Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 93

Văn bản gốc(Tây Tạng)

Trang 17 / 20 (50.000 ký tự/trang)
་སྒྲ་ཐམས་ཅད་ཡང་དག་པར་བསྒྲུབ་པར་བྱ་ཞེས་བྱ་བ་ནི་སེམས་ཅན་སྣ་ཚོགས་ཀྱི་སྐད་དང་མཐུན་པར་རོ། །ཆོས་གང་ལ་ཡང་སྒྲུབ་པའམ། འཇིག་པར་བགྱིད་པ་མ་མཆིས་སོ་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་མཚན་ཉིད་མེད་པ། དངོས་
པོ་མེད་པའི་ངོ་བོ་ཉིད་དེ་དག་བྱང་ཆུབ་སྒྲུབ་པ་མ་ལགས་སམ་ཞེས་ཞུས་པ་དང་། བཅོམ་ལྡན་འདས་ཀྱིས་རབ་འབྱོར་དེ་དེ་བཞིན་ནོ་དེ་དེ་བཞིན་ཏེ་ཞེས་བསྔགས་པ་མཛད་དེ། ཆོས་གང་ཡང་ཆོས་གང་ལ་ཡང་སྒྲུབ་པར་མི་བྱེད་དེ། ཆོས་རྣམས་གནས་པའི་མཚན་
ཉིད་ཀྱི་ཕྱིར་རོ། དེ་ལྟ་མོད་ཀྱི་བྱིས་པ་རྣམས་ཁོང་དུ་ཆུད་པར་བྱ་བའི་ཐབས་སུ་ཀུན་རྫོབ་ཏུ་འདི་མཛད་དེ། རིམ་པ་འདིས་ཤེས་པར་གྱུར་ནས་དེ་བཞིན་དུ་བསྒྲུབས་པས་འཚང་རྒྱ་བར་འགྱུར་རོ། །འཕགས་པའི་ཆོས་འདུལ་བ་ཞེས་བྱ་བ་ནི་ངོ་བོ་ཉིད་ཀྱིས་འདོད་ཆགས་ལ་

སོགས་པ་འདུལ་བ་དང་། བསྒྲུབས་པས་འདུལ་བར་གནས་པའི་མཚན་ཉིད་དུ་སྟོན་ཏོ། །འཕགས་པའི་ཆོས་འདུལ་བ་འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བའོ། །འདི་ནི་ཆོས་ཐམས་ཅད་སྒོམ་པ་རྣམ་པར་འཇིག་པའོ་ཞེས་བྱ་བ་ནི། གཟུགས་ལ་
སོགས་པའི་ཆོས་ཐམས་ཅད་སྒོམ་པ་མེད་པར་བྱེད་པའོ་ཞེས་བྱ་བའི་ཐ་ཚིག་གོ། །གཟུགས་དངོས་པོ་ཡོད་ཅེས་བྱ་བར་མི་སྒོམ་མོ་ཞེས་བྱ་བ་ནི་གཟུགས་དངོས་པོ་ཡོད་པའི་ངོ་བོ་ཉིད་དོ་སྙམ་དུ་མི་སྒོམ་པ་དེ་ནི་དངོས་པོ་ལ་འདི་ནི་བདག་གོ་ཞེས་བྱ་བར་མཐའ་གཉིས་ལ་
ཆགས་ཏེ་ཞེས་བྱ་བ་ནི་དངོས་པོའི་འདུ་ཤེས་ཅན་ཏེ། འདི་ནི་བདག་སྟེ་གུད་ན་ཡོད་དོ་ཞེའམ། བདག་ནི་གཟུགས་སོ། །བདག་ནི་ཚོར་བའོ་ཞེས་བྱ་བ་ལ་སོགས་པ་ཆད་པ་དང་། རྟག་པའི་མཐའ་གཉིས་ལ་ཆགས་ཞེས་བྱ་བའི་ཐ་ཚིག་གོ། །རབ་འབྱོར་གཟུགས་སུ་
འདུ་ཤེས་པ་ནི་གཉིས་སོ་ཞེས་བྱ་བ་ནི་གང་ལ་གཟུགས་སོ་ཞེས་བྱ་བའི་འདུ་ཤེས་ཡོད་པ་དེ་ལ། ཡོད་པ་དང་མེད་པའམ། དངོས་པོ་འམ། དངོས་པོ་མ་ཡིན་པར་རྣམ་པར་རྟོག་པ་གདོན་མི་ཟ་བར་འབྱུང་བར་འགྱུར་རོ། །ཡང་ན་གཟུང་བ་དང་འཛིན་པའི་དངོས་པོར་འགྱུར་བའི་ཕྱིར་
གཉིས་ཞེས་བྱའོ། །ཇི་ཙམ་དུ་དངོས་པོ་ཡོད་པ་དེ་ཙམ་དུ་འདུ་བྱེད་དོ་ཞེས་བྱ་བ་ནི། དངོས་པོར་རྣམ་པར་རྟོག་པས། བསོད་ནམས་དང་། བསོད་ནམས་མ་ཡིན་པ་ལ་སོགས་པའི་འདུ་བྱེད་རྣམས་སྐྱེས་པར་འགྱུར་རོ། །དངོས་པོ་ཡོངས་སུ་འདོར་རོ་ཞེས་བྱ་བ་ནི།
རྣམ་པར་སྨིན་པ་ཡོངས་སུ་མི་འདོར་བའོ། །ཆོས་ཐམས་ཅད་ལ་མངའ་བསྒྱུར་བ་ཞེས་བྱ་བ་ནི་ཡང་དག་པར་རྫོགས་པའི་བྱང་ཆུབ་པོ། །ཡུལ་ལ་མངའ་བརྙེས་པར་གྱུར་ཅེས་བྱ་བ་ནི་མངོན་པར་ཤེས་པ་དང་དབང་བཅུའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རབ་འབྱོར་འདི་
ལ་ང་སྔོན་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དག་ལ། བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་ཚེ་ཞེས་བྱ་བ་ལ་སོགས་པས་དེ་སྟོན་ཏེ། ང་ཕ་རོལ་ཏུ་ཕྱིན་པ་རྣམས་ལ་སྤྱོད་ཅིང་མངོན་པར་ཤེས་པ་ལ་སོགས་པ་ལ་ཡང་སྙོམས་པར་འཇུག་པ་དེ་ན། མཚན་མ་ལ་རོ་མྱང་བ་མེད་པར་

དམིགས་པ་ཅན་གྱི་འདུ་ཤེས་བསལ་ཏེ། རང་བཞིན་གྱིས་ཡོངས་སུ་དག་པའི་འདུ་ཤེས་བསྐྱེད་ཅིང་སྤྱད་ནས། ནམ་མཁའ་ཡིད་ལ་བྱེད་པ་ཉིད་ཀྱིས་མངོན་པར་རྫོགས་པར་སངས་རྒྱས་ནས། ཕྱིས་རྗེས་ལ་ཐོབ་པའི་ཡེ་ཤེས་ཀྱིས་ཀྱང་། འཕགས་པའི་བདེན་པ་བཞི་
མངོན་པར་རྫོགས་པར་སངས་རྒྱས་ནས། སངས་རྒྱས་ཀྱི་ཆོས་རྣམས་མངོན་སུམ་དུ་བྱས་ཏེ། ཀུན་རྫོབ་ཡིད་ལ་བྱེད་པས། སེམས་ཅན་རྣམས་ཕུང་པོ་གསུམ་དུ་ལུང་བསྟན་པར་གྱུར་ཏེ། དེ་བས་ན་མི་དམིགས་པ་ཉིད་ཀྱིས་སྤྱོད་པ་དང་། མི་དམིགས་པ་ཉིད་ཀྱིས་བྱང་
ཆུབ་པར་འགྱུར་བས། ཉེས་པ་མེད་དོ་ཞེས་བྱ་བའི་ཐ་ཚིག་གོ། །བཅོམ་ལྡན་འདས་ཇི་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ཞེས་བྱ་བ་ལ་སོགས་པ་ནི་གལ་ཏེ་བསམ་གཏན་དང་། མངོན་པར་ཤེས་པ་དང་། སེམས་
ཅན་རྣམས་དངོས་པོ་མེད་པའི་ངོ་བོ་ཉིད་ཡིན་ན་དེ་དག་ཇི་ལྟར་བསྐྱེད། སེམས་ཅན་རྣམས་ཀྱང་ཇི་ལྟར་ལུང་བསྟན་ཞེས་གནས་བརྟན་གྱིས་ཞུས་པའོ། །དེས་ན་བཅོམ་ལྡན་འདས་ཀྱིས་རབ་འབྱོར་གལ་ཏེ་འདོད་པ་རྣམས་དང་། སྡིག་པ་མི་དགེ་བའི་ཆོས་རྣམས་ཞེས་
བྱ་བ་ལ་སོགས་པས། དངོས་པོ་མེད་པའི་ངོ་བོ་ཉིད་ཀྱི་ཕྱིར་ཐམས་ཅད་གྲུབ་ཀྱི། གཞན་དུ་ནི་མ་ཡིན་ནོ་ཞེས་བསྟན་ཏེ། འདི་ལྟར་འདོད་པ་རྣམས་དང་། སྡིག་པ་མི་དགེ་བའི་ཆོས་རྣམས་དངོས་པོ་མེད་པའི་ངོ་བོ་ཉིད་ཡིན་ཏེ་དེའི་ཕྱིར་ལུང་བསྟན་ཏོ། །བསམ་གཏན་
རྣམས་བསྐྱེད་དོ། །དངོས་པོའམ། དངོས་པོ་མེད་པའམ། རང་གི་དངོས་པོའམ། གཞན་གྱི་དངོས་པོ་ཞེས་བྱ་བ་ནི་ཀུན་བརྟགས་པའི་དངོས་པོའི་བདག་ཉིད་ཀྱིས་མ་ཡིན་གྱི། རི་བོང་གི་རྭ་བཞིན་དུ་ཤིན་ཏུ་དངོས་པོ་མེད་པའི་བདག་ཉིད་ཀྱིས་ནི་མ་ཡིན་ལ། རང་གི་
དངོས་པོའི་བདག་ཉིད་འགའ་ཞིག་ཏུ་ཡང་མ་ཡིན་གྱི། གཞན་གྱི་དངོས་པོའི་བདག་ཉིད་འགའ་ཞིག་ཏུ་མ་ཡིན་ནོ་ཞེས་བསྟན་པའོ། །ཇི་ལྟར་མཐར་གྱིས་སྤྱོད་པ་དང་། མཐར་གྱིས་སློབ་པ་དང་། མཐར་གྱིས་ནན་ཏན་དུ་བགྱི་བ་མཆིས་པར་འགྱུར་ཞེས་བྱ་བ་ནི་ཇི་

ལྟར་སྒྱུ་མའི་གླང་པོ་ཆེ་ལ་སོགས་པར་དམིགས་པ་དང་། མི་དམིགས་པ་དག་འཕྲལ་ཁོ་ན་ལ་འགྱུར་བ་དེ་བཞིན་དུ། བྱང་ཆུབ་སེམས་དཔའ་ཡང་འཕྲལ་ཁོ་ན་ལ་དམིགས་སུ་མེད་པ་རྟོགས་པར་འགྱུར་གྱི་རིམ་གྱིས་ནི་མ་ཡིན་ནོ་ཞེས་དགོངས་
པའོ། །རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔས་ཐོག་མར་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་ཞེས་བྱ་བ་ལ་སོགས་པས་ནི། བཅོམ་ལྡན་འདས་ཀྱིས་འདི་སྐད་བསྟན་ཏེ། བྱང་ཆུབ་སེམས་དཔའ་ནི་བདག་གི་དོན་དུ་མཐར་གྱི་སྤྱོད་པ་མི་རྩོམ་གྱི། སེམས་ཅན་
ཐམས་ཅད་ཀྱི་འཕྲལ་ལ་ཤེས་པར་མི་ནུས་ཏེ། རིམ་གྱིས་ཤེས་པར་བྱ་བའི་ཕྱིར་རིམ་གྱིས་རྩོམ་སྟེ། སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་ཞེས་བྱ་བ་ལ་སོགས་པས། དེ་དག་གི་རིམ་པ་སྟོན་ཏོ། །ཞུགས་ནས་ཞེས་བྱ་བ་ནི་སེམས་སྐྱེད་ནས་སོ། །ཕ་རོལ་ཏུ་ཕྱིན་
པ་དྲུག་གི་ངོ་བོ་ཉིད་དང་། དངོས་པོ་མེད་པའི་ངོ་བོ་ཉིད་ཀྱི་ཆོས་ཐམས་ཅད་ལ་ཡོད་པའམ་མེད་པ་དམིགས་སུ་ཡོད་སྙམ་མམ་ཞེས་བྱ་བ་ནི་གལ་ཏེ་མེད་པར་འཛིན་པར་གྱུར་ན་ཆད་པར་འགྱུར་རོ། །དངོས་པོ་མེད་པ་དང་ངོ་བོ་ཉིད་དུ་སྨྲ་བ་རྣམས་དངོས་པོ་མེད་པར་སྨྲ་བ་དང་ངོ་བོ་
ཉིད་ཡོད་པར་སྨྲ་བས། ཡོད་པའམ་མེད་པ་ཉིད་ཀྱི་མཐར་བྱར་མི་རུང་བས་བསྟན་པའོ། །རབ་འབྱོར་མི་དམིགས་པ་ཉིད་ཐོབ་པའོ། །མི་དམིགས་པ་ཉིད་མངོན་པར་རྟོགས་པའོ་ཞེས་བྱ་བ་ནི་མི་དམིགས་པ་ཐོབ་པ་དང་། མི་དམིགས་པའི་མངོན་པར་རྟོགས་པ་ཞེས་བརྗོད་ན་
ཐོབ་པར་བྱ་བ་དང་། མངོན་པར་རྟོགས་པར་བྱ་བའི་ཕྱིར་མི་དམིགས་པ་ཡོད་པར་འགྱུར་ཏེ། དེ་ལྟ་ན་ནི་དམིགས་པ་ཉིད་ཐོབ་པ་དང་། མངོན་པར་རྟོགས་པ་དང་། ཡང་དག་པར་རྫོགས་པའི་བྱང་ཆུབ་ཅེས་བརྗོད་པར་བསྟན་ཏོ། །རྣམ་པར་སྨིན་པ་ལས་བྱུང་བའི་
མངོན་པར་ཤེས་པ་ཡང་ག་ལ་མཆིས་ཞེས་བྱ་བ་ནི་ས་བརྒྱད་པ་ཡན་ཆད་ལ་རྣམ་པར་སྨིན་པའི་མངོན་པར་ཤེས་པ་དང་། རྣམ་པར་སྨིན་པའི་ཕ་རོལ་ཏུ་ཕྱིན་པ་རྣམས་ཉེ་བར་གནས་སོ། །མཐར་གྱིས་གྲུབ་པ་བསྟན་པ་ཐམས་ཅད་ནི་གོ་སླའོ། །བཅོམ་ལྡན་འདས་ཇི་

ལྟར་ན་སེམས་གཅིག་གིས་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་འགྱུར་བ་ལགས་ཞེས་བྱ་བ་ལ་སོགས་པ་ཞུས་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པར་སྦྱིན་པ་བྱིན་ན་ཞེས་བྱ་བ་བརྗོད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་པའི་ཕྱིར་
སེམས་ཅན་ཐམས་ཅད་ཀྱང་གཅིག་ཏུ་འགྱུར་རོ་ཞེས་བསྟན་པའོ། །གཞན་མ་ཡིན་ནོ་ཞེས་བྱ་བ་ནི་གཅིག་ཁོ་ནར་རོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ནས་ཞུས་པ་གཉིས་པ་ལ་ཡང་། སེམས་གཉིས་སུ་མེད་པའི་ཕྱིར་སེམས་གཅིག་གོ་ཞེས་སྟོན་ཏོ། །གཉིས་ཀྱི་
འདུ་ཤེས་མེད་པར་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་ཆོས་ཐམས་ཅད་སྒོམ་པ་ནི་གོ་སླའོ། །མཚན་མ་དང་བྲལ་བའི་སེམས་ཟག་པ་མེད་པས་སྦྱིན་པ་བྱིན་ན་རྣམ་པར་སྨིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་འགྱུར་ཞེས་བྱ་བ་ནི་ས་བརྒྱད་པ་ཡན་ཆད་ཉོན་མོངས་
པ་འབྱུང་བ་མེད་པ་དང་། རྣམ་པར་སྨིན་པ་ཡིན་པའི་ཕྱིར་དེ་སྐད་ཅེས་བསྟན་ཏོ། །སྦྱིན་པ་དེས་ཅི་ཞིག་བྱ་བ་ཞེས་བྱ་བ་ནི་བདུད་ཀྱི་རིས་རྣམས་སྨྲ་བའོ། །དེའི་འོག་ཏུ་ཕ་རོལ་ཏུ་ཕྱིན་པ་དྲུག་རྣམ་པར་སྨིན་པའི་མངོན་པར་ཤེས་པ་དང་བཅས་པ་རྣམས་ཡོངས་སུ་རྫོགས་པ་
ནི་གཞུང་ཉིད་ལས་གཟུང་བར་བྱའོ། །ཆོས་ཐམས་ཅད་ཀྱི་མཚན་ཉིད་ཤེས་པ་བསྟན་པས་རྣམ་པར་སྨིན་པ་ལས་བྱུང་བའི་ཕ་རོལ་ཏུ་ཕྱིན་པ་བསྟན་པ་ཡང་གོ་སླ་བ་ཉིད་དོ། །དེའི་འོག་ཏུ་བཅོམ་ལྡན་འདས་ཆོས་ཐམས་ཅད་རྨི་ལམ་ལྟ་བུ་དངོས་པོ་མ་མཆིས་པའི་ངོ་བོ་ཉིད་
ཀྱི་རང་གི་མཚན་ཉིད་ཀྱིས་སྟོང་པ་རྣམས་ལ་ཞེས་བྱ་བ་ལ་སོགས་པ་ཞུས་པ་དང་། ལན་དང་ངོ་མཚར་རྨད་དུ་བྱུང་བ་བསྟན་པ་དང་། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་ཀྱི་སྦྱིན་པ་དག་ཀྱང་གཞུང་ཉིད་ལས་གཟུང་བར་བྱའོ། །དེ་ལ་འཇིག་རྟེན་ལས་
འདས་པའི་ཆོས་ཀྱི་སྦྱིན་པ་བསྟན་པའི་ལྷག་མ་ནི་སྔར་བསྟན་ཟིན་ཏེ། སྔར་མ་བསྟན་པ་དག་བསྟན་ཏོ། །དེ་ལ་ཉོན་མོངས་པ་མེད་པ་གང་ཞེ་ན་ཞེས་བྱ་བ་ནི་བདག་གི་ཕྱིར་གཞན་དག་ལ་ཉོན་མོངས་པ་སྐྱེ་བར་མ་གྱུར་ཅིག་ཅེས་བྱིན་གྱིས་བརླབས་ནས་ཏིང་ངེ་འཛིན་ལ་

སྙོམས་པར་ཞུགས་ཏེ། སྔོན་གྱི་སྨོན་ལམ་གྱི་སྟོབས་ཀྱིས་གཞན་གྱི་རྒྱུད་ལ་ཉོན་མོངས་པ་སྐྱེ་བའི་སྐབས་མི་འབྱེད་པ་དེ་ནི་ཉོན་མོངས་པ་མེད་པའི་སྙོམས་པར་འཇུག་པ་ཞེས་བྱའོ། །དེ་ལ་སྨོན་ལམ་གྱི་ཤེས་པ་གང་ཞེ་ན་ཞེས་བྱ་བ་ནི་དུས་གསུམ་དང་
ཁམས་གསུམ་གྱི་ཆོས་རྣམས་ལས་ཤེས་པར་བྱ་བར་བསྡུས་པའི་ཆོས། འཇིག་རྟེན་དང་འཇིག་རྟེན་ལས་འདས་པར་གཏོགས་པ་གང་ཡང་རུང་བ་འགའ་ཞིག་ཤེས་པར་བྱ་བའི་ཕྱིར་སྨོན་ལམ་བཏབ་པས་ན་དེ་དེ་མ་ཐག་ཏུ་ཤེས་པ་གང་གི་ཤེས་པར་གྱུར་པ་དེ་སྨོན་ལམ་སྔོན་
དུ་འགྲོ་བའི་ཤེས་པ་ཡིན་པས་སྨོན་ནས་ཤེས་པ་ཞེས་བྱའོ། །དེ་ལ་ཡོངས་སུ་དག་པ་བཞི་གང་ཞེ་ན་ཞེས་བྱ་བ་ལ། སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པའི་གནས་ངན་ལེན་ཐམས་ཅད་གནས་དང་ཤིན་ཏུ་བྲལ་བར་གྱུར་པ་དང་། བདག་གི་ལུས་ཀྱང་ཇི་ལྟར་འདོད་
པ་བཞིན་ལེན་པ་དང་། གནས་པ་དང་འཆི་འཕོ་བ་རྣམས་ལ་རང་དབང་དུ་གྱུར་པ་ནི་གནས་ཡོངས་སུ་དག་པའོ། །སྤྲུལ་པ་དང་། ཡོངས་སུ་བསྒྱུར་བའི་གྲངས་སུ་གཏོགས་པ་དང་། དམིགས་པ་ཐམས་ཅད་ལ་དབང་དུ་གྱུར་པ་ནི་དམིགས་པ་ཡོངས་སུ་དག་པའོ། །
སེམས་ཀྱི་གནས་ངན་ལེན་ཐམས་ཅད་དང་བྲལ་བས་སེམས་ལ་རྣམ་པ་ཐམས་ཅད་དུ་དགེ་བ་འཕེལ་བ་ནི་སེམས་ཡོངས་སུ་དག་པའོ། །མ་རིག་པའི་ཕྱོགས་ཀྱི་གནས་ངན་ལེན་ཐམས་ཅད་དང་བྲལ་བས་ཤེས་པར་བྱ་བ་ཐམས་ཅད་ལ་ཤེས་པ་སྒྲིབ་པ་མེད་པ་དབང་དུ་
གྱུར་པ་ནི་ཡེ་ཤེས་ཡོངས་སུ་དག་པའོ། །དེ་ལ་དབང་བཅུ་གང་ཞེ་ན་ཞེས་བྱ་བ་ལ་ཇི་སྲིད་འདོད་པ་དེ་སྲིད་དུ་འདུག་པ་ནི་ཚེ་ལ་དབང་བའོ། །བསམ་གཏན་དང་ཚད་མེད་པ་དང་། རྣམ་པར་ཐར་པ་ལ་སོགས་པ་སེམས་གནས་པ་གང་གིས་གནས་པར་འདོད་པ་དེས་ཇི་
ལྟར་འདོད་པ་བཞིན་གནས་པ་འདི་ནི་སེམས་ལ་དབང་བའོ། །ཀུན་དུ་བརྟགས་པ་ཙམ་གྱིས་དེ་མ་ཐག་ཏུ། དེའི་བཟའ་བ་ལ་སོགས་པ་ཡོ་བྱད་ཐམས་ཅད་ཇི་ལྟར་འདོད་པ་བཞིན་འབྱོར་པ་འདི་ནི་ཡོ་བྱད་ལ་དབང་བའོ། །སྐྱེ་བར་འགྱུར་བའི་ལས་ཐམས་ཅད་ལ་ཇི་ལྟར་

འདོད་པ་བཞིན་དུ་བསྒྱུར་བ་འདི་ནི་ལས་ལ་དབང་བའོ། །སྐྱེ་བའི་གནས་ཐམས་ཅད་དུ། གང་དུ་འདོད་པར་ཇི་ལྟར་འདོད་པ་བཞིན་དུ་སྐྱེ་བ་འདི་ནི་སྐྱེ་བ་ལ་དབང་བའོ། །དངོས་པོ་གང་དང་གང་ཇི་ལྟར་མོས་པར་བྱས་པ་དེ་དག་དེ་བཞིན་དུ་འགྲུབ་པ་འདི་ནི་མོས་པ་ལ་དབང་བའོ། །དེའི་
སྨོན་ལམ་ཐམས་ཅད་ཇི་ལྟར་འདོད་པ་བཞིན་དུ་འགྲུབ་པ་འདི་ནི་སྨོན་ལམ་ལ་དབང་བའོ། །རྫུ་འཕྲུལ་གྱི་དགོས་པ་ཐམས་ཅད་ཇི་ལྟར་འདོད་པ་བཞིན་དུ་འགྲུབ་པ་འདི་ནི་རྫུ་འཕྲུལ་ལ་དབང་བའོ། །གང་ཡང་ཤེས་པར་བྱ་བའི་དངོས་པོར་རབ་ཏུ་ཟབ་པ་ཤེས་པར་འདོད་
པ་དེ་དག་མྱུར་བ་ཉིད་དུ་ཤེས་པ་འདི་ནི་ཡེ་ཤེས་ལ་དབང་བའོ། །མིང་གི་ཚོགས་དང་། ཚིག་གི་ཚོགས་དང་། ཡི་གེའི་ཚོགས་རྣམས་ཇི་ལྟར་འདོད་པ་བཞིན་ཐོབ་པ་དང་། ཆོས་ཐམས་ཅད་ཡང་དག་པར་རྣམ་པར་དགོད་པ་ལ་མཁས་པ་འདི་ནི་ཆོས་ལ་དབང་
བའོ། །དེ་ལ་དེ་བཞིན་གཤེགས་པའི་བསྲུང་བ་མེད་པ་གསུམ་གང་ཞེ་ན་ཞེས་བྱ་བ་ལ་སྲུང་བ་མེད་པ་གསུམ་ནི་གཞུང་ཉིད་ལས་གོ་སླའོ། །རྗེས་སུ་ཆགས་པ་དང་། ཁོང་ཁྲོ་བ་མེད་པས་དྲན་པ་ཉེ་བར་གཞག་པ་གསུམ་ནི་གོ་སླའོ། །བསྙེལ་བ་མི་མངའ་བའི་
ཆོས་ཉིད་ཅེས་བྱ་བ་ནི་གང་དང་གང་གི་ཚེ་ཇི་ལྟར་སེམས་ཅན་གྱི་དོན་མཛད་པ་དེའི་ཚེ། དེ་བཞིན་གཤེགས་པ་དེ་བཞིན་དུ་སྒྲུབ་པ་ནི་བསྙེལ་བ་མི་མངའ་བའི་ཆོས་ཉིད་དོ། །སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཞེས་བྱ་བ་ནི་གཟུགས་ཚད་མར་འཛིན་པའི་གང་ཟག་
རྣམས་དད་པ་བསྐྱེད་པའི་ཕྱིར་རྣམ་པར་དགོད་དོ། །དེ་ལ་རིགས་དང་བསམ་པ་དང་། མོས་པ་དང་། སྨོན་ལམ་དང་། བརྩོན་འགྲུས་རྩོམ་པ་དང་། འཇུག་པ་དང་། ཡང་དག་པར་འགྲུབ་པ་དང་། ཤེས་རབ་དང་། ཐབས་ལ་སོགས་པ་ཆེ་བས་སྐྱེས་བུའི་བྱེད་པ་
ཆེ་བའི་ཕྱིར་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་དང་། སངས་རྒྱས་རྣམས་ལ་སྐྱེས་བུ་ཆེན་པོ་ཞེས་བྱ་སྟེ། དེ་དག་སྐྱེས་བུ་ཆེན་པོ་ཡིན་པས་འདི་དག་གིས་བརྗོད་ཅིང་མངོན་པར་བསལ་བར་བྱེད་པའི་ཕྱིར་སྐྱེས་བུའི་ཆེན་པོའི་མཚན་རྣམས་སོ། །འོ་ན་དེ་དག་གིས་

ཡན་ལག་དང་། ཉིང་ལག་རྣམས་ལ་སྐྱེས་བུ་ཆེན་པོར་མངོན་པར་བྱེད་པ་གང་ལ་ཡང་བྱེ་བྲག་མེད་པའི་ཕྱིར། འདི་སྙེད་ཅིག་གོ་ཞེས་བྱ་བར་མི་རུང་བས་སུམ་ཅུ་རྩ་གཉིས་ཞེས་བྱ་བའི་གྲངས་དོན་མེད་པར་འགྱུར་རོ་ཞེ་ན། དེ་ཡང་བདེན་མོད་ཀྱི་འོན་
ཀྱང་ཐོས་པ་དང་། དྲན་པ་དག་ལས་དེའི་རྗེས་སུ་འབྲང་བའི་དོན་དེ་ལྟ་བུའི་གྲངས་ངེས་པར་བསྟན་ཏེ། འདིར་ཡང་གྲངས་འདི་ཉིད་ཀྱིས་བསྟན་ཏོ། །མཚན་འདི་རྣམས་ཀྱང་མདོར་བསྟན་པ་དང་། བཤད་པ་དང་། རྒྱུ་དང་། འབྲས་བུ་དང་། རྣམ་པ་བཞིས་བསྟན་
ཏེ། དང་པོ་ནི་མདོར་བསྟན་པའོ། །དེའི་འོག་ཏུ་མཚན་དེ་རྣམས་འགྲེལ་པ་ནི་བཤད་པའོ། །སྔོན་གྱི་ལས་སྨོས་པ་ནི་རྒྱུའོ། །སྔ་ལྟས་སྨོས་པ་ནི་འབྲས་བུའོ། །ཕྱག་དང་ཞབས་འཁོར་ལོའི་མཚན་དང་ལྡན་པ་ཞེས་བྱ་བ་ལ་འཁོར་ལོ་ནི་འཇིག་རྟེན་ན་རྣམ་པ་གཉིས་ཏེ།
མཚོན་ཆའི་འཁོར་ལོ་དང་། འགྲོ་བ་འཇུག་པའི་འཁོར་ལོ་ཤིང་རྟ་ལ་སོགས་པའི་འཕང་ལོ་ལྟ་བུའོ། །དེ་ཡང་ཕྱག་དང་ཞབས་གཉིས་ཀ་ལ་འབྱུང་ངོ་། །འདིའི་སྔོན་གྱི་ལས་ཀྱང་རྣམ་པ་གཉིས་ཏེ། བླ་མ་ལ་སྐྱེལ་ཞིང་བསུ་བའི་གྲངས་སུ་གཏོགས་པ་ཚུལ་
ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པས་བསྡུས་པ་ནི་གཅིག་སྟེ། དེའི་འབྲས་བུས་འགྲོ་བར་འཇུག་པའི་འཁོར་ལོ་ཞབས་ཀྱི་མཐིལ་དུ་འབྱུང་ངོ་། །ཆོས་ཉན་པ་དང་། ཕྲེང་བ་རྒྱུད་པ་དང་། གཙུག་ལག་ཁང་དང་། མཆོད་རྟེན་གྱི་གན་དུ་འགྲོ་བ་དང་། གཡོག་བྱིན་པ་སྦྱིན་
པའི་ཕ་རོལ་ཏུ་ཕྱིན་པས་བསྡུས་པ་དེའི་འབྲས་བུས་ཕྱག་གི་མཐིལ་གཉིས་སུ་འབྱུང་ངོ་། །འཁོར་ལོ་རྩིབས་སྟོང་དང་ལྡན་པ་མུ་ཁྱུད་ཅན་ལྟེ་བ་དང་བཅས་པ་ཞེས་བྱ་བ་གང་གི་ཚེ་འདི་གསུམ་ཡོངས་སུ་མ་རྫོགས་པ་དེའི་ཚེ་ནི་མཚན་དེ་དག་གིས་འཁོར་ལོས་སྒྱུར་བར་གྱུར་
ནས་རབ་ཏུ་འབྱུང་བར་འགྱུར་རོ། །དེའི་ཚེ་ནི་མངོན་པར་རྫོགས་པར་འཚང་མི་རྒྱ་སྟེ། དཔེར་ན་རྒྱལ་པོ་ཤང་ཀ་ཞེས་བྱ་བ་ལ་སོགས་པ་ལྟ་བུའོ། །གང་གི་ཚེ་དེ་དག་ཐམས་ཅད་རྣམ་པ་ཐམས་ཅད་དུ་ཡོངས་སུ་རྫོགས་པར་གྱུར་པ་དེའི་ཚེ་མངོན་པར་རྫོགས་པར་འཚང་རྒྱ་

སྟེ། དེ་བས་ན་རྣམ་པ་ཐམས་ཅད་ཡོངས་སུ་རྫོགས་པ་དེ་ན་ཞེས་གསུངས་སོ། །དེ་ལ་མདོ་སྡེ་གཞན་དག་ལས་མཚན་གཞན་དང་གཞན་དཔལ་བེའུ་དང་། བཀྲ་ཤིས་དང་། སྡོང་རིས་དང་། བུམ་པ་གང་བ་དང་ཉ་སྦྲེལ་བ་དང་རྒྱལ་མཚན་དང་། དུང་དང་། ཁྲི་བཟང་པོ་དང་།
གདུགས་དཀར་པོ་དང་། རྔ་ཡབ་ལ་སོགས་པ་དག་ཀྱང་མ་བསྟན་ཏམ་ཞེ་ན། དེ་ཡང་བདེན་མོད་ཀྱི་གཙོ་བོར་གྱུར་པ་འཁོར་ལོའི་མཚན་དང་ལྡན་པ་བསྟན་ན་དེ་དག་ཀྱང་བསྟན་པར་འགྱུར་རོ། །དེ་བཞིན་གཤེགས་པའི་ཞབས་གཉིས་ལ་མི་སྣང་བའི་མཚན་བཟང་པོ་ཐམས་
ཅད་མེད་པ་ཡང་མ་ཡིན་གྱི། མཚན་གྱིས་འཁོར་ལོ་དེ་དག་ཉིད་བསྡུ་བའི་ཕྱིར། རྣམ་པ་ཐམས་ཅད་ཡོངས་སུ་རྫོགས་པའོ་ཞེས་བྱ་བར་བསྟན་ཏོ་ཞེས་ཁ་ཅིག་སྨྲའོ། །དེ་ནི་གཡོག་འཁོར་ཤིན་ཏུ་མང་བའི་སྔ་ལྟས་སོ་ཞེས་བྱ་བ་ནི་འཁོར་ལོས་སྒྱུར་བ་དང་། སངས་རྒྱས་
རྣམས་ཐུན་མོང་སྟེ། འཁོར་ལོ་ནི་མུ་ཁྱུད་ནས་བཟུང་སྟེ་རྩིབས་དང་ལྡན་པའི་དབང་གིས་གཡོག་འཁོར་ཤིན་ཏུ་མང་བ་དང་མཐུན་ནོ། །ཞབས་ཤིན་ཏུ་གནས་པ་ཞེས་བྱ་བ་ནི་འདི་ལྟར་གཞན་དག་ནི་ས་མི་མཉམ་པའམ། རྐང་པའི་མཐིལ་མི་མཉམ་པ་དང་། འདོད་ཆགས་ལ་
སོགས་པ་སྤྱོད་པའི་དབང་ངམ། རྐང་པའི་རྩེ་མོའམ། རྐང་པའི་ཟུར་གཉིས་སམ། རྟིང་པས་ས་ལ་འཛུགས་ཤིང་འགྲོ། །མཆོང་ཞིང་འགྲོ་ལ་དབུས་སུ་ཡང་སྐབས་འབྱུང་བར་འགྱུར་གྱི། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ནི་དེ་ལྟ་མ་ཡིན་ཏེ། ཞབས་ཀྱི་མཐིལ་ཐམས་
ཅད་མཉམ་པར་ས་ལ་འབབ་པར་གཤེགས་པ་དང་མཉམ་པར་ས་ལ་རེག་པ་ལ་ཞབས་ཤིན་ཏུ་གནས་པ་ཞེས་བྱ་སྟེ། ས་ཆེན་པོ་ཐམས་ཅད་ཀྱང་མཐོན་དམན་དང་། གསེག་མ་དང་། རྡོ་བ་དང་། ཆུ་དང་། འདམ་རྫབ་དང་། ཚེར་མ་དང་། ཁུང་ལ་སོགས་པ་མེད་པར་མཉམ་པས་
གནས་ཤིང་། འཇིག་རྟེན་གྱི་ཁམས་བརྒྱ་སྟོང་དུ་མའི་དབང་གིས། ཐག་རིང་བ་དག་ཀྱང་ཉེ་བར་འགྱུར་རོ། །སྔོན་གྱི་ལས་བསྟན་པ་ལ། ཡི་དམ་ལ་བརྟན་པས་ཞེས་བྱ་བ་ནི་བདེན་པ་དང་། གཏོང་བ་དང་། ཉེ་བར་ཞི་བ་དང་། ཤེས་རབ་ཀྱི་བྱིན་གྱི་རླབས་ཀྱི་དབང་གིས། རྩོམ་

པ་ཐམས་ཅད་ལ་སུས་ཀྱང་མི་འཕྲོགས་པའི་ཕྱིར་དེ་སྐད་ཅེས་བྱའོ། །དེ་ནི་མི་གཡོ་བའི་སྔ་ལྟས་སོ་ཞེས་བྱ་བ་ནི་བདུད་དང་། ཕྱིར་རྒོལ་བ་དང་། མུ་སྟེགས་ཅན་ལ་སོགས་པ་ཐམས་ཅད་ཀྱིས་མི་གཡོས་པའོ། །ཕྱག་དང་ཞབས་དྲ་བས་འབྲེལ་བ་ཞེས་བྱ་བ་ནི་ཕྱག་གི་སོར་
མོའི་ཚིགས་དང་པོ་ནས་ཕྱག་སོར་གྱི་བར་ཕྲ་སེང་སེང་པོ་མེད་པ། སོར་གདུབ་ལ་སོགས་པའི་རྒྱན་ཀྱང་གཞུག་ཏུ་རུང་བ་སྟེ། རྣམ་པ་ཐམས་ཅད་དུ་མཛེས་པའི་དྲ་བས་འབྲེལ་བའོ། །སྔོན་གྱི་ལས་དང་། བསྡུ་བའི་དངོས་པོ་བཞི་པོ་དག་ཀུན་དུ་བསྟེན་པས་ཞེས་བྱ་བ་ནི་སྦྱིན་
པས་བསྡུ་བ་ལ་སོགས་པའི་དབང་གིས་ནི་ཕྱག་གཉིས་དྲ་བ་ཅན་དུ་གྱུར་ཏོ། །དེ་ལས་གཞན་པ་དོན་སྤྱོད་པ་ལ་སོགས་པའི་དབང་གིས་ནི་ཞབས་གཉིས་དྲ་བ་ཅན་དུ་གྱུར་ཏོ་ཞེས་འཆད་དོ། །ཡང་ན་ཕྱག་གཉིས་ཀྱིས་ནི་སྡུད་པར་འགྱུར་རོ། །བསྡུས་པའི་སེམས་ཅན་རྣམས་
ཀྱིས་ཞབས་གཏུགས་པ་ལས་གྱུར་ཏོ། །སོར་མོའི་རྣམ་པ་སེང་སེང་པོ་མེད་པ་ཞེས་བྱ་བར་གཟུང་ངོ་། །ལེགས་པར་སྡུད་ཅིང་འཇམ་པར་གྱུར་པའི་ཕྱིར་འདི་དག་བསྡུ་བའི་དངོས་པོ་དང་མཐུན་ནོ། །མྱུར་དུ་འདུ་བ་ཞེས་བྱ་བ་ནི་འཁོར་བརྒྱད་ཆོས་བཤད་པ་ལ་མྱུར་དུ་འདུའོ་
ཞེས་བྱ་བའི་ཐ་ཚིག་གོ། །ཁ་ཅིག་ནི་ཕྱག་དང་། ཞབས་དྲ་བས་འབྲེལ་བ་ལ་གཞན་དུ་འཆད་དེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཕྱག་མཐེ་བོ་གཉིས་མ་གཏོགས་པར། སོར་མོ་ཐམས་ཅད་ཀྱི་རྩེ་མོ་མཉམ་པ་ཡིན་ཏེ། སོར་མོ་དག་ཀྱང་ནས་དང་ནས་སུ་
འབྲེལ་བའི་མཚན་ཉིད་ཅན་ལ། མཉམ་པར་གནས་ཏེ། སྐར་ཁུང་གི་དྲ་བ་དང་། ཀ་བའི་རྩེ་མོ་མཉམ་པ་བཞིན་དུ་སོར་མོ་ཐམས་ཅད་ལ། ནས་ཀྱི་མཚན་ཐམས་ཅད་མཉམ་པར་སྣང་ཞིང་། དྲ་བ་བཞིན་དུ་སྣང་བའི་ཕྱིར་ཕྱག་དང་ཞབས་དྲ་བས་འབྲེལ་བ་ཞེས་འཆད་དོ། །
སེམས་ཅན་ཕྲ་མོ་དག །དེ་བཞིན་གཤེགས་པའི་ཞབས་གཉིས་ཀྱིས་རེག་ན་ཤིན་ཏུ་བདེ་བར་འགྱུར་ཞིང་། ཤི་འཕོས་ན་ཡང་ལྷའི་རིས་སུ་སྐྱེ་བར་འགྱུར་ཏེ། ཞབས་དྲ་བ་ཅན་གྱི་མཚན་དེ་ལ་མཐུ་དེ་ལྟ་བུ་དག་ཀྱང་ཡོད་དོ་ཞེས་ཟེར་རོ། །ཕྱག་དང་ཞབས་འཇམ་ཤིང་གཞོན་ཤ་ཆགས་

པ་ཞེས་བྱ་བ་ལ། འཇམ་པ་ནི་མཉེན་པའོ། །གཞོན་ཤ་ཆགས་པ་ནི་མདོག་ཕུན་སུམ་ཚོགས་པའི་ཕྱིར་རོ། །བདུན་མཐོ་བ་ཞེས་བྱ་བ་ནི་ཕྱག་དང་ཞབས་ཀྱི་བོལ་གཉིས་དང་། དཔུང་མགོ་གཉིས་དང་ལྟག་པ་སྟེ། དེ་དག་ཤས་རྒྱས་པའི་ཕྱིར་རོ། །སྔོན་གྱི་ལས་ནི་བཟའ་བ་དང་།
བཏུང་བ་དང་། བལྡགས་པ་དང་། བཅའ་བ་གྱ་ནོམ་པ་རྣམས་ཞེས་བྱ་བ་ནི་གྱ་ནོམ་པ་བྱིན་པས་ཕྱག་དང་། ཞབས་འཇམ་ཞིང་གཞོན་ཤ་ཆགས་པར་འགྱུར་རོ། །བཟའ་བའི་དངོས་པོ་མང་དུ་བྱིན་པས་ནི་བདུན་མཐོ་བར་གྱུར་ཏོ། །ཡང་ན་ཞབས་གཉིས་ཀྱིས་གཤེགས་ནས།
ཕྱག་གཉིས་ཀྱིས་བྱིན་པའི་ཕྱིར་རོ། །ཡང་ན་ཕྱག་གཉིས་ཀྱིས་བྱིན་ནས་སེམས་ཅན་རྣམས་བདག་གི་ཞབས་ལ་གཞོལ་བར་བྱས་པའི་ཕྱིར་ཕྱག་དང་ཞབས་གཉིས་དེ་ལྟ་བུར་གྱུར་ཏོ། །བདུན་མཐོ་བ་ནི་ཁམས་བདུན་ཚིམ་པར་བྱས་པ་དང་མཐུན་པའི་ཕྱིར་རོ། །ལས་གཅིག་གིས་
མཚན་གཉིས་འབྱུང་བར་ཇི་ལྟར་ཤེས་པར་བྱ་ཞེ་ན། ལས་གཅིག་ཡིན་དུ་ཟིན་ཀྱང་ཤིན་ཏུ་ཆེར་བྱས་ཤིང་བསྩགས་པས་མཚན་གཉིས་སམ་གསུམ་ཡང་འགྲུབ་པར་འགྱུར་ཞེས་བཤད་དོ། །སོར་མོ་རིང་བ་ཞེས་བྱ་བ་ནི་ཧ་ཅང་རིང་བ་དང་། ཧ་ཅང་ཐུང་བ་དང་། ཧ་ཅང་སྦོམ་པ་དང་། ཧ་ཅང་ཕྲ་
བ་དང་ཡོ་བ་ལ་སོགས་པ་སོར་མོའི་སྐྱོན་རྣམས་སྤངས་ཤིང་སྐྱོན་མེད་ལ། ཕྱག་གི་མཐིལ་དང་འཚམ་པ། ཚད་དང་ལྡན་པ་སོར་མོ་མཐར་གྱིས་ཤས་རྒྱས་ཏེ། རྩེ་མོ་ཕྲ་བ་གང་ཡིན་པ་དེ་ལ་སོར་མོ་རིང་བ་ཞེས་བྱའོ། །རྟིང་པའི་སྐྱོན་ཐམས་ཅད་དང་བྲལ་བ། ཚད་དང་ལྡན་པ།
ཞབས་དང་འཚམ་པའི་རྟིང་པ་དང་ལྡན་པའི་ཕྱིར། རྟིང་པ་ཡངས་པ་སྟེ། དེ་ལ་ཞབས་ཀྱི་མཐིལ་ཐམས་ཅད་ལ་ཆ་བཞིར་བྱས་པ་ལས། ཆ་གསུམ་ནི་ཞབས། ཆ་གཅིག་ནི་རྟིང་པར་གྱུར་ན་ཚད་དང་ལྡན་པ་ཞེས་བྱའོ། །ཆུ་ཞེང་གབ་པ་ཕུན་སུམ་ཚོགས་པ་དང་ཕང་མཐོ་བའི་
ཕྱིར་སྐུ་ཆེ་བའོ། །མི་གཞན་ལྟར་ཕྲག་པ་དང་། རྐེད་པ་དང་པུས་མོ་རྣམས་ལས་གང་ཡང་རུང་བ་འམ། མདུན་དང་རྒྱབ་དང་གློ་གྱེ་གུ་དང་ཡ་ཡོ་མེད་པའི་ཕྱིར་སྐུ་དྲང་བའོ། །སོར་མོ་རིང་བ་དང་། རྟིང་པ་ཡངས་པ་ཞེས་བྱ་བ་འདི་ལ་རིང་བ་དང་ཡངས་པའི་སྒྲ་ནི་རན་པ་དང་རྐྱེན་དུ་

བབ་པའི་ཚིག་ཡིན་གྱི། ཧ་ཅང་རིང་བ་དང་ཧ་ཅང་ཡངས་པའི་སྒྲ་ནི་མ་ཡིན་ནོ། །སྔོན་གྱི་ལས་བཤད་པ་ཡང་། གསད་པ་ལས་ཐར་པར་བྱས་པ་དང་། བཟའ་བ་དང་བཏུང་བ་ལ་སོགས་པ་བྱིན་པས་སྲོག་གི་རིམ་གྲོ་བྱས་པ་དང་། སྲོག་གཅོད་པ་
སྤངས་པ་ཀུན་ཏུ་བསྟེན་པས་ཞེས་བྱ་བ་འདི་ལ་ཡང་གསད་པར་གྱུར་པའི་མི་རྣམས་ཚེ་ཐུང་བ་ལས་ཐར་པར་བྱས་པས་ཚེ་ཐ་མལ་པར་གནས་ཀྱི། གློ་བུར་དུ་ཚེ་རིང་བར་འགྱུར་བ་ནི་མ་ཡིན་ནོ། །དེ་བཞིན་དུ་འཚོ་བའི་ཡོ་བྱད་རྣམས་བྱིན་པས་ཀྱང་ཚེ་ཐུང་བ་མེད་པར་བྱས་པ་ཡིན་
གྱི་གློ་བུར་དུ་ཚེ་རིང་དུ་བྱས་པ་ནི་མ་ཡིན་ནོ། །དེ་བཞིན་དུ་འདིར་ཡང་རྟིང་པ་དང་། སོར་མོ་དག་ཐུང་བ་མེད་པ་ཉིད་རིང་བ་ཡིན་གྱི། ལྷག་པར་རིང་བ་ནི་མ་ཡིན་ནོ། །ཁྲུ་བདུན་དུ་འཕགས་པར་མཐོ་བ་ཞེས་བྱ་བ་ནི་མི་ཐ་མལ་པའི་ལུས་པས་འཕགས་པར་མཐོ་བ་སྟེ། སྐུ་
ཐ་མལ་པའི་ཚད་ལ་བྱའོ། །སྤྱི་གཙུག་བལྟར་མི་མཐོང་བའི་ཕྱིར་བཅོམ་ལྡན་འདས་ཀྱི་གཟུགས་ཀྱི་སྐུའི་ཚད་ངེས་པར་བྱ་མི་ནུས་སོ། །སྲོག་གཅོད་པ་སྤངས་པས་ལུས་ཀྱི་ལས་མི་དྲང་བ་མེད་པའི་ཕྱིར་སྐུ་དྲང་པོ་དང་མཐུན་ནོ། །ཞབས་འབར་འབུར་མེད་པ་ཞེས་བྱ་བ་ནི་
པུས་མོའི་ཚིགས་དང་། ལོང་མོའི་ཚིགས་ཀྱི་རུས་པ་མཐོ་བ་ལ་འབར་འབུར་ཅན་ཞེས་བྱ་སྟེ། དེ་མེད་ཅིང་ཤིན་ཏུ་མངོན་ལ་རབ་ཏུ་ནུབ་པ་གང་ཡིན་པ་དེ་ལ་ཞབས་འབར་འབུར་མེད་པ་ཞེས་བྱའོ། །གཞན་དག་གི་ནི་རུས་པ་དེ་གཉིས་ཆེ་བས་རྐང་པ་དང་། བྱིན་པ་མི་སྡུག་པ་ཡིན་ནོ། །
མི་མཉེན་པས་འགྲོ་ན་མི་བདེ་སྟེ་འགྲོས་མི་སྡུག་པར་འགྱུར་རོ། །བཅོམ་ལྡན་འདས་ཀྱི་ཚིགས་མི་མངོན་པས་བྱིན་པ་མཛེས་སོ། །མཉེན་པས་འགྲོས་སྡུག་པ་ཡིན་ནོ། །གཞན་དག་ན་རེ་མི་ཕལ་རྣམས་ཀྱི་ལོང་བུའི་རུས་པ་ནི་རྐང་པའི་རྒྱབ་ལོགས་སུ་འབྱུང་སྟེ། དེ་བས་ན་དེ་དག་
གི་རྐང་པ་གཟེར་བཏབ་པ་འདྲ་ལ། མི་མཉེན་པས་ཅི་བདེར་བསྒྱུར་དུ་མི་རུང་ལ་འགྲོ་བ་ན་ཡང་རྐང་པའི་མཐིལ་མི་སྣང་ངོ་ཞེས་ཟེར་རོ། །སྐྱེས་བུ་ཆེན་པོ་རྣམས་ཀྱི་ལོང་མོའི་རུས་པ་ནི་ཞབས་ཀྱི་གོང་བས་མཐོ་བའི་ཕྱོགས་སུ་འབྱུང་ངོ་། །དེ་དག་གི་སྐུ་ཡང་རོ་སྨད་འབའ་ཞིག་གཡོའི། རོ་སྟོད་

གཡོ་བར་མི་མངོན་ནོ། །ཞབས་ཀྱང་བདེ་བླག་ཏུ་བསྒྱུར་དུ་རུང་ལ། མདུན་རྒྱབ་དང་། གཡས་གཡོས་སུ་འདུག་སྟེ་བལྟས་ཀྱང་ཞབས་ཀྱི་མཐིལ་སྣང་ཞིང་འགྲོས་སྡུག་གོ། །སྐུའི་སྤུ་གྱེན་དུ་ཕྱོགས་པ་ཞེས་བྱ་བ་ནི་སྐྱེས་བུ་ཆེན་པོ་རྣམས་ཀྱི་སྐུའི་སྤུ་རྣམས་སྤུའི་ཁུང་བུ་ནས་སྐྱེ་བ་ན། ཞལ་བཟང་
པོ་ལ་གྱེན་དུ་ལྟ་བ་འདྲ་བར་རྩེ་མོ་གྱེན་དུ་ལྟ་ཞིང་སྐྱེ་བའོ། །སྔོན་གྱི་ལས་ཀྱང་དགེ་བའི་ཆོས་བླངས་པ་རྣམས་ཇི་ལྟར་གོང་ནས་གོང་དུ་འཕེལ་བར་འགྱུར་བ་དེ་བཞིན་དུ་ཞབས་ཀྱི་ཕྱོགས་མཐོ་བ་དང་། སྤུ་ཁ་གྱེན་དུ་ལྟ་ཞིང་མཐོན་པོར་འབྱུང་བ་དང་མཐུན་ནོ། །བྱིན་པ་རི་དགས་ཨེ་ན་ཡའི་ལྟ་བུ་
ཞེས་བྱ་བ་ནི་རི་དགས་ཨེ་ན་ཡའི་བྱིན་པ་དང་འདྲ་བ་གང་ཡིན་པ་དེ་ལ་རི་དགས་ཨེ་ན་ཡའི་ལྟ་བུ་ཞེས་བྱའོ། །མི་ཕལ་གྱི་བྱིན་པ་ནི་ཕྱོགས་གཅིག་ཏུ་ཤ་རློ་བོར་གྱུར་པའམ། ཡོ་བའམ། ཧ་ཅང་སྦོམ་པའམ། ཧ་ཅང་རིང་བའམ་ཐུང་བ་ཡིན་གྱི། སྐྱེས་བུ་ཆེན་པོ་རྣམས་ཀྱི་ནི་ཤ་
མཁྲེགས་ལ་བྱིན་གྱིས་ཕྲ་ཞིང་དབྱིབས་སྙོམས་པ་དང་། ཤིན་ཏུ་ཟླུམ་ཞིང་ཆུ་ཞེང་གབ་པ་སྟེ། སོར་བཅོ་བརྒྱད་ཙམ་གྱི་ཕྱོགས་ན་ཡོད་དོ། །སྔོན་གྱི་ལས་ཀྱང་བཟོའི་ལས་དང་རིག་པའི་གནས་རྣམས་གུས་པར་བྱས་ཤིང་བྱིན་པས་སློབ་མ་དེ་རྣམས་འཕེལ་ཞིང་རྒྱས་པར་གྱུར་པ་དང་། ཡོ་བྱད་
རྣམས་བྱིན་པས་དེ་དག་སྟོབས་དང་ལྡན་པར་གྱུར་ཏེ། དེ་དང་མཐུན་པར་ཤ་སྐྱེས་པའི་ཕྱིར་བྱིན་པ་རི་དགས་ཨེ་ན་ཡའི་ལྟ་བུར་གྱུར་ཏོ། །དེ་ནི་མྱུར་དུ་འཛིན་པའི་སྔ་ལྟས་སོ་ཞེས་བྱ་བ་ནི་སྐྱེས་བུ་ཆེན་པོ་དེ་སངས་རྒྱས་ཀྱིས་གསུངས་པ་ཐམས་ཅད་མྱུར་དུ་འཛིན་ཅིང་། དེ་བཞིན་གཤེགས་
པ་ཡང་སེམས་ཅན་ཐམས་ཅད་ཀྱིས་ཞུས་པའི་རྒྱུན་རྣམས་སྐད་ཅིག་གཅིག་གིས་འཛིན་ཏོ། །ཕྱག་སྦོམ་ཞིང་རིང་བ་ཞེས་བྱ་བ་ལ། སྦོམ་པ་ནི་སྦོམ་ལག་ཆེ་བའི་ཕྱིར་རོ། །རིང་བ་ནི་པུས་མོར་སླེབས་པའི་ཕྱིར་ཁྲུན་རིང་བའོ། །སྔོན་གྱི་ལས་ཀྱང་ཕྱག་བརྐྱང་སྟེ་རིང་དུ་བྱས་ནས་གཞན་
ལ་སྦྱིན་པ་བྱིན་པ་དང་། སྦྱིན་པར་བྱ་བའི་ཆོས་རྒྱ་ཆེ་བའི་ཕྱིར་མཐུན་ནོ། །མདོམས་ཀྱི་སྦ་བ་སྦུབས་སུ་ནུབ་པ་ཞེས་བྱ་བ་ལ། མདོམས་ཀྱི་སྦ་བ་ནི་མདོམས་སུ་སྦ་བ་ཡིན་པས་མདོམས་ཀྱི་སྦ་བ་སྟེ། མདོམས་ཀྱི་སྦ་བ་སྦུབས་སུ་ནུབ་ཅིང་། མི་མངོན་པ་གང་ཡིན་པ་དེ་ལ་མདོམས་ཀྱི་

སྦ་བ་སྦུབས་སུ་ནུབ་པ་ཞེས་བྱ་སྟེ། གསེར་གྱི་པདྨའི་སྙིང་པོ་སྦུབས་སུ་ནུབ་པ་འདྲ་བར་མདོམས་ཀྱི་སྦ་བའི་ཕྱོགས་སྦུབས་ཀྱི་ནང་དུ་མི་མངོན་པར་གྱུར་ཅེས་བྱ་བའི་ཐ་ཚིག་གོ། །སྔོན་གྱི་ལས་ཀྱང་མཛའ་བཤེས་དང་གཉེན་འདབ་ལ་སོགས་པ་འདུམ་པར་བྱས་པ་དང་།
མ་ཕྱེ་བའི་ཕྱིར་སྦུབས་དང་སྦ་བ་དག་དེ་ལྟར་མཐུན་པར་གྱུར་ཏོ། །གསང་ཐུབ་པར་བྱས་པས་སྦ་བའི་ཕྱོགས་མི་མངོན་པར་གྱུར་ཏེ་མཐུན་ནོ། །མདོག་གསེར་འདྲ་བ་ཞེས་བྱ་བ་འདིས་ནི་སྐུ་མཁྲེགས་ཤིང་སྣུམ་ལ་ཁ་དོག་རབ་ཏུ་གསལ་བར་བསྟན་ཏོ། །པགས་པ་སྲབ་ཅེས་བྱ་བ་འདིས་
ནི་ཕྱི་དང་ནང་གི་རྡུལ་དང་དྲི་མ་ལ་སོགས་པས་སྐུ་ལ་གོས་པ་མེད་པར་བསྟན་ཏོ། །ཕྱག་དང་ཞབས་བཀྲུ་བ་དང་ཁྲུས་བྱ་བ་ལ་སོགས་པ་ནི་དེར་རིམ་གྲོ་པ་རྣམས་བསོད་ནམས་ཐོབ་པར་བྱ་བ་དང་། དུས་སུ་བདེ་བར་བྱ་བའི་ཕྱིར་ཀུན་རྫོབ་ཀྱི་ཐ་སྙད་ཀྱི་ཕྱིར་མཛད་དོ། །སྤུ་རེ་རེ་ནས་སྐྱེ་
ཞིང་གཡས་སུ་འཁྱིལ་པ་ཞེས་བྱ་བ་ནི་སྤུའི་ཁུང་བུ་གཅིག་ནས་སྤུ་གཅིག་ཁོ་ན་སྐྱེ་བས་ན་སྤུ་རེ་རེ་སྐྱེ་བའོ། །ཀྱིལ་ཀྱིལ་པོར་འཁྱིལ་བ་ནི་གཡས་ཕྱོགས་སུ་འཁྱིལ་བ་སྟེ། རྒྱན་གདུབ་ཀོར་སྦྲུལ་འཁྱིལ་བ་ལྟ་བུའམ། སྦྲུལ་འཁྱིལ་བའི་ཟླུམ་པ་ལྟ་བུ་སྟེ། གཉིས་ཀ་ཡང་གཡས་
སུ་འཁྱིལ་བའོ། །ཞལ་ལ་མཛོད་སྤུའི་མཚན་མངའ་བ་ཞེས་བྱ་བ་ནི་སྨིན་མཚམས་ཀྱི་ཐིག་ལེའི་གནས་ན་སྤུ་མཉེན་ཞིང་འཇམ་ལ་ཁ་དོག་དཀར་ཞིང་སྣུམ་པ། དྲངས་ན་ཁྲུ་གང་ངམ་ཁྲུ་དོ་འམ་ཁྲུ་གསུམ་ལ་སོགས་པའི་སྲིད་དུ་འབྱུང་ལ་སླར་བཏང་ན། གཡས་སུ་འཁྱིལ་བ་རྩེ་
མོ་གྱེན་དུ་ཕྱོགས་པ་དང་། ཤིང་ཏོག་སྐྱུ་རུ་ར་ཙམ་ལ་དངུལ་གྱི་སྒོ་ང་འདྲ་བ་གང་གི་ཞལ་ན་མཛེས་པར་འདུག་པ་དེ་ལ་ཞལ་ལ་མཛོད་སྤུའི་མཚན་མངའ་བ་ཞེས་བྱའོ། །མཚན་འདི་གཉིས་ཀྱི་སྔོན་གྱི་ལས་ཀྱང་། འདུ་འཛི་སྤངས་པས་ནི་སྤུ་རེ་རེ་བར་གྱུར་ཏོ། །ཕ་མ་ལ་སོགས་པ་
ཇི་ལྟར་རིགས་པའི་གནས་སུ་བཀོད་པ་དང་། རིམ་གྲོ་བྱས་པ་དང་། སྦྱིན་པ་བྱིན་པ་དང་། མ་མགུ་བར་མ་བྱས་པ་ལ་སོགས་པས་གཡས་སུ་འཁྱིལ་ཞིང་རིང་བ་དང་། དབྱིབས་ལེགས་པར་གྱུར་ཏོ། །རོ་སྟོད་སེང་གེའི་ལྟ་བུ་ཞེས་བྱ་བ་ནི་དེའི་རོ་སྟོད་སེང་གེའི་རོ་སྟོད་འདྲ་བའི་ཕྱིར་

སེང་གེའི་རོ་སྟོད་ལྟ་བུ་སྟེ་བྲང་གི་དབྱེས་ཡངས་ཤིང་ཆེ་ལ་ཤ་རྒྱས་པས་སྤངས་ཤིང་ཆེ་བ་ཕུན་སུམ་ཚོགས་པའི་ཕྱིར་དེ་སྐད་ཅེས་བྱའོ། །དཔུང་མགོ་ལེགས་པར་གྲུབ་པ་ཞེས་བྱ་བ་ལ། ལེགས་པའི་སྒྲ་ནི་ཟླུམ་པ་ལ་བྱའོ། །གྲུབ་པའི་སྒྲ་ནི་མགུལ་པ་རྩའི་དྲ་བ་མི་མངོན་པ་བསྟན་པ་སྟེ།
གསེར་གྱི་བུམ་པའི་མགུལ་པ་ལྟར་ཡོངས་སུ་ཟླུམ་ཞིང་ཤིན་ཏུ་མཁྲེགས་ཞེས་བྱ་བའི་ཐ་ཚིག་གོ། །སྔོན་གྱི་ལས་ཀྱང་མི་སྙན་པར་མི་ཟེར་བ་ནི་སེང་གེའི་ཚུལ་དང་འདྲ་བ་དང་། མགུལ་མཛེས་པའི་རྒྱུ་ཡིན་ནོ། །གཞན་ལ་མི་སྨོད་པ་ནི་སེང་གེ་ལྟར་ཡངས་པའི་རྒྱུའོ། །སྙན་པར་
སྨྲ་བ་དང་། ལེགས་པར་སྨྲ་བ་བརྗོད་པ་དང་། སེང་གེའི་སྒྲ་དང་མཐུན་པར་སྨྲ་བ་ནི་ལྐོག་མ་མཛེས་པའི་རྒྱུའོ། །ཐལ་གོང་རྒྱས་པ་ཞེས་བྱ་བ་ནི་ཐལ་གོང་རྒྱས་ཤིང་ཡངས་པའོ། །རོ་བྲོ་བ་མཁྱེན་པ་ཞེས་བྱ་བ་ནི་རོ་དྲུག་པོ་དག་གི་རོ་བྲོ་བ་མཁྱེན་པ་ལ་རོ་བྲོ་བ་མཁྱེན་པ་ཞེས་
བྱའོ། །སྐབས་འདིར་མཁྱེན་པ་ནི་དགའ་བ་ལ་བྱ་སྟེ། ཕར་འཛིན་མར་འཛིན་ཞེས་བྱ་བ་ལ་སོགས་པ་བཞིན་དུ། རོ་རྣམས་ཀྱིས་དགའ་ཞིང་ཚིམ་པར་གྱུར་པའི་ཕྱིར་རོ་བྲོ་བ་ཤེས་པ་ཞེས་བྱ་སྟེ་སྐྱེས་བུ་ཆེན་པོ་རྣམས་ཀྱིས་མིད་པ་ན་ནི་རོ་ཚོར་བར་བྱེད་པའི་རྩ་བདུན་སྟོང་གྱེན་དུ་ལྟ་བ་
ཡོད་དོ། །ཐ་ན་ཏིལ་གྱི་འབྲུམ་བུ་ཙམ་ཞིག་གསོལ་ན་ཡང་སྐུ་ཐམས་ཅད་དུ་ཁྱབ་པར་འགྱུར་རོ། །རོ་ཐམས་ཅད་ཀྱི་ཞལ་དུ་བཅུག་ན། བདུད་རྩིའི་རོ་དང་འདྲ་བར་འགྱུར་ཏེ། དེ་ནི་མཚན་གྱི་ལས་སོ། །སྔོན་གྱི་ལས་དང་མཐུན་པ་ནི་གོ་སླའོ། །ཤིང་ནྱ་གྲོ་དྷ་ལྟར་ཆུ་ཞེང་གབ་
པ་ཞེས་བྱ་བ་འདི་ལ་ཁ་ཅིག་ན་རེ་ནྱ་གྲོ་ཞེས་བྱ་བ་ནི་ངན་པ་སྟེ། རོ་སྨད་ལ་བྱའོ། །རོ་དྷ་ཞེས་བྱ་བ་ནི་རོ་སྟོད་དོ། །ཆུ་ཞེང་གབ་པ་ཞེས་བྱ་བ་ནི་མཐུན་པ་ལ་བྱ་སྟེ། གང་གི་སྐུ་ལྟེ་བ་ནས་བཟུང་སྟེ། རོ་སྟོད་དང་རོ་སྨད་ཚད་མཉམ་པར་གྱུར་པ་དེ་ལ་ནྱ་གྲོ་དྷ་ལྟར་ཆུང་ཞེང་གབ་པ་
ཞེས་བྱ་བའོ་ཞེས་ཟེར་རོ། །གཞན་དག་ན་རེ་ནྱ་གྲོ་ཞེས་བྱ་བ་ནི་སྐུའི་དབུ་ནས་ཞབས་ཀྱི་བར་གྱི་ཚད་ལ་བྱའོ། །རོ་དྷ་ནི་ཞེང་ལ་བྱའོ། །ཆུ་ཞེང་གབ་པ་ཞེས་བྱ་བ་ནི་འདོམ་ལ་བྱ་སྟེ། དེ་ལ་གང་གི་སྐུའི་ཆུ་ཞེང་འདོམ་དང་མཉམ་པར་གྱུར་པ་དེ་ལ་ནྱ་གྲོ་དྷ་ལྟར་ཆུ་ཞེང་གབ་ཅེས་

བྱའོ་ཟེར་རོ། །གཞན་དག་ནི་ཤིང་ནྱ་གྲོ་དྷ་ཞེས་བྱ་བ་སྡོང་པོ་དང་ཡལ་ག་རྣམས་ཆུ་ཞེང་མཉམ་པ་ཞིག་ཡོད་དེ། དེ་དང་འདྲ་བར་སྐྱེས་བུ་ཆེན་པོ་རྣམས་ཀྱི་སྐུ་ཐམས་ཅད་ཀྱང་འདོམ་གྱི་ཚད་དང་མཉམ་པ་ནི་ཤིང་ནྱ་གྲོ་དྷ་ལྟར་ཆུ་ཞེང་གབ་པ་ཞེས་བྱའོ་ཞེས་སྨྲའོ། །
དབུ་གཙུག་ཏོར་དང་ལྡན་པ་ཞེས་བྱ་བ་ནི་དབུ་ཟེའུ་ཀ་བཅིངས་པ་དང་འདྲ་བ་ལ་བྱ་སྟེ། གཞན་དག་གི་མགོ་ནི་ཡོངས་སུ་མ་རྒྱས་ཤིང་མཐོ་དམན་ཅན་ལ། མི་མཉམ་པ་དག་ཡོད་ཀྱི། སྐྱེས་བུ་ཆེན་པོ་རྣམས་ཀྱི་དབུ་ནི་གཙུག་ཏོར་བཞིན་དུ་སྙོམས་ཤིང་ཡོངས་སུ་ཟླུམ་པ་དང་། ཡོངས་
སུ་རྫོགས་ཤིང་དབྱིབས་ལེགས་པ་དང་། ལེགས་པར་རྒྱས་པ་ཡིན་ནོ་ཞེས་འཆད་དོ། །གཞན་དག་ན་རེ་མཚན་འདི་ནི་འཕྲལ་བའི་དབྱེས་ཡོངས་སུ་རྒྱས་པ་བསྟན་པའི་ཕྱིར་ཏེ། སྐྱེས་བུ་ཆེན་པོ་རྣམས་ཀྱི་འཕྲལ་བ་ནི་རྣ་བ་གཡས་པའི་གོང་ནས་རྣ་བ་གཡོན་པའི་གོང་གི་བར་
དུ་ཤའི་དབྱིབས་ལེགས་པ། འཕྲལ་བའི་དབྱེས་ཡོངས་སུ་རྫོགས་པ། རྒྱལ་པོ་གསེར་གྱི་གཙུག་ཏོར་བཅིངས་པ་འདྲ་བར་མཛེས་པའོ་ཞེས་སྨྲའོ། །སྔོན་གྱི་ལས་ཀྱང་དགེ་བའི་ལས་བྱེད་པ་ཐམས་ཅད་ཀྱི་ཐོག་མར་འགྲོ་བ་གཙོ་བོར་གྱུར་ནས་ཁོར་ཡུག་ཏུ་ཀུན་དགའ་ར་བ་
དང་། འདུན་ཁང་དང་། བཏུང་བའི་གནས་ལ་སོགས་པ་བྱས་པ་སྟེ། དེའི་ཕྱིར་ནྱ་གྲོ་དྷ་ལྟར་ཆུ་ཞེང་གབ་པའོ། །གང་གི་ཕྱིར་ཚོགས་ཀྱི་གཙོ་བོར་གྱུར་ནས། མ་ཞུམ་པར་མགོ་བསྟོད་དེ་འཇིག་པ་མེད་པར་སྦྱོར་བ་དེའི་ཕྱིར་དབུ་གཙུག་ཏོར་ཅན་དུ་གྱུར་ཏོ། །དེ་བས་ན་མངའ་
དབང་ཆེན་པོ་མངའ་བའི་སྔ་ལྟས་ཞེས་བྱའོ། །ལྗགས་རིང་ཞིང་སྲབ་པ་ཞེས་བྱ་བ་རིང་བ་ནི་ཆེ་བའམ་ཁྲུན་རིང་བའོ། །སྲབ་པ་ནི་མཉེན་པའོ། །ཚངས་པའི་དབྱངས་ཞེས་བྱ་བ་ནི་ཚངས་པའི་དབྱངས་དང་མཚུངས་པའམ། དབྱངས་མཆོག་ཡིན་པའི་ཕྱིར་ཏེ། བྱ་ཀ་ལ་པིང་
ཀའི་གསུང་ཞེས་བྱ་བ་ནི་བྱ་ཀུ་ར་བའི་སྐད་ལྟ་བུའོ། །ཟླ་བའི་དཀྱིལ་འཁོར་མ་ཉ་བ་ཚེས་བཅུ་གཉིས་ཀྱི་ཤས་འདྲ་བར་འགྲམ་པའི་མཐའ་ཤ་མཁྲེགས་ཤིང་ལེགས་པར་ཟླུམ་པའི་ཕྱིར་འགྲམ་པ་སེང་གེའི་ལྟ་བུའོ། །སྐར་མ་པ་བ་སངས་པས་ཀྱང་ལྷག་པར་འོད་གསལ་ཞིང་དཀར་

བའི་ཕྱིར་ཚེམས་ཤིན་ཏུ་དཀར་བའོ། །མཐོན་དམན་དང་མི་མཉམ་པ་མེད་པའི་ཕྱིར་ཚེམས་མཉམ་པའོ། །ཚེམས་ཀྱི་མཚམས་དོད་པ་ལ་སོགས་པ་མེད་ཅིང་སྡུག་པའི་ཕྱིར་ཚེམས་ཐགས་བཟང་བའོ། །མི་གཞན་དག་གི་སོ་ནི་སུམ་ཅུ་རྩ་གཉིས་སམ་ཉི་ཤུ་རྩ་བརྒྱད་ཡོད་ཀྱི། དེ་ལས་
བཟློག་པ་ནི་གྲངས་བཞི་བཅུ་ཚང་བའི་ཕྱིར་ཚེམས་བཞི་བཅུ་མངའ་བའོ། །སྤྱན་མཐོན་མཐིང་ཞེས་བྱ་བ་ནི། སྤྱན་གྱི་དཀྱིལ་འཁོར་གྱི་ནང་གི་འབྲས་བུ་སྣུམ་ཞིང་གནག་པ་སྟེ། འབྲས་བུ་ནག་པོའི་མཐའ་གཉིས་དཀར་ལ། རྫི་མ་གཉིས་གནས་པའི་སྐབས་སྣུམ་ཞིང་
མཐིང་ཀར་འདུག་པ། གྲྭ་གཉིས་ཆུང་ཟད་དམར་བ། རྫི་མ་དང་སྤྱན་གྱི་བར་གསེར་གྱི་མདོག་ལྟ་བུ་སྟེ། དེ་ལྟར་དང་བ་རྣམ་པ་ལྔ་དང་ལྡན་དུ་ཟིན་གྱིས་ཀྱང་སྤྱན་གྱི་དཀྱིལ་གཙོ་བོ་ཡིན་པའི་ཕྱིར་སྤྱན་མཐོན་མཐིང་ཞེས་བྱའོ། །བེའུ་འབྲངས་མ་ཐག་པ་གཞོན་ནུའི་རྫི་མ་
དང་འདྲ་བར་རྫི་མ་བླ་འོག་གི་མདོག་ཤིན་ཏུ་སྣུམ་ཞིང་མ་འཛིངས་པའི་ཕྱིར་བའི་རྫི་མ་ལྟ་བུའོ།། །།བམ་པོ་ཉི་ཤུ་དྲུག་པ། དཔེ་བྱད་བཟང་པོ་བརྒྱད་ཅུ་ཞེས་བྱ་བ་ནི་མཚན་རྣམས་རྗེས་སུ་འབྱེད་པར་བྱེད་པའམ། མཚན་དང་རྗེས་སུ་མཐུན་པར་ཕྱེ་སྟེ། སྐྱེས་
བུ་ཆེན་པོ་ཡིན་པར་སྟོན་པའམ། རྗེས་སུ་མཐུན་པར་མཛེས་པར་བྱེད་པའི་ཕྱིར་དཔེ་བྱད་བཟང་པོ་ཞེས་བྱའོ། །སངས་རྒྱས་བཅོམ་ལྡན་འདས་རྣམས་སེན་མོ་ཟངས་ཀྱི་མདོག་ལྟ་བུ་ཡིན་ཞེས་བྱ་བས་དཔེ་བྱད་བཟང་པོ་བསྟན་ཏོ། །འདུ་བྱེད་ཐམས་ཅད་ལས་དབེན་པ་ཞེས་
བྱ་བ་ནི་དེའི་རྒྱུ་མཐུན་པ་སྟེ། དེ་བཞིན་དུ་ཐམས་ཅད་ལ་ཡང་སྦྱར་བར་བྱའོ། །ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དེ་དག་གིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སྙན་པར་སྨྲ་བས་སེམས་ཅན་རྣམས་སྡུད་དོ་ཞེས་བྱ་བ་ནི་ཚིག་སྙན་པ་རྣམས་ཀྱིས་བཙུད་ནས། ཕ་རོལ་ཏུ་ཕྱིན་པ་
དྲུག་པོ་དག་གིས་སྡུད་པར་བྱེད་པ་སྟེ། དེ་བས་ན་སྙན་པར་སྨྲ་བར་བགྲང་ངོ་། །ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དེ་དག་ཉིད་ཀྱིས་དོན་སྤྱད་པས་སེམས་ཅན་རྣམས་སྡུད་དོ་ཞེས་བྱ་བ་ནི་དོན་བྱ་བའི་བསམ་པས་དེ་སྔོན་དུ་བཏང་བས་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དག་གིས་སྡུད་པ་སྟེ། དེ་

བཞིན་དུ་ཕྱི་མ་རྣམས་ལ་ཡང་སྦྱར་བར་བྱའོ། །ཡི་གེ་གཅིག་མངོན་པར་སྒྲུབ་པ་ལ་མཁས་པར་གྱིས་ཤིག་ཅེས་བྱ་བ་ནི་གཟོད་མ་ནས་མ་སྐྱེས་པའི་ཕྱིར་ཨ་ནི་ཆོས་ཐམས་ཅད་ཀྱི་སྒོའོ་ཞེས་བྱ་བ་ལ་སོགས་པ་ཡི་གེའི་གཟུངས་ཀྱི་སྒོའི་རིམ་པས་ཡི་གེ་གཅིག་གིས་
མཚན་མ་མེད་པའི་ཏིང་ངེ་འཛིན་མངོན་པར་སྒྲུབ་པ་ལ་མཁས་པར་བྱ་བའོ། །ཡི་གེ་གཅིག་གིས་ཐམས་ཅད་འགྲིབ་པ་དང་ལྡན་པར་རྗེས་སུ་གཏོགས་པར་གྱིས་ཤིག་ཅེས་བྱ་བ་ནི་འགྲིབ་པ་དང་ལྡན་པས་འགྲིབ་པ་དང་ལྡན་པ་སྟེ། འདུས་བྱས་ཀྱི་ཆོས་རྣམས་ཡོངས་སུ་འགྱུར་
བ་དང་ལྡན་པ་ཞེས་བྱ་བའི་ཐ་ཚིག་གོ། །ཡི་གེ་གཅིག་ཏུ་ཡི་གེ་བཞི་བཅུ་རྩ་ལྔ་འདུས་པར་སྒོམས་ཤིག་ཅེས་བྱ་བ་ནི་སྐྱེ་བ་མེད་པའི་ཏིང་ངེ་འཛིན་སྒྲུབ་པ་ཨ་ཞེས་བྱ་བའི་ནང་དུ་ཡི་གེ་ཐམས་ཅད་ཀྱི་ཏིང་ངེ་འཛིན་འདུས་པར་སྒོམས་ཤིག་ཅེས་བྱ་བའོ། །ཡི་གེ་བཞི་བཅུ་རྩ་ལྔ་
རྣམས་སུ་ཡི་གེ་གཅིག་འདུས་པར་སྒོམས་ཤིག་ཅེས་བྱ་བ་ནི་ཡི་གེ་བཞི་བཅུ་རྩ་ལྔའི་ཏིང་ངེ་འཛིན་ཨ་ཞེས་བྱ་བ་ཉིད་དུ་སྒོམས་ཤིག་ཅེས་བྱའོ། །རབ་འབྱོར་ཆོས་ཐམས་ཅད་ནི་ཡི་གེ་མེད་པའི་རྣམ་པས་སྤྲུལ་པའོ་ཞེས་བྱ་བ་ནི་ཆོས་ཀྱི་དབྱིངས་བརྗོད་དུ་མེད་པའི་རྣམ་པས་བསྐྱེད་
ཅེས་བྱ་བའི་ཐ་ཚིག་གོ། །ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པར་སྨིན་པ་ལས་བྱུང་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང་ཞེས་བྱ་བ་ལ་སོགས་པས་འདི་སྐད་གསོལ་ཏེ། གལ་ཏེ་རྣམ་པར་སྨིན་པ་ལས་བྱུང་བ་ལ་སྤྱོད་ན་རྣམ་པར་སྨིན་པ་
ལས་བྱུང་བ་རྣམ་པར་མི་རྟོག་པའི་ཕྱིར་སེམས་ཅན་རྣམས་དང་། ཆོས་རྣམས་མི་དམིགས་ཏེ་མི་སྣང་ན་ཆོས་བཤད་པ་ཇི་ལྟར་འབྱུང་། ཡོད་པ་མ་ཡིན་པའི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ལ་སྦྱོར་ན་ཇི་ལྟར་ཕྱིན་ཅི་ལོག་ལ་སྦྱོར་བར་མི་འགྱུར་ཞེས་ཞུས་པའོ། །དེ་སྐད་ཞུས་
པ་དང་། བཅོམ་ལྡན་འདས་ཀྱིས་རབ་འབྱོར་དེ་དེ་བཞིན་ནོ་དེ་དེ་བཞིན་ཏེ་ཞེས་བྱ་བ་ལ་སོགས་པས་དེའི་ཚིག་ལ་མངོན་པར་དགྱེས་པར་མཛད་ནས། དེ་ལྟར་ཆོས་དེ་དག་ཐམས་ཅད་སྟོང་པར་མཐོང་ནས་སེམས་ཅན་རྣམས་ལ་ཆོས་སྟོན་ཏེ་ཞེས་བྱ་བ་ལ་སོགས་པས་ནི་རབ་འབྱོར་

སེམས་ཅན་དང་། ཆོས་རྣམས་སྟོང་པ་དེ་ནི་བདེན་མོད་ཀྱི། འོན་ཀྱང་དེ་དག་སྟོང་པ་ཉིད་དུ་སེམས་ཅན་རྣམས་ཀྱིས་མི་ཤེས་པས། དེ་ཤེས་པར་བྱ་བའི་ཕྱིར་བཅོམ་ལྡན་འདས་ཆོས་སྟོན་ཏེ་ཆོས་སྟོན་པ་ན་ཡང་ཅི་ནས་ཀྱང་སྟོང་པ་ཉིད་དེ་འཁྲུག་པར་མི་འགྱུར་བ་དེ་ལྟར་ཆོས་སྟོན་ཏོ་ཞེས་དེ་
སྐད་བསྟན་པ་ཡིན་ནོ། །དེས་ཆོས་ཐམས་ཅད་སྒྲིབ་པ་མེད་པར་ཡང་དག་པར་རྗེས་སུ་མཐོང་ཞེས་བྱ་བ་ནི་ཀུན་བརྟགས་པའི་སྒྲིབ་པ་རྣམས་དང་བྲལ་ཤིང་ཤིན་ཏུ་ཡོངས་སུ་དག་པར་མཐོང་ངོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་བཞིན་གཤེགས་པའི་སྤྲུལ་པའི་དཔེ་ཡང་རྗེས་སུ་མཐུན་
པར་ཟད་དོ། །མ་བཅིངས་མ་གྲོལ་བ་ཞེས་བྱ་བ་ནི་དྲི་མ་དང་བཅས་པའི་གནས་སྐབས་ན་ཆོས་ཉིད་ཀྱི་གཟུགས་ཀུན་བརྟགས་པས་རང་བཞིན་གྱིས་དབེན་པའི་ཕྱིར་མ་བཅིངས་པའོ། །དྲི་མ་མེད་པའི་གནས་སྐབས་ན་ཡང་གློ་བུར་གྱི་རྣམ་པར་བྱང་བ་མེད་པའི་ཕྱིར་མ་གྲོལ་བའོ། །
གཟུགས་ཀྱི་མ་བཅིངས་མ་གྲོལ་བ་ཉིད་གང་ཡིན་པ་དེ་གཟུགས་མ་ཡིན་ནོ་ཞེས་བྱ་བ་ནི་མ་བཅིངས་པ་ཉིད་དང་མ་གྲོལ་བ་ཉིད་ཅེས་བྱ་བ་ཡོངས་སུ་གྲུབ་པའི་གནས་སྐབས་ཡིན་ཏེ། དེ་ཀུན་བརྟགས་པའི་གཟུགས་ཀྱི་ངོ་བོ་ཉིད་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །ཤིན་ཏུ་རྣམ་
པར་དག་པ་ཞེས་བྱ་བ་ནི་རང་བཞིན་ཉིད་ཀྱིས་ཞེས་བྱ་བར་དགོངས་པའོ། །དངོས་པོ་མེད་པ་ཡང་དངོས་པོ་མེད་པ་ལ་མི་གནས་སོ་ཞེས་བྱ་བ་ནི་མི་བརྟེན་པའི་ཕྱིར་ཏེ། དཔེར་ན་ནམ་མཁའ་ལ་ནམ་མཁའ་མི་གནས་པ་ལྟ་བུའོ། །རང་གི་དངོས་པོ་ཡང་དངོས་པོ་མེད་པ་ལ་མི་
གནས་ཏེ་མེད་པའི་ཕྱིར། དཔེར་ན་རི་བོང་གི་རྭ་ལ་སོགས་པ་རྣོ་བ་མི་གནས་པ་ལྟ་བུའོ། །གཞན་དག་གི་དངོས་པོ་ཡང་དངོས་པོ་མེད་པའམ། རང་གི་དངོས་པོ་ལ་མི་གནས་ཏེ། གཞན་གྱི་དངོས་པོ་དང་རང་གི་དངོས་པོ་གཉིས་ཀ་ཡང་མེད་པའི་ཕྱིར་རོ། །དེ་བཞིན་དུ་
གཞན་དག་ལ་ཡང་སྦྱར་བར་བྱའོ། །འདི་ལྟར་སངས་རྒྱས་བཅོམ་ལྡན་འདས་དེ་དག་དང་། བྱང་ཆུབ་སེམས་དཔའ་རྣམས་དང་། རང་སངས་རྒྱས་རྣམས་དང་། ཉན་ཐོས་རྣམས་ཀྱིས་ཀྱང་ཆོས་རྣམས་ཀྱི་ཆོས་ཉིད་འདི་ཉིད་རྟོགས་ཏེ་ཞེས་བྱ་བས་ནི་ཐམས་ཅད་ཀྱང་ཆོས་མངོན་

པར་རྟོགས་པ་གཅིག་པ་ཉིད་དོ་ཞེས་སྟོན་ཏོ། །ཆོས་རྣམས་ཀྱི་ཆོས་ཉིད་དེ་ལས་ཀྱང་མི་འདའོ་ཞེས་བྱ་བ་ནི་ཆོས་འཆད་པའི་ཚེ་དེ་དག་ལས་མི་འདའ་བའོ། །རབ་འབྱོར་ཆོས་ཀྱི་དབྱིངས་ནི་འདའ་བ་མེད་དོ། །དེ་བཞིན་ཉིད་དང་། ཡང་དག་པའི་མཐའ་ནི་
འདའ་བ་མེད་དོ་ཞེས་བྱ་བ་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཆོས་ཀྱི་དབྱིངས་ནི་ཆོས་ཀྱི་སྐུ་སྟེ་འདའ་བ་མེད་དོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་དེ་བཞིན་ཉིད་འདའ་བ་མེད་དོ། །རང་སངས་རྒྱས་དང་། ཉན་ཐོས་རྣམས་ཀྱི་ཡང་དག་པའི་མཐའ་ལ་འདའ་བ་མེད་དོ་ཞེས་
བྱ་བར་བྱེ་བྲག་ཏུ་ཕྱེ་སྟེ་གཟུང་བར་བྱའོ། །འདི་ལྟར་དེ་དག་ལ་གང་འདའ་བར་འགྱུར་བའི་རང་བཞིན་མེད་དོ་ཞེས་བྱ་བ་ནི་འདའ་བར་བྱ་བའི་ངོ་བོ་ཉིད་མེད་དོ་ཞེས་བྱ་བའི་ཐ་ཚིག་གོ། །བཅོམ་ལྡན་འདས་གལ་ཏེ་ཆོས་ཀྱི་དབྱིངས་དང་། དེ་བཞིན་ཉིད་དང་། ཡང་དག་པའི་མཐའ་
ལས་འདའ་བ་མ་མཆིས་ན་ཞེས་བྱ་བ་ལ་སོགས་པས་འདི་སྐད་ཞུས་ཏེ། གཟུགས་དང་ཚོར་བ་ལ་སོགས་པ་ནི་རྣམ་པར་འགྱུར་བའི་ངོ་བོ་ཉིད་ཡིན་པས་འདའ་བར་སྣང་ན། འདི་ལྟར་གཟུགས་ལ་སོགས་པ་ལ་ནི་འདའ་བ་ཡོད་ཀྱི། ཆོས་ཀྱི་དབྱིངས་ལ་སོགས་པ་ལ་ནི་མེད་ན་དེའི་ཚེ་ཅི་
གཟུགས་ལ་སོགས་པ་དང་། ཆོས་ཀྱི་དབྱིངས་ལ་སོགས་པ་ལ་ཐ་དད་པ་ཡོད་དམ་ཞེས་ཞུས་པའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རབ་འབྱོར་དེ་ནི་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པས་གཟུགས་དང་ཚོར་བ་ལ་སོགས་པའི་ཆོས་རྣམས་དང་། ཆོས་ཀྱི་དབྱིངས་ལ་སོགས་
པ་གསུམ་ཐ་དད་པ་མེད་པར་བསྟན་ཏོ། །དེའི་དགོངས་པ་ནི་འདི་ཡིན་ཏེ་དོན་དམ་པའི་གཟུགས་ལ་སོགས་པ་ལ་ནི་འདའ་བ་མེད་དོ་ཞེས་བྱ་བའོ། །དེ་ནས་གནས་བརྟན་རབ་འབྱོར་གྱིས་བཅོམ་ལྡན་འདས་གལ་ཏེ་གཟུགས་ཀྱང་གཞན་མ་ལགས། ཆོས་ཀྱི་དབྱིངས་ཀྱང་གཞན་
མ་ལགས་ན་ཞེས་བྱ་བ་ལ་སོགས་པས་འདི་སྐད་ཞུས་ཏེ། གལ་ཏེ་གཟུགས་དང་ཚོར་བ་ལ་སོགས་པ་དང་། ཆོས་ཀྱི་དབྱིངས་ལ་སོགས་པ་ལ་ཐ་དད་པ་མེད་ན། འོ་ན་ནི་ཆོས་ཀྱི་དབྱིངས་ལ་སོགས་པ་བཞིན་དུ་ཆོས་ཐམས་ཅད་འདུས་མ་བྱས་པ་ཡིན་པའི་ཕྱིར་དགེ་བ་དང་མི་

དགེ་བའི་ལས་རྣམས་ཀྱི་འབྲས་བུ་རྣམ་པར་དགོད་པ་མེད་པར་འགྱུར་རོ་ཞེས་ཞུས་པའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རབ་འབྱོར་ཀུན་རྫོབ་ཀྱི་བདེན་པ་ཉེ་བར་བཟུང་སྟེ་ཞེས་བྱ་བ་ལ་སོགས་པས་འདི་སྐད་གསུངས་ཏེ། ཆོས་ཐམས་ཅད་འདུས་མ་བྱས་པའི་ངོ་བོ་ཉིད་ཡིན་དུ་
ཟིན་ཀྱང་། འོན་ཀྱང་བྱིས་པ་ཀུན་བརྟགས་པའི་སྤྱོད་ཡུལ་དུ་བྱེད་པ་རྣམས་ལ། དགེ་བ་དང་མི་དགེ་བ་ཀུན་བརྟགས་པ་རྣམས་ཡོད་དེ། དེའི་དབང་གིས་རྣམ་པར་སྨིན་པ་དཀར་པོ་དང་ནག་པོ་ཡང་ཡོད་དོ། །དེའི་དབང་གིས་བཅོམ་ལྡན་འདས་ཀྱིས་ཀུན་རྫོབ་ཀྱི་བདེན་པའི་ཚུལ་དུ་དེ་དག་
བཤད་ཀྱི། དོན་དམ་པར་ནི་ཆོས་ཐམས་ཅད་དེ་བཞིན་ཉིད་ཀྱི་ངོ་བོ་ཉིད་ཡིན་པས། ལས་དང་རྣམ་པར་སྨིན་པ་རྣམ་པར་དགོད་པ་བསྟན་པར་མི་ནུས་སོ་ཞེས་བྱ་བ་ནི་དོན་དམ་པར་རྣམ་པར་མི་རྟོག་པའི་ཕྱིར་རོ། །ཆོས་དེ་ནི་རྣམ་པར་མི་རྟོག་པ་བརྗོད་དུ་མི་རུང་བས་བརྗོད་དུ་མེད་པ་སྟེ།
འདི་ལྟར་མིང་དང་གཟུགས་ནི་སྐྱེ་བ་མེད་པ་དང་། འགག་པ་མེད་པ་དང་ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པ་སྟེ་ཞེས་བྱ་བ་ནི་གཟུགས་མེད་པའི་ཆོས་རྣམས་དང་གཟུགས་ཀྱི་ཆོས་རྣམས་ཀྱི་ནང་ནས་མིང་ཞེས་བྱ་བ་དང་། གཟུགས་ཞེས་བྱ་བ་སྨོས་པ་ནི་ཀུན་
རྫོབ་ཀྱི་བདེན་པའི་ཚུལ་ལོ། །དོན་དམ་པར་དེ་བཞིན་ཉིད་དེ་ནི་ཡོངས་སུ་གྲུབ་པ་ཡིན་པའི་ཕྱིར་རྣམ་པར་མི་རྟོག་པའོ། །བརྗོད་དུ་མེད་པའི་ཕྱིར་བརྗོད་དུ་མི་རུང་བའོ། །འདུས་མ་བྱས་པའི་ཕྱིར་སྐྱེ་བ་མེད་པའོ། །སྐྱེ་བ་མེད་པའི་ཕྱིར་འགག་པ་མེད་པའོ། །རང་བཞིན་གྱིས་
དབེན་པའི་ཕྱིར་ཀུན་ནས་ཉོན་མོངས་པ་མེད་པའོ། །རང་བཞིན་གྱིས་ཡོངས་སུ་དག་པའི་ཕྱིར་རྣམ་པར་བྱང་བ་མེད་པའོ། །འདི་ནི་མཐའ་ལས་འདས་པ་སྟོང་པ་ཉིད་དང་། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་དོ་ཞེས་བྱ་བ་ནི་རྣམ་པར་མི་རྟོག་པ་ལ་སོགས་པ་དེ་དག་ཉིད་སྟོང་
པ་ཉིད་རྣམ་པ་གཉིས་སུ་བརྗོད་དོ་ཞེས་བསྟན་པའོ། །རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་གལ་ཏེ་ཀུན་རྫོབ་ཀྱི་བདེན་པ་ཉེ་བར་བཟུང་སྟེ་འབྲས་བུ་རྣམ་པར་དགོད་པ་མཆིས་ཀྱི་ཞེས་བྱ་བ་ལ་སོགས་པས་འདི་སྐད་ཞུས་ཏེ། གལ་ཏེ་ཡང་དག་པ་མ་ཡིན་པར་འབྲས་

བུ་རྣམ་པར་དགོད་པར་བྱ་ན། བྱིས་པ་སོ་སོའི་སྐྱེ་བོ་ལ་སོགས་པ་ཡང་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་སོགས་པར་ཅིའི་ཕྱིར་རྣམ་པར་མི་དགོད་ཅེས་བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱིས། རབ་འབྱོར་ཅི་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱིས་ཀུན་རྫོབ་ཀྱི་བདེན་
པའམ། དོན་དམ་པའི་བདེན་པ་ཤེས་སམ་ཞེས་བྱ་བ་ལ་སོགས་པས་འདི་སྐད་བཀའ་སྩལ་ཏེ། འབྲས་བུ་རྣམ་པར་དགོད་པ་མེད་དུ་ཟིན་ཀྱང་ཀུན་བརྟགས་པ་རྣམས་ཡོངས་སུ་ཤེས་པ་ཉིད་ཀྱི་ཕྱིར་ཀུན་བརྟགས་པའི་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་སོགས་པ་རྣམ་པར་དགོད་པ་
ཡོད་དོ། །བྱིས་པ་སོ་སོའི་སྐྱེ་བོ་རྣམས་ལ་ནི་དེ་ཡོངས་སུ་ཤེས་པ་མེད་དེ། དེའི་ཕྱིར་ལམ་སྒོམ་པ་ཡང་མེད་དོ། །དེ་བས་ན་དེ་དག་ལ་འབྲས་བུ་རྣམ་པར་དགོད་པ་ཡང་མི་བྱའོ། །འཕགས་པའི་གང་ཟག་རྣམས་ལ་ནི་ཡོངས་སུ་ཤེས་པ་ཡོད་པས་དེའི་ཕྱིར་དེ་དག་ཉིད་
ལ་ལམ་དང་ལམ་མ་ཡིན་པ་དང་། འབྲས་བུ་རྣམ་པར་དགོད་པར་བྱའོ། །གནས་བརྟན་རབ་འབྱོར་གྱིས། བཅོམ་ལྡན་འདས་ཅི་ལགས་ལམ་ལ་བསྒོམས་པས་འབྲས་བུ་འབྱུང་བར་འགྱུར་རམ་ཞེས་བྱ་བ་ལ་སོགས་པས་ཅི་ལམ་བསྒོམས་པའི་རྒྱུས་འབྲས་བུ་འབྱུང་བར་འགྱུར་
རམ། འབྲས་བུ་ཐོབ་པར་འགྱུར་རམ་ཞེས་དེ་སྐད་ཞུས་ཏེ། དེ་ལྟར་གྱུར་ན་དེ་ཡང་དོན་དམ་པ་ཉིད་དུ་འགྱུར་རོ་ཞེས་བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱིས། རབ་འབྱོར་དེ་ནི་མ་ཡིན་ཏེ། ལམ་བསྒོམས་པས་འབྲས་བུ་འབྱུང་བར་མི་འགྱུར། འབྲས་བུ་ཐོབ་པར་མི་འགྱུར་ཏེ་
ཞེས་བྱ་བ་ནི། ལམ་དང་འབྲས་བུ་གཉིས་ཀ་ཡང་ཀུན་བརྟགས་པ་ཡིན་པས་བསལ་བ་བཀའ་སྩལ་ཏོ། །རབ་འབྱོར་ལམ་མ་བསྒོམས་པས་ཀྱང་འབྲས་བུ་ཐོབ་པར་མི་འགྱུར་ཏེ་ཞེས་བྱ་བ་ནི་ཀུན་བརྟགས་པ་ཡིན་དུ་ཟིན་ཀྱང་ངེས་པ་བསྟན་པའོ། །ལམ་གྱིས་འབྲས་བུ་ཐོབ་
པར་བྱ་བ་ཡང་མེད་དོ། །ལམ་མ་ཡིན་པས་ཀྱང་ཐོབ་པར་མི་འགྱུར། ལམ་ལ་ཡོད་པའང་མ་ཡིན་ཞེས་བྱ་བ་ནི་ཆོས་ངེས་པར་གྱུར་པ་ཉིད་བསྟན་པའོ། །ཆོས་ཀྱི་དབྱིངས་ལ་ཆར་བཅད་པའི་ཚུལ་གྱིས་འབྲས་བུ་རྣམ་པར་དགོད་པ་ནི་མ་ཡིན་ནོ་ཞེས་བྱ་བ་ནི་ཆོས་ཀྱི་དབྱིངས་ལ་དེ་

ལྟར་ཆ་ཤས་སུ་བཅད་དེ་རྣམ་པར་དགོད་པ་དོན་དམ་པར་མེད་དོ་ཞེས་བྱ་བའི་ཐ་ཚིག་གོ། །བཅོམ་ལྡན་འདས་གལ་ཏེ་འདུས་བྱས་དང་། འདུས་མ་བྱས་ཀྱི་ཁམས་དག་ལ་ཆར་བཅད་པ་མ་མཆིས་ན་ཞེས་བྱ་བ་ལ་སོགས་པས་གནས་བརྟན་གྱིས་འདི་སྐད་ཞུས་ཏེ། ཅིའི་ཕྱིར་
སྤོང་བ་དང་། ལམ་དང་། འབྲས་བུ་དག་རིས་སུ་བཅད་དེ། རྣམ་པར་དགོད་པར་བྱས་ཞེས་བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱིས། རབ་འབྱོར་ཅི་རྒྱུན་དུ་ཞུགས་པའི་འབྲས་བུ་འམ་ཞེས་བྱ་བ་ལ་སོགས་པས་འདི་སྐད་བཀའ་སྩལ་ཏེ། དེ་དག་ལ་ནི་དོན་དམ་པར་ཡོངས་སུ་ཤེས་
པ་དང་། རབ་ཏུ་རྟོགས་པའི་རིམ་པ་མེད་པ་ཉིད་དེ། འདི་ལྟར་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་སོགས་པ་དེ་དག་ནི་འདུས་མ་བྱས་པ་སྟེ། དེ་དག་ལ་རིམ་པར་དབྱེ་བ་ཉིད་མེད་དོ། །དེ་བས་ན་དེ་དག་ཐམས་ཅད་སྟོང་པ་ཉིད་དུ་རབ་ཏུ་རྟོགས་པ་ན་ཆར་བཅད་པ་མེད་དོ། །བཅོམ་
ལྡན་འདས་ཇི་ལྟར་ན་ཆོས་རྣམས་ཀྱི་ཆོས་ཀྱི་མཚན་ཉིད་རབ་ཏུ་རྟོགས་པ་ལགས་ཞེས་བྱ་བ་ནི་གལ་ཏེ་དོན་དམ་པར་ཆར་བཅད་པ་དེ་རབ་ཏུ་རྟོགས་པ་མེད་ན་ཞེས་བྱ་བའི་ཐ་ཚིག་གོ། །བཅོམ་ལྡན་འདས་སྤྲུལ་པའི་ལམ་སྒོམ་པ་ཇི་ལྟ་བུ་ལགས་ཞེས་བྱ་བ་ནི་སྤྲུལ་པ་དཔེར་བསྟན་པ་
ཞུས་པའོ། །རབ་འབྱོར་ལམ་བསྒོམས་པ་གང་ལ་བརྟེན་ནས་ཞེས་བྱ་བ་ལ་སོགས་པས་སྤྲུལ་པའི་དཔེ་ཉིད་སྒྲུབ་པོ། །བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཆོས་ཐམས་ཅད་དངོས་པོ་མ་མཆིས་པར་རབ་ཏུ་རྟོགས་པར་འགྱུར་ཞེས་བྱ་
བ་ནི་མེད་པ་ལ་ཇི་ལྟར་རབ་ཏུ་རྟོགས་ཏེ། རི་བོང་གི་རྭ་ལ་སོགས་པ་རབ་ཏུ་རྟོགས་པར་མི་འགྲུབ་པོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་བཞིན་གཤེགས་པའི་སྤྲུལ་པ་དངོས་པོ་འགའ་ཞིག་ལ་བརྟེན་ཏེ། ཀུན་ནས་ཉོན་མོངས་པར་འགྱུར་བའམ། རྣམ་པར་བྱང་བར་འགྱུར་བའི་
དངོས་པོ་གང་ཡང་དམིགས་སུ་ཡོད་དམ་ཞེས་བྱ་བ་འདིས་དེ་བཞིན་གཤེགས་པ་ལ་ཀུན་ནས་ཉོན་མོངས་པ་མེད་ཅིང་རྣམ་པར་བྱང་བ་མེད་པས་འགྲོ་བ་དང་ཐར་པ་མཚུངས་པའི་ཕྱིར་རབ་ཏུ་རྟོགས་པ་ཡང་མེད་དེ། མེད་པ་ཉིད་དུ་གཞག་པ་ཙམ་དུ་ཟད་པའི་ཕྱིར་ཅི་ཡང་མ་ཡིན་ནོ་ཞེས་

བསྟན་ཏོ། །བཅོམ་ལྡན་འདས་གང་གིས་སེམས་ཅན་རྣམས་འཁོར་བ་ལས་ཐར་བར་བགྱི་བའི་འགྲོ་བ་ལྔའི་འཁོར་བ་ཡང་མ་མཆིས་ལགས་ན་ཇི་ལྟར་བྱང་ཆུབ་སེམས་དཔའི་སྐྱེས་བུའི་མཐར་འགྱུར་ཞེས་བྱ་བ་ནི་འཁོར་བ་རང་བཞིན་གྱིས་ཡང་དག་པར་ཡོད་པ་
མ་ཡིན་པའི་ཕྱིར་ངོ་བོ་ཉིད་ཀྱིས་གྲོལ་བའོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ནས་བཅོམ་ལྡན་འདས་ཀྱིས། རབ་འབྱོར་དེ་ཇི་སྙམ་དུ་སེམས་ཞེས་བྱ་བ་ལ་སོགས་པས་འདི་སྐད་བཀའ་སྩལ་ཏེ་བྱང་ཆུབ་སེམས་དཔའ་ནི་སེམས་ཅན་ནམ་འཁོར་བ་མི་མཐོང་ངོ་། །རྨི་ལམ་ལ་སོགས་
པའི་དཔེ་དེ་དག་གིས་སྔོན་མཐོང་མོད་ཀྱི། འོན་ཀྱང་དེ་དག་མེད་པར་སེམས་ཅན་རྣམས་ཀྱིས་མི་ཤེས་ཏེ། དེ་བས་ན་དེ་དག་ཤེས་པར་བྱེད་པ་ནི་དེའི་སྐྱེས་བུའི་མཐུ་ཡིན་ནོ་ཞེས་བསྟན་ཏེ། དེ་ཉིད་རབ་འབྱོར་གལ་ཏེ། སེམས་ཅན་རྣམས་རང་རང་གིས་ཆོས་ཐམས་ཅད་
རྨི་ལམ་ལྟ་བུ་ནས། སྤྲུལ་པ་ལྟ་བུའི་བར་དུ་ཤེས་སུ་ཟིན་ན་ནི་ཞེས་བྱ་བ་ལ་སོགས་པས་སྟོན་ཏོ། །ཆོས་ཐམས་ཅད་ཀྱི་རང་བཞིན་ནི་མིང་སྟེ་གཞོལ་བའི་ཕྱིར་རོ་ཞེས་བྱ་བ་ནི་ཀུན་བརྟགས་པའི་ཆོས་ཐམས་ཅད་ཀུན་བརྟགས་པའི་རང་བཞིན་ལ་མིང་ཞེས་བྱ་སྟེ། འདི་ལྟར་
སེམས་ཅན་རྣམས་ཀྱི་བློ་དེ་ལ། དེ་བཞིན་དུ་གཞོལ་བའམ། བློ་ལ་རང་བཞིན་དེ་གཞོལ་བའོ། །མཚན་མ་མེད་པ་ཡང་གཞན་ལ། ཉན་ཐོས་ཀྱི་ཆོས་རྣམས་ཀྱང་གཞན་ནམ་ཞེས་བྱ་བ་ལ་སོགས་པས་བཅོམ་ལྡན་འདས་ཀྱིས་འདི་སྐད་དུ། གལ་ཏེ་ཆོས་ཐམས་
ཅད་མཚན་མ་མེད་པ་ཡིན་ལ། ཉན་ཐོས་ཀྱི་ཆོས་ལ་སོགས་པ་མཚན་མ་དང་བཅས་པར་རྣམ་པར་བཀོད་པར་གྱུར་ན། དེ་ལྟ་ན་ནི་སྐྱོན་དུ་ཡང་འགྱུར་ན། འདི་ལྟར་དེ་དག་ཐམས་ཅད་ནི་མཚན་མ་མེད་པ་སྟེ། དེའི་ཕྱིར་ཉེས་པ་མེད་དོ་ཞེས་སྟོན་ཏོ། །དེས་ཆོས་ཀྱི་དབྱིངས་
རྣམ་པར་དཀྲུགས་པར་མི་འགྱུར་ལགས་སམ་ཞེས་བྱ་བ་ནི་མཚན་ཉིད་མེད་པ་རྣམས་ལ། མཚན་ཉིད་དུ་རྟོགས་ན། དེ་བཞིན་ཉིད་ཀྱི་བདག་ཉིད་ཅན་ལ་སོ་སོར་ཐ་དད་དུ་འཛིན་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ། །རབ་འབྱོར་གལ་ཏེ། ཆོས་ཀྱི་དབྱིངས་སུ་མ་གཏོགས་

པའི་ཆོས་འགའ་ཞིག་ཡོད་ན་ནི་རྣམ་པར་དཀྲུགས་པར་ཡང་འགྱུར་ན་ཞེས་བྱ་བ་ལ་སོགས་པས། བཅོམ་ལྡན་འདས་ཀྱིས་འདི་སྐད་དུ། དེ་ལྟར་རྟོག་ཏུ་ཟིན་ཀྱང་ཕྱིས་ཤེས་རབ་ཀྱིས་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་དུ་ཆོས་ཐམས་ཅད་ཐ་དད་པ་མེད་པར་རབ་ཏུ་རྟོག་སྟེ། དེ་བས་ན་རྣམ་པར་དཀྲུགས་
པར་མི་འགྱུར་རོ་ཞེས་བསྟན་ཏོ། །རབ་འབྱོར་གཟུགས་ཀྱི་ཁམས་ནི་ཆོས་ཀྱི་དབྱིངས་སོ་ཞེས་བྱ་བ་ནི་གཟུགས་ཀྱི་དེ་བཞིན་ཉིད་དོ། །ཅི་གཟུགས་ལ་བསླབ་པར་བགྱི་འམ་ཞེས་བྱ་བ་ནི་ཆོས་ཐམས་ཅད་ཆོས་ཀྱི་དབྱིངས་ཙམ་དུ་ཟད་ནས། གཟུགས་ལ་སོགས་པའི་ཆོས་རྣམས་
ཤིན་ཏུ་མེད་པས། དེ་ལ་སློབ་ན་ཕྱིན་ཅི་ལོག་དང་མཚུངས་པར་འགྱུར་རོ་ཞེས་ཞུས་པའོ། །ཆོས་ཐམས་ཅད་ཀྱི་ཆོས་ཀྱི་དབྱིངས་སུ་ཡང་དག་པ་ཇི་ལྟ་བ་ཉིད་དུ་རབ་ཏུ་ཤེས་ཞེས་བྱ་བ་ལ་སོགས་པས་འདི་སྐད་དུ། གཟུགས་ལ་སོགས་པའི་ཆོས་རྣམས་ཀྱང་ཆོས་ཀྱི་དབྱིངས་
ཙམ་དུ་ཡང་དག་པར་རྗེས་སུ་མཐོང་གི་གཞན་དུ་ནི་མ་ཡིན་ནོ། །སེམས་ཅན་རྣམས་ལ་རྣམ་པ་གཞན་དུ་འཛིན་དུ་གཞུག་མི་ནུས་པའི་ཕྱིར་གཟུགས་ལ་སོགས་པ་ལ་མཚན་མ་མེད་པར་བཏགས་ཏེ། ཐབས་མཁས་པས་ཆོས་ཀྱི་དབྱིངས་ཉིད་བསྟན་ཏོ། །རབ་འབྱོར་གལ་ཏེ་
ཆོས་ཀྱི་དབྱིངས་སྔོན་ཇི་ལྟ་བར་ཕྱིས་ཀྱང་དེ་བཞིན་མ་ཡིན་ལ། བར་དུ་ཡང་དེ་བཞིན་མ་ཡིན་དུ་ཟིན་ན་ནི་ཞེས་བྱ་བ་ལ་སོགས་པས་འདི་སྐད་ཅེས་བསྟན་ཏེ། འདི་ལ་ཆོས་ཀྱི་དབྱིངས་སྔོན་གྱི་བྱིས་པ་སོ་སོའི་སྐྱེ་བོའི་དུས་ན་ནི་མ་དག་པ་ཡིན། བར་དུ་བྱང་ཆུབ་སེམས་དཔའི་དུས་ན་ནི་དག་
པ་དང་མ་དག་པ་ཡིན། ཕྱིས་ཐ་མར་ནི་ཤིན་ཏུ་རྣམ་པར་དག་པ་ཡིན་ཏེ། དེ་ལ་དེ་ཙམ་དུ་ཟད་ཀྱི། དེས་དེ་ལ་བྱེ་བྲག་ཡོད་པར་ཤེས་པར་མི་བྱ་སྟེ། ངོ་བོ་ཉིད་ཀྱིས་དུས་ཐམས་ཅད་དུ་ཤིན་ཏུ་རྣམ་པར་དག་པའི་ངོ་བོ་ཉིད་དུ་རྣམ་པར་དག་པ་ཉིད་དོ་ཞེས་བསྟན་པའོ། །རབ་འབྱོར་
ཡང་དག་པའི་མཐའ་ཚད་མར་བྱས་ནས་ཞེས་བྱ་བས་ནི་འདི་སྐད་དུ། བྱང་ཆུབ་སེམས་དཔའ་ནི་སེམས་ཅན་རྣམས་ཀྱི་དོན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་ཀྱི། ཡང་དག་པའི་མཐའི་དོན་དུ་སྤྱོད་དོ། །འདི་ལྟར་ཡོད་པ་མ་ཡིན་པས་མེད་པའི་སེམས་ཅན་ཡོངས་སུ་

བཏང་ནས། ཡང་དག་པའི་མཐའི་ངོ་བོ་ཉིད་ལ་རབ་ཏུ་དགོད་དེ། སེམས་ཅན་གྱི་མཐའ་ཉིད་ཡང་དག་པའི་མཐར་བྱེད་དོ་ཞེས་སྟོན་ཏོ། །བཅོམ་ལྡན་འདས་གལ་ཏེ་ཡང་དག་པའི་མཐའ་ཉིད་སེམས་ཅན་གྱི་མཐའ་ལགས་ན་ཞེས་བྱ་བ་འདིས་ནི་འདི་སྐད་དུ། གལ་ཏེ་
ཡང་དག་པའི་མཐའ་མ་གཏོགས་པར་སེམས་ཅན་གྱི་མཐའ་ཞེས་བྱ་བ་མེད་ན། འོ་ན་སེམས་ཅན་རྣམས་དང་། ཡང་དག་པའི་མཐའ་གཅིག་པའི་ཕྱིར། གང་འདི་སྐད་དུ་སེམས་ཅན་རྣམས་ཡང་དག་པའི་མཐའ་ལ་དགོད་དོ་ཞེས་བྱ་བ་དེ་ནི་མི་རིགས་ཏེ། དེ་ཉིད་དེ་ལ་འགོད་ན་ནི་ཡང་
དག་པའི་མཐའ་ལ་ཡང་དག་པའི་མཐའ་རབ་ཏུ་འཇོག་གོ་ཞེས་བྱ་བར་འགྱུར་ཏེ། དེ་ཡང་མི་རིགས་སོ་ཞེས་ཞུས་པ་དང་། ཐབས་མཁས་པས་སེམས་ཅན་གྱི་མཐའ་ཡང་དག་པའི་མཐའ་ལ་འགོད་དེ། ཡང་དག་པའི་མཐའ་རྣམ་པར་འཁྲུག་པར་ཡང་མི་བྱེད་དོ་ཞེས་བཅོམ་ལྡན་
འདས་ཀྱིས་བཀའ་སྩལ་ཏེ། ངོ་བོ་ཉིད་ནི་ངོ་བོ་ཉིད་ལ་རབ་ཏུ་མི་འཇོག་གི་ཀུན་བརྟགས་པའི་སེམས་ཅན་གྱི་མཐའ་དང་། ཀུན་བརྟགས་པའི་སེམས་ཅན་གྱི་དངོས་པོ་བསྩལ་ནས། ཤིན་ཏུ་ཡོངས་སུ་དག་པ་དེ་བཞིན་ཉིད་ཀྱི་ངོ་བོ་ཉིད་ལ་ཐབས་མཁས་པས་འགོད་པ་ལ། ཡང་དག་
པའི་མཐའ་ལ་རབ་ཏུ་འགོད་པ་ཞེས་བྱ་སྟེ། དེ་བས་ན་སེམས་ཅན་གྱི་མཐའ་དང་། ཡང་དག་པའི་མཐའ་ནི་ཐ་མི་དད་ཅིང་གཅིག་སྟེ། གཉིས་སུ་མེད་ཅེས་བྱ་བའི་ཐ་ཚིག་གོ། །དེའི་འོག་ཏུ་དེ་ལྟ་བུའི་ཐབས་མཁས་པ་གང་ལགས་ཞེས་ཞུས་པ་དང་། ཆོས་ཐམས་ཅད་ཡང་
དག་པའི་མཐའ་ཡིན་པར་ཡོངས་སུ་བསྔོས་ནས། ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བྱེད་པ་ནི་ཐབས་མཁས་པ་ཡིན་པར། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ་ཞེས་བྱ་བ་ལ་སོགས་པས་སྟོན་
ཏོ། །ཕ་རོལ་ཏུ་ཕྱིན་པ་ལ་གདམས་པ་དེ་ཡང་གོ་སླའོ། །བཅོམ་ལྡན་འདས་གལ་ཏེ་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པ་ལགས་ན། རང་བཞིན་གྱིས་སྟོང་པ་ཉིད་ལ་ནི་སེམས་ཅན་ཡང་མི་དམིགས་ཆོས་དང་ལམ་ཡང་མི་དམིགས་ན་ཞེས་བྱ་བ་ལ་སོགས་པས་འདི་སྐད་དུ།

ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པ་ཡིན་ན་སེམས་ཅན་དང་། ཆོས་དང་། ལམ་རྣམས་མེད་པར་ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་དང་། སངས་རྒྱས་ཀྱི་ཆོས་ཡོངས་སུ་སྨིན་པར་བྱ་བ་བྱས་ནས་ལམ་གྱི་རྣམ་པ་ཤེས་པ་ཉིད་བསྒོམས་ཏེ། རྣམ་པ་
ཐམས་ཅད་མཁྱེན་པ་ཉིད་ལ་གནས་པར་བྱེད་ཅེས་ཞུས་པའོ། །དེ་ནས་བཅོམ་ལྡན་འདས་ཀྱིས། རབ་འབྱོར་གལ་ཏེ་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པ་མ་ཡིན་ན་ཞེས་བྱ་བ་ལ་སོགས་པས་འདི་སྐད་དུ། གལ་ཏེ་ཆོས་སམ། ལམ་དག་སོ་སོ་ན་ཡོད་ན་ནི་འགའ་ཞིག་དམིགས་
པར་འགྱུར་བའི་རིགས་ཏེ། དེ་ལྟ་ན་ནི་དེ་བཞིན་དུ་སེམས་ཅན་དང་། སྲོག་ལ་སོགས་པ་ཐམས་ཅད་ཀྱང་ཡོད་པར་འགྱུར་ཏེ། དེའི་ཕྱིར་བྱང་ཆུབ་སེམས་དཔའ་སྟོང་པ་ཉིད་ལ་གནས་པས་སངས་རྒྱས་སུ་ཡང་མི་འགྱུར་ལ། གཟུགས་ལ་སོགས་པའི་ཆོས་ཐམས་ཅད་སྟོང་པ་ཉིད་
དུ་བཤད་པར་ཡང་མི་འགྱུར་བ་ཞིག་ན། འདི་ལྟར་རང་བཞིན་སྟོང་པ་ཉིད་ལ་ནི་ཆོས་སམ། ལམ་དག་མེད་དེ། དེའི་ཕྱིར་སྟོང་པ་ཉིད་དེ་གྲུབ་པར་འགྱུར་ཏེ། དེ་བས་ན་སྟོང་པ་ཉིད་དེ་ལ་གནས་ནས་སངས་རྒྱས་སུ་ཡང་འགྱུར་ལ། སྟོང་པ་ཉིད་ཆོས་བཤད་པར་ཡང་འགྱུར་ཏེ། དེ་བས་
ན་རང་བཞིན་སྟོང་པ་ཉིད་ཀྱི་དབང་གིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་འཇུག་པ་གྲུབ་པོ་ཞེས་སྟོན་ཏོ། །དེ་སྐད་བཀའ་སྩལ་ནས་ཡང་གཟུགས་ལ་སོགས་པའི་ཆོས་རྣམས་ཉི་ཚེ་སྟོང་པར་མ་ཟད་ཀྱི། ནང་སྟོང་པ་ཉིད་ལ་སོགས་པ་སྟོང་པ་ཉིད་བཅུ་དྲུག་པོ་དག་ཀྱང་རང་བཞིན་སྟོང་
པ་ཉིད་ཡིན་པར། རབ་འབྱོར་གལ་ཏེ་ནང་སྟོང་པ་ཉིད་རང་བཞིན་གྱིས་སྟོང་པ་ཉིད་མ་ཡིན་ན་ནི་ཞེས་བྱ་བ་ལ་སོགས་པས་སྟོན་ཏེ། གལ་ཏེ་ནང་སྟོང་པ་ཉིད་ལ་སོགས་པ་ཡང་། རང་བཞིན་གྱིས་སྟོང་པ་མ་ཡིན་དུ་ཟིན་ན། ཆོས་ཐམས་ཅད་སྟོང་པ་ཉིད་དུ་བཤད་པ་མི་འགྲུབ་པོ། །
རང་བཞིན་སྟོང་པ་ཉིད་ཀྱང་བཤིག་པར་འགྱུར་ན་ཞེས་བྱ་བ་ནི་ནང་སྟོང་པ་ཉིད་ལ་སོགས་པ་རང་བཞིན་གྱིས་སྟོང་པ་མ་ཡིན་དུ་ཟིན་ན་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པ་ཉིད་ཅེས་བྱ་བ་ལས་ཀྱང་ཉམས་པར་འགྱུར་ཏེ། ཞིག་པར་འགྱུར་ཞེས་བྱ་བའི་ཐ་ཚིག་གོ། །དེའི་འོག་ཏུ་སྟོང་

པ་ཉིད་ཆོས་གནས་པའི་མཚན་ཉིད་ཡིན་པར་རང་བཞིན་སྟོང་པ་ཉིད་ནི་འཇིག་པར་མི་འགྱུར་ཐེར་ཟུག་ཏུ་གནས་པ་ཡང་མ་ཡིན་ཏེ། ཕྱིས་མེད་པར་འགྱུར་བ་ཡང་མ་ཡིན་ནོ་ཞེས་བྱ་བས་སྟོན་ཏོ། །ཆོས་གནས་པའི་མཚན་ཉིད་འདི་ཡང་རྣམ་པ་བཞིས་བསྟན་
ཏེ། རྣམ་པར་འཇིག་པ་ལ་སོགས་པ་མེད་པ་དང་འཕེལ་བ་དང་འགྲིབ་པ་ལ་སོགས་པ་མེད་པ་དང་། གནས་དང་ཡང་དག་པར་འཇུག་པ་མེད་པ་དང་། སྒྲིབ་པ་མེད་པའོ། །དེ་ལ་འགྲེས་དང་པོ་ནི་འདུས་མ་བྱས་པའི་ཕྱིར་རྣམ་པར་འཇིག་པར་མི་འགྱུར་བའོ། །དངོས་པོ་མེད་པའི་
བདག་ཉིད་ཡིན་པས་ཐེར་ཟུག་ཏུ་གནས་པ་མ་ཡིན་པའོ། །འགྲོ་བ་ལས་རྣམ་པར་གྲོལ་བའི་ཕྱིར་མེད་པར་མི་འགྱུར་བའོ། །དེ་ནས་ཡང་གསུམ་པོ་དེ་དག་ཉིད་ཞིབ་ཏུ་སྟོན་ཏོ། །ཡུལ་ན་ནི་གནས་ཞེས་བྱ་བས་ནི་འདུས་མ་བྱས་ཉིད་དུ་བསྟན་ཏོ། །འདུས་བྱས་ནི་ཡུལ་ན་
གནས་པའི་ཕྱིར་རོ། །ཕྱོགས་ན་མི་གནས་པ་ནི་དངོས་པོ་མེད་པས་ཁྱབ་པའི་ཕྱིར་རོ། །གང་ནས་ཀྱང་འོང་བ་མ་ཡིན། གང་དུ་ཡང་འགྲོ་བ་མ་ཡིན་པ་ནི་འགྲོ་བ་ལས་རྣམ་པར་གྲོལ་བའི་ཕྱིར་རོ། །འཕེལ་བ་ལ་སོགས་པ་མེད་པའི་འགྲེས་ནི་སྔ་མ་བཞིན་ནོ། །ཆོས་ཐམས་
ཅད་གནས་པ་མེད་པ་ཞེས་བྱ་བ་ནི་མི་གནས་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །འཇུག་པ་མེད་པ་ནི་ངེས་པར་འབྱུང་བ་མེད་པའི་ཕྱིར་རོ། །དེ་དག་གིས་ནི་ཆོས་འདི་དག་ལས་གང་ལ་གནས་ཏེ། བྱང་ཆུབ་སེམས་དཔའ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་
པར་འཇུག་ཅེས་གང་སྨྲས་པ་དེ་ལ་གནས་ཏེ་ཞེས་བྱ་བ་དང་། འཇུག་པ་ཞེས་བྱ་བ་འདིས་གཉིས་ཉེ་བར་བརྟགས་པ་སྟོན་ཏོ། །དེས་ཆོས་གང་ལ་སྒྲིབ་པ་ཡང་ཡང་དག་པར་རྗེས་སུ་མི་མཐོང་སྟེ་ཞེས་བྱ་བ་ནི་སྟོང་པ་ཉིད་ལ་ཆགས་པའོ། །དེས་ཆོས་ཐམས་ཅད་སྒྲིབ་པ་མེད་པར་ཡང་
དག་པར་རྗེས་སུ་མཐོང་ངོ་ཞེས་བྱ་བ་ནི་ཆོས་ཐམས་ཅད་སྟོང་པར་མཐོང་ཞེས་བྱ་བའི་ཐ་ཚིག་གོ། །དེའི་འོག་ཏུ་གང་ལ་བདག་མི་དམིགས་པ་ཞེས་བྱ་བ་ལ་སོགས་པས་རང་བཞིན་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་སྟོན་ཏེ། དེ་ལ་འདི་ནི་རང་བཞིན་སྟོང་པ་ཉིད་དོ། །རང་བཞིན་སྟོང་པ་ཉིད་ཅེས་བྱ་བ་ནི་

གང་ཟག་ལ་བདག་མེད་པ་དང་། ཆོས་ལ་བདག་མེད་པ་ཡང་བསྟན་ཏེ། བདག་མེད་པ་དེ་གཉིས་ཀྱང་དེ་བཞིན་གཤེགས་པས་སྤྲུལ་པའི་དགེ་སློང་དང་། དགེ་སློང་མའི་དཔེས་བསྒྲུབ་པའོ། །ཕྱིན་ཅི་ལོག་གང་ཡིན་པ་དེ་ཉིད་ཕྱིན་ཅི་ལོག་མ་ཡིན་པ་ཞེས་བྱ་བ་ནི་གནས་དེ་ཉིད་སྔོན་ཀུན་
བརྟགས་པའི་གནས་སྐབས་ན་ནི་ཕྱིན་ཅི་ལོག་ཅེས་བྱའོ། །ཡོངས་སུ་དག་པའི་གནས་སྐབས་ན་ནི་ཕྱིན་ཅི་མ་ལོག་པའོ། །རྟོག་པའི་རྒྱུ་མཐུན་པའི་ཕྱིར་ཞེས་བྱ་བ་ནི་ཀུན་རྟོག་པའི་འབྲས་བུ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ཡང་དེ་ལ་དོན་དམ་པ་ཇི་ལྟ་བ་བཞིན་དུ་ནི་མ་ཡིན་ཞེས་བྱ་བ་
ནི་དྲན་པ་ཉེ་བར་གཞག་པ་ལ་སོགས་པ་ཡང་ཀུན་བརྟགས་པ་ཡིན་གྱི། དོན་དམ་པ་ནི་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་སྟེ། རང་བཞིན་སྟོང་པ་ཉིད་དེ་ཡང་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ། །རང་བཞིན་སྟོང་པ་ཉིད་དེ་ཡང་སྔོན་གྱི་མཐར་ཡང་རང་བཞིན་སྟོང་པ་ཉིད་ཅེས་བྱ་བ་ལ་སོགས་
པས་དུས་གསུམ་ཅར་དུ་ཡང་སྟོང་པ་ཉིད་ཡིན་ནོ་ཞེས་སྟོན་ཏོ། །འདི་ལྟར་རང་བཞིན་སྟོང་པ་ཉིད་ཀྱི་ཆོས་རྣམས་ལ་ཡང་སྤྱོད་ཅིང་རང་བཞིན་སྟོང་པ་ཉིད་དེ་ཡང་རྣམ་པར་འཁྲུག་པར་མི་བགྱིད་པ་དེ་ངོ་མཚར་ཏོ་ཞེས་བྱ་བ་ནི་ཡོད་པ་མ་ཡིན་པའི་ཆོས་རྣམས་ལ་སྤྱོད་ན། སྟོང་པ་ཉིད་
རྣམ་པར་འཁྲུག་པར་འགྱུར་བར་དགོངས་པའོ། །དེ་བས་ན་གཟུགས་ཀྱང་གཞན་མ་ཡིན་རང་བཞིན་སྟོང་པ་ཉིད་ཀྱང་གཞན་མ་ཡིན་ནོ་ཞེས་བྱ་བ་གསོལ་ཏེ་འདི་ལྟར་བྱང་ཆུབ་སེམས་དཔའ་གཟུགས་ལ་སོགས་པའི་ཆོས་རྣམས་ལ་སྤྱོད་པ་ན་གཟུགས་ལ་སོགས་པ་དེ་དག་གཞན་
ལ་རང་བཞིན་སྟོང་པ་ཉིད་ཀྱང་གཞན་ནོ་ཞེས་བྱ་བ་མེད་ཀྱི། གཟུགས་ལ་སོགས་པ་དེ་དག་ཉིད་སྟོང་པ་ཉིད་དུ་མཐོང་བ་དེ་ངོ་མཚར་ཏོ་ཞེས་བྱའོ། །གཟུགས་ཉིད་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཞེས་བྱ་བ་ནི་རྣམ་པ་ཐམས་ཅད་
མཁྱེན་པ་ཉིད་ཀྱི་དུས་ན་གཟུགས་ལ་སོགས་པའི་ཆོས་རྣམས་མངོན་པར་རྫོགས་པར་རྟོགས་ཞེས་བྱ་བའི་ཐ་ཚིག་གོ། །དེ་དག་ལ་ཐ་དད་པ་མེད་པའི་ཕྱིར་རོ། །གཞན་དུ་ན་ལྷ་དང་བཅས། བདུད་དང་བཅས། ཚངས་པ་དང་བཅས་པའི་འཇིག་རྟེན་ཞེས་བྱ་བ་ལ། གཞན་དུ་ན་ཞེས་

བྱ་བ་ནི་གཅིག་ཁོ་ནར་ཏེ་ཞེས་བྱ་བ་སྟེ། འཇིག་རྟེན་པ་རྣམས་གཅིག་ཁོ་ནར་ཡང་དག་པ་ཇི་ལྟ་བ་བཞིན་དུ་མི་ཤེས་ཏེ། མི་ཤེས་པས། དེ་ལ་མངོན་པར་ཞེན་ནས་ལས་བསགས་ཏེ། གཟུགས་ལ་སོགས་པའི་རྣམ་པར་སྨིན་པ་ཡོངས་སུ་འཛིན་ཅིང་ཉེ་བར་ལེན་ཏོ། །
ཉེ་བར་ལེན་པའི་རྒྱུས་ཀྱང་སྲིད་པར་འགྱུར་ཏེ། སྡུག་བསྔལ་ལས་ཡོངས་སུ་མི་འགྲོལ་ལོ་ཞེས་བྱ་བའི་ཐ་ཚིག་གོ། །རང་བཞིན་སྟོང་པ་ཉིད་ནི་སྟོང་པའམ་མི་སྟོང་པ་ཞེས་བྱ་བར་གཟུགས་རྣམ་པར་འཁྲུག་པར་མི་བྱེད་དོ་ཞེས་བྱ་བ་ནི་གཉིས་སུ་འདུ་ཤེས་པས་གཟུགས་སྟོང་པ་ཉིད་
རྣམ་པར་འཁྲུག་པར་མི་བྱེད་དོ་ཞེས་བྱ་བ་སྟེ། གཉིས་སུ་མེད་པའི་ཕྱིར་རོ། །དེ་དག་ལ་གང་འདི་ལྟར་འདི་ནི་གཟུགས་སོ། །འདི་ནི་སྟོང་པའོ་ཞེས་རྣམ་པར་འཁྲུག་པར་བྱེད་པ་དེ་ལྟ་བུའི་རང་བཞིན་མེད་དོ་ཞེས་བྱ་བ་ནི། དངོས་པོའི་བདག་ཉིད་ཀྱི་ངོ་བོ་ཉིད་མེད་པའོ། །བྱང་
ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཉིས་སུ་དབྱེ་བས་བྱང་ཆུབ་དང་གཟུགས་ལ་མི་སྤྱོད་དོ་ཞེས་བྱ་བ་ནི་བྱང་ཆུབ་ལ་གཉིས་སུ་བྱས་ནས་གཟུགས་ལ་མི་སྤྱོད་དེ། བྱང་ཆུབ་སེམས་དཔའ་བྱང་ཆུབ་ལ་སྤྱོད་ཅེས་བྱ་བར་བྱང་ཆུབ་སེམས་དཔའ་དང་། བྱང་ཆུབ་ཀྱང་གཉིས་སུ་
བྱས་ནས་གཟུགས་ལ་མི་སྤྱོད་དོ་ཞེས་བྱ་བའི་ཐ་ཚིག་གོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་བདག་བྱང་ཆུབ་དང་གཟུགས་ལ་སྤྱོད་དོ་སྙམ་དུ་མི་སེམས་སོ་ཞེས་བྱ་བ་ནི་བདག་བྱང་ཆུབ་ལ་སྤྱོད་དོ་སྙམ་ནས་གཉིས་སུ་བྱས་ཏེ་གཟུགས་ལ་མི་སྤྱོད་པའོ། །འཛིན་པ་
ལ་སྤྱོད་ཅེས་བྱ་བ་ནི་མཚན་མ་ལ་སྤྱོད་པའོ། །གཟུགས་ཀྱི་རང་བཞིན་ལ་གནས་ཏེ་ཞེས་བྱ་བ་ནི་གཟུགས་ཀྱི་སྟོང་པ་ཉིད་ལ་གནས་པའོ། །དེ་ཡང་འཇིག་རྟེན་གྱི་ཐ་སྙད་དུ་བཏགས་པ་ཉེ་བར་བཟུང་ནས་ཞེས་བྱ་བ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱང་དོན་དམ་པར་མེད་དོ་ཞེས་
བསྟན་པའོ། །ཆོས་དེ་དག་ཉིད་ལ་སྤྱོད་ཅེས་བྱ་བ་ནི་སྦྱིན་པ་དང་། སྦྱིན་བདག་ལ་སོགས་པ་མི་དམིགས་སུ་ཟིན་ཀྱང་སྦྱིན་པ་ལ་སོགས་པ་དེ་དག་ཉིད་ལ་སྤྱོད་དོ་ཞེས་བྱ་བའི་ཐ་ཚིག་གོ། །བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་

རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། བྱང་ཆུབ་ཀྱི་ལམ་ལ་བརྩོན་པར་བགྱིད་པ་ལགས་ཞེས་བྱ་བ་ནི་གལ་ཏེ་བྱང་ཆུབ་ཀྱི་ལམ་ཐམས་ཅད་ཡོད་པ་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །གཟུགས་མི་སྦྱོར་མི་འབྱེད་དེ་ཞེས་བྱ་བ་ནི་གཟུགས་ལ་སོགས་པ་མེད་པའི་ཕྱིར་རོ། །ཤེས་རབ་ཀྱི་ཕ་རོལ་ཏུ་
ཕྱིན་པ་ཇི་ལྟར་མངོན་པར་འགྲུབ་པར་འགྱུར་ཞེས་བྱ་བ་ནི་དེ་མེད་པའི་ཕྱིར་རོ། །ཐབས་མཁས་པ་བཤད་པ་དང་། གཟུང་དུ་མེད་པའི་ཕ་རོལ་ཏུ་ཕྱིན་པ་བཤད་པ་དག་ནི་གོ་སླའོ། །ཇི་ལྟར་བྱིས་པ་སོ་སོའི་སྐྱེ་བོ་མངོན་པར་ཞེན་པར་གྱུར་པ་ལྟ་བུའི་དངོས་པོ་ཡོད་པར་གྱུར་ཏམ། ཡོད་པར་
འགྱུར་རམ་ཞེས་སྨོས་པ་ནི་དུས་གསུམ་ཅར་གྱི་སྨོས་པའོ། །གལ་ཏེ་སྔོན་དངོས་པོ་ཡོད་པར་གྱུར་ལ་ཞེས་བྱ་བ་ནི་སྔོན་ནི་དེ་དག་ཐམས་ཅད་ཡོད་པར་བཟུང་ལ། ཕྱིས་མེད་པར་བཟུང་ན་ནི་ཉེས་པར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་
སེམས་དཔའ་ཆེན་པོའི་ལམ་གང་ལགས་ཞེས་བྱ་བ་ནི་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་དང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བས་བསྡུས་པའི་ལམ་ཞུས་པའོ། །དེའི་འོག་ཏུ་ཕ་རོལ་ཏུ་ཕྱིན་པ་དྲུག་བཤད་པ་དང་། ལམ་བཤད་པ་དང་། ཆོས་ཐམས་ཅད་ལ་བསླབ་
པར་བཤད་པ་དང་། མི་གནས་བཤད་པ་རྣམས་ནི་གཞུང་གི་རྗེས་སུ་བསྙགས་ཏེ་གཟུང་ངོ་། །བཅོམ་ལྡན་འདས་གལ་ཏེ་ཆོས་ཐམས་ཅད་སྐྱེ་བ་མ་མཆིས་པ་ལགས་ན། འོ་ན་ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱང་ཆུབ་ཀྱི་ལམ་སྐྱེས་པར་བགྱིད་ཅེས་བྱ་བ་ནི་མ་སྐྱེས་པ་
རྣམས་བསྐྱེད་པར་བྱ་ཞེས་བྱ་བའི་ཚིག་མི་རིགས་སོ་སྙམ་དུ་དགོངས་པའོ། །ཆོས་ཐམས་ཅད་ནི་མ་སྐྱེས་པ་སྟེ། དེ་ཡང་ཇི་ལྟ་བུ་ཞེ་ན་གང་དག་མངོན་པར་འདུ་མི་བྱེད་པ་དེ་དག་ལ་ནི་ཆོས་ཐམས་ཅད་མ་སྐྱེས་པའོ་ཞེས་བྱ་བ་གང་དག་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་ལ་གནས་ནས་བསོད་
ནམས་དང་བསོད་ནམས་མ་ཡིན་པ་ལ་སོགས་པ་ཅི་ཡང་མངོན་པར་འདུ་མི་བྱེད་པ་དེ་དག་ཉིད་ལ་ནི་མ་སྐྱེས་པའོ། །བྱིས་པ་སོ་སོའི་སྐྱེ་བོ་གང་དག་ཡོངས་སུ་མི་ཤེས་པས་མངོན་པར་འདུ་བྱེད་པ་དེ་དག་ལ་ནི་ཆོས་ཐམས་ཅད་སྐྱེས་པ་ཉིད་དོ་ཞེས་གསུངས་པའོ། །བཅོམ་ལྡན་འདས་

འོ་ན་དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་དེ་བཞིན་གཤེགས་པ་རྣམས་མ་བྱུང་ཡང་རུང་ཞེས་བྱ་བ་ལ་སོགས་པས་གནས་བརྟན་གྱིས་འདི་སྐད་ཞུས་ཏེ། ཆོས་ཉིད་ནི་དུས་ཐམས་ཅད་དུ་རྣམ་པ་ཐམས་ཅད་དུ་ཕྱིན་ཅི་མ་ལོག་པའི་མཚན་ཉིད་ཡིན་ན། དེ་བྱིས་པ་
རྣམས་ལ་ནི་སྐྱེ་བའི་ཆོས་ཅན་དུ་འགྱུར་ལ། མཁས་པ་རྣམས་ལ་ནི་མི་འགྱུར་བ་དེ་ཇི་ལྟར་རིགས་པར་འགྱུར་ཞེས་བྱའོ། །དེ་སྐད་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་རབ་འབྱོར་དེ་དེ་བཞིན་ནོ་ཞེས་བྱ་བ་ལ་སོགས་པས་འདི་བསྟན་ཏེ། ཆོས་ཉིད་ལ་ནི་ནམ་ཡང་ཕྱིན་ཅི་ལོག་ཡོད་པ་
མ་ཡིན་གྱི། བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱིས་ཡོངས་སུ་མི་ཤེས་པའི་ཉེས་པས་ཀུན་བརྟགས་པའི་ཆོས་རྣམས་སྐྱེ་བར་འགྱུར་རོ་ཞེས་ཀུན་བརྟགས་པ་རྣམས་ཀྱི་ཀུན་བརྟགས་པ་ཉིད་སྐྱེ་བ་ལས་དགོངས་ཏེ་བཤད་ཀྱི། ཆོས་ཉིད་ལས་དགོངས་པ་ནི་མ་ཡིན་ནོ། །དེ་སྐད་བཀའ་སྩལ་པ་དང་།
གནས་བརྟན་རབ་འབྱོར་གྱིས། བཅོམ་ལྡན་འདས་ཅི་ལགས་སྐྱེས་པར་འགྱུར་བའི་ལམ་གྱིས་བྱང་ཆུབ་ཐོབ་པར་འགྱུར་ལགས་སམ་ཞེས་བྱ་བ་ལ་སོགས་པས་ཟག་པ་མེད་པའི་ཆོས་རྣམས་ཀྱི་སྐྱེ་བ་དང་མི་སྐྱེ་བ་ཞུས་སོ། །བྱང་ཆུབ་ཉིད་ཀྱང་ལམ་མོ་ལམ་ཉིད་ཀྱང་བྱང་ཆུབ་པོ་ཞེས་བྱ་བ་
ནི་བཅོམ་ལྡན་འདས་ཀྱིས་འདི་སྐད་དུ། གཉི་ག་ཡང་ཆོས་ཀྱི་དབྱིངས་རྣམ་པར་དག་པས་རབ་ཏུ་ཕྱེ་བའི་ཕྱིར་བྱང་ཆུབ་དང་། ལམ་དག་ལ་ཐ་དད་པ་གང་ཡང་མེད་མོད་ཀྱི། འོན་ཀྱང་སྔོན་གྱི་གནས་སྐབས་ནི་རྒྱུ་ཡིན་པའི་ཕྱིར་ལམ་ཞེས་བྱ། ཕྱི་མའི་གནས་སྐབས་ལ་ནི་བྱང་
ཆུབ་ཅེས་བྱའོ། །དོན་དམ་པར་ནི་དེ་གཉིས་ཐ་དད་པ་མ་ཡིན་པའི་ཕྱིར་ལམ་གྱིས་བྱང་ཆུབ་ཐོབ་པར་འགྱུར་ཞེ་འམ། ལམ་མ་ཡིན་པས་ཐོབ་པར་འགྱུར་ཞེས་བརྗོད་དུ་མི་རུང་བར་བསྟན་ཏོ། །བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་ཉིད་ཀྱང་ལམ་ལགས་ལ། ལམ་ཉིད་ཀྱང་བྱང་ཆུབ་
ལགས་ན་ཞེས་བྱ་བ་ལ་སོགས་པས་གནས་བརྟན་གྱིས་འདི་སྐད་ཞུས་ཏེ། གལ་ཏེ་བྱང་ཆུབ་དང་ལམ་དག་ལ་ཐ་དད་པ་མེད་ན། དེ་ལྟ་ན་ནི་ལམ་ཐོབ་པའི་བྱང་ཆུབ་སེམས་དཔས་བྱང་ཆུབ་ཉིད་ཐོབ་པར་འགྱུར་རོ། །དེ་ལྟ་ན་ནི་གཟུགས་ཀྱི་སྐུར་གཏོགས་པ་དང་། ཆོས་ཀྱི་སྐུར་

གཏོགས་པའི་སངས་རྒྱས་ཀྱི་ཆོས་ཐམས་ཅད་བྱང་ཆུབ་སེམས་དཔས་ཀྱང་ཐོབ་པར་འགྱུར་རོ་ཞེས་བྱ་བའོ། །དེ་སྐད་ཞུས་པ་དང་། བཅོམ་ལྡན་འདས་ཀྱིས། སངས་རྒྱས་ཀྱི་བྱང་ཆུབ་ཐོབ་ཅེས་བྱ་བའི་ཚིག་དེ་མ་བཞེད་ནས། རབ་འབྱོར་དེ་ཇི་སྙམ་དུ་སེམས། སངས་རྒྱས་ཀྱི་བྱང་
ཆུབ་ཐོབ་བམ་ཞེས་བྱ་བ་ལ་སོགས་པ་བཀའ་སྩལ་ཏེ། སངས་རྒྱས་དང་བྱང་ཆུབ་ཐ་དད་པ་མེད་པའི་ཕྱིར་དེའི་ཚིག་མི་འཐད་དོ་ཞེས་བྱའོ། །ཇི་ལྟར་ཚིག་དེ་མི་འཐད་པ་དེ་བཞིན་དུ། བྱང་ཆུབ་སེམས་དཔས་བྱང་ཆུབ་ཐོབ་པ་ཉིད་དུ་འགྱུར་རོ་ཞེས་བྱ་བའི་ཚིག་ཀྱང་མི་འཐད་
དོ་ཞེས་བསྟན་པའོ། །དེའི་འོག་ཏུ་བྱང་ཆུབ་སེམས་དཔའ་དང་། བྱང་ཆུབ་དག་ལ་ཐ་དད་པ་མེད་དུ་ཟིན་ཀྱང་། བྱང་ཆུབ་སེམས་དཔས་བྱང་ཆུབ་ཐོབ་པར་འགྱུར་བར་ཀུན་རྫོབ་ཏུ་ཐ་སྙད་ཡོད་པར་ཞལ་གྱིས་བཞེས་ནས། རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་
དཔའ་ཆེན་པོ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བྱས་ཞེས་བྱ་བ་ལ་སོགས་པས་བྱང་ཆུབ་འཐོབ་པའི་རིམ་པ་བསྟན་ཏེ། དེ་བས་ན་དེ་ལྟར་ཀུན་བརྟགས་པའི་རིམ་པ་ཡོངས་སུ་མ་བཏང་བས་བྱང་ཆུབ་ཐོབ་པར་འགྱུར་གྱི་འཕྲལ་ལ་ཐོབ་པ་ནི་མ་ཡིན་ནོ་ཞེས་བསྟན་ཏོ། །
དེའི་འོག་ཏུ་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བ་ཞུས་པ་དང་། དེའི་དབྱེ་བ་དག་ཀྱང་གོ་སླའོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ངེས་ཞེས་བགྱིའམ། འོན་ཏེ་མ་ངེས་ཞེས་བགྱི་ཞེས་བྱ་བ་ནི་ཅི་ངེས་པ་ཉིད་ལ་བྱང་ཆུབ་སེམས་དཔའ་ཞེས་བགྱི་
འམ། འོན་ཏེ་མ་ངེས་པ་ཉིད་ལ་ཡང་བྱང་ཆུབ་སེམས་དཔའ་ཞེས་བགྱི་ཞེས་ཞུས་པའོ། །ཉན་ཐོས་ཀྱི་ཕུང་པོའམ། རང་སངས་རྒྱས་ཀྱི་ཕུང་པོའམ་ཞེས་བྱ་བ་ནི་ཅི་ཉན་ཐོས་སམ། རང་སངས་རྒྱས་སུ་ངེས་པ་ལ་ཡང་བྱང་ཆུབ་སེམས་དཔའ་ཞེས་བྱ་བའམ་ཞེས་ཞུས་པའོ། །དེ་ལྟ་བུ་
ལུས་ཆེད་དུ་བསམས་ཤིང་། ཐབས་མཁས་པས་ཡོངས་སུ་འཛིན་ཞེས་བྱ་བ་ནི་སྐྱེ་བ་ལ་དབང་ཐོབ་པས་སྐྱེ་བ་ཡོངས་སུ་འཛིན་གྱི། ལས་ཀྱི་དབང་གིས་མི་འདོད་པ་བཞིན་དུ་མ་ཡིན་ནོ། །འཕགས་པ་ཟག་པ་མེད་པའི་ལས་ཀྱིས་ངན་སོང་དུ་སྐྱེ་བར་འགྱུར་རམ་ཞེས་བྱ་བ་ནི་ས་བརྒྱད་

པ་ཡན་ཆད་ནི་དེའི་ལས་ཐམས་ཅད་འཕགས་པ་མེད་པ་ཡིན་ནོ། །དེ་ལ་རེག་པར་འགྱུར་བ་ཅུང་ཟད་ཀྱང་མེད་དོ་ཞེས་བྱ་བ་ནི་སྲིད་པའི་རེག་པའམ། ལྟ་བའི་རེག་པའམ། རྣམ་པར་རྟོག་པའི་རེག་པས་སོ། །ཇི་ལྟར་ན་ཆོས་ཐམས་ཅད་ཤེས་རབ་ཀྱི་ཕ་རོལ་
ཏུ་ཕྱིན་པར་འདུས་པ་ལགས་ཞེས་བྱ་བ་ནི་ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་ཁོངས་སུ་གཏོགས་པའི་ཚིག་མ་བཟོད་ནས་ཞུས་པའོ། །རབ་འབྱོར་ཆོས་ཐམས་ཅད་ནི་ཆོས་ཐམས་ཅད་ཀྱིས་མི་གཏོང་ངམ་ཞེས་བྱ་བ་ལ་སོགས་པས། བཅོམ་ལྡན་འདས་ཀྱིས་འདི་སྐད་དུ་གལ