Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 93

Văn bản gốc(Tây Tạng)

Trang 6 / 20 (50.000 ký tự/trang)
་བ་ནི་རྫུ་འཕྲུལ་གྱིས་སོ། །གང་རློམ་སེམས་སུ་བྱེད་ཅེས་བྱ་བ་ནི་

རྫུ་འཕྲུལ་བྱ་བའི་ཆོ་གའོ། །གང་གིས་རློམ་སེམས་སུ་བྱེད་ཅེས་བྱ་བ་ནི་རྫུ་འཕྲུལ་བྱ་བ་ཤེས་པ་སྟེ། དེས་རྫུ་འཕྲུལ་དེ་དག་མི་དམིགས་སོ། །རང་བཞིན་སྟོང་པ་ཉིད་ཅེས་བྱ་བ་ནི་དངོས་པོ་མེད་པའི་ངོ་བོ་ཉིད་དོ། །རང་བཞིན་དབེན་པ་ཞེས་བྱ་བ་ནི་ཤིན་ཏུ་ཡོངས་སུ་དག་པ་ཉིད་དོ། །རང་
བཞིན་གྱིས་མ་སྐྱེས་པ་ཞེས་བྱ་བ་ནི་འདུས་མ་བྱས་པའི་ངོ་བོ་ཉིད་དོ། །དེ་རྫུ་འཕྲུལ་དུ་སེམས་པ་ཡང་མི་བསྐྱེད་དོ་ཞེས་བྱ་བ་ནི་དེ་ནི་རྫུ་འཕྲུལ་ཡིན་ནོ་སྙམ་དུ་སེམས་པ་དང་། རྫུ་འཕྲུལ་མངོན་པར་སྒྲུབ་པར་སེམས་པའོ་ཞེས་བྱ་བ་ནི་རྫུ་འཕྲུལ་འདི་དག་མངོན་པར་བསྒྲུབ་པར་བྱའོ་སྙམ་དུ་སེམས་པའོ། །
ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གང་དག་མཐའ་ལས་འདས་པ་སྟོང་པ་ཉིད་ཀྱིས་ཡོངས་སུ་འཛིན་པ་མེད་པའི་ཕྱིར།སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ལམ་སྦྱོང་བ་
དག་ཀྱང་ཡོད་དོ་ཞེས་བྱ་བས་ནི་རྣམ་པར་མི་རྟོག་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཅར་ལ་གནས་ཀྱང་རུང་ཕ་རོལ་ཏུ་ཕྱིན་པ་རེ་རེ་ལ་གནས་ཀྱང་རུང་སྟེ། བྱང་ཆུབ་ཀྱི་ལམ་སྦྱོང་བར་བྱེད་དོ། །ཤཱ་རིའི་བུ་ཡོད་དོ་ཞེས་བྱ་བ་ལ་སོགས་པས་ནི་དེ་དག་གི་མོས་པ་ཐ་དད་པ་བསྟན་ཏོ། །མཐའ་ལས་འདས་
པ་སྟོང་པ་ཉིད་ཀྱི་ཕྱིར་ཞེས་བྱ་བས་ནི་སྒྲོ་འདོགས་པ་དང་། སྐུར་པ་འདེབས་པའི་མཐའ་སྤངས་སོ། །ཡོངས་སུ་འཛིན་པ་མེད་པའི་ཕྱིར་ཞེས་བྱ་བ་ནི་འཁོར་གསུམ་ལ་མངོན་པར་ཞེན་པ་མེད་དོ། །གང་གི་ཕྱིར་དེ་འཛིན་པ་མེད་པ་ཡིན་པ་དེའི་ཕྱིར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ནས་བྱང་
ཆུབ་ཀྱི་ལམ་ལ་སྦྱོང་བར་བྱེད་དོ། །འོང་བ་མེད་པ་དང་འགྲོ་བ་མེད་པའི་ཕྱིར་ཞེས་བྱ་བ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ལམ་སྦྱོང་བར་བྱེད་དོ་ཞེས་འབྱུང་བས། གལ་ཏེ་ལམ་ཡོད་ན་འོང་བ་དང་འགྲོ་བའི་འོས་ཀྱང་ཡོད་པར་འགྱུར་རོ་སྙམ་དུ་སེམས་པ་ལས་དགོངས་ནས། དེ་དག་མེད་
པ་ཉིད་ཀྱི་ཕྱིར་རོ་ཞེས་གསུངས་ཏེ། ཉན་ཐོས་ཀྱི་ཐེག་པ་ལས་ཆོས་ཐམས་ཅད་ནི་སྐྱེ་བ་ན་ཡང་གང་ནས་ཀྱང་འོང་བ་མེད་ལ། འགག་པ་ན་ཡང་གང་དུ་ཡང་འགྲོ་བ་མེད་དོ་ཞེས་འབྱུང་བ་དང་། ཐེག་པ་ཆེན་པོ་ལས་སྐྱེ་བ་དང་འགག་པ་མེད་པའི་ཕྱིར་ཐེག་པ་ཆེན་པོ་ལ་འོང་བ་དང་། འགྲོ་བ་

ལས་རྣམ་པར་གྲོལ་བ་ཞེས་བྱའོ། །འཛིན་པ་མེད་པའི་ཕྱིར་ཞེས་བྱ་བ་ནི་ཆོས་རྣམས་ལ་ཆོས་སུ་མངོན་པར་ཞེན་པ་ནི་ཡོངས་སུ་འཛིན་པའོ། །སྦྱིན་པ་ནི་ཡོངས་སུ་འཛིན་པ་ཡོད་པའི་ཕྱིར་ཡོངས་སུ་གདགས་སོ་ཞེས་བྱ་བ་ནི་སེར་སྣ་ཡོངས་སུ་འཛིན་པའོ། །སྦྱིན་
པ་ནི་ཡོངས་སུ་འཛིན་པ་ཉེ་བར་བཟུང་བ་ལས་གདགས་སོ་ཞེས་བྱ་བ་ལ་སོགས་པ་ཅི་ལས་དགོངས་ཤེ་ན། འཇིག་རྟེན་ན་ཡང་སེར་སྣ་ཡོད་དང་སྦྱིན་པ་ཞེས་བྱ་བའི་མིང་འབྱུང་ལ། འཆལ་བའི་ཚུལ་ཁྲིམས་ལ་སོགས་པ་ཡོད་ན། ཚུལ་ཁྲིམས་ལ་སོགས་པའི་མིང་དུ་འགྱུར་རོ། །
གང་གི་ཕྱིར་བྱང་ཆུབ་སེམས་དཔའ་ལ་སེར་སྣ་ལ་སོགས་པ་མི་མཐུན་པའི་ཕྱོགས་ཀྱི་བློ་མེད་པ་དེའི་ཕྱིར་སྦྱིན་པ་ལ་སོགས་པའི་བློ་ཡང་མེད་དོ་ཞེས་བསྟན་པའོ། །དེ་ནི་བརྒལ་ཏོ་ཞེས་བྱ་བར་རློམ་སེམས་མེད་དོ། །མི་བརྒལ་ཏོ་ཞེས་བྱ་བར་རློམ་སེམས་མེད་དོ་ཞེས་བྱ་བ་ནི་སེར་སྣ་ལ་སོགས་པ་ལས་
བདག་བརྒལ་ཏོ་ཞེས་བྱ་བའམ། མ་བརྒལ་ཏོ་ཞེས་བྱ་བར་མི་སེམས་ཏེ། དེ་དག་ཉིད་ཤིན་ཏུ་མེད་པའི་ཕྱིར་རོ། །སྦྱིན་པ་དང་སེར་སྣ་ཞེས་བྱ་བར་རློམ་སེམས་མེད་དོ་ཞེས་བྱ་བ་ལ་སོགས་པས་ནི་དེ་ཉིད་བསྟན་ཏེ། མི་མཐུན་པའི་ཕྱོགས་དང་གཉེན་པོ་གཉི་གར་ཡང་མི་སེམས་སོ་
ཞེས་བྱ་བའི་ཐ་ཚིག་གོ། །བདག་ལ་སྤྱོས་སོ་ཞེས་བྱ་བའམ། བདག་ལ་ཕྱག་བྱས་སོ་ཞེས་བྱ་བར་རློམ་སེམས་མེད་དོ་ཞེས་བྱ་བ་ལ་སོགས་པས་ནི་འཇིག་རྟེན་གྱི་ཆོས་བརྒྱད་ཀྱི་རློམ་སེམས་མེད་དོ་ཞེས་སྟོན་ཏོ། །ཤཱ་རིའི་བུ་སྐྱེ་བ་མེད་དོ་ཞེས་བྱ་བ་ནི་ཡང་དག་པའི་མཐའ་ཞེས་བྱ་བའི་ཐ་
ཚིག་གོ། །སེམས་ཅན་ཐམས་ཅད་ལ་མཉམ་པ་ཉིད་ཅེས་བྱ་བ་ནི་གང་ཟག་སྟོང་པ་ཉིད་ཀྱི་བཏང་སྙོམས་ཚད་མེད་པའོ། །ཆོས་ཐམས་ཅད་མཉམ་པ་ཉིད་ཅེས་བྱ་བ་ནི་ཆོས་སྟོང་པ་ཉིད་ཀྱིས་དབུ་མར་གནས་པའི་བཏང་སྙོམས་ཏེ། འདི་ནི་རྗེས་སུ་ཆགས་པ་དང་ཁོང་ཁྲོ་བ་མེད་པའི་བཏང་
སྙོམས་ཞེས་བྱའོ། །དེའི་འོག་ཏུ་འཁོར་རྣམས་ཡོངས་སུ་སྨིན་པར་གྱུར་པ་ལུང་བསྟན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསྔགས་པ་དང་། དེ་ལ་ཞུགས་པའི་བྱང་ཆུབ་སེམས་དཔའ་བསྔགས་པ་དང་། འོད་ཟེར་འགྱེད་པ་དང་། བྱང་ཆུབ་སེམས་དཔའ་འདུས་པ་དང་།

མཆོད་པའི་བཀོད་པ་དང་། འཁོར་ས་བརྒྱད་ཐོབ་པ་དང་། སྨོན་ལམ་དང་། ལུང་བསྟན་པ་དང་། འདི་དག་ཐམས་ཅད་ནི་གཞུང་ལས་འབྱུང་བ་བཞིན་ཏེ། དོན་གསལ་ལོ། །དེ་ལྟར་ཚིག་དང་པོས་མདོར་བསྟན་པ་བཤད་དོ། །ཤཱ་རིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་
ཆེན་པོ་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མངོན་པར་རྫོགས་པར་བྱང་ཆུབ་པར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པར་བྱའོ་ཞེས་བྱ་བ་དེ་ལ། གང་གི་ཕྱིར་བརྩོན་པར་བྱ་བ་དང་། ཇི་ལྟར་བརྩོན་པར་བྱ་བ་དང་། བརྩོན་པར་བྱེད་པའི་མཚན་ཉིད་གང་ཡིན་པ་དང་། བརྩོན་
པར་བྱེད་པ་གང་ཡིན་པ་རྣམས་ཀྱིས་རབ་ཏུ་དབྱེ་བ་དེ་དག་བཅོམ་ལྡན་འདས་དང་གནས་བརྟན་ཤཱ་རིའི་བུས་རྒྱས་པར་བསྟན་ནས། ད་ནི་བརྩོན་པ་ལ་གདམས་པ་གང་ཡིན་པ་དང་། བརྩོན་པའི་ཕན་ཡོན་གང་ཡིན་པ་ལ་སོགས་པ་བཤད་པར་བྱ་བ་རྣམ་པ་བཞི་ལས། གནས་བརྟན་རབ་
འབྱོར་གྱིས་བརྩོན་པ་ལ་གདམས་པ་བསྟན་ཏོ། །བཅོམ་ལྡན་འདས་ཀྱིས་ཀྱང་ཐབས་མཁས་པས་དེ་ལྟར་ཡོངས་སུ་སྨིན་པར་བྱ་བའི་འདུལ་བ་ལས་བརྩམས་ཏེ་བསྟན་ཏོ། །དེ་ཉིད་ཀྱི་ཕྱིར་ཤཱ་རིའི་བུས་འདི་ནི་དེ་བཞིན་གཤེགས་པ་ཉིད་ཀྱི་ཐབས་ལ་མཁས་པའི་ཚུལ་གྱིས་བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོ་རྣམས་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་ཏོ་ཞེས་བྱ་བ་འོག་ནས་འཆད་དོ། །ཅི་ཚེ་དང་ལྡན་པ་རབ་འབྱོར་འདི་རང་གི་ཤེས་རབ་དང་། སྤོབས་པའི་སྟོབས་བསྐྱེད་པས་ཞེས་བྱ་བ་ནི། ཉན་ཐོས་རྣམས་ཀྱི་ཡུལ་ནི་ཉན་ཐོས་རྣམས་ཀྱིས་ཤེས་ན། ཅིའི་ཕྱིར་
ཉན་ཐོས་རྣམས་ལ་ཐེ་ཚོམ་འདི་འབྱུང་ཞེ་ན། དེ་ལ་ཉེས་པ་མེད་དེ། གནས་བརྟན་རབ་འབྱོར་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡིན་ཏེ། བསྐལ་པ་གྲངས་མེད་པ་ནས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསགས་ལ། ཆོས་ཟབ་མོ་ལ་བཟོད་པ་ཐོབ་པར་གྲགས་པ་སྟེ།
དེ་བས་ན་ཐམས་ཅད་ཀྱང་དེ་ལྟར་ཐེ་ཚོམ་དུ་གྱུར་ཏོ། །དེའི་ཕྱིར་རབ་འབྱོར་གྱིས་བདག་ཉིད་ཀྱི་ཚིག་ཡིན་པར་བསྟན་ན་གཟུང་བར་འགྱུར་བ་མ་ཡིན་པའི་སྐྱོན་དུ་འགྱུར་བ་བསལ་བའི་ཕྱིར། འདི་ནི་བཅོམ་ལྡན་འདས་ཀྱི་བཀའ་ཡིན་གྱི། བདག་གི་ཚིག་ནི་མ་ཡིན་ནོ་ཞེས་བསལ་ཏོ། །སྨྲ་

ཡང་རུང་། ལུང་སྟོན་ཀྱང་རུང་། བརྗོད་ཀྱང་རུང་ཞེས་བྱ་བ་ནི་འདུལ་བ་རྣམ་པ་གསུམ་པོ་རྣམས་ལས། མདོ་དང་འབྲིད་དང་། རྒྱས་པ་རྣམས་སུ་དབྱེ་བའམ། ཡང་ན་བདག་གི་ལྷག་པའི་བསམ་པ་དང་། གཞན་གྱི་ལྷག་པའི་བསམ་པའི་སྐབས་དང་། སྐབས་སུ་
བབ་པ་དང་། རྣམ་པ་གསུམ་གྱི་ཕྱིར་རྣམ་པ་གསུམ་དུ་བསྟན་ཏོ། །ད་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པར་བྱའོ་ཞེས་བྱ་བའི་ཚིག་དང་པོ་ལ་བསྟན་པ་གང་ཡིན་པ་དེ་བསྟན་པའི་ཕྱིར་དེ་ཉིད་བཟུང་ནས། བཅོམ་ལྡན་འདས་ཀྱིས་རབ་འབྱོར་
ཁྱོད་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྩོམ་སྟེ། ཅི་ནས་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ངེས་པར་འབྱུང་བར་འགྱུར་བ་དེ་ལྟ་བུའི་སྤོབས་པ་སྐྱེད་ཅིག་ཅེས་སྐབས་ཕྱེ་བ་དང་། གནས་བརྟན་རབ་
འབྱོར་གྱིས་མིང་དང་བརྡར་གདགས་པས་བརྩོན་པ་ལ་གདམས་པ་དང་། སེམས་ཅན་མི་དམིགས་པས་བརྩོན་པ་ལ་གདམས་པ་དང་། ཚིག་བླ་དགས་མི་དམིགས་པས་བརྩོན་པ་ལ་གདམས་པ་དང་། ཆོས་ཐམས་ཅད་དམིགས་སུ་མེད་པས་བརྩོན་པ་ལ་གདམས་པ་དང་། གདམས་པ་བཞི་
སྐབས་དབྱེ་བའི་ཕྱིར། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བགྱི་བ་ཆོས་གང་གི་ཚིག་བླ་དགས་ལགས་ཞེས་བྱ་བ་ལ་སོགས་པ་ཞུས་སོ། །དེ་ལ་མདོར་བསྟན་པ་ལས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཞེས་གསུངས་ལ། བྱང་ཆུབ་སེམས་དཔའ་
ཞེས་བྱ་བའི་ཆོས་ནི་གང་ཡང་མེད་ཅིང་དེ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་ཀྱང་གསུངས་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བའི་ཆོས་ཀྱང་གང་ཡང་མེད་ན། དེ་ལ་ཆོས་འདི་གཉིས་དམིགས་སུ་མེད་བཞིན་དུ་ཅི་ཞིག་སུ་ལ་གདམས་ཤིང་རྗེས་སུ་བསྟན་པར་བྱ་ཞེས་ཞུས་པ་དང་།
བཅོམ་ལྡན་འདས་ཀྱིས་རབ་འབྱོར་ཁྱོད་དེ་སྐད་དུ་མ་སྨྲ་ཞིག། གལ་ཏེ་ཁྱོད་དེ་ལྟར་ན་བྱང་ཆུབ་སེམས་དཔའ་ཡང་མེད། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་མེད་དོ་སྙམ་དུ་བསམས་ནས་ཅང་མི་ཟེར་བར་གྱུར་ན། དེ་ལྟ་ན་ནི་སེམས་ཅན་གྱི་དོན་ཉམས་པར་འགྱུར་རོ། །དོན་དམ་པར་ཡོངས་སུ་གྲུབ་

པའི་བདག་ཉིད་དུ་ཆོས་དེ་གཉིས་སུ་མེད་དུ་ཟིན་ཀྱང་། སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་ལ་སོགས་པའི་དོན་དེ་ཐབས་མཁས་པས་ཀུན་བརྟགས་པའི་མཚན་ཉིད་ཡོངས་སུ་བཟུང་ནས། ཀུན་རྫོབ་ཀྱི་ཚུལ་དུ་སེམས་ཅན་རྣམས་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གདམས་པར་བྱའོ། །
གཞན་དུ་ན་ནི་སེམས་ཅན་གྱི་དོན་རབ་ཏུ་ཉམས་པར་འགྱུར་རོ་ཞེས་བསྟན་ནས། དང་པོར་བཏགས་པའི་གདམས་པ་བསྟན་པ་རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས་མིང་དང་བརྡར་བཏགས་པ་རྣམས་དེ་ལྟར་ཁོང་དུ་ཆུད་པར་བྱའོ་ཞེས་བྱ་
བའི་མཐར་ཐུག་པའི་བར་གྱི་གཞུང་གིས་བསྟན་ཏོ། །དེ་ལྟར་བཏགས་པས་གདམས་ནས་དོན་དམ་པར་བཏགས་པ་བསྟན་དགོས་ཏེ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བགྱི་ན་ཞེས་བྱ་བ་གནས་བརྟན་གྱིས་ཞུས་པའི་ཚིག་བཟུང་ནས་བཅོམ་ལྡན་
འདས་ཀྱིས། རབ་འབྱོར་དེ་ཇི་སྙམ་དུ་སེམས། གཟུགས་བྱང་ཆུབ་སེམས་དཔའ་ཡིན་སྙམ་མམ། གཟུགས་མ་ཡིན་པ་གཞན་ཞིག་བྱང་ཆུབ་སེམས་དཔའ་ཡིན་སྙམ་མམ་ཞེས་བྱ་བ་ལ་སོགས་པས་དྲི་བ་རིམ་པ་ལྔ་ཉེ་བར་བཏགས་ནས། བཅོམ་ལྡན་འདས་བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོ་ཤིན་ཏུ་མ་མཆིས་ཤིང་མི་དམིགས་ན། དེ་ལ་གཟུགས་བྱང་ཆུབ་སེམས་དཔར་འགྱུར་བ་ལྟ་ག་ལ་མཆིས་ཞེས་བྱ་བ་ལ་སོགས་པ་གནས་བརྟན་རབ་འབྱོར་གྱི་ཚིག་རྣམས་ཀྱིས་སེམས་ཅན་རྣམས་དམིགས་སུ་མེད་པའི་གདམས་པ་བསྟན་ཏོ། །རབ་འབྱོར་
བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སེམས་ཅན་མི་དམིགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་བསླབ་པར་བྱའོ་ཞེས་བྱ་བའི་མཐར་ཐུག་པའི་བར་གྱི་གཞུང་དག་གིས་བསྟན་ཏོ། །དེ་ནས་ཡང་འདི་ལྟ་སྟེ་བྱང་ཆུབ་སེམས་དཔའ་ཞེས་བགྱི་བ་འདི་ཆོས་གང་གི་ཚིག་བླ་
དགས་ལགས་ཞེས་ཞུས་པའི་ཚིག་བཟུང་ནས། བཅོམ་ལྡན་འདས་ཀྱིས་རབ་འབྱོར་དེ་ཇི་སྙམ་དུ་སེམས། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་གཟུགས་ཀྱི་ཚིག་བླ་དགས་ཡིན་སྙམ་མམ་ཞེས་བྱ་བ་ལ་སོགས་པ་དྲིས་ནས། བཅོམ་ལྡན་འདས་གཟུགས་ཤིན་ཏུ་མ་མཆིས་ཤིང་མི་

དམིགས་ན། བྱང་ཆུབ་སེམས་དཔའ་གཟུགས་ཀྱི་ཚིག་བླ་དགས་སུ་འགྱུར་བ་ལྟ་ག་ལ་མཆིས་ཞེས་བྱ་བ་ལ་སོགས་པ་གནས་བརྟན་རབ་འབྱོར་གྱི་ཚིག་བླ་དགས་མི་དམིགས་པར་བསྟན་ནས། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་
ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་པའི་ཚེ། གཟུགས་ཀྱི་ཚིག་བླ་དགས་མི་དམིགས་པ་ཞེས་བྱ་བ་ནས་སྨོན་པ་མེད་པའི་ཚིག་བླ་དགས་མི་དམིགས་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ་ཞེས་བྱ་བའི་མཐར་ཐུག་པའི་བར་གྱི་གཞུང་དག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་
གདམས་པ་བསྟན་ཏོ། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་འདི་ལྟར་བྱང་ཆུབ་སེམས་དཔའ་ཞེས་བགྱི་བའི་ཆོས་དེ་བདག་གིས་ཡང་དག་པར་རྗེས་སུ་མི་མཐོང་ངོ་ཞེས་ཞུས་པའི་ཚིག་བཟུང་ནས། བཅོམ་ལྡན་འདས་ཀྱིས་རབ་འབྱོར་ཆོས་ཀྱི་དབྱིངས་ཡང་དག་པར་རྗེས་སུ་མི་མཐོང་ངོ་ཞེས་བྱ་
བ་ལ་སོགས་པ་ནས། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དེ་ལྟར་ཆོས་ཐམས་ཅད་མི་དམིགས་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱ་སྟེ་ཞེས་བྱ་བའི་མཐར་ཐུག་པའི་བར་གྱི་གཞུང་དག་གིས་ཆོས་ཐམས་ཅད་མི་དམིགས་པར་བསྟན་ནས་དེ་ཉིད་ཀྱིས་
གདམས་པ་མཛད་དོ། །དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གདམས་པའོ། །དེ་ཉིད་རྗེས་སུ་བསྟན་པ་ཡིན་ནོ་ཞེས་བྱ་བས་གདམས་པ་བཞི་པོ་དེ་དག་ཉིད་ཀྱིས་མཇུག་བསྡུས་སོ། །དེ་ལ་མིང་དང་བརྡར་གདགས་པའི་གདམས་པ་སྔར་སྨོས་པ་
ལས། འདི་ནི་མིང་ཙམ་སྟེ་མིང་ཞེས་བྱ་བའི་ཆོས་གཞན་དུ་གྱུར་པ་མེད་པར་བསྟན་ནས་མིང་དེ་ནི་ནང་ན་ཡང་མེད། ཕྱི་རོལ་ན་ཡང་མེད། གཉིས་ཀ་མེད་པར་ཡང་མི་དམིགས་སོ་ཞེས་བྱ་བས་མིང་གི་ཆོས་གཞན་དུ་གྱུར་པ་མེད་པའི་གཏན་ཚིགས་བཤད་དོ། །གལ་ཏེ་མིང་ཞེས་བྱ་བའི་
ཆོས་གཞན་དུ་གྱུར་པ་འགའ་ཞིག་ཡོད་ན་ནི། ནང་ངམ་ཕྱི་རོལ་ལམ་དེ་གཉིས་ལས་གཞན་པ་གང་ཡང་རུང་བ་གསུམ་ལས་འགའ་ཞིག་གི་ནང་ནས་དམིགས་པར་འགྱུར་བ་ཞིག་ན། འདི་ལྟར་དེ་གསུམ་ཅར་ལ་ཡང་རྣམ་པར་དཔྱད་ན་མི་རིགས་ཏེ་དེ་བས་ན་དེ་ཡོད་པ་མ་ཡིན་ནོ། །འདིར་ཡང་

ཆོས་དང་མཐུན་པའི་དཔེ་རབ་འབྱོར་འདི་ལྟ་སྟེ་དཔེར་ན་སེམས་ཅན་སེམས་ཅན་ཞེས་བྱ་བར་མིང་དུ་བརྗོད་ཀྱང་སེམས་ཅན་གང་ཡང་མི་དམིགས་ཏེ་ཞེས་བྱ་བ་ལ་སོགས་པ་བསྟན་ཏོ། །དེ་ནས་ཡང་མིང་ལས་ཆོས་གཞན་དུ་གྱུར་པ་མེད་པའི་གཏན་ཚིགས་གཉིས་པ་བཏགས་པའི་ཆོས་དེ་ནི་མིང་དང་བརྡ་
ཙམ་དུ་ཐ་སྙད་དུ་གདགས་པ་མ་གཏོགས་པར་སྐྱེ་བ་འམ་འགག་པ་མེད་དེ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །གལ་ཏེ་ཆོས་རྣམས་ཀྱི་མིང་ཆོས་གཞན་ཞིག་ཏུ་གྱུར་པ་ཞིག་ཡོད་ན་ནི་མིང་དེ་སྐད་ཅེས་བྱ་བའི་ཆོས་སྐྱེ་བར་གྱུར་པ་ན་དེ་ཡང་སྐྱེ་བར་གྱུར་པ་ཞིག་ན་སྐྱེ་བར་ཡང་མི་འགྱུར་ཏེ། འདི་ལྟར་
ཐ་སྙད་དུ་གདགས་སུ་རུང་བར་བྱ་བའི་ཕྱིར་བརྡའི་ཚུལ་གྱིས་གཞན་དག་ལ་འདིའི་མིང་ནི་འདི་ཞེས་ཕྱིར་རྣམ་པར་འཇོག་གོ། །གལ་ཏེ་ཆོས་ཉིད་སྐྱེ་བའི་དུས་ཉིད་ན་མིང་སྐྱེས་པར་གྱུར་ན་ནི། གཞན་དག་གིས་མཐོང་མ་ཐག་ཏུ་བརྡར་མི་ཤེས་པས་ཀྱང་འདིའི་མིང་འདི་ཡིན་ནོ་ཞེས་ཁོང་དུ་ཆུད་པར་
འགྱུར་བ་ཞིག་ན། ཁོང་དུ་ཡང་མི་ཆུད་དེ། དེ་བས་ན་ཆོས་སྐྱེས་ཀྱང་མིང་མི་སྐྱེ་ལ་ཆོས་འགག་ཀྱང་མིང་མི་འགག་སྟེ། འདིར་མིང་དེ་སྐད་ཅེས་བྱ་བའི་དངོས་པོ་འགག་ཀྱང་མིང་དེ་སྐད་ཐ་སྙད་དུ་འདོགས་ཤིང་མེད་པར་མི་འགྱུར་ཏེ། དེའི་ཕྱིར་སྐྱེ་བ་དང་འགག་པ་མེད་པར་ཆོས་གཞན་
དུ་གྱུར་པ་ནི་མེད་ཀྱི། བདག་དང་སེམས་ཅན་ཞེས་བྱ་བ་ལ་སོགས་པ་བཞིན་དུ་ཐ་སྙད་དུ་ཟད་དོ་ཞེས་བསྟན་ཏོ། །འདིར་ཡང་དཔེའི་ཚུལ་གྱིས་ཆོས་རྣམ་པ་བཞི་བཟུང་སྟེ། ཐ་སྙད་ཙམ་དུ་ཟད་པའི་ཕྱིར་ཉན་ཐོས་ཀྱི་ཚུལ་ལ་གྲགས་པ་བདག་དང་སེམས་ཅན་ལ་སོགས་པ་དང་། ཀུན་བརྟགས་
པ་ཙམ་དུ་ཟད་པའི་ཕྱིར་བྱང་ཆུབ་སེམས་དཔའི་ཚུལ་ལ་གྲགས་པ་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་རྣམས། ཉེ་བར་བཟུང་ནས་བཏགས་པའི་མིང་ཙམ་དུ་ཟད་པའི་ཕྱིར། གཉི་ག་ལ་གྲགས་པ་ནང་དང་ཕྱིའི་བྱེ་བྲག་ལས་ལུས་དང་རྩྭ་ཤིང་ལ་སོགས་པ་དང་། ཤིན་ཏུ་མེད་པའི་
ཕྱིར་འཇིག་རྟེན་ཐམས་ཅད་ལ་གྲགས་པ་རྨི་ལམ་དང་བྲག་ཅ་དང་། སྨིག་རྒྱུ་ལ་སོགས་པའོ། །དེའི་འོག་ཏུ་མིང་དུ་བཏགས་པའི་གདམས་པ་མཇུག་བསྡུས་པའི་ཕྱིར། རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། མིང་

དང་བརྡར་བཏགས་པ་དང་། གདམས་ངག་ཏུ་བཏགས་པ་དང་། ཆོས་སུ་བཏགས་པ་ལ་བསླབ་པར་བྱའོ་ཞེས་བྱ་བ་བསྟན་ཏེ་སྒྲོ་བཏགས་པ་དང་། སྐུར་པ་འདེབས་པའི་མཐའ་སྤང་བའི་ཕྱིར་མིང་དང་བརྡར་བཏགས་པ་སྔར་སྨོས་སོ། །དེ་ལ་གནས་ཏེ་
ཆོས་བཤད་པས་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་དང་གདམས་པའི་བཏགས་པ་ཕྱིས་སྨོས་སོ། །དེའི་འོག་ཏུ་དེ་གཉི་གས་ཆོས་རྣམས་ཐ་སྙད་དུ་འདོགས་སོ་ཞེས་ཀུན་བརྟགས་པའི་ཆོས་སུ་གསུངས་སོ། །དེ་ནས་ཡང་བཏགས་པ་དེ་གསུམ་གྱི་ཡོན་ཏན་བསྟན་པའི་ཕྱིར། རབ་
འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་པས་ནི་གཟུགས་མི་རྟག་ཅེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །རྣམ་པར་རྟོག་པ་ཐམས་ཅད་སྤངས་པ་ནི་བཏགས་པ་ཙམ་དུ་ཟད་པར་སློབ་པའི་
འབྲས་བུར་བསྟན་ཏོ།། །།བམ་པོ་བརྒྱད་པ། ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་རྣམ་པར་རྟོག་པ་དེ་དག་ཀྱང་རྣམ་པ་གསུམ་སྟེ། ལྷག་མཐོང་གི་སྤྱོད་ཡུལ་དང་། རྣམ་པར་ཐར་པའི་སྒོའི་སྤྱོད་ཡུལ་དང་། ཆོས་རྣམས་ལ་ཡང་དག་པ་ཇི་ལྟ་བ་བཞིན་དུ་སོ་སོར་རྟོག་
པའི་སྤྱོད་ཡུལ་ལོ། །དེ་ལ་ལྷག་མཐོང་གི་སྤྱོད་ཡུལ་ནི་བླང་བ་དང་དོར་བའི་དབང་གིས་ནག་པོ་དང་དཀར་པོའི་ཕྱོགས་འཕགས་པའི་བདེན་པ་བཞིའི་གནས་སུ་གྱུར་པ་ཆོས་ཀྱི་མདོར་རྣམ་པར་རྟོག་པ་བཞི་སྟེ། མི་རྟག་པ་དང་སྡུག་བསྔལ་བ་དང་། བདག་མེད་པ་དང་། ཞི་བར་རྣམ་པར་
རྟོག་པ་རྣམས་དང་། དེ་དག་གི་མི་མཐུན་པའི་ཕྱོགས་སུ་གྱུར་པ་རྟག་པ་དང་། བདེ་བ་དང་། བདག་ཡོད་པ་དང་། མ་ཞི་བར་རྣམ་པར་རྟོག་པ་རྣམས་སོ། །རྣམ་པར་ཐར་པའི་སྒོའི་སྤྱོད་ཡུལ་ནི་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པར་རྣམ་པར་རྟོག་པ་
རྣམས་དང་། དེས་སྤང་བར་བྱ་བ་སྟོང་པ་མ་ཡིན་པ་དང་། མཚན་མ་དང་སྨོན་པའི་རྣམ་པར་རྟོག་པ་རྣམས་སོ། །ཆོས་རྣམས་ལ་ཡང་དག་པ་ཇི་ལྟ་བ་བཞིན་དུ་སོ་སོར་རྟོག་པ་ནི་ལྷག་མ་རྣམས་ཏེ། འདུས་བྱས་དང་། སྐྱེ་བ་དང་། མི་དབེན་པ་རྣམས་དང་། མི་དགེ་བ་དང་། ཁ་ན་མ་ཐོ་བ་

དང་བཅས་པ་དང་། ཟག་པ་དང་བཅས་པ་དང་། ཉོན་མོངས་པ་དང་བཅས་པ་དང་། འཇིག་རྟེན་པ་དང་། ཀུན་ནས་ཉོན་མོངས་པ་དང་། འཁོར་བར་རྣམ་པར་རྟོག་པ་སྟེ་བཅུ་དང་། དེ་དག་གི་གཉེན་པོར་གྱུར་པ་འདུས་མ་བྱས་དང་། འགོག་པ་དང་། དབེན་པ་དང་། དགེ་
བ་དང་། ཁ་ན་མ་ཐོ་བ་མེད་པ་དང་། ཟག་པ་མེད་པ་དང་། ཉོན་མོངས་པ་མེད་པ་དང་། འཇིག་རྟེན་ལས་འདས་པ་དང་། རྣམ་པར་བྱང་བ་དང་། མྱ་ངན་ལས་འདས་པར་རྟོག་པ་སྟེ། རྣམ་པར་རྟོག་པ་བཅུ་པོ་དེ་དག་ཐམས་ཅད་ཀྱང་ཉན་ཐོས་དང་རང་སངས་རྒྱས་ཀྱི་སྤྱོད་
ཡུལ་ཡིན་ཏེ། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི་དེ་དག་ཐམས་ཅད་ཀྱི་ཐམས་ཅད་དུ་སྤང་བར་བྱའོ། །རྣམ་པར་རྟོག་པ་སུམ་ཅུ་རྩ་བཞི་པོ་དེ་དག་སྤངས་པ་ནི་བཏགས་པ་ཙམ་དུ་ཟད་པར་སློབ་པའི་ཕན་ཡོན་དུ་བསྟན་ཏོ། །འདུས་བྱས་ཀྱི་ཁམས་ན་ཡོད་པ་འམ། འདུས་མ་
བྱས་ཀྱི་ཁམས་ན་ཡོད་པར་ཡང་དག་པར་རྗེས་སུ་མི་མཐོང་ངོ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་འདུས་བྱས་སམ་འདུས་མ་བྱས་པའི་ནང་དུ་མི་འགྲང་ངོ་ཞེས་བྱ་བའོ། །དེ་ཉིད་ལ་དཀར་པོ་དང་ནག་པོའི་ཕྱོགས་གཉིས་སུ་བརྗོད་པ་ལ་མི་རྟོག་པར་བསྟན་པའི་ཕྱིར། ཆོས་
ཐམས་ཅད་ལ་མི་རྟོག་གོ་ཞེས་བྱ་བ་གསུངས་ཏེ། མུ་སྟེགས་ཅན་ལ་སོགས་པ་ལྟར་རྟག་པ་དང་བདེ་བ་དང་། བདག་ཡོད་པ་ལ་སོགས་པའི་བྱེ་བྲག་ཏུ་རྣམ་པར་མི་རྟོག་པ་དང་། ཉན་ཐོས་ལ་སོགས་པ་ལྟར་ལྷག་མཐོང་ལ་སོགས་པས་མི་རྟག་པ་དང་། སྡུག་བསྔལ་བ་དང་།
བདག་མེད་པ་ལ་སོགས་པའི་བྱེ་བྲག་ཏུ་མི་རྟོག་པའོ། །དེ་ལྟར་རྟོག་པ་དང་། རྣམ་པར་རྟོག་པ་ཐམས་ཅད་ཀྱི་གཉེན་པོར་གྱུར་པ། བྱང་ཆུབ་སེམས་དཔའི་བསླབ་པ་བསྟན་པའི་ཕྱིར། དེ་རྣམ་པར་མི་རྟོག་པའི་ཆོས་ལ་གནས་ཤིང་། དྲན་པ་ཉེ་བར་གཞག་པ་རྣམས་བསྒོམ་ཞེས་བྱ་བ་
ལ་སོགས་པ་ནས། སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་མཐར་ཐུག་པའི་བར་དུ་གསུངས་སོ། །རྣམ་པར་མི་རྟོག་པ་དེའི་ཡུལ་དུ་གྱུར་པ་ཆོས་རྣམས་ཀྱི་ཡང་དག་པ་ཇི་ལྟ་བ་ཉིད་ཉན་ཐོས་རྣམས་ཀྱི་ཡུལ་གྱི་གཉེན་པོར་གྱུར་པ་བསྟན་པའི་ཕྱིར་དེས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་

ཚེ། ཆོས་རྣམས་ཀྱི་མཚན་ཉིད་ཤིན་ཏུ་རྟོག་པ་ཡིན་ཏེ་ཆོས་རྣམས་ཀྱི་མཚན་ཉིད་གང་ཡིན་པ་དེ་ནི་ཀུན་ནས་ཉོན་མོངས་པར་མི་འགྱུར་རོ། །རྣམ་པར་བྱང་བར་མི་འགྱུར་རོ་ཞེས་གསུངས་སོ། །དེ་བཞིན་ཉིད་ནི་རང་བཞིན་གྱིས་ཡོངས་སུ་དག་པའི་ཕྱིར་དྲི་མ་དང་
བཅས་པའི་གནས་སྐབས་ན་ཀུན་ནས་ཉོན་མོངས་པ་ཡང་མེད་ལ། དྲི་མ་མེད་པའི་གནས་སྐབས་ན་གློ་བུར་གྱི་རྣམ་པར་བྱང་བ་ཡང་མེད་དེ། དུས་ཐམས་ཅད་དུ་དེ་བཞིན་ཉིད་དུ་གནས་པའི་ཕྱིར། དེ་བཞིན་ཉིད་དོ་ཞེས་བསྟན་ཏོ། །དེ་བས་ན་སྔར་བསྟན་པ་དེ་དག་ཐམས་ཅད་ཀུན་
བརྟགས་པ་སྟེ། དེ་དག་ཡང་དག་པ་ཇི་ལྟ་བ་བཞིན་དུ་མ་ཡིན་པ་བདེན་པ་མ་ཡིན་པའོ་ཞེས་གསུངས་པ་ཡིན་ནོ། །རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། མིང་དང་བརྡར་བྱ་བའི་ཆོས་ཀྱི་གདགས་པ་ཁོང་དུ་ཆུད་
པར་བྱ་སྟེ་ཞེས་བྱ་བས་བརྟགས་པ་དེ་དག་ཉིད་བསྟན་ནས་ཆོས་ཐམས་ཅད་ལ་མངོན་པར་ཞེན་པ་མེད་པ་ནི་དེའི་འབྲས་བུ་ཡིན་པས། དེས་མིང་དང་བརྡར་བྱ་བའི་ཆོས་ཀྱི་གདགས་པ་ཁོང་དུ་ཆུད་ན་གཟུགས་ལ་མངོན་པར་ཞེན་པར་འགྱུར་བ་མེད་དོ་ཞེས་བྱ་བ་ལ་སོགས་པ་ཕན་ཡོན་གཉིས་པ་
སྟོན་ཏོ། །དེ་ལྟར་ཆོས་ཐམས་ཅད་བཏགས་པ་ཙམ་དུ་ཟད་པར་རིག་ནས་གཟུགས་ལ་སོགས་པ་ཀུན་བརྟགས་པའི་ཆོས་རྣམས་དང་། སངས་རྒྱས་ཀྱི་ཆོས་ཡོངས་སུ་དག་པར་བྱ་བའི་ཐབས་མཁས་པའི་མཐར་ཐུག་པའི་བར་དག་ལ་མངོན་པར་ཞེན་པར་མི་བྱེད་དོ་ཞེས་བྱ་བའི་ཐ་ཚིག་གོ། །
དེ་བཞིན་ཉིད་ལ་མངོན་པར་ཞེན་པར་འགྱུར་བ་མེད་དོ། །ཡང་དག་པའི་མཐའ་ལ་མངོན་པར་ཞེན་པར་འགྱུར་བ་མེད་དོ། །ཆོས་ཀྱི་དབྱིངས་ལ་མངོན་པར་ཞེན་པར་འགྱུར་བ་མེད་དོ་ཞེས་བྱ་བ་ནི་སྔར་སྨོས་པའི་རིམ་པས་ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱི་སྤྱོད་ཡུལ་བྱང་ཆུབ་སེམས་དཔའི་སས་
བསྡུས་པ་ནི་དེ་བཞིན་ཉིད་ཅེས་བྱའོ། །ཐམས་ཅད་ཤེས་པ་ཉིད་ཀྱི་སྤྱོད་ཡུལ་ཉན་ཐོས་དང་རང་སངས་རྒྱས་ཀྱི་མྱ་ངན་ལས་འདས་པ་ནི་ཡང་དག་པའི་མཐའ་ཞེས་བྱའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སྤྱོད་ཡུལ་སངས་རྒྱས་ཀྱི་སར་གཏོགས་པའི་ཆོས་ཀྱི་སྐུ་ནི་ཆོས་ཀྱི་དབྱིངས་ཞེས་

བྱའོ། །དེ་ནས་ཡང་མངོན་པར་ཞེན་པ་མེད་པར་བསྒོམ་པའི་ཕན་ཡོན་ནི། རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི་ཆོས་ཐམས་ཅད་ལ་མངོན་པར་ཞེན་པ་མེད་པས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་འཕེལ་ལོ་ཞེས་བྱ་བ་ལ་
སོགས་པ་ནས། གཟུངས་ཀྱི་སྒོ་རྣམས་དང་། ཏིང་ངེ་འཛིན་གྱི་སྒོ་རྣམས་ཀྱང་ཐོབ་པར་འགྱུར་རོ་ཞེས་བྱ་བའི་མཐར་ཐུག་པའི་བར་གྱི་གཞུང་གིས་བསྟན་ཏོ། །དེ་ལྟར་བརྡར་བཏགས་པའི་གདམས་པ་ཡོངས་སུ་རྫོགས་པར་བྱས་ནས། སེམས་ཅན་མི་དམིགས་པའི་གདམས་པ་གཉིས་
པ་བསྟན་པར་བྱ་སྟེ། འདི་ལྟར་གནས་བརྟན་རབ་འབྱོར་གྱིས་དང་པོ་ཞུས་པ་ལས། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བགྱི་ན་ཞེས་བྱ་བ་འབྱུང་བས། ཚིག་དེའི་རྒྱུས་བྱང་ཆུབ་སེམས་དཔའ་ཞེས་བྱ་བའི་ཆོས་འགའ་ཞིག་ཡོད་དོ་སྙམ་པའི་བསམ་པས།
གནས་བརྟན་གྱིས་དེ་སྐད་སྨྲས་སོ་སྙམ་དུ་ཁ་ཅིག་ཐེ་ཚོམ་དེ་བསལ་བའི་ཕྱིར། བཅོམ་ལྡན་འདས་ཀྱིས་རབ་འབྱོར་དེ་ཇི་སྙམ་དུ་སེམས། གཟུགས་བྱང་ཆུབ་སེམས་དཔའ་ཡིན་སྙམ་མམ། གཟུགས་མ་ཡིན་པ་གཞན་ཞིག་བྱང་ཆུབ་སེམས་དཔའ་ཡིན་སྙམ་མམ། གཟུགས་
ལ་བྱང་ཆུབ་སེམས་དཔའ་ཡོད་སྙམ་མམ། བྱང་ཆུབ་སེམས་དཔའ་ལ་གཟུགས་ཡོད་སྙམ་མམ། གཟུགས་མེད་པ་ཞིག་བྱང་ཆུབ་སེམས་དཔའ་ཡིན་སྙམ་མམ་ཞེས་བྱ་བ་དྲི་བ་རྣམ་པ་ལྔ་དྲིས་སོ། །བྱང་ཆུབ་སེམས་དཔའ་ལ་སེམས་ཅན་དུ་འཛིན་ཅིང་། བདག་ལ་སོགས་པ་
བཞིན་དུ་ཐ་དད་པར་རྟོག་ན་རྣམ་པར་རྟོག་པ་རྣམ་པ་གསུམ་དུ་འགྱུར་ཏེ། དེ་ཉིད་དང་གཞན་ཉིད་ཀྱི་དབང་དང་གཞི་དང་། གནས་པའི་དངོས་པོ་དང་། དེ་ལས་གཞན་པར་རོ། །འདི་ལྟར་བྱང་ཆུབ་སེམས་དཔའ་ལ་སེམས་ཅན་ཉིད་དུ་མངོན་པར་ཞེན་ན། ཇི་ལྟར་ཆད་པར་སྨྲ་བ་རྣམས་ཀྱིས་
བདག་ཏུ་ཡོངས་སུ་བཏགས་པ་ལྟར་ཕུང་པོ་ལྔའི་ངོ་བོ་ཉིད་དམ། ཇི་ལྟར་རྟག་པར་སྨྲ་བ་རྣམས་ཀྱིས་བདག་ཏུ་ཡོངས་སུ་བཏགས་པ་ལྟར། ཕུང་པོ་ལྔ་ལས་མ་གཏོགས་པ་གཞན་ཞིག་ཡིན་གྲང་ན། དེ་ལ་དང་པོ་གཅིག་པའི་ཕྱོགས་ཉེ་བར་བཟུང་སྟེ། གཟུགས་བྱང་ཆུབ་སེམས་

དཔའ་ཡིན་སྙམ་མམ། ཚོར་བ་བྱང་ཆུབ་སེམས་དཔའ་ཡིན་སྙམ་མམ། འདུ་ཤེས་བྱང་ཆུབ་སེམས་དཔའ་ཡིན་སྙམ་མམ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །གཉིས་པ་ཐ་དད་པའི་ཕྱོགས་ཉེ་བར་བཟུང་སྟེ། གཟུགས་མ་ཡིན་པ་གཞན་ཞིག་བྱང་ཆུབ་
སེམས་དཔའ་ཡིན་སྙམ་མམ། ཚོར་བ་མ་ཡིན་པ་གཞན་ཞིག་བྱང་ཆུབ་སེམས་དཔའ་ཡིན་སྙམ་མམ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཡང་ཕྱོགས་གཉིས་པ་གཞི་དང་གནས་པའི་དངོས་པོ་ཉེ་བར་བཟུང་ནས་གཟུགས་ལ་བྱང་ཆུབ་སེམས་དཔའ་ཡོད་སྙམ་མམ། བྱང་ཆུབ་
སེམས་དཔའ་ལ་གཟུགས་ཡོད་སྙམ་མམ། ཚོར་བ་ལ་བྱང་ཆུབ་སེམས་དཔའ་ཡོད་སྙམ་མམ། བྱང་ཆུབ་སེམས་དཔའ་ལ་ཚོར་བ་ཡོད་སྙམ་མམ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཟུགས་དང་ཚོར་བ་ལ་སོགས་པ་དང་། བྱང་ཆུབ་སེམས་དཔའ་ནི་རྣམ་པ་ཐམས་ཅད་དུ་
འབྲེལ་པ་མེད་དེ། རྣམ་པ་ཐམས་ཅད་དུ་དེ་དག་ལས་བྱང་ཆུབ་སེམས་དཔའ་ནི་གཞན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །ཕྱོགས་གསུམ་པ་ཉེ་བར་བཟུང་ནས། གཟུགས་མེད་པ་ཞིག་བྱང་ཆུབ་སེམས་དཔའ་ཡིན་སྙམ་མམ། ཚོར་བ་མེད་པ་ཞིག་བྱང་ཆུབ་སེམས་དཔའ་ཡིན་སྙམ་མམ་ཞེས་
བྱ་བ་ལ་སོགས་པ་གསུངས་ཏེ། འདི་ལྟར་བྱང་ཆུབ་སེམས་དཔའ་འདི་ལ་རྣམ་པར་དཔྱད་ན། གཅིག་པའམ། ཐ་དད་པའམ། གཞི་དང་གནས་པའི་དངོས་པོ་འམ། དེ་མེད་པའི་དངོས་པོར་ཡང་དཔྱད་དུ་མི་བཟོད་དེ། དེ་བས་ན་བྱང་ཆུབ་སེམས་དཔའ་ཉིད་མེད་དོ་སྙམ་དུ་དགོངས་
ནས། བཅོམ་ལྡན་འདས་དེ་ནི་མ་ལགས་སོ་ཞེས་གསུངས་སོ། །བདག་ཏུ་སྨྲ་བའི་ནང་ནས་ཁ་ཅིག་རྟོག་པར་བྱེད་པ་མཐོང་བ་ནི་ཡུལ་ཐམས་ཅད་པའོ་ཞེས་འབྱུང་བས་སེམས་ཅན་ནི་མིག་ལ་སོགས་པ་དབང་པོའི་བདག་ཉིད་ལ་སེམས་ཅན་དུ་རྟོག་ཅིང་། གཟུགས་ཀྱི་རང་བཞིན་ལ་
སེམས་ཅན་ཞེས་བྱ་བ་བསམས་ཏེ། མཐོང་བ་པོ་ནི་བདག་ཡིན་ནོ་སྙམ་དུ་སེམས་པ་དེའི་ཕྱིར། གཟུགས་བྱང་ཆུབ་སེམས་དཔའ་ཡིན་སྙམ་མམ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་བཞིན་དུ་བ་ལང་རྫི་ལ་སོགས་པ་ལྟར་ཟ་བ་པོ་ནི་སེམས་ཅན་ཡིན་ནོ་སྙམ་དུ་རྟོག་ཅིང་། ཚོར་བའི་

ངོ་བོ་ཉིད་དུ་བཟུང་ནས་ཚོར་བ་པོ་ནི་བདག་ཡིན་ནོ་སྙམ་དུ་སེམས་པ་དེའི་ཕྱིར་ཚོར་བ་བྱང་ཆུབ་སེམས་དཔའ་ཡིན་སྙམ་མམ་ཞེས་བྱ་བ་གསུངས་སོ། །དེ་བཞིན་དུ་གཅེར་བུ་ལ་སོགས་པ་ལྟར་བྱེད་པ་པོ་སེམས་ཅན་ཡིན་པར་རྟོག་ཅིང་། འདུ་ཤེས་དང་འདུ་བྱེད་ཀྱི་ངོ་བོ་ཉིད་དུ་བཟུང་སྟེ། བྱེད་པ་
པོ་ནི་བདག་ཡིན་ནོ་སྙམ་དུ་སེམས་པ་དེའི་ཕྱིར་འདུ་ཤེས་བྱང་ཆུབ་སེམས་དཔའ་ཡིན་སྙམ་མམ། འདུ་བྱེད་རྣམས་བྱང་ཆུབ་སེམས་དཔའ་ཡིན་སྙམ་མམ་ཞེས་བྱ་བ་གསུངས་སོ། །དེ་བཞིན་དུ་རིག་བྱེད་སྨྲ་བ་ལ་སོགས་པ་ལྟར་ཤེས་པ་པོ་ནི་བདག་ཡིན་ནོ་སྙམ་དུ་རྟོག་ཅིང་། རྣམ་པར་ཤེས་པའི་
ངོ་བོ་ཉིད་དུ་བཟུང་སྟེ། ཤེས་པར་བྱེད་པ་ནི་བདག་ཡིན་ནོ་སྙམ་དུ་སེམས་པ་དེའི་ཕྱིར་རྣམ་པར་ཤེས་པ་བྱང་ཆུབ་སེམས་དཔའ་ཡིན་སྙམ་མམ་ཞེས་བྱ་བ་གསུངས་སོ། །དེ་བཞིན་དུ་གྲངས་ཅན་པ་དག་ལྟར་ཤིན་ཏུ་ཕྲ་ཞིང་ཁྱབ་ལ་མི་གསལ་བའི་སྐྱེས་བུར་རྟོག་ཅིང་གཟུགས་ལ་སོགས་པ་ལས་ཐ་
དད་པར་གྱུར་པའི་བདག་ཅིག་ཡོད་པར་སེམས་པ་དེའི་ཕྱིར་གཟུགས་མ་ཡིན་པ་གཞན་ཞིག་བྱང་ཆུབ་སེམས་དཔའ་ཡིན་སྙམ་མམ། ཚོར་བ་མ་ཡིན་པ་གཞན་ཞིག་བྱང་ཆུབ་སེམས་དཔའ་ཡིན་སྙམ་མམ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་བཞིན་དུ་ཀུན་ཏུ་རྒྱུ་ལ་སོགས་པ་ལྟར། སེམས་
ཅན་མཐེ་བོ་ཙམ་མམ། ནས་ལ་སོགས་པ་ཙམ་ཞིག་ཡོད་པར་རྟོག་ཅིང་ཕུང་པོ་བདག་ཉིད་ཀྱི་ལུས་ལ་སྐྱེས་བུ་འདི་གནས་སོ་སྙམ་དུ་རྟོག་པ་དེའི་ཕྱིར། གཟུགས་ལ་བྱང་ཆུབ་སེམས་དཔའ་ཡོད་སྙམ་མམ། ཚོར་བ་ལ་བྱང་ཆུབ་སེམས་དཔའ་ཡོད་སྙམ་མམ་ཞེས་བྱ་བ་ལ་སོགས་པ་གསུངས་
སོ། །དེ་དེ་བཞིན་དུ་འུག་པ་པ་ལ་སོགས་པ་ལྟར་གཟུགས་མི་རྟག་པ་ལ་སོགས་པ་ནི་སྐྱེས་བུ་རྟག་པ་ལ་གནས་པ་ཡིན་པར་འདོད་དེ། གཟུགས་ལ་སོགས་པ་བདག་ལ་གནས་སོ་སྙམ་དུ་སེམས་ཤིང་གནས་ཀྱི་དངོས་པོར་རྟོག་པ་དེའི་ཕྱིར་བྱང་ཆུབ་སེམས་དཔའ་ལ་གཟུགས་ཡོད་སྙམ་
མམ། བྱང་ཆུབ་སེམས་དཔའ་ལ་ཚོར་བ་ཡོད་སྙམ་མམ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་བཞིན་དུ་དབང་ཕྱུག་ཏུ་སྨྲ་བ་ལ་སོགས་པ་ཁ་ཅིག་ལྟར། དབང་ཕྱུག་ཅེས་བྱ་བ་ཤིན་ཏུ་ཕྲ་ཞིང་རྟོགས་པར་དཀའ་བ་ཞིག་ཡོད་པར་རྟོག་ཅིང་། གཟུགས་ལ་སོགས་པའི་ངོ་བོ་ཉིད་ལས་

གཞན་པ་ཞིག་ཡོད་པར་རྟོག་པ་དེའི་ཕྱིར་གཟུགས་མེད་པ་ཞིག་བྱང་ཆུབ་སེམས་དཔའ་ཡིན་སྙམ་མམ། ཚོར་བ་མེད་པ་ཞིག་བྱང་ཆུབ་སེམས་དཔའ་ཡིན་སྙམ་མམ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །རྣམ་པར་རྟོག་པ་དེ་དག་ཐམས་ཅད་རིགས་པ་དང་མི་མཐུན་ནོ་
སྙམ་དུ་དགོངས་ནས། ཕུང་པོ་ལྔ་དང་། ཁམས་དྲུག་དང་། སྐྱེ་མཆེད་བཅུ་གཉིས་དང་། ཁམས་བཅོ་བརྒྱད་དང་། རྟེན་ཅིང་འབྲེལ་བར་འབྱུང་བའི་ཡན་ལག་བཅུ་གཉིས་ཉེ་བར་བཟུང་སྟེ། སོ་སོར་དྲིས་པ་དང་། གནས་བརྟན་རབ་འབྱོར་གྱིས། བཅོམ་ལྡན་འདས་དེ་ནི་མ་ལགས་
སོ་ཞེས་བཀག་གོ། །དེ་ནས་བཅོམ་ལྡན་འདས་ཀྱིས་གལ་ཏེ་བྱང་ཆུབ་སེམས་དཔའ་འདིས་ཆོས་གཞན་དུ་གྱུར་པ་ཞིག་ཡོད་ན་འདུས་བྱས་སམ་འདུས་མ་བྱས་པ་ཞིག་ཡིན་གྲང་ན། གལ་ཏེ་འདུས་བྱས་ཡིན་ན་ནི་ཕུང་པོ་ལྔ་ལ་སོགས་པ་འདི་དག་ལ་དམིགས་པར་འགྱུར་བ་ཞིག་ན་དམིགས་པར་
མ་གྱུར་ཏོ། །གལ་ཏེ་འདུས་མ་བྱས་པ་ཞིག་ཡིན་པ་ཁས་ལེན་ན་ཡང་། དོགས་པ་དེ་བསལ་བའི་ཕྱིར་ཡང་ཕུང་པོ་ལ་སོགས་པ་དེ་བཞིན་ཉིད་བཟུང་སྟེ། རབ་འབྱོར་དེ་ཇི་སྙམ་དུ་སེམས་གཟུགས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་བྱང་ཆུབ་སེམས་དཔའ་ཡིན་སྙམ་མམ་ཞེས་བྱ་བ་ལ་སོགས་
པ་དྲིས་སོ། །དེ་ནས་གནས་བརྟན་རབ་འབྱོར་གྱིས། ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དང་། རྟེན་ཅིང་འབྲེལ་བར་འབྱུང་བའི་དེ་བཞིན་ཉིད་ཐ་དད་པ་དང་། འདུས་པ་དེ་དག་བསྡུས་ཏེ། བྱང་ཆུབ་སེམས་དཔའ་ལ་ཡོད་ན་ནི་བྱང་ཆུབ་སེམས་དཔའ་གཅིག་ཉིད་ལ་ངོ་བོ་ཉིད་ཚད་མེད་
གྲངས་མེད་པར་འགྱུར་ཏེ། དེ་ལྟ་བུའི་རིགས་པ་ཡང་མེད་དོ་སྙམ་ནས་བཅོམ་ལྡན་འདས་དེ་ནི་མ་ལགས་སོ་ཞེས་དེ་ཡང་བཀག་གོ། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་རབ་འབྱོར་ཁྱོད་ཀྱིས་དོན་གྱི་དབང་ཡིན་པ་ཉེ་བར་བཟུང་ནས་དེ་སྐད་ཟེར་ཞེས་གཏན་ཚིགས་དྲིས་པ་དང་། དེའི་གཏན་
ཚིགས་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཤིན་ཏུ་མ་མཆིས་ཤིང་མི་དམིགས་ན། དེ་ལ་གཟུགས་བྱང་ཆུབ་སེམས་དཔའ་འགྱུར་བ་ལྟ་ག་ལ་མཆིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། རི་བོང་གི་རྭ་དང་། མོ་གཤམ་གྱི་བུ་ལ་སོགས་པ་ལ། རིང་བ་དང་། ཐུང་བ་དང་། དཀར་

ཤམ་དང་། སྔོ་བསངས་ལ་སོགས་པའི་རྣམ་པར་རྟོག་པ་བཞིན་དུ་སེམས་ཅན་ཤིན་ཏུ་མེད་པ་ལས། གཟུགས་ལ་སོགས་པ་འདུས་བྱས་ཀྱི་ངོ་བོ་ཉིད་དམ། དེ་བཞིན་ཉིད་འདུས་མ་བྱས་ཀྱི་ངོ་བོ་ཉིད་དུ་ཡོད་པ་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །འདི་ལ་གཟུགས་ཀྱི་དེ་བཞིན་ཉིད་དམིགས་པར་
ལྟ་ག་ལ་འགྱུར་ཞེས་བྱ་བ་ནི་གཟུགས་ཀྱི་དེ་བཞིན་ཉིད་ངོ་བོ་ཉིད་དུ་ག་ལ་འགྱུར་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟར་ངོ་བོ་ཉིད་ཐམས་ཅད་བཀག་ནས། བཅོམ་ལྡན་འདས་ཀྱིས་སེམས་ཅན་མི་དམིགས་པའི་གདམས་པ་མཇུག་བསྡུ་བའི་ཕྱིར་རབ་འབྱོར་ལེགས་སོ་ལེགས་སོ། །རབ་འབྱོར་བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོས་སེམས་ཅན་མི་དམིགས་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་བསླབ་པར་བྱའོ་ཞེས་བྱ་བ་གསུངས་སོ། །དེ་ནས་ཡང་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཞེས་བགྱི་བ་དེ་ཆོས་གང་གི་ཚིག་བླ་དགས་ལགས་ཞེས་འཕགས་པ་གནས་བརྟན་རབ་འབྱོར་
གྱིས་སྔར་ཚིག་བླ་དགས་ཞུས་པའི་སྒོ་ནས་བྱང་ཆུབ་སེམས་དཔའ་ཡོད་པ་ལྟ་བུར་བསྟན་པ་ལ། ཁ་ཅིག་འདི་སྙམ་དུ་གལ་ཏེ་བྱང་ཆུབ་སེམས་དཔའ་དོན་དམ་པར་ཕུང་པོ་ལ་སོགས་པའི་ངོ་བོ་ཉིད་མེད་དུ་ཟིན་ཀྱང་། ཀུན་རྫོབ་ཀྱི་སྒོ་ནས་ཕུང་པོ་ལ་སོགས་པར་བཏགས་པའི་ངོ་བོ་ཉིད་དུ་ཡོད་དོ་སྙམ་
དུ་སེམས་ཏེ། དེའི་ཕྱིར་བཏགས་པ་དེ་ཡང་ཡོད་པ་མ་ཡིན་པར་བསྟན་ཏེ། དེའི་འོག་ཏུ་ཚིག་བླ་དགས་མི་དམིགས་པའི་གདམས་པ་བསྟན་པའི་ཕྱིར་བཅོམ་ལྡན་འདས་ཀྱིས་ཞུས་པའི་ཚིག་དེ་ཉིད་བཟུང་སྟེ། རབ་འབྱོར་དེ་ཇི་སྙམ་དུ་སེམས་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་གཟུགས་ཀྱི་
ཚིག་བླ་དགས་ཡིན་སྙམ་མམ། ཅི་བྱང་ཆུབ་སེམས་དཔའ་འདི་ཚོར་བའི་ཚིག་བླ་དགས་ཡིན་སྙམ་མམ་ཞེས་བྱ་བ་ལ་སོགས་པ་དྲིས་སོ། །གལ་ཏེ་བྱང་ཆུབ་སེམས་དཔའ་ཚིག་བླ་དགས་ཀྱི་ངོ་བོ་ཉིད་ཡིན་ན། གཟུགས་ལ་སོགས་པ་ལྔ་དང་། དེ་དག་རྟག་པ་དང་མི་རྟག་པ་ལ་སོགས་
པ་བཅུ་བཞིའི་ཚིག་བླ་དགས་རྣམས་ཀྱི་ངོ་བོ་ཉིད་དུ་འགྱུར་ཏེ་དེའི་ཕྱིར། ཅི་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་གཟུགས་ཀྱི་ཚིག་བླ་དགས་ཡིན་སྙམ་མམ། ཅི་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ཚོར་བའི་ཚིག་བླ་དགས་ཡིན་སྙམ་མམ་ཞེས་སོ་སོའི་ཚིག་བླ་དགས་རྣམས་བཟུང་སྟེ་དྲིས་སོ། །

དེ་ནས་གནས་བརྟན་རབ་འབྱོར་གྱིས་གཟུགས་ལ་སོགས་པ་ཀུན་བརྟགས་པ་ཡིན་པའི་ཕྱིར་ཤིན་ཏུ་མེད་པ་ཉིད་ཡིན་ན་དེ་དག་གི་ཚིག་བླ་དགས་དམིགས་པར་ལྟ་ག་ལ་འགྱུར། ཚིག་བླ་དགས་མི་དམིགས་ན་བྱང་ཆུབ་སེམས་དཔའ་ལྟ་ག་ལ་འགྱུར་ཞེས་ཚིག་བླ་
དགས་མེད་པ་དང་། བྱང་ཆུབ་སེམས་དཔའ་ཚིག་བླ་དགས་ཀྱི་ངོ་བོ་ཉིད་མེད་པར་བསྟན་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚིག་བླ་དགས་རྣམས་མི་དམིགས་པ་ཉིད་ལ་བརྟེན་ནས་རབ་འབྱོར་ལེགས་སོ་ལེགས་སོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་
གཟུགས་ཀྱི་ཚིག་བླ་དགས་མི་དམིགས་པ་ཞེས་བྱ་བ་ནས་རྣམ་པར་ཤེས་པ་བདེ་བ་དང་། སྡུག་བསྔལ་བ་དང་། བདག་ཡོད་པ་དང་། བདག་མེད་པ་དང་། ཞི་བ་དང་། མ་ཞི་བ་དང་། སྟོང་པ་དང་། མི་སྟོང་པ་དང་། མཚན་མ་ཡོད་པ་དང་། མཚན་མ་མེད་པ་དང་། སྨོན་པ་
ཡོད་པ་དང་། སྨོན་པ་མེད་པའི་ཚིག་བླ་དགས་མི་དམིགས་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ་ཞེས་བྱ་བའི་བར་གྱི་ཚིག་བླ་དགས་རྣམས་ཀྱིས་གདམས་སོ། །དེ་ལྟར་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་དོན་དམ་པ་དང་། ཀུན་རྫོབ་ཏུ་ཡང་མེད་པར་བསྟན་ནས། བྱང་ཆུབ་
སེམས་དཔའ་འབའ་ཞིག་མེད་པར་མ་ཟད་ཀྱི། ཆོས་ཐམས་ཅད་ཀྱང་མེད་དོ་ཞེས་ཆོས་ཐམས་ཅད་མི་དམིགས་པའི་གདམས་པ་བསྟན་པའི་ཕྱིར་བཅོམ་ལྡན་འདས་ཀྱིས་གནས་བརྟན་རབ་འབྱོར་གྱིས་སྔར་ཞུས་པའི་ཚིག་བཟུང་ནས། རབ་འབྱོར་གང་ཡང་ཁྱོད་འདི་སྐད་དུ་ཞེས་བྱ་བས་སྐབས་
ཕྱིའོ། །གནས་བརྟན་རབ་འབྱོར་གྱིས་སྔར་བཅོམ་ལྡན་འདས་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ཞེས་བགྱི་བའི་ཆོས་བདག་གིས་ཡང་དག་པར་རྗེས་སུ་མི་མཐོང་ཞེས། བྱང་ཆུབ་སེམས་དཔའ་ཞེས་བྱ་བའི་ཆོས་ཡང་དག་པར་རྗེས་སུ་མ་མཐོང་ངོ་ཞེས་སྨྲས་པས་དོན་དམ་པར་སུས་
ཀྱང་ཅིའང་མ་མཐོང་ངོ་ཞེས་བསྟན་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཀྱང་དོན་དམ་པར་ཡོངས་སུ་མ་གྲུབ་པའི་གནས་སྐབས་ན་སུས་ཀྱང་ཅི་ཡང་མ་མཐོང་ལ་དེ་ཡང་གཞན་གྱིས་མི་མཐོང་ངོ་ཞེས་བསྟན་པའི་ཕྱིར། རབ་འབྱོར་ཆོས་ཀྱིས་ཆོས་ཀྱི་དབྱིངས་ཡང་དག་པར་རྗེས་སུ་མི་

མཐོང་ངོ་། །ཆོས་ཀྱི་དབྱིངས་ཀྱིས་ཆོས་ཡང་དག་པར་རྗེས་སུ་མི་མཐོང་ངོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཀུན་བརྟགས་པའི་ཆོས་ཀྱིས་ཡོངས་སུ་གྲུབ་པའི་ཆོས་ཀྱི་དབྱིངས་ཡང་དག་པར་རྗེས་སུ་མི་མཐོང་ལ། ཡོངས་སུ་གྲུབ་པའི་ཆོས་ཀྱི་དབྱིངས་ཀྱིས་ཀྱང་། ཀུན་བརྟགས་པའི་
ཆོས་ཡང་དག་པར་རྗེས་སུ་མི་མཐོང་ངོ་ཞེས་བྱ་བ་སྟེ། དེ་ཉིད་བསྟན་པའི་ཕྱིར་གཟུགས་ཀྱི་ཁམས་ཀྱིས་ཆོས་ཀྱི་དབྱིངས་ཡང་དག་པར་རྗེས་སུ་མི་མཐོང་ངོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ནས་ཡང་ཐ་དད་པ་དེའི་གཏན་ཚིགས་སུ་དེ་ཅིའི་ཕྱིར་ཞེ་ན་འདུས་བྱས་མ་གཏོགས་པར་འདུས་
མ་བྱས་གདགས་པར་མི་ནུས་སོ་ཞེས་གསུངས་སོ། །གལ་ཏེ་འདུས་བྱས་ཀྱི་ཆོས་དང་འདུས་མ་བྱས་པའི་ཆོས་ཐ་དད་པར་གྱུར་ན། དེ་ལྟ་ན་ནི་གཅིག་གིས་གཅིག་མཐོང་བར་ཡང་འགྱུར་བ་ཞིག་ན། འདུས་བྱས་རྣམས་ལ་འདུས་མ་བྱས་ཞེས་བྱ་བ་ཐ་དད་པ་ཅི་ཡང་མེད་དོ། །དེ་ཡང་འདི་ལྟར་དེ་
བཞིན་ཉིད་དེ་ཉིད་མ་དག་པའི་གནས་སྐབས་ན་ནི་འདུས་བྱས་ཞེས་བྱ་ལ། དེ་ཉིད་དག་པའི་གནས་སྐབས་ན་ནི་འདུས་མ་བྱས་ཞེས་བྱའོ། །དཔེར་ན་ཆུ་སྔར་མ་དངས་པ་ལས་ཕྱིས་རབ་ཏུ་དངས་པར་གྱུར་པ་ལ་ཡང་ཆུ་དེ་ཉིད་ཅེས་བྱ་བ་དང་། ཇི་ལྟར་ནམ་མཁའ་སྤྲིན་ལ་སོགས་པས་དྲི་མ་
ཅན་དུ་གྱུར་པ་ལ་ཕྱིས་དྲི་མ་མེད་པར་གྱུར་པ་ལ་ཡང་། ནམ་མཁའ་དེ་ཉིད་ཅེས་བྱ་བ་དེ་བཞིན་དུ། སྔར་མ་དག་པའི་དེ་བཞིན་ཉིད་ཕྱིས་ཤིན་ཏུ་རྣམ་པར་དག་པར་གྱུར་པ་ན་ཡང་དེ་ཉིད་དེ་བཞིན་ཉིད་ཡིན་པས་འདུས་བྱས་ཀྱི་ཆོས་རྣམས་དང་། འདུས་མ་བྱས་པ་རྣམས་ལ་ངོ་བོ་ཉིད་ཐ་དད་
པ་མེད་དོ། །དེ་བས་ན་ཇི་ལྟར་བདག་ཉིད་ཀྱིས་བདག་ཡང་དག་པར་རྗེས་སུ་མི་མཐོང་ངོ་ཞེས་བྱ་བ་དེ་བཞིན་དུ་ཀུན་བརྟགས་པའི་ཆོས་ཀྱིས་ཡོངས་སུ་གྲུབ་པའི་ཆོས་ཀྱི་དབྱིངས་མི་མཐོང་ལ། ཡོངས་སུ་གྲུབ་པའི་ཆོས་ཀྱི་དབྱིངས་ཀྱིས་ཀྱང་ཀུན་བརྟགས་པའི་ཆོས་མི་མཐོང་ངོ་ཞེས་བྱའོ། །
དེ་ཅིའི་ཕྱིར་ཞེ་ན་གཞན་གྱིས་ནི་གཞན་མཐོང་བར་འགྱུར་གྱི་བདག་ཉིད་ཀྱིས་ནི་བདག་ཉིད་མི་མཐོང་ངོ་ཞེས་བྱ་བའི་ཐ་ཚིག་གོ། །ཆོས་ཐམས་ཅད་མི་དམིགས་པར་སྦྱོར་བ་འདིའི་ཕན་ཡོན་བསྟན་པའི་ཕྱིར། རབ་འབྱོར་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་

རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཆོས་གང་ཡང་ཡང་དག་པར་རྗེས་སུ་མི་མཐོང་སྟེ། ཡང་དག་པར་རྗེས་སུ་མི་མཐོང་བས། མི་སྐྲག །མི་དངང་། དངང་བར་མི་འགྱུར་ཞིང་། དེའི་སེམས་ཞུམ་པར་མི་འགྱུར། ཀུན་ཏུ་ཞུམ་པར་མི་འགྱུར། ཡིད་ལ་འགྱོད་པ་སྐྱེ་
བར་མི་འགྱུར་རོ་ཞེས་བྱ་བ་གསུངས་སོ། །ཆོས་ཐམས་ཅད་མི་དམིགས་པར་སྦྱོར་བ་འདིའི་འབྲས་བུ་ཡང་དད་པ་མངོན་པར་འཕེལ་བ་དང་། ཤེས་རབ་མངོན་པར་འཕེལ་བ་སྟེ། དད་པ་མངོན་པར་འཕེལ་བ་ནི་སྐྲག་པ་ལ་སོགས་པ་མེད་དོ། །ཤེས་རབ་མངོན་པར་འཕེལ་བ་ནི་སེམས་
འགོང་བ་དང་། འབྱིང་བ་མེད་དོ། །དད་པ་དེ་ཡང་གནས་གསུམ་ལ་ལྷག་པར་འགྱུར་ཏེ། ཆོས་ཟབ་མོ་བཤད་པ་དང་། ཤིན་ཏུ་བྱ་དཀའ་བ་བསྒྲུབ་པ་དང་། སངས་རྒྱས་ཀྱི་ཆོས་ཤིན་ཏུ་ངོ་མཚར་རྨད་དུ་བྱུང་བ་རྣམས་ལ་བྱ་སྟེ། གནས་དེ་གསུམ་ལ་དད་པ་མངོན་པར་འཕེལ་ན་དེ་
ལ་མ་དད་པ་ལས་བྱུང་བའི་སྐྲག་པ་སྐྱེ་བར་མི་འགྱུར་ཞིང་། ཟབ་མོའི་གནས་གསུམ་པོ་དེ་དག་ཉིད་ལ་མི་ཤེས་པ་ལས་བྱུང་བའི་སེམས་ཞུམ་པ་སྐྱེ་བར་མི་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལ་དང་པོ་འབྱུང་བའི་ཚེ་ཆུང་ངུའི་གནས་སྐབས་ལ་ནི་སྐྲག་པ་ཞེས་བྱའོ། །བར་གྱི་གནས་
སྐབས་ལ་ནི་དངང་བ་ཞེས་བྱའོ། །ཆེན་པོར་གྱུར་པའི་གནས་སྐབས་ལ་ནི་དངང་བར་འགྱུར་བ་ཞེས་བྱའོ། །དེ་བཞིན་དུ་སེམས་འགོང་བ་ལ་ཡང་གནས་སྐབས་གསུམ་དུ་སྦྱར་བར་བྱའོ། །དེ་ནས་གཟུགས་ཡང་དག་པར་རྗེས་སུ་མི་མཐོང་ངོ་ཞེས་བྱ་བ་ལ་སོགས་པས་ཆོས་ཐམས་ཅད་
མི་དམིགས་པ་དེ་ཉིད་རྒྱས་པར་བསྟན་ཏོ། །ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དང་རྟེན་ཅིང་འབྲེལ་བར་འབྱུང་བའི་ཡན་ལག་རྣམས་དང་། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་རྣམས་དང་། བདག་དང་། སེམས་ཅན་དང་། སྲོག་ལ་སོགས་པ་བཅུ་གསུམ་དང་།
འདོད་པའི་ཁམས་དང་། གཟུགས་ཀྱི་ཁམས་དང་། གཟུགས་མེད་པའི་ཁམས་དང་། ཉན་ཐོས་དང་། ཉན་ཐོས་ཀྱི་ཆོས་རྣམས་དང་། རང་སངས་རྒྱས་དང་། རང་སངས་རྒྱས་ཀྱི་ཆོས་རྣམས་དང་། བྱང་ཆུབ་སེམས་དཔའ་དང་། བྱང་ཆུབ་སེམས་དཔའི་ཆོས་རྣམས་དང་།

སངས་རྒྱས་དང་། སངས་རྒྱས་ཀྱི་ཆོས་རྣམས་དང་། བྱང་ཆུབ་ཅེས་བྱ་བ་སྟེ། ཆོས་དེ་དག་ཐམས་ཅད་བསྟན་ཏོ། །ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དང་། རྟེན་ཅིང་འབྲེལ་བར་འབྱུང་བའི་ཡན་ལག་རྣམས་ཀྱིས་ནི་ཕྱི་དང་ནང་གི་ཆོས་ཐམས་ཅད་བསྡུས་སོ། །འདོད་ཆགས་
དང་། ཞེ་སྡང་དང་། གཏི་མུག་རྣམས་ཀྱིས་ནི་ཉོན་མོངས་པ་དང་། གནས་ངན་ལེན་གྱི་ཕྱོགས་ཐམས་ཅད་བསྡུས་སོ། །བདག་དང་སེམས་ཅན་ལ་སོགས་པས་ནི་ཤིན་ཏུ་མེད་ཅིང་བཏགས་པའི་ཆོས་རྣམས་བསྡུས་སོ། །ཁམས་གསུམ་གྱིས་ནི་འཁོར་བའི་ཆོས་ཐམས་ཅད་བསྡུས་
སོ། །ཉན་ཐོས་ལ་སོགས་པས་ནི་རྣམ་པར་བྱང་བ་དཀར་པོའི་ཆོས་ཐམས་ཅད་བསྡུས་སོ། །སེམས་དང་སེམས་ཀྱི་ཆོས་རྣམས་ཞེས་བྱ་བ་དེས་ནི་འཇུག་པའི་རྣམ་པར་ཤེས་པ་དྲུག་དང་། ཀུན་གཞི་རྣམ་པར་ཤེས་པ་དང་། དེ་དང་མཚུངས་པར་ལྡན་པ་རྣམས་བསྟན་ཏོ། །ཡིད་དང་ཡིད་
ཀྱི་ཆོས་རྣམས་ཞེས་བྱ་བ་དེས་ནི་ཉོན་མོངས་པའི་ཡིད་དང་། དེ་དང་མཚུངས་པར་ལྡན་པ་རྣམས་བསྟན་ཏོ། །དེ་ལྟར་བརྩོན་པའི་གདམས་པ་ལྔ་པ་སྟེ་རྫོགས་པར་བྱས་ནས་དེའི་འོག་ཏུ་བརྩོན་པའི་ཡོན་ཏན་ཞེས་བྱ་བ་དྲུག་པ་བསྟན་པའི་ཕྱིར། བཅོམ་ལྡན་འདས་གཟུགས་ཡོངས་སུ་
རྟོགས་པར་འཚལ་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱིའོ་ཞེས་བྱ་བ་ལ་སོགས་པ་ནས། འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་ཉན་ཐོས་
དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་། སངས་རྒྱས་ཀྱི་ས་ལ་བསླབ་པར་བྱ་བའི་ཐེག་པ་གསུམ་པོ་དག་རྒྱ་ཆེར་བསྟན་ཏོ་ཞེས་བྱ་བའི་གཞུང་གི་ཚིག་མང་པོས་བསྟན་ཏོ། །འདི་ལ་ཡང་ཕན་ཡོན་རྣམ་པ་བཞི་སྟེ། ཡོངས་སུ་ཤེས་པར་བྱ་བའི་ཆོས་
རྣམས་ཡོངས་སུ་ཤེས་པ་དང་། སྤང་བར་བྱ་བ་རྣམས་སྤངས་པ་དང་། ཡོངས་སུ་རྫོགས་པར་བྱ་བ་རྣམས་བསྒོམས་པས་ཡོངས་སུ་རྫོགས་པ་དང་། མངོན་སུམ་དུ་བྱ་བ་རྣམས་ཐོབ་པས་མངོན་སུམ་དུ་བྱས་པའོ། །དེ་ལ་བཅོམ་ལྡན་འདས་གཟུགས་ཡོངས་སུ་རྟོགས་པར་

འཚལ་བས་ཞེས་བྱ་བ་ལ་སོགས་པས་ནི་ཡོངས་སུ་ཤེས་པའི་ཕན་ཡོན་བསྟན་ཏེ། ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དང་། རྟེན་ཅིང་འབྲེལ་བར་འབྱུང་བའི་ཡན་ལག་རྣམས་ཡོངས་སུ་ཤེས་པར་བྱའོ་ཞེས་འབྱུང་བའི་ཕྱིར་རོ། །འདོད་ཆགས་དང་། ཞེ་སྡང་
དང་། གཏི་མུག་སྤང་བར་འཚལ་བས་ཞེས་བྱ་བ་ལ་སོགས་པ་ཡོངས་སུ་སྤངས་པའི་ཡོན་ཏན་བསྟན་ཏེ། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དང་། ལྟ་བ་དང་མི་དགེ་བ་བཅུའི་ལས་ཀྱི་ལམ་རྣམས་སྤང་བར་བྱ་ཞེས་འབྱུང་བའི་ཕྱིར་རོ། །ཡོངས་སུ་རྫོགས་པར་བྱ་བའི་
ཕན་ཡོན་ནི་དགེ་བ་བཅུའི་ལས་ཀྱི་ལམ་དང་། ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་མཐར་ཐུག་པའི་བར་རྣམས་ཡོངས་སུ་རྫོགས་པའི་ཚིག་གིས་བསྟན་ཏོ། །མངོན་སུམ་དུ་བྱ་བའི་ཕན་ཡོན་ནི་གཟུངས་ཀྱི་སྒོ་དང་ཏིང་ངེ་འཛིན་རྣམས་ཐོབ་པ་ཞེས་བྱ་བའི་ཚིག་
གིས་བསྟན་ཏོ། །དེ་ནས་ཡང་ཐ་མར་སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཡོངས་སུ་རྫོགས་པའི་ཕན་ཡོན་དང་། དགེ་བའི་རྩ་བ་ཐམས་ཅད་ཡོངས་སུ་རྫོགས་པའི་ཕན་ཡོན་བསྟན་ཏེ། དེ་གཉིས་ཀྱང་ཡོངས་སུ་རྫོགས་པའི་མཚན་ཉིད་སྔར་སྨོས་པ་དེ་དག་ཉིད་དེ། སྐྱོན་ཆེན་པོའི་སྐབས་
དབྱེ་བའི་ཕྱིར་ཐ་མར་བསྟན་ཏོ། །སྐྱོན་ཆེན་པོ་ཞེས་བྱ་བ་ནི་སྤྱི་བོར་གྱུར་པའམ། གཙོ་བོར་གྱུར་པའི་ཉེས་པའམ། ལྷག་མཐོང་གི་མཚན་ཉིད་སྤྱི་བོར་གྱུར་པའི་གནས་སྐབས་ཀྱི་སྐྱོན་ཡིན་པས་སྐྱོན་ཆེན་པོ་ཞེས་བྱའོ། །མཐུན་པའི་ཆོས་ལ་སྲེད་པ་ཞེས་བྱ་བ་ནི་ཕྱིན་ཅི་ལོག་སྤོང་བའི་རྒྱུར་
གྱུར་པའི་ཕྱིར་མཐུན་པ་ཞེས་བྱའོ། །ཆོས་སུ་རྣམ་པར་རྟོག་པ་དང་བཅས་པའི་ཕྱིར་ཆོས་ལ་སྲེད་པ་ཞེས་བྱའོ། །མངོན་པར་ཞེན་ཅིང་གནས་ཏེ་ཀུན་ཏུ་ཤེས་པའོ་ཞེས་བྱ་བ་ནི་ཆེན་པོར་གྱུར་པའི་གནས་སྐབས་ན་རྣམ་པར་རྟོག་པ་དང་བཅས་པའི་ལྟ་བས་མངོན་པར་ཞེན་པར་བྱེད་དོ། །འབྲིང་གི་
གནས་སྐབས་ན་སེམས་ཀྱིས་གནས་པར་བྱེད་དོ། །ཆུང་ངུའི་གནས་སྐབས་ན་འདུ་ཤེས་ཀྱིས་ཀུན་ཏུ་ཤེས་པར་བྱེད་དོ། །ཆོས་རྣམ་པ་གསུམ་ནི་ཕྱིན་ཅི་ལོག་དང་མཐུན་པ་སྟེ། འདུ་ཤེས་ཕྱིན་ཅི་ལོག་དང་། སེམས་ཕྱིན་ཅི་ལོག་དང་། ལྟ་བ་ཕྱིན་ཅི་ལོག་གོ། །ཆོས་ལ་སྲེད་པ་

ཡང་རྣམ་པ་གཉིས་སུ་བསྟན་ཏེ། ཡང་དག་པ་ཇི་ལྟ་བ་བཞིན་དུ་རྣམ་པར་ལྟ་བའི་ཆོས་ཉིད་དང་། སྒྲུབ་པའི་ཆོས་ཉིད་དོ། །སྐྱོན་མེད་པ་ཞེས་བྱ་བའི་སྒྲ་ནི་མེད་པའི་དོན་ཏེ། སྐྱོན་གྱི་དངོས་པོ་ཡོད་པ་མ་ཡིན་པ་ལ་སྐྱོན་མེད་པ་ཞེས་བྱའོ། །ནང་སྟོང་པ་ཉིད་ལ་ཕྱི་སྟོང་པ་ཉིད་ཡང་དག་པར་རྗེས་སུ་
མི་མཐོང་ངོ་ཞེས་བྱ་བ་ལ་ནང་སྟོང་པ་ཉིད་ནི་ནང་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ཀྱིས་སྟོང་གི་ཕྱི་སྟོང་པ་ཉིད་ལ་སོགས་པ་སྟོང་པ་ཉིད་གཞན་དག་གིས་སྟོང་པར་བྱས་པ་ནི་མ་ཡིན་ཏེ། དེ་བས་ན་ནང་སྟོང་པ་ཉིད་ལ་དེ་སྟོང་པར་བྱ་བའི་ཕྱིར། ཕྱི་སྟོང་པ་ཉིད་མི་ཚོལ་ལོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་བཞིན་དུ་
ཕྱི་སྟོང་པ་ཉིད་ལ་ཡང་ནང་སྟོང་པ་ཉིད་དོ། །སྟོང་པར་བྱ་བའི་ཕྱིར་མི་ཚོལ་ཏེ། ངོ་བོ་ཉིད་ཀྱིས་སྟོང་པ་ཉིད་ཡིན་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟར་སློབ་པའི་ཚེ་གཟུགས་ཤེས་པར་བྱ་སྟེ། དེ་ལ་རློམ་སེམས་སུ་ཡང་མི་བྱའོ་ཞེས་བྱ་བ་ནི་ཆོས་ཐམས་ཅད་ངོ་བོ་ཉིད་ཀྱིས་སྟོང་པའི་
ཕྱིར་མིང་ཙམ་དུ་ཟད་པར་ཤེས་པར་བྱས་ཏེ། མིང་ཙམ་དུ་ཟད་པར་ཤེས་པ་དེས་ཀྱང་ཆོས་རྣམས་ལ་རློམ་སེམས་སུ་མི་བྱ་བའི་ཐ་ཚིག་གོ། །དེ་ལྟར་སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་བར་དུ་བསྟན་ནས། དེ་ནས་ཡང་བྱང་ཆུབ་སེམས་དཔས་བྱང་ཆུབ་ཀྱི་སེམས་ཀྱིས་ཀྱང་རློམ་སེམས་སུ་མི་
བྱའོ་ཞེས་བྱ་བས་བྱང་ཆུབ་ཀྱི་སེམས་ཡོན་ཏན་དང་བཅས་པ་བསྟན་ཏོ། །འདི་ལྟར་སེམས་དེ་ནི་སེམས་མ་ཡིན་ཏེ་ཞེས་བྱ་བ་ལ་སེམས་ཞེས་བྱ་བའི་སྒྲ་ནི་ཀུན་བརྟགས་པའི་སེམས་ལ་བྱའོ། །ཡོངས་སུ་གྲུབ་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་སེམས་ཆོས་ཀྱི་སྐུར་གྱུར་
པ་ནི། ཡོངས་སུ་རྟོག་པ་དང་རྣམ་པར་རྟོག་པའི་མཚན་ཉིད་ཐམས་ཅད་ལས་འདས་པས་སེམས་ཀྱི་མཚན་ཉིད་མེད་པའི་ཕྱིར་སེམས་མ་ཡིན་པ་ཞེས་བྱའོ། །དེ་བས་ན་སེམས་ཀྱི་རང་བཞིན་འོད་གསལ་བ་ཞེས་བྱ་བ་གསུངས་ཏེ། ཆོས་ཀྱི་སྐུའི་སེམས་ཀྱི་རང་བཞིན་ནི་འོད་གསལ་བའོ། །
དེ་བས་ན་སེམས་མ་ཡིན་ཞེས་བྱ་བ་ནི་ཀུན་བརྟགས་པའི་སེམས་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །འདོད་ཆགས་དང་ལྡན་པ་ཡང་མ་ཡིན་བྲལ་བ་ཡང་མ་ཡིན་ཞེས་བྱ་བ་ནི་རང་བཞིན་འོད་གསལ་བ་ཉིད་སྟོན་ཏེ། སྔོན་སོ་སོའི་སྐྱེ་བོའི་གནས་སྐབས་ན་འདོད་ཆགས་དང་ཞེ་སྡང་ལ་

སོགས་པ་སྐྱེ་བའི་དུས་ན་ཡང་ནམ་མཁའ་བཞིན་དུ་དྲི་མ་ཐམས་ཅད་ཀྱིས་མ་གོས་པའི་ཕྱིར་བདེན་པ་ཡང་མ་ཡིན་ཞེས་བྱའོ། །ཕྱིས་སངས་རྒྱས་སུ་གྱུར་པའི་ཚེ་ཡང་སེམས་དེ་གློ་བུར་གྱི་ཉོན་མོངས་པ་དང་བྲལ་བས་རང་བཞིན་གྱིས་རྣམ་པར་དག་པ་ཉིད་ལ་གནས་
པའི་ཕྱིར་དྲི་མ་དེ་དག་ཤིན་ཏུ་མི་སྐྱེ་བས། སྤྲིན་ལ་སོགས་པ་དེ་དག་དང་མི་ལྡན་པའི་ནམ་མཁའ་བཞིན་དུ་འོད་གསལ་བའི་ཕྱིར་བྲལ་བ་ཡང་མ་ཡིན་ནོ་ཞེས་བྱའོ། །གལ་ཏེ་སྔོན་ལྡན་པར་གྱུར་ན་ནི་ཕྱིས་བྲལ་བར་ཡང་འགྱུར་བ་ཞིག་ན། འདི་ལྟར་སྔོན་དྲི་མ་དང་བཅས་པའི་གནས་
སྐབས་ན་ཡང་། རང་བཞིན་གྱིས་ཡོངས་སུ་དག་པས་དེ་དག་དང་ལྡན་པ་ཡང་མ་ཡིན། དེའི་ཕྱིར་ཕྱིས་ཀྱང་དེ་དག་དང་བྲལ་བ་ཡང་མ་ཡིན་ནོ་ཞེས་བྱའོ། །ཚེ་དང་ལྡན་པ་རབ་འབྱོར་སེམས་གང་ལ་སེམས་མ་ཡིན་ནོ་ཞེས་བྱ་བའི་སེམས་དེ་ཡོད་དམ་ཞེས་བྱ་བ་ཅི་ལས་དགོངས་ཤེ་ན།
འདི་ལྟར་སེམས་དེ་སེམས་མ་ཡིན་ནོ་ཞེས་བྱ་བ་ལ་གནས་བརྟན་རབ་འབྱོར་གྱིས་དེའི་གནས་སྐབས་ན་ཡང་སེམས་ཞེས་བྱ་བའི་སྒྲར་བརྗོད་པས་སེམས་དེ་སེམས་མ་ཡིན་པའི་མཚན་ཉིད་དུ་ཡོད་པར་གྱུར་ཏོ་སྙམ་ནས་དྲིས་པའོ། །དེ་ནས་གནས་བརྟན་རབ་འབྱོར་གྱིས་དེ་ལ་བདག་ནི་སེམས་ཀྱི་མཚན་
ཉིད་དམ། སེམས་མ་ཡིན་པའི་མཚན་ཉིད་ཡོད་དོ་ཞེས་ནི་མི་སྨྲའོ། །བརྗོད་དུ་མེད་པའི་བདག་ཉིད་དུ་རྣམ་པར་གནས་པ་ཤིན་ཏུ་ཡོངས་སུ་དག་པ་ལ་ཐ་དད་དུ་བརྗོད་པའི་དུས་ན་རྣམ་པ་གཞན་དུ་བརྗོད་དུ་མི་རུང་བའི་ཕྱིར། སྔོན་གྱི་ཤུགས་ཀྱི་རྗེས་སུ་འབྲང་བས་སེམས་ཞེས་བྱ་བ་དང་།
སེམས་མ་ཡིན་ཞེས་བྱ་བར་སྨྲའོ་སྙམ་དུ་དགོངས་ནས། ཚེ་དང་ལྡན་པ་ཤཱ་རིའི་བུ་གང་སེམས་མ་ཡིན་པ་དེ་ལ་ཡོད་པའང་མེད་པས་དམིགས་པའམ་ཡོད་པར་འགྱུར་རམ་ཞེས་བྱ་བ་གསུངས་ཏེ། སེམས་མ་ཡིན་པའི་གནས་སྐབས་ན་ཡོད་པའམ་མེད་པ་གཉིས་ཀར་ཡང་བརྗོད་པར་མི་བྱ་སྟེ།
མཐའ་གཉིས་ལ་བརྟེན་པར་འགྱུར་བའི་ཕྱིར་རོ་སྙམ་དུ་དགོངས་པའོ། །དེའི་ཕྱིར་ཚེ་དང་ལྡན་པ་རབ་འབྱོར་དེ་ནི་མ་ཡིན་ནོ་ཞེས་གསུངས་སོ། །དེ་ནས་ཡང་གནས་བརྟན་རབ་འབྱོར་གྱིས་གལ་ཏེ་དེའི་གནས་སྐབས་ན་མཐའ་གཉིས་ཀྱིས་འཇིགས་པས་གཉི་ག་ལྟར་ཡང་བརྗོད་དུ་མི་རུང་ན།

ཅིའི་ཕྱིར་ཁྱོད་འདི་སྐད་དུ་འདྲི་ཞེས་ཁྱོད་ཀྱིས་བརྒལ་ཞིང་བརྟགས་པ་འདི་ཅི་ག་རིགས་སམ་ཞེས་བྱ་བ་གསུངས་སོ། །དེ་སྐད་གསུངས་པ་དང་གནས་བརྟན་ཤཱ་རིའི་བུས་གལ་ཏེ་ཡོད་པ་དང་མེད་པ་དག་མེད་ན། དེ་ལྟ་ན་ནི་སེམས་མ་ཡིན་པའི་མཚན་ཉིད་ཀྱང་མེད་པར་འགྱུར་ན། ཅིའི་ཕྱིར་སེམས་
མ་ཡིན་པ་ཞེས་སྨྲ་སྙམ་དུ་དགོངས་ནས། ཚེ་དང་ལྡན་པ་རབ་འབྱོར་སེམས་མ་ཡིན་པ་ཞེས་བྱ་བ་དེ་གང་ཡིན་ཞེས་གསུངས་སོ། །དེ་ནས་གནས་བརྟན་རབ་འབྱོར་གྱིས། དེ་ལ་བདག་ནི་སེམས་མ་ཡིན་པའི་མཚན་ཉིད་གཞན་དུ་གྱུར་པས་བསམས་ཏེ་སེམས་མ་ཡིན་པ་ཞེས་བྱ་བ་མི་སྨྲའི།
སྔོན་དྲི་མ་དང་བཅས་པའི་གནས་སྐབས་ན་གང་འགྱུར་བ་དང་། རྣམ་པར་རྟོག་པ་ཅན་ཡིན་པའི་ཕྱིར་དེ་ལ་སེམས་ཞེས་བྱ་བ་ད་ནི་དེ་ལྟ་བུ་མེད་པའི་ཕྱིར་སེམས་ཞེས་བྱ་བའི་དངོས་པོ་མེད་པ་ཙམ་ཞིག་ཁས་བླངས་ནས་སེམས་མ་ཡིན་ཞེས་བྱ་བ་བརྗོད་པར་བྱའོ་ཞེས་བསྟན་པའི་ཕྱིར། ཚེ་དང་
ལྡན་པ་ཤཱ་རིའི་བུ་སེམས་མ་ཡིན་པ་ནི་འགྱུར་བ་མེད་ཅིང་རྣམ་པར་རྟོག་པ་མེད་པའོ་ཞེས་བྱ་བ་གསུངས་སོ། །སྔོན་སེམས་ཀྱི་གནས་སྐབས་ལྟར་འགྱུར་བ་དང་། རྣམ་པར་རྟོག་པ་ཅན་གྱི་དངོས་པོ་མེད་པ་ལ་འདིར་སེམས་མ་ཡིན་པ་ཞེས་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་སྐད་སྨྲས་པ་
དང་གནས་བརྟན་ཤཱ་རིའི་བུས་ཅི་དེའི་གནས་སྐབས་ན་སེམས་ཁོ་ན་འགྱུར་བ་མེད་ཅིང་། རྣམ་པར་རྟོག་པ་མེད་པ་ཡིན་ནམ། འོན་ཏེ་ཆོས་ཐམས་ཅད་ཀྱང་འགྱུར་བ་མེད་ཅིང་རྣམ་པར་རྟོག་པ་མེད་པ་ཡིན་སྙམ་ནས། ཚེ་དང་ལྡན་པ་རབ་འབྱོར་ཇི་ལྟར་སེམས་ལ་འགྱུར་བ་མེད་ཅིང་།
རྣམ་པར་རྟོག་པ་མེད་པ་དེ་བཞིན་དུ། གཟུགས་ལ་ཡང་འགྱུར་བ་མེད་ཅིང་རྣམ་པར་རྟོག་པ་མེད་པ་ཡིན་ནམ་ཞེས་བྱ་བ་ལ་སོགས་པ་དྲིས་སོ། །དེ་ནས་གནས་བརྟན་རབ་འབྱོར་གྱིས་སངས་རྒྱས་ཀྱི་ཆོས་རྣམས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་དག་ལ་
ཡང་འགྱུར་བ་མེད་ཅིང་རྣམ་པར་རྟོག་པ་མེད་དོ་ཞེས་བསྟན་ཏོ། །བཅོམ་ལྡན་འདས་ཀྱི་སྲས་ཐུགས་ལས་སྐྱེས་པ་ཞེས་བྱ་བ་ནི་བརྫུས་ཏེ་སྐྱེས་པའི་བུ་དག་ནི་ཕའི་སྙིང་ལས་སྐྱེས་པས་ན་ཐུགས་ལས་སྐྱེས་པའི་སྲས་ཞེས་བྱའོ། །ཡང་ན་སྲས་ཀྱི་ཐུ་བོ་ལ་བྱ་སྟེ། དེ་བཞིན་དུ་གནས་

བརྟན་འདི་ཡང་ཐུགས་ཀྱི་སེམས་ལས་སྐྱེས་པས་ན་ཐུགས་ལས་སྐྱེས་པས་ཞེས་བྱ་སྟེ། ཞི་གནས་དང་ལྷག་མཐོང་ཡིད་ལ་བྱེད་པ་ལས་བྱུང་བའི་ཕྱིར་རོ། །ཞལ་ནས་སྐྱེས་པ་ཞེས་བྱ་བ་ནི་བཤད་པའི་ཆོས་ལས་བྱུང་བའི་ཕྱིར་རོ། །ཆོས་ལས་སྐྱེས་པ་ཞེས་བྱ་བ་ནི་
སྒྲུབ་པའི་ཆོས་ལས་བྱུང་བའི་ཕྱིར་རོ། །ཆོས་ཀྱི་སྤྲུལ་པ་ཞེས་བྱ་བ་ནི་ལམ་དང་འབྲས་བུ་དང་རྟོག་པའི་ཆོས་རྣམས་ལས་སྐྱེས་པའི་ཕྱིར་རོ། །ཆོས་ཀྱི་བགོ་སྐལ་ལ་སྤྱོད་པ་ཞེས་བྱ་བ་ནི་མྱ་ངན་ལས་འདས་པའི་ཆོས་ཀྱི་བདག་པོར་འགྱུར་བའི་ཕྱིར་རོ། །ཟང་ཟིང་གི་བགོ་སྐལ་ལ་སྤྱོད་པ་མ་
ཡིན་ཞེས་བྱ་བ་ནི་སྲེད་པ་སྤངས་པའི་ཕྱིར་རོ། །ཆོས་རྣམས་ལ་མངོན་སུམ་གྱི་མིང་དང་ལྡན་པ་ཞེས་བྱ་བ་ནི་ཆོས་ཉིད་ལས་གཞན་དག་གིས་མི་འཕྲོགས་པའི་ཕྱིར་རོ། །ལུས་མངོན་སུམ་དུ་གྱུར་པ་ཞེས་བྱ་བ་ནི་གཟུགས་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་ཐོབ་པ་དང་། ཆོས་ཀྱི་
སྐུ་མངོན་སུམ་དུ་བྱས་པའི་ཕྱིར་རོ། །ཉོན་མོངས་པ་མེད་པར་གནས་པ་རྣམས་ཀྱི་མཆོག་ཅེས་བྱ་བ་ནི་ཉན་ཐོས་ཀྱི་ཚུལ་གྱི་ཉོན་མོངས་པའི་སྒྲ་དང་མི་མཐུན་པའི་ཕྱོགས་ཀྱི་སྙོམས་པར་འཇུག་པ་ལ་ཉོན་མོངས་པ་མེད་པའི་སྙོམས་པར་འཇུག་པ་ཞེས་བྱ་སྟེ། དེས་གནས་པའི་ཕྱིར་ཉོན་མོངས་
པ་མེད་པར་གནས་པ་ཞེས་བྱའོ། །འདི་ནི་རྣམ་པར་རྟོག་པའི་སྤྲོས་པ་ཐམས་ཅད་ལ་ཉོན་མོངས་པ་ཞེས་བྱ་སྟེ། དེ་དག་མེད་པའི་ཕྱིར་རྣམ་པར་མི་རྟོག་པའི་སྙོམས་པར་འཇུག་པ་ལ་ཉོན་མོངས་པ་མེད་པ་ཞེས་བྱ་སྟེ། དེས་གནས་པ་ལ་ཉོན་མོངས་པ་མེད་པར་གནས་པ་ཞེས་བྱའོ། །དེ་ནས་
གནས་བརྟན་ཤཱ་རིའི་བུས་ལེགས་སོ་ཞེས་བྱ་བའི་བསྔགས་པ་ལ་སོགས་པས་མངོན་པར་དགའ་བར་བྱས་ནས་དེ་ལྟར་བརྩོན་པའི་བྱང་ཆུབ་སེམས་དཔའ་ཕྱིར་མི་ལྡོག་པ་ཡིན་པར་བསྟན་ཏེ། ཉན་ཐོས་དང་རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའི་ས་ལ་སློབ་པ་ཐམས་ཅད་ལ་ཡང་ཤེས་
རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདིའི་ཕན་འདོགས་པ་ཡིན་པར་བརྗོད་ནས་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་ཐེག་པ་གསུམ་རྒྱ་ཆེར་བསྟན་ཏོ་ཞེས་རྗེས་སུ་ཡི་རང་བར་བྱས་ཏེ། བརྩོན་པའི་ཕན་ཡོན་གྱི་མཇུག་བསྡུས་སོ། །དེ་ལྟར་བརྩོན་པའི་ཕན་ཡོན་བསྟན་ནས། བརྩོན་པ་ལ་རྣམ་པ་

དུ་ཡོད་སྙམ་པ་ལ་བརྩོན་པའི་རབ་ཏུ་དབྱེ་བ་བསྟན་དགོས་ཏེ། འདི་མན་ཆད་ངེས་པར་འབྱིན་པ་སྒྲུབ་པ་དྲུག་བསྟན་ཏོ། །ངེས་པར་འབྱིན་པའི་སྒྲུབ་པ་དྲུག་ནི་མཐའ་གཉིས་དང་བྲལ་བ་སྒྲུབ་པ་དང་། མི་གནས་པར་སྒྲུབ་པ་དང་། ཡོངས་སུ་འཛིན་པ་མེད་པར་སྒྲུབ་པ་དང་། ཡོངས་སུ་བརྟགས་པའི་
སྒྲུབ་པ་དང་། ཐབས་ལ་སྒྲུབ་པ་དང་། མྱུར་དུ་མངོན་པར་རྫོགས་པར་བྱང་ཆུབ་པར་སྒྲུབ་པ་སྟེ། འདི་ལྟར་དེ་དག་ངེས་པར་འབྱིན་པ་ཡིན་པར་ཡང་མཇུག་བསྡུས་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་ནི་ཕྱིར་མི་ལྡོག་པའི་ས་ལ་མི་གནས་པའི་ཚུལ་གྱིས་གནས་ཏེ། རྣམ་
པ་ཐམས་ཅད་མཁྱེན་པ་ཉིད་དུ་ངེས་པར་འབྱུང་ཞིང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཉེ་བར་འགྱུར་རོ་ཞེས་བྱ་བ་ལ་སོགས་པས་བཅོམ་ལྡན་འདས་ཉིད་ཀྱིས་བསྟན་ཏོ། །དྲུག་པོ་དེ་དག་ཀྱང་འོག་ནས་གོ་རིམས་བཞིན་དུ་སོ་སོའི་གནས་གནས་ནས་སྟོན་ཏོ། །ད་ནི་གནས་བརྟན་རབ་འབྱོར་
གྱིས་སྒྲུབ་པ་དེ་དྲུག་གི་སྐབས་དབྱེ་བའི་ཕྱིར། བཅོམ་ལྡན་འདས་བདག་གིས་བྱང་ཆུབ་སེམས་དཔའ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་འཚལ། མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང་ན། བྱང་ཆུབ་སེམས་དཔའ་གང་ཞིག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ལ་
གདམས་ཤིང་རྗེས་སུ་བསྟན་པར་བགྱིའོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འདིས་རྣམ་པ་བཞི་བསྟན་ཏེ། བྱང་ཆུབ་སེམས་དཔའ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དག་མངོན་སུམ་དང་། རྗེས་སུ་དཔག་པ་དང་། གཏན་ལ་དབབ་པར་བསྟན་པའི་དབང་གིས་ཚད་མ་
གསུམ་པོ་དག་གིས་མི་དམིགས་པར་གདམས་པར་འོས་པའི་གང་ཟག་དང་། གདམས་སུ་རུང་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དག་ཀྱང་ཡང་དག་པར་རྗེས་སུ་མ་མཐོང་ནས་གང་ཟག་ལ་སྦྱོར་བར་བྱ་སྙམ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ལ་གདམས་ཤིང་རྗེས་སུ་བསྟན་པར་བགྱི་
ཞེས་བྱ་བའི་མཐར་ཐུག་པའི་བར་གྱི་གཞུང་གིས་གསོལ་ཏོ། །དེ་ནས་ཡང་གདམས་སུ་རུང་བའི་དངོས་པོ་གང་ཡང་ཚད་མ་གསུམ་གྱིས་མི་དམིགས་པས་དངོས་པོ་མེད་པའི་ཆོས་ཀྱིས་དངོས་པོ་མེད་པའི་ཆོས་ལ་གདམས་པར་བྱ་བ་དེ་ཉིད་བདག་གིས་འགྱོད་པར་འགྱུར་ཏེ། ཆོས་དམིགས་

སུ་མེད་པའི་ཕྱིར་གདམས་པ་མི་ནུས་སོ་སྙམ་ནས། བདག་གིས་དངོས་པོ་མ་འཚལ། མ་དམིགས། ཡང་དག་པར་རྗེས་སུ་མ་མཐོང་སྟེ། བཅོམ་ལྡན་འདས་བདག་གིས་དངོས་པོ་མ་འཚལ། མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང་བཞིན་དུ་ཆོས་གང་གིས།
ཆོས་གང་ལ་རྗེས་སུ་གདམས་ཤིང་བསྟན་པར་བགྱི་ཞེས་བྱ་བ་ནས་འདི་ཉིད་བདག་འགྱོད་པར་འགྱུར་རོ་ཞེས་བྱ་བ་ལ་ཐུག་པའི་བར་གྱི་གཞུང་གིས་བསྟན་ཏོ། །འདིར་འགྱོད་པ་ཞེས་བྱ་བ་ནི་ཡིད་ལ་གཅགས་པ་ལ་མི་བྱའི། ཉེས་པར་བྱས་པའི་དངོས་པོ་ལ་འགྱོད་པ་ཞེས་བྱ་བ་སྟེ། མི་
ཤེས་པར་བྱས་ཏེ་སྐྱོན་དུ་འགྱུར་རོ་སྙམ་དུ་དགོངས་པའོ། །དེ་ནས་ཡང་དེ་ལྟར་སྔར་བསྟན་པའི་གདམས་པ་གཞག་པས་གང་ཟག་དང་ཆོས་རྣམས་དངོས་པོ་མེད་ན། མིང་ཙམ་དུ་ཟད་པར་བཟུང་སྟེ།ཇི་ལྟར་གང་ཟག་དང་ཆོས་རྣམས་ལ་འཕེལ་བ་དང་འགྲིབ་པར་བྱ་སྙམ་ནས། བཅོམ་
ལྡན་འདས་དེ་ལྟར་བདག་གིས་ཆོས་ཐམས་ཅད་མ་འཚལ། མ་དམིགས་ཡང་དག་པར་རྗེས་སུ་མ་མཐོང་ན། བྱང་ཆུབ་སེམས་དཔའ་ཞེས་བགྱི་བ་འམ། ཤེས་རབ་གྱི་ཕ་རོལ་ཏུ་ཕྱིན་པ་ཞེས་པའི་མིང་ཙམ་གྱིས་ཇི་ལྟར་འཕེལ་བ་དང་། འགྲིབ་པར་བགྱི་ཞེས་བྱ་བའི་གཞུང་གིས་
བསྟན་ཏོ། །ཡང་དག་པར་ཡོད་པ་མ་ཡིན་པ་ལ་སྒྲོ་འདོགས་པ་ནི་འཕེལ་བ་ཞེས་བྱའོ། །ཡང་དག་པར་ཡོད་པ་ལ་སྐུར་པ་འདེབས་པ་ནི་འགྲིབ་པ་ཞེས་བྱའོ། །དེ་ནས་མིང་དེ་ཉིད་ཀྱང་དངོས་པོ་མེད་པར་བསྟན་པའི་ཕྱིར། །བཅོམ་ལྡན་འདས་མིང་དེ་ཡང་གནས་པ་མ་མཆིས་
ཐུག་པ་མ་མཆིས་ཏེ། དེ་ཅིའི་སླད་དུ་ཞེ་ན། མིང་དེ་མ་མཆིས་པས་ཞེས་བྱ་བ་གསུངས་ཏེ། གནས་པ་མ་མཆིས་ཞེས་བྱ་བ་ནི་འདུས་བྱས་ཀྱི་ཆོས་དེ་ལྟར་གནས་པ་མེད་པའོ། །ཐུག་པ་མ་མཆིས་ཞེས་བྱ་བ་ནི་ནམ་མཁའ་ལ་སོགས་པ་འདུས་མ་བྱས་པ་ལྟ་བུར་གནས་པ་མེད་ཅེས་བྱ་བའི་
ཐ་ཚིག་གོ། །དེ་ལྟར་བསྟན་ནས། གནས་བརྟན་གྱིས་ཆོས་གཞན་རེ་རེ་ལ་ཡང་སྒྲོ་བཏགས་པ་དང་སྐུར་པ་བཏབ་པའི་མཐའ་སྤངས་པར་ཡང་དག་པར་མཐོང་ནས་བྱང་ཆུབ་སེམས་དཔའ་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བའི་མིང་དུ་གདགས་པར་འོས་པའི་ཆོས་ཡང་དག་པར་

རྗེས་སུ་མ་མཐོང་བར་བསྟན་པའི་ཕྱིར། བཅོམ་ལྡན་འདས་བདག་གིས་གཟུགས་ཀྱི་འཕེལ་བ་དང་། འགྲིབ་པ་མ་དམིགས། ཡང་དག་པར་རྗེས་སུ་མ་མཐོང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཕུང་པོ་རྣམས་དང་ཁམས་རྣམས་དང་། སྐྱེ་མཆེད་རྣམས་དང་། རེག་པ་དྲུག་དང་།
ཚོར་བའི་ཚོགས་དྲུག་དང་། ཁམས་དྲུག་དང་། རྟེན་ཅིང་འབྲེལ་བར་འབྱུང་བའི་ཡན་ལག་རྣམས་དང་། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དང་། ཀུན་ནས་ལྡང་བ་རྣམས་དང་། སྒྲིབ་པ་རྣམས་དང་། བག་ལ་ཉལ་བ་རྣམས་དང་། ཀུན་ཏུ་སྦྱོར་བ་རྣམས་དང་། ལྟ་
བར་གྱུར་པ་རྣམས་དང་། བདག་དང་། སེམས་ཅན་དང་། སྲོག་ལ་སོགས་པ་བཅུ་གསུམ་དང་། ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་དང་། སྟོང་པ་ཉིད་ཐམས་ཅད་དང་། བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་རྣམས་དང་། རྣམ་པར་ཐར་པའི་སྒོ་གསུམ་དང་། བསམ་གཏན་བཞི་དང་།
ཚད་མེད་པ་བཞི་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་རྣམས་དང་། སངས་རྒྱས་དང་། ཆོས་དང་། དགེ་འདུན་དང་། ཚུལ་ཁྲིམས་དང་། གཏོང་བ་དང་། ལྷ་དང་ལུས་སུ་གྱུར་པ་ལ་སྐྱོ་བ་དང་། དབུགས་རྔུབ་པ་དང་། འབྱུང་བ་དང་། འཆི་བ་རྗེས་སུ་དྲན་པ་དང་།
མིག་ལྔ་དང་། མངོན་པར་ཤེས་པ་དྲུག་དང་། སྟོབས་བཅུ་དང་། མི་འཇིགས་པ་རྣམས་དང་། སོ་སོ་ཡང་དག་པར་རིག་པ་རྣམས་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་དང་། རྨི་ལམ་དང་། སྒྱུ་མ་དང་། སྨིག་རྒྱུ་དང་། དྲི་ཟའི་གྲོང་ཁྱེར་དང་། བྲག་ཅ་དང་། མིག་ཡོར་དང་།
གཟུགས་བརྙན་དང་། སྤྲུལ་པ་ལྟ་བུའི་ཉེ་བར་ལིན་པའི་ཕུང་པོ་རྣམས་དང་། དབེན་པ་དང་། ཞི་བ་དང་། སྐྱེ་བ་མེད་པ་དང་། འགག་པ་མེད་པ་དང་། འབྱུང་བ་མེད་པ་དང་། མངོན་པར་འདུ་བྱ་བ་མེད་པ་དང་། ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པ་དང་།
དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་དང་། ཆོས་ཉིད་དང་། ཆོས་ཀྱི་དབྱིངས་དང་། ཆོས་གནས་པ་ཉིད་དང་། ཆོས་སྐྱོན་མེད་པ་ཉིད་དང་། ཡང་དག་པའི་མཐའ་དང་། བསམ་གྱིས་མི་ཁྱབ་པའི་དབྱིངས་དང་། དགེ་བ་དང་། མི་དགེ་བ་དང་།

ཁ་ན་མ་ཐོ་བ་དང་བཅས་པ་དང་། ཁ་ན་མ་ཐོ་བ་མེད་པ་དང་། ཟག་པ་དང་བཅས་པ་དང་། ཟག་པ་མེད་པ་དང་། ཉོན་མོངས་པ་དང་། ཉོན་མོངས་པ་མེད་པ་དང་། འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པ་དང་། འདུས་བྱས་དང་། འདུས་མ་བྱས་དང་། ཀུན་ནས་
ཉོན་མོངས་པ་དང་། རྣམ་པར་བྱང་བ་དང་། འཁོར་བ་དང་། མྱ་ངན་ལས་འདས་པའི་ཆོས་རྣམས་དང་། འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བ་རྣམས་ནི། བདག་ཅག་གི་སངས་རྒྱས་བཅོམ་ལྡན་འདས་དང་། ཕྱོགས་བཅུ་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་
ཀྱི་ཉན་ཐོས་དང་། བྱང་ཆུབ་སེམས་དཔའི་དགེ་འདུན་དང་བཅས་པའི་དེ་བཞིན་གཤེགས་པ་རྣམས་ཀྱིས་ཀྱང་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་སོ་སོར་བསྟན་ཏོ། །དེ་བཞིན་ཉིད་དང་མ་ནོར་བ་དེ་བཞིན་ཉིད་ཅེས་བྱ་བ་ལ་སོགས་པའི་ཚིག་རྣམས་ལ་བྱེ་བྲག་ཅི་ཡོད་ཅེ་ན། ཡོངས་སུ་གྲུབ་པའི་འཇུག་པ་
ཐ་དད་པས་ཐ་དད་དེ། འདི་ལ་ཡོངས་སུ་གྲུབ་པའི་མཚན་ཉིད་ནི་རྣམ་པ་དགུ་སྟེ། འཇིགས་པ་མེད་པར་ཡོངས་སུ་གྲུབ་པ་དང་། ཕྱིན་ཅི་མ་ལོག་པར་ཡོངས་སུ་གྲུབ་པ་དང་། འགྱུར་བ་མེད་པར་ཡོངས་སུ་གྲུབ་པ་དང་། ངོ་བོ་ཉིད་དུ་ཡོངས་སུ་གྲུབ་པ་དང་། རྣམ་པར་བྱང་བའི་
ཆོས་ཐམས་ཅད་ཀྱི་རྒྱུ་ཉིད་ཡོངས་སུ་གྲུབ་པ་དང་། དུས་ཐམས་ཅད་དུ་ཡོངས་སུ་གྲུབ་པ་དང་། ཕྱིར་མི་ལྡོག་པར་ཡོངས་སུ་གྲུབ་པ་དང་། དེ་ཁོ་ན་ཉིད་དུ་ཡོངས་སུ་གྲུབ་པ་དང་། རྟོག་གེའི་ལམ་ལས་འདས་པར་ཡོངས་སུ་གྲུབ་པ་དང་། འཇིགས་པ་མེད་པར་ཡོངས་སུ་གྲུབ་པ་ནི་དེ་
བཞིན་ཉིད་ཅེས་གསུངས་པ་སྟེ། རྟག་ཏུ་དེ་བཞིན་ཉིད་དུ་གནས་ཤིང་མི་འཇིགས་པའི་ཕྱིར་རོ། །ཕྱིན་ཅི་མ་ལོག་པ་ཡོངས་སུ་གྲུབ་པ་ནི་མ་ནོར་བ་དེ་བཞིན་ཉིད་ཅེས་གསུངས་པ་སྟེ། ནོར་བ་དང་ཕྱིན་ཅི་ལོག་ཏུ་གྱུར་པ་མེད་པའི་ཕྱིར་རོ། །འགྱུར་བ་མེད་པར་ཡོངས་སུ་གྲུབ་པ་ནི་གཞན་མ་ཡིན་
པ་དེ་བཞིན་ཉིད་ཅེས་གསུངས་པ་སྟེ། གཞན་དུ་འགྱུར་བ་མེད་པའི་ཕྱིར་རོ། །ངོ་བོ་ཉིད་དུ་ཡོངས་སུ་གྲུབ་པ་ནི་ཆོས་ཉིད་ཅེས་གསུངས་པ་སྟེ། ཆོས་ཐམས་ཅད་ཀྱི་སྤྱིའི་མཚན་ཉིད་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །རྣམ་པར་བྱང་བའི་ཆོས་ཐམས་ཅད་ཀྱི་རྒྱུ་ཉིད་ཡོངས་སུ་

གྲུབ་པ་ནི་ཆོས་ཀྱི་དབྱིངས་ཞེས་གསུངས་པ་སྟེ། སྟོབས་བཅུ་དང་མི་འཇིགས་པ་ལ་སོགས་པ་སངས་རྒྱས་ཀྱི་ཆོས་རྣམས་ཀྱི་དབྱིངས་དང་། རྒྱུ་ཡིན་པའི་ཕྱིར་རོ། །དུས་ཐམས་ཅད་དུ་ཡོངས་སུ་གྲུབ་པའི་མཚན་ཉིད་ནི་ཆོས་གནས་པ་ཉིད་ཅེས་གསུངས་ཏེ། དེ་བཞིན་གཤེགས་པ་རྣམས་བྱུང་
ཡང་རུང་མ་བྱུང་ཡང་རུང་། ཆོས་རྣམས་ཀྱི་ཆོས་ཉིད་ནི་གནས་པ་ཉིད་དོ་ཞེས་གསུངས་པས། དུས་ཐམས་ཅད་དུ་གནས་པའི་ཕྱིར་རོ། །ཕྱིར་མི་ལྡོག་པར་ཡོངས་སུ་གྲུབ་པ་ནི་ཆོས་སྐྱོན་མེད་པ་ཉིད་ཅེས་གསུངས་པ་སྟེ། ས་དང་པོ་ཡན་ཆད་དེ་རབ་ཏུ་རྟོགས་པས། ཡང་དག་པ་ཉིད་དུ་
ངེས་པ་ལ་ཞུགས་པར་འགྱུར་ཏེ། ཡང་དག་པར་རྫོགས་པའི་བྱང་ཆུབ་སྐྱོན་མེད་པ་ལ་ཞུགས་པར་གྱུར་པའི་ཕྱིར་རོ། །དེ་ཁོ་ན་ཉིད་དུ་ཡོངས་སུ་གྲུབ་པ་ནི་ཡང་དག་པའི་མཐའ་ཞེས་གསུངས་པ་སྟེ། ཡང་དག་པ་ཉིད་དེ་ཁོ་ན་ཉིད་ཕྱིན་ཅི་མ་ལོག་པའི་མཐར་ཐུག་པའི་ཕྱིར་རོ། །
རྟོག་གེའི་ལམ་ལས་འདས་པར་ཡོངས་སུ་གྲུབ་པ་ནི། བསམ་གྱིས་མི་ཁྱབ་པའི་དབྱིངས་ཞེས་གསུངས་པ་སྟེ། བརྗོད་དུ་མེད་པ་དང་། སོ་སོར་རང་གིས་རིག་པ་ཡིན་པས་རྗེས་སུ་དཔག་པ་ཐམས་ཅད་ཀྱི་སྤྱོད་ཡུལ་ལས་འདས་པའི་ཕྱིར་རོ། །གཞན་ཡང་ཀུན་བརྟགས་པའི་ཆོས་
ཐམས་ཅད་ནི་རྨི་ལམ་ལྟ་བུ་སྟེ། རབ་ཏུ་རྟོགས་པར་གྱུར་པ་རྣམས་ལ། དེ་ལྟར་མི་འགྱུར་བས་དེ་ལས་བཟློག་པ་ལ་ནི་དེ་བཞིན་ཉིད་ཅེས་བྱ་སྟེ། དུས་ཐམས་ཅད་དུ་དེ་བཞིན་ཉིད་ཡོད་པའི་ཕྱིར་རོ། །ཆོས་ཐམས་ཅད་ནི་སྒྱུ་མ་ལྟ་བུ་སྟེ། ནོར་བར་སྣང་བའི་ཕྱིར་རོ། །དེ་ལས་བཟློག་པ་ནི་
མ་ནོར་བ་དེ་བཞིན་ཉིད་ཅེས་བྱ་སྟེ། མ་ནོར་བའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །ཆོས་ཐམས་ཅད་ནི་སྨིག་རྒྱུ་ལྟ་བུ་སྟེ། གཞན་དུ་གནས་ལ་གཞན་དུ་སྣང་བའི་ཕྱིར་རོ། །དེ་ལས་བཟློག་པ་ནི་གཞན་མ་ཡིན་པ་དེ་བཞིན་ཉིད་ཅེས་བྱ་སྟེ། དུས་ཐམས་ཅད་དུ་གཞན་དུ་འགྱུར་བ་མེད་པའི་ཕྱིར་རོ། །
ཆོས་ཐམས་ཅད་ནི་ཆུ་ཟླ་ལྟ་བུ་སྟེ། ཆོས་དེའི་བདག་ཉིད་མ་ཡིན་ལ། ཆོས་དེའི་བདག་ཉིད་དུ་སོ་སོར་སྣང་བའི་ཕྱིར་རོ། །ཆུ་ཟླ་ནི་ཟླ་བ་འམ་ཡང་དག་པ་མ་ཡིན་ཏེ། དེ་ལས་བཟློག་པ་ནི་ཆོས་ཉིད་ཅེས་བྱ་སྟེ། དོན་དམ་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །ཆོས་ཐམས་ཅད་ནི་དྲི་ཟའི་གྲོང་ཁྱེར་

ལྟ་བུ་སྟེ། དོན་མེད་པའི་ཕྱིར་རོ། །དེ་ལས་བཟློག་པ་ནི་ཆོས་ཀྱི་དབྱིངས་ཞེས་བྱ་སྟེ། སངས་རྒྱས་ཀྱི་ཆོས་རྣམས་ཀྱི་རྒྱུ་ཡིན་ཞིང་དོན་ཡོད་པའི་ཕྱིར་རོ། །ཆོས་ཐམས་ཅད་ནི་བྲག་ཅ་ལྟ་བུ་སྟེ། ཡུན་ཐུང་བའི་ཕྱིར་རོ། །དེ་ལས་བཟློག་པ་ནི་ཆོས་གནས་པ་ཉིད་ཅེས་
བྱ་སྟེ། གནས་པའི་མཚན་ཉིད་ཡིན་པའི་ཕྱིར་རོ། །ཆོས་ཐམས་ཅད་ནི་མིག་ཡོར་ལྟ་བུ་སྟེ། མ་ངེས་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །དེ་ལས་བཟློག་པ་ནི་ཆོས་སྐྱོན་མེད་པ་ཉིད་ཅེས་བྱ་སྟེ། ངེས་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །ཆོས་ཐམས་ཅད་ནི་གཟུགས་བརྙན་ལྟ་བུ་སྟེ།
རྣམ་པར་ཤེས་པའི་རྣམ་པར་འཕོས་པའི་ཕྱིར་རོ། །དེ་ལས་བཟློག་པ་ནི་ཡང་དག་པའི་མཐའ་ཞེས་བྱ་སྟེ། དོན་དམ་པ་ཡིན་པའི་ཕྱིར་རོ། །ཆོས་ཐམས་ཅད་ནི་སྤྲུལ་པ་ལྟ་བུ་སྟེ། སེམས་ཀྱི་འདུ་བྱེད་ལས་བྱུང་བའི་ཕྱིར་རོ། །དེ་ལས་བཟློག་པ་ནི་བསམ་གྱིས་མི་ཁྱབ་པའི་དབྱིངས་ཞེས་བྱ་སྟེ།
ཡིད་ཀྱི་སྤྱོད་ཡུལ་ཐམས་ཅད་ལས་འདས་པའི་ཕྱིར་རོ། །དོན་དམ་པར་ནི་ཐམས་ཅད་ཀྱང་ཡོངས་སུ་གྲུབ་པའི་ཆོས་ཀྱི་རྣམ་གྲངས་སོ། །དེ་ལྟར་ཆོས་ཐམས་ཅད་ལ་འཕེལ་བ་དང་། འགྲིབ་པ་དམིགས་སུ་མེད་པས། སྒྲོ་འདོགས་པ་དང་སྐུར་བ་འདེབས་པའི་མཐའ་ཡོངས་སུ་སྤང་
བར་བསྟན་ནས། ད་ནི་མིང་དམིགས་སུ་མེད་པར་བསྟན་པའི་ཕྱིར་བཅོམ་ལྡན་འདས་གང་ཡང་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ཞེས་ཆོས་ཉིད་ཀྱི་བརྡར་གདགས་པ་དེ་ཡང་། ཕུང་པོ་རྣམས་སམ། ཁམས་སམ། སྐྱེ་མཆེད་རྣམས་གང་དུ་ཡང་བརྗོད་དུ་མ་མཆིས་སོ་ཞེས་བྱ་བ་
ལ་སོགས་པ་གསུངས་ཏེ། འདིས་ནི་རྣམ་པ་གཉིས་བསྟན་ཏོ། །གང་དུ་ཡང་བརྗོད་པར་བགྱི་བ་མ་ལགས་ཞེས་བགྱི་བའི་འགྲེས་ཀྱིས་ནི་མིང་དང་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པའི་ཆོས་རྣམས་ཀྱི་ཚོགས་སུ་བསྡུར་མེད་པར་བསྟན་ཏོ། །གང་ཡང་བརྗོད་དུ་མ་མཆིས་ཞེས་
བྱ་བའི་འགྲེས་ཀྱིས་དགེ་བ་དང་མི་དགེ་བ་དང་། ཁ་ན་མ་ཐོ་བ་དང་བཅས་པ་དང་། ཁ་ན་མ་ཐོ་བ་མེད་པ་ལ་སོགས་པའི་ཆོས་ཉིད་ཀྱི་ནང་དུ་བསྡུར་མེད་པར་བསྟན་ཏོ། །གང་གིས་ཀྱང་བརྗོད་དུ་མ་མཆིས་པ་ལགས་སོ་ཞེས་བགྱི་བའི་འགྲེས་ཀྱིས་ཤིན་ཏུ་མེད་ཀྱང་། འཇིག་རྟེན་ན་གྲགས་པ་

རྨི་ལམ་དང་། སྒྱུ་མ་དང་། སྨིག་རྒྱུ་དང་། དྲི་ཟའི་གྲོང་ཁྱེར་དང་། བྲག་ཅ་དང་། མིག་ཡོར་དང་། གཟུགས་བརྙན་དང་། སྤྲུལ་པ་རྣམས་དང་། ཀུན་བརྟགས་པ་ཙམ་གྱི་མཚན་ཉིད་དུ་གྲགས་པ་དང་། ས་དང་། ཆུ་དང་། མེ་དང་། རླུང་རྣམས་དང་། ཡོངས་སུ་གྲུབ་པའི་མཚན་ཉིད་དུ་གྲགས་པ།
དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་དང་། ཆོས་ཉིད་དང་། ཆོས་ཀྱི་དབྱིངས་དང་། ཆོས་གནས་པ་ཉིད་དང་། ཆོས་སྐྱོན་མེད་པ་ཉིད་དང་། ཡང་དག་པའི་མཐའ་དང་། བྱང་ཆུབ་སེམས་དཔའི་ཆོས་ཉིད་དུ་གྲགས་པ། ཕ་རོལ་ཏུ་ཕྱིན་
པ་ཐམས་ཅད་དང་། ཉན་ཐོས་ཀྱི་ཆོས་ཉིད་དུ་གྲགས་པའི་ཚུལ་ཁྲིམས་དང་། ཏིང་ངེ་འཛིན་དང་། ཤེས་རབ་དང་། རྣམ་པར་གྲོལ་བ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་དང་། རྒྱུན་ཏུ་ཞུགས་པ་དང་། ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་། དགྲ་བཅོམ་
པ་དང་། རང་སངས་རྒྱས་རྣམས་དང་། རྒྱུན་ཏུ་ཞུགས་པ་ལ་སོགས་པའི་ཆོས་རྣམས་དང་། བྱང་ཆུབ་སེམས་དཔའ་རྣམས་དང་། བྱང་ཆུབ་སེམས་དཔའི་ཆོས་རྣམས་དང་། སངས་རྒྱས་རྣམས་དང་། སངས་རྒྱས་ཀྱི་ཆོས་རྣམས་ཀྱི་མིང་སྨོས་ནས་བསྟན་ཏོ།། །།
བམ་པོ་དགུ་པ། དེ་ནས་ཡང་མཐའ་གཉིས་དང་བྲལ་བར་སྒྲུབ་པ་དེ་ཉིད་ཐ་མར་མཇུག་བསྡུས་ནས་ངེས་པར་འབྱུང་བ་བསྟན་པའི་ཕྱིར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་ཕྱིར་མི་ལྡོག་པའི་ས་ལ་མི་གནས་པའི་ཚུལ་གྱིས་གནས་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ངེས་
པར་འབྱུང་བར་རིག་པར་བགྱིའོ་ཞེས་བྱ་བའི་མཐར་ཐུག་པའི་བར་གྱི་གཞུང་གིས་བཤད་དོ། །དེ་ལྟར་མཐའ་གཉིས་དང་བྲལ་བར་སྒྲུབ་པའི་ཆོས་རྣམས་དང་། མིང་སྨོས་ཏེ་བསྟན་ནས། དེའི་འོག་ཏུ་མི་གནས་པར་སྒྲུབ་པ་བསྟན་པའི་ཕྱིར། བཅོམ་ལྡན་འདས་གཞན་ཡང་བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གཟུགས་ལ་གནས་པར་མི་བགྱིའོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །སྒྲུབ་པ་འདི་ཡང་རྣམ་པ་གཉིས་སུ་བསྟན་ཏེ། ཆོས་རྣམས་ལ་མི་གནས་པ་དང་། ཆོས་ཉིད་ལ་མི་གནས་པའོ། །དེ་ལ་ཆོས་

རྣམས་ལ་མི་གནས་པ་ནི་གཟུགས་ལ་གནས་པར་མི་བགྱིའོ་ཞེས་བྱ་བ་ནས། བཅོམ་ལྡན་འདས་རྣམ་གྲངས་དེས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཡི་གེ་རྣམས་ལ་གནས་པར་མི་བགྱིའོ་ཞེས་བྱ་བའི་མཐར་
ཐུག་པའི་བར་གྱི་གཞུང་གིས་བཤད་དོ། །ཆོས་ཉིད་ལ་མི་གནས་པ་ནི། གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས་གཟུགས་མི་རྟག་གོ་ཞེས་བགྱི་བར་གནས་པར་མི་བགྱི་སྟེ་ཞེས་བྱ་བ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་
སུ་རྫོགས་པར་མ་གྱུར་བར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ངེས་པར་འབྱུང་བར་མི་འགྱུར་རོ་ཞེས་བྱ་བའི་མཐར་ཐུག་པའི་བར་གྱི་གཞུང་གིས་བཤད་དོ། །མཐའ་གཉིས་དང་བྲལ་བར་སྒྲུབ་པའི་འགྲེས་ཀྱིས་ཐ་མར་ཕྱིར་མི་ལྡོག་པའི་ས་ལ་མི་གནས་པའི་ཚུལ་གྱིས་གནས་ཏེ། རྣམ་པ་
ཐམས་ཅད་མཁྱེན་པ་ཉིད་དུ་ངེས་པར་འབྱུང་ངོ་ཞེས་བྱ་བ་ལས། མི་གནས་པའི་ཚུལ་གྱིས་ཞེས་སྨོས་པའི་ཕྱིར་ཚིག་ཐ་མའི་གནས་སྐབས་སུ་མི་གནས་པར་སྒྲུབ་པའི་འགྲེས་སྨོས་པ་ཡིན་པར་སྦྱར་བར་བྱའོ། །ད་ནི་མི་གནས་པར་སྒྲུབ་པ་ཐམས་ཅད་ཀྱི་འགྲེས་དང་པོ་བཤད་པར་བྱ་སྟེ།
གཟུགས་ལ་གནས་པར་མི་བགྱིའོ། །ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ལ་གནས་པར་མི་བགྱིའོ་ཞེས་བྱ་བས་ཕུང་པོ་ལྔ་ལ་གནས་པར་མི་བྱ་བ་བསྟན་ནས། དེ་ནས་ཡང་སོ་སོར་གནས་པར་མི་བྱ་བའི་གཏན་ཚིགས་བསྟན་པའི་ཕྱིར་གཟུགས་
ལས་བརྩམས་ཏེ། བཅོམ་ལྡན་འདས་འདི་ལྟར་གཟུགས་ནི་གཟུགས་ཀྱིས་སྟོང་ཏེ། གཟུགས་ཀྱི་སྟོང་པ་ཉིད་གང་ལགས་པ་དེ་ཡང་གཟུགས་མ་ལགས། སྟོང་པ་ཉིད་ལས་གུད་ན་ཡང་གཟུགས་མ་མཆིས་ཏེ། གཟུགས་ཉིད་ཀྱང་སྟོང་པ་ཉིད། སྟོང་པ་ཉིད་ཀྱང་གཟུགས་སོ་ཞེས་བྱ་
བ་གསུངས་སོ། །དགོངས་པ་ནི་འདི་ལྟ་སྟེ་སྔར་གཟུགས་ལ་གནས་པར་མི་བགྱིའོ་ཞེས་བྱ་བ་གསུངས་ནས། འདི་ལྟར་གཟུགས་ནི་གཟུགས་ཀྱིས་སྟོང་ངོ་ཞེས་བྱ་བ་གསུངས་པ་འདི་ལ་གཟུགས་ཀྱང་རྣམ་པ་གསུམ་སྟེ། ཀུན་