Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 93
Văn bản gốc(Tây Tạng)
Trang 4 / 20 (50.000 ký tự/trang)
་ཅད་རྟོགས་པར་བྱ་བ་བསྟན་གྱི། འདིར་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཉིད་མངོན་པར་རྫོགས་པར་བྱང་ཆུབ་པར་འདོད་པས་ཞེས་བྱ་བས་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཉིད་ མངོན་པར་རྫོགས་པར་བྱང་ཆུབ་པར་བསྟན་ཏོ། །འོ་ན་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་ཞེས་བྱ་བའི་བྱེ་བྲག་བརྗོད་པ་ཅི་དགོས་ཤེ་ན། འདི་ལ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ནི་རྣམ་པ་གསུམ་སྟེ། ཉན་ཐོས་དང་། རང་སངས་རྒྱས་རྣམས་ཀྱི་ཐམས་ཅད་ཤེས་པ་ཉིད་ དང་། སངས་རྒྱས་རྣམས་ཀྱི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཆོས་ཐམས་ཅད་ལ་དམིགས་པ་དང་། སངས་རྒྱས་རྣམས་ཀྱི་ཐམས་ཅད་མཁྱེན་པའི་ཡེ་ཤེས་རྣམ་པར་མི་རྟོག་པ་ལ་ཡང་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ཞེས་བྱ་སྟེ། དེ་ལ་ཐམས་ཅད་མཁྱེན་པའི་ཡེ་ཤེས་མངོན་ པར་རྫོགས་པར་བྱང་ཆུབ་པར་འདོད་པས་ཞེས་བྱ་བ་དེ་ཙམ་ཞིག་བསྟན་ན་ཡེ་ཤེས་གང་ལ་བྱ་སྙམ་ནས་ཐེ་ཚོམ་ཟ་བར་འགྱུར་རོ། །དེ་བས་ན་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་ཞེས་བྱ་བའི་བྱེ་བྲག་སྨོས་ཏེ། དེས་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ཞེས་བྱ་བར་བསྟན་ པ་ཡིན་ནོ། །དེ་ལ་རྣམ་པ་ཐམས་ཅད་ནི་སྐྱེ་བ་མེད་པ་དང་། འགག་པ་མེད་པ་དང་། གཟོད་མ་ནས་ཞི་བ་དང་། རང་བཞིན་གྱིས་མྱ་ངན་ལས་འདས་པ་དང་། དངོས་པོ་མེད་པའི་ངོ་བོ་ཉིད་དང་། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་ལ་སོགས་པ་སྟེ། རྣམ་པ་དེ་དག་ཐམས་ཅད་ཀྱི་རྣམ་པའི་མཆོག་ནི་རྣམ་པའི་གཙོ་བོ་སྟོང་པ་ཉིད་ཀྱི་རྣམ་པ་སྟེ། དེ་ནི་རྣམ་པ་གཞན་དག་གི་རྩ་བར་གྱུར་པའི་ཕྱིར་རོ། །དེ་བས་ན་རྣམ་པ་ཐམས་ཅད་ཀྱི་མཆོག་གི་རྣམ་པ་དང་ལྡན་པ། རྣམ་པར་མི་རྟོག་པ་དམིགས་པར་བྱ་བ་དང་། དམིགས་པར་བྱེད་ པའི་དངོས་པོ་མཉམ་པས་མཉམ་པ་ཉིད་དུ་འཇུག་པ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ཡིན་པར་བསྟན་ཏོ། །ཡང་ན་འདིས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཉིད་བསྟན་ཏེ། རྣམ་པ་ཐམས་ཅད་ནི་དགེ་བ་དང་། མི་དགེ་བ་ལུང་དུ་མ་བསྟན་པའི་ཚོགས་ སུ་གཏོགས་པ་དང་། ཡང་དག་པ་ཉིད་དུ་ངེས་པ་དང་། ལོག་པ་ཉིད་དུ་ངེས་པ་དང་། མ་ངེས་པའི་ཚོགས་སུ་གཏོགས་པའི་རྣམ་པ་དག་སྟེ། དེ་ལྟར་སངས་རྒྱས་རྣམས་ཀྱི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ནི་མི་དགེ་བ་དང་ལུང་དུ་མ་བསྟན་པ་དང་། ཡང་དག་པ་ཉིད་དུ་ངེས་ པ་དང་ལོག་པ་ཉིད་དུ་ངེས་པ་དང་། མ་ངེས་པའི་ཚོགས་སུ་གཏོགས་པ་རྣམས་ཐུགས་སུ་ཆུད་པས་ན། རྣམ་པ་ཐམས་ཅད་དང་ལྡན་པར་འགྱུར་རོ། །དགེ་བ་དང་ཡང་དག་པ་ཉིད་དུ་ངེས་པའི་ཚོགས་སུ་གཏོགས་པ་རྣམས་ཐུགས་སུ་ཆུད་པས་རྣམ་པ་ཐམས་ཅད་ཀྱི་མཆོག་གི་རྣམ་ པ་དང་ལྡན་པར་འགྱུར་རོ་ཞེས་ཀྱང་བཤད་དོ། །དེ་ལྟ་བུ་མངོན་པར་བྱང་ཆུབ་པར་འདོད་པ་ལ་ཐམས་ཅད་མཁྱེན་པའི་ཡེ་ཤེས་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་མངོན་པར་བྱང་ཆུབ་པར་འདོད་པ་ཞེས་བྱ་བ་གསུངས་པའོ། །བག་ཆགས་དང་། མཚམས་སྦྱོར་བ་དང་། ཉོན་ མོངས་པ་ཐམས་ཅད་ཡང་དག་པར་འཇོམས་པར་འདོད་པ་ཞེས་བྱ་བས་ནི་དེའི་འབྲས་བུ་བསྟན་ཏེ། ལས་ཀྱི་བག་ཆགས་དང་། ཉོན་མོངས་པའི་བག་ཆགས་དང་། སྐྱེ་བའི་བག་ཆགས་ནི་བག་ཆགས་རྣམ་པ་གསུམ་མོ། །ལས་ཀྱི་མཚམས་སྦྱོར་བ་དང་། ཉོན་མོངས་པའི་མཚམས་ སྦྱོར་བ་དང་། སྐྱེ་བའི་མཚམས་སྦྱོར་བ་ནི་མཚམས་སྦྱོར་བ་གསུམ་མོ། །རྟེན་ཅིང་འབྲེལ་པར་འབྱུང་བའི་མཚམས་སྦྱོར་བ་གསུམ་ཡིན་པའི་ཕྱིར། བག་ཆགས་ཐམས་ཅད་དང་། མཚམས་སྦྱོར་བ་ཐམས་ཅད་དང་། ཉོན་མོངས་པ་ཐམས་ཅད་ཡང་དག་པར་འཇོམས་པར་འདོད་ པས་ཞེས་བྱ་བའི་ཐ་ཚིག་གོ། །དེའི་འོག་ཏུ་ལམ་གྱི་རྣམ་པ་ཤེས་པ་ཉིད་ཡོངས་སུ་རྫོགས་པར་འདོད་པ་དང་། སེམས་ཅན་ཐམས་ཅད་ཀྱི་སེམས་དང་སྤྱོད་པའི་རྣམ་པ་ཤེས་པ་ཉིད་ཡོངས་སུ་རྫོགས་པར་འདོད་པས་ཞེས་བྱ་བ་གཉིས་ཀྱིས་ནི་ལམ་གྱི་རྣམ་པ་ཤེས་པ་འབྲས་བུ་དང་ བཅས་པ་བསྟན་ཏེ། བྱང་ཆུབ་སེམས་དཔའ་རྣམས་ནི་ལམ་གྱི་རྣམ་པ་ཤེས་པ་ཉིད་ཡོངས་སུ་རྫོགས་པར་བྱེད་ཅིང་སེམས་ཅན་རྣམས་ཀྱི་སེམས་དང་སྤྱོད་པ་རྣམས་རྟོགས་པས་སེམས་ཅན་ལ་ཕན་པ་དག་སྒྲུབ་པོ། །དེའི་འོག་ཏུ་ཐམས་ཅད་ཤེས་པ་ཉིད་ཡོངས་སུ་རྫོགས་པར་འདོད་ པས་ཞེས་བྱ་བ་ནི་ཉན་ཐོས་དང་། རང་སངས་རྒྱས་རྣམས་ཀྱི་ཡེ་ཤེས་བསྟན་ཏེ། བྱང་ཆུབ་སེམས་དཔའ་ཐམས་ཅད་ཤེས་པ་ཉིད་མངོན་སུམ་མི་མཛད་དུ་ཟིན་ཀྱང་སེམས་ཅན་གྱི་དོན་དུ་ཐམས་ཅད་ཤེས་པ་ཉིད་ཀྱི་རང་བཞིན་དང་། ཐམས་ཅད་ཤེས་པ་ཉིད་ཐོབ་པར་བྱེད་པའི་རྒྱུ་ མཁྱེན་ནས་སེམས་ཅན་རྣམས་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་སོགས་པ་ལ་སོ་སོར་འགོད་དེ། དེ་བས་ན་ཐམས་ཅད་ཤེས་པ་ཉིད་ཀྱང་དེས་ཡོངས་སུ་རྫོགས་པར་བྱས་པར་འགྱུར་རོ། །ཐམས་ཅད་ཤེས་པ་ཉིད་ཀྱི་གྲོགས་བྱེད་པའི་རྐྱེན་མ་བསྟན་པ་ནི་བྱང་ཆུབ་སེམས་དཔའ་དེ་ཙམ་ གྱིས་རྟོགས་པར་འགྱུར་བས་དགོས་པ་མེད་པའི་ཕྱིར་རོ།། །།བམ་པོ་ལྔ་པ། དེའི་འོག་ཏུ་བྱང་ཆུབ་སེམས་དཔའི་སྐྱོན་མེད་པ་ལ་འཇུག་པར་འདོད་པས་ཞེས་བྱ་བ་ལ་སོགས་པས་བྱང་ཆུབ་སེམས་དཔའི་ཡོན་ཏན་གྱི་ཆེ་བའི་བདག་ཉིད་འདོད་པ་བསྟན་ཏོ། །དེ་ལ་བྱང་ ཆུབ་སེམས་དཔའི་ཡོན་ཏན་ཡང་རྣམ་པ་བཞིར་བསྟན་ཏེ། མ་དག་པའི་སའི་ཡོན་ཏན་དང་། དག་པའི་སའི་ཡོན་ཏན་དང་། སོ་སོ་ཡང་དག་པར་རིག་པའི་སའི་ཡོན་ཏན་དང་། མཐར་ཐུག་པ་ལ་གནས་པའི་སའི་ཡོན་ཏན་རྣམས་སོ། །ས་དང་པོ་ནས་ས་བདུན་གྱི་བར་དུ་ནི་ཡིད་ལ་བྱེད་པ་རྩོལ་བ་དང་ བཅས་པའི་ཕྱིར་མ་དག་པའི་ས་རྣམས་ཏེ། དེ་ལ་བྱང་ཆུབ་སེམས་དཔའི་སྐྱོན་མེད་པ་ལ་འཇུག་པར་འདོད་པ་ཞེས་བྱ་བ་ནས། སངས་རྒྱས་ཀྱི་སྐུ་མངོན་པར་བསྒྲུབ་པར་འདོད་པ་ཞེས་བྱ་བའི་བར་དུ་ནི་དེ་དག་གི་ཡོན་ཏན་ཡིན་པར་ཤེས་པར་བྱའོ། །སངས་རྒྱས་ཀྱི་སྐུ་མངོན་པར་བསྒྲུབ་པ་ ཞེས་བྱ་བ་ནས་དེ་བཞིན་ཉིད་ཁོང་དུ་ཆུད་པ་ཞེས་བྱ་བའི་བར་དུ་ནི་ས་བརྒྱད་པ་ལ་སའི་ཡོན་ཏན་དག་པ་རྣམས་སོ། །རྡུལ་ཕྲ་རབ་ཀྱི་རྡུལ་ཞེས་བྱ་བ་ནས་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པའི་བར་དུ་ནི་ས་དགུ་པ་ལ་སོ་སོ་ཡང་དག་པར་རིག་པའི་སའི་ཡོན་ཏན་རྣམས་སོ། ། འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སངས་རྒྱས་ཀྱི་ཡོན་ཏན་རྣམས་རྗེས་སུ་ཐོབ་པར་འདོད་པས་ཞེས་བྱ་བ་ནས་རྒྱུན་དུ་ཞུགས་པ་ལ་སོགས་པའི་འབྲས་བུ་ལ་སོ་སོར་འགོད་པའི་ བར་དུ་ནི་ས་བཅུ་པ་ལ་མཐར་ཐུག་པར་གནས་པའི་ཡོན་ཏན་རྣམས་སོ། །དེ་ལ་བྱང་ཆུབ་སེམས་དཔའི་སྐྱོན་མེད་པ་ལ་འཇུག་པར་འདོད་པས་ཞེས་བྱ་བ་ནི་ཉན་ཐོས་དང་། རང་སངས་རྒྱས་ཉིད་ལས་ལྡོག་པ་ལ་བྱང་ཆུབ་སེམས་དཔའི་སྐྱོན་མེད་པ་ཞེས་བྱའོ་ཞེས་ཟེར་རོ། །གཞན་ དག་ན་རེ་སྐྱོན་མེད་པ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་སྙིང་པོ་ལ་བྱའོ་ཞེས་སོ། །དེ་ལ་ཡང་གནས་སྐབས་ནི་གསུམ་སྟེ། ཀུན་ནས་ཉོན་མོངས་པ་མེད་པའི་སྐྱོན་མེད་པ་ཉིད་དང་། བྱང་ཆུབ་སེམས་དཔའི་སྐྱོན་མེད་པ་ཉིད་དང་། ཆོས་སྐྱོན་མེད་པ་ཉིད་དོ། །དེ་བཞིན་གཤེགས་ པའི་སྙིང་པོ་ཞེས་བྱ་བ་ནི་དེ་བཞིན་ཉིད་དེ་ལ་ཡང་གནས་སྐབས་གསུམ་སྟེ། བྱིས་པ་སོ་སོ་སྐྱེ་བོའི་ས་ལ་མ་དག་པའི་གནས་སྐབས་དང་། བྱང་ཆུབ་སེམས་དཔའི་ས་ལ་དག་པ་དང་མ་དག་པའི་གནས་སྐབས་དང་། དེ་བཞིན་གཤེགས་པའི་ས་ལ་དག་པའི་གནས་སྐབས་རྣམས་ སོ། །དེ་ལ་མ་དག་པའི་དེ་བཞིན་ཉིད་ལ་ནི་སེམས་ཅན་ཞེས་བྱ་སྟེ། དེ་ཡང་ཀུན་ནས་ཉོན་མོངས་པའི་སྐྱོན་མེད་པ་ཉིད་ཅེས་བྱའོ། །དག་པ་དང་མ་དག་པའི་གནས་སྐབས་ལ་ནི་བྱང་ཆུབ་སེམས་དཔའ་ཞེས་བྱ་སྟེ། བྱང་ཆུབ་ཀྱི་གནས་སྐབས་དག་པ་དང་། སེམས་ཅན་གྱི་ གནས་སྐབས་མ་དག་པའི་ཕྱིར་རོ། །དེ་ཉིད་ལ་བྱང་ཆུབ་སེམས་དཔའི་སྐྱོན་མེད་པ་ཉིད་ཅེས་བྱའོ། །དག་པའི་གནས་སྐབས་ལ་ནི་དེ་བཞིན་གཤེགས་པ་ཞེས་བྱ་སྟེ། རབ་འབྱོར་དེ་བཞིན་གཤེགས་པ་ཞེས་བྱ་བ་ནི་ཡང་དག་པ་དེ་བཞིན་ཉིད་ཀྱི་ཚིག་བླ་དགས་སོ་ཞེས་འབྱུང་ བའི་ཕྱིར་རོ། །དེ་ཉིད་ལ་ཆོས་སྐྱོན་མེད་པ་ཉིད་ཅེས་བྱའོ། །དེ་བཞིན་གཤེགས་པའི་སྙིང་པོ་སེམས་ཅན་ཞེས་བྱ་བ་མ་དག་པ་ཀུན་ནས་ཉོན་མོངས་པའི་སྐྱོན་མེད་པའི་གནས་སྐབས་གང་ཡིན་པ་དེ་ཡོངས་སུ་སྤངས་ནས། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་དག་པ་དང་མ་དག་ པ་བྱང་ཆུབ་སེམས་དཔའི་སྐྱོན་མེད་པ་ཉིད་ཀྱི་གནས་སྐབས་ཐོབ་པ་ལ། བྱང་ཆུབ་སེམས་དཔའི་སྐྱོན་མེད་པ་ཞེས་བྱ་སྟེ། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་དེ་བཞིན་ཉིད་སྐྱོན་མེད་པའི་གནས་སྐབས་ཐོབ་པར་འདོད་པས་ཞེས་བྱ་བའི་ཐ་ཚིག་གོ། །ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་ ལས་འདའ་བར་འདོད་པས་ཞེས་བྱ་བ་ནི་ཡོན་ཏན་ཁྱད་ཞུགས་པའི་ཕྱིར་ཏེ། སའི་ཡེ་ཤེས་ལ་ཞུགས་པའི་བྱང་ཆུབ་སེམས་དཔའ་ནི་ཡོན་ཏན་རྣམ་པ་བཞིས་ཉན་ཐོས་དང་རང་སངས་རྒྱས་ལས་འདས་པ་ཡིན་ཏེ། དབང་པོའི་ཁྱད་པ་དང་། སྒྲུབ་པའི་ཁྱད་པར་དང་། ཡེ་ཤེས་ ཀྱི་ཁྱད་པར་དང་། འབྲས་བུའི་ཁྱད་པར་གྱིས་སོ། །དེ་ལ་ཉན་ཐོས་ནི་རང་བཞིན་གྱིས་དབང་པོ་རྟུལ་པོ་ཡིན། རང་སངས་རྒྱས་ནི་དབང་པོ་བར་མ་ཡིན། བྱང་ཆུབ་སེམས་དཔའ་ནི་དབང་པོ་རྣོན་པོ་ཡིན་ནོ། །ཉན་ཐོས་དང་རང་སངས་རྒྱས་རྣམས་ནི་རང་བཞིན་གྱིས་བདག་གི་དོན་ ལྷུར་ལེན་པ་བདག་གི་དོན་ཉིད་སྒྲུབ་ཅིང་བདག་ལ་ཕན་པ་འབའ་ཞིག་མཐར་ཕྱིན་པར་བྱེད་དོ། །བྱང་ཆུབ་སེམས་དཔའ་རྣམས་ནི་བདག་དང་གཞན་གྱི་དོན་གཉི་ག་ལྷུར་ལེན་ལ། བདག་དང་གཞན་གྱི་དོན་ཉིད་བསྒྲུབས་ནས། བདག་དང་གཞན་ལ་ཕན་པ་ཉིད་མཐར་ཕྱིན་པར་མཛད་ དོ། །ཉན་ཐོས་དང་རང་སངས་རྒྱས་རྣམས་ནི་ཆོས་རྣམས་ལ་མི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་དང་། བདག་མེད་པ་ཉིད་དུ་རྟོགས་ཀྱི། བྱང་ཆུབ་སེམས་དཔའ་རྣམས་ནི་བདག་དང་གཞན་ལ་ཕན་པར་མཛད་པ་ལ་ཞུགས་པའི་ཕྱིར་རིག་པའི་གནས་ཐམས་ཅད་ལ་ མཁས་པ་དང་། སེམས་ཅན་གྱི་ཁམས་དོན་རྣམ་པ་དུ་མ་བསྒྲུབས་ནས་དེའི་འོག་ཏུ་ཆོས་ཐམས་ཅད་དམིགས་སུ་མེད་པའི་མཚན་ཉིད་དུ་རྟོགས་པར་མཛད་དོ། །ཉན་ཐོས་དང་རང་སངས་རྒྱས་རྣམས་ནི་ཉོན་མོངས་པའི་སྒྲིབ་པ་རྣམ་པར་དག་པ་ཉིད་ཐོབ་ནས་ཕུང་པོའི་ལྷག་མ་ མེད་པའི་མྱ་ངན་ལས་འདས་པ་ཐོབ་པར་བྱེད་དོ། །བྱང་ཆུབ་སེམས་དཔའ་རྣམས་ནི་ཉོན་མོངས་པའི་སྒྲིབ་པ་དང་ཤེས་བྱའི་སྒྲིབ་པ་གཉིས་ཀ་སྤངས་ནས་མི་གནས་པའི་མྱ་ངན་ལས་འདས་པ་བསྒྲུབས་ཏེ། འཁོར་བའི་མཐའི་བར་དུ་སེམས་ཅན་ལ་ཕན་པའི་དོན་ཉིད་མཛད་དོ། ། ཕྱིར་མི་ལྡོག་པའི་ས་ཞེས་བྱ་བ་ནི་བྱང་ཆུབ་ཏུ་སེམས་བསྐྱེད་པ་དག་ཕྱིས་བྱང་ཆུབ་ཀྱི་སེམས་ལས་ལྡོག་པ་ནི་རྒྱུ་རྣམ་པ་བཞིས་འགྱུར་ཏེ། རིགས་དང་མི་ལྡན་པའམ། སྡིག་པའི་གྲོགས་པོས་ཡོངས་སུ་ཟིན་པའམ། སྙིང་རྗེ་ཆུང་བ་འམ། འཁོར་བའི་སྡུག་ བསྔལ་ཤིན་ཏུ་ཡུན་རིང་ཞིང་མི་བཟད་པས་འཇིགས་པའི་ཕྱིར་ཏེ། རྒྱུ་དེ་བཞི་ཆར་ཡང་སར་ཆུད་པའི་བྱང་ཆུབ་སེམས་དཔའ་ལ་མེད་དོ། །དེ་བས་ན་ས་རབ་ཏུ་དགའ་བ་ལ་སོགས་པ་ལ་ཕྱིར་མི་ལྡོག་པའི་ས་ཞེས་བྱའོ། །ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ལ་སྦྱིན་པ་ བྱིན་པ་ན་རྗེས་སུ་ཡི་རང་བ་དང་ལྡན་པའི་སེམས་བསྐྱེད་པ་གཅིག་གིས་ཟིལ་གྱིས་གནོན་པར་འདོད་པས་ཞེས་བྱ་བ་ནི་ཉན་ཐོས་དང་རང་སངས་རྒྱས་དག་གི་སྦྱིན་པ་བྱེད་པའི་སེམས་ནི་སྲེད་པ་དང་བཅས་ཤིང་རྣམ་པར་རྟོག་པ་དང་བཅས་པའི་ཕྱིར་སྲིད་པའི་འབྲས་བུ་འམ། བདག་གི་ དོན་དུ་བྱེད་པར་འགྱུར་བས་དག་པ་མ་ཡིན་ནོ། །བྱང་ཆུབ་སེམས་དཔའི་རྗེས་སུ་ཡི་རང་བའི་སེམས་ནི་སྲིད་པ་མེད་པ་དང་། རྣམ་པར་མི་རྟོག་པ་དང་། མཚན་མའི་སྤྱོད་ཡུལ་མ་ཡིན་པ་དང་། བདག་དང་གཞན་ལ་ཕན་པ་སྒྲུབ་པ་སྟེ། ཡོན་ཏན་དེ་དག་གིས་འཕགས་ པའི་ཕྱིར་ཟིལ་གྱིས་གནོན་ཏོ། །དེ་བཞིན་དུ་ཚུལ་ཁྲིམས་ཀྱི་ཕུང་པོ་ལ་སོགས་པ་ལ་ཡང་སྦྱར་རོ། །སེམས་ཅན་ཐམས་ཅད་ཀྱི་དོན་དུ་སྦྱིན་པ་ཆུང་ངུ་བྱིན་ཡང་ཞེས་བྱ་བ་ལ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཞེས་བྱ་བ་ནི་སེམས་ཅན་ཐམས་ཅད་ཀྱི་ཕྱིར་ཞེས་བྱ་བའི་ཐ་ཚིག་གོ། ། སྦྱིན་པ་ཆུང་ངུ་ཞེས་བྱ་བ་ནི་ཡོ་བྱད་དང་མི་ལྡན་པའི་ཕྱིར་རོ། །སེམས་ཅན་གྱི་དོན་དུ་ཡོངས་སུ་བསྔོས་པ་དང་། ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོས་པ་དང་། འཁོར་གསུམ་ཡོངས་སུ་དག་པའི་ཕྱིར་ཚད་མེད་གྲངས་མེད་པར་འགྱུར་རོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་ པ་ལ་སྤྱོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ་ཞེས་བྱ་བ་ནི་ཐེག་པ་ཆེན་པོའི་བསྒྲུབ་པ་ལ་མ་བསླབས་པའི་སྦྱིན་པ་ལ་སོགས་པ་ནི་དོན་དམ་པའི་ཕ་རོལ་ཏུ་ཕྱིན་པར་མི་འགྱུར་རོ། །སངས་རྒྱས་ཀྱི་སྐུ་མངོན་པར་བསྒྲུབ་པར་འདོད་པས་ཞེས་བྱ་བ་ནི་ས་བདུན་པ། ལ་སངས་རྒྱས་ཀྱི་སྐུ་བཀོད་པ་ཤེས་ཀྱང་དེའི་ཚེ་བསྒྲུབ་པར་ནི་མི་ནུས་ཀྱི། སངས་རྒྱས་ཀྱི་སྐུ་བཀོད་པ་ཤེས་ནས་ས་དེ་ལ་མངོན་པར་བསྒྲུབ་པར་འདོད་པ་ནི་སྐྱེའོ། །འདི་ལྟར་ས་བཅུ་པ་ལས་ཀྱང་སངས་རྒྱས་ཐམས་ཅད་ཀྱི་རང་བཞིན་གྱི་ཆོས་ཀྱི་སྐུ་ཉིད་ལ་ཡང་འཇུག །གཟུགས་ ཀྱི་སྐུའི་མཚན་དང་དཔེ་བྱད་བཟང་པོ་རྣམ་པར་བརྒྱན་པའི་རྒྱན་ཀྱང་མངོན་པར་སྒྲུབ། དེ་བཞིན་གཤེགས་པའི་གསུང་སྒྲ་སྐད་དང་བྲལ་ཞིང་བརྗོད་དུ་མེད་པ་རང་བཞིན་གྱིས་ཞི་བ་ལ་ཡང་མོས་པར་བྱེད་དོ་ཞེས་གསུངས་ཏེ། དེས་ནི་སྐུ་གསུམ་སྟོན་ཏོ། །སངས་རྒྱས་ཀྱི་རིགས་སུ་སྐྱེ་ བར་འདོད་པས་ཞེས་བྱ་བ་ལ་དེ་བཞིན་གཤེགས་པའི་རིགས་ནི་འདིར་ཡོངས་སུ་གྲུབ་པའི་དེ་བཞིན་ཉིད་ལ་བྱ་སྟེ། ས་བརྒྱད་པ་ལ་རྣམ་པར་རྟོག་པ་ཐམས་ཅད་དང་། རྩོལ་བ་ཐམས་ཅད་དང་། མཚན་མ་ཐམས་ཅད་རྒྱུན་ཆད་པའི་ཕྱིར་རྣམ་པར་དག་པའི་དེ་བཞིན་ཉིད་ཀྱི་བདག་ ཉིད་དུ་གནས་པར་གྱུར་པ་ལ་དེ་བཞིན་གཤེགས་པའི་རིགས་སུ་སྐྱེ་བ་ཞེས་བྱའོ། །གཞོན་ནུའི་ས་ཞེས་བྱ་བ་ནི་ས་བརྒྱད་པ་དེ་ཉིད་ལ་བྱ་སྟེ། འདི་ལྟར་ཤིན་ཏུ་ཁ་ན་མ་ཐོ་བ་མེད་པའི་ཕྱིར་གཞོན་ནུའི་ས་ཞེས་བྱའོ། །ཞེས་གསུངས་པའི་ཕྱིར། འཇིག་རྟེན་ཆོས་ཀྱི་དབྱིངས་ ཀྱིས་ཀླས་པ་ཞེས་བྱ་བ་ནི་སེམས་ཅན་གྱི་འཇིག་རྟེན་ལ་བྱ་སྟེ། སེམས་ཅན་གྱི་འཇིག་རྟེན་ལ་ཡང་མཐའ་མེད་པའི་ཕྱིར་དེ་བཞིན་གཤེགས་པའི་སྙིང་པོས་ཀླས་པ་ཞེས་བྱའོ། །ནམ་མཁའི་ཁམས་ཀྱི་མཐས་གཏུགས་པ་ཞེས་བྱ་བ་ནི་སྣོད་ཀྱི་འཇིག་རྟེན་ལ་བྱའོ། །དགེ་བའི་ སེམས་བསྐྱེད་པ་གཅིག་ཀྱང་མི་ཟད་པར་བྱ་བར་འདོད་པས་ཞེས་བྱ་བ་ནི་ཆུའི་ཐིགས་པ་གཅིག་རྒྱ་མཚོའི་ནང་དུ་བླུགས་པ་ཟད་པར་མི་འགྱུར་བ་བཞིན་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་བསྔོས་པ་ཡང་འཁོར་བའི་མཐའི་བར་དུ་སེམས་ཅན་གྱི་དོན་བྱེད་པའི་ཕྱིར་མི་ ཟད་པ་ཞེས་བྱའོ། །མི་ཟད་པ་དེ་ཡང་བློ་གྲོས་མི་ཟད་པའི་མདོ་ལས་བསྟན་པ་བཞིན་དུ་ཤེས་པར་བྱའོ། །སངས་རྒྱས་ཀྱི་རིགས་རྒྱུན་མི་ཆད་པར་བྱ་བའི་ཕྱིར་ཞེས་བྱ་བ་ནི་སངས་རྒྱས་ཀྱི་གདུང་རྒྱུན་མི་ཆད་པར་བྱ་བའི་ཕྱིར་ཏེ། སངས་རྒྱས་ཀྱི་རྒྱུན་མི་ཆད་པར་བྱ་བའི་ཕྱིར་ རོ་ཞེས་བྱ་བའི་ཐ་ཚིག་གོ། །ནང་སྟོང་པ་ཉིད་ལ་གནས་པར་འདོད་པས་ཞེས་བྱ་བ་ལ་སོགས་པས་སྟོང་པ་ཉིད་བཅུ་དྲུག་བསྟན་ཏོ། །སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ནི་གཅིག་ཏུ་ཟད་མོད་ཀྱི་འོན་ཀྱང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་དང་ཡིད་ལ་བྱེད་པ་ཐ་དད་ པས་རྣམ་པ་མང་པོར་ཕྱེའོ། །འདི་ལ་བྱང་ཆུབ་སེམས་དཔའ་སྟོང་པ་ཉིད་ཡིད་ལ་བྱེད་པ་ལ་བརྩོན་པ་ན་འདི་སྙམ་དུ་སེམས་ཏེ། གལ་ཏེ་ཆོས་ཐམས་ཅད་སྟོང་སྟེ་ཡོད་པ་མ་ཡིན་ན་དགེ་སློང་དག་བདག་ཉིད་བདག་གི་མགོན་ཡིན་ནོ། །བདག་ཉིད་ཀྱིས་ལས་བྱས་པ་བདག་ལ་སྨིན་ནོ། ། བདག་གླིང་དུ་གྱུར་པར་གནས་པར་གྱིས་ཤིག་ཅེས་བྱ་བ་ལ་སོགས་པའི་བདག་ཅེས་བྱ་བ་ཇི་ལྟ་བུ་ཞིག་སྙམ་དུ་བསམས་ནས། དང་པོར་བདག་གི་ནང་གི་ཆོས་གཟུགས་དང་། ཚོར་བ་ལ་སོགས་པ་གང་ཡིན་པ་དེ་དག་བཟུང་སྟེ། བསམས་ན་བདག་ཅེས་བྱ་བ་བརྗོད་པར་ བྱ་བའི་དངོས་པོ་དོན་དམ་པར་གང་ཡང་མེད་ཀྱི་འདི་དག་ནི་ཐ་སྙད་དུ་བརྗོད་པའི་དོན་འབའ་ཞིག་ཙམ་དུ་ཟད་དེ། །གློ་བུར་དུ་མིང་དུ་བཏགས་པ་ཡིན་ནོ། །ཞེས་ཡང་དག་པར་རྗེས་སུ་མཐོང་ངོ་། །དེ་བས་ན་ནང་སྟོང་པ་ཉིད་ཅེས་བྱ་བ་གསུངས་ཏེ། འདིས་ནི་ཕུང་པོ་སྟོང་པ་ ཉིད་དུ་བསྟན་པ་ཡིན་ནོ། །དེ་ནས་བྱང་ཆུབ་སེམས་དཔས་གལ་ཏེ་བདག་མེད་ན་གཞན་ཡོད་དམ་མེད་སྙམ་དུ་བསམས་པ་དང་། གཞན་ཞེས་བྱ་བ་བརྗོད་པར་བྱ་བའི་དོན་ཡང་དག་པར་རྗེས་སུ་མ་མཐོང་གི །སྐྱེ་མཆེད་ཙམ་དུ་ཟད་པར་ཡང་དག་པར་རྗེས་སུ་མཐོང་ངོ་། །དེ་ བས་ན་ཕྱི་སྟོང་པ་ཉིད་གསུངས་ཏེ། འདིས་ནི་སྐྱེ་མཆེད་སྟོང་པ་ཉིད་དུ་བསྟན་ཏོ། །དེ་ནས་ཡང་དོན་དེ་ཉིད་ལེགས་པར་གཏན་ལ་དབབ་པའི་ཕྱིར་ནང་དང་ཕྱིའི་ཆོས་གཉིས་གཅིག་ཏུ་བྱས་ཏེ་བསྒོམ་ཞིང་། འདི་དག་ནི་ཁམས་བཅོ་བརྒྱད་ཙམ་དུ་ཟད་པར་མཐོང་ངོ་། །དེའི་ཕྱིར་ ཕྱི་ནང་སྟོང་པ་ཉིད་ཅེས་བྱ་བ་གསུངས་ཏེ། འདིས་ནི་ཁམས་སྟོང་པ་ཉིད་དུ་བསྟན་པ་ཡིན་ནོ། །ཡང་ན་ཕྱི་རོལ་པ་དག་ན་རེ་ཟ་བ་པོ་ནི་བདག་ཡིན་ནོ་ཞེས་ཟེར་ཏེ། དེའི་ཕྱིར་གང་ཟག་བདག་མེད་པ་ཉིད་བསྟན་པར་དགོས་ལ། ཆོས་འདི་ལ་ཞུགས་པ་དག་ན་རེ་ཟབ་པོ་ནི་ནང་གི་སྐྱེ་ མཆེད་རྣམས་སོ་ཞེས་ཟེར་ཏེ། དེའི་ཕྱིར་ནང་གི་སྐྱེ་མཆེད་རྣམས་མེད་པ་ཉིད་དུ་བསྟན་དགོས་ཏེ། །དེ་གཉིས་ཀའི་ཕྱི་ནང་སྟོང་པ་ཉིད་རྣམ་པར་གཞག་གོ། །དེ་ལ་མིག་ནི་བདག་དང་བདག་གིས་སྟོང་། རྣ་བ་ནི་བདག་དང་བདག་གིས་སྟོང་ཞེས་བྱ་བ་ལ་སོགས་པས་གང་ཟག་ལ་ བདག་མེད་པའི་སྒོ་ནས་ནང་སྟོང་པ་ཉིད་བསྟན་ལ། མིག་མིག་གིས་སྟོང་། རྣ་བ་རྣ་བས་སྟོང་ཞེས་བྱ་བ་ལ་སོགས་པས་ནི་ཆོས་བདག་མེད་པའི་སྒོ་ནས་ནང་སྟོང་པ་ཉིད་བསྟན་ཏེ། རྣམ་པ་གཉིས་ཀ་ལྟར་བཤད་དོ། །དེ་ལ་མིག་ལ་ཡང་རྣམ་པར་རྟོག་པ་བཞི་འབྱུང་ངོ་། །མིག་བདག་ གོ་ཞེས་བྱ་བ་དང་། བདག་མིག་དང་ལྡན་ནོ་ཞེས་བྱ་བ་དང་། མིག་ལ་བདག་གནས་སོ་ཞེས་བྱ་བ་དང་། བདག་ལ་མིག་གནས་སོ་ཞེས་བྱ་བ་རྣམས་ཏེ། དཔེར་ན་གཟུགས་བདག་ཡིན་པར་ཡང་དག་པར་རྗེས་སུ་མཐོང་བ་དང་། བདག་གཟུགས་དང་ལྡན་པ་དང་། བདག་ ལ་གཟུགས་གནས་པ་དང་། གཟུགས་ལ་བདག་གནས་པ་ཞེས་བྱ་བ་ལྟ་བུའོ། །དེ་ལ་མིག་བདག་ཡིན་ནོ་ཞེས་བྱ་བ་འདི་ནི་མིག་ལ་བདག་ཏུ་འཛིན་པའོ། །བདག་ནི་མིག་དང་ལྡན་པའོ་ཞེས་བྱ་བ་དང་། བདག་ལ་མིག་གནས་སོ་ཞེས་བྱ་བ་དང་། མིག་ལ་བདག་གནས་ སོ་ཞེས་བྱ་བ་འདི་ནི་མིག་ལ་བདག་གིར་འཛིན་པའོ། །དེ་ལ་མིག་མི་དམིགས་པའི་རྣམ་པར་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པས་འཛིན་པ་དེ་བཞི་སྤངས་ནས་ཡང་དག་པའི་ཤེས་པས་མིག་ནི་བདག་དང་བདག་གིས་སྟོང་ངོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་མཐོང་ངོ་། །རྣ་བ་ ལ་སོགས་པ་ལ་ཡང་དེ་བཞིན་དུ་སྦྱར་ཏེ། འདི་ནི་གང་ཟག་ལ་བདག་མེད་པའི་སྒོ་ནས་ནང་སྟོང་པ་ཉིད་བསྟན་པ་ཡིན་ནོ། །ཆོས་ལ་བདག་མེད་པའི་སྒོ་ནས་ནི་འདི་ལྟར་མིག་ལ་རྣམ་པ་གསུམ་སྟེ། ཀུན་བརྟགས་པའི་མིག་དང་། རྣམ་པར་བརྟགས་པའི་མིག་ དང་། ཆོས་ཉིད་ཀྱི་མིག་གོ། །དེ་ལ་བརྗོད་པར་བྱ་བ་དང་། རྗོད་པའི་རྣམ་པར་བཟུང་བའི་མིག་ཅེས་བྱ་བའི་དངོས་པོ་ནི་ཀུན་བརྟགས་པའི་མིག་གོ། །གཟུང་བ་དང་འཛིན་པའི་བདག་ཉིད་དུ་གནས་པ་མིག་གི་རྣམ་པར་སོ་སོར་སྣང་བ་ནི་རྣམ་པར་བརྟགས་པའི་མིག་གོ། ། བརྗོད་པར་བྱ་བ་དང་། རྗོད་པའི་རྣམ་པ་དང་བྲལ་ཞིང་བརྗོད་དུ་མེད་པ་སྣང་བ་དང་བཅས་པར་འགྱུར་བ་དང་བྲལ་ཏེ། སོ་སོ་རང་གིས་རིག་པ་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་དེ་ནི་ཆོས་ཀྱི་མིག་ཅེས་བྱའོ། །དེ་ལ་མིག་མིག་གིས་སྟོང་ཞེས་བྱ་བ་ལ་མིག་ཅེས་ བྱ་བ་ནི་ཆོས་ཉིད་ཀྱི་མིག་གོ། །མིག་གིས་ཞེས་བྱ་བ་ནི་ཀུན་བརྟགས་པ་དང་། རྣམ་པར་བརྟགས་པའི་མིག་གིས་སོ། །སྟོང་ཞེས་བྱ་བ་ནི་བྲལ་ཞེས་བྱ་བའི་ཐ་ཚིག་གོ། །དེ་བཞིན་དུ་རྣ་བ་རྣ་བས་སྟོང་ཞེས་བྱ་བ་ལ་སོགས་པ་ལ་ཡང་སྦྱར་བར་བྱའོ། །འོ་ན་བརྗོད་ དུ་མེད་པའི་དོན་དམ་པ་ནི་མིག་གི་ངོ་བོ་ཉིད་མ་ཡིན་ནོ། །གལ་ཏེ་མིག་གི་ངོ་བོ་ཉིད་ཡིན་ན་ནི་བརྗོད་དུ་ཡོད་པ་ཉིད་དུ་འགྱུར་ན་ཅིའི་ཕྱིར་ཆོས་ཉིད་ཀྱི་མིག་ཅེས་བྱ་ཞེ་ན། དེ་ནི་བདེན་མོད་ཀྱི་འོན་ཀྱང་མིག་ལ་སོགས་པ་དང་། གཟུགས་དང་སྒྲ་ལ་སོགས་པ་འདུས་བྱས་ཀྱི་ཆོས་ གང་ཡིན་པ་དེ་ཐམས་ཅད་གྱུར་པའི་ཚུལ་གྱིས་ཡོངས་སུ་གྲུབ་པའི་རྣམ་པ་ལ་ནི་ཐ་དད་དུ་དབྱེ་བ་མེད་དེ། རྣམ་པ་གཅིག་པ་ཡིན་དུ་ཟིན་ཀྱང་གང་གི་ཚེ་རབ་ཏུ་བསྟན་པར་བྱ་བའི་ཕྱིར་རྣམ་པར་ཕྱེ་སྟེ། སྨྲ་བར་འདོད་པར་གྱུར་པ་དེའི་ཚེ་ཐབས་གཞན་མེད་པས་གཟུགས་ཀྱི་དེ་བཞིན་ཉིད་ སྒྲའི་དེ་བཞིན་ཉིད། དྲིའི་དེ་བཞིན་ཉིད་ཅེས་བྱ་བ་ལ་སོགས་པའི་སྒྲ་རྣམས་ཀྱིས་སོ་སོར་ཕྱེ་སྟེ་བསྟན་པ་ཙམ་དུ་ཟད་ཀྱི། དེ་བཞིན་ཉིད་དེ་ནི་དེ་དག་གི་རྣམ་པ་དང་། དེ་དག་ཏུ་བརྗོད་པར་གྱུར་པ་མ་ཡིན་ནོ། །དེ་ལྟར་ན་ཆོས་ཉིད་ཀྱི་མིག་ལ་སོགས་པ་གང་ཡིན་པ་དེ་དག་ནང་གི་ མིག་གི་སྐྱེ་མཆེད་ལ་སོགས་པའི་ངོ་བོ་ཉིད་དང་བྲལ་བའི་ཕྱིར་ནང་སྟོང་པ་ཉིད་ཅེས་བྱའོ། །དེ་ལྟར་ནང་གི་དངོས་པོ་ལ་ཟ་བ་པོར་འཛིན་པ་བཟློག་ནས་ཕྱི་རོལ་གྱི་དངོས་པོ་ལ་བཟའ་བར་འཛིན་པ་བཟློག་པའི་ཕྱིར་ཕྱི་སྟོང་པ་ཉིད་རྣམ་པར་གཞག་སྟེ། བཟའ་བར་འཛིན་པ་ཡང་ཕྱི་ རོལ་པ་རྣམས་ནི་གཟུགས་ལ་སོགས་པ་ལ་བདག་གིར་ལྟ་བར་འཛིན་ཏོ། །ཆོས་འདི་པ་རྣམས་ནི་ཡུལ་ཉིད་དུ་རྣམ་པར་རྟོག་པས་འཛིན་ཏོ། །དེ་ལ་སྔ་མ་བཟློག་པའི་ཕྱིར་གཟུགས་བདག་དང་། བདག་གིས་སྟོང་ཞེས་བྱ་བ་དང་སྒྲ་བདག་དང་བདག་གིས་སྟོང་ཞེས་བྱ་བ་ལ་ སོགས་པ་བསྟན་ཏོ། །གཉིས་ལས་བཟློག་པའི་ཕྱིར་གཟུགས་གཟུགས་ཀྱིས་སྟོང་། སྒྲ་སྒྲས་སྟོང་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ཡང་སྔ་མ་བཞིན་དུ་སྦྱར་བར་བྱའོ། །དེ་བཞིན་དུ་ཕྱིའི་ཡུལ་རྣམས་ཀྱང་བདག་དང་བདག་གི་དང་བྲལ་བ་དང་། ཀུན་བརྟགས་ པའི་ཆོས་དེ་དག་གི་རྣམ་པ་དང་བྲལ་བ་ལ་ཕྱི་སྟོང་པ་ཉིད་ཅེས་བྱའོ། །དེ་ལྟར་ཕྱི་དང་ནང་གི་ཟ་བ་པོ་དང་། བཟའ་བའི་རྣམ་པར་རྟོག་པ་བསྩལ་ནས། ད་ནི་ནང་དང་ཕྱིའི་སྐྱེ་མཆེད་རྣམས་འདུས་པའི་བདག་ཉིད་ཀྱི་ལུས་ལ་ཡང་བདག་དང་བདག་གིར་ལྟ་བ་དང་། ལུས་སུ་རྣམ་ པར་རྟོག་པ་སྤངས་པའི་ཕྱིར་གཉི་ག་གཅིག་ཏུ་བསྡུས་ནས་ཕྱི་ནང་སྟོང་པ་ཉིད་དུ་བསྟན་ཏེ། ལྟ་བ་སྤང་བའི་ཕྱིར་ཕྱི་དང་ནང་གི་སྐྱེ་མཆེད་འདུས་པ་གང་ཡིན་པ་དེ་དག་ཀྱང་བདག་དང་བདག་གི་དངོས་པོས་སྟོང་པར་ཡང་དག་པར་རྗེས་སུ་མཐོང་ངོ་། །རྣམ་པར་རྟོག་པ་སྤངས་པ་ ཡང་དེ་དག་གཅིག་ལ་གཅིག་ལྟོས་ཏེ་བྱེད་པར་སྟོང་པས་འདུ་བ་ཚེགས་པ་མེད་པ་ལས་རྣམ་པར་བཞག་སྟེ། འདི་ལྟར་མིག་ནི་གཟུགས་ཀྱིས་སྟོང་པས་དེ་དང་ལྷན་ཅིག་ཕྲད་ནས་མཐོང་བ་ལ་སོགས་པའི་བྱ་བ་མི་བྱེད་དེ། དོན་དམ་པར་ན་ཞེས་བྱ་བའི་ཐ་ཚིག་གོ། །དེ་བཞིན་ དུ་གཟུགས་མིག་གིས་སྟོང་སྟེ། དེ་དང་ལྷན་ཅིག་ཏུ་བྱ་བ་མི་བྱེད་དོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་བཞིན་དུ་རྣ་བ་སྒྲས་སྟོང་། སྒྲ་རྣ་བས་སྟོང་པས་ན་ཚོགས་པས་བྱེད་པ་མེད་པའི་ཕྱིར་འདུས་པ་ལ་ལུས་སུ་རྣམ་པར་རྟོག་པ་སྤང་བར་འགྱུར་རོ། །དེ་ལྟ་བས་ན་སྟོང་པ་ཉིད་ བཤད་པའི་སྐབས་སུ་ནང་གི་ཆོས་རྣམས་ཕྱི་རོལ་གྱི་ཆོས་རྣམས་ཀྱིས་སྟོང་། ཕྱི་རོལ་གྱི་ཆོས་རྣམས་ཀྱང་ནང་གི་ཆོས་རྣམས་ཀྱིས་སྟོང་སྟེ། དེ་ལ་ནང་གི་ཆོས་རྣམས་ཕྱི་རོལ་གྱི་ཆོས་རྣམས་ཀྱིས་སྟོང་གང་ཞེ་ན། མིག་དང་རྣ་བ་དང་། སྣ་དང་ལྕེ་དང་ལུས་དང་ ཡིད་དེ། ནང་གི་ཆོས་དེ་རྣམས་གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་བྱ་དང་ཆོས་རྣམས་ཀྱིས་སྟོང་ངོ་ཞེས་བྱ་བར་བཤད་དོ། །དེ་ལྟར་ནང་དང་ཕྱིའི་ཆོས་རྣམས་འདུས་པ་ལ་བདག་དང་བདག་གི་ཞེས་བྱ་བ་མེད་པ་དང་། ནང་གི་ཆོས་རྣམས་ཕྱི་རོལ་གྱི་ཆོས་རྣམས་དང་བྲལ་ བ་དང་། ཕྱི་རོལ་གྱི་ཆོས་རྣམས་ནང་གི་ཆོས་རྣམས་དང་བྲལ་བ་སྟེ། འདུས་པ་མེད་པས་དོན་དམ་པར་བྱེད་པ་སྟོང་པའི་ཕྱིར་ཕྱི་ནང་སྟོང་པ་ཉིད་ཅེས་བྱའོ། །དེ་ལྟར་སྟོང་པ་ཉིད་རྣམ་པ་གསུམ་ཡང་དག་པར་རྣམ་པར་གཞག་ནས་འདི་སྙམ་དུ་སེམས་ ཏེ། ཅི་སྟོང་པ་ཉིད་ཅེས་བྱ་བ་ཆོས་ཀྱི་རྣམ་པར་ཡོད་དམ། འོན་ཏེ་མེད། གལ་ཏེ་སྟོང་པ་ཉིད་ཅེས་བྱ་བ་ཞིག་ཡོད་ན་ནི་སྟོང་པ་ཉིད་ཡོད་པས། སྟོང་པ་མ་ཡིན་པ་ཉིད་ཀྱང་ཡོད་པར་འགྱུར་ཏེ། མི་མཐུན་པའི་ཕྱོགས་མེད་པར་གཉེན་པོ་ཡོད་པར་མི་འཐད་པའི་ཕྱིར་རོ། ། གལ་ཏེ་སྟོང་པ་མ་ཡིན་པ་ཡོད་ན་ཡང་ཆོས་ཐམས་ཅད་སྟོང་པ་མ་ཡིན་པར་འགྱུར་རོ་ཞེས་དེ་སྙམ་དུ་བསམས་ནས། ཡང་འདི་ལྟར་གཏན་ལ་འབེབས་ཏེ། སྟོང་པ་ཞེས་བྱ་བ་ནི་ཅི་ཡང་མེད་པའོ། །གལ་ཏེ་སྟོང་པ་ཞེས་བྱ་བའི་ཆོས་གཞན་འགའ་ཞིག་ཡོད་པར་གྱུར་ན་ནི། དེ་ལྟ་ན་མི་སྟོང་པའི་ཆོས་ཀྱང་ཡོད་པར་འགྱུར་ན། སྟོང་པ་ཞེས་བྱ་བའི་ཆོས་གཞན་དུ་གྱུར་པ་ནི་གང་ཡང་མེད་དེ། འདི་ལྟར་འགའ་ཞིག་གིས་དྲི་ཟའི་གྲོང་ཁྱེར་མཐོང་ནས་གྲོང་ཁྱེར་གྱི་བློ་སྐྱེས་ལ། དེ་ནས་གྲོང་ཁྱེར་དེ་ཉིད་ལ་ལེགས་པར་བརྟགས་ཏེ་བལྟས་ན་ཕྱིས་མ་མཐོང་ནས་ གྲོང་ཁྱེར་གྱི་བློ་མེད་པར་གྱུར་ཏེ། སྟོང་པའི་བློ་སྐྱེས་པ་ན། དེ་ལ་སྟོང་པའི་བློ་སྐྱེས་པའི་ཕྱིར་གྲོང་ཁྱེར་གྱི་བློས་ཞེས་བྱ་བའི་དངོས་པོ་གཞན་དུ་གྱུར་པ་འགའ་ཞིག་ཡོད་དོ་ཞེས་བྱར་མི་རུང་ངོ་། །དེ་བཞིན་དུ་འདིར་ཡང་སྔར་ཀུན་བརྟགས་པའི་གཟུགས་ལ་སོགས་པ་ལ་གཟུགས་ སུ་མཐོང་ནས་ཆོས་ཀྱི་བློ་སྐྱེས་སོ། །དེའི་འོག་ཏུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་བཙལ་བས་ཡོངས་སུ་བཙལ་ན་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པས་མ་མཐོང་བའི་ཕྱིར་ཆོས་ཀྱི་བློ་ནི་མེད་ཀྱི། སྟོང་པའི་བློ་སྐྱེས་པར་ཟད་དེ། དེ་ལ་སྟོང་པའི་བློ་སྐྱེས་པས་དེ་ལ་སྟོང་པ་ ཞེས་བྱ་བའི་ཆོས་གཞན་དུ་གྱུར་པ་འགའ་ཞིག་ཡོད་དོ་ཞེས་བྱར་མི་རུང་ངོ་། །དེ་བས་ན་སྟོང་པ་ཉིད་མེད་པས་མི་སྟོང་པ་ཉིད་ཀྱང་མེད་དོ། །མི་སྟོང་པ་མེད་པས་སྟོང་པ་ཉིད་ཀྱང་མེད་དོ། །འདིར་འདི་སྐད་དུ་བྱང་ནི་རུང་སྟེ་སྟོང་པ་ཉིད་མེད་དོ་ཞེས་ཀྱང་བརྗོད་པར་མི་བྱ་སྟེ། ། འདི་ལྟར་ཆོས་ཐམས་ཅད་སྟོང་པའི་ཕྱིར་རོ། །སྟོང་པ་ཉིད་ཡོད་དོ་ཞེས་ཀྱང་བརྗོད་པར་མི་བྱ་སྟེ། འདི་ལྟར་རྣམ་པར་དཔྱད་ན་སྟོང་པ་ཉིད་ཅེས་བྱ་བའི་ཆོས་གཞན་དུ་གྱུར་པ་གང་ཡང་མེད་པའི་ཕྱིར་རོ། །དེ་བས་ན་འདི་ནི་སྟོང་པ་ཉིད་སྟོང་པ་ཉིད་ཅེས་བྱའོ། །ཡང་བྱང་ཆུབ་ སེམས་དཔའ་འདི་སྙམ་དུ་སེམས་ཏེ། གལ་ཏེ་ཆོས་ཐམས་ཅད་སྟོང་པ་ཡིན་ན་གཡོ་བ་དང་མི་གཡོ་བའི་འགྲོ་བ་འདི་དག་ཐམས་ཅད་ལ་ཅིའི་ཕྱིར་རྟེན་ཅིང་འབྲེལ་པར་འབྱུང་བ་ཞེས་བྱ། མེད་པ་ལ་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་མི་སྲིད་དོ། །གལ་ཏེ་རྟེན་ཅིང་འབྲེལ་པར་ འབྱུང་བའི་ཆོས་ཡོད་ན་ནི་དེ་ལྟར་གྱུར་ན་གཡོ་བ་དང་མི་གཡོ་བའི་འགྲོ་བ་མཐའ་དག་ཡོད་པར་འགྱུར་རོ་ཞེས་དེ་སྙམ་བསམས་ནས། ཡང་འདི་ལྟར་གཏན་ལ་འབེབས་ཏེ། རྟེན་ཅིང་འབྲེལ་བར་འབྱུང་བ་ཞེས་བྱ་བའི་ཆོས་ནི་གང་ཡང་མེད་དེ། འདི་ལྟར་འདི་དག་ནི་ཤིན་ཏུ་མེད་ པ་ཡིན་ཡང་ཇི་སྲིད་དུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་མཐོང་བ་དང་། མངོན་པར་ཤེས་པ་རྟོགས་པ་མེད་པ་དེ་སྲིད་དུ་ལས་དང་ཉོན་མོངས་པ་དང་རྣམ་པར་སྨིན་པའི་བདག་ཉིད་དུ་གྱུར་པས་ཐོག་མ་མེད་པ་ནས་རྒྱུ་དང་འབྲས་བུའི་དངོས་པོར་གནས་སོ། །ལས་དང་ཉོན་མོངས་པ་དང་རྣམ་ པར་སྨིན་པ་དེ་དག་ཀྱང་ཐམས་ཅད་ཀྱི་ཐམས་ཅད་དུ་སྟོང་པ་ཉིད་དེ། ཆོས་སྟོང་པ་རྣམས་ལ་སྟོང་པ་ཉིད་ཀྱི་རྒྱུ་དང་འབྲས་བུའི་བདག་ཉིད་དུ་འཇུག་པ་གང་ཡིན་པ་དེ་དག་ལ་རྟེན་ཅིང་འབྲེལ་པར་འབྱུང་བ་ཞེས་བྱའོ། །དཔེར་ན་སྒྱུ་མ་མཁན་འགའ་ཞིག་གིས་སྒྱུ་མའི་སྔགས་ཀྱིས་སེམས་ ཅན་རྣམས་ཀྱི་མིག་བསླུས་ནས་གླང་པོ་ཆེ་དང་། རྟ་དང་། ཤིང་རྟ་དང་། དཔུང་བུ་ཆུང་དང་། རི་དང་། འབབ་ཆུ་དང་། རྒྱ་མཚོ་ལ་སོགས་པའི་དངོས་པོ་ཉེ་བར་སྟོན་པར་བྱེད་དེ། སེམས་ཅན་སྔགས་ཀྱིས་མིག་བསླུས་པ་དེ་དག་ལ་ཡང་སྒྱུ་མའི་གླང་པོ་ཆེ་ལ་སོགས་པ་རང་སྣང་ བའི་རྣམ་པར་ཤེས་པ་སྐྱེ་བའི་རྐྱེན་དུ་འགྱུར་ལ། རྣམ་པར་ཤེས་པ་དེ་དག་གིས་ཀྱང་སྒྱུ་མའི་གླང་པོ་ཆེ་ལ་སོགས་པ་དེ་དག་མཐོང་བར་འགྱུར་རོ། །དེ་ལྟར་སྒྱུ་མའི་གླང་པོ་ཆེ་ལ་སོགས་པ་དང་། རྣམ་པར་ཤེས་པ་རྣམས་རྒྱུ་དང་འབྲས་བུའི་དངོས་པོར་འཇུག་པ་གང་ཡིན་པ་ འདི་ལ་རྟེན་ཅིང་འབྲེལ་པར་འབྱུང་བ་ཞེས་བྱ་སྟེ། སྒྱུ་མའི་གླང་པོ་ཆེ་ལ་སོགས་པ་དེ་དག་དང་། རྣམ་པར་ཤེས་པ་དེ་དག་གི་རྟེན་ཅིང་འབྲེལ་བར་འབྱུང་བ་ནི་དོན་དམ་པར་ཡོད་པར་མི་སྲིད་དོ། །དེ་བཞིན་དུ་བྱིས་པ་མ་རིག་པས་བསླུས་པའི་ལྟ་བ་ཅན་ ཐམས་ཅད་ཀྱང་ལས་ཀྱི་བཟོས་ཀུན་བརྟགས་པའི་ཆོས་སྒྱུ་མའི་གླང་པོ་ཆེ་ལ་སོགས་པ་མཐོང་བར་འགྱུར་རོ། །ཀུན་བརྟགས་པའི་ཆོས་དེ་དག་ཀྱང་རང་སྣང་བའི་རྣམ་པར་ཤེས་པ་སྐྱེ་བའི་རྐྱེན་དུ་འགྱུར་ལ། རྣམ་པར་ཤེས་པ་དེ་དག་གིས་ཀྱང་ཆོས་དེ་དག་མཐོང་ངོ་། །དེ་ལྟར་ ཀུན་བརྟགས་པ་གཟུང་བའི་ཆོས་རྣམས་དང་། འཛིན་པའི་ཆོས་རྣམས་རྒྱུ་དང་འབྲས་བུའི་དངོས་པོར་འཇུག་པ་གང་ཡིན་པ་འདི་ལ་རྟེན་ཅིང་འབྲེལ་བར་འབྱུང་བ་ཞེས་བྱ་སྟེ། གཟུང་བ་དང་། འཛིན་པ་རྟེན་ཅིང་འབྲེལ་བར་འབྱུང་བ་དེ་དག་ནི་དོན་དམ་པར་ཡོད་མི་སྲིད་པས་ དེའི་ཕྱིར་ཆོས་རྣམས་རང་བཞིན་མེད་པ་ཞེས་བྱའོ། །གལ་ཏེ་ཆོས་རྣམས་བཅོས་མ་མ་ཡིན་ཞིང་རང་བཞིན་ཅན་དུ་གྱུར་པའི་ངོ་བོ་ཉིད་འགའ་ཞིག་ཡོད་ན་དེ་ལྟར་ན་ནི་ཆོས་རྣམས་རྒྱུ་དང་རྐྱེན་གྱི་དབང་གིས་གཞན་ལ་རག་ལུས་ཤིང་འབྱུང་བར་མི་འགྱུར་གྱི་བདག་ཉིད་འབྱུང་བར་འགྱུར་ བ་ཞིག་ན་འདི་ལྟར་ཆོས་རྣམས་རྐྱེན་གཞན་རྣམས་ལ་བརྟེན་ནས་གཞན་གྱི་དབང་ཉིད་ཀྱིས་འབྱུང་བར་འགྱུར་གྱི། རང་གི་དངོས་པོ་བཅོས་མ་མ་ཡིན་ཞིང་རང་བཞིན་གྱིས་ནི་འབྱུང་བ་མ་ཡིན་ཏེ། དེ་བས་ན་དེ་དག་རང་གི་དངོས་པོ་ཡོད་པ་མ་ཡིན་པར་ཤེས་པར་བྱའོ། །གང་གི་ ཕྱིར་དེ་ལྟར་རང་གི་དངོས་པོ་མེད་པ་དེའི་ཕྱིར་དེ་དག་གི་ངོ་བོ་ཉིད་མེད་པ་ཞེས་བྱའོ། །གང་གི་ཕྱིར་དེ་དག་ངོ་བོ་ཉིད་མེད་པ་དེ་ཉིད་ཀྱི་ཕྱིར་སྟོང་པ་ཉིད་དོ། །དེ་བས་ན་ངོ་བོ་ཉིད་མེད་པའི་དོན་ནི་རྟེན་ཅིང་འབྲེལ་པར་འབྱུང་བའི་དོན་ནོ། །སྟོང་པ་ཉིད་ཀྱི་དོན་ནི་རྟེན་ཅིང་འབྲེལ་བར་ འབྱུང་བའི་དོན་ཞེས་བྱའོ། །གང་གི་ཚེ་ཡང་དག་པ་ཇི་ལྟ་བ་བཞིན་དུ་མཐོང་བ་སྐྱེས་ནས་མ་རིག་པའི་སྔགས་ཀྱི་མཐུ་རབ་ཏུ་བཅོམ་པར་གྱུར་པ་དེའི་ཚེ། སྒྱུ་མའི་གླང་པོ་ཆེ་ལ་སོགས་པ་ལྟ་བུར་གྱུར་པ་ཀུན་བརྟག་པའི་ཆོས་རྣམས་དང་། དེ་ལ་འཛིན་པའི་རྣམ་པར་ཤེས་པའི་ ཆོས་རྣམས་རྒྱུ་དང་འབྲས་བུའི་དངོས་པོའི་མཚན་ཉིད་དུ་རྟེན་ཅིང་འབྲེལ་བར་འབྱུང་བའི་བདག་ཉིད་ཀྱིས་མི་སྣང་ཞིང་ཤིན་ཏུ་ནུབ་པར་གྱུར་པ་འདི་ནི་ཆེན་པོ་སྟོང་པ་ཉིད་ཅེས་བྱའོ། །ཡང་བྱང་ཆུབ་སེམས་དཔའ་འདི་སྙམ་དུ་སེམས་ཏེ། གལ་ཏེ་ཆོས་ཐམས་ཅད་སྟོང་པ་ཡིན་ན་ནི་དོན་དམ་པའི་ ཆོས་ཀྱང་སྟོང་པར་འགྱུར་རོ། །གལ་ཏེ་དེ་སྟོང་པར་གྱུར་ན་དེ་ལྟར་དམ་པའི་དོན་དུ་འགྱུར། སངས་རྒྱས་རྣམས་ཀྱི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཀྱང་དེ་ལ་ཇི་ལྟར་དམིགས་པར་འགྱུར། གལ་ཏེ་ཆོས་དེ་ཡོད་ན་དེ་བཞིན་དུ་ཆོས་ཐམས་ཅད་ཀྱང་ཡོད་པ་ཉིད་དུ་འགྱུར་རོ་སྙམ་དུ་བསམས་ ནས་ཡང་འདི་ལྟར་གཏན་ལ་འབེབས་ཏེ། དོན་དམ་པ་ཞེས་བྱ་བའི་ཆོས་ནི་གང་ཡང་མེད་དེ། དེ་བཞིན་གཤེགས་པའི་སྙིང་པོ་གྲུབ་པའི་གནས་སྐབས་སུ་གྱུར་པ་གང་ཡིན་པ་དེ་ནི་ཆོས་ཀྱི་ངོ་བོ་ཉིད་མ་ཡིན་ཏེ། དེ་ཡོད་དོ་ཞེས་བྱ་བའམ། མེད་དོ་ཞེས་བྱ་བར་བརྗོད་མི་ནུས་ སོ། །ཡོངས་སུ་གྲུབ་པའི་གནས་སྐབས་དེ་ནི་ཡོད་དོ་ཞེས་བྱར་ཡང་མི་རུང་སྟེ། འདི་ལྟར་ཀུན་བརྟགས་པའི་གཟུང་བ་དང་། འཛིན་པ་གཉིས་མེད་པའི་མཚན་ཉིད་དུ་རྣམ་པར་གཞག་པའི་ཕྱིར་ཏེ། མེད་པའི་མཚན་ཉིད་ལ་ནི་ཡོད་དོ་ཞེས་བརྗོད་དུ་མི་རུང་ངོ་། །དེ་མེད་དོ་ ཞེས་ཀྱང་བརྗོད་དུ་མི་རུང་སྟེ། འདི་ལྟར་གཉིས་དང་བྲལ་བའི་ངོ་བོ་ཉིད་དུ་ནི་ཡོད་དོ། །དེ་ལྟར་གྱུར་པ་དེ་ལ་གལ་ཏེ་ཡོད་དོ་ཞེས་བརྗོད་ན་དངོས་པོའི་བདག་ཉིད་དུ་ཡོད་པར་འགྱུར་ཏེ། སྒྲོ་བཏགས་པའི་མཐར་འགྱུར་རོ། །ཇི་སྟེ་རྫས་སུ་མེད་དོ་ཞེས་བརྗོད་ན་ཡང་རི་བོང་གི་རྭ་ལ་ སོགས་པ་བཞིན་དུ་མེད་པ་ཉིད་དུ་འགྱུར་ཏེ། སྐུར་པའི་མཐར་འགྱུར་རོ། །དེ་བས་ན་གཉིས་ཀ་ལྟར་ཡང་བརྗོད་དུ་མི་རུང་བས། དེ་ལྟར་བརྟག་པར་མི་བྱའོ། །རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་དེ་ལ་དམིགས་སོ་ཞེས་གང་སྨྲས་པ་དེ་ཡང་མ་བརྟགས་པར་སྨྲས་པ་སྟེ། སངས་ རྒྱས་རྣམས་ཀྱི་ཡེ་ཤེས་རྣམ་པར་མི་རྟོག་པ་འཇིག་རྟེན་ལས་འདས་པ་ནི་ཅི་ལ་ཡང་མི་དམིགས་ཏེ། དེའི་ཚེ་གཟུང་བ་དང་། འཛིན་པའི་རྣམ་པ་མེད་པའི་ཕྱིར་ཤིན་ཏུ་རྣམ་པར་དག་པའི་བདག་ཉིད་དུ་གནས་པར་གྱུར་པས་ཅི་ལ་ཡང་མི་དམིགས་མོད་ཀྱི། འོན་ཀྱང་ཐོག་མ་ མེད་པ་ཅན་གྱི་འཁོར་བ་ན་སྔོན་འཛིན་པའི་བདག་ཉིད་དུ་གོམས་པས་དེའི་ཚེ་རྣམ་པར་ཤེས་པའི་ངོ་བོ་ཉིད་མ་ཡིན་པའི་ཕྱིར་རང་ཉིད་ཀྱི་གཟུང་བ་མེད་དུ་ཟིན་ཀྱང་། རང་ཉིད་ཀྱི་འཛིན་པ་བཞིན་དུ་འཇུག་པ་ཉེ་བར་གདགས་སོ། །དེ་ནི་དམིགས་པར་བྱ་བ་དང་། དམིགས་པར་བྱེད་པའི་དངོས་པོ་མཉམ་པས་མཉམ་པ་ཞེས་བྱ་སྟེ། དམིགས་པར་བྱ་བ་དང་། དམིགས་པར་བྱེད་པ་ཡང་དེ་ཉིད་ཡིན་པའི་ཕྱིར་མཉམ་པས་མཉམ་པ་ཞེས་བྱའོ། །དེ་ལྟར་གྱུར་པའི་དོན་དམ་པ་དེ་ཆོས་གཞན་དུ་གྱུར་པའི་བདག་ཉིད་མེད་པ་དེ་ནི་དོན་དམ་པ་ སྟོང་པ་ཉིད་ཅེས་བྱའོ། །ཡང་བྱང་ཆུབ་སེམས་དཔའ་འདི་སྙམ་དུ་སེམས་ཏེ། གལ་ཏེ་ཆོས་ཐམས་ཅད་སྟོང་པ་ཉིད་ཡིན་ན་འདུས་བྱས་ཀྱི་ཆོས་དང་། འདུས་མ་བྱས་ཀྱི་ཆོས་རྣམས་མེད་པར་འགྱུར་ཏེ། འདུས་བྱས་དང་། འདུས་མ་བྱས་སུ་བརྗོད་པའང་ལུང་ལས་གནས་ སྐབས་སུ་མ་དག་པའི་སྣང་བས་མེད་ཅེས་བྱ་བར་མི་རུང་ངོ་སྙམ་ནས་ཡང་འདི་གཏན་ལ་འབེབས་ཏེ། འདུས་བྱས་ཞེས་བྱ་བའི་ཆོས་གཞན་དུ་གྱུར་པ་ནི་གང་ཡང་མེད་དོ། །གལ་ཏེ་ཡོད་པར་གྱུར་ན་འདུས་བྱས་ཞེས་བྱ་བ་ཉིད་མི་རིགས་ཏེ། འདུས་བྱས་ཞེས་བྱ་བ་ནི་རྒྱུ་རྐྱེན་ རྣམས་ཚོགས་ཤིང་འདུས་པས་བྱས་པ་ལ་བྱ་བའི་ཕྱིར་རོ། །གལ་ཏེ་འདུས་བྱས་ཞེས་བྱ་བའི་ཆོས་ཤིག་དོན་དམ་པར་ཡོད་ན་ནི། དེ་གཞན་གྱིས་བྱས་པ་ཡིན་པར་འགྱུར་ལ། དོན་དམ་པའི་ཆོས་ནི་སུས་ཀྱང་བྱ་མི་ནུས་སོ། །འདི་ལྟར་འདུས་བྱས་ཞེས་བྱ་བའི་ཆོས་གང་ཡང་ མེད་པས་དེའི་ཕྱིར་བྱིས་པ་ཀུན་བརྟགས་པ་ལས་གྱུར་པས་དེ་ལྟ་བུའི་མིང་གིས་བརྗོད་དོ། །འདུས་བྱས་ཀྱི་མཚན་ཉིད་སྐྱེ་བ་དང་། གནས་པ་དང་། འཇིག་པ་ཞེས་བྱ་བ་གང་ཡིན་པ་དེ་དག་ཀྱང་བརྟགས་པའི་ཡོད་པའོ། །མཚན་ཉིད་བརྟགས་པའི་ཡོད་པར་བཤད་པས་ མཚན་ཉིད་ཀྱི་གཞི་ཡང་བརྟགས་པའི་ཡོད་པ་ཉིད་དོ་ཞེས་ངེས་པར་གཟུང་དགོས་སྟེ། དོན་དམ་པའི་ཆོས་ནི་བཏགས་པའི་མཚན་ཉིད་དུ་མི་རིགས་སོ། །གལ་ཏེ་དོན་དམ་པར་འདུས་བྱས་ཀྱི་ཆོས་ཞེས་བྱ་བ་ཞིག་ཡོད་ན་ཡང་ཆོས་གཅིག་ལ་མཚན་ཉིད་གསུམ་མི་རིགས་སོ། །དེ་བས་ ན་འདི་ནི་འདུས་བྱས་སྟོང་པ་ཉིད་དོ། །ཡང་བྱང་ཆུབ་སེམས་དཔའ་འདི་སྙམ་དུ་སེམས་ཏེ། འདུས་བྱས་རྣམས་ནི་འདུས་བྱས་པ་ཡིན་པའི་ཕྱིར་སྟོང་པར་འགྱུར་གྱི་འདུས་མ་བྱས་གང་ཡིན་པ་དེ་དག་འདུས་བྱས་པ་མ་ཡིན་པའི་ཕྱིར་དོན་དམ་པའི་ངོ་བོ་ཉིད་དོ་སྙམ་ནས་ཡང་འདི་ལྟར་ གཏན་ལ་འབེབས་ཏེ། འདུས་མ་བྱས་ཞེས་བྱ་བའི་ཆོས་གཞན་དུ་གྱུར་པ་ནི་གང་ཡང་མེད་དོ། འདུས་མ་བྱས་ཞེས་བྱ་བ་ཡང་འདུས་བྱས་ཀྱི་དངོས་པོ་མེད་པའི་ངོ་བོ་ཉིད་ལ་བྱའི། དོན་དམ་པར་ཡོད་པ་ནི་མ་ཡིན་ཏེ། འདི་ལྟར་དཔེར་ན་ནམ་མཁའ་ནི་འདུས་བྱས་ཀྱི་དངོས་པོ་ ཐམས་ཅད་མེད་པའི་མཚན་ཉིད་ལ་བྱའི་དེ་ལས་གཞན་པ་ཤིན་ཏུ་གྲུབ་པའི་མཚན་ཉིད་དུ་ཡོད་པ་ནི་མ་ཡིན་ནོ། །སོ་སོར་བརྟགས་པས་འགོག་པ་ཡང་འདུས་བྱས་ཀྱི་ཆོས་རྣམས་ཐམས་ཅད་མེད་པའི་མཚན་ཉིད་ཁོ་ནའོ། །དེ་བཞིན་དུ་སོ་སོར་བརྟགས་པ་མ་ཡིན་པས་འགོག་པ་ ཡང་འདུ་བྱེད་ཀྱི་ཆོས་རྣམས་ཞིག་པའི་མཚན་ཉིད་དོ། །ཉན་ཐོས་ཀྱི་ཚུལ་གྱིས་ཀྱང་འདི་དག་དོན་དམ་པར་ཡོད་པ་མ་ཡིན་ན་སྟོང་པ་ཉིད་ཀྱི་ཚུལ་ལ་ལྟ་སྨོས་ཀྱང་ཅི་དགོས་ཏེ། དེ་དག་སྟོང་པ་ཉིད་དུ་རྟོགས་པ་འདི་ནི་འདུས་མ་བྱས་སྟོང་པ་ཉིད་ཅེས་བྱའོ། །ཡང་བྱང་ཆུབ་ སེམས་དཔའ་འདི་སྙམ་དུ་སེམས་ཏེ། གལ་ཏེ་ཆོས་ཐམས་ཅད་སྟོང་པ་ཡིན་ན་གང་སྔོན་གྱི་མཐའ་ལས་འདས་པའི་ཆོས་ཞེས་བྱ་བ་དང་། ཕྱི་མའི་མཐའ་ལ་མ་འོངས་པའི་ཆོས་ཞེས་བྱ་བ་དང་། དབུས་ཀྱི་མཐའ་ལ་ད་ལྟར་བྱུང་བའི་ཆོས་ཞེས་བྱ་བ་དེ་དག་མཁྱེན་པས་ སངས་རྒྱས་བཅོམ་ལྡན་འདས་ལ་ཐམས་ཅད་མཁྱེན་པ་ཞེས་བྱ་བར་འགྱུར་བ་དང་། སངས་རྒྱས་བཅོམ་ལྡན་འདས་དེའི་ཡེ་ཤེས་འདས་པའི་དུས་ལ་ཐོགས་པ་མེད་པ་ཞེས་བྱ་བ་ལ་སོགས་པ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ཞེས་བྱ་བ་དང་། ལྷའི་མིག་ཅེས་བྱ་བ་ལ་ སོགས་པ་དུས་གསུམ་དུ་གཏོགས་པ་དེ་དག་ལུང་ལས་ཀྱང་འབྱུང་བར་ཡོད་པར་རིགས་སོ་སྙམ་དུ་བསམས་ནས་ཡང་འདི་ལྟར་གཏན་ལ་འབེབས་ཏེ། སྔོན་གྱི་མཐའ་དང་ཕྱི་མའི་མཐའ་དང་དབུས་ཀྱི་མཐའ་ཞེས་བྱ་བའི་ཆོས་ནི་གང་ཡང་ཡོད་པར་མི་རིགས་ཏེ། འདི་ལྟར་ ཆོས་གཅིག་ཁོ་ན་ནི་མ་འོངས་པ་དང་། ད་ལྟར་བྱུང་བ་དང་། འདས་པ་ཞེས་བྱ་བ་མཐའ་གསུམ་དུ་བརྗོད་པར་མི་འགྱུར་རོ། །གལ་ཏེ་དོན་དམ་པའི་ཆོས་ཤིག་ཡིན་ན་ནི་གཅིག་ཏུ་བརྗོད་པ་ཉིད་དུ་འགྱུར་རོ། །དུས་གསུམ་དུ་ཡང་ཇི་ལྟར་འཐད་དེ། གལ་ ཏེ་གཅིག་ཁོ་ན་ལ་ཕྱི་མའི་མཐར་ནི་མ་འོངས་པར་གྱུར་ལ། དབུས་ཀྱི་མཐར་ད་ལྟར་བྱུང་བར་གྱུར་ཅིང་སྔོན་གྱི་མཐར་འདས་པར་འགྱུར་རོ་ཞེ་ན་ཡང་དེ་ལྟ་ན་ནི་དུས་གཅིག་ཁོ་ནར་འགྱུར་ཏེ། དཔེར་ན་ནག་པ་གྲོང་དུ་མ་ཕྱིན་པ་དང་། གྲོང་ནས་བྱུང་བ་ཡང་གཅིག་སྟེ། གཞན་མ་ཡིན་ པ་བཞིན་དུ་འགྱུར་རོ། །གཞན་ཡང་ཅི་དུས་འདི་ལྟོས་པ་ལས་གྲུབ་པ་ཡིན་ནམ། འོན་ཏེ་རང་གྲུབ་པ་ཡིན། གལ་ཏེ་རང་གྲུབ་པ་ཡིན་ནོ་ཞེ་ན་དེ་ནི་མི་འཐད་དེ་དངོས་པོ་གནས་པ་རྣམས་ནི་རང་གྲུབ་པར་འཐད་ཀྱི་མི་གནས་པ་རྣམས་ནི་མི་འཐད་དོ། །དུས་ཀྱང་གནས་པ་མ་ཡིན་ ཏེ་འདི་སྐད་ཅིག་དང་ཐང་ཅིག་དང་། ཡུད་ཙམ་དང་། ཉིན་ཞག་གཅིག་དང་། ཟླ་བ་ཕྱེད་དང་ཟླ་བ་གཅིག་དང་། དུས་ཚིགས་དང་། ཀླུངས་སུ་འཇུག་པ་དང་། ལོ་ཁྱུད་འཁོར་དང་། དུས་ལ་སོགས་པའི་དངོས་པོར་འགྱུར་བའི་ཚུལ་ཅན་ཡིན་པས། དུས་ནི་སྐད་ཅིག་ ཀྱང་མི་གནས་སོ། །དེ་ལ་འདས་པའི་དུས་ཀྱི་ཆ་དང་མ་འོངས་པའི་དུས་ཀྱི་ཆ་གཅིག་ཏུ་བསྡུས་པ་ལ་ཡུད་ཙམ་ཞེས་བྱ་བར་གདགས་ཏེ། དེ་བཞིན་དུ་འདས་པ་དང་། མ་འོངས་པ་གཅིག་ཏུ་བསྡུས་པ་ལ་ཉིན་མཚན་ཞེས་བྱ་བར་གདགས་སོ། །དེ་བས་ན་འདས་པ་དང་། མ་ འོངས་པ་དང་། ད་ལྟར་བྱུང་བ་མི་གནས་པའི་དངོས་པོ་རྣམས་ལ་རང་འགྲུབ་པ་ཞེས་བྱ་བའི་དུས་མེད་དོ། །ཇི་སྟེ་དུས་ནི་ལྟོས་པ་ལས་འགྲུབ་སྟེ་འདི་ལྟ་སྟེ། འདས་པ་ལ་ལྟོས་ནས་མ་འོངས་པ་དང་། ད་ལྟར་བྱུང་བར་འགྱུར་བ་ལ། དེ་བཞིན་དུ་ད་ལྟར་བྱུང་བ་ལ་ལྟོས་ཏེ། དེ་ལས་གཞན་པའི་དུས་གཉིས་སུ་འགྱུར་བ་ལ་སོགས་པ་ཡོད་དོ་ཞེ་ན་ཡང་། གལ་ཏེ་འདས་པ་ལ་ལྟོས་ནས་ད་ལྟར་བྱུང་བ་དང་། མ་འོངས་པའི་དུས་གཉིས་སུ་འགྱུར་ན། དེ་ལྟ་ན་ནི་ད་ལྟར་བྱུང་བ་དང་། མ་འོངས་པ་གཉིས་འདས་པའི་དུས་ན་ཡང་ཡོད་པར་འགྱུར་རོ། ། མ་འོངས་པ་དང་ད་ལྟར་བྱུང་བ་གཉིས་འདས་པ་ལ་མེད་ན་ནི་དེ་ལ་ལྟོས་པར་མི་འགྱུར་རོ། །ཇི་སྟེ་མ་འོངས་པ་དང་། ད་ལྟར་བྱུང་བ་གཉིས་འདས་པའི་དུས་ན་ཡོད་ན་ནི་དེ་ལྟ་ན་དེ་གཉིས་ཀྱང་དེ་ན་ཡོད་པས་འདས་པ་ཉིད་དུ་འགྱུར་རོ། །དེ་བཞིན་དུ་ད་ལྟར་བྱུང་བ་དང་། འདས་པ་ གཉིས་ཀྱང་གལ་ཏེ་མ་འོངས་པ་ལ་ལྟོས་ཏེ་འབྱུང་བ། དེ་ལྟ་ན་ནི་ད་ལྟར་བྱུང་བ་དང་། འདས་པ་གཉིས་མ་འོངས་པ་ལ་ཡོད་པར་འགྱུར་ཏེ། དེ་ན་མེད་པ་དག་ནི་དེ་ལ་ལྟོས་པར་ཡང་མི་འགྱུར་རོ། །ཇི་སྟེ་མ་འོངས་པ་དེ་ལ་དེ་གཉིས་ཡོད་པར་འགྱུར་ན་དེ་ལྟ་ན་ནི་དེ་གཉིས་ཀྱང་མ་འོངས་ པ་ཉིད་དུ་འགྱུར་རོ། །དེ་བཞིན་དུ་གལ་ཏེ་འདས་པ་དང་། མ་འོངས་པ་གཉིས་ད་ལྟར་བྱུང་བ་ལ་ལྟོས་ཏེ་འབྱུང་ན་དེ་ལྟ་ན་ནི་འདས་པ་དང་མ་འོངས་པ་གཉིས་ད་ལྟར་བྱུང་བ་ལ་ཡོད་པར་འགྱུར་ཏེ། དེ་ན་མེད་པ་དག་ནི་དེ་ལ་ལྟོས་པར་མི་འགྱུར་རོ། །ཇི་སྟེ་འདས་པ་དང་མ་འོངས་པ་དེ་ གཉིས་ད་ལྟར་བྱུང་བའི་དུས་ན་ཡོད་ན་ནི་དེ་ལྟ་ན་དེ་གཉིས་དེ་ན་ཡོད་པའི་ཕྱིར་ད་ལྟར་བྱུང་བར་འགྱུར་ཏེ། དེ་ལྟ་ན་ཡང་དུས་གཅིག་ཁོ་ནར་འགྱུར་རོ། །དེ་བས་ན་རྣམ་པ་དེ་དག་ལ་སོགས་པས་དོན་དམ་པར་སྔོན་གྱི་མཐའ་དང་། ཕྱི་མའི་མཐའ་དང་། དབུས་ཀྱི་མཐའ་ཞེས་བྱ་ བའི་ཆོས་ནི་གང་ཡང་མེད་ཀྱི། བཅོམ་ལྡན་འདས་ཀྱིས་འཇིག་རྟེན་གྱི་ཐ་སྙད་དུ་དེ་དག་བསྟན་ཏོ་སྙམ་པ་འདི་ནི། མཐའ་ལས་འདས་པ་སྟོང་པ་ཉིད་ཅེས་བྱའོ། །ཡང་བྱང་ཆུབ་སེམས་དཔའ་འདི་སྙམ་དུ་སེམས་ཏེ། གལ་ཏེ་ཆོས་ཐམས་ཅད་སྟོང་པ་ཉིད་ཡིན་ན་ཅིའི་ཕྱིར་བཅོམ་ ལྡན་འདས་ཀྱིས་བྱིས་པ་རྣམས་ཀྱི་འཁོར་བ་ནི་རིང་ངོ་། །དགེ་སློང་དག་འཁོར་བ་འདི་ལ་ཐོག་མ་དང་ཐ་མ་མེད་དོ་ཞེས་འཁོར་བ་ཡོད་པ་ཉིད་དུ་གསུངས་ཏེ། དེ་བས་ན་འཁོར་བ་ཡོད་དོ། །དེ་ཡོད་པས་འཁོར་བ་པོ་ཡང་ཡོད་དེ། དེ་བས་ན་ཆོས་ཐམས་ཅད་ཀྱང་དེའི་སྒོ་ནས་ཡོད་ པར་འགྱུར་རོ་སྙམ་དུ་བསམས་ནས། དེ་ཡང་འདི་ལྟར་གཏན་ལ་འབེབས་ཏེ། འཁོར་བ་ཞེས་བྱ་བའི་ཆོས་ནི་གང་ཡང་མེད་དོ། །ཅིའི་ཕྱིར་ཞེ་ན། ཐོག་མ་དང་ཐ་མ་མེད་དོ་ཞེས་འབྱུང་བའི་ཕྱིར་རོ། །གལ་ཏེ་འཁོར་བ་ཞེས་བྱ་བའི་ཆོས་འགའ་ཞིག་ཡོད་པར་གྱུར་ན་དེའི་ཐོག་ མ་ཡང་ཡོད་ལ་ཐ་མ་ཡང་ཡོད་པར་འགྱུར་རོ། །ཐོག་མ་དང་ཐ་མ་དང་ཡོད་པའི་ཆོས་ནི་གང་ཡང་ཡོད་པར་མ་མཐོང་ངོ་། །བཅོམ་ལྡན་འདས་ཀྱིས་ཀྱང་སྔོན་གྱི་མཐའ་མི་སྣང་ངོ་ཞེས་གསུངས་སོ། །ཇི་སྟེ་ཐོག་མ་དང་ཐ་མ་གཉིས་ནི་བཀག་གི་དབུས་མ་མ་ བཀག་སྟེ། དེ་བས་ན་དབུས་ཡོད་དོ་ཞེ་ན་ཡང་དེ་ཡང་མི་རིགས་ཏེ། གང་ལ་ཐོག་མ་དང་ཐ་མ་མེད་པ་དེ་ལ་དབུས་ཇི་ལྟར་ཡོད་པར་འགྱུར། དབུས་ཞེས་བྱ་བ་ནི་ཐོག་མ་དང་ཐ་མ་དག་ལ་ལྟོས་ཏེ་འབྱུང་བའི་ཕྱིར་རོ། །ཇི་སྟེ་འཁོར་བའི་ཞེས་བྱ་བའི་ཆོས་གཞན་དུ་གྱུར་པ་ཞིག་ མེད་ན་སེམས་ཅན་རྣམས་གང་དུ་འཁོར་བར་འགྱུར་བཅོམ་ལྡན་འདས་ཀྱིས་ཀྱང་འཁོར་བར་ནི་གསུངས་ཏེ། དགེ་སློང་དག་འཁོར་བ་འདི་ཐོག་མ་དང་ཐ་མ་མེད་དེ་ཐོག་མའི་མཐའ་མི་སྣང་ངོ་། །སེམས་ཅན་མ་རིག་པས་བསྒྲིབས་པ་སྲེད་པའི་ཀུན་ཏུ་སྦྱོར་བ་ཅན་རྣམས་ཀུན་ཏུ་རྒྱུག་ཅིང་ འཁོར་བར་འགྱུར་རོ་ཞེས་གསུངས་སོ་ཞེ་ན་ཡང་འདི་ལྟར་ལན་བཏབ་པ་འཁོར་བར་འགྱུར་བ་དེ་ཉིད་དོན་དམ་པར་འཐད་པ་མ་ཡིན་ཏེ། གལ་ཏེ་འགའ་ཞིག་འཁོར་བར་འགྱུར་ན་ཡང་བརྟག་པ་འམ་མི་རྟག་པ་ཞིག་འཁོར་གྲང་ན་རྟག་པ་ནི་འཁོར་བར་འགྱུར་བར་མི་འཐད་དེ། འགྱུར་ བ་མེད་པའི་ཕྱིར་རོ། །མི་རྟག་པ་ཡང་འཁོར་བར་འགྱུར་བར་མི་འཐད་དེ། སྐད་ཅིག་པ་རྣམས་ནི་དེ་དང་དེ་ཉིད་དུ་ཞིག་སྟེ། ཡང་སྐད་ཅིག་གཉིས་པ་ལ་གཞན་ཁོ་ན་སྐྱེ་བས་དེ་ལ་འཁོར་བ་ག་ལ་ཡོད། དེ་བས་ན་འཁོར་བ་ཞེས་བྱ་བ་ནི་སྐྱེ་བ་དང་འགག་པའི་རྒྱུན་གྱིས་ དངོས་པོས་འདུ་བྱེད་རྣམས་ཀྱི་རྒྱུན་མ་ཆད་པ་ལ་འཁོར་བ་ཞེས་བྱ་བར་བཏགས་ཏེ། འདི་ནི་ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་དོ། །ཡང་བྱང་ཆུབ་སེམས་དཔའ་འདི་སྙམ་དུ་སེམས་ཏེ། འཁོར་བ་དམིགས་སུ་མེད་ཀྱང་མྱ་ངན་ལས་འདས་པ་ཞེས་བྱ་བ་ཆོས་གཞན་དུ་གྱུར་པ་ནི་ ཡོད་དོ། །འགོགས་པའི་བདེན་པ་ནི་མེད་དོ་ཞེས་བརྗོད་པར་མི་ནུས་ཏེ། བཅོམ་ལྡན་འདས་ཀྱིས་ཀྱང་དགེ་སློང་དག་མ་སྐྱེས་པ་མ་བྱས་པ་མ་བྱུང་བ། འདུས་མ་བྱས་པ་ནི་ཡོད་དོ་ཞེས་བྱ་བ་ལ་སོགས་པ་མངོན་སུམ་དུ་བསྟན་ཏེ། དེ་བས་ན་དོར་བ་མེད་པ་ཡོད་དོ། །དོར་བར་བྱ་ ཞིང་མེད་པར་བྱ་བའི་ཕྱིར་དོར་བ་ཞེས་བྱ་བ་ནི་ཕུང་པོ་ལྔ་ལ་བྱའོ། །དེ་བཞིན་གཤེགས་པ་འོད་སྲུངས་ཀྱི་གསུང་རབ་ལ་ནི་ཕུང་པོ་ལ་དོར་བ་ཞེས་བྱ་བའི་མིང་དུ་བཏགས་སོ། །ད་ལྟར་ཡང་དོར་བར་བྱ་བའི་སྲིད་པ་གཅིག་དང་། དོར་བར་བྱ་བའི་སྲིད་པ་ལྔ་ཞེས་ཀྱང་གསུངས་སོ། །དོར་ བའི་དངོས་པོ་ཡོད་པ་མ་ཡིན་པ་ལ་དོར་བ་མེད་པ་ཞེས་བྱ་སྟེ། ཕུང་པོ་གང་དུ་འགགས་པར་གྱུར་པ་དེ་ལ་དོར་བ་མེད་པ་ཞེས་བྱ་སྟེ། འགོག་པ་ཡིན་ནོ་སྙམ་ནས་ཡང་བྱང་ཆུབ་སེམས་དཔའ་འདི་ལྟར་གཏན་ལ་འབེབས་ཏེ། དོར་བ་མེད་པ་ཞེས་བྱ་བའི་ཆོས་ནི་གང་ཡང་ཡོད་པར་མི་ རིགས་ཀྱི། ཕུང་པོ་མེད་པ་ལ་ནི་དོར་བ་མེད་པ་ཞེས་བྱ་སྟེ། ཕུང་པོ་མེད་པ་དེ་ཡང་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པ་དངོས་པོ་ཐམས་ཅད་མེད་པའི་མཚན་ཉིད་ཡིན་པས་དེ་ནི་གང་གི་བདག་ཉིད་དུ་ཡང་ཆོས་གཞན་དུ་གྱུར་པར་རྣམ་པར་གཞག་མི་ནུས་སོ། །དེ་བས་ ན་དངོས་པོ་མེད་པ་ཞེས་བརྗོད་པ་ནི་མྱ་ངན་ལས་འདས་པ་དང་། འགོག་པ་དང་། འདུས་བྱས་ཐམས་ཅད་ཉེ་བར་ཞི་བ་དང་། དོར་བ་མེད་པ་ལ་སོགས་པའི་རྣམ་གྲངས་རྣམས་ཀྱིས་བརྗོད་དོ། །ཇི་སྟེ་མྱ་ངན་ལས་འདས་པ་མེད་ན་ཅིའི་ཕྱིར་འདུ་བྱེད་རྣམས་སྐྱེ་བར་མི་འགྱུར། དེ་བས་ ན་ཕྱིས་འདུ་བྱེད་རྣམས་ཡང་སྐྱེ་བར་འགྱུར་བའི་གཉེན་པོར་གྱུར་པའི་ཆོས་ནི་མྱ་ངན་ལས་འདས་པ་ཡིན་ནོ་ཞེ་ན། དེ་ཡང་འཐད་པ་མ་ཡིན་ཏེ། འདུ་བྱེད་རྣམས་མྱ་ངན་ལས་འདས་པ་ནི་ཇི་ལྟར་ཡང་མི་སྲིད་དོ། །གལ་ཏེ་འདུ་བྱེད་རྣམས་མྱ་ངན་ལས་འདའ་བར་འགྱུར་ན་ཡང་རྟག་ པའམ། མི་རྟག་པ་ཞིག་མྱ་ངན་ལས་འདའ་གྲང་ན། གལ་ཏེ་རྟག་པ་འགའ་ཞིག་མྱ་ངན་ལས་འདའོ་ཞེས་བྱ་བར་ནི་དེ་ཡང་མི་འཐད་དེ། རྟག་པ་ནི་དུས་ཐམས་ཅད་དུ་འགྱུར་བ་མེད་པ་དང་། དེ་ལ་མྱ་ངན་ལས་འདས་པ་དགོས་པ་མེད་པའི་ཕྱིར་རོ། །ཇི་སྟེ་འགའ་ཞིག་མྱ་ངན་ ལས་འདའོ་ཞེས་བྱ་བར་ནི་དེ་མི་རྟག་པའི་ཕྱིར་ཞིག་པ་ལས་ཕྱིས་སྐྱེ་བ་མེད་དེ། སྐྱེ་བ་མེད་པའི་ངོ་བོ་ཉིད་ལ་ནི་མྱ་ངན་ལས་འདའ་བས་ཅི་ཡང་བྱར་མེད་དོ། །ཇི་སྟེ་འདུ་བྱེད་གཞན་དག་དེའི་རྒྱུ་ལ་སྐྱེ་བའི་གཉེན་པོར་བྱེད་དོ་ཞེ་ན་ཡང་། དེ་ཡང་ཡོད་པ་མ་ཡིན་ཏེ། འཇིག་རྟེན་ ལས་འདས་པའི་ལམ་གྱི་མེས་ཉོན་མོངས་པའི་ཤིང་གི་ས་བོན་སྲེག་པའི་ཕྱིར་ཡང་མི་སྐྱེ་བའི་ངོ་བོ་ཉིད་དེ། ངོ་བོ་ཉིད་ཀྱིས་མི་སྐྱེ་བ་དེ་ལ་མྱ་ངན་ལས་འདས་པའོ་ཞེས་བཏགས་སོ། །ཉན་ཐོས་ཀྱི་ཚུལ་ལ་ཡང་མྱ་ངན་ལས་འདས་པ་ཞེས་བྱ་བ་ཆོས་གཞན་ དུ་གྱུར་པ་ཅི་ཡང་མེད་ན་སྟོང་པ་ཉིད་ཀྱི་ཚུལ་ལ་ལྟ་སྨོས་ཀྱང་ཅི་དགོས་ཏེ་འདི་ནི་དོར་བ་མེད་པ་སྟོང་པ་ཉིད་ཅེས་བྱའོ། །ཡང་བྱང་ཆུབ་སེམས་དཔའ་འདི་སྙམ་དུ་སེམས་ཏེ། གལ་ཏེ་ཆོས་ཐམས་ཅད་སྟོང་པ་ཡིན་ན། གང་སེམས་ཅན་རྣམས་ཀྱི་རང་བཞིན་དུ་གྱུར་པ་འདོད་ཆགས་ ལ་སོགས་པའི་སྤྱོད་པ་དང་། བསམ་པ་དང་། བག་ལ་ཉལ་དང་། མོས་པ་དང་། ཁམས་དང་། རིགས་ཞེས་བྱ་བ་ལ་སོགས་པ་གང་དག་གི་དབང་གིས་བསམ་པ་དང་། བག་ལ་ཉལ་སྣ་ཚོགས་མཁྱེན་པ་དང་། མོས་པ་སྣ་ཚོགས་མཁྱེན་པ་དང་། ཁམས་སྣ་ཚོགས་ མཁྱེན་པ་ཞེས་བྱ་བ་ལ་སོགས་པ་སངས་རྒྱས་ཀྱི་ཆོས་རྣམས་འཇུག་པར་འགྱུར་བའི་ཆོས་གང་ཡིན་པ་དེ་དག་འཐད་པར་མི་འགྱུར་ཏེ། དེ་བས་ན་རང་བཞིན་གྱི་ཆོས་དེ་དག་ནི་དོན་དམ་པར་ཡོད་དོ་སྙམ་ནས། ཡང་འདི་ལྟར་གཏན་ལ་འབེབས་ཏེ། དེ་དག་ནི་ཆོས་གཞན་དུ་གྱུར་པར་ བརྗོད་པར་མི་རིགས་ཀྱི། འདི་ལྟར་དེ་དག་ནི་སེམས་ཅན་ཀྱི་རྒྱུད་དུ་གྱུར་པའི་གནས་སྐབས་ཀྱི་བྱེ་བྲག་རྣམས་ཏེ། དེ་དག་ནི་སེམས་ཅན་རྣམས་ལས་ཐ་དད་པའམ་ཐ་དད་པ་མ་ཡིན་པར་རྣམ་པར་གཞག་མི་ནུས་སོ། །དེ་བས་ན་ཆོས་གཞན་དུ་གྱུར་པ་དེ་ལྟ་བུ་དག་ནི་མེད་དོ་ སྙམ་པ་འདི་ནི་རང་བཞིན་སྟོང་པ་ཉིད་ཅེས་བྱའོ། །ཡང་བྱང་ཆུབ་སེམས་དཔའ་འདི་སྙམ་དུ་སེམས་ཏེ། གལ་ཏེ་ཆོས་ཐམས་ཅད་མེད་པ་ཡིན་ན་དེ་དག་གི་མི་རྟག་པ་ཉིད་དང་། སྡུག་བསྔལ་བ་ཉིད་དང་བདག་མེད་པ་ཉིད་ལ་སོགས་པའི་ཆོས་དེ་དག་ཇི་ལྟར་ཡོད་པར་འགྱུར། ཆོས་ཅན་མེད་པར་ནི་ཆོས་ཡོད་པར་མི་རུང་སྟེ། འདི་ལྟར་འདུས་བྱས་ཀྱི་ཆོས་ཐམས་ཅད་ནི་མི་རྟག་པའོ། །ཟག་པ་དང་བཅས་པའི་ཆོས་ཐམས་ཅད་ནི་སྡུག་བསྔལ་བའོ། །ཆོས་ཐམས་ཅད་ནི་བདག་མེད་པའོ། །དེ་ལྟ་བས་ན་དེ་དང་དེ་མཐོང་ན་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་ པ་ཐོབ་པ་དང་། སྲིད་པ་ཐམས་ཅད་ཀྱི་སྡུག་བསྔལ་ལས་རྣམ་པར་ཐར་པ་འགྲུབ་པོ་སྙམ་ནས། ཡང་འདི་ལྟར་གཏན་ལ་འབེབས་ཏེ། མི་རྟག་པ་ཉིད་ཀྱི་ཆོས་འདི་ནི་དོན་དམ་པའི་ཆོས་སུ་མི་རུང་སྟེ། དོན་དམ་པའི་ཆོས་མི་རྟག་པ་དང་། སྐྱེ་བ་དང་འཇིག་པར་ཇི་ལྟར་འགྱུར། འགྱུར་བ་དང་རྣམ་པར་འགྱུར་བའི་ཆོས་ནི་དོན་དམ་པ་ཞེས་བྱར་མི་རུང་གི །བདེན་པ་གང་ཡིན་པ་དང་། ཕྱིན་ཅི་མི་ལོག་པ་གང་ཡིན་པ་དེ་ནི་དེ་དག་གི་དོན་དམ་པ་ཉིད་དོ། །དེ་བས་ན་དོན་དམ་པ་ལ་འགྱུར་བ་དང་ལྡན་པ་མེད་དོ། །དེ་བཞིན་དུ་གལ་ཏེ་སྡུག་བསྔལ་དུ་གྱུར་པའི་ཆོས་དོན་ དམ་པར་གྱུར་པ་ཞིག་ཡོད་ན་ནི་དེ་ལྟ་ན་སྡུག་བསྔལ་དེ་རྟག་པར་འགྱུར་ཏེ། དེ་ལྟར་གྱུར་ན་རྟག་པར་གྱུར་པའི་སྡུག་བསྔལ་ནི་དུས་ཐམས་ཅད་དུ་ཡོད་པའི་ཕྱིར་འཇིག་རྟེན་ནམ། འཇིག་རྟེན་ལས་འདས་པའི་བདེ་བ་ཡང་སྐྱེ་བར་མི་འགྱུར་རོ། །དེ་བཞིན་དུ་གལ་ཏེ་བདག་མེད་པ་ཞེས་བྱ་བའི་ ཆོས་ཤིག་དོན་དམ་པར་ཡོད་པར་འགྱུར་ན། འོ་ན་ནི་ཆོས་ཐམས་ཅད་བདག་མེད་པ་ཉིད་དང་ལྡན་པས་རྟག་པར་འགྱུར་རོ། །དེ་ལྟར་གྱུར་ན་ཐར་པ་ཞེས་བྱ་བ་ཉིད་འགྲུབ་པར་མི་འགྱུར་རོ། །དེ་བས་ན་ཀུན་བརྟགས་པའི་ཆོས་རྣམས་ཀྱི་རང་བཞིན་འདི་དག་ནི་ཀུན་བརྟགས་པ་ཉིད་ཡིན་ ཏེ། ཆོས་ཐམས་ཅད་ཀྱི་སྟོང་པ་ཉིད་ནི་གཞིག་པར་མི་ནུས་སོ། །དེ་བས་ན་འདི་ནི་ཆོས་ཐམས་ཅད་སྟོང་པ་ཉིད་ཅེས་བྱའོ། །ཡང་བྱང་ཆུབ་སེམས་དཔའ་འདི་སྙམ་དུ་སེམས་ཏེ། གལ་ཏེ་རེ་ཞིག་མི་རྟག་པ་ཉིད་ལ་སོགས་པ་ནི་སྤྱིའི་མཚན་ཉིད་ཡིན་པའི་ཕྱིར་མེད་དུ་ཟིན་ཀྱང་འདི་ དག་ནི་ཆོས་རྣམས་ཀྱི་རང་གི་མཚན་ཉིད་དེ་གཟུགས་ཀྱི་མཚན་ཉིད་ནི་གཟུགས་སུ་རུང་བའོ། །ཚོར་བའི་མཚན་ཉིད་ནི་མྱོང་བའོ་ཞེས་བྱ་བ་ལ་སོགས་པ་དེ་དག་ནི་ཡོད་དོ། །དེ་དག་ཡོད་པས་གཟུགས་ལ་སོགས་པ་ཡང་ཡོད་པ་ཉིད་དོ་སྙམ་ནས། ཡང་བདག་ཉིད་ཀྱིས་འདི་ ལྟར་གཏན་ལ་འབེབས་ཏེ། ཅི་མཚན་ཉིད་འདི་དག་མཚན་ཉིད་ཀྱི་གཞི་རྣམས་ལས་ཐ་དད་དམ། འོན་ཏེ་ཐ་དད་པ་མ་ཡིན། གལ་ཏེ་ཐ་དད་པ་མ་ཡིན་པར་གྱུར་ན་དེ་ཉིད་མཚན་ཉིད་ཡིན་ལ། དེ་ཉིད་མཚན་ཉིད་ཀྱི་གཞི་ཡིན་ཞེས་བྱར་མི་རུང་སྟེ། མཚན་ཉིད་ཀྱི་གཞི་མ་གྲུབ་ན་ མཚན་ཉིད་ཀྱང་དེ་དང་ཐ་དད་པ་མ་ཡིན་པས་གྲུབ་པར་མི་འགྱུར་ཏེ། དེའི་མཚན་ཉིད་དུ་ཇི་ལྟར་གྲུབ་པར་འགྱུར། གལ་ཏེ་ཐ་དད་པར་གྱུར་ན་དེ་ལྟ་ན་ནི་འདི་དཔྱད་དགོས་ཏེ། ཅི་མཚན་ཉིད་ཀྱི་གཞིའི་སྔོན་རོལ་དུ་མཚན་ཉིད་བྱུང་ངམ། འོན་ཏེ་ཕྱིས་འབྱུང་ངམ་ འོན་ཏེ་དུས་གཅིག་ཏུ་བྱུང་། གལ་ཏེ་མཚན་ཉིད་ཀྱི་གཞིའི་སྔོན་རོལ་དུ་མཚན་ཉིད་བྱུང་ན་མཚན་ཉིད་ཀྱི་གཞི་མེད་པར་དེ་གང་གི་མཚན་ཉིད་ཡིན། གཞི་མེད་པར་མཚན་ཉིད་འབའ་ཞིག་སྔར་བྱུང་བར་གྱུར་ན་ཕྱིས་ཀྱང་གཞི་མེད་པ་ཉིད་དུ་འབྱུང་བར་འགྱུར་རོ། །ཇི་སྟེ་མཚན་ཉིད་ཀྱི་ གཞི་ནི་སྔར་བྱུང་ལ་མཚན་ཉིད་ཕྱིས་བྱུང་བར་གྱུར་ན་དེ་ལྟ་ན་ནི་མཚན་ཉིད་བྱུང་བའི་སྔོན་རོལ་དུ་མཚན་ཉིད་ཀྱི་གཞི་དེ་མཚན་ཉིད་མེད་པར་བྱུང་བས་ཕྱིས་ཀྱང་མཚན་ཉིད་མེད་པར་ཅིའི་ཕྱིར་མི་འབྱུང་། མཚན་ཉིད་མེད་པར་མཚན་ཉིད་ཀྱི་གཞི་སྔར་བྱུང་དུ་ཟིན་ན་ཕྱིས་མཚན་ཉིད་འབྱུང་བའི་ ཚེ་རྒྱུ་མེད་པར་འབྱུང་བར་གྱུར་པས་མཚན་ཉིད་དེ་ཅི་ཡང་མི་བྱེད་པར་འགྱུར་རོ། །ཇི་སྟེ་མཚན་ཉིད་ཀྱི་གཞི་དང་མཚན་ཉིད་དུས་གཅིག་ཏུ་འབྱུང་བར་གྱུར་ན། དེ་ལྟ་ན་ནི་མཚན་ཉིད་ལས་མཚན་གྱི་གཞི་ཐ་དད་པར་གྱུར་པ་དང་། མཚན་གྱི་གཞི་ལས་མཚན་ཉིད་ཐ་དད་པར་གྱུར་པ་ སྔར་མ་མཐོང་བའི་ཕྱིར་འདི་ནི་མཚན་ཉིད་དོ། །འདི་ནི་མཚན་ཉིད་ཀྱི་གཞིའོ་ཞེས་གཉིས་སུ་རྣམ་པར་དབྱེ་བ་ཇི་ལྟར་རིགས་པར་འགྱུར། དེ་བས་ན་ཀུན་བརྟགས་པའི་ཆོས་རྣམས་ཀྱི་མཚན་ཉིད་རྣམས་ཀྱང་ཀུན་བརྟགས་པ་ཉིད་ཡིན་པས་དོན་དམ་པར་རྟག་བཟོད་པ་མ་ཡིན་ནོ་སྙམ་པ་ འདི་ནི། །རང་གི་མཚན་ཉིད་སྟོང་པ་ཉིད་དོ། །ཡང་བྱང་ཆུབ་སེམས་དཔའ་འདི་སྙམ་དུ་སེམས་ཏེ། གལ་ཏེ་ཆོས་ཐམས་ཅད་དམིགས་སུ་མེད་པ་ཡིན་ན། དེ་ལྟ་ན་ནི་དམིགས་སུ་མེད་པའི་ཆོས་གཞན་དུ་གྱུར་པ་ཞིག་ཡོད་དོ། །གལ་ཏེ་དམིགས་སུ་མེད་པ་མེད་དུ་ཟིན་ན་ཆོས་ རྣམས་དམིགས་སུ་ཡོད་པར་འགྱུར་ཏེ། དེ་བས་ན་དམིགས་སུ་མེད་པ་ནི་ཡོད་དོ་སྙམ་ནས་ཡང་འདི་ལྟར་གཏན་ལ་འབེབས་ཏེ། འདི་ལ་དམིགས་སུ་མེད་པ་ཞེས་བྱ་བའི་ཆོས་གཞན་དུ་གྱུར་པ་ནི་ཡོད་པར་མི་རིགས་སོ། །གལ་ཏེ་དམིགས་སུ་མེད་པ་ཞེས་བྱ་བའི་ཆོས་གཞན་དུ་གྱུར་ པ་ཞིག་ཡོད་ན་ནི་དམིགས་སུ་མེད་པ་དེ་ལས་གུད་ན་དམིགས་པ་ཡང་ཡོད་པར་འགྱུར་རོ། །དེའི་ཕྱིར་དམིགས་སུ་མེད་པ་ནི་དམིགས་པའི་ངོ་བོ་ཉིད་དུ་འགྱུར་རོ། །དེ་ཡང་བཀག་པའི་ཕྱིར་དེ་ལྟར་མི་རུང་སྟེ། དེ་ཉིད་དམིགས་པ་ཡིན་ལ་དེ་ཉིད་དམིགས་སུ་མེད་པ་ཡིན་ནོ་ཞེས་བྱ་ བ་འདི་ནི་འགལ་ལོ། །ཇི་སྟེ་ཡང་འདི་སྙམ་དུ་དམིགས་སུ་མེད་པ་ལ་ནི་དམིགས་པ་ཡོད་པ་མ་ཡིན་ནོ་སྙམ་དུ་སེམས་ན་ཡང་། དེ་ལྟ་ན་ནི་དམིགས་སུ་མེད་པའི་ཕྱིར་དམིགས་སུ་མེད་པ་ཡང་མེད་པ་ཉིད་དུ་འགྱུར་རོ། །དེའི་ཕྱིར་དམིགས་སུ་མེད་པ་ཞེས་བྱ་བའི་ཆོས་གཞན་ དུ་གྱུར་པ་ཡོད་དོ་ཞེས་བྱ་བ་མི་དམིགས་ཀྱི། ཆོས་རྣམས་ཀྱི་དམིགས་པ་མེད་པ་ཉིད་ལ་དེ་དང་དེར་དམིགས་སུ་མེད་པ་ཞེས་ཐ་སྙད་བཏགས་པ་འབའ་ཞིག་ཏུ་ཟད་དེ། དེ་བས་ན་འདི་ནི་མི་དམིགས་པ་སྟོང་པ་ཉིད་ཅེས་བྱའོ། །ཡང་བྱང་ཆུབ་སེམས་དཔའ་འདི་སྙམ་དུ་སེམས་ ཏེ། ཆོས་ཐམས་ཅད་ན་དངོས་པོ་མེད་པའི་ངོ་བོ་ཉིད་དོ་ཞེས་བཤད་དེ། དེ་བས་ན་ཆོས་ཐམས་ཅད་ཀྱི་དངོས་པོ་མེད་པ་ཞེས་བྱ་བའི་ངོ་བོ་ཉིད་བཅལ་བར་བྱའོ། །དེ་བས་ན་དངོས་པོ་མེད་པའི་ངོ་བོ་ཉིད་དུ་གྲུབ་པའི་ཕྱིར་དངོས་པོ་མེད་པའི་ངོ་བོ་ཉིད་ཅེས་བྱ་བའི་ཆོས་ནི་ཡོད་དོ། ། ཇི་སྟེ་འདི་སྙམ་དུ་གལ་ཏེ་ཆོས་རྣམས་དངོས་པོ་མེད་པའི་བདག་ཉིད་ཡིན་ན། དེ་ལྟར་ན་ནི་ཆོས་རྣམས་མེད་དོ་ཞེས་བྱ་བ་ཉིད་དུ་གསུང་བར་འགྱུར་ཏེ། འདི་ལ་རྙེད་པ་ཅི་ཞིག་ཡོད་སྙམ་སེམས་ན། དེ་ལྟ་ཡང་མ་ཡིན་ཏེ། ཀུན་བརྟགས་པའི་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་ ཐམས་ཅད་མེད་དོ་ཞེས་ཁས་བླངས་ན། ཀུན་བརྟགས་པའི་ཆོས་དེ་དག་ཉིད་དངོས་པོ་མེད་པའི་ངོ་བོ་ཉིད་དུ་ཡོད་དོ་ཞེས་སྨྲས་པས་ཆོས་རྣམས་ཀྱི་ཕྱོགས་གཅིག་ཡོད་པར་བསྟན་པར་འགྱུར་བས་རྙེད་པ་ཆེར་ཡོད་དོ་སྙམ་ནས་ཡང་འདི་ལྟར་གཏན་ལ་འབེབས་ཏེ། ཆོས་ཐམས་ཅད་ནི་དངོས་པོ་མེད་པའི་ ངོ་བོ་ཉིད་དོ་ཞེས་བྱ་བའི་ཚིག་འདིའི་དོན་གང་ཡིན་ཞེ་ན། ཆོས་ཐམས་ཅད་ཅེས་བྱ་བ་འདིས་ནི་ཀུན་བརྟགས་པའི་ཆོས་རྣམས་དང་། ཡོངས་སུ་གྲུབ་པའི་ཆོས་རྣམས་བསྟན་ཏོ། །དེ་ལ་ཀུན་བརྟགས་པའི་ཆོས་རྣམས་ནི་མེད་པའི་ཕྱིར་ཤིན་ཏུ་དངོས་པོ་མེད་པའི་ངོ་བོ་ཉིད་དོ་ཞེས་བརྗོད་དོ། །ཡོངས་ སུ་གྲུབ་པའི་ཆོས་རྣམས་ནི་དེ་བཞིན་ཉིད་དངོས་པོ་ལས་བཟློག་པའི་རྣམ་པ་སྟེ། དངོས་པོ་མེད་པ་ཞེས་བྱ་བའི་དོན་འདི་བཟུང་ནས་དངོས་པོ་མེད་པའི་ངོ་བོ་ཉིད་ཅེས་བྱའོ། །བྱུང་བའི་ཕྱིར་དངོས་པོ་ཞེས་བྱ་བས་ན་འདུས་བྱས་ཀྱི་ཆོས་ལ་དངོས་པོ་ཞེས་བྱའོ། །དེ་ལས་ བཟློག་པ་བརྗོད་དུ་མེད་པ་སོ་སོ་རང་གིས་རིག་པའི་རྣམ་པ་གང་ཡིན་པ་དེ་ནི་དངོས་པོ་མེད་པའི་ངོ་བོ་ཉིད་དེ། དེ་བཞིན་ཉིད་ཅེས་བྱ་བར་བསྟན་ཏོ། །དེ་ལྟར་ན་འདི་ཉིད་ཀྱིས་ཆོས་རྣམས་ཀྱི་ཡོད་པ་དང་། མེད་པ་བསྟན་པ་ཡིན་ཏེ། གང་གི་ཕྱིར་བཅོམ་ལྡན་འདས་ཀྱིས་ཀྱང་གང་ན་གང་མེད་པ་ དེ་ན་དེས་སྟོང་པར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་ཏེ། དེ་ན་ལྷག་མ་མ་ལུས་པ་གང་ཡིན་པ་དེ་ནི་འདིར་ཡོད་པའོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ་ཞེས་གསུངས་པས་ཆོས་ཐམས་ཅད་ཀྱི་དངོས་པོ་མེད་པའི་ངོ་བོ་ཉིད་ཀྱི་མཚན་ཉིད་ཤིན་ཏུ་རྟོགས་པ་མ་ཡིན་ཏེ། འདི་ ནི་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཅེས་བྱའོ། །ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་དང་། ཆོས་ཀྱི་དབྱིངས་ཀྱི་དེ་བཞིན་ཉིད་དང་། ཡང་དག་པའི་མཐའི་དེ་བཞིན་ཉིད་ཅེས་བྱ་བ་ནི་ཐམས་ཅད་དུ་ཡང་དེ་བཞིན་ཉིད་ནི་གཅིག་མོད་ཀྱི་འོན་ཀྱང་དེའི་གཞི་ལ་འཇུག་པ་ཐ་དད་པས་རྣམ་པ་ གསུམ་དུ་གཞག་སྟེ། ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱི་ས་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ས་པ་དང་། ཐམས་ཅད་ཤེས་པ་ཉིད་ཀྱི་ས་པའོ། །ཕྱི་དང་ནང་གི་ཆོས་གང་ཡིན་པ་དེ་དག་གི་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་གང་ཡིན་པ་དེ་ནི་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ ཅེས་བྱ་སྟེ། འདི་ལྟ་སྟེ། གཟུགས་ཀྱི་དེ་བཞིན་ཉིད་དང་། སྒྲའི་དེ་བཞིན་ཉིད་དང་། དྲིའི་དེ་བཞིན་ཉིད་ཅེས་བྱ་བ་ལ་སོགས་པ་ལྟ་བུའོ། །སངས་རྒྱས་ཐམས་ཅད་ཀྱི་དེ་བཞིན་གཤེགས་པའི་སྙིང་པོ་གནས་གྱུར་པ་ཆོས་ཀྱི་སྐུ་ནི་གཉིས་པ་ཆོས་ཀྱི་དབྱིངས་ཀྱི་དེ་བཞིན་ཉིད་ཅེས་ བྱ་སྟེ། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་གཞི་ཡིན་པའི་ཕྱིར་རོ། །ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པ་ནི་ཡང་དག་པའི་མཐའི་དེ་བཞིན་ཉིད་ཅེས་བྱ་སྟེ། འདིས་ཡང་དག་པའི་མཐའ་མངོན་སུམ་དུ་མི་བྱའོ་ཞེས་བྱ་བ་དང་། འཁོར་ བ་ཡང་མི་ལེན་ཏོ་ཞེས་བྱ་བ་དང་། ཡང་དག་པའི་མཐའ་ཡང་མངོན་སུམ་དུ་མི་བྱེད་དོ་ཞེས་དེ་དང་དེ་དག་ལས་བཤད་པ་གང་ཡིན་པའོ། །ཡང་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ཅེས་པ་སྔ་མ་ནི་ས་བརྒྱད་པ་ལ་ལྷུན་གྱིས་གྲུབ་པར་རྣམ་པར་མི་རྟོག་པས་རྟོག་པ་བསྟན་པའི་ཕྱིར་གསུངས་སོ། ། འདིར་ནི་མཐར་ཕྱིན་པའི་ས་བསྟན་པའི་ཕྱིར་གསུངས་པར་རིག་པར་བྱའོ། །སའི་རྡུལ་ཕྲ་རབ་ཇི་སྙེད་ཡོད་པ་དེ་དག་ཤེས་པར་འདོད་པ་ཞེས་བྱ་བ་ནི་ས་བཅུ་པ་ལས་རྡུལ་ཕྲ་རབ་ཀྱི་རྡུལ་ལ་མཁྱེན་པ་འཇུག་པ་ལ་སོགས་པ་ཡོན་ཏན་ཁྱད་པར་ཅན་རྣམས་བསྟན་པའོ། །སོར་མོ་གཅིག་གི་རྩེ་མོས་ གཞིལ་བར་བྱ་བར་འདོད་པས་ཞེས་བྱ་བ་ནི་ཇི་ལྟར་རྩིག་པ་ལ་སོགས་པས་རླུང་བཅིལ་བ་དེ་བཞིན་དུ། འཇིག་རྟེན་གྱི་ཁམས་ཐམས་ཅད་ཁྱབ་པར་འཇིག་པའི་རླུང་ཡང་སོར་མོའི་རྩེ་མོ་གཅིག་གིས་རྩིག་པ་ལ་སོགས་པ་བཞིན་དུ་འཇིལ་བར་བྱེད་པའོ། །སྐྱིལ་མོ་ཀྲུང་གཅིག་གིས་རྒྱས་པར་ དགང་བར་འདོད་པས་ཞེས་བྱ་བ་ནི་བདག་གི་སྟན་གྱིས་ཁེབས་པར་འདོད་ན་ནམ་མཁའ་རྒྱས་པར་འགེངས་པའོ། །བསོད་སྙོམས་གཅིག་གིས་ཞེས་བྱ་བ་ནི་དུས་གཅིག་ཏུ་ཟས་ཀྱིས་ཏེ། དུས་མཐུན་པར་ཟས་ཀྱིས་ཞེས་བྱ་བའི་ཐ་ཚིག་གོ། །བཅོམ་ལྡན་འདས་བྱང་ཆུབ་ སེམས་དཔའ་སེམས་དཔའ་ཆེན་པོས་སྦྱིན་པ་ཇི་ལྟ་བུས་བཙལ་ན་ཞེས་བྱ་བ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་གཅིག་པུས་ཇི་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བྱེད་ཅེས་བྱའོ། །རྣམ་པར་གཡེང་བ་དང་ཀུན་ཏུ་རྟོག་པ་མེད་པའི་ཕྱིར་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་ པ་ཞེས་བྱ་བ་ནི་གང་གི་ཕྱིར་སྦྱིན་པ་གཏོང་བ་ན་རྣམ་པར་མི་གཡེང་ལ་དེ་ལ་ཀུན་ཏུ་རྟོག་པ་ཡང་མེད་ལ་དེའི་ཕྱིར་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་དོ། །ཆོས་ཐམས་ཅད་རབ་ཏུ་ཤེས་པ་མི་དམིགས་པའི་ཚུལ་གྱིས་ཞེས་བྱ་བ་ནི་ཆོས་ཐམས་ཅད་ཤེས་རབ་ ཀྱིས་ཤེས་སོ་ཞེས་བྱ་བར་མི་དམིགས་པའོ། །ཤའི་མིག་དང་ལྷའི་མིག་ཅེས་བྱ་བ་ལ་སོགས་པ་ལ། གཟུགས་ཀྱི་སྐུའི་སྤྱན་ནི་ཤའི་མིག་གོ། །ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་དང་། མངོན་པར་ཤེས་པའི་ཡེ་ཤེས་ཐམས་ཅད་ནི་ལྷའི་མིག་གོ། །ཐམས་ཅད་ མཁྱེན་པའི་ཡེ་ཤེས་ནི་ཤེས་རབ་ཀྱི་མིག་གོ། །ཐམས་ཅད་དུ་འགྲོ་བའི་ལམ་མཁྱེན་པ་དང་། དབང་པོ་མཆོག་དང་མཆོག་མ་ཡིན་པ་དང་། མོས་པ་སྣ་ཚོགས་དང་ཁམས་སྣ་ཚོགས་མཁྱེན་པ་ནི་ཆོས་ཀྱི་མིག་གོ། །རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་བསྡུས་པ་དགྲ་ བཅོམ་པའི་ལམ་གྱི་ཡེ་ཤེས་ནི་སངས་རྒྱས་ཀྱི་མིག་གོ། །ཤཱ་རིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སངས་རྒྱས་བཅོམ་ལྡན་འདས་གང་དག་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ན་ཆོས་སྟོན་པ་དེ་དག་ཐམས་ཅད་ཐོས་ནས་དྲན་པའི་སྟོབས་བསྐྱེད་ པས་གཅད་དུ་མི་ཆོད་པས་ཡང་དག་པར་གཟུང་བར་འདོད་པ་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ཀྱི་བར་དུ་ཐམས་ཅད་ཆུད་མི་ཟ་བར་བྱ་བར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ་ཞེས་བྱ་བ་ནི་གཞུང་ ལས་འབྱུང་བར་ཟད་དོ། །མུན་པ་མུན་ནག་ཏུ་གྱུར་པ་ཞེས་བྱ་བ་ནི་འཇིག་རྟེན་གྱི་བར་དག་ནི་མུན་པའོ། །དེ་བཞིན་གཤེགས་པའི་སྤྱོད་ལམ་ལ་བསླབ་པར་འདོད་པ་ཞེས་བྱ་བ་ནི་སྐུའི་གསང་བ་ས་བཅུ་ཐོབ་པའི་སྤྱོད་ཡུལ་ཡིན་པས་དེ་སྐད་བཤད་དོ། །གླང་པོ་ཆེའི་ལྟ་སྟངས་ཞེས་ བྱ་བ་ནི་དམ་པ་རྣམས་ཀྱི་ལྟ་སྟངས་ཏེ་དེ་དག་ནི་སྟེང་ན་འདུག་པ་ལ་བསྐྱེད་དེ་མི་ལྟ། འོག་ནས་འདུག་པ་ལ་བཏུད་དེ་མི་ལྟ། གཡས་གཡོན་ན་འདུག་པ་ལ་ནི་མིག་བཟུར་ཏེ་མི་ལྟ། རྒྱབ་ན་འདུག་པ་ལ་ནི་མཇིང་པ་བསྒྱུར་ཏེ་མི་ལྟ། ཐག་རིང་པོ་ནི་འདུག་པ་ལ་བསྒྲིམས་ཏེ་མི་ལྟ། ཐག་ཉེ་ བ་ན་འདུག་པ་ལ་བསྒྲིམས་པ་མེད་པར་ཡང་མི་ལྟའི། ཇི་ལྟར་འདུག་པའི་སྤྱོད་ལམ་དང་། ཇི་ལྟར་ལྟ་བའི་མིག་གིས་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སེམས་ཅན་ཐམས་ཅད་དང་། ཆོས་ཐམས་ཅད་ལ་ལྟ་བ་ནི་གླང་པོ་ཆེའི་ལྟ་སྟངས་ཞེས་འཆད་དོ། །འགྲོ་བ་དང་འགྲེང་བ་ དང་འདུག་པ་ཞེས་བྱ་བ་ལ་བྱང་ཆུབ་ཀྱི་སྙིང་པོར་ནི་སྤྱོད་ལམ་རྣམ་པ་གསུམ་གྱིས་བཞུགས་སོ། །ཉལ་ཞེས་བྱ་བ་ནི་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་སྟེ། དུས་དེ་གཉིས་ཀ་ཡངས་ཐ་མལ་པས་ལྡེག་མི་ནུས་སོ་ཞེས་འཆད་དོ། །གལ་ཏེ་དེ་བཞིན་གཤེགས་པའི་ཞབས་ཀྱིས་ བཅགས་པའི་ས་གཞི་ཐམས་ཅད་རྡོ་རྗེ་ལྟ་བུར་གྱུར་ན་ཅི་ཉེས་ཤེ་ན། འདོད་པའི་ཡོན་ཏན་ལྔ་འབྱུང་བར་མི་འགྱུར་བའི་ཕྱིར་རོ། །སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་འདོད་པའི་ཡོན་ཏན་ལྔ་ཉེ་བར་འཛིན་ཞེས་བྱ་བ་ནི་ས་བརྒྱད་པ་ལ་བྱང་ཆུབ་སེམས་དཔའ་རྣམས་དགྲ་བཅོམ་པ་དང་འདྲ་ བར་ཉོན་མོངས་པ་དང་ཤིན་ཏུ་བྲལ་ཏེ་དེ་དག་ལ་ཉོན་མོངས་པ་ཀུན་ཏུ་འབྱུང་བ་ཤིན་ཏུ་ཕྲ་མོ་ཡང་མེད་པས་ན་འདོད་པའི་ཡོན་ཏན་ལྔ་ལ་ཡོངས་སུ་སྤྱོད་མི་སྲིད་མོད་ཀྱི། འོན་ཀྱང་བདག་ཅག་གི་བྱང་ཆུབ་སེམས་དཔའ་ནི་བསྡུ་བའི་དངོས་པོ་ལ་མཁས་པ་སྟེ། དོན་མཐུན་པས་སེམས་ཅན་རྣམས་ བསྡུ་བའི་ཕྱིར་བུད་མེད་ཉི་ཁྲི་བཞི་སྟོང་རེ་རེ་ལ་ཡང་བདག་གི་ལུས་ཀྱང་དེ་སྙེད་དུ་སྤྲུལ་ཏེ། དེ་དག་ཐམས་ཅད་དགའ་བར་མཛད་དོ། །དེ་བས་ན་ས་འཚོམ་ལ་སོགས་པ་བུད་མེད་ཉི་ཁྲི་བཞི་སྟོང་དང་། གར་མཁན་མོ་དགུ་སྟོང་དང་། དེ་དག་གི་གཡོག་འཁོར་མང་པོ་དང་། རྒ་བ་ དང་། ན་བ་དང་། འཆི་བ་བསྟན་པ་རྣམས་དང་། ལྷ་དང་། ཚངས་པ་རྣམས་ཀྱི་ནང་ན་ཐེག་པ་གསུམ་གྱིས་ཡོངས་སུ་སྨིན་པར་མ་མཛད་པ་གང་ཡང་མེད་དོ། །དེ་བས་ན་སེམས་ཅན་ཡོངས་སུ་སྨིན་པར་མཛད་པ་ཉིད་ཀྱི་ཕྱིར་འདོད་པ་ལ་སྤྱོད་པ་བསྟན་ཏོ། །ཇི་སྐད་དུ་བྱང་ ཆུབ་སེམས་དཔའ་འདི་སྙམ་དུ་སེམས་ཏེ། བདག་གིས་འདོད་པ་དག་གི་སྐྱོན་རྣམས་མཐའ་ཡས་པ། །འཆི་དང་ཁོན་བཅས་སྡུག་བསྔལ་ཅན་ཏེ་མྱ་ངན་རྩ། །འཇིག་པར་བྱེད་ཅིང་དུག་དང་འཁྲུལ་འཁོར་འདྲ་བ་དང་། །མེ་འབར་འདྲ་ཞིང་རལ་གྲིའི་སོ་འདྲར་ཤེས་པས་ན། །འདོད་ པའི་ཡོན་ཏན་དག་ལ་བདག་འདུན་འདོད་ཆགས་མེད། །བུད་མེད་ཁྱིམ་ན་གནས་པ་བདག་ལ་མི་མཛེས་ཀྱིས། །བདག་ནི་ནགས་ཀྱི་འདབ་ཏུ་སོང་སྟེ་མི་སྨྲ་བར། །བསམ་གཏན་ཏིང་འཛིན་སྒོ་ནས་སེམས་ཞི་གནས་པར་བྱ། །ཞེས་གསུངས་པ་ལྟ་བུའོ། །དེས་ཡང་དེ་ལྟར་བརྟགས་ནས་ ཐབས་མཁས་པས་མངོན་སུམ་དུ་མཛད་དེ། སེམས་ཅན་ཡོངས་སུ་སྨིན་པར་མཛད་པའི་ཕྱིར་ཐུགས་རྗེ་ཆེན་པོ་བསྐྱེད་ནས། དེའི་ཚེ་ཚིགས་སུ་བཅད་པ་འདི་གསུངས་སོ། །ཀུ་མུ་ད་ནི་འདམ་རྫབ་ནང་ན་སྐྱེ། །མི་ཡིས་གང་བའི་ནང་ནས་རྒྱལ་པོས་མཆོད་པ་ཐོབ། །གང་ཚེ་བྱང་ཆུབ་སེམས་ དཔའ་གཡོག་འཁོར་མང་བརྙེས་པ། །དེ་ཚེ་སེམས་ཅན་བྱེ་བ་ཁྲག་ཁྲིག་བདུད་རྩིས་འདུལ། །བྱང་ཆུབ་སེམས་དཔའ་མཁས་པ་གང་དག་སྔོན་བྱུང་བ། །ཀུན་གྱིས་སྲས་དང་བཙུན་མོ་བུད་མེད་བསྟེན་གྱུར་ཀྱང་། །འདོད་པས་ཆགས་མེད་བསམ་གཏན་བདེ་ལས་ ཉམས་མ་གྱུར། །དེ་བས་དེ་དག་ཡོན་ཏན་རྗེས་སུ་བདག་གིས་བསླབ། །ཅེས་བྱ་བ་ལ་སོགས་པའོ། །གལ་ཏེ་འདོད་པ་ལ་སྤྱོད་པ་བདེན་པ་མ་ཡིན་ན་སྒྲ་གཅན་ཟིན་སྲས་ཡིན་ནོ་ཞེས་བྱ་བ་ཡང་བརྫུན་པར་འགྱུར་རོ་ཞེ་ན་ཡང་བརྫུན་མ་ཡིན་ཏེ། བུ་ཞེས་བྱ་བ་ནི་འདོད་པ་ལ་ཡོངས་སུ་ སྤྱོད་པའི་རྒྱུས་མངལ་ནས་སྐྱེས་པ་འབའ་ཞིག་ལ་བྱ་བ་མ་ཡིན་གྱི། བརྫུས་ཏེ་སྐྱེ་བ་དེ་དག་ཀྱང་ཡོད་དོ། །སྒྲ་གཅན་ཟིན་བཟང་པོ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡིན་ཏེ། དགོས་པའི་དབང་གིས་མངལ་ན་གནས་པའི་ཚུལ་བསྟན་ཏོ། །སེམས་བསྐྱེད་ པའི་ལེའུ་སྟེ་གཉིས་པའོ། །སེམས་ཞེས་བྱ་བ་ནི་འདིར་མངོན་པར་འདོད་པ་ལ་བྱ་སྟེ། བྱང་ཆུབ་སེམས་དཔའི་ཆོས་ཐམས་ཅད་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་མངོན་པར་འདོད་པ་སྐྱེས་པ་བསྟན་པ་ལ་སེམས་བསྐྱེད་པའི་ལེའུ་ཞེས་བྱའོ།། །།བམ་པོ་དྲུག་པ། དེ་ལྟར་གང་གི་ཕྱིར་བརྩོན་པར་བྱ་བ་ཞེས་བྱ་བ་ལ། འདིར་བསླབ་པའི་བརྩོན་པར་བྱ་བ་བསྟན་ནས། ད་ནི་ཇི་ལྟར་བརྩོན་པར་བྱ་ཞེས་བྱ་བ་ལ་ཤཱ་རིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། བྱང་ཆུབ་སེམས་དཔར་གྱུར་བཞིན་ དུ་བྱང་ཆུབ་སེམས་དཔར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །བྱང་ཆུབ་སེམས་དཔའ་མང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །བྱང་ཆུབ་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །སྤྱོད་ཅེས་བྱ་བར་ཡང་ དག་པར་རྗེས་སུ་མི་མཐོང་ངོ་། །མི་སྤྱོད་ཅེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །སྤྱོད་ཀྱང་སྤྱོད་ལ་མི་སྤྱོད་ཀྱང་མི་སྤྱོད་དོ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །སྤྱོད་པ་ཡང་མ་ཡིན་མི་སྤྱོད་པ་ཡང་མ་ཡིན་ཞེས་བྱ་བར་ཡང་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །གཟུགས་ཡང་ དག་པར་རྗེས་སུ་མི་མཐོང་ངོ་། །དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་ཡང་ཡང་དག་པར་རྗེས་སུ་མི་མཐོང་ངོ་ཞེས་བྱ་བ་ལ་སོགས་པའི་གཞུང་གིས་འདིར་སྤྱད་པའི་བརྩོན་པར་བྱ་བ་སྟོན་ཏོ། །ཤཱ་རིའི་བུས་བཅོམ་ལྡན་འདས་ཇི་ལྟར་བྱང་ ཆུབ་སེམས་དཔས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བགྱི་ཞེས་ཞུས་པ་ནི་ཆོས་རྣམ་པ་གསུམ་དམིགས་པ་དང་བཅས་པ་དང་། མཚན་མ་དང་བཅས་པའི་ཚུལ་གྱིས་ཞུས་ཏེ། བྱང་ཆུབ་སེམས་དཔའ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། དེ་ལ་སྤྱོད་པའོ། །དེ་ནས་ བཅོམ་ལྡན་འདས་ཀྱིས་དམིགས་པ་དེ་དག་བསལ་བའི་ཕྱིར་བྱང་ཆུབ་སེམས་དཔའ་མི་དམིགས་པ་རྣམ་པ་གསུམ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མི་དམིགས་པ་དང་། སྤྱོད་པ་མི་དམིགས་པ་རྣམ་པ་བཞི་བསྟན་པས་མི་དམིགས་པ་སྟོང་པ་ཉིད་གསུངས་སོ། །བྱང་ཆུབ་སེམས་ དཔའི་མི་དམིགས་པ་གསུམ་ནི་སེམས་དཔའ་མི་དམིགས་པ་དང་མིང་མི་དམིགས་པ་དང་། བྱང་ཆུབ་མི་དམིགས་པའོ། །བྱང་ཆུབ་སེམས་དཔར་གྱུར་བཞིན་དུ་ཞེས་བྱ་བ་ནི་ཆོས་ཉིད་ཀྱི་བྱང་ཆུབ་སེམས་དཔའ་ཡོད་པའི་ཕྱིར་ཏེ། འདིས་ནི་སྐུར་པ་འདེབས་པའི་མཐའ་སྤངས་སོ། །བྱང་ ཆུབ་སེམས་དཔའ་ཡང་དག་པར་རྗེས་སུ་མི་མཐོང་ཞེས་བྱ་བ་ནི་སེམས་དཔའ་མི་དམིགས་པའི་ཕྱིར་རོ། །མིང་ཡང་དག་པར་རྗེས་སུ་མི་མཐོང་ངོ་ཞེས་བྱ་བ་ནི་ཀུན་བརྟགས་པའི་བདག་ཉིད་ཀྱིས་སོ། །བྱང་ཆུབ་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་ཞེས་བྱ་བར་ནི་གནས་གྱུར་པ་མ་ གཏོགས་པར་བྱང་ཆུབ་ཅེས་བྱ་བའི་མིང་གི་ཆོས་མེད་པའི་ཕྱིར་རོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་དག་པར་རྗེས་སུ་མི་མཐོང་ངོ་ཞེས་བྱ་བ་ནི་ཆོས་ཀྱི་དབྱིངས་རྣམ་པར་དག་པ་མ་གཏོགས་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བའི་ཆོས་མེད་པའི་ཕྱིར་རོ། །སྤྱོད་ཅེས་བྱ་བར་ ཡང་དག་པར་རྗེས་སུ་མི་མཐོང་ངོ་ཞེས་བྱ་བ་ནི་ཆོས་ཐམས་ཅད་ལ་བྱ་བ་མེད་པའི་ཕྱིར་རོ། །མི་སྤྱོད་ཅེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ་ཞེས་བྱ་བ་ནི་བྱེད་པ་མེད་དུ་ཟིན་ཀྱང་ཆོས་ཀྱི་དབྱིངས་སྦྱང་བར་བྱ་བར་ཡོད་པའི་ཕྱིར་རོ། །སྤྱོད་ཀྱང་སྤྱོད་ལ་མི་སྤྱོད་ཀྱང་མི་སྤྱོད་ཅེས་བྱ་བར་ཡང་དག་ པར་རྗེས་སུ་མི་མཐོང་ངོ་ཞེས་བྱ་བ་ནི་གཉིས་ཀ་གཅིག་ཏུ་བསྡུས་ནས་ཡང་དག་པར་རྗེས་སུ་མི་མཐོང་བ་སྟེ། སྐྱོན་གཉིས་པོ་དེ་ཉིད་དུ་འགྱུར་བའི་ཕྱིར་རོ། །སྤྱོད་པ་ཡང་མ་ཡིན་མི་སྤྱོད་པ་ཡང་མ་ཡིན་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ་ཞེས་བྱ་ བ་ནི་དེ་ལྟར་གཉིས་སུ་མེད་པར་བརྗོད་མོད་ཀྱི་འོན་ཀྱང་གཉིས་སུ་མེད་པའི་རྣམ་པ་དེ་ནི་རྣམ་པ་མེད་པའི་ཕྱིར་དེ་ལྟར་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །དེ་ལྟར་སྔར་གང་ཟག་སྟོང་པ་ཉིད་ཀྱིས་བྱང་ཆུབ་སེམས་དཔའ་མེད་པར་བསྟན་ནས། ད་ནི་ཆོས་བདག་མེད་པས་གཟུགས་ཡང་དག་ པར་རྗེས་སུ་མི་མཐོང་བ་དང་། ཚོར་བ་ལ་སོགས་པ་ལ་ཡང་ཡང་དག་པར་རྗེས་སུ་མི་མཐོང་ངོ་ཞེས་བྱ་བ་ལ་སོགས་པ་བསྟན་ཏོ། །དེ་བས་ན་ཕུང་པོ་ལྔའི་རྣམ་པ་ཡང་མེད་དོ། །སྤྱོད་པའི་རྣམ་པར་རྟོག་པ་དེ་ལྟར་དམིགས་སུ་མེད་པར་བསྟན་ནས་དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བས་གཏན་ ཚིགས་སྟོན་ཏོ། །བྱང་ཆུབ་སེམས་དཔའི་མིང་ལ་སོགས་པ་དམིགས་སུ་མེད་པ་དང་། དེའི་སྟོང་པ་ཉིད་དམིགས་སུ་ཡོད་པ་བསྟན་པའི་ཕྱིར། བྱང་ཆུབ་སེམས་དཔའི་མིང་དེ་ནི་མིང་གི་ངོ་བོ་ཉིད་ཀྱིས་སྟོང་གི། སྟོང་པ་ཉིད་ཀྱིས་ནི་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་ལྟར་བྱང་ཆུབ་སེམས་དཔའ་ཞེས་བྱ་བའི་མིང་ནི་ཀུན་བརྟགས་པ་སྟེ། དེ་ཀུན་བརྟགས་པའི་ངོ་བོ་ཉིད་ཀྱིས་ནི་མེད་ཀྱི། དེས་ན་མེད་པའི་སྟོང་པ་ཉིད་གང་ཡིན་པ་དེ་ནི་ཡོད་དོ། །དེ་བས་ན་སྟོང་པ་ཉིད་དེས་ནི་སྟོང་པ་ཉིད་མ་ཡིན་ནོ་ཞེས་བྱ་བ་སྟེ། འདིས་ནི་སྒྲོ་འདོགས་པ་དང་སྐུར་བ་ འདེབས་པའི་མཐའ་སྤངས་སོ། །དེ་བས་ན་བྱང་ཆུབ་སེམས་དཔའི་མིང་ཡང་མིང་གི་ངོ་བོ་ཉིད་ཀྱིས་ཡོད་པ་མ་ཡིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་ཀུན་བརྟགས་པའི་ཆོས་ཀྱི་རྣམ་པར་ནི་མེད་ཀྱི། ཆོས་ཀྱི་དབྱིངས་རྣམ་པར་དག་པའི་རྣམ་པར་ནི་ཡོད་དོ། །ཕུང་པོ་རྣམས་ ཀྱང་ཕུང་པོའི་ངོ་བོ་ཉིད་དུ་ནི་མེད་ཀྱི། ཕུང་པོ་མེད་པའི་ངོ་བོ་ཉིད་ཀྱིས་ནི་ཡོད་དོ་ཞེས་བསྟན་ཏོ། །འདི་ལ་ཡང་ཐེ་ཚོམ་ཡོད་དོ་སྙམ་པ་ལ་དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བས་གཏན་ཚིགས་བསྟན་ཏོ། །ཐེ་ཚོམ་ཡང་གང་ཞེ་ན། གལ་ཏེ་ཆོས་ཐམས་ཅད་དེ་དག་ཆོས་ཀྱི་ངོ་བོ་ཉིད་དུ་མེད་ལ། སྟོང་ པ་ཉིད་ཀྱི་ངོ་བོ་ཉིད་དུ་ནི་ཡོད་ན། དེ་ལྟ་ན་ནི་ཆོས་རྣམས་ཡོད་དོ་ཞེས་བྱ་བ་ཉིད་དུ་འགྱུར། གང་ཆོས་རྣམས་ཡོད་དོ་ཞེས་བྱ་བ་དེ་ཉིད་ཀྱིས་ཆོག་པས་སྟོང་པ་ཉིད་དམ་གཞན་གྱིས་ཀྱང་རུང་སྟེ་ཞེས་བྱ་བ་དེས་ཅི་ཞིག་བྱ་སྙམ་པ་ལ། བྱང་ཆུབ་སེམས་དཔའི་མིང་སྟོང་པ་ཉིད་གང་ཡིན་པ་དེ་ནི་བྱང་ ཆུབ་སེམས་དཔའི་མིང་མ་ཡིན་ནོ་ཞེས་བྱ་བ་གསུངས་ཏེ། ཇི་སྐད་དུ་བསྟན་པ་ཡིན་ཞེ་ན། བྱང་ཆུབ་སེམས་དཔའི་མིང་ཡང་གཞན་ལ་སྟོང་པ་ཉིད་ཀྱང་གཞན་ཡིན་ཏེ། དེ་བས་ན་སྟོང་པ་ཉིད་ཡོད་པའི་ཕྱིར། བྱང་ཆུབ་སེམས་དཔའི་མིང་ཡང་ཡོད་དོ་ཞེས་བརྗོད་པར་མི་ནུས་སོ། ། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་གཞན་ལ། སྟོང་པ་ཉིད་ཀྱང་གཞན་ཡིན་ཏེ། དེ་བས་ན་སྟོང་པ་ཉིད་ཡོད་པའི་ཕྱིར། བྱང་ཆུབ་སེམས་དཔ