད་ཀྱང་མགལ་མེའི་གཟུགས་ལ་སོགས་པ་ཡོད་པས་གཞན་གྱི་དབང་གི་ངོ་བོ་ཉིད་ཡོད་པར་གྲུབ་པས་དབུ་མ་པའི་དཔེ་མེད་དོ་ཞེ་ན། དེ་ནི་ཁོ་བོས་སྔར་སྐྱེ་བ་མེད་པའི་རབ་ཏུ་བྱེད་པར་བཀག་ཟིན་པའི་ཕྱིར་དཔེ་མེད་པ་མ་ཡིན་ནོ། །རྫས་སུ་ཡོད་པ་ཉིད་བཀག་པའི་ཕྱིར་དང་ཞེས་བྱ་བ་ ཡང་དེ་བཞིན་དུ་སྦྱར་ཏེ། ཕུང་པོ་བརྟག་པའི་རབ་ཏུ་བ