Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 101

Văn bản gốc(Tây Tạng)

Trang 11 / 23 (50.000 ký tự/trang)
་སུན་དབྱུང་བར་མི་ནུས་སོ་སྙམ་ན་ཞེས་བྱ་བ་ནི་ཕ་རོལ་པོ་དག་དབུ་མ་པས་རང་གི་དམ་བཅས་པའི་གྲུབ་པའི་མཐའི་ཚུལ་རབ་ཏུ་
མ་བསྒྲུབས་པར་ཁོ་བོ་ཅག་གཞན་གྱི་ཕྱོགས་སུན་དབྱུང་བར་མི་ནུས་སོ་སྙམ་དུ་སེམས་པ་ཡིན་ནོ། །དེའི་ལན་དུ་འགྲེལ་པ་བྱེད་པས་རང་གི་གྲུབ་པའི་མཐའི་ཚུལ་རབ་ཏུ་བསྒྲུབ་པ་དེ་བསྟན་པའི་ཕྱིར་རེ་ཞིག །མུ་དང་པོ་གཉིས་ཀྱི་ཕྱོགས་ཉེ་བར་གཞག་པའི་རྣམ་པར་བརྟག་པ་སྔ་མའི་དབང་དུ་བྱ་སྟེ། བཤད་
དོ་ཞེས་བྱ་བར་སྦྱར་རོ། །དེ་ལ་རེ་ཞིག་མུ་དང་པོ་དགག་པ་བསྟན་པའི་ཕྱིར་བཤད་པ། འཇིག་པ་འབྱུང་བ་མེད་པར་ནི། །ཇི་ལྟ་བུར་ན་ཡོད་པར་འགྱུར། །ཡོད་པ་ཉིད་མ་ཡིན་ནོ་ཞེས་བྱ་བའི་ཚིག་གི་དོན་ཏེ། དེ་ནི་དམ་བཅའ་བ་ཉེ་བར་བཞག་པའོ་ཞེས་བྱ་བ་སྨྲས་ཏེ། དེས་ནི་འཇིག་པ་འབྱུང་བ་མེད་པར་
ཡོད་པ་ཉིད་མ་ཡིན་པར་དགག་པའི་མུ་དང་པོའི་དམ་བཅའ་བ་ཉེ་བར་བཞག་པ་བསྟན་ཏོ། །དེའི་བསྒྲུབ་པ་བསྟན་པའི་ཕྱིར། །ཇི་ལྟར་འཆི་བ་སྐྱེ་བ་མེད་པ་ལྟར། །དེ་ལྟར། འཇིག་པ་འབྱུང་བ་མེད་པར་མེད། །དེའི་རྐྱེན་ཡིན་པའི་ཕྱིར་རོ་ཞེས་བྱ་བར་དགོངས་སོ་ཞེས་བྱ་བ་སྨྲས་ཏེ། ཇི་ལྟར་འཆི་བ་སྐྱེ་བ་མེད་
པར་མེད་པ་ལྟར་འཇིག་པ་ཡང་འབྱུང་བ་མེད་པར་མེད་དེ། འཆི་བ་དང་འཇིག་པ་དེའི་རྐྱེན་སྐྱེ་བ་དང་འབྱུང་བ་ཡིན་པའི་ཕྱིར་རོ་ཞེས་བྱ་བར་མདོ་མཛད་པས་དགོངས་སོ། །འདིར་ཚིག་གི་དོན་གསལ་བར་བྱ་བའི་ཚིག་གཞན་འདོད་པའི་ཕྱིར་སྨྲས་ཏེ་ཇི་ལྟར་དང་དེ་ལྟར་ཞེས་བྱ་བའི་ཚིག་གཉིས་ཁོང་ནས་དྲངས་ཏེ་བསྟན་པར་
བྱའོ་ཞེས་བྱ་བས་ནི། །འཆི་བ་སྐྱེ་བ་མེད་པ་ལྟར། །འཇིག་པ་འབྱུང་བ་མེད་པར་མེད། །ཅེས་བྱ་བའི་ཚིག་ལེའུར་བྱས་པའི་རྩ་བ་དེ་གཉིས་ཀྱིས་ཚིག་གི་དོན་གསལ་བར་བྱ་བའི་ཚིག་གཞན་འདོད་པའི་ཕྱིར་འགྲེལ་པ་ལས་ཇི་ལྟར་དང་དེ་ལྟར་ཞེས་བྱ་བའི་ཚིག་གཉིས་ཁོང་ནས་དྲངས་ཏེ། བསྟན་པར་བལྟ་བར་བྱའོ་

ཞེས་བསྟན་ཏོ། །དོན་འདི་ཡང་རབ་ཏུ་གྲགས་པ་ཡིན་པས་འདིར་རྗེས་སུ་དཔག་པ་ནི་བརྗོད་པར་མི་བྱའོ་ཞེས་བྱ་བས་ནི་ཇི་ལྟར་འཆི་བ་སྐྱེ་བ་མེད་པར་མེད་པ་དེ་ལྟར་འཇིག་པ་ཡང་འབྱུང་བ་མེད་པར་མེད་པའི་དོན་འདི་ཡང་འཇིག་རྟེན་ཐམས་ཅད་ལ་རབ་ཏུ་གྲགས་པ་ཡིན་པས་འདིར་རྗེས་སུ་དཔག་པ་ནི་བརྗོད་པར་བྱ་
མི་དགོས་སོ་ཞེས་བསྟན་ཏེ། །རབ་ཏུ་གྲགས་པ་ཡིན་ཡང་དཔེས་དྲང་བར་བྱ་སྟེ་ཞེས་བྱ་བས་ནི་དེ་ལྟར་རབ་ཏུ་གྲགས་པ་ཡིན་ཡང་། འགའ་ཞིག་ལོག་པར་སྒྲུབ་པ་ཡོད་ན་དེ་ལ་འདི་སྐད་ཅེས། འཇིག་པ་ནི་འབྱུང་བ་མེད་པར་མེད་དེ། དེའི་རྐྱེན་ཡིན་པའི་ཕྱིར་དཔེར་ན་འཆི་བ་སྐྱེ་བ་མེད་པར་མེད་པ་བཞིན་ནོ་
ཞེས་སྒྲུབ་པ་དཔེས་དྲངས་རྣམས་ཀྱང་འཇིག་པ་དེའི་བདག་ཉིད་ཡིན་པའི་ཕྱིར་འབྱུང་བའི་དངོས་པོ་རྣམས་ལ་འཇིག་པའི་མི་རྟག་པ་ཉིད་ནམ་ཡང་མེད་པ་མ་ཡིན་པས་འབྱུང་བ་ནི་འཇིག་པ་མེད་པར་ཡོད་པ་ཉིད་མ་ཡིན་ནོ། །སྡེ་པ་གཞན་ལས་གང་འཇིག་པའི་རྒྱུ་དང་ཕྲད་ནས་མི་རྟག་པ་ཉིད་ཀྱིས་འཇིག་པར་བྱེད་པས་དེས་
ན་དུས་ཐམས་ཅད་དུ་མི་རྟག་པ་ཉིད་ཡོད་པ་མ་ཡིན་ནོ་ཞེས་ཟེར་བ་དེ་ཡང་ཞེས་བྱ་བས་ནི་ཉན་ཐོས་བྱེ་བྲག་ཏུ་སྨྲ་བ་དག་གི་གཞུང་ལས་འཇིག་པ་ལ་རྒྱུ་ཡོད་པར་སྨྲ་བའི་ཚིག་ཡིན་ཏེ། དེ་དག་ན་རེ་དཔེར་ན་གཅོད་པའི་རྒྱུ་སྟ་རེ་དང་ཕྲད་ནས་མིས་ཤིང་གཅོད་པར་བྱེད་པས་དེས་ན་དུས་ཐམས་ཅད་དུ་མི་ཉིད་གཅོད་པ་པོ་
མ་ཡིན་གྱི། གཅོད་པའི་རྒྱུ་ཉིད་ལོགས་ཤིག་ན་ཡོད་པ་དེ་བཞིན་དུ་འཇིག་པའི་རྒྱུ་ཐོ་བ་དང་ཕྲད་ནས་མི་རྟག་པ་ཉིད་ཀྱིས་བུམ་པ་འཇིག་པར་བྱེད་པས། དེས་ན་དུས་ཐམས་ཅད་དུ་མི་རྟག་པ་ཉིད་ཡོད་པ་མ་ཡིན་གྱི། འཇིག་པའི་རྒྱུ་ཉིད་ལོགས་ཤིག་ན་ཡོད་པས་དེའི་ཕྱིར་འབྱུང་བ་ནི་འཇིག་པ་མེད་པར་ཡང་
ཡོད་པ་ཉིད་ཡིན་ནོ་ཞེས་ཟེར་རོ། །དེ་དག་གི་གཞུང་དགག་པའི་ཕྱིར་འགྲེལ་པ་བྱེད་པ་ཉིད་ཀྱིས། གལ་ཏེ་དེ་ལྟ་ན་ཨ་རུ་ར་དང་ཕྲད་ནས་ལྷས་འཁྲུ་བར་བྱེད་པ་ལྟ་བུར་འགྱུར་ཏེ། གལ་ཏེ་འཇིག་པའི་རྒྱུ་ཡོད་ན་ནི་མི་རྟག་པ་ཉིད་ཀྱིས་འཇིག་པར་བྱེད་ན་དེ་ལྟ་ན་འཇིག་པའི་རྒྱུ་ཉིད་ཀྱིས་འཇིག་པར་བྱེད་ཀྱི།
མི་རྟག་པ་ཉིད་ཀྱིས་འཇིག་པར་མི་བྱེད་དེ། དེ་ཡོད་ཀྱང་འཇིག་པར་མི་བྱེད་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། གལ་ཏེ་དེ་ལྟར་འཇིག་པ་ལས་རྒྱུ་གཞན་ལོགས་ཤིག་ན་ཡོད་ཅིང་དེ་དང་ཕྲད་ནས་མི་རྟག་པ་ཉིད་ཀྱིས་འཇིག་པར་བྱེད་ན་དེ་ལྟ་ན་ཁ་ཅིག་ན་རེ་འཁྲུ་བའི་རྒྱུ་ཨ་རུ་ར་ལོགས་ཤིག་ཡོད་པ་དང་ཕྲད་ནས་ལྷས་

འཁྲུ་བར་བྱེད་དོ་ཞེས་ཟེར་བ་ལྟ་བུར་འགྱུར་བས་དེ་ནི་མི་རུང་སྟེ། དེ་ལྟར་ན་འཇིག་པའི་རྒྱུ་ཉིད་ཀྱིས་འཇིག་པར་བྱེད་ཀྱི་མི་རྟག་པ་ཉིད་ཀྱིས་འཇིག་པར་མི་བྱེད་པས། འབྱུང་བ་ཡང་འཇིག་པའི་རྒྱུ་དང་མ་ཕྲད་ཀྱི་བར་དུ་རང་གི་ངང་གིས་མི་འཇིག་པའི་སྐྱོན་དུ་འགྱུར་བས་དེ་ནི་མི་འདོད་དོ། །དེ་ལ་
འདི་སྐད་ཅེས་ཀྱང་འདྲི་བར་བྱ་སྟེ། ཅི་འཇིག་པའི་བདག་ཉིད་ཅན་ཞིག་འཇིག་པའི་རྒྱུ་ལ་ལྟོས་ནས་འཇིག་པར་འགྱུར་རམ། འོན་ཏེ་འཇིག་པའི་བདག་ཉིད་ཅན་མ་ཡིན་པ་ཞིག་འཇིག་པའི་རྒྱུ་ལ་ལྟོས་ནས་འཇིག་པར་འགྱུར་ཞེས་བྱ་བས་ནི་ཉན་ཐོས་བྱེ་བྲག་ཏུ་སྨྲ་བ་དག་ལ་གལ་ཏེ་གཉིས་བརྟག་པར་བྱ་ཞིང་གཉི་
ག་ལྟར་ཡང་མི་འཐད་པར་སྟོན་ཏོ། །དེ་ལ་བརྟག་པ་དང་པོ་མི་འཐད་པར་བསྟན་པའི་ཕྱིར། དེ་ལ་གལ་ཏེ་འཇིག་པའི་བདག་ཉིད་ཅན་ཞིག་ཡིན་ན་ནི་དེའི་འཇིག་པ་དེ་སྐྱེས་མ་ཐག་ཏུ་འབྱུང་བར་འགྱུར་ཏེ། དེའི་བདག་ཉིད་ཡིན་པའི་ཕྱིར་དཔེར་ན་རང་གི་བདག་ཉིད་བཞིན་པས་དེ་ནི་རིགས་པ་མ་ཡིན་ནོ་ཞེས་བྱ་
བ་སྨྲས་ཏེ། དེ་དག་ནི་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་དང་། མཇུག་བསྡུ་བ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་འཇིག་པའི་རང་གི་བདག་ཉིད་ནི་འཇིག་པ་དེའི་བདག་ཉིད་ཡིན་པའི་ཕྱིར་དེའི་འཇིག་པ་དེ་སྐྱེས་མ་ཐག་ཏུ་འབྱུང་བར་འགྱུར་བས་དེ་
འཇིག་པའི་རྒྱུ་གཞན་ལ་ལྟོས་ནས་འཇིག་པར་འགྱུར་བར་རིགས་པ་མ་ཡིན་པ་དེ་བཞིན་དུ་འཇིག་པའི་བདག་ཉིད་ཅན་ཡང་འཇིག་པའི་བདག་ཉིད་ཡིན་པའི་ཕྱིར་དེའི་འཇིག་པ་དེ་སྐྱེས་མ་ཐག་ཏུ་འབྱུང་བར་འགྱུར་བས་དེ་འཇིག་པའི་རྒྱུ་གཞན་ལ་ལྟོས་ནས་འཇིག་པར་འགྱུར་བར་རིགས་པ་མ་ཡིན་ནོ། །བརྟག་
པ་གཉིས་པ་མི་འཐད་པར་བསྟན་པའི་ཕྱིར། འཇིག་པའི་བདག་ཉིད་ཅན་མ་ཡིན་ན་ཡང་འཇིག་པར་མི་འགྱུར་ཏེ། དེའི་བདག་ཉིད་མ་ཡིན་པའི་ཕྱིར་དཔེར་ན་མྱ་ངན་ལས་འདས་པ་བཞིན་པས་དེ་ཡང་རིགས་པ་མ་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། དེ་དག་ཀྱང་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་
པའི་ཆོས་དང་། དཔེ་དང་། མཇུག་བསྡུ་བ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་མྱ་ངན་ལས་འདས་པ་ནི་འཇིག་པ་དེའི་བདག་ཉིད་མ་ཡིན་པའི་ཕྱིར་འཇིག་པར་མི་འགྱུར་བས་འཇིག་པའི་རྒྱུ་གཞན་ལ་ལྟོས་ནས་འཇིག་པར་འགྱུར་བར་རིགས་པ་མ་ཡིན་པ་དེ་བཞིན་དུ་འཇིག་པའི་བདག་ཉིད་

ཅན་མ་ཡིན་པ་ཡང་འཇིག་པ་དེའི་བདག་ཉིད་མ་ཡིན་པའི་ཕྱིར་འཇིག་པར་མི་འགྱུར་བས་འཇིག་པའི་རྒྱུ་གཞན་ལ་ལྟོས་ནས་འཇིག་པར་འགྱུར་བར་རིགས་པ་མ་ཡིན་ཏེ། རེ་ཞིག་དེ་དག་གིས་ནི་བྱེ་བྲག་ཏུ་སྨྲ་བ་དག་འདོད་པ་ལྟར་འཇིག་པའི་རྒྱུ་དང་ཕྲད་ནས་མི་རྟག་པ་ཉིད་ཀྱིས་འཇིག་པར་བྱེད་པས། དེས་ན་ཇི་སྲིད་
དུ་འཇིག་པའི་རྒྱུ་དང་མ་ཕྲད་པ་དེ་སྲིད་དུ་མི་རྟག་པ་ཉིད་ཀྱིས་འཇིག་པར་མི་བྱེད་པའི་ཕྱིར་འབྱུང་བ་ནི་འཇིག་པ་མེད་པར་ཡང་ཡོད་པ་ཉིད་དོ་ཞེས་ཟེར་བའི་གཞུང་དགག་པ་སྤྱིར་བསྟན་ཏོ། །ད་ནི་དེ་དག་གིས་བརྟགས་པའི་འཇིག་པའི་རྒྱུ་ཉིད་དགག་པ་བསྟན་པའི་ཕྱིར་གང་ཞིག་གང་གི་འཇིག་པའི་རྒྱུར་འདོད་པ་དེ་ཡང་དེའི་
རྒྱུ་མ་ཡིན་ཏེ། དེ་ལ་ཁྱད་པར་ཡོད་ཀྱང་དེ་ཁྱད་པར་མེད་པའི་ཕྱིར་དཔེར་ན་དེ་ལས་གཞན་བཞིན་ནོ་ཞེས་བྱ་བ་སྨྲས་ཏེ། དེ་དག་ཀྱང་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་དང་། མཇུག་བསྡུ་བ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་ཐོ་བ་བུམ་པ་འཇིག་པའི་རྒྱུར་འདོད་པ་
དེ་ལས་གཞན་པ་མེ་ཏོག་འཇིག་པའི་རྒྱུར་ཁ་བ་དང་། ཚྭ་དང་། མེ་ལ་སོགས་པ་འདོད་པ་དེ་དག་ནི་རྒྱུ་དེ་དག་ལ་ཁྱད་པར་ཡོད་དེ་དེ་དག་གིས་བཤིག་པའི་འཇིག་པ་ཞེས་བྱ་བ་མེ་ཏོག་མཚན་ཉིད་མི་འདྲ་བར་གྱུར་པ་དེ་ཁྱད་པར་མེད་པའི་ཕྱིར་དེ་དག་མེ་ཏོག་འཇིག་པ་དེའི་རྒྱུ་མ་ཡིན་པ་དེ་བཞིན་དུ་ཐོ་བ་བུམ་པ་འཇིག་
པའི་རྒྱུར་འདོད་པ་དེ་ཡང་ཐོ་བ་དེ་ལ་ལྕགས་ཐོ་དང་ཤིང་ཐོ་ལ་སོགས་པ་དག་གི་ཁྱད་པར་ཡོད་ཀྱང་དེ་དག་གིས་བཤིག་པའི་འཇིག་པ་ཞེས་བྱ་བ་བུམ་པ་མཚན་ཉིད་མི་འདྲ་བར་གྱུར་པ་དེ་ཁྱད་པར་མེད་པའི་ཕྱིར་ཐོ་བ་དེ་བུམ་པ་འཇིག་པ་དེའི་རྒྱུ་མ་ཡིན་ཏེ། འདི་ལྟར་འཇིག་རྟེན་ན་རྒྱུ་དང་འབྲས་བུ་ནི་རྒྱུའི་ཁྱད་པར་
ལས་འབྲས་བུ་ཡང་དེ་དང་མཐུན་པའི་ཁྱད་པར་ཅན་འགྱུར་བ་ལས་རྒྱུ་དང་འབྲས་བུ་ཞེས་བྱ་བར་ཐ་སྙད་གདགས་པ་ཡིན་ན་གང་ཞིག་གང་གི་འཇིག་པའི་རྒྱུར་འདོད་པ་དེ་ནི་རྒྱུ་དེ་ལ་ཁྱད་པར་ཡོད་ཀྱང་དེས་བཤིག་པའི་འཇིག་པ་ཞེས་བྱ་བ་མཚན་ཉིད་མི་འདྲ་བར་གྱུར་པ་དེ་ཁྱད་པར་མེད་པའི་ཕྱིར་དེ་དེའི་རྒྱུ་མ་ཡིན་ནོ། །
ད་ནི་འཇིག་པ་རྒྱུ་ཅན་མ་ཡིན་པར་དགག་པ་བསྟན་པའི་ཕྱིར། ཡང་ན་འཇིག་པ་ནི་རྒྱུ་དང་བཅས་པ་མ་ཡིན་ཏེ། འཇིག་པ་དང་ལྡན་པ་མ་ཡིན་པའི་ཕྱིར་དཔེར་ན་འདུས་མ་བྱས་བཞིན་ནོ་ཞེས་བྱ་བ་སྨྲས་ཏེ། དེ་དག་ཀྱང་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་

གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་འདུས་མ་བྱས་ནི་འཇིག་པ་དང་ལྡན་པ་མ་ཡིན་པའི་ཕྱིར་རྒྱུ་དང་བཅས་པ་མ་ཡིན་པ་དེ་བཞིན་དུ་འཇིག་པ་ཡང་རང་གི་ངང་གིས་འཇིག་པས་འཇིག་པ་གཞན་དང་ལྡན་པ་མ་ཡིན་པའི་ཕྱིར་རྒྱུ་དང་བཅས་པ་མ་ཡིན་ནོ། །འཇིག་པ་ལ་རྒྱུ་ཡོད་པར་དམ་
བཅའ་བ་དག་ལ་སྐྱོན་གཞན་ཡང་ཡོད་པར་བསྟན་པའི་ཕྱིར། དེ་ལྟར་དབུ་མ་པས་འཇིག་པ་རྒྱུ་དང་ལྡན་པ་མ་ཡིན་པ་ཉིད་དུ་རྗེས་སུ་དཔག་པས་རྒྱུ་དང་ལྡན་པ་མ་ཡིན་པ་ཉིད་ཀྱིས་རྒྱུ་དང་ལྡན་པ་ཉིད་བསྩལ་བའི་ཕྱིར། ཕ་རོལ་པོ་དག་གི་དམ་བཅས་པ་ལ་ཆོས་ཅན་འཇིག་
པའི་ཆོས་རྒྱུ་དང་ལྡན་པའི་ངོ་བོ་ཉིད་བསལ་བའི་སྐྱོན་ཡོད་དོ་ཞེས་བྱ་བ་སྨོས་ཏེ། དབུ་མ་པའི་རྗེས་སུ་དཔག་པ་སྔ་མ་དེས་ཕ་རོལ་པོ་དག་གི་དམ་བཅས་པ་ལ་འཇིག་པ་རྒྱུ་དང་ལྡན་པའི་ངོ་བོ་ཉིད་བསྩལ་བའི་སྐྱོན་ཡོད་པར་བསྟན་ཏོ།། །།བམ་པོ་དྲུག་ཅུ་བརྒྱད་པ། གལ་ཏེ་འཇིག་པ་
ནི་རྒྱུ་དང་བཅས་པ་ཡིན་ཏེ། འདུས་བྱས་ཀྱི་མཚན་ཉིད་ཡིན་པའི་ཕྱིར་དཔེར་ན་སྐྱེ་བ་བཞིན་ནོ་ཞེ་ན་ཞེས་བྱ་བ་ནི་ཕ་རོལ་པོ་དག་འཇིག་པ་འདུས་བྱས་ཀྱི་མཚན་ཉིད་ཡིན་པའི་གཏན་ཚིགས་ཀྱི་རྒྱུ་དང་བཅས་པ་སྒྲུབ་པའི་ཚིག་ཡིན་ཏེ། དེ་དག་ནི་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་
ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་སྐྱེ་བ་ནི་འདུས་བྱས་ཀྱི་མཚན་ཉིད་ཡིན་པའི་ཕྱིར་རྒྱུ་དང་བཅས་པ་ཡིན་པ་དེ་བཞིན་དུ་འཇིག་པ་ཡང་འདུས་བྱས་ཀྱི་མཚན་ཉིད་ཡིན་པའི་ཕྱིར་རྒྱུ་དང་བཅས་པ་ཡིན་ནོ་ཞེས་ཟེར་རོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་
ཀྱིས། སེམས་དང་སེམས་ལས་བྱུང་བ་དང་། བློ་དང་སྒྲའི་སྐད་ཅིག་མ་ཐ་མ་དག་གིས་མ་ངེས་པ་ཉིད་དོ་ཞེས་བྱ་བ་སྨྲས་ཏེ། དེས་ནི་ཕ་རོལ་པོ་དག་གི་གཏན་ཚིགས་འདུས་བྱས་ཀྱི་མཚན་ཉིད་ཡིན་པའི་ཕྱིར་ཞེས་བྱ་བ་དེ་མ་ངེས་པ་ཉིད་ཡིན་པར་སྟོན་ཏེ། འདི་ལ་སེམས་དང་སེམས་ལས་བྱུང་བ་དང་།
བློ་དང་སྒྲའི་སྐད་ཅིག་མ་ཐ་མ་དག་འདུས་བྱས་ཀྱི་མཚན་ཉིད་ཡིན་ཡང་རྒྱུ་དང་བཅས་པ་མ་ཡིན་པར་མཐོང་བས་དེས་ན་ཅི་རེ་ཞིག་འདུས་བྱས་ཀྱི་མཚན་ཉིད་ཡིན་པའི་ཕྱིར་དཔེར་ན་སྐྱེ་བ་བཞིན་དུ་འཇིག་པ་ཡང་རྒྱུ་དང་བཅས་པ་ཡིན་པར་འགྱུར་རམ། འོན་ཏེ་འདུས་བྱས་ཀྱི་མཚན་ཉིད་ཡིན་པའི་ཕྱིར་

དཔེར་ན་སེམས་དང་སེམས་ལས་བྱུང་བ་དང་། བློ་དང་སྒྲའི་སྐད་ཅིག་མ་ཐ་མ་དག་བཞིན་དུ་འཇིག་པ་ཡང་རྒྱུ་དང་བཅས་པ་མ་ཡིན་པར་འགྱུར་བ་ངེས་པ་ཉིད་ཡིན་པས་ཕ་རོལ་པོའི་གཏན་ཚིགས་འདུས་བྱས་ཀྱི་མཚན་ཉིད་ཡིན་པའི་ཕྱིར་ཞེས་བྱ་བ་དེ་མ་གྲུབ་པོ། །དཔེ་ཡང་མེད་དེ་དངོས་པོ་མ་བྱུང་བ་ལས་
འབྱུང་བས་དངོས་པོའི་བདག་ཉིད་ཐོབ་པ་ཉིད་སྐྱེ་བ་ཞེས་བྱ་སྟེ། ཐ་སྙད་དུ་ཡང་དངོས་པོ་ཉིད་མ་བྱུང་བ་ལས་འབྱུང་བས་སྐྱེ་བ་རྫས་སུ་མ་གྲུབ་པའི་ཕྱིར་རོ་ཞེས་བྱ་བས་ནི་སྔར་ཕ་རོལ་པོ་དག་ན་རེ་དཔེར་ན་སྐྱེ་བ་བཞིན་ནོ་ཞེས་ཟེར་བའི་དཔེ་དེ་ཐ་སྙད་དུ་ཡང་མ་གྲུབ་པར་སྟོན་ཏོ། །འདི་ལྟར་སྐྱེ་བ་ཞེས་བྱ་བ་ནི་དངོས་
པོ་མ་བྱུང་བ་ལས་འབྱུང་བས་དངོས་པོའི་བདག་ཉིད་ཐོབ་པ་ལས་ལོགས་ཤིག་ན་རྫས་སུ་གྲུབ་པ་མེད་པའི་ཕྱིར་ཕ་རོལ་པོ་དག་འདོད་པ་ལྟར་སྐྱེ་བ་ཞེས་བྱ་བའི་རྫས་དང་དངོས་པོ་ལས་གཞན་པ་ལོགས་ཤིག་ན་ཡོད་ལ་དངོས་པོ་ནི་དེ་སྒྲུབ་པར་བྱེད་དོ་ཞེས་ཟེར་བ་ལྟ་བུ་མ་ཡིན་པས་སྐྱེ་བ་རྫས་སུ་ཡང་མེད་ལ་དེ་ལ་
རྒྱུ་གཞན་ཡང་ལོགས་ཤིག་ན་མེད་དེ། དངོས་པོ་མ་བྱུང་བ་ལས་འབྱུང་བས་དངོས་པོའི་བདག་ཉིད་ཐོབ་པ་ཉིད་སྐྱེ་བ་ཞེས་བྱ་སྟེ། དེ་ལ་ཐ་སྙད་དུ་རྒྱུ་ཡོད་ཀྱང་ཕ་རོལ་པོའི་སྒྲུབ་པ་དང་མི་མཐུན་པས་དཔེར་མི་རུང་ངོ་། །གཟེགས་ཟན་པ་གང་དག་བློ་དང་སྒྲའི་སྐད་ཅིག་མ་ཐ་མ་འཇིག་པ་ནི་མ་མཐོང་བའི་བྱེད་
པ་པོ་དང་ལྡན་པ་ཡིན་ནོ་ཞེས་ཟེར་ན་ཞེས་བྱ་བ་ནི་མུ་སྟེགས་གཟེགས་ཟན་པ་དག་བློ་དང་སྒྲའི་སྐད་ཅིག་མ་ཐ་མ་འཇིགས་པ་དག་ནི། མ་མཐོང་བ་ཞེས་བྱ་བ་ཆོས་དང་ཆོས་མ་ཡིན་པ་དབང་པོ་ལས་འདས་པ་དག་གི་བྱེད་པ་པོ་དང་ལྡན་པས་དེས་ན་བློ་དང་སྒྲའི་སྐད་ཅིག་མ་ཐ་མ་འཇིག་པའི་རྒྱུ་ནི་ཆོས་དང་ཆོས་མ་
ཡིན་པ་དག་ཡིན་པའི་ཕྱིར་འཇིག་པ་ལ་རྒྱུ་ཡོད་དོ་ཞེས་ཟེར་བའི་ཚིག་ཡིན་ནོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས་དེ་ནི་རིགས་པ་མ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པས་འཇིག་པ་ལ་རྒྱུ་མེད་པ་དང་། ཆོས་དང་ཆོས་མ་ཡིན་པ་དག་འཇིག་པའི་རྒྱུ་མ་ཡིན་པར་སྟོན་ཏོ། །དེ་ལ་རེ་
ཞིག་འཇིག་པ་ལ་རྒྱུ་མེད་པར་བསྟན་པའི་ཕྱིར། ཞིག་ནས་མེད་པ་ལ་ནི་རྒྱུ་ཡོད་པ་མ་ཡིན་ཏེ། མེད་པའི་ཕྱིར་དཔེར་ན་གཏན་མེད་པ་བཞིན་ནོ་ཞེས་རྗེས་སུ་དཔག་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། དེ་དག་ནི་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་

དུ་སྦྱར་ཏེ། དཔེར་ན་རི་བོང་གི་རྭ་དང་མོ་གཤམ་གྱི་བུ་ལ་སོགས་པ་གཏན་མེད་པ་དག་ནི་མེད་པའི་ཕྱིར་དེ་དག་ལ་རྒྱུ་ཡོད་པ་མ་ཡིན་པ་དེ་བཞིན་དུ་བློ་དང་སྒྲའི་སྐད་ཅིག་མ་ཐ་མ་ལ་འཇིག་པ་ཞིག་ནས་མེད་པ་ཡང་མེད་པའི་ཕྱིར་དེ་དག་ལ་རྒྱུ་ཡོད་པ་མ་ཡིན་པས་རྗེས་སུ་དཔག་པ་དེས་ན་
བློ་དང་སྒྲའི་སྐད་ཅིག་མ་ཐ་མ་འཇིག་པའི་རྒྱུ་ཆོས་དང་ཆོས་མ་ཡིན་པ་དག་ཡིན་ནོ་ཞེས་ཟེར་བ་དེ་རིགས་པ་མ་ཡིན་ནོ། །ད་ནི་ཆོས་དང་ཆོས་མ་ཡིན་པ་དག་འཇིག་པའི་རྒྱུ་མ་ཡིན་པར་བསྟན་པའི་ཕྱིར། བློ་དང་སྒྲའི་སྐད་ཅིག་མ་ཐ་མ་འཇིག་པ་ནི་མ་མཐོང་བའི་བྱེད་པ་པོ་དང་ལྡན་པ་མ་ཡིན་ཏེ། འཇིག་པའི་ཕྱིར་
དཔེར་ན་བློ་དང་། སྒྲ་དང་། མེ་ལྕེ་དག་གི་དང་པོ་བཞིན་ནོ་ཞེས་རྗེས་སུ་དཔག་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། དེ་དག་ཀྱང་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་བློ་དང་སྒྲ་དང་མེ་ལྕེ་དག་གི་དང་པོ་ནི་འཇིག་པའི་ཕྱིར་མ་མཐོང་བའི་བྱེད་པ་པོ་དང་
ལྡན་པ་མ་ཡིན་པ་དེ་བཞིན་དུ་བློ་དང་སྒྲའི་སྐད་ཅིག་མ་ཐ་མ་འཇིག་པ་ཡང་འཇིག་པའི་ཕྱིར་མ་མཐོང་བའི་བྱེད་པ་པོ་དང་ལྡན་པ་མ་ཡིན་པས། རྗེས་སུ་དཔག་པ་དེས་ན་ཆོས་དང་ཆོས་མ་ཡིན་པ་དག་འཇིག་པའི་རྒྱུ་ཡིན་ནོ་ཞེས་ཟེར་བ་དེ་རིགས་པ་མ་ཡིན་ནོ། །འདིར་གལ་ཏེ་ཕ་རོལ་པོ་དག་ན་རེ་ཁ་བ་དང་ཚྭ་དང་
མེ་དང་། ཐོ་བ་དག་གིས་ཕོག་པས་མེ་ཏོག་དང་ཤིང་དང་འབྲས་བུ་དང་བུམ་པ་དག་འཇིག་པར་འགྱུར་བས་འཇིག་པ་ལ་རྒྱུ་ཡོད་དོ་ཞེས་ཟེར་བའི་ཕྱོགས་སྔ་མ་ཁོང་ནས་དབྱུང་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས་ཁ་བ་དང་ཚྭ་དང་མེ་དང་། ཐོ་བ་དག་གིས་ཕོག་པ་ཡང་ཐ་སྙད་ཀྱི་བདེན་པར་གཏོགས་པའི་
རྒྱུ་མཚན་ཉིད་མི་འདྲ་བར་བྱེད་པ་ཡིན་གྱི། འཇིག་པར་བྱེད་པ་མ་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། དེ་དག་གིས་ཕོག་པ་ནི་མེ་ཏོག་ལ་སོགས་པ་ཐ་སྙད་ཀྱི་བདེན་པར་གཏོགས་པའི་རྒྱུ་མཚན་ཉིད་མི་འདྲ་བ་སྐྱེད་པར་བྱེད་པའི་རྒྱུ་ཡིན་གྱི། འཇིག་པར་བྱེད་པའི་རྒྱུ་མ་ཡིན་ཏེ། དེས་ན་ཁ་བས་ཕོག་པ་ཡང་མེ་ཏོག་
གི་རྒྱུ་མཚན་ཉིད་མི་འདྲ་བ་སྐྱེད་པའི་རྒྱུ་ཡིན་གྱི། མེ་ཏོག་འཇིག་པའི་རྒྱུ་མ་ཡིན་ལ། ཚྭས་ཕོག་པ་ཡང་འབྲས་བུའི་རྒྱུ་མཚན་ཉིད་མི་འདྲ་བ་སྐྱེད་པའི་རྒྱུ་ཡིན་གྱི། འབྲས་བུ་འཇིག་པའི་རྒྱུ་མ་ཡིན་ནོ། །མེས་ཕོག་པ་ཡང་ཤིང་གི་རྒྱུ་སོལ་བ་དང་ཐལ་བ་ལ་སོགས་པ་མཚན་ཉིད་མི་འདྲ་བ་སྐྱེད་པའི་

རྒྱུ་ཡིན་གྱི། ཤིང་འཇིག་པའི་རྒྱུ་མ་ཡིན་ལ། ཐོ་བས་ཕོག་པ་ཡང་བུམ་པའི་རྒྱུ་གྱོ་མོ་ལ་སོགས་པ་མཚན་ཉིད་མི་འདྲ་བ་སྐྱེད་པའི་རྒྱུ་ཡིན་གྱི། བུམ་པ་འཇིག་པའི་རྒྱུ་མ་ཡིན་ནོ། །དེ་ལྟ་བས་ན་ཐ་སྙད་ཀྱི་བདེན་པར་གཏོགས་པའི་རྒྱུ་མཚན་ཉིད་མི་འདྲ་བ་སྐྱེ་བ་ལ་ནི་རྒྱུ་ཡོད་ཀྱི། འཇིག་པ་ལ་ནི་རྒྱུ་མེད་དེ།
རང་གི་ངང་གིས་མི་རྟག་པ་ཉིད་ཀྱིས་སྐད་ཅིག་མ་རེ་རེ་ལ་རང་འཇིག་པ་ཡིན་ཏེ། དཔེར་ན་བོང་བ་གནམ་དུ་འཕངས་པ་ཡར་འགྲོ་བ་ལ་ནི་རྒྱུ་ལག་པ་ལ་སོགས་པ་འཕེན་པའི་ཤུགས་དག་ཡོད་ཀྱི། དེ་ཉིད་ཕྱིར་ལྷུང་བ་ལ་ནི་རྒྱུ་གཞན་མེད་དེ། རང་གི་ངང་གིས་ལྷུང་བ་ལྟ་བུ་ཡིན་པས། དེས་ན་འབྱུང་བ་ནི་འཇིག་
པ་མེད་པར་ཡོད་པ་ཉིད་མ་ཡིན་ནོ་ཞེས་བྱ་བར་ཚིག་བསྡུའོ། །ཅི་སྟེ་ཐོ་བས་ཕོག་པ་ལ་སོགས་པ་དག་ནི་འཇིག་པའི་རྒྱུ་ཉིད་ཡིན་ཏེ། དེ་དག་ཡོད་ན་གཞིག་པར་བྱ་བ་གཟུང་དུ་མེད་པའི་ཕྱིར་རོ་ཞེ་ན་ཞེས་བྱ་བ་ནི་ཕ་རོལ་པོ་དག་འཇིག་པའི་རྒྱུ་ཡོད་ན་གཞིག་པར་བྱ་བ་མི་སྣང་བར་འགྱུར་བའི་གཏན་ཚིགས་ཀྱི་ཐོ་
བས་ཕོག་པ་ལ་སོགས་པ་དག་འཇིག་པའི་རྒྱུ་ཉིད་ཡིན་པར་སྒྲུབ་པའི་ཚིག་ཡིན་ཏེ། དེ་དག་ནི་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། འཇིག་པའི་རྒྱུ་ཐོ་བས་ཕོག་པ་ལ་སོགས་པ་དེ་དག་ཡོད་ན་གཞིག་པར་བྱ་བ་བུམ་པ་ལ་སོགས་
པ་དག་གཟུང་དུ་མེད་ཅིང་མི་སྣང་བར་འགྱུར་བའི་ཕྱིར་ཐོ་བས་ཕོག་པ་ལ་སོགས་པ་དག་ནི་བུམ་པ་ལ་སོགས་པ་འཇིག་པའི་རྒྱུ་ཉིད་ཡིན་ནོ་ཞེས་ཟེར་རོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས་དེ་ནི་རིགས་པ་མ་ཡིན་ཏེ། གཏན་ཚིགས་ཀྱི་གཞི་མི་མཐུན་པའི་ཕྱིར་དང་རྗེས་སུ་འགྲོ་བ་
མེད་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། ཕ་རོལ་པོའི་གཏན་ཚིགས་འཇིགས་པའི་རྒྱུ་དེ་དག་ཡོད་ན་གཞིག་པར་བྱ་བ་གཟུང་དུ་མེད་པའི་ཕྱིར་རོ་ཞེས་བྱ་བ་དེ་ཕྱོགས་དང་། མཐུན་པའི་ཕྱོགས་གཉི་ག་ལ་ཐུན་མོང་དུ་ཁྱབ་པ་མ་ཡིན་ཏེ། དཔེར་ན་སྒྲ་ནི་མི་རྟག་སྟེ། མིག་གིས་གཟུང་བ་ཡིན་པའི་ཕྱིར་རོ་
ཞེས་བྱ་བ་དེ་ཕྱོགས་ཀྱི་ཆོས་མ་ཡིན་པ་དང་འདྲ་བར་འདིར་ཡང་དེ་དག་ཡོད་ན་གཞིག་པར་བྱ་བ་གཟུང་དུ་མེད་པའི་ཕྱིར་རོ་ཞེས་བྱ་བ་དེ་ཐོ་བས་ཕོག་པ་ལ་སོགས་པ་དག་འཇིག་པའི་རྒྱུ་ཉིད་ཡིན་ཏེ་ཞེས་སྒྲུབ་པའི་ཕྱོགས་ཀྱི་ཆོས་མ་ཡིན་ཏེ། བུམ་པ་ལ་སོགས་པ་གཟུང་དུ་མེད་པ་དེ་ཐོ་བ་ལ་སོགས་པ་ཡོད་

པའི་ལེ་ལན་མ་ཡིན་ཏེ། བུམ་པ་ལ་སོགས་པ་མ་བྱས་པའི་སྔོན་རོལ་ན་གཟུང་དུ་མེད་པ་ཐོ་བ་ལ་སོགས་པ་སྔ་མ་ཡོད་པའི་ལེ་ལན་མ་ཡིན་པ་ལྟ་བུར་འགྱུར་བས་གཏན་ཚིགས་སུ་མི་རུང་བའི་ཕྱིར་རིགས་པ་མ་ཡིན་ནོ། །གཞན་ཡང་གཏན་ཚིགས་ཀྱི་རྗེས་སུ་འགྲོ་བའི་དཔེ་མེད་
པའི་ཕྱིར་ཡང་དེ་རིགས་པ་མ་ཡིན་ཏེ། དོན་དམ་པར་གང་གི་འཇིག་པའི་རྒྱུ་ཡོད་ན་དེ་གཟུང་དུ་མེད་པའི་ཕྱིར་དེ་དེའི་རྒྱུ་ཉིད་ཡིན་ཏེ། དཔེར་ན་ཆེ་གེ་མོ་ཞིག་བཞིན་ནོ་ཞེས་བྱ་བའི་དཔེ་མེད་པའི་ཕྱིར་རོ། །ཅི་སྟེ་ཡང་བུམ་པ་མེད་པར་འགྱུར་བའི་རྒྱུ་ནི་ཐོ་བས་ཕོག་པ་ཡིན་ཏེ། དེ་ཡོད་ན་འབྱུང་བའི་ཕྱིར་
དཔེར་ན་མིག་ཡོད་ན་གཟུགས་དམིགས་པ་འབྱུང་བས་གཟུགས་དམིགས་པའི་རྒྱུ་ནི་མིག་ཡིན་པ་བཞིན་ནོ་ཞེ་ན་ཞེས་བྱ་བ་ནི་ཕ་རོལ་པོ་དག་འཇིག་པའི་རྒྱུ་དེ་ཡོད་ན་འཇིག་པ་འབྱུང་བའི་གཏན་ཚིགས་ཀྱིས་བུམ་པ་འཇིག་པའི་རྒྱུ་ཐོ་བས་ཕོག་པ་ཡིན་པར་སྒྲུབ་པའི་ཚིག་ཡིན་ཏེ། དེ་དག་ནི་ཆོས་ཅན་དང་།
བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་མིག་ཡོད་ན་གཟུགས་དམིགས་པ་འབྱུང་བའི་ཕྱིར་གཟུགས་དམིགས་པའི་རྒྱུ་ནི་མིག་ཡིན་པ་དེ་བཞིན་དུ་འཇིག་པའི་རྒྱུ་དེ་ཡོད་ན་འཇིག་པ་འབྱུང་བའི་ཕྱིར་བུམ་པ་འཇིག་པར་འགྱུར་བའི་རྒྱུ་ནི་ཐོ་བས་
ཕོག་པ་ཡིན་ནོ་ཞེས་ཟེར་རོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས་དེ་ཡང་རིགས་པ་མ་ཡིན་ཏེ། ཁོ་བོ་ཅག་གི་གྲུབ་པའི་མཐའ་ལས་བུམ་པ་ལ་ཐོ་བས་ཕོག་པ་ཡོད་ན་བུམ་པའི་རྒྱུ་མཚན་ཉིད་མི་འདྲ་བར་འབྱུང་བ་ཡིན་གྱི། འཇིགས་པ་མ་ཡིན་པས་གཏན་ཚིགས་གང་ཡང་
རུང་བ་ལ་མ་གྲུབ་པའི་ཕྱིར་དང་དཔེ་ཡང་མེད་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། ཁྱོད་ཀྱི་གཏན་ཚིགས་དེ་ཡོད་ན་འབྱུང་བའི་ཕྱིར་ཞེས་བྱ་བ་ཐོ་བས་ཕོག་པ་ཡོད་ན་བུམ་པ་འཇིག་པ་འབྱུང་བའི་ཕྱིར་ཐོ་བས་ཕོག་པ་ནི་བུམ་པ་འཇིག་པའི་རྒྱུ་ཡིན་པར་སྒྲུབ་པ་དེ་ཁོ་བོ་ཅག་དབུ་མ་པའི་གྲུབ་པའི་མཐའ་ལས་བུམ་པ་ལ་
ཐོ་བས་ཕོག་པ་ཡོད་ན་བུམ་པའི་རྒྱུ་གྱོ་མོ་ལ་སོགས་པའི་མཚན་ཉིད་མི་འདྲ་བ་འབྱུང་བས་ཕོག་པ་ནི་གྱོ་མོ་ལ་སོགས་པ་མཚན་ཉིད་མི་འདྲ་བ་གཞན་སྐྱེད་པའི་རྒྱུ་ཡིན་གྱི། བུམ་པ་འཇིག་པའི་རྒྱུ་མ་ཡིན་པས་ཁྱེད་ཀྱི་གཏན་ཚིགས་འཇིག་པའི་རྒྱུ་དེ་ཡོད་ན་འཇིག་པ་འབྱུང་བའི་ཕྱིར་ཞེས་བྱ་བ་དེ་ཁོ་བོ་ཅག་གི་ཕྱོགས་

ལ་མེད་པས་གང་ཡང་རུང་བ་ལ་མ་གྲུབ་པའི་ཕྱིར་རིགས་པ་མ་ཡིན་ནོ། །གཞན་ཡང་ཁྱེད་ཀྱི་དཔེ་མིག་ཡོད་ན་གཟུགས་དམིགས་པ་འབྱུང་བས་གཟུགས་དམིགས་པའི་རྒྱུ་ནི་མིག་ཡིན་པ་བཞིན་ནོ་ཞེས་བྱ་བ་དེ་ཡང་ཁོ་བོ་ཅག་གི་ཕྱོགས་ལ་དོན་དམ་པར་མ་གྲུབ་པས་ཁྱེད་ཀྱི་དཔེ་ཡང་མེད་པའི་ཕྱིར་རིགས་པ་མ་ཡིན་ནོ། །
གཞན་གྱི་ཕྱོགས་ལ་ཡང་གྱོ་མོ་ལ་སོགས་པ་ཐོ་བས་ཕོག་པ་ལ་སོགས་པའི་རྒྱུ་ཅན་དག་ནི་བྱེད་པ་པོ་ཕོག་པ་དང་ལྡན་པ་ཡིན་པར་འདོད་པའི་ཕྱིར་རོ་ཞེས་བྱ་བས་ནི་སངས་རྒྱས་པ་དག་ལས་གཞན་ཁ་ཅིག་དང་ཕྱི་རོལ་པ་དག་ལས་གཞན་ཁ་ཅིག་གི་ཕྱོགས་ལ་ཡང་གྱོ་མོ་ལ་སོགས་པ་ཐོ་བས་ཕོག་པ་ལ་སོགས་པའི་
རྒྱུ་ཅན་འབྲས་བུ་དག་ནི་བདག་ཉིད་སྐྱེད་པའི་བྱེད་པ་པོ་ཕོག་པ་དང་ལྡན་པ་མ་ཡིན་པར་འདོད་པའི་ཕྱིར་དེས་ཀྱང་ཐོ་བས་ཕོག་པ་ལ་སོགས་པ་ནི་གྱོ་མོ་ལ་སོགས་པ་ཐོ་བས་ཕོག་པ་ལ་སོགས་པའི་རྒྱུ་ཅན་འབྲས་བུ་དག་སྐྱེད་པའི་རྒྱུ་ཡིན་གྱི། བུམ་པ་ལ་སོགས་པ་འཇིག་པའི་རྒྱུ་མ་ཡིན་པར་གྲུབ་པས་ཁྱེད་ཀྱི་གཏན་
ཚིགས་དེ་ཡོད་ན་འབྱུང་བའི་ཕྱིར་ཞེས་བྱ་བ་དེ་དག་གང་ཡང་རུང་བ་ལ་མ་གྲུབ་པའི་ཕྱིར་རིགས་པ་མ་ཡིན་ནོ་ཞེས་བསྟན་ཏོ། །འདིར་གལ་ཏེ་ཕ་རོལ་པོ་དག་འདི་སྐད་ཅེས་ཐོ་བས་ཕོག་པ་གང་ཡིན་པ་དེ་ཉིད་ཀྱིས་བུམ་པ་ཡང་འཇིག་པར་བྱེད་ལ། གྱོ་མོ་ཡང་སྐྱེད་པར་བྱེད་པས་དེས་ན་ཁོ་བོ་ཅག་གི་གཏན་ཚིགས་དེ་
ཡོད་ན་འབྱུང་བའི་ཕྱིར་ཞེས་བྱ་བ་དེ་གང་ཡང་རུང་བ་ལ་མ་གྲུབ་པའི་སྐྱོན་མེད་དོ་ཞེས་ཟེར་བའི་ཕྱོགས་སྔ་མ་ཁོང་ནས་དབྱུང་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས་ཐོ་བས་ཕོག་པ་གང་ཡིན་པ་དེ་ཉིད་ཀྱིས་བུམ་པ་ཡང་འཇིག་པར་བྱེད་ལ། གྱོ་མོ་ཡང་སྐྱེད་པར་བྱེད་དོ་ཞེས་བྱ་བར་ནི་གཅིག་གིས་དུས་གཅིག་
ཏུ་བྱ་བ་མི་མཐུན་པ་གཉིས་བྱེད་པར་མི་རིགས་སོ་ཞེས་བྱ་བ་སྨྲས་ཏེ། མར་མེ་གཅིག་གིས་དུས་གཅིག་ཏུ་སྣང་བ་དང་མུན་པའི་བྱ་བ་མི་མཐུན་པ་གཉིས་བྱེད་པར་མི་རིགས་པ་དང་། མི་གཅིག་གིས་དུས་གཅིག་ཕྱེ་འགམ་པ་དང་གླིང་བུ་བུད་པའི་བྱ་བ་མི་མཐུན་པ་གཉིས་བྱེད་པར་མི་རིགས་པ་ལ་སོགས་པའི་ཚུལ་
གྱིས་སོ། །འོ་ན་མེ་གཅིག་གིས་དུས་གཅིག་ཏུ་མུན་པ་ཡང་སེལ་བར་བྱེད་ལ་བཙོ་བའི་རྣམ་པ་འགྱུར་བ་ཡང་སྐྱེད་པར་བྱེད་པ་མ་མཐོང་ངམ་ཞེ་ན་ཞེས་བྱ་བ་ནི་ཕ་རོལ་པོ་དག་ན་རེ་འཇིག་རྟེན་ན་བྱེད་པ་པོ་གཅིག་གིས་དུས་གཅིག་ཏུ་བྱ་བ་མི་མཐུན་པ་གཉིས་བྱེད་པའི་ཚུལ་འདི་ལྟ་བུ་མ་མཐོང་ངམ་ཞེས་འདྲི་བའི་ཚིག་ཡིན་

ནོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས། བཙོ་བའི་རྣམ་པ་འགྱུར་བ་སྐྱེད་པ་ནི་མཐོང་གི །མུན་པ་སེལ་བ་ནི་མ་མཐོང་སྟེ་མུན་པ་ནི་སྣང་བ་མེད་པ་ཙམ་ཡིན་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། མེས་འབྲས་ཆན་ལ་སོགས་པ་བཙོ་བའི་རྣམ་པ་དྲོས་
པ་དང་བཤུར་བ་དང་། ཚོས་པ་ལ་སོགས་པར་འགྱུར་བ་སྐྱེད་པ་ནི་མཐོང་གི་མུན་པ་སེལ་བ་ནི་མ་མཐོང་སྟེ། མུན་པ་ནི་སྣང་བ་མེད་པ་ཙམ་ཡིན་པའི་ཕྱིར་རྫས་ཀྱི་དངོས་པོར་ཡོད་པ་མ་ཡིན་པས་བཙལ་དུ་མེད་པའི་ཕྱིར་དང་། མེ་ཡང་སྔར་མེ་དང་བུད་ཤིང་བརྟག་པའི་སྐབས་སུ། མར་མེ་ཡང་ནི་གང་
དག་ན། །དེ་འདུག་པ་ན་མུན་པ་མེད། །ཅེས་བྱ་བ་དང་། སྐྱེ་མཆེད་བརྟག་པའི་སྐབས་སུ་ལྟ་བ་རབ་ཏུ་སྒྲུབ་པའི་ཕྱིར། །མེ་ཡི་དཔེས་ནི་ནུས་མ་ཡིན། །ཞེས་སྨྲས་པ་དག་གིས་མར་མེས་ཀྱང་མུན་པ་མི་སེལ་ལ། མེས་ཀྱང་བུད་ཤིང་མི་སྲེག་གོ་ཞེས་བཤད་པའི་ཚུལ་གྱིས་སོ། །མཛད་
པའི་མཐའ་དང་ཡང་འགལ་ཏེ། ཁོ་བོ་ཅག་གི་ཕྱོགས་ལ་མུན་པ་ཞེས་བརྗོད་པའི་གཟུགས་ཀྱི་གཉེན་པོ་སྣང་བ་ཤར་ན་མུན་པའི་སྐད་ཅིག་མ་ཕྱི་མ་ནི་རྐྱེན་མེད་པས་མི་སྐྱེ་ལ་སྐད་ཅིག་མ་སྔ་མ་ནི་རང་གི་ངང་གིས་འགག་པ་ཉིད་ཀྱིས་འགགས་པས་མུན་པ་དེ་འགག་པའི་བྱེད་པ་པོ་ནི་མེ་མ་ཡིན་པའི་ཕྱིར་
རོ་ཞེས་བྱ་བས་ནི་ཁོ་བོ་ཅག་དབུ་མ་པའི་ཕྱོགས་ལ་སྣང་བ་དང་མུན་པ་ཞེས་བྱ་བའི་རྫས་གཞན་མེད་དེ། གཟུགས་ཀྱི་གནས་སྐབས་ཙམ་དུ་ཟད་པས་མུན་པ་ཞེས་བརྗོད་པའི་གཟུགས་ཀྱི་གཉེན་པོ་སྣང་བ་ཤར་བ་ན་མུན་པའི་སྐད་ཅིག་མ་ཕྱི་མ་ནི་རྐྱེན་མེད་པས་མི་སྐྱེ་ལ། སྐད་ཅིག་མ་སྔ་མ་ནི་རང་གི་
ངང་གིས་འགག་པ་ཉིད་ཀྱིས་འགགས་པས་མུན་པ་དེ་འགག་པའི་བྱེད་པ་པོ་ནི་མེ་མ་ཡིན་པའི་ཕྱིར་མེས་མུན་པ་སེལ་བར་བྱེད་དོ་ཞེས་བྱ་བ་དེ་མཛད་པའི་མཐའ་དང་འགལ་བས་མི་རུང་ངོ་ཞེས་བསྟན་ཏོ། །གཞན་ཡང་དེ་དག་ཡོད་ན་གཞིག་པར་བྱ་བ་གཟུང་དུ་མེད་པའི་ཕྱིར་རོ་ཞེས་གང་སྨྲས་པ་དེ་ཡང་གཟུང་དུ་
མེད་པ་ནི་མཚན་ཉིད་མི་འདྲ་བའི་རྒྱུན་སྐྱེ་བ་ལ་འགྲུབ་ཀྱི། ཁ་བ་དང་ཚྭ་དང་མེ་དང་ཐོ་བ་ལ་སོགས་པ་དག་ཡོད་ན་མེ་ཏོག་དང་འབྲས་བུ་དང་ཤིང་དང་བུམ་པ་ལ་སོགས་པའི་གཟུགས་གཟུང་དུ་མེད་པ་ནི་དེ་དག་གི་འཇིག་པའི་རྒྱུ་ཉིད་ཡིན་པར་མི་འགྲུབ་པོ་ཞེས་བྱ་བས་ནི་སྔར་ཕ་རོལ་པོ་དག་གིས་ཐོ་བས་ཕོག་པ་ལ་

སོགས་པ་དག་ནི་འཇིག་པའི་རྒྱུ་ཉིད་ཡིན་ཏེ། དེ་དག་ཡོད་ན་གཞིག་པར་བྱ་བ་གཟུང་དུ་མེད་པའི་ཕྱིར་རོ་ཞེས་གང་སྨྲས་པའི་གཏན་ཚིགས་དེ་ཡང་གཟུང་དུ་མེད་པ་ཞེས་བྱ་བ་དེ་ནི་བུམ་པ་ལ་སོགས་པའི་མཚན་ཉིད་མི་འདྲ་བའི་རྒྱུན་སྐྱེ་བའི་རྒྱུ་ཡིན་པའི་ཕྱིར་ན་གཏན་ཚིགས་སུ་འགྲུབ་ཀྱི། ཁ་བ་ལ་སོགས་པ་
དེ་དག་ཡོད་པ་མེ་ཏོག་ལ་སོགས་པའི་གཟུགས་དེ་དག་གི་འཇིག་པའི་རྒྱུ་ཉིད་ཡིན་པའི་གཏན་ཚིགས་སུ་མི་འགྲུབ་སྟེ། ཁ་བ་ལ་སོགས་པ་དེ་དག་ཡོད་ན་མེ་ཏོག་ལ་སོགས་པ་གཟུང་དུ་མེད་པ་ནི་དེ་དག་མེ་ཏོག་ལ་སོགས་པ་མཚན་ཉིད་མི་འདྲ་བའི་རྒྱུན་གཞན་སྐྱེད་པའི་རྒྱུ་ཡིན་གྱི་མེ་ཏོག་ལ་སོགས་པ་འཇིག་པའི་
རྒྱུ་མ་ཡིན་ནོ་ཞེས་བསྟན་ཏོ། །དེ་ཉིད་ཀྱི་རྗེས་སུ་དཔག་པ་གཞན་བསྟན་པའི་ཕྱིར། གང་ཞིག་གང་གི་འཇིག་པའི་རྒྱུར་འདོད་པ་དེ་དག་ནི་དེ་འཇིག་པའི་རྒྱུ་མ་ཡིན་ཏེ། རྒྱུ་ཅན་ཡིན་པའི་ཕྱིར་དཔེར་ན་མེའི་རང་གི་བདག་ཉིད་བཞིན་ནོ་ཞེས་བྱ་བ་སྨྲ་སྟེ། དེ་དག་ནི་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་།
སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་མེ་གང་ཞིག་ཤིང་གང་གི་འཇིག་པའི་རྒྱུར་འདོད་པའི་མེ་དེའི་རང་གི་བདག་ཉིད་ནི་རྒྱུ་ཅན་ཡིན་པའི་ཕྱིར་མེ་དེའི་འཇིག་པའི་རྒྱུ་མ་ཡིན་པ་དེ་བཞིན་དུ་མེ་དེ་ཤིང་དེའི་འཇིག་པའི་རྒྱུ་ཡང་མ་ཡིན་ནོ། །དེ་བཞིན་དུ་ཁ་བ་དང་ཚྭ་དང་ཐོ་བ་ལ་
སོགས་པ་གང་དག་མེ་ཏོག་དང་འབྲས་བུ་དང་བུམ་པ་ལ་སོགས་པ་གང་དག་གི་འཇིག་པའི་རྒྱུར་འདོད་པ་དེ་དག་ཀྱང་རྒྱུ་ཅན་ཡིན་པའི་ཕྱིར་རང་གི་བདག་ཉིད་འཇིག་པའི་རྒྱུ་མ་ཡིན་པ་དེ་བཞིན་དུ་དེ་དག་མེ་ཏོག་དང་འབྲས་བུ་དང་བུམ་པ་ལ་སོགས་པ་དག་གི་འཇིག་པའི་རྒྱུ་ཡང་མ་ཡིན་ནོ་ཞེས་འཇིག་པའི་རྒྱུ་ཐམས་ཅད་
དགག་པ་ཡང་བརྗོད་པར་བྱའོ། །ཡི་གེ་མང་པོར་འགྱུར་བ་ཡང་ཡོངས་སུ་སྤོང་བར་འདོད་པས་འཕྲོ་བར་མི་བྱ་བར་སྐབས་ཉིད་དཔྱད་པར་བྱའོ་ཞེས་བྱ་བ་ནི་ཡི་གེའི་གཞུང་གི་ཚིག་མངས་ཀྱིས་དོགས་པས་འཇིག་པའི་རྒྱུ་དགག་པ་དེ་ལས་འཕྲོ་བར་མི་བྱ་བར། འབྱུང་བ་འཇིག་པ་མེད་པར་རམ། འཇིག་པ་དང་
ལྷན་ཅིག་ཏུ་ཡང་ཡོད་པ་ཉིད་མ་ཡིན་པར་དམ་བཅས་པ་དག་ལས་སྔ་མ་མཇུག་བསྡུ་བ་དང་། ཕྱི་མ་བརྩམ་པའི་སྐབས་ཉིད་དཔྱད་པར་བྱའོ་ཞེས་སྟོན་ཏོ། །དེ་ལྟར་རེ་ཞིག་འབྱུང་བ་འཇིག་པ་མེད་པར་ཡོད་པ་ཉིད་མ་ཡིན་ནོ་ཞེས་བྱ་བས་ནི་མུ་གསུམ་པ་དགག་པའི་མཇུག་བསྡུ་བ་བསྟན་ཏོ། །ད་ནི་མུ་བཞི་པ་

དགག་པ་བསྟན་པའི་ཕྱིར། འབྱུང་བ་ནི་འཇིག་པ་དང་ལྷན་ཅིག་ཏུ་ཡང་ཡོད་པ་ཉིད་མ་ཡིན་ཏེ། དེའི་ཕྱིར་བཤད་པ། འབྱུང་བ་འཇིག་དང་ལྷན་ཅིག་ཏུ། །ཇི་ལྟར་ཡོད་པ་ཉིད་དུ་འགྱུར། །སྐྱེ་བ་འཆི་དང་དུས་གཅིག་ཏུ། །ཡོད་པ་ཉིད་དུ་མི་རིགས་བཞིན། །ཞེས་བྱ་བ་སྨྲས་
སོ། །འདིར་དོན་ནི་སྔ་མ་བཞིན་ནོ་ཞེས་བྱ་བ་ནི་ཇི་ལྟར་སྔར་འཇིག་པ་ནི་འབྱུང་བ་དང་ལྷན་ཅིག་ཏུ་ཡོད་པ་ཉིད་མ་ཡིན་པར་དགག་པའི་སྐབས་སུ་བསྒྲུབ་པ་བསྟན་པའི་ལུགས་བཞིན་དུ་འདིར་ཡང་དེ་ལ་འདིར་གླགས་ཡོད་པའི་ཚིག་ཡིན་པའི་ཕྱིར་བཟློག་ན་དོན་གསལ་བའི་ཚིག་གི་དོན་ཏེ། དཔེར་ན་སྒྲ་ཇི་ལྟར་
རྟག་པར་འགྱུར་ཏེ། འདི་ལྟར་བུམ་པ་རྟག་པར་མི་རིགས་སོ་ཞེས་བྱ་བ་བཞིན་ནོ། །འདིར་ཚིག་གི་དོན་གསལ་བའི་དབང་གིས་རྗེས་སུ་དཔག་པ་ནི་འབྱུང་བ་འཇིག་པ་དང་ལྷན་ཅིག་ཡོད་པ་ཉིད་མ་ཡིན་ཏེ། དེའི་རྐྱེན་ཡིན་པའི་ཕྱིར་དཔེར་ན་སྐྱེ་བ་འཆི་བ་དང་ལྷན་ཅིག་ཡོད་པ་ཉིད་མ་
ཡིན་པ་བཞིན་ནོ་ཞེས་སྔ་མ་ལས་བཟློག་སྟེ་སྦྱར་བར་བྱའོ། །དེའི་ཕྱིར་དེ་ལྟར་ཡོངས་སུ་བརྟགས་ན། གང་དག་ཕན་ཚུན་ལྷན་ཅིག་གམ། །ཕན་ཚུན་ལྷན་ཅིག་མ་ཡིན་པར། །གྲུབ་པ་ཡོད་པ་མ་ཡིན་ནོ། །འབྱུང་བ་དང་འཇིག་པ་དག་གོ་ཞེས་བྱ་བ་ནི་མུ་བཞི་པོ་དགག་པ་སྔར་བསྟན་པ་དག་གི་
མཇུག་བསྡུ་བ་ཡིན་ཏེ། ཅི་རིགས་པར་སྦྱར་རོ། །དེ་དག་འགྲུབ་པ་རྣམ་པ་གཞན་ཡང་ཡོད་པ་མ་ཡིན་པས་དེ་དག་འགྲུབ་པའི་རྣམ་པ་མི་སྲིད་པར་བསྟན་པའི་ཕྱིར། དེ་དག་འགྲུབ་པ་ཇི་ལྟར་ཡོད་ཅེས་གསུངས་ཏེ། དེ་དག་འགྲུབ་པ་ཡོད་པ་ཉིད་མ་ཡིན་ནོ་ཞེས་བྱ་བའི་ཚིག་
གི་དོན་ཏོ་ཞེས་བྱ་བས་ནི། འབྱུང་བ་དང་འཇིག་པ་དེ་དག་འགྲུབ་པ་མུ་བཞི་དགག་པ་སྔར་བསྟན་པ་དག་མ་གཏོགས་པར་མུ་ལྔ་པ་ལ་སོགས་པའི་རྣམ་པ་གཞན་ཡོད་པ་མ་ཡིན་པས་དོན་དམ་པར་འབྱུང་བ་དང་འཇིག་པ་དེ་དག་འགྲུབ་པར་ཡོད་པ་ཉིད་མ་ཡིན་ནོ་ཞེས་
བསྣན་པ་བསྟན་ཏོ། །དེའི་ཕྱིར་འབྱུང་བ་དང་འཇིག་པའི་རྒྱུ་ཡིན་པའི་ཕྱིར་རོ་ཞེས་བྱ་བའི་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་དོ་ཞེས་བྱ་བའི་མཇུག་བསྡུ་བ་དང་ཚད་མའི་འབྲས་བུ་ཡིན་ཏེ། དེ་ལྟར་དོན་དམ་པར་འབྱུང་བ་དང་འཇིག་པ་དེ་དག་འགྲུབ་པ་ཡོད་པ་ཉིད་མ་ཡིན་པ་དེའི་ཕྱིར་སྔར་ཕ་རོལ་པོ་དག་གིས་

དོན་དམ་པར་དུས་ནི་ཡོད་པ་ཁོ་ན་ཡིན་ཏེ། འབྱུང་བ་དང་འཇིག་པའི་རྒྱུ་ཡིན་པའི་ཕྱིར་རོ། །འདི་ན་གང་ཡོད་པ་མ་ཡིན་པ་དེ་ནི་འབྱུང་བ་དང་འཇིག་པའི་རྒྱུ་མ་ཡིན་ཏེ། དཔེར་ན་སྦྲུལ་གྱི་རྐང་པ་བཞིན་ནོ། །དུས་ནི་འབྱུང་བ་དང་འཇིག་པ་དུས་ཀྱི་རྗེས་སུ་འབྲང་བ་དག་གི་རྒྱུ་ཡིན་པས་དེའི་ཕྱིར་དོན་དམ་པར་དུས་ནི་ཡོད་པ་ཁོ་ན་ཡིན་
པས་དེས་ན་དེ་གསལ་བ་ཡོད་པའི་ཕྱིར་གཏན་ཚིགས་གྲུབ་པས་འདོད་པའི་དོན་འགྲུབ་པོ་ཞེས་སྨྲས་པའི་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་ཡིན་པས་བསྟན་བཅོས་མཛད་པས་སྔར་དོན་དམ་པར་དུས་ངོ་བོ་ཉིད་མེད་པས་དེ་གསལ་བའི་རྒྱུ་ཡིན་པའི་ཕྱིར་རོ་ཞེས་བྱ་བའི་གཏན་ཚིགས་མ་གྲུབ་པའི་ཕྱིར་དོན་
དམ་པར་ནང་གི་དངོས་པོ་རྣམས་ངོ་བོ་ཉིད་མེད་པ་ཉིད་ཡིན་ནོ་ཞེས་དམ་བཅས་པའི་དགོངས་པ་གྲུབ་པ་ཉིད་དོ། །འདིར་སྨྲས་པ། དངོས་པོ་ནི་འཇིག་པའི་བདག་ཉིད་ཅན་ཡིན་ཡང་སྐྱེས་མ་ཐག་ཏུ་འཇིག་པར་མི་འགྱུར་ཏེ། འདི་ལྟར་སྐྱེས་མ་ཐག་ཏུ་གནས་པ་འབྱུང་བར་འགྱུར་ཞིང་དེའི་འོག་ཏུ་འཇིག་པར་
འགྱུར་རོ་ཞེས་བྱ་བ་ནི་འདིར་ཕ་རོལ་པོ་དག་རྣམ་པ་གཞན་གྱིས་ཕྱིར་ཟློག་པར་བྱེད་པའི་ཚིག་ཡིན་ཏེ། དེ་དག་ན་རེ་དངོས་པོ་ནི་འཇིག་པའི་བདག་ཉིད་ཅན་ཡིན་ཡང་འདུས་བྱས་ཀྱི་མཚན་ཉིད་ཀྱི་རིམ་པའི་ཚུལ་གྱིས་ན་དང་པོར་སྐྱེ་ཞིང་དེའི་འོག་ཏུ་གནས་ལ་དེའི་འོག་ཏུ་འཇིག་པར་འགྱུར་བ་ཡིན་པས་དེས་ན་ཁྱེད་
དབུ་མ་པས་འཇིག་པ་ནི་འབྱུང་བ་མེད་པར་ཡོད་པ་ཉིད་མ་ཡིན་ལ། འབྱུང་བ་ཡང་འཇིག་པ་མེད་པར་ཡོད་པ་ཉིད་མ་ཡིན་ནོ་ཞེས་བཤད་པའི་མུ་དེ་གཉིས་མི་རུང་ངོ་ཞེས་ཟེར་རོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འགྲེལ་པ་བྱེད་པ་ཉིད་ཀྱིས་འདིར་བཤད་པ་ཞེས་བྱ་བ་ལ་སོགས་པས་ཅི་སྟེ་དངོས་པོ་འཇིག་པའི་
བདག་ཉིད་ཅན་ཡིན་ན་ཟད་པའི་ངང་ཅན་ཡིན་པས་དེ་ལ་འབྱུང་བ་ཡོད་པ་དང་། ཅི་སྟེ་སྐྱེས་མ་ཐག་ཏུ་འཇིག་ན་ཟད་པའི་ངང་ཅན་མ་ཡིན་པས་དེ་ལ་ཡང་འབྱུང་བ་ཡོད་པ་མ་ཡིན་པ་དང་། དེ་བཞིན་དུ་ཅི་སྟེ་དངོས་པོ་འཇིག་པའི་བདག་ཉིད་ཅན་ཡིན་ན་ཟད་པའི་ངང་ཅན་ཡིན་པས་དེ་ལ་འཇིག་པ་ཡོད་པ་མ་ཡིན་པ་
དང་། ཅི་སྟེ་སྐྱེས་མ་ཐག་ཏུ་མི་འཇིག་ན་ཟད་པའི་ངང་ཅན་མ་ཡིན་པས་དེ་ལ་ཡང་འཇིག་པ་ཡོད་པ་མ་ཡིན་ཏེ། དེ་ལྟར་མུ་བཞིས་འབྱུང་བ་དང་། འཇིག་པ་དག་ཡོད་པར་མི་འཐད་པས་ཕ་རོལ་པོ་དག་གིས་བརྟགས་པ་དེ་ནི་གྱི་ནའོ་ཞེས་སྟོན་ཏོ། །དེ་ལ་རེ་ཞིག་མུ་དང་པོ་མི་འཐད་པར་བསྟན་པའི་ཕྱིར།

ཟད་ལ་འབྱུང་བ་ཡོད་མ་ཡིན། །ཆོས་མི་མཐུན་པ་གཉིས་དུས་གཅིག་ཏུ་མི་འབྱུང་བའི་ཕྱིར་དཔེར་ན་སྐྱེ་བ་དང་འཆི་བ་དག་བཞིན་ནོ་ཞེས་བྱ་བ་སྨྲས་ཏེ། དེ་དག་ནི་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་
ན་སྐྱེ་བ་དང་། འཆི་བ་དག་ནི་ཆོས་མི་མཐུན་པ་གཉིས་དུས་གཅིག་ཏུ་མི་འབྱུང་བའི་ཕྱིར་དངོས་པོ་འཆི་བའི་བདག་ཉིད་ཅན་ཟད་པའི་ངང་ཅན་ལ་སྐྱེ་བ་ཡོད་པ་མ་ཡིན་པ་དེ་བཞིན་དུ་ཟད་པ་དང་འབྱུང་བ་དག་ཀྱང་ཆོས་མི་མཐུན་པ་གཉིས་དུས་གཅིག་ཏུ་མི་འབྱུང་བའི་ཕྱིར་དངོས་པོ་འཇིག་པའི་བདག་ཉིད་ཅན་ཟད་པའི་
ངང་ཅན་ལ་འབྱུང་བ་ཡོད་པ་མ་ཡིན་ནོ། །མུ་གཉིས་པ་མི་འཐད་པར་བསྟན་པའི་ཕྱིར། ཅི་སྟེ་སྐྱེས་མ་ཐག་ཏུ་ཟད་པར་མི་འགྱུར་ན་ནི་འོ་ན་དེ་ལྟ་ན་ཟད་པའི་ངོ་བོ་ཉིད་མ་ཡིན་པས་དེས་ན་ཀུན་རྫོབ་ཏུ་ཡང་ཇི་སྐད་སྨྲས་པའི་རྣམ་པ་མ་གྲུབ་པའི་ཕྱིར། མ་ཟད་པ་ལའང་འབྱུང་བ་མེད། །ཅེས་གསུངས་སོ་ཞེས་
བྱ་བ་སྨྲས་ཏེ། ཅི་སྟེ་ཕ་རོལ་པོ་དག་མུ་དང་པོས་བརྟགས་པའི་སྐྱོན་དེ་མི་འདོད་པས་དངོས་པོ་སྐྱེས་མ་ཐག་ཏུ་ཟད་པར་མི་འགྱུར་བས་དེས་ན་ཟད་པ་ལ་འབྱུང་བ་ཡོད་པ་མ་ཡིན་པའི་སྐྱོན་དུ་མི་འགྱུར་རོ་ཞེས་ཟེར་ན་འོ་ན་དེ་ལྟ་ན་དངོས་པོ་དེ་ཟད་པ་དང་འཇིག་པའི་ངང་ཅན་མ་ཡིན་པས་རྟག་པ་ཡིན་པའི་ཕྱིར་དེ་ལ་ཀུན་
རྫོབ་ཏུ་ཡང་སྔར་ཕ་རོལ་པོ་དག་གིས་དངོས་པོ་ནི་འཇིག་པའི་བདག་ཉིད་ཅན་ཉིད་ཡིན་ཡང་སྐྱེས་མ་ཐག་ཏུ་འཇིག་པར་མི་འགྱུར་ཏེ། འདི་ལྟར་སྐྱེས་མ་ཐག་ཏུ་གནས་པ་འབྱུང་བར་འགྱུར་ཞིང་དེའི་འོག་ཏུ་འཇིག་པར་འགྱུར་རོ་ཞེས་ཇི་སྐད་སྨྲས་པའི་རྣམ་པ་མ་གྲུབ་པའི་ཕྱིར། མ་ཟད་པ་ལའང་འབྱུང་བ་མེད། །
ཅེས་གསུངས་སོ། །མུ་གསུམ་པ་མི་འཐད་པར་བསྟན་པའི་ཕྱིར། དེ་བཞིན་དུ། ཟད་ལ་འཇིག་པ་ཡོད་མ་ཡིན། །ཟད་པར་འགྱུར་བའི་ངང་ཚུལ་ཅན། །འཇིག་པ་དང་ལྡན་པ་ལ་འཇིག་པ་ཡོད་པ་མ་ཡིན་ཏེ། དེར་བརྟག་པ་དོན་མེད་པ་ཉིད་དུ་འགྱུར་བའི་ཕྱིར་འཆི་བའི་ངང་ཚུལ་ཅན་བཞིན་ནོ་ཞེས་
བྱ་བ་སྨྲས་ཏེ། དེ་དག་ནི་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་དངོས་པོ་འཆི་བའི་ངང་ཚུལ་ཅན་ལ་ནི་ཡང་འཆི་བར་བརྟགས་པ་དོན་མེད་པ་ཉིད་དུ་འགྱུར་བའི་ཕྱིར་དེ་ལ་འཆི་བ་ཡོད་པ་མ་ཡིན་པ་དེ་བཞིན་དུ་

དངོས་པོ་ཟད་པར་འགྱུར་བའི་ངང་ཚུལ་ཅན་འཇིག་པ་དང་ལྡན་པ་ལ་ཡང་། ཡང་འཇིག་པར་བརྟག་པ་དོན་མེད་པ་ཉིད་དུ་འགྱུར་བའི་ཕྱིར་དེ་ལ་ཡང་འཇིག་པ་ཡོད་པ་མ་ཡིན་ནོ། །མུ་བཞི་པ་མི་འཐད་པར་བསྟན་པའི་ཕྱིར། མ་ཟད་པ་ལ་འང་འཇིག་པ་མེད། །དེའི་ངོ་བོ་ཉིད་མ་ཡིན་པའི་ཕྱིར་དཔེར་ན་ཐར་པ་
བཞིན་པས་དེ་ནི་གྱི་ནའོ་ཞེས་བྱ་བ་སྨྲས་ཏེ། དེ་དག་ནི་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་ཐར་པ་ནི་འཇིག་པ་དེའི་ངོ་བོ་ཉིད་མ་ཡིན་པའི་ཕྱིར་དེ་ལ་འཇིག་པ་མེད་པ་དེ་བཞིན་དུ་དངོས་པོ་སྐྱེས་མ་ཐག་ཏུ་མི་འཇིག་པ་ཟད་
པར་འགྱུར་བའི་ངང་ཚུལ་ཅན་མ་ཡིན་པ་དེ་ཡང་འཇིག་པ་དེའི་ངོ་བོ་ཉིད་མ་ཡིན་པའི་ཕྱིར་དེ་ལ་འཇིག་པ་ཡོད་པ་མ་ཡིན་ནོ། །དེ་ལྟར་མུ་བཞིས་འབྱུང་བ་དང་འཇིག་པ་དག་ཡོད་པར་མི་འཐད་པས་ཕ་རོལ་པོ་དག་གིས་བརྟགས་པ་དེ་ནི་གྱི་ནའོ་ཞེས་བསྟན་ཏོ། །འདིར་སྨྲས་པ། འབྱུང་བ་དང་འཇིག་པ་དག་
ནི་ཡོད་པ་ཁོ་ན་ཡིན་ཏེ། དངོས་པོའི་ཆོས་ཡིན་པའི་ཕྱིར་རོ། །འདི་ན་གང་ཡོད་པ་མ་ཡིན་པ་དེ་ནི་དངོས་པོའི་ཆོས་མ་ཡིན་ཏེ། དཔེར་ན་སྦལ་པའི་ཟེ་བ་བཞིན་ནོ། །འབྱུང་བ་དང་འཇིག་པ་དག་ནི་དངོས་པོའི་ཆོས་ཡིན་པས། དེའི་ཕྱིར་དེ་དག་ནི་ཡོད་པ་ཁོ་ན་ཡིན་ནོ་ཞེས་བྱ་བ་ནི་ཕ་རོལ་པོ་དག་འབྱུང་བ་
དང་འཇིག་པ་དག་དངོས་པོའི་ཆོས་ཡིན་པའི་གཏན་ཚིགས་ཀྱིས་ཡོད་པ་ཁོ་ནར་སྒྲུབ་པའི་ཚིག་ཡིན་ཏེ། དེ་དག་ནི་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། ཆོས་མི་མཐུན་པའི་ཕྱོགས་ཀྱི་དཔེ་དང་། ཉེ་བར་སྦྱར་བའི་ཆོས་ཅན་དང་། མཇུག་བསྡུ་བ་ཡིན་པར་གོ་
རིམས་བཞིན་དུ་སྦྱར་ཏེ། འདི་ན་སྦལ་པའི་ཟེ་བ་ལྟ་བུ་གང་མེད་པ་དངོས་པོའི་ཆོས་མ་ཡིན་པ་དེ་ནི་ཡོད་པ་མ་ཡིན་གྱི། འབྱུང་བ་དང་འཇིག་པ་དག་ནི་མཚན་ཉིད་ཀྱི་གཞི་དངོས་པོའི་མཚན་ཉིད་ཀྱི་ཆོས་ཡིན་པས་དེའི་ཕྱིར་དེ་དག་ནི་ཡོད་པ་ཁོ་ན་ཡིན་ཏེ། དེ་དག་ཡོད་ན་དུས་ཀྱང་དེ་དག་གི་རྒྱུ་ཡིན་
པའི་ཕྱིར་ཡོད་པ་ཁོ་ན་ཡིན་ནོ་ཞེས་ཟེར་རོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འགྲེལ་པ་བྱེད་པ་ཉིད་ཀྱིས། འདིར་བཤད་པ་ཞེས་བྱ་བ་ལ་སོགས་པས་འབྱུང་བ་དང་འཇིག་པ་དག་མེད་པས། དངོས་པོ་མེད་པ་དང་། དངོས་པོ་མེད་པས་འབྱུང་བ་དང་། འཇིག་པ་དག་མེད་པའི་ཕྱིར་ཕ་རོལ་པོའི་གཏན་

ཚིགས་དངོས་པོའི་ཆོས་ཡིན་པའི་ཕྱིར་ཞེས་བྱ་བ་དེ་མི་འགྲུབ་བོ་ཞེས་ཆོས་ཅན་དང་། ཆོས་དགག་པའི་བརྟག་པ་རྣམ་པ་གཉིས་སྟོན་ཏོ། །དེ་ལ་རེ་ཞིག་བརྟག་པ་དང་པོ་བསྟན་པའི་ཕྱིར། གལ་ཏེ་དོན་དམ་པར་འགའ་ཞིག་ལ་འབྱུང་བ་དང་། འཇིག་པ་དག་ཡོད་པར་གྱུར་ན་ནི་དེ་
དངོས་པོ་ཞེས་བརྗོད་པར་ཡང་རིགས་པར་འགྱུར་གྲང་ན་དེ་དག་མེད་པས་དེའི་ཕྱིར། འབྱུང་བ་འཇིག་པ་མེད་པར་ནི། །དངོས་པོ་ཡོད་པ་མ་ཡིན་ནོ། །དངོས་པོ་ནི་འབྱུང་བ་དང་འཇིག་པའི་བདག་ཉིད་ཅན་ཡིན་པའི་ཕྱིར་རོ་ཞེས་བྱ་བར་དགོངས་སོ། །དེ་ཡོད་པ་མ་ཡིན་པས་གཏན་ཚིགས་ཀྱི་དོན་
མ་གྲུབ་པ་ཉིད་དོ་ཞེས་བྱ་བ་སྨྲས་ཏེ། དེས་ནི་འབྱུང་བ་དང་འཇིག་པ་དག་མེད་པས་དངོས་པོ་མེད་པའི་ཕྱིར་ཆོས་ཅན་མ་གྲུབ་པས། ཕ་རོལ་པོའི་གཏན་ཚིགས་དངོས་པོའི་ཆོས་ཡིན་པའི་ཕྱིར་རོ་ཞེས་བྱ་བ་དེ་མ་གྲུབ་པ་ཉིད་དུ་བསྟན་ཏོ། །བརྟགས་པ་གཉིས་པ་བསྟན་པའི་ཕྱིར། དེ་བཞིན་དུ།
དངོས་པོ་ཡོད་པ་མ་ཡིན་པར། །འབྱུང་དང་འཇིག་པ་ཡོད་མ་ཡིན། །རྟེན་མེད་པ་ཁོ་ནའི་ཕྱིར་བརྟེན་པ་མི་འགྲུབ་པའི་ཕྱིར་རོ་ཞེས་བྱ་བར་དགོངས་སོ་ཞེས་བྱ་བ་སྨྲས་ཏེ། དཔེར་ན་རྩིག་པ་མེད་པར་རི་མོ་ཡོད་པ་མ་ཡིན་པ་བཞིན་པས་དེས་ནི་དངོས་པོ་མེད་པས་འབྱུང་བ་དང་འཇིག་པ་དག་མེད་པའི་ཕྱིར་
ཆོས་མ་གྲུབ་པས་ཕ་རོལ་པོའི་གཏན་ཚིགས་དངོས་པོའི་ཆོས་ཡིན་པའི་ཕྱིར་རོ་ཞེས་བྱ་བ་དེ་མ་གྲུབ་པ་ཉིད་དུ་བསྟན་ཏོ། །ཡང་ན་དངོས་པོའི་ཆོས་ཡིན་པའི་ཕྱིར་རོ་ཞེས་བྱ་བའི་གཏན་ཚིགས་དེ་སུན་དབྱུང་བའི་ལམ་གཞན་འདི་ཡང་ཡོད་དོ་ཞེས་བྱ་བས་ནི་དངོས་པོ་མེད་པ་ལ་འབྱུང་བ་དང་འཇིག་པ་
དག་མི་འཐད་པ་དང་། དངོས་པོ་ཡོད་པ་ལ་འབྱུང་བ་དང་འཇིག་པ་དག་མི་འཐད་པས་ཕ་རོལ་པོའི་གཏན་ཚིགས་དངོས་པོའི་ཆོས་ཡིན་པའི་ཕྱིར་རོ་ཞེས་བྱ་བ་དེ་མི་འགྲུབ་པོ་ཞེས་སུན་དབྱུང་བའི་ལམ་རྣམ་པ་གཉིས་སྟོན་ཏོ། །དེ་ལ་རེ་ཞིག་སུན་དབྱུང་བའི་ལམ་དང་པོ་བསྟན་པའི་ཕྱིར་དེ་ལ་རེ་ཞིག་སྨྲ་
བ་གང་དག་དངོས་པོ་ཡོད་པར་གྱུར་པ་མ་ཡིན་པ་ངོ་བོ་ཉིད་སྟོང་པ་ཉིད་ལ་འབྱུང་བ་དང་འཇིག་པ་དག་ཡོད་པར་སྟོན་པ་དེ་དག་གི་ཕྱིར་འདི་བཤད་དེ། སྟོང་ལ་འབྱུང་དང་འཇིག་པ་དག །འཐད་པ་ཉིད་ནི་མ་ཡིན་ནོ། །རྗེས་སུ་དཔག་པས་གནོད་པར་འགྱུར་བའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ་སྟོང་པ་ལ་འབྱུང་བ་དང་

འཇིག་པ་དག་མི་འཐད་དེ་དམིགས་སུ་མེད་པའི་ཕྱིར་དཔེར་ན་ནམ་མཁའི་མེ་ཏོག་བཞིན་ནོ་ཞེས་བསྟན་ཏོ། །སུན་དབྱུང་བའི་ལམ་གཉིས་པ་བསྟན་པའི་ཕྱིར། སྨྲ་བ་གང་དག་དངོས་པོ་ཡོད་པར་གྱུར་པ་ངོ་བོ་ཉིད་མི་སྟོང་པ་ལ་འབྱུང་བ་དང་འཇིག་པ་དག་ཡོད་པར་སྟོན་པ་དེ་དག་གི་ཕྱིར་འདི་བཤད་དེ། མི་སྟོང་པ་
ལའང་འབྱུང་འཇིག་དག །འཐད་པ་ཉིད་ནི་མ་ཡིན་ནོ། །རང་གི་བདག་ཉིད་ཀྱིས་ཡོད་པར་འགྱུར་བ་མེད་པ་ནི་དེ་དག་དང་མི་ལྡན་པའི་ཕྱིར་དང་། རྗེས་སུ་དཔག་པས་གནོད་པར་འགྱུར་བའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། མི་སྟོང་པ་ལ་འབྱུང་བ་དང་འཇིག་པ་དག་མི་འཐད་དེ། དེ་དག་དང་མི་ལྡན་པའི་ཕྱིར་དཔེར་
ན་མྱ་ངན་ལས་འདས་པ་བཞིན་ནོ་ཞེས་བསྟན་ཏེ། དེའི་ཕྱིར་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་ཀྱི་སྐྱོན་དང་དོན་འགལ་བ་ཉིད་ཀྱི་སྐྱོན་དེ་དག་ཉིད་དུ་འགྱུར་རོ་ཞེས་བྱ་བ་ནི་མཇུག་བསྡུ་བ་དང་ཚད་མའི་འབྲས་བུ་ཡིན་ཏེ། ཕ་རོལ་པོ་དག་གི་གཏན་ཚིགས་དངོས་པོའི་ཆོས་ཡིན་པའི་ཕྱིར་རོ་ཞེས་བྱ་བ་དེ་མ་གྲུབ་པས་
འབྱུང་བ་དང་། འཇིག་པའི་རྒྱུ་ཡིན་པའི་ཕྱིར་རོ་ཞེས་བྱ་བའི་གཏན་ཚིགས་ཀྱི་རྩ་བ་དེའི་དོན་དམ་པར་ནི་མ་གྲུབ་ལ་ཀུན་རྫོབ་ཏུ་ནི་འགལ་བའི་སྐྱོན་དེ་དག་ཉིད་དུ་འགྱུར་རོ་ཞེས་བསྟན་ཏོ། །ཡང་ན་སུན་དབྱུང་བའི་ལམ་གཞན་ཡང་ཡོད་དེ། འབྱུང་བ་དང་འཇིག་པ་དག་གཅིག་པ་ཉིད་དམ་གཞན་
ཉིད་དུ་འགྱུར་གྲང་ན། དེ་ལ་གཉི་ག་ལྟར་ཡང་མི་འཐད་དེ་ཞེས་བྱ་བས་ནི་སྔར་ཕ་རོལ་པོ་དག་གིས་སྨྲས་པའི་གཏན་ཚིགས་དངོས་པོའི་ཆོས་ཡིན་པའི་ཕྱིར་རོ་ཞེས་བྱ་བ་དེ་སུན་དབྱུང་བའི་ལམ་གཞན་སྟོན་ཏེ། དེས་ཀྱང་འབྱུང་བ་དང་འཇིག་པ་དག་དངོས་པོའི་ཆོས་ཡིན་ན་གཅིག་པ་ཉིད་དམ། གཞན་
ཉིད་དུ་འགྱུར་གྲང་ན་གཉི་ག་ལྟར་ཡང་མི་འཐད་དོ་ཞེས་བརྟག་པ་རྣམ་པ་གཉིས་སྟོན་ཏོ། །དེ་ལ་རེ་ཞིག་བརྟག་པ་དང་པོ་བསྟན་པའི་ཕྱིར། ཇི་ལྟར་ཞེ་ན། འབྱུང་བ་དང་ནི་འཇིག་པ་དག །གཅིག་པ་ཉིད་དུ་མི་འཐད་དོ། །མི་མཐུན་པའི་ཕྱིར་དཔེར་ན་ཤེས་པ་དང་། མི་ཤེས་པ་དག་བཞིན་ནོ་ཞེས་བྱ་བ་སྨྲས་
ཏེ། དེ་དག་ནི་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་ཤེས་པ་དང་མི་ཤེས་པ་དག་ནི་མི་མཐུན་པའི་ཕྱིར་གཅིག་པ་ཉིད་དུ་མི་འཐད་པ་དེ་བཞིན་དུ་འབྱུང་བ་དང་འཇིག་པ་དག་ཀྱང་མི་མཐུན་པའི་ཕྱིར་གཅིག་པ་ཉིད་དུ་མི་འཐད་དོ། །

བརྟག་པ་གཉིས་པ་བསྟན་པའི་ཕྱིར། །འབྱུང་བ་དང་ནི་འཇིག་པ་དག །གཞན་ཉིད་དུ་ཡང་མི་འཐད་དོ། །དངོས་པོ་གཅིག་ལ་བརྟེན་པའི་ཕྱིར་གང་ཡང་རུང་བའི་རང་གི་བདག་ཉིད་བཞིན་ནོ་ཞེས་བྱ་བ་སྨྲས་ཏེ། དེ་དག་ཀྱང་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་
དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་འབྱུང་བའམ། འཇིག་པ་གང་ཡང་རུང་བ་གཅིག་གི་རང་གི་མཚན་ཉིད་ནི་དངོས་པོ་གཅིག་ལ་བརྟེན་པའི་ཕྱིར་གཞན་ཉིད་དུ་མི་འཐད་པ་དེ་བཞིན་དུ་འབྱུང་བ་དང་འཇིག་པ་དག་ཀྱང་དངོས་པོ་གཅིག་ལ་བརྟེན་པའི་ཕྱིར་གཞན་ཉིད་དུ་མི་འཐད་དོ། །
དེས་ཀྱང་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་དང་། དོན་འགལ་བ་ཉིད་ཀྱི་སྐྱོན་དེ་དག་ཉིད་དུ་འགྱུར་རོ་ཞེས་བྱ་བ་ཡང་མཇུག་བསྡུ་བ་དང་ཚད་མའི་འབྲས་བུ་ཡིན་ཏེ། ཕ་རོལ་པོ་དག་གི་གཏན་ཚིགས་དངོས་པོའི་ཆོས་ཡིན་པའི་ཕྱིར་རོ་ཞེས་བྱ་བ་དེ་མ་གྲུབ་པས་འབྱུང་བ་དང་འཇིག་པའི་རྒྱུ་ཡིན་པའི་ཕྱིར་རོ་ཞེས་
བྱ་བའི་གཏན་ཚིགས་ཀྱི་རྩ་བ་དེའི་དོན་དམ་པར་ནི་མ་གྲུབ་ལ། ཀུན་རྫོབ་ཏུ་ནི་འགལ་བའི་སྐྱོན་དེ་དག་ཉིད་དུ་འགྱུར་རོ་ཞེས་བསྟན་ཏོ། །ཅི་སྟེ་བརྒྱ་ལ། འབྱུང་བ་དང་ནི་འཇིག་པ་དག །མཐོང་ངོ་སྙམ་དུ་ཁྱོད་སེམས་ན། །ཞེས་བྱ་བ་ནི་དབུ་མ་པས་ཕ་རོལ་པོ་དག་གི་དོགས་པ་བསུ་བའི་ཚིག་ཡིན་ཏེ།
ཅི་སྟེ་བརྒྱ་ལ་ཁྱེད་འབྱུང་བ་དང་། འཇིག་པ་དག་ད་ལྟར་མངོན་སུམ་དུ་མཐོང་ན་ཅིའི་ཕྱིར་མེད་སྙམ་དུ་སེམས་ནའོ། །དེའི་ལན་དུ་འགྲེལ་པ་བྱེད་པ་ཉིད་ཀྱིས་བྱིས་པ་ཕལ་པའི་བློས་མཐོང་བ་ནི་བདེན་གྱི། དོན་དམ་པར་ནི་མ་ཡིན་ཏེ། དོན་དམ་པར་འབྱུང་བ་བཀག་པའི་ཕྱིར་དང་། མ་བྱུང་བ་ལ་འཇིག་
པ་མི་སྲིད་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་སོ། །དེའི་ཕྱིར། འབྱུང་བ་དང་ནི་འཇིག་པ་དག །གཏི་མུག་ཉིད་ཀྱིས་མཐོང་བ་ཡིན། །ཞེས་བྱ་བ་ནི་བྱིས་པ་ཕལ་པའི་བློས་མཐོང་བ་ཉིད་དུ་བསྟན་ཏོ། །ཅི་སྟེ་དེ་དག་གི་གཏི་མུག་གིས་མཐོང་བ་ཡིན་གྱི། དོན་དམ་པར་ནི་མ་ཡིན་ནོ་ཞེས་བྱ་བ་དེ་ཇི་ལྟར་ངེས་པར་
ཤེས་ཤེ་ན་ཞེས་བྱ་བ་ནི་ཕ་རོལ་པོ་དག་འདྲི་བའི་ཚིག་ཡིན་ནོ། །དེའི་ལན་དུ་འགྲེལ་པ་བྱེད་པ་ཉིད་ཀྱིས་བཤད་པ། དེའི་ལན་བཏབ་ཟིན་མོད་ཀྱི། གལ་ཏེ་དེ་ཙམ་གྱིས་ཀྱང་ཡོངས་སུ་མི་མགུ་ན་ཡང་བཤད་པར་བྱ་སྟེ། འདི་ལྟར་དོན་དམ་པར་འབྱུང་བ་དང་། འཇིག་པ་དངོས་པོ་ལ་བརྟེན་པ་ཞིག་ཡོད་ན་

མཐོང་བར་ཡང་འགྱུར་གྲང་སྟེ། དེ་ལ་དངོས་པོ་དངོས་པོ་ལས་སྐྱེ་བའམ། དངོས་པོ་མེད་པ་དངོས་པོ་ལས་སྐྱེ་བའམ། དངོས་པོ་དངོས་པོ་མེད་པ་ལས་སྐྱེ་བའམ། དངོས་པོ་མེད་པ་དངོས་པོ་མེད་པ་ལས་སྐྱེ་བར་འགྱུར་གྲང་ན་ཞེས་བྱ་བས་སྐྱེ་བ་དང་འཇིག་པ་དག་མུ་བཞིས་གཅིག་ལ་
གཅིག་སྐྱེ་བ་མེད་པས་དེ་དག་མཐོང་བ་ནི་གཏི་མུག་ཉིད་ཀྱིས་མཐོང་བ་ཡིན་གྱི། དོན་དམ་པར་ནི་མ་ཡིན་ནོ་ཞེས་སྟོན་ཏོ། །དེ་ལ་རེ་ཞིག་མུ་དང་པོ་མི་འཐད་པར་བསྟན་པའི་ཕྱིར། དེ་ལ་རེ་ཞིག་དོན་དམ་པར། དངོས་པོ་དངོས་ལས་མི་སྐྱེ་སྟེ། དངོས་པོ་ཡིན་པའི་ཕྱིར་དཔེར་ན་སྐྱེས་པ་བཞིན་ནོ་ཞེས་བྱ་བ་
སྨྲས་ཏེ། དེ་དག་ནི་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་སྐྱེས་ཟིན་པ་ནི་དངོས་པོ་ཡིན་པའི་ཕྱིར་དངོས་པོ་ལས་མི་སྐྱེ་བ་དེ་བཞིན་དུ་དངོས་པོ་ཡང་དངོས་པོ་ཡིན་པའི་ཕྱིར་དངོས་པོ་ལས་མི་སྐྱེའོ། །མུ་གཉིས་
པ་མི་འཐད་པར་བསྟན་པའི་ཕྱོགས་སྔ་མ་བསྟན་པའི་ཕྱིར། ཅི་སྟེ་སྐྱེ་བའི་སྔ་རོལ་ན་ནི་ཡོད་པ་མ་ཡིན་པ་ཉིད་ཡིན་ཏེ། ཕྱིས་འབྱུང་བའི་མིང་གི་དངོས་པོ་ཞེས་བྱའོ་ཞེ་ན་ཞེས་བྱ་བ་སྨྲས་ཏེ། ད་ནི་ཕ་རོལ་དག་ན་རེ་དངོས་པོ་ནི་སྐྱེ་བའི་སྔ་རོལ་ན་ཡོད་པ་མ་ཡིན་ཏེ། ཕྱིས་འབྱུང་བའི་མིང་གི་
དངོས་པོ་ཞེས་བརྗོད་པས་དེས་ན་ཁྱོད་ཀྱི་སྒྲུབ་པ་སྔ་མའི་དཔེ་སྐྱེས་པ་བཞིན་ནོ་ཞེས་བྱ་བ་དེ་མི་རུང་ངོ་ཞེས་ཟེར་བའི་ཚིག་ཡིན་ནོ། །དེའི་ལན་དུ་འགྲེལ་པ་བྱེད་པ་ཉིད་ཀྱིས། དེ་ལྟ་ན་ཡང་། དངོས་མེད་དངོས་ལས་མི་སྐྱེའོ། །མྱུ་གུ་ཞེས་བྱ་བའི་དངོས་པོ་མེད་པ་འབྲུའི་མཚན་ཉིད་ཀྱི་དངོས་པོ་ལས་
མི་སྐྱེ་སྟེ། སྐྱེ་བའི་སྔ་རོལ་ན་མེད་པའི་ཕྱིར་རམ། བརྗོད་པར་བྱ་བ་མ་ཡིན་པའི་ཕྱིར་དཔེར་ན་དེ་ལས་གཞན་བཞིན་ནོ་ཞེས་བྱ་བ་སྨྲས་ཏེ། དེ་དག་ཀྱང་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་མྱུ་གུ་ཞེས་བྱ་
བའི་དངོས་པོ་མེད་པ་དེ་ལས་གཞན་པ་བུམ་པ་དང་། སྣམ་བུ་ལ་སོགས་པའི་དངོས་པོ་མེད་པ་ནི་སྐྱེ་བའི་སྔ་རོལ་ན་མེད་པའི་ཕྱིར་རམ། ཡོད་པ་དང་མེད་པར་བྱ་བ་མ་ཡིན་པའི་ཕྱིར་འབྲུའི་མཚན་ཉིད་ཀྱི་དངོས་པོ་ལས་མི་སྐྱེ་བ་དེ་བཞིན་དུ་མྱུ་གུ་ཞེས་བྱ་བའི་དངོས་པོ་མེད་པ་ཡང་སྐྱེ་བའི་སྔ་རོལ་ན་མེད་པའི་ཕྱིར་

རམ། ཡོད་པ་དང་། མེད་པར་བརྗོད་པར་བྱ་བ་མ་ཡིན་པའི་ཕྱིར་འབྲུའི་མཚན་ཉིད་ཀྱི་དངོས་པོ་ལ་མི་སྐྱེའོ། །ཡང་ན། དངོས་མེད་དངོས་ལས་མི་སྐྱེའོ། །ཞེས་བྱ་བ་ནི་མེད་པའི་ཕྱིར་དཔེར་ན་རི་བོང་གི་རྭ་བཞིན་ནོ་ཞེས་བྱ་བ་ནི་མུ་གཉིས་པ་མི་འཐད་པར་བསྟན་པའི་རྗེས་སུ་དཔག་པ་
གཞན་ཡིན་ཏེ། དེ་དག་ཀྱང་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་རི་བོང་གི་རྭ་ནི་མེད་པའི་ཕྱིར་དངོས་པོ་ལས་མི་སྐྱེ་བ་དེ་བཞིན་དུ་དངོས་པོ་མེད་པ་ཡང་མེད་པའི་ཕྱིར་དངོས་པོ་ལས་མི་སྐྱེའོ། །ཅི་སྟེ་བུམ་པ་
མེད་པ་མེད་བཞིན་དུ་ཐོ་བས་བསྣུན་པ་ལས་འབྱུང་བར་འགྱུར་བ་དེས་མ་ངེས་པ་ཉིད་དོ་ཞེ་ན་ཞེས་བྱ་བ་ནི་ཕ་རོལ་པོ་དག་དབུ་མ་པས་དངོས་པོ་ལས་མི་སྐྱེ་སྟེ། མེད་པའི་ཕྱིར་དཔེར་ན་རི་བོང་གི་རྭ་བཞིན་ནོ་ཞེས་སྒྲུབ་པའི་གཏན་ཚིགས་དེ་མ་ངེས་པ་ཉིད་དུ་སྐྱོན་འདོགས་པའི་ཚིག་ཡིན་ཏེ། དེ་དག་ན་རེ་འདི་ན་བུམ་པ་ཞིག་
ནས་མེད་པ་ནི་སྔ་ན་དངོས་པོ་མེད་པ་ཉིད་ཡིན་ཡང་ཕྱིས་ཐོ་བས་བསྣུན་པའི་དངོས་པོ་ལས་འབྱུང་བར་འགྱུར་བ་མཐོང་བས་དེས་ན་ཅི་རེ་ཞིག་མེད་པའི་ཕྱིར་དཔེར་ན་རི་བོང་གི་རྭ་བཞིན་དུ་དངོས་པོ་མེད་པ་དངོས་པོ་ལས་མི་སྐྱེ་བར་འགྱུར་རམ། འོན་ཏེ་མེད་པའི་ཕྱིར་དཔེར་ན་བུམ་པ་མེད་པ་ཐོ་བས་བསྣུན་པའི་དངོས་
པོ་ལས་འབྱུང་བ་བཞིན་དུ་དངོས་པོ་མེད་པ་དངོས་པོ་ལས་སྐྱེ་བར་འགྱུར་བ་མ་ངེས་པ་ཉིད་ཡིན་པས་དབུ་མའི་གཏན་ཚིགས་དེ་མི་རུང་ངོ་ཞེས་ཟེར་རོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས། མ་ངེས་པ་ཉིད་མ་ཡིན་ཏེ། བུམ་པ་སྐྱེ་བ་དང་འགག་པ་བཀག་པའི་
ཕྱིར་དང་། དེ་ཉིད་ཀྱང་ཕྱོགས་སུ་བྱས་པས་མི་མཐུན་པའི་ཕྱོགས་མེད་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། དོན་དམ་པར་བུམ་པ་སྐྱེ་བ་དང་འགག་པ་བཀག་པའི་ཕྱིར་ཕ་རོལ་པོ་དག་གི་དཔེ་མེད་པ་དང་། དབུ་མ་པས་བུམ་པ་མེད་པར་ཐོ་བས་བསྣུན་པའི་དངོས་པོ་ལས་འབྱུང་བ་དེ་ཉིད་ཀྱང་ཕྱོགས་སུ་བྱས་པས་
མི་མཐུན་པའི་ཕྱོགས་མེད་པའི་ཕྱིར་དབུ་མ་པའི་གཏན་ཚིགས་དེ་མ་ངེས་པ་ཉིད་མ་ཡིན་ནོ། །མུ་གསུམ་པ་མི་འཐད་པར་བསྟན་པའི་ཕྱིར། དེ་བཞིན་དུ། དངོས་པོ་དངོས་མེད་མི་སྐྱེ་སྟེ། །སྐྱོན་བསྟན་ཟིན་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། དངོས་པོ་དང་དངོས་པོ་མེད་པ་དག་དགག་པ་མི་མཐུན་པའི་སྐྱོན་

བསྟན་ཟིན་པའི་ཕྱིར་རོ། །ཡང་དེ་ཉིད་ཀྱི་རྗེས་སུ་དཔག་པ་གཞན་བསྟན་པའི་ཕྱིར་རོ། །ཡང་ན་དངོས་པོ་མེད་པ་ནི་དངོས་པོའི་རྒྱུ་མ་ཡིན་ཏེ། མ་སྐྱེས་པའི་ཕྱིར་དཔེར་ན་རི་བོང་གི་རྭ་བཞིན་ནོ་ཞེས་རྗེས་སུ་དཔག་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། དེ་དག་ནི་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་།
སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་རི་བོང་གི་རྭ་ནི་མ་སྐྱེས་པའི་ཕྱིར་དངོས་པོའི་རྒྱུ་མ་ཡིན་པ་དེ་བཞིན་དུ་དངོས་པོ་མེད་པ་ཡང་མ་སྐྱེས་པའི་ཕྱིར་དངོས་པོའི་རྒྱུ་མ་ཡིན་ནོ། །མུ་བཞི་པ་མི་འཐད་པར་བསྟན་པའི་ཕྱིར། དེ་བཞིན་དུ། དངོས་མེད་དངོས་མེད་
མི་སྐྱེའོ། །རྗེས་སུ་དཔག་པ་དང་གྲགས་པའི་གནོད་པས་གནོད་པར་འགྱུར་བའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། དངོས་པོ་མེད་པ་ནི་དངོས་པོ་མེད་པ་ལས་མི་སྐྱེ་སྟེ་རི་བོང་གི་རྭ་མོ་གཤམ་གྱི་བུ་ལས་མི་སྐྱེ་བ་བཞིན་ནམ། ནམ་མཁའི་མེ་ཏོག་རུས་སྦལ་གྱི་སྤུ་ལས་མི་སྐྱེ་བར་གྲགས་པའི་གནོད་
པས་གནོད་པར་འགྱུར་བའི་ཕྱིར་རོ། །དེ་ལྟར་སྐྱེ་བ་དང་འཇིག་པ་དག་མུ་བཞིས་གཅིག་ལ་གཅིག་སྐྱེ་བ་མེད་པས་དེ་དག་མཐོང་བ་ནི་གཏི་མུག་ཉིད་ཀྱིས་མཐོང་བ་ཡིན་གྱི། དོན་དམ་པར་ནི་མ་ཡིན་ནོ་ཞེས་བསྟན་ཏོ། །གཞན་ཡང་བདག་ལས་སམ། གཞན་ལས་སམ། གཉི་ག་ལས་སྐྱེ་བར་
འགྱུར་གྲང་ན་ཞེས་བྱ་བས་ནི་གཞན་ཡང་འབྱུང་བ་དང་འཇིག་པ་བཞི་ཡོད་ན་དེ་བདག་ལས་སམ། གཞན་ལས་སམ། གཉི་ག་ལས་སྐྱེ་བར་འགྱུར་གྲང་ན་དེ་དག་རྣམ་པ་ཐམས་ཅད་ལས་སྐྱེ་བར་མི་འཐད་པས་འབྱུང་བ་དང་། འཇིག་པ་དག་ཡོད་པ་མ་ཡིན་ནོ་ཞེས་སྟོན་ཏོ། །དེ་ཉིད་བསྟན་པའི་ཕྱིར། དེ་ལ་
ཡང་། དངོས་པོ་བདག་ལས་མི་སྐྱེ་སྟེ། །གཞན་ལས་སྐྱེ་བ་ཉིད་མ་ཡིན། །བདག་དང་གཞན་ལས་སྐྱེ་བ་ནི། །ཡོད་མིན། ཇི་ལྟར་ཞེ་ན། དེ་ལྟར་དང་པོ་ཉིད་དུ་རྒྱས་པར་བསྟན་ཟིན་ཏོ་ཞེས་བྱ་བ་སྨྲས་ཏེ། སྔར་རྐྱེན་བརྟག་པའི་སྐབས་སུ། བདག་ལས་མ་ཡིན་གཞན་ལས་མིན། །
གཉིས་ལས་མ་ཡིན་རྒྱུ་མེད་མིན། །དངོས་པོ་གང་དག་གང་ན་ཡང་། །སྐྱེ་བ་ནམ་ཡང་ཡོད་མ་ཡིན། །ཞེས་སྨོས་པས་བསྟན་ཟིན་ཏོ། །འོ་ན་ཇི་ལྟར་སྐྱེ་བར་འགྱུར་བ་དེ་སྨྲོས་ཤིག །སྐྱེ་བར་མི་འགྱུར་བ་ཉིད་དོ་ཞེས་བྱ་བའི་ཐ་ཚིག་གི་དོན་ཏོ་ཞེས་བྱ་བ་ནི་མཇུག་བསྡུ་བ་ཡིན་ནོ། །དེའི་ཕྱིར་དེ་ལྟར་

འབྱུང་བ་དང་འཇིག་པ་དག་ཡོད་པ་མ་ཡིན་པའི་ཕྱིར་གཏན་ཚིགས་ཀྱི་རྩ་བའི་དོན་མ་གྲུབ་པ་ཉིད་དོ་ཞེས་བྱ་བ་ནི་ཚད་མའི་འབྲས་བུ་ཡིན་ཏེ། དེ་ལྟར་དོན་དམ་པར་འབྱུང་བ་དང་འཇིག་པ་དག་ཡོད་པ་མ་ཡིན་པའི་ཕྱིར་སྔར་རབ་ཏུ་བྱེད་པའི་དང་པོར་ཕ་རོལ་པོ་དག་གིས་དོན་
དམ་པར་དུས་ནི་ཡོད་པ་ཁོ་ན་ཡིན་ཏེ། འབྱུང་བ་དང་འཇིག་པའི་རྒྱུ་ཡིན་པའི་ཕྱིར་རོ། །འདི་ན་གང་ཡོད་པ་མ་ཡིན་པ་དེ་ནི་འབྱུང་བ་དང་འཇིག་པའི་རྒྱུ་མ་ཡིན་ཏེ། དཔེར་ན་སྦྲུལ་གྱི་རྐང་པ་བཞིན་ནོ། །དུས་ནི་འབྱུང་བ་དང་འཇིག་པ་དུས་ཀྱི་རྗེས་སུ་འབྲང་བ་དག་གི་རྒྱུ་ཡིན་པས་དེའི་ཕྱིར་དུས་ནི་
དོན་དམ་པར་ཡོད་པ་ཁོ་ན་ཡིན་པས་དེས་ན་དེ་གསལ་བ་ཡོད་པའི་ཕྱིར་གཏན་ཚིགས་གྲུབ་པས་འདོད་པའི་དོན་གྲུབ་པོ་ཞེས་སྨྲས་པའི་གཏན་ཚིགས་ཀྱི་རྩ་བའི་དོན་མ་གྲུབ་པ་ཉིད་ཡིན་པས་བསྟན་བཅོས་མཛད་པས་སྔར་དོན་དམ་པར་དུས་ངོ་བོ་ཉིད་མེད་པས་དེ་གསལ་བའི་རྒྱུ་ཡིན་པའི་ཕྱིར་རོ་ཞེས་
བྱ་བའི་གཏན་ཚིགས་མ་གྲུབ་པའི་ཕྱིར་དོན་དམ་པར་ནང་གི་དངོས་པོ་རྣམས་ངོ་བོ་ཉིད་མེད་པ་ཉིད་ཡིན་ནོ་ཞེས་དམ་བཅས་པའི་དགོངས་པ་གྲུབ་པ་ཉིད་དོ།། །།བམ་པོ་དྲུག་ཅུ་དགུ་པ། ད་ནི་ཕ་རོལ་པོ་དག་འདོད་པ་ལྟར་དོན་དམ་པར་དངོས་པོ་རྣམས་ངོ་བོ་ཉིད་ཡོད་པར་ཁས་
བླངས་ན་རྟག་པ་དང་ཆད་པར་ལྟ་བར་ཐལ་བར་འགྱུར་བའི་སྐྱོན་བསྟན་པའི་ཕྱིར་དོན་དམ་པར་ནི་དངོས་པོ་ཡོད་པར་ཁས་བླངས་ན། རྟག་པ་དང་ཆད་པར་ལྟ་བར་ནི་ཐལ་བར་འགྱུར་ཏེ། ཅིའི་ཕྱིར་ཞེ་ན། འདི་ལྟར་དངོས་དེ་ནི། རྟག་དང་མི་རྟག་འགྱུར་ཕྱིར་རོ། །དེ་ལ་རྟག་པ་ནི་མི་འཇིག་
པའི་ཕྱིར་རྟག་པར་ཐལ་བར་འགྱུར་ལ། མི་རྟག་པ་ནི་འཇིག་པའི་ཕྱིར་ཆད་པར་ལྟ་བར་ཐལ་བར་འགྱུར་རོ་ཞེས་བྱ་བ་སྨྲས་ཏེ། འདི་ལྟར་དངོས་པོ་ནི་རྟག་པ་དང་། མི་རྟག་པའི་བདག་ཉིད་ཅན་ཡིན་པས་དེ་ཁས་བླངས་ན་འཇིག་པ་དང་། མི་འཇིག་པར་ལྟ་བའི་སྒོ་ནས་རྟག་པ་དང་ཆད་
པར་ལྟ་བར་ཐལ་བར་འགྱུར་རོ། །འདིར་སྨྲས་པ། དངོས་པོ་ཡོད་པར་ཁས་བླངས་ཀྱང་། །ཆད་པར་མི་འགྱུར་རྟག་མི་འགྱུར། །ཅིའི་ཕྱིར་ཞེ་ན། འདི་ལྟར། འབྲས་བུའི་རྒྱུ་ཡི་འབྱུང་འཇིག་གི །རྒྱུན་དེ་སྲིད་པ་ཡིན་ཕྱིར་རོ། །དེ་ལ་རྒྱུ་འགག་བཞིན་པ་ལ་འབྲས་བུ་སྐྱེ་བའི་ཕྱིར་ཆད་པར་མི་

འགྱུར་ལ། འབྲས་བུ་སྐྱེས་པ་ནི་རྒྱུ་འགག་པའི་ཕྱིར་རྟག་པར་མི་འགྱུར་རོ་ཞེས་བྱ་བ་ནི་ཕ་རོལ་པོ་དག་ན་རེ་དངོས་པོ་ཡོད་པར་ཁས་བླངས་ཀྱང་རྟག་པ་དང་ཆད་པར་ལྟ་བར་ཐལ་བར་མི་འགྱུར་ཏེ། དངོས་པོར་ལྟ་བ་ཡོད་ན་སྲིད་པ་འཐད་དེ། འདི་ལྟར་འབྲས་བུ་འབྱུང་བ་དང་རྒྱུ་འཇིག་པའི་རྒྱུ་གང་
ཡིན་པ་དེ་ནི་སྲིད་པ་ཡིན་པའི་ཕྱིར་རོ། །དེ་ལ་གང་གི་ཕྱིར་རྒྱུ་འཇིག་པར་འགྱུར་བ་དེའི་ཕྱིར་རྟག་པའི་སྐྱོན་དུ་ཐལ་བར་མི་འགྱུར་ལ་གང་གི་ཕྱིར་རྒྱུ་འགག་བཞིན་པ་ལས་འབྲས་བུ་འབྱུང་བར་འགྱུར་བ་དེའི་ཕྱིར་ཆད་པའི་སྐྱོན་དུ་ཐལ་བར་མི་འགྱུར་རོ་ཞེས་ཟེར་བའི་ཚིག་ཡིན་ནོ། །དེ་སྐད་ཅེས་ཟེར་བ་དེའི་
ལན་དུ་འགྲེལ་པ་བྱེད་པ་ཉིད་ཀྱིས། འདིར་བཤད་པ། གལ་ཏེ་འབྲས་རྒྱུའི་འབྱུང་འཇིག་གི །རྒྱུན་དེ་སྲིད་པ་ཡིན་གྱུར་ན། །འཇིག་ལ་ཡང་སྐྱེ་མེད་པའི་ཕྱིར། །རྒྱུ་ནི་ཆད་པར་ཐལ་བར་འགྱུར། །ཟད་པ་ལ་སྐྱེ་བ་མེད་པའི་ཕྱིར་ས་བོན་ཚིག་པ་བཞིན་ནོ་ཞེས་བྱ་བར་དགོངས་སོ་ཞེས་བྱ་བ་སྨྲས་ཏེ།
དེ་ལྟ་ན་རྒྱུ་འཇིག་པ་ནི་འགགས་པ་ཟད་པ་ཡིན་པས་དེ་ལ་ཡང་སྐྱེ་བ་མེད་པའི་ཕྱིར་རྒྱུ་ཆད་པར་ལྟ་བར་ཐལ་བར་འགྱུར་རོ་ཞེས་སྟོན་ཏོ། །དེ་ལ་རྒྱུ་འཇིག་པ་ནི་ཆོས་ཅན་ཡིན་ལ། ཆད་པར་ལྟ་བར་ཐལ་བར་འགྱུར་བ་ནི་བསྒྲུབ་པར་བྱ་བ་ཆོས་ཡིན། སྐྱེ་བ་མེད་པའི་ཕྱིར་ཞེས་བྱ་བ་ནི་སྒྲུབ་པའི་ཆོས་ཡིན། ས་
བོན་ཚིག་པ་བཞིན་ནོ་ཞེས་བྱ་བ་ནི་དཔེ་ཡིན་པར་སྦྱར་ཏེ། དཔེར་ན་ས་བོན་ཚིག་པ་དངོས་པོར་ཁས་བླངས་ན་དེ་ལ་ཡང་སྐྱེ་བ་མེད་པའི་ཕྱིར་ཆད་པར་ལྟ་བར་ཐལ་བར་འགྱུར་བ་དེ་བཞིན་དུ་རྒྱུ་འཇིག་པ་ཡང་དངོས་པོར་ཁས་བླངས་ན་དེ་ལ་ཡང་སྐྱེ་བ་མེད་པའི་ཕྱིར་ཆད་པར་ལྟ་བར་ཐལ་བར་འགྱུར་རོ་ཞེས་མདོ་
མཛད་པས་དགོངས་སོ། །ཇི་སྟེ་སྔར། གང་ལ་བརྟེན་ཏེ་གང་བྱུང་བ། །དེ་ནི་རེ་ཞིག་དེ་ཉིད་མིན། །དེ་ལས་གཞན་པའང་མ་ཡིན་ལ། །དེ་ཕྱིར་ཆད་མིན་རྟག་མ་ཡིན། །ཞེས་ཁས་བླངས་ལ། ད་ནི་རྟག་པ་དང་ཆད་པར་ཐལ་བར་སྐྱོན་འདོགས་པ་དེ་རིགས་པ་མ་ཡིན་ནོ་ཞེ་ན་ཞེས་བྱ་བ་ནི་ཕ་རོལ་པོ་
དག་ན་རེ། ཁྱེད་དབུ་མ་པས་སྔར་བདག་དང་ཆོས་བརྟག་པའི་སྐབས་སུ། རྟག་པ་དང་ཆད་པ་མ་ཡིན་པར་སྒྲུབ་པ་དེ་སྐད་ཁས་བླངས་ལ། ད་ནི་ཁོ་བོ་ཅག་ལ་རྟག་པ་དང་ཆད་པར་ལྟ་བར་ཐལ་བར་འགྱུར་བར་སྐྱོན་འདོགས་པ་དེ་རིགས་པ་མ་ཡིན་ནོ་ཞེས་ཟེར་བའི་ཚིག་ཡིན་ནོ། །དེ་སྐད་

ཅེས་ཟེར་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས། དེ་ནི་བཟང་པོ་མ་ཡིན་ཏེ། དེ་ནི་ཐ་སྙད་པའི་དེ་ཁོ་ནའི་མཚན་ཉིད་ནི་ཆད་པ་མ་ཡིན་པ་དང་རྟག་པ་མ་ཡིན་པར་བསྟན་པ་ལ། དོན་དམ་པའི་བདེན་པར་ནི་སྐྱེ་བ་མེད་པ་ཁོ་ནའི་ཕྱིར་རྟག་པ་དང་ཆད་པའི་སྐྱོན་དུ་མི་
འགྱུར་བས་དེ་སྙིང་པོ་མ་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། ཁོ་བོ་ཅག་གི་སྔར། གང་ལ་བརྟེན་ནས་གང་བྱུང་བ། །རེ་ཞིག་དེ་ནི་དེ་ཉིད་མིན། །དེ་ལས་གཞན་པའང་མ་ཡིན་ཕྱིར། །དེ་ཕྱིར་ཆད་མིན་རྟག་མ་ཡིན། །ཞེས་བསྟན་པ་དེར་ནི་ཀུན་རྫོབ་པའི་དེ་ཁོ་ནའི་མཚན་ཉིད་ནི་ཆད་པ་མ་ཡིན་པ་དང་རྟག་
པ་མ་ཡིན་པར་བསྟན་ཏེ། དེ་ཡང་དངོས་པོར་མི་ལྟ་བ་ལ་ཀུན་རྫོབ་ཏུ་ཡང་། རྟག་པ་དང་ཆད་པར་ལྟ་བར་ཐལ་བར་མི་འགྱུར་བར་བསྟན་པ་ཡིན་ནོ། །ཁོ་བོ་ཅག་གིས་སྔར། གཞན་ལས་ཤེས་མིན་ཞི་བ་དང་། །སྤྲོས་པ་རྣམས་ཀྱིས་མ་སྤྲོས་པ། །རྣམ་རྟོག་མེད་དོན་ཐ་དད་མིན། །དེ་ནི་དེ་ཉིད་
མཚན་ཉིད་དོ། །ཞེས་བསྟན་པ་དེ་ཡང་དོན་དམ་པར་དེ་ཁོ་ནའི་མཚན་ཉིད་ནི་སྐྱེ་བ་མེད་པ་ཁོ་ནའི་ཕྱིར་རྟག་པ་དང་ཆད་པའི་སྐྱོན་དུ་མི་འགྱུར་བར་སྟོན་ཏེ། དེ་ཡང་དངོས་པོར་མི་ལྟ་བ་ལ་དོན་དམ་པར་ཡང་རྟག་པ་དང་ཆད་པར་ལྟ་བར་ཐལ་བར་མི་འགྱུར་བར་བསྟན་པ་ཡིན་ནོ། །ཁྱེད་ནི་དངོས་པོར་ལྟ་བ་ཡིན་
པས་དངོས་པོར་ཁས་བླངས་ན་ཀུན་རྫོབ་དང་དོན་དམ་པ་གཉི་གར་ཡང་རྟག་པ་དང་ཆད་པར་ལྟ་བར་ཐལ་བར་འགྱུར་བས་ཁྱེད་ཀྱི་ཀླན་ཀ་དེ་ནི་སྙིང་པོ་མ་ཡིན་ནོ། །གྲངས་ཅན་དག་ན་རེ། རྒྱུ་ཉིད་འབྲས་བུའི་བདག་ཉིད་དུ་ཡོངས་སུ་འགྱུར་བས་དངོས་པོ་ཡོད་པར་ཁས་བླངས་ཀྱང་རྟག་པ་དང་ཆད་པའི་སྐྱོན་
དུ་མི་འགྱུར་རོ་ཞེས་ཟེར་རོ་ཞེས་བྱ་བ་ནི། གྲངས་ཅན་ཡོངས་སུ་འགྱུར་བར་སྨྲ་བ་དག་ན་རེ། དཔེར་ན་འོ་མ་ཉིད་ཞོའི་བདག་ཉིད་དུ་ཡོངས་སུ་འགྱུར་བས་འོ་མ་ཉིད་ཞོ་མ་ཡིན་པས་རྟག་པ་ཡང་མ་ཡིན་ལ། འོ་མ་ལས་ཞོ་གཞན་ཉིད་མ་ཡིན་པས་ཆད་པ་ཡང་མ་ཡིན་པ་དེ་བཞིན་དུ་རྒྱུ་ཉིད་འབྲས་བུའི་
བདག་ཉིད་དུ་ཡོངས་སུ་འགྱུར་བས་རྒྱུ་དང་འབྲས་བུ་དེ་དག་ཉིད་དང་གཞན་ཉིད་དུ་བརྗོད་པར་བྱ་བ་མ་ཡིན་པའི་ཕྱིར། དངོས་པོ་ཡོད་པར་ཁས་བླངས་ཀྱང་རྟག་པ་དང་ཆད་པའི་སྐྱོན་དུ་མི་འགྱུར་རོ་ཞེས་ཟེར་བའི་ཚིག་ཡིན་ནོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས། དེ་ཡང་

བཟང་པོ་མ་ཡིན་ཏེ། ཡོངས་སུ་འགྱུར་བ་ཡོད་པར་སྟོན་པའི་རྗེས་སུ་དཔག་པ་མེད་པའི་ཕྱིར་དང་། དེ་དགག་པ་རྒྱས་པར་བསྟན་ཟིན་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། ཁྱེད་ལ་ཡོངས་སུ་འགྱུར་བ་ཡོད་པར་སྟོན་པའི་རྗེས་སུ་དཔག་པ་མེད་པའི་ཕྱིར། ཁོ་བོ་ཅག་གིས་དེ་དགག་པ་རྒྱས་པར་བསྟན་
ཟིན་པའི་ཕྱིར་རོ། །ཡོངས་སུ་མ་གྱུར་པ་ཡོངས་སུ་འགྱུར་བར་རྟོག་ན་ཡང་ཞེས་བྱ་བས་ནི་རྒྱུ་འབྲས་བུའི་བདག་ཉིད་དུ་ཡོངས་སུ་གྱུར་ཟིན་པ་ཡང་འབྲས་བུའི་བདག་ཉིད་དུ་ཡོངས་སུ་འགྱུར་བར་ནི་གྲངས་ཅན་དག་ཀྱང་མི་འདོད་པས་གལ་ཏེ་འདིར་གྲངས་ཅན་དག་རྒྱུ་འབྲས་བུའི་བདག་ཉིད་དུ་
ད་དུང་ཡོངས་སུ་མ་གྱུར་པས་ཕྱིས་ཡོངས་སུ་འགྱུར་བར་རྟོག་ན་དེ་ཡང་མི་འཐད་པར་སྟོན་ཏོ། །དེ་ཉིད་བསྟན་པའི་ཕྱིར། ཡོངས་སུ་མ་གྱུར་པ་ནི་ཡོངས་སུ་མི་འགྱུར་ཏེ། ཡོངས་སུ་མ་གྱུར་པའི་ཕྱིར་དཔེར་ན་རི་བོང་གི་རྭ་བཞིན་ནོ་ཞེས་རྗེས་སུ་དཔག་པས་གནོད་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་
ཏེ། དེ་དག་ནི་ཆོས་ཅན་དང་། བསྒྲུབ་པར་བྱ་བ་ཆོས་དང་། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་གོ་རིམས་བཞིན་དུ་སྦྱར་ཏེ། དཔེར་ན་རི་བོང་གི་རྭ་ནི་འབྲས་བུའི་བདག་ཉིད་དུ་ཡོངས་སུ་མ་གྱུར་པའི་ཕྱིར་ཡོངས་སུ་མི་འགྱུར་བ་དེ་བཞིན་དུ་རྒྱུ་ཡོངས་སུ་མ་གྱུར་པ་ཡང་འབྲས་བུའི་བདག་ཉིད་དུ་ཡོངས་
སུ་མ་གྱུར་པའི་ཕྱིར། ཡོངས་སུ་མི་འགྱུར་བས་རྗེས་སུ་དཔག་པ་དེས་གནོད་པར་འགྱུར་བའི་ཕྱིར་དེ་ཡང་མི་འཐད་དོ། །གལ་ཏེ་འདིར་གྲངས་ཅན་དག་འདི་སྐད་ཅེས་གང་གི་ཕྱིར་གདུ་བུ་ཞེས་བྱ་བའི་ཆོས་གཞན་གསེར་གྱི་རྫས་དེའི་བག་ལ་ཞ་བར་འགྱུར་བ་དེའི་ཕྱིར་རྟག་པ་མ་ཡིན་ལ། གང་གི་ཕྱིར་
གསེར་དེ་ཉིད་ལས་དཔུང་རྒྱན་ལ་སོགས་པའི་ཆོས་གཞན་སྐྱེ་བ་དེའི་ཕྱིར་ཆད་པ་མ་ཡིན་ནོ་ཞེས་ཟེར་བའི་ཕྱོགས་སྔ་མ་ཁོང་ནས་དབྱུང་བ་དེའི་ལན་དུ། འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས། བག་ལ་ཞ་བའི་མཚན་ཉིད་ཀྱི་ཆོས་གཞན་ལྡོག་པ་ནི་བསྟན་པར་མི་ནུས་པའི་ཕྱིར་དང་། ཡོངས་སུ་
འགྱུར་བ་དགག་པ་བསྟན་ཟིན་པའི་ཕྱིར་རོ་ཞེས་བྱ་བ་སྨྲས་ཏེ། ཆོས་ངེས་པར་གནས་པ་འགའ་ཡང་ཡོངས་སུ་འགྱུར་བ་མེད་པས་དེ་བསྟན་པར་མི་ནུས་པའི་ཕྱིར་དང་དེ་དགག་པ་བསྟན་ཟིན་པའི་ཕྱིར་རོ། །གཞན་ཡང་གལ་ཏེ་དངོས་པོ་ངོ་བོ་ཉིད་ཡོད་པར་གྱུར་ན་ཞེས་བྱ་བ་ལ་སོགས་པས་ནི་ཡང་

གཞན་ཡང་གལ་ཏེ་ཕ་རོལ་པོ་དག་འདོད་པ་ལྟར་དོན་དམ་པར་དངོས་པོ་ངོ་བོ་ཉིད་ཡོད་པར་གྱུར་ན་ངོ་བོ་ཉིད་ནི་རང་གི་ངོ་བོ་ཡོངས་སུ་མི་གཏོང་བའི་ཕྱིར། ནམ་ཡང་དངོས་པོ་མེད་པར་མི་འགྱུར་བས་དེ་ལྟ་ན་ཡང་རྟག་པར་ལྟ་བར་ཐལ་བར་འགྱུར་རོ་ཞེས་སྟོན་ཏོ། །དེ་ཉིད་
བསྟན་པའི་ཕྱིར། དེ་ལ། དངོས་པོ་ངོ་བོ་ཉིད་ཡོད་ན། །དངོས་མེད་འགྱུར་བར་མི་རིགས་སོ། །ཞེས་བྱ་བ་སྨྲས་ཏེ། དངོས་པོ་ངོ་བོ་ཉིད་ཡོད་ན་ཞེས་བྱ་བར་ནི་ཆོས་ཅན་ཡིན་ལ། དངོས་པོ་མེད་པར་འགྱུར་བར་མི་རིགས་སོ་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བ་ཆོས་ཡིན། རང་གི་ངོ་བོ་ཉིད་ཡོངས་སུ་མ་སྟོང་
པའི་ཕྱིར། དཔེར་ན་མེ་གྲང་བར་འགྱུར་བ་མི་རིགས་པ་བཞིན་ནོ་ཞེས་བྱ་བ་ཁོང་ནས་དབྱུང་བ་ནི། སྒྲུབ་པའི་ཆོས་དང་། དཔེ་ཡིན་པར་སྦྱར་ཏེ། དཔེར་ན་མེ་ནི་རང་གི་ངོ་བོ་ཡོངས་སུ་མི་གཏོང་བའི་ཕྱིར་གྲང་བར་འགྱུར་བར་མི་རིགས་པ་དེ་བཞིན་དུ། དངོས་པོ་ཡང་ངོ་བོ་ཉིད་ཡོད་པར་གྱུར་ན་རང་གི་ངོ་བོ་ཉིད་
ཡོངས་སུ་མི་གཏོང་བའི་ཕྱིར་དངོས་པོ་མེད་པར་འགྱུར་བར་མི་རིགས་པས་དེས་ན་རྟག་པར་ལྟ་བར་ཐལ་བར་འགྱུར་རོ། །ད་ནི་དངོས་པོ་སྐྱེ་བ་དང་འགག་པའི་ཆོས་ཅན་ཡིན་པའི་ཕྱིར་ངོ་བོ་ཉིད་མེད་པར་གྲུབ་པས་གང་གིས་དེ་ལྟར་མཐོང་བ་ལ་རྟག་པ་དང་ཆད་པར་ལྟ་བར་ཐལ་བར་མི་འགྱུར་བར་སྐབས་ཀྱི་དོན་
བསྟན་པའི་ཕྱིར། སྐྱེས་པ་ནི་དངོས་པོ་ཡོད་པ་ཡིན་ལ་ཞིག་པ་ནི་དངོས་པོ་མེད་པ་ཡིན་པ་དེ་ཡང་མཐོང་བས་དེའི་ཕྱིར་དངོས་པོ་ངོ་བོ་ཉིད་མེད་པར་གྲུབ་སྟེ། དེ་སྐྱེ་བ་དང་འགག་པའི་ཆོས་ཅན་ཡིན་པའི་ཕྱིར་ཞེས་བསྟན་ཏོ་ཞེས་བྱ་བ་སྨྲས་ཏེ། དེས་ནི་དངོས་པོ་ནི་ངོ་བོ་ཉིད་མེད་པ་ཡིན་ཏེ། རང་གི་ངོ་བོ་
ཡོངས་སུ་གཏོང་བའི་ཕྱིར་དཔེར་ན་དེ་ལས་གཞན་བཞིན་པས་གང་གིས་དེ་ལྟར་མཐོང་བ་ལ་རྟག་པ་དང་ཆད་པར་ལྟ་བར་ཐལ་བར་མི་འགྱུར་བར་བསྟན་ཏེ། གཞན་ཡང་། མྱ་ངན་འདས་པའི་དུས་ན་ཆད། །སྲིད་རྒྱུན་རབ་ཏུ་ཞི་ཕྱིར་རོ། །དགྲ་བཅོམ་པའི་སེམས་དང་སེམས་ལས་བྱུང་བ་ཐ་མ་རྐྱེན་ཕྱི་མ་
མེད་པས་མི་སྐྱེ་བ་བཞིན་ནོ་ཞེས་བྱ་བའི་ལན་གདབ་དཀའོ་ཞེས་བྱ་བས་ནི། གཞན་ཡང་གལ་ཏེ་ཕ་རོལ་པོ་དག་འདོད་པ་ལྟར་དོན་དམ་པར་དངོས་པོ་ངོ་བོ་ཉིད་ཡོད་པར་གྱུར་ན་མྱ་ངན་ལས་འདས་པའི་དུས་ན་སྲིད་པའི་རྒྱུན་རབ་ཏུ་ཞི་བའི་ཕྱིར་ཆད་པར་འགྱུར་བའི་ལན་གདབ་དཀའ་བས་དེ་ལྟ་ན་ཡང་ཆད་

པར་ལྟ་བར་ཐལ་བར་འགྱུར་རོ་ཞེས་སྟོན་ཏེ། དེ་ལ་དངོས་པོ་ངོ་བོ་ཉིད་ཡོད་ན་ཞེས་བྱ་བ་ནི་ཆོས་ཅན་ཡིན་ལ། མྱ་ངན་ལས་འདས་པའི་དུས་ན་ཆད་པར་འགྱུར་རོ་ཞེས་བྱ་བ་ནི་བསྒྲུབ་པར་བྱ་བ་ཆོས་ཡིན། སྲིད་པའི་རྒྱུན་རབ་ཏུ་ཞི་བའི་ཕྱིར་རོ་ཞེས་བྱ་བ་ནི་སྒྲུབ་པའི་ཆོས་ཡིན། དགྲ་བཅོམ་པའི་སེམས་
དང་སེམས་ལས་བྱུང་བ་ཐ་མ་རྐྱེན་ཕྱི་མ་མེད་པས་མི་སྐྱེ་བ་བཞིན་ནོ་ཞེས་བྱ་བ་ནི་དཔེ་ཡིན་པར་སྦྱར་ཏེ། དངོས་པོ་ཡོད་པར་ཁས་བླངས་ན་དཔེར་ན་དགྲ་བཅོམ་པའི་སེམས་དང་སེམས་ལས་བྱུང་བ་ཐ་མ་རྐྱེན་ཕྱི་མ་མེད་པས་མི་སྐྱེ་བ་ནི་སྲིད་པའི་རྒྱུན་རབ་ཏུ་ཞི་བའི་ཕྱིར་མྱ་ངན་ལས་འདས་པའི་དུས་ན་ཆད་པར་
འགྱུར་བའི་ལན་གདབ་དཀའ་བ་དེ་བཞིན་དུ་དངོས་པོ་ཡོད་པར་ཁས་བླངས་ན། འགགས་པ་ན་སྲིད་པའི་རྒྱུན་རབ་ཏུ་ཞི་བའི་ཕྱིར་འགགས་ཤིང་མྱ་ངན་ལས་འདས་པའི་དུས་ན་ཆད་པར་འགྱུར་བའི་ལན་གདབ་དཀའ་བས་དེ་ལྟ་ན་ཆད་པར་ལྟ་བར་ཐལ་བར་འགྱུར་རོ་ཞེས་བསྟན་ཏོ། །ཅི་སྟེ་འདི་
སྙམ་དུ་གལ་ཏེ་མྱ་ངན་ལས་འདས་པའི་དུས་ན་ཆད་པར་གྱུར་ན་གྱུར་ཀྱང་སླ་སྟེ། སྲིད་པའི་རྒྱུན་གྱི་དུས་ན་ཆད་པ་དེ་མེད་པས་སྐྱོན་མེད་པར་སེམས་ན་ཞེས་བྱ་བ་ནི་ཇི་སྟེ་ཕ་རོལ་པོ་དག་འདི་སྙམ་དུ་འཁོར་བའི་གནས་སྐབས་ན་ཆད་པར་གྱུར་ན་སྐྱོན་དུ་འགྱུར་བ་ཡིན་པས། འཁོར་བའི་གནས་
སྐབས་ན་ཆད་པའི་སྐྱོན་དེར་མ་གྱུར་ན་མྱ་ངན་ལས་འདས་པའི་གནས་སྐབས་ན་ཆད་པར་གྱུར་ཀྱང་གནོད་པ་མེད་དོ་སྙམ་དུ་སེམས་ཤིང་དེ་སྐད་ཅེས་ཟེར་བའི་ཚིག་ཡིན་ཏེ། དེས་ནི་ཕ་རོལ་པོ་དག་དངོས་པོ་ཡོད་པར་ཁས་བླངས་ཀྱང་འཁོར་བའི་གནས་སྐབས་ན་ད་ལྟར་གྱི་སྲིད་པ་ཐ་མའི་སེམས་
མ་འོངས་པའི་སྲིད་པ་དང་པོའི་སེམས་དང་ཉིང་མཚམས་སྦྱོར་བ་ཡོད་པས་ཆད་པར་མི་འགྱུར་རོ་སྙམ་དུ་སེམས་པའི་བསམ་པ་བསྟན་ཏོ། །དེ་སྐད་ཅེས་ཟེར་བ་དེའི་ལན་དུ་འདིར་འགྲེལ་པ་བྱེད་པ་ཉིད་ཀྱིས། དེ་ནི་བཟང་པོ་མ་ཡིན་ཏེ། སྔར་སྲིད་པའི་རྒྱུན་ཉིད་ལ་ཆད་པའི་སྐྱོན་བསྟན་ཟིན་
པས་ཆད་པར་ལྟ་བའི་ཕྱིར། ཕྱིས་ཆད་པ་ཡང་ཐར་པའི་གེགས་ཡིན་པས་སྐྱོན་མེད་པ་མ་ཡིན་ནོ་ཞེས་བྱ་བ་སྨྲས་ཏེ། སྲིད་པའི་རྒྱུན་གྱི་དུས་ན་ཆད་པ་དེ་མེད་པས་སྐྱོན་མེད་དོ་ཞེས་བྱ་བར་སྔར་ཁོ་བོས། གལ་ཏེ། འབྲས་བུ་རྒྱུ་ཡི་འབྱུང་འཇིག་གི །རྒྱུན་དེ་སྲིད་པ་ཡིན་གྱུར་ན། །འཇིག་

ལ་ཡང་སྐྱེ་མེད་པའི་ཕྱིར། །རྒྱུན་ནི་ཆད་པར་ཐལ་བར་འགྱུར། །ཞེས་བཤད་པས་དངོས་པོ་ཡོད་པར་ལྟ་ན་སྲིད་པའི་རྒྱུན་ཉིད་ལ་ཆད་པའི་སྐྱོན་བསྟན་ཟིན་པས་ཆད་པར་ལྟ་བའི་ཕྱིར་ཁྱེད་ལ་སྲིད་པའི་རྒྱུན་གྱི་དུས་ན་ཆད་པ་དེ་མེད་པ་མ་ཡིན་པས་སྐྱོན་མེད་པ་མ་ཡིན་ནོ། །གཞན་
ཡང་ཁྱེད་ན་རེ། མྱ་ངན་ལས་འདས་པའི་དུས་ན་ཆད་པར་གྱུར་ན་གྱུར་ཀྱང་སླ་སྟེ་ཞེས་བྱ་བ་ལ་སོགས་པ་ཟེར་བས། ཁྱེད་ཕྱིས་ཆད་པར་ལྟ་བ་འདི་ཡང་ཐར་པའི་གེགས་ཡིན་པས་འཇིག་རྟེན་རྒྱང་པན་པ་དག་བཞིན་དུ་མཐོ་རིས་དང་བྱང་གྲོལ་མི་འཐོབ་པས་སྐྱོན་མེད་པ་མ་ཡིན་ནོ། །ཅི་སྟེ་དེ་ཙམ་གྱིས་
ཀྱང་ཡོངས་སུ་མི་མགུ་ན་གཞན་ཡང་ཉོན་ཅིག་ཅེས་བྱ་བ་ལ་སོགས་པས་ནི་དེ་ལྟར་དངོས་པོ་ཡོད་པར་ཁས་ལེན་པ་ལ་རྟག་པ་དང་ཆད་པར་ལྟ་བར་ཐལ་བར་འགྱུར་བའི་སྐྱོན་དག་བསྟན་ནས། དེ་ཙམ་གྱིས་ཀྱང་ཕ་རོལ་པོ་གང་དག་དངོས་པོ་ཡོད་པར་ཁས་བླངས་ཀྱང་འཁོར་བའི་གནས་སྐབས་ན་ད་ལྟར་
གྱི་སྲིད་པ་ཐ་མའི་སེམས་མ་འོངས་པའི་སྲིད་པ་དང་པོའི་སེམས་དང་ཉིང་མཚམས་སྦྱོར་བར་བྱེད་པས་ཆད་པར་མི་འགྱུར་རོ་སྙམ་དུ་སེམས་པ་དེ་དག་ཡོངས་སུ་མི་མགུ་ན་འདིར་དངོས་པོ་ཡོད་པར་ཁས་ལེན་པ་དག་ལ་འཁོར་བའི་རྒྱུན་གྱི་གནས་སྐབས་ན་ད་ལྟར་གྱི་སྲིད་པ་ཐ་མའི་སེམས་པ་མ་འོངས་པའི་
སྲིད་པ་དང་པོའི་སེམས་དང་ཉིང་མཚམས་སྦྱོར་བ་མེད་པས་དེ་དག་ལ་ཆད་པར་ལྟ་བའི་སྐྱོན་དུ་འགྱུར་བ་དང་། དབུ་མ་པ་ལྟ་བུ་གང་དག་དངོས་པོ་ངོ་བོ་ཉིད་མེད་པར་ལྟ་བ་དག་ལ་འཁོར་བའི་གནས་སྐབས་ན་ནི་ད་ལྟར་གྱི་སྲིད་པ་ཐ་མའི་སེམས་མ་འོངས་པའི་སྲིད་པ་དང་པོ་ནི་སེམས་དང་ཉིང་མཚམས་སྦྱོར་
བ་སྒྱུ་མ་ཙམ་དུ་ཡོད་པས་ཆད་པར་མི་འགྱུར་ལ། དོན་དམ་པར་ནི་དེ་དག་ངོ་བོ་ཉིད་མེད་པས་ཉིང་མཚམས་སྦྱོར་བ་ཡང་མེད་ལ། རྟག་པར་ལྟ་བར་འགྱུར་བ་ཡང་མེད་དོ་ཞེས་སྟོན་ཏོ། །དེ་ཉིད་བསྟན་པའི་ཕྱིར། འདི་ལ་ད་ལྟར་གྱི་སྲིད་པའི་མཇུག་གི་སྲིད་པ་ནི་སྲིད་པ་ཐ་མ་ཞེས་བྱ་བ། མ་འོངས་པའི་སྲིད་པའི་
སེམས་པ་སྐྱེ་བ་དང་པོ་ནི་སྲིད་པ་དང་པོ་ཡིན་པས་ཞེས་བྱ་བ་སྨྲས་ཏེ། དེས་ནི་ད་ལྟར་གྱི་སྲིད་པ་ཐ་མ་པའི་སེམས་དང་། མ་འོངས་པའི་སྲིད་པ་དང་པོའི་སེམས་ཀྱི་མཚན་ཉིད་བསྟན་ནས་ད་ལྟར་གྱི་སྲིད་པ་ཐ་མའི་སེམས་འགག་པ་དང་། མ་འགགས་པ་དང་། འགག་བཞིན་པ་མ་འོངས་པའི་སྲིད་པ་དང་པོའི་སེམས་

དང་ཉིང་མཚམས་སྦྱོར་བ་མེད་པའི་མུ་རྣམ་པ་གསུམ་གྱིས་དངོས་པོ་ཡོད་པར་ཁས་ལེན་པ་རྣམས་ལ་ཆད་པར་ལྟ་བར་ཐལ་བར་འགྱུར་ལ། དངོས་པོ་ངོ་བོ་ཉིད་མེད་པ་ཉིད་དུ་སྨྲ་བ་རྣམས་ལ་རྟག་པ་དང་ཆད་པར་ལྟ་