Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 93
Văn bản gốc(Tây Tạng)
Trang 10 / 20 (50.000 ký tự/trang)
། དེ་དག་ལ་དམིགས་པ་ལས་བྱུང་བའི་ཡེ་ཤེས་ལ་ཡང་ གཟུངས་ཀྱི་སྒོ་ཞེས་བྱའོ། །མ་སྐྱེས་པའི་ཕྱིར་ཞེས་བྱ་བ་ལ་སོགས་པ་ནི་དེ་བཞིན་ཉིད་ཀྱི་ཆོས་རྣམས་ཏེ། འདི་ལྟར་ནམ་མཁའ་དང་མཚུངས་སོ། །འདི་ལྟར་ནམ་མཁའ་མ་སྐྱེས་པ་བཞིན་དུ་དེ་བཞིན་ཉིད་ཀྱང་མ་སྐྱེས་པའོ། །འདི་ལྟར་ནམ་མཁའ་རྡུལ་ཀྱིས་མ་གོས་པའི་ཕྱིར་རྡུལ་ དང་བྲལ་བ་དེ་བཞིན་དུ་དེ་བཞིན་ཉིད་ཀྱང་རྡུལ་དང་བྲལ་བའོ། །དོན་དམ་པར་ཁྱད་པར་མེད་པའི་ཕྱིར་རོ་ཞེས་བྱ་བ་ནི་དོན་དམ་པར་ཐ་དད་མེད་པའི་ཕྱིར་གཅིག་གོ། །འཆི་འཕོ་དང་སྐྱེ་བ་མི་དམིགས་པའི་ཚུལ་གྱིས་ཞེས་བྱ་བ་ནི་དེ་བཞིན་ཉིད་ལ་འཆི་བའི་སྲིད་པ་དང་། སྐྱེ་བའི་སྲིད་པ་དག་ མི་དམིགས་པའི་སྲིད་པས་ཞེས་བྱ་བའི་ཐ་ཚིག་གོ། །མིང་མི་དམིགས་པའི་ཚུལ་གྱིས་ཞེས་བྱ་བ་ནི་དེ་བཞིན་ཉིད་ལ་མིང་དུ་བརྗོད་པ་མེད་པའི་ཕྱིར་རོ། །འཇིག་རྟེན་ལས་འདས་ཤིང་ཞེས་བྱ་བ་ནི་དེ་བཞིན་ཉིད་འཇིག་རྟེན་ལས་འདས་པའི་ཕྱིར་རོ། །སྲིད་པའི་འཁྲི་ཤིང་གི་རྒྱུ་དང་རྐྱེན་ ཡང་དག་པར་བཅོམ་པའི་ཕྱིར་ཞེས་བྱ་བ་ནི་དེ་བཞིན་ཉིད་ནི་སྲིད་པའི་འཁྲི་ཤིང་གི་རྒྱུ་དང་རྐྱེན་གང་ཡིན་པ་དེ་དག་ཡང་དག་པར་བཅོམ་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །དུལ་བ་དང་དུལ་བར་གནས་པ་ཡོངས་སུ་ངེས་པའི་ཕྱིར་ཞེས་བྱ་བ་ནི་དེ་བཞིན་ཉིད་དུ་དུལ་བར་བྱེད་པ་ཉོན་མོངས་པ་ རྣམས་དང་། མ་དུལ་བར་གནས་པའི་ངོ་བོ་ཉིད་ཀྱི་ལས་རྣམས་མེད་པའི་ཕྱིར་དུལ་བ་དང་དུལ་བར་གནས་པ་ཉིད་དུ་ཡོངས་སུ་ངེས་པའོ། །བཅིངས་པ་ལས་རྣམ་པར་གྲོལ་བའི་ཕྱིར་ཞེས་བྱ་བ་ནི་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གི་བཅིང་བ་གསུམ་པོ་དག་ལས་གྲོལ་ བའི་ཕྱིར་རོ། །ཁྲག་འཁྲུགས་པ་དང་བྲལ་བའི་ཕྱིར་ཞེས་བྱ་བ་ནི་ཉོན་མོངས་པ་དང་། ལས་དང་རྣམ་པར་སྨིན་པའི་དབང་གིས་ཁྲག་འཁྲུགས་དང་རྣམ་པར་གཡེང་བར་གྱུར་པ་གང་ཡིན་པ་དེ་དག་དང་བྲལ་བར་གྱུར་པའི་ཕྱིར་རོ། །ཆགས་པ་མི་དམིགས་པའི་ཕྱིར་ཞེས་བྱ་བ་ནི་ཉོན་མོངས་ པའི་སྒྲིབ་པའི་ཆགས་པ་དང་། ལས་ཀྱི་སྒྲིབ་པའི་ཆགས་པ་དང་། རྣམ་པར་སྨིན་པའི་སྒྲིབ་པའི་ཆགས་པ་མེད་པའི་ཕྱིར་རོ། །ངག་གི་ལམ་གྱི་སྒྲ་ཡང་དག་པར་ཆད་པའི་ཕྱིར་ཞེས་བྱ་བ་ནི་ངག་གི་ཐ་སྙད་ཀྱི་བདག་ཉིད་ཀྱི་སྒྲ་རྣམས་ཡང་དག་པར་ཆད་པའི་ཕྱིར་རོ། །དེ་བཞིན་ཉིད་ལས་མ་ གཡོས་པའི་ཕྱིར་ཞེས་བྱ་བ་ནི་དེ་བཞིན་ཉིད་ཀྱི་རང་གི་ངོ་བོ་ཉིད་ལས་རྣམ་པར་མ་གཡོས་པའི་ཕྱིར་རོ། །ཇི་ལྟ་བ་བཞིན་དུ་མ་སྐྱེས་པའི་ཕྱིར་ཞེས་བྱ་བ་ནི་ཇི་ལྟར་རིགས་པར་མ་སྐྱེས་པའི་ཕྱིར་རོ། །ཁེངས་པ་མི་དམིགས་པའི་ཕྱིར་ཞེས་བྱ་བ་ནི་ཁེངས་པ་ཞེས་བྱ་བ་ཉེ་ བའི་ཉོན་མོངས་པ་འམ། ཉོན་མོངས་པའི་རྣམ་པར་རྟོག་པ་ལས་གྱུར་པའི་ཁེངས་པ་མེད་པའི་ཕྱིར་རོ། །བྱེད་པ་པོ་མི་དམིགས་པའི་ཕྱིར་ཞེས་བྱ་བ་ནི་བྱེད་པ་པོ་ཞེས་བྱ་བ་གང་ཟག་གམ་དབང་ཕྱུག་ལ་སོགས་པ་མི་མཐུན་པའི་རྒྱུ་རྣམས་སམ། རྒྱུ་དང་རྐྱེན་གྱི་ཆོས་རྣམས་དམིགས་སུ་ མེད་པའི་ཕྱིར་རོ། །མཉམ་པ་ཉིད་ལས་མི་འདའ་ཞེས་བྱ་བ་ནི་ཆོས་ཐམས་ཅད་ལ་མཉམ་པ་ཉིད་ལས་མི་འདའ་བའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ། །ང་ཡིར་འཛིན་པ་མི་དམིགས་པའི་ཕྱིར་ཞེས་བྱ་བ་ནི་སྲེད་པས་བདག་གིར་འཛིན་པ་མེད་པའི་ཕྱིར་རོ། །འགྲོ་བ་མི་དམིགས་པའི་ཕྱིར་ ཞེས་བྱ་བ་ནི་བདེ་འགྲོ་དང་། ངན་འགྲོའི་དབང་གིས་སྐྱེ་བ་གཞན་དུ་འགྲོ་བ་མེད་པའི་ཕྱིར་རོ། །གནས་མི་དམིགས་པའི་ཕྱིར་ཞེས་བྱ་བ་ནི་གནས་པའི་མཚན་ཉིད་མེད་པའི་ཕྱིར་རོ། །སྐྱེ་བ་མི་དམིགས་པའི་ཕྱིར་ཞེས་བྱ་བ་ནི་མེད་པ་ལས་བྱུང་བའི་མཚན་ཉིད་ཀྱི་སྐྱེ་བ་མེད་པའི་ཕྱིར་ རོ། །དབུགས་མི་དམིགས་པའི་ཕྱིར་ཞེས་བྱ་བ་ནི་ཉམ་ཆུང་བའི་ཕྱིར་སྟོབས་མེད་པའོ། །ཆོས་མི་དམིགས་པའི་ཕྱིར་ཞེས་བྱ་བ་ནི་ཆོས་ཀྱི་རྣམ་པར་མེད་པའི་ཕྱིར་རོ། །ནམ་མཁའ་དང་མཉམ་པ་ཉིད་མི་དམིགས་པའི་ཕྱིར་ཞེས་བྱ་བ་ནི་ཆོས་ཐམས་ཅད་ནམ་མཁའ་དང་མཉམ་ པས་དམིགས་སུ་མེད་པའི་ཕྱིར་རོ། །ཟད་པ་མི་དམིགས་པའི་ཕྱིར་ཞེས་བྱ་བ་ནི་མི་རྟག་པ་ཉིད་ཀྱི་མཚན་ཉིད་ཀྱི་ཟད་པ་མི་དམིགས་པའི་ཕྱིར་རོ། །ཡེ་ཤེས་མི་དམིགས་པའི་ཕྱིར་ཞེས་བྱ་བ་ནི་ཤེས་བྱའི་དངོས་པོ་མེད་པས་མཚན་ཉིད་མེད་པའི་ཕྱིར་རོ། །རྒྱུ་མེད་པ་མི་དམིགས་ པའི་ཕྱིར་ཞེས་བྱ་བ་ནི་རྒྱུའི་མཚན་ཉིད་མེད་པའི་ཕྱིར་རོ། །འཇིགས་པ་མི་དམིགས་པའི་ཕྱིར་ཞེས་བྱ་བ་ནི་རྣམ་པར་འཇིག་པའི་མཚན་ཉིད་འཇིགས་པ་མི་དམིགས་པའི་ཕྱིར་རོ། །མདོག་མི་དམིགས་པའི་ཕྱིར་ཞེས་བྱ་བ་ནི་དེ་བཞིན་ཉིད་ལ་མདོག་མེད་ཅིང་འོད་མེད་པས་མི་སྣང་ བའི་ཕྱིར་རོ། །དྲན་པ་མི་དམིགས་པའི་ཕྱིར་ཞེས་བྱ་བ་ནི་དེ་བཞིན་ཉིད་དྲན་པར་བྱེད་པའི་ཤེས་པའི་སྤྱོད་ཡུལ་མ་ཡིན་པའི་ཕྱིར་རོ། །བོད་པ་མི་དམིགས་པའི་ཕྱིར་ཞེས་བྱ་བ་ནི་མིང་གི་སྤྱོད་ཡུལ་མ་ཡིན་པའི་ཕྱིར་ཏེ། མིང་ནི་བོད་པའོ། །ཆོས་རྣམས་ལ་སྤྲོ་བ་མི་དམིགས་པའི་ཕྱིར་ ཞེས་བྱ་བ་ནི་ཆོས་ཐམས་ཅད་གཡོ་བ་མེད་པའི་ཕྱིར་རོ། །སྟུག་པོ་མི་དམིགས་པའི་ཕྱིར་ཞེས་བྱ་བ་ནི་སྟུག་པོར་རྣམ་པར་རྟོག་པ་ལོག་པ་ཡིན་པའི་ཕྱིར་རོ། །རྣམ་པར་བསྒྲུབ་པ་མི་དམིགས་པའི་ཕྱིར་ཞེས་བྱ་བ་ནི་འདུ་བྱེད་རྣམ་པར་དགོད་པ་ལ་རྣམ་པར་བསྒྲུབ་པ་ཞེས་བྱ་བ་ སྟེ། དེ་མེད་པའི་ཕྱིར་རོ། །ཉོན་མོངས་པ་མེད་པའི་ཕྱིར་ཞེས་བྱ་བ་ནི་ཉོན་མོངས་པའི་ཉོན་མོངས་པ་དང་། རྣམ་པར་རྟོག་པའི་ཉོན་མོངས་པ་དང་བྲལ་བའི་ཕྱིར་རོ། །འབྲས་བུ་མི་དམིགས་པའི་ཕྱིར་ཞེས་བྱ་བ་ནི་འབྲས་བུའི་ཆོས་རྣམས་ལ་འབྲས་བུའི་རྣམ་པ་མི་དམིགས་པའི་ ཕྱིར་རོ། །ཕུང་པོ་མི་དམིགས་པའི་ཕྱིར་ཞེས་བྱ་བ་ནི་ཉོན་མོངས་པ་དང་། ལས་དང་རྣམ་པར་སྨིན་པའི་ཕུང་པོ་རྣམས་མེད་པའི་ཕྱིར་རོ། །རྒ་བ་མི་དམིགས་པའི་ཕྱིར་ཞེས་བྱ་བ་ནི་གནས་པ་ལས་གཞན་དུ་འགྱུར་བའི་མཚན་ཉིད་ཀྱི་རྒ་བ་མེད་པའི་ཕྱིར་རོ། །སྤྱོད་པ་མི་དམིགས་ པའི་ཕྱིར་ཞེས་བྱ་བ་ནི་འགྲོ་བ་དང་། འོང་བའི་སྤྱོད་པ་མི་དམིགས་པའི་ཕྱིར་རོ། །སྡིགས་པ་མི་དམིགས་པའི་ཕྱིར་ཞེས་བྱ་བ་ནི་རྣམ་པར་འཚེ་བ་མེད་པའི་ཕྱིར་རོ། །ངར་འཛིན་པ་མི་དམིགས་པའི་ཕྱིར་ཞེས་བྱ་བ་ནི་ལྟ་བའི་བདག་ཉིད་དང་། ང་རྒྱལ་གྱི་བདག་ཉིད་ཀྱི་ངར་འཛིན་ པ་མེད་པའི་ཕྱིར་རོ། །གང་གིས་ཐ་སྙད་འདོགས་པ་དང་། གང་གིས་བརྗོད་པ་དང་། གང་གིས་བསྟན་པ་ཞེས་བྱ་བ་ནི་སྨྲ་བའི་ཆོས་སོ། །གང་གིས་རྟོག་པར་བྱེད་པ་དང་། གང་གིས་མཐོང་བ་ཞེས་བྱ་བ་ནི་ཉན་པ་པོའི་ཆོས་སོ། །གང་གིས་ཐ་སྙད་འདོགས་ཞེས་བྱ་བ་ནི་གང་ འཕགས་པ་རྣམས་དང་། འཕགས་པ་མ་ཡིན་པ་རྣམས་ཀྱིས་མཐོང་བ་དང་། ཐོས་པ་དང་། བྱེ་བྲག་ཕྱེད་པ་དང་། རྣམ་པར་ཤེས་པའི་དབང་དང་། མ་མཐོང་བ་དང་། མ་ཐོས་པ་དང་། བྱེ་བྲག་མ་ཕྱེད་པ་དང་། རྣམ་པར་མ་ཤེས་པའི་དབང་སྟེ། ཐ་སྙད་བཅུ་དྲུག་གི་དབང་གིས་བརྗོད་དོ། ། གང་གིས་བརྗོད་ཅེས་བྱ་བ་ནི་བུམ་པ་དང་། སྣམ་བུ་དང་བ་གླང་དང་། རྟ་ལ་སོགས་པའི་མིང་བརྗོད་པའི་དབང་གིས་བརྗོད་པའོ། །གང་གིས་སྟོན་པ་ཞེས་བྱ་བ་ནི་རིང་པོ་དང་ཐུང་ངུ་དང་། དཀར་ཤམ་དང་། སྔོ་བསངས་དང་། སྔོན་པོ་དང་། སེར་པོ་ལ་སོགས་ པའི་ཡོན་ཏན་བསྟན་པའི་དབང་གིས་བརྗོད་དོ། །ཉན་པ་པོ་ཡང་རྗེས་སུ་དག་པའི་དབང་གིས་དོན་རྗེས་སུ་རྟོགས་པར་བྱེད་པ་སྟེ། གང་གིས་རྟོགས་པ་ཞེས་བྱ་བ་ནི་རྗེས་སུ་དཔག་པའི་དབང་གིས་བརྗོད་དོ། །གང་གིས་མཐོང་བ་ཞེས་བྱ་བ་དེ་ནི་མངོན་སུམ་གྱི་དོན་མཐོང་བའི་དབང་གིས་ བརྗོད་དོ། །སྒྲ་གང་ལ་ཡང་ཐོགས་པར་མི་འགྱུར་རོ་ཞེས་བྱ་བ་ནི་བརྗོད་པ་ཐམས་ཅད་ལ་དོན་དམ་པ་ཚོལ་བར་འགྱུར་བའོ། །ཆོས་ཐམས་ཅད་མཉམ་པ་ཉིད་ཀྱིས་ཡང་དག་པར་སྒྲུབ་པར་འགྱུར་ཏེ་ཞེས་བྱ་བ་ནི་སྒྲ་ཐམས་ཅད་དེ་བཞིན་ཉིད་དུ་སྦྱོར་བར་བྱེད་པའོ། །སྒྲ་ཤེས་པ་ལ་ མཁས་པ་ཡང་ཞེས་བྱ་བ་ནི་སེམས་ཅན་ཐམས་ཅད་ཀྱི་སྐད་དང་། བསམ་པ་ཐམས་ཅད་ཤེས་པའོ། །དྲན་པ་ནི་མི་བརྗེད་པའོ། །བློ་གྲོས་ཞེས་བྱ་བ་ནི་དོན་དམ་པའི་རྗེས་སུ་འབྲང་བའི་ཤེས་རབ་སྟེ། བློ་གྲོས་དང་། ཡིད་གཞུངས་པ་དང་། མྱུར་དུ་མང་པོ་འཛིན་པའི་བདག་ཉིད་དེ། དེའི་དབང་གིས་ཤེས་རབ་མྱུར་བ་ཞེས་བྱའོ། །བློ་ནི་ཀུན་རྫོབ་ཀྱི་སྤྱོད་ཡུལ་ལོ། །ལྷག་མ་ནི་དོན་གསལ་ལོ། །འདི་ནི་ཐེག་པ་ཆེན་པོ་བསྟན་པ་སྟེ། དེ་ལྟར་ཐེག་པ་ཆེན་པོ་བསྟན་པ་ཡོངས་སུ་རྫོགས་པར་བྱས་ནས། ད་ནི་ཞུས་པ་གཉིས་པ་སྐབས་དབྱེ་བ་སྟེ། ཇི་ལྟར་ན་བྱང་ ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་ཡིན་ཞེས་ཟེར་བ་ཞེས་བྱ་བ་ནི་འོག་ནས་འབྱུང་བའི་ས་བཅུ་པོ་དག་ལ་ཞུགས་པ་ནི་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་ཞེས་བྱ་སྟེ། དེས་ན་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་ཡིན་ ནོ་ཞེས་བཅོམ་ལྡན་འདས་ཀྱིས་བསྟན་པ་དང་། བྱང་ཆུབ་སེམས་དཔའི་ས་བཅུ་དང་། ས་ཡོངས་སུ་སྦྱང་བར་བྱ་བ་ཞུས་སོ། །ཆོས་ཐམས་ཅད་འཕོ་བ་མེད་པས་ཞེས་བྱ་བ་ནི་དེ་བཞིན་ཉིད་ནི་ནམ་མཁའ་དང་མཚུངས་ཏེ། འཕོ་བ་མེད་པས་འཕོ་བ་མེད་པའི་ཡེ་ཤེས་ནི་ས་ གཞན་དུ་འཕར་བའི་རྒྱུ་ཡིན་པར་བསྟན་ཏོ། །ཆོས་རྣམས་ཀྱི་གང་ཡིན་པ་དེ་ལ་ཡང་རློམ་སེམས་སུ་མི་བྱེད་ལ་ས་ཡོངས་སུ་སྦྱོང་བར་ཡང་བྱེད་དོ་ཞེས་བྱ་བས་ས་གཞན་དུ་འཕར་བའི་རྒྱུ་བསྟན་ཏོ། །འཕོ་བ་མེད་པ་དང་། འགྲོ་བ་མེད་པ་དང་། འོང་བ་ལ་སོགས་པ་མེད་པའི་ཕྱིར་ ཆོས་རྣམས་ཀྱི་ས་ལ་རློམ་སེམས་མི་བྱེད་ཀྱང་ལས་རྣམས་མི་བྱེད་པ་ནི་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་སྟེ། འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐབས་མཁས་པའི་ཕ་རོལ་ཏུ་ཕྱིན་པའི་བྱ་བ་བསྟན་ཏོ། །ཐབས་མཁས་པ་ནི་ཀུན་རྫོབ་དང་། དོན་དམ་པའི་ཚུལ་གཉིས་ཤིན་ ཏུ་འགལ་བ་འདྲ་བ་ཡང་བྱང་ཆུབ་སེམས་དཔའ་རྣམས་དགོས་པ་ཐམས་ཅད་ལ་འགལ་བ་མེད་པར་བསྒྲུབ་པའོ། །ས་ཡོངས་སུ་སྦྱོང་བ་དེ་དག་ཀྱང་སྔར་གླེངས་ཏེ་བསྟན་ནས། ཕྱིས་བཤད་པའི་འགྲེས་ལ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་ པོ་ས་དང་པོ་ལ་གནས་པའི་ལྷག་པའི་བསམ་པ་ཡོངས་སུ་སྦྱང་བར་བགྱི་བ་གང་ལགས་ཞེས་བྱ་བ་ལ་སོགས་པས་བཤད་དོ། །སེམས་ཅན་ཐམས་ཅད་ཀྱི་དོན་གྱི་ཕྱིར་ཐེག་པ་ཆེན་པོའི་ཡེ་ཤེས་ཡོངས་སུ་ཚོལ་བ་ལ་འཇུག་པ་ཞེས་བྱ་བ་ལ། ཐེག་པ་ཆེན་པོའི་ཡེ་ཤེས་ ཞེས་བྱ་བ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་སོ། །དེ་ལ་ཚོལ་བ་ནི་སྨོན་ལམ་གདབ་པ་དང་། སེམས་བསྐྱེད་པ་སྟེ། འདི་ལྟར་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཀྱི་ས་ཡོངས་སུ་ཚོལ་བའོ། །འདི་ནི་སེམས་ཅན་ཐམས་ཅད་ལ་ཕན་པའི་དངོས་པོ་ ཡོངས་སུ་སྦྱོང་བའོ།། །།བམ་པོ་བཅོ་ལྔ་པ། དེ་ལས་ཡོངས་སུ་སྦྱོང་བར་འདོད་པས་ཐོག་མར་བསམ་པ་ཡོངས་སུ་སྦྱང་བར་བྱའོ། །དེའི་འོག་ཏུ་སྒྲུབ་པ་ནི་སེམས་ཅན་ཐམས་ཅད་ལ་ཕན་པའི་རྩ་བ་ཡིན་པའི་ཕྱིར་ཕན་པའི་སེམས་སུ་བྱའོ། །དེ་ཡང་སེམས་ཅན་ ཐམས་ཅད་ལ་སེམས་སྙོམས་པ་ལས་འབྱུང་བའི་ཕྱིར་སེམས་མཉམ་པ་ཉིད་དུ་བྱའོ། །དང་པོ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་ས་ཡིན་པས་ན་གཏོང་བ་ཡོངས་སུ་སྦྱང་བར་བྱའོ། །དག་པའི་ས་ཐོབ་པར་བྱ་བ་ལ་སྔར་བྱ་བ་ཡིན་པས་དགེ་བའི་བཤེས་གཉེན་གདོན་མི་ཟ་བར་དགོས་པའི་ཕྱིར་ དེ་ལ་བརྟེན་པར་བྱའོ། །དེའི་འོག་ཏུ་དགེ་བའི་བཤེས་གཉེན་ལས་དམ་པའི་ཆོས་མཉན་པར་བྱ་དགོས་པས་ཆོས་ཡོངས་སུ་བཙལ་བར་བྱའོ། །རྒྱུད་ཡོངས་སུ་མ་སྨིན་པའི་ཕྱིར་མངོན་པར་འབྱུང་བ་ལ་གནས་པ་ཉིད་དུ་བྱའོ། །རྟག་ཏུ་རྒྱུན་མི་ཆད་པར་སངས་ རྒྱས་ཀྱི་སྐུ་དང་། སངས་རྒྱས་ཉིད་ལ་འདོད་པར་བྱའོ། །ཅི་ནུས་སུ་སེམས་ཅན་ཡོངས་སུ་སྨིན་པར་བྱ་དགོས་པས་བརྩོན་འགྲུས་ལ་ཡོངས་སུ་སྐྱོ་བ་མི་འབྱུང་བར་བྱ་བའི་ཕྱིར་ཆོས་བཤད་པར་བྱའོ། །དང་པོ་སྨོན་ལམ་ནས་བཟུང་ནས་བདེན་པའི་ཚིག་ལ་གུས་པར་བྱ་སྟེ། འདི་དག་ནི་ ཡོངས་སུ་སྦྱང་བ་བཅུ་པོ་དག་གིས་མཚམས་སྦྱར་བའོ། །ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའི་ས་ཡིན་པའི་ས་གཉིས་པ་ལ་ཡང་ཚུལ་ཁྲིམས་ཡིད་ལ་བྱེད་དོ། །སེམས་ཅན་ཐམས་ཅད་ལ་བྱམས་པ་སྤེལ་བའི་ཕྱིར་བྱས་པ་གཟོ་བ་དང་། བྱས་པ་ཚོར་བ་ཡིད་ལ་བྱེད་དོ། །སེམས་ཅན་ རྣམས་ཀྱི་ཉེས་པ་ལ་མི་ལྟ་བའི་ཕྱིར་བཟོད་པ་ཡིད་ལ་བྱེད་དོ། །སེམས་ཅན་གྱི་རྒྱུད་སྣོད་དུ་རུང་བར་བྱ་བའི་ཕྱིར་མཆོག་ཏུ་དགའ་བ་ཡིད་ལ་བྱེད་དོ། །རྩོམ་པ་ཐམས་ཅད་ཀྱི་རྩ་བ་ནི་དེ་དག་ཡིན་པས་སེམས་ཅན་ཡོངས་སུ་མི་གཏོང་བ་ཡིད་ལ་བྱེད་དོ། །བདག་གི་སྡུག་བསྔལ་གྱི་འདུ་ཤེས་ རྣམ་པར་བཟློག་པའི་ཕྱིར་སྙིང་རྗེ་ཡིད་ལ་བྱེད་དོ། །གུས་པ་བསྐྱེད་པའི་ཕྱིར་བླ་མ་རྣམས་ལ་དད་པས་འཕངས་པར་ཡིད་ལ་བྱེད་དོ། །བྱང་ཆུབ་ཀྱི་ཚོགས་ཀྱི་ཕྱིར་ཕ་རོལ་ཏུ་ཕྱིན་པ་ཡིད་ལ་བྱེད་དེ། ཡིད་ལ་བྱེད་པ་བརྒྱད་དོ། །དེ་བཞིན་དུ་ཐམས་ཅད་ལ་ཡང་སྦྱར་བར་བྱའོ། ། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བའི་དགེ་བའི་རྩ་བ་བསྐྱེད་ཅིང་ཡོངས་སུ་བསྔོ་བ་ཞེས་བྱ་བ་ནི་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་འགྱུར་བའི་དགེ་བའི་རྩ་བ་རྣམས་བསྐྱེད་ནས་དགེ་བའི་རྩ་བ་འདིས་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་གྱུར་ཅིག་ཅེས་ཡོངས་སུ་བསྔོ་ བའོ། །སངས་རྒྱས་ཀྱི་ཞིང་ཞེས་བྱ་བའི་དངོས་པོ་ནི་གང་ཡང་མེད་ཀྱི། བདག་དང་གཞན་དག་ལ། དེ་ལྟ་དེ་ལྟ་བུར་སྣང་བ་ཙམ་དུ་ཟད་པས། སེམས་ཅན་ཡོངས་སུ་སྦྱང་བ་ཉིད་ལ་དེ་སྐད་ཅེས་བྱའོ། །དགོན་པ་ལ་གནས་པ་ཡོངས་སུ་མི་གཏང་བ་ཞེས་བྱ་བ་ལ་དགོན་པ་ལ་ གནས་པ་ཞེས་བྱ་བའི་སྒྲ་ནི་འདིར་ནགས་ཚལ་ན་གནས་པ་ལ་ནི་མི་བྱའི། སེམས་འདྲེ་བ་མེད་པར་གནས་པ་དང་། དབེན་པར་གནས་པ་ལ་འདིར་དགོན་པ་ལ་གནས་པ་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་འདྲེ་བ་ཞེས་བྱ་བ་ནི་ཉན་ཐོས་དང་། རང་བྱང་ཆུབ་ཡིད་ ལ་བྱེད་པའི་དབང་གིས་འགྱུར་ཏེ། ཇི་སྐད་དུ་རབ་འབྱོར་གང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཡིད་ལ་བྱེད་པ་དང་མི་ལྡན་པར་དབེན་པར་གནས་པ་འདི་ནི་རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དབེན་པ་ཡིན་པར་ ངས་རྗེས་སུ་གནང་སྟེ། གལ་ཏེ་དབེན་པ་འདིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཉིན་མཚན་དུ་གནས་ན་དབེན་པ་ཉིད་དུ་གནས་པའོ་ཞེས་འོག་ནས་བཤད་པ་ལྟ་བུའོ། །གཞན་ཡང་དེ་དགོན་པ་དང་ནགས་ཚལ་གྱི་ཕྱོགས་དང་། བས་མཐའི་གནས་ན་གནས་སོ་ཞེས་ བྱ་བ་ལ་སོགས་པའོ། །དེ་བཞིན་དུ་སྦྱངས་པའི་ཡོན་ཏན་ཞེས་བྱ་བའི་སྒྲ་ཡང་རྣམ་པར་རྟོག་པ་སྦྱོང་བའི་རྒྱུར་གྱུར་པའི་ཡོན་ཏན་རྣམས་ལ་བྱའི། ཕྱག་དར་ཁྲོད་པ་ལ་སོགས་པ་ནི་མ་ཡིན་ནོ། །གང་ལ་བསླབ་པ་ཐམས་ཅད་རྒྱུ་བ་མེད་པ་སྟེ་ཞེས་བྱ་བ་ནི་རྣམ་པར་མི་རྟོག་པའི་ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ལ་བྱའོ། །གང་ཆོས་ཐམས་ཅད་ལ་མངོན་པར་འདུ་བྱེད་པ་མེད་པ་ཞེས་བྱ་བ་ནི་གང་ཆོས་ཐམས་ཅད་ལ་གཡོ་བ་ཡོངས་སུ་བཏང་བའོ། །གང་རྣམ་པར་ཤེས་པ་གནས་པ་ལ་དེའི་སེམས་མི་སྦྱོར་བ་སྟེ་ཞེས་བྱ་བ་ནི་ཀུན་ཏུ་འདྲེ་བར་མི་ འགྱུར་ཞིང་། བག་ལ་ཉལ་དུ་མི་འགྱུར་ཞེས་བྱ་བའི་ཐ་ཚིག་གོ། །སངས་རྒྱས་སུ་ལྟ་བ་ལ་བརྟེན་པས་སངས་རྒྱས་མཐོང་བར་མི་འགྱུར་ཏེ་ཞེས་བྱ་བ་ནི་སངས་རྒྱས་མཐོང་ངོ་སྙམ་ནས་སངས་རྒྱས་སུ་དམིགས་པའི་ལྟ་བས་སངས་རྒྱས་སུ་ལྟ་བ་ལ་གནས་པའི་ཕྱིར་སངས་རྒྱས་ མཐོང་བ་མེད་དེ། མི་དམིགས་པའི་ཡེ་ཤེས་ཉིད་ཀྱིས་སངས་རྒྱས་མཐོང་ངོ་ཞེས་བྱ་བའི་ཐ་ཚིག་གོ། །ཆོས་དང་དགེ་འདུན་ལ་ཡང་དེ་བཞིན་ནོ། །འདི་ལྟར་ཆོས་ཐམས་ཅད་སྟོང་པ་ཉིད་ཀྱིས་སྟོང་པ་ནི་མ་ཡིན་གྱི། རང་གི་མཚན་ཉིད་ཀྱིས་སྟོང་པའི་ཕྱིར་ཞེས་བྱ་བ་ནི་འདི་ ལྟར་གཟུགས་ལ་སོགས་པའི་ཆོས་རྣམས་གཟུགས་ལ་སོགས་པ་ཀུན་བརྟགས་པའི་མཚན་ཉིད་དུ་ནི་ཡོད་པ་མ་ཡིན་གྱི། བརྗོད་དུ་མེད་པའི་མཚན་ཉིད་དོན་དམ་པ་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་དུ་ནི་མེད་པ་མ་ཡིན་ཏེ། དེའི་ཕྱིར་སྟོང་པ་ཉིད་ལ་ཐམས་ཅད་ཆད་པར་ ལྟ་བའི་རྒྱུ་ལས་བྱུང་བའི་འཇིགས་པར་མི་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །རང་གི་མཚན་ཉིད་ཀྱིས་སྟོང་པ་ཉིད་སྟོང་པས། སྟོང་པ་ཉིད་ནི་སྟོང་པ་ཉིད་དང་འགལ་བར་མི་བྱེད་པའི་ཕྱིར་ཏེ་ཞེས་བྱ་བ་ནི་གལ་ཏེ་སྟོང་པ་ཉིད་ཀྱང་སྟོང་པ་ཉིད་ཀྱི་མཚན་ཉིད་ཀྱིས་སྟོང་པ་མ་ཡིན་ན། དེ་ལྟ་ན་ ནི་མི་སྟོང་པའི་ཆོས་ཤིག་ཡོད་པར་གྱུར་པས་ཆོས་ཐམས་ཅད་སྟོང་ངོ་ཞེས་བྱ་བ་དང་། སྟོང་པ་ཉིད་ཀྱི་མཚན་ཉིད་འདི་འགལ་བའི་ཕྱིར་སྟོང་པ་ཉིད་འགལ་བར་འགྱུར་བ་ཞིག་ན་འདི་ལྟར་སྟོང་པ་ཉིད་ཀྱང་སྟོང་པ་ཉིད་ཅེས་བྱ་བའི་ཆོས་གཞན་དུ་གྱུར་པ་གང་ཡང་མེད་པས་སྟོང་པ་ ཉིད་ཀྱི་མཚན་ཉིད་ཀྱིས་སྟོང་པར་ཁས་ལེན་ཏེ། དེ་བས་ན་ཆོས་ཐམས་ཅད་སྟོང་ངོ་ཞེས་བྱ་བ་འགྲུབ་པའི་ཕྱིར་སྟོང་པ་ཉིད་ནི་སྟོང་པ་ཉིད་ཀྱི་མཚན་ཉིད་དང་འགལ་བར་མི་བྱེད་དོ་ཞེས་བྱ་བའི་ཐ་ཚིག་གོ། །འདི་ལྟར་སྟོང་པ་ཉིད་ཀྱིས་སྟོང་པ་ཉིད་སྟོང་གི། སྟོང་པ་ཉིད་ལ་སྟོང་པ་ཉིད་ རྟོགས་པར་མི་བྱེད་ཅེས་བྱ་བ་ནི་སྟོང་པ་ཉིད་ལ་སྟོང་པ་ཉིད་གཉིས་པ་མེད་དེ། དེ་བས་ན་སྟོང་པ་ཉིད་གཉིས་པ་མེད་པའི་ཕྱིར་སྟོང་པ་ཉིད་ལ་སྟོང་པ་ཉིད་རྟོགས་པར་མི་བྱེད་དོ་ཞེས་བྱ་བར་ཤེས་པ་གང་ཡིན་པ་དེ་དག་ཉིད་ཀྱིས་སྟོང་པ་ཉིད་རྟོགས་པའོ། །འཁོར་གསུམ་ཡོངས་སུ་དག་ པ་ཞེས་བྱ་བ་ནི་ལུས་དང་། ངག་དང་། ཡིད་ཀྱི་འཁོར་གསུམ་ཡོངས་སུ་དག་པའོ། །སེམས་ཅན་གྱི་ཞིང་ཡོངས་སུ་དག་པའི་ཕྱིར་ཞེས་བྱ་བ་ནི་སེམས་ཅན་ཐམས་ཅད་དེ་བཞིན་གཤེགས་པའི་སྙིང་པོ་ཉིད་ཡིན་པའི་ཕྱིར་སེམས་ཅན་གྱི་ཞིང་ཡོངས་སུ་དག་པའོ། །བསྣན་པ་མེད་པ་ དང་དབྲི་བ་མེད་པ་ཞེས་བྱ་བ་ལ། ཡོད་པ་སྐུར་པ་མི་འདེབས་པ་ནི་དབྲི་བ་མེད་པའོ། །མེད་པ་སྒྲོ་མི་འདོགས་པ་ནི་བསྣན་པ་མེད་པ་སྟེ། ཡང་དག་པར་ཡོད་པ་ལ་སྐུར་པ་མི་འདེབས་པ་དང་། ཡང་དག་པར་མེད་པ་ལ་སྒྲོ་མི་འདོགས་པས་མཉམ་པ་ཉིད་དུ་མཐོང་ཞེས་བྱ་བའི་ ཐ་ཚིག་གོ། །གང་ཆོས་ཐམས་ཅད་རབ་ཏུ་རྟོགས་པ་མེད་པ་ཞེས་བྱ་བ་ནི་རྟོགས་པར་བྱ་བ་དང་། རྟོགས་པར་བྱེད་པ་གཉི་ག་མ་མཐོང་བའི་ཕྱིར་རྟོགས་པ་མེད་པ་ཉིད་ཡང་དག་པའི་ཚུལ་རྟོགས་པའོ། །ཆོས་ཉིད་ལ་ཀུན་ཏུ་སྤྱོད་པ་མེད་པ་ཉིད་དེ་ཚུལ་གཅིག་ཏུ་བསྟན་པའོ་ཞེས་བྱ་ བ་ནི་དཔེར་ན་ནམ་མཁའ་གཅིག་པུའི་ངོ་བོ་ཡིན་པས། ངོ་བོ་ཉིད་ལ་ཐ་དད་དུ་དབྱེ་བ་མེད་པ་དེ་བཞིན་དུ། དེ་བཞིན་ཉིད་ཀྱང་རྣམ་པ་གཅིག་པའི་ཕྱིར། ཡོད་པ་དང་མེད་པ་དང་། ཆོས་དང་། ཆོས་མ་ཡིན་པ་དང་། རྟག་པ་དང་། མི་རྟག་པ་ལ་སོགས་པའི་ཆོས་གཉིས་ལ་ ཀུན་ཏུ་སྤྱོད་པ་མེད་པས་ཚུལ་གཅིག་ཏུ་བསྟན་ཏོ། །ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་ལྟ་བ་རྣམས་ཞེས་བྱ་བ་ནི་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་ལྟ་བ་མ་སྤངས་པའི་རྣམ་པར་རྟོག་པ་གང་ཡིན་པ་དེ་དག་ལ་བྱའོ། །གང་དབང་པོ་དྲུག་པོ་དག་རབ་ཏུ་མི་འཕྲོ་བ་གང་ཡིན་པ་ ཞེས་བྱ་བ་ནི་འགྲོ་བ་མེད་ཅིང་འདུ་བའོ། །ཤེས་པ་ཐོགས་པ་མེད་པའི་ཡེ་ཤེས་ཀྱིས་རྗེས་སུ་ཆགས་པའི་ས་མ་ཡིན་པ་གང་ཞེ་ན་ཞེས་བྱ་བ་ནི་གང་རྗེས་སུ་ཆགས་པ་དང་། ཁོང་ཁྲོ་བ་དང་བྲལ་བའི་ཡེ་ཤེས་དེ་གང་ཞེ་ན་ཞེས་བྱ་བའི་ཐ་ཚིག་གོ། །གང་ཆོས་ལ་བསྙེན་བཀུར་བ་སྟེ་ ཞེས་བྱ་བ་ནི། སུས་ཆོས་མཐོང་བ་དེས་སངས་རྒྱས་མཐོང་ངོ་ཞེས་གསུངས་པའི་ཕྱིར་རོ། །བདག་དང་གཞན་གྱི་སེམས་ཅན་གྱི་ཞིང་ཡོངས་སུ་སྦྱོང་བར་བྱེད་པའོ་ཞེས་བྱ་བ་ནི་སེམས་ཅན་གྱི་ཞིང་མ་གཏོགས་པར་སངས་རྒྱས་ཀྱི་ཞིང་ཞེས་བྱ་བ་གཞན་མེད་དེ། རྣམ་པར་རིག་པ་ ཙམ་དུ་ཟད་པའི་ཕྱིར་རོ། །གང་རྣམ་པར་སྨིན་པའི་ཏིང་ངེ་འཛིན་ཞེས་བྱ་བ་ནི་ས་བརྒྱད་པ་ལ་རྩོལ་བ་མེད་པའི་ཕྱིར་དོན་དམ་པར་རྩོལ་བ་དང་བཅས་པའི་སྤྱོད་པའི་ས་ཐམས་ཅད་ཡོངས་སུ་རྫོགས་ཏེ། དགེ་བའི་ཆོས་རྣམས་རྣམ་པར་སྨིན་པའི་བདག་ཉིད་དུ་གནས་སོ། །དེ་བས་ན་ སྔོན་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པའི་རྣམ་པར་སྨིན་པར་གྱུར་པའི་ཏིང་ངེ་འཛིན་རྣམས་ལྷུན་གྱིས་གྲུབ་པ་ཉིད་དུ་བྱང་ཆུབ་སེམས་དཔའ་ལ་ཉེ་བར་འདུ་སྟེ། དེ་བས་ན་མཉམ་པར་གཞག་པ་ཞེས་བྱའོ། །སྤོབས་པའི་ཀླུང་ནི་སྤོབས་པའི་རྒྱུན་དང་། ཚུལ་དང་། སྤོབས་པ་རྒྱུན་ དུ་འབྱུང་ཞེས་བྱ་བའི་ཐ་ཚིག་གོ། །རྫུས་ཤིང་སྐྱེ་བ་སྟེ་ཞེས་བྱ་བ་ནི་ས་བརྒྱད་པ་ཡན་ཆད་ནི་མངལ་ན་གནས་པ་མེད་དེ། སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་དོན་དུ་ནི་དེ་ལྟ་བུར་ཡང་སྟོན་ཏོ། །དཀར་པོ་རྣམ་པར་མཐོང་བའི་ས་ཞེས་བྱ་བ་ནི་མོས་པས་སྤྱོད་པའི་ སའོ། །རིགས་ཀྱི་ས་ཞེས་བྱ་བ་ནི་བཟོད་པ་ཆེན་པོའི་སའོ། །བརྒྱད་པའི་ས་ཞེས་བྱ་བ་ནི་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་འཇུག་པའི་ས་སྟེ། དེ་ནི་དགྲ་བཅོམ་པའི་འབྲས་བུ་ལ་གནས་པ་ནས་བཟུང་སྟེ་བགྲངས་ནས་བརྒྱད་པར་འགྱུར་རོ། །མཐོང་བའི་ས་ཞེས་བྱ་བ་ནི་རྒྱུན་དུ་ ཞུགས་པའི་འབྲས་བུ་ལ་གནས་པའི་སའོ། །བསྲབས་པའི་ས་ཞེས་བྱ་བ་ནི་ལན་ཅིག་ཕྱིར་འོང་བའི་ས་སྟེ། དེའི་འདོད་པའི་འདོད་ཆགས་ལ་སོགས་པ་སྲབ་མོར་བྱས་པ་ཙམ་དུ་ཟད་དོ། །འདོད་ཆགས་དང་བྲལ་བའི་ས་ནི་ཕྱིར་མི་འོང་བ་སྟེ། དེས་འདོད་པ་ལ་འདུན་པ་དང་གནོད་ སེམས་ཡང་དག་པར་བཅད་པ་དང་འདོད་པའི་འདོད་ཆགས་དང་བྲལ་བ་ཡིན་ནོ། །བྱས་པ་རྟོགས་པ་ཅན་གྱི་ས་ནི་དགྲ་བཅོམ་པ་ཉིད་དེ། བྱ་བ་བྱས་སོ་ཞེས་ཁོང་དུ་ཆུད་པ་ནི་བྱས་པ་རྟོགས་པ་སྟེ། དེ་འདི་ལ་ཡོད་པས་ན་བྱས་པ་རྟོགས་པ་ཅན་ཞེས་བྱ་སྟེ་དགྲ་བཅོམ་པའོ། །ཡང་ ན་འདི་བྱས་པ་ཁོང་དུ་ཆུད་པའི་ངང་ཚུལ་ཅན་ཡིན་པས་བྱས་པ་རྟོགས་པ་ཅན་ཏེ། དེའི་ས་ནི་བྱས་པ་རྟོགས་པ་ཅན་གྱི་སའོ། །ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་བསྟན་པའོ། །དེ་ལྟར་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་བསྟན་ནས། དེའི་འོག་ཏུ་ཐེག་པ་དེ་གང་ ནས་ངེས་པར་འབྱུང་བར་འགྱུར་ཞེས་བྱ་བ་ཞུས་པས་གསུམ་པ་བརྩམས་ཏེ། ཁམས་གསུམ་ནས་ངེས་པར་འབྱུང་བར་འགྱུར་ཞིང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་གང་ན་བ་དེར་གནས་པར་འགྱུར་རོ་ཞེས་བྱ་བ་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་དག་ལ་ཡང་ཁམས་གསུམ་ ནས་ངེས་པར་འབྱུང་བ་ཡང་ཡོད་པས་དེ་བསལ་བའི་ཕྱིར་ཁམས་གསུམ་ནས་བྱུང་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་གནས་པར་འགྱུར་རོ་ཞེས་བྱ་བས་ཐེག་པ་ཆེན་པོ་ལ་བྱ་བ་གཉིས་ཡོད་པར་བསྟན་ཏེ། ཐེག་པ་ཆེན་པོ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་གནས་པར་ འགྱུར་ཞེས་གསུངས་པའི་ཕྱིར་རོ། །དེ་ཡང་གཉིས་སུ་མེད་པའི་ཚུལ་གྱིས་ཞེས་བྱ་བ་ནི་གཉིས་ལ་ཐ་དད་པ་ཡོད་དོ་སྙམ་དུ་ལོག་པར་ཞུགས་པ་རྣམས་ལ་འབྲས་བུ་ཐ་དད་པ་མེད་པར་སྟོན་ཏེ། ཐེག་པ་ཆེན་པོ་ལ་འབྲས་བུའི་གནས་སྐབས་ན་སངས་རྒྱས་ཉིད་དུ་ཟད་པས་ཐེག་པ་ ཆེན་པོ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཐ་དད་པ་མེད་དོ། །དེ་བས་ན་གཉིས་སུ་མེད་པ་ཉིད་དེ། དེའི་ཕྱིར་ཆོས་འདི་གཉིས་ནི་ལྡན་པ་ཡང་མ་ཡིན་མི་ལྡན་པ་ཡང་མ་ཡིན་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཅིག་པ་དང་ཐ་དད་པའི་མཚན་ཉིད་མེད་པར་བསྟན་པའོ། ། ལྡན་པ་ཡང་མ་ཡིན་མི་ལྡན་པ་ཡང་མ་ཡིན་ཞེས་བྱ་བ་ལ། གཅིག་པ་མེད་པའི་ཕྱིར་ལྡན་པ་ཡང་མ་ཡིན་ནོ། །ཐ་དད་པ་མེད་པའི་ཕྱིར་མི་ལྡན་པ་ཡང་མ་ཡིན་ནོ། །འཛུགས་པར་མི་བྱེད་པའི་ཕྱིར་གཟུགས་མེད་པའོ། །བསྟན་པར་མི་ནུས་པས་བསྟན་དུ་མེད་པའོ། ། འདི་གཉིས་ཀྱིས་ནི་འཛིན་པ་དང་། གཟུང་བ་མེད་པར་བསྟན་ཏེ། གང་གི་ཕྱིར་འཛུགས་པར་མི་བྱེད་པ་དེའི་ཕྱིར་འཛིན་པ་མེད་པའོ། །གང་གི་ཕྱིར་བསྟན་པར་མི་ནུས་པ་དེའི་ཕྱིར་གཟུང་བ་མེད་པའོ། །ཐོགས་པ་མེད་པ་ཞེས་བྱ་བ་འདིས་ནི་དབང་པོ་དང་། ཡུལ་ལྟར་ ཐོགས་པའི་མཚན་ཉིད་མེད་པའི་ཕྱིར་ཡུལ་དང་། ཡུལ་ཅན་མེད་པར་བསྟན་པའོ། །དེ་ལྟར་མཚན་ཉིད་མེད་པའི་ཕྱིར་མཚན་ཉིད་མེད་པ་སྟེ། གཉི་ག་ཡང་མཚན་ཉིད་མེད་པར་མཚན་ཉིད་གཅིག་པའི་ཕྱིར། འདི་ལྟར་མཚན་ཉིད་མེད་པར་མཚན་ཉིད་གཅིག་པའོ་ཞེས་བྱ་ བ་གསུངས་སོ། །རབ་འབྱོར་མཚན་ཉིད་མེད་པའི་ཆོས་ལ་ནི་འབྱུང་བའམ། འབྱུང་བར་འགྱུར་བའམ། འབྱུང་བར་འགྱུར་བ་མེད་དོ་ཞེས་བྱ་བ་ནི། འདི་ལྟར་ཡོངས་སུ་གྲུབ་པའི་ཆོས་ནི་ཀུན་བརྟགས་པའི་མཚན་ཉིད་ཐམས་ཅད་དང་བྲལ་ཞིང་རང་བཞིན་གྱིས་ཡོངས་སུ་དག་པ་ སྟེ། དེའི་ཕྱིར་རང་བཞིན་གྱིས་ངེས་པར་འབྱུང་ཟིན་པས་དེ་ལ་གློ་བུར་གྱི་ངེས་པར་འབྱུང་བ་མེད་དོ། །རབ་འབྱོར་མཚན་ཉིད་མེད་པའི་ཆོས་རྣམས་ལས་ངེས་པར་འབྱུང་བར་འདོད་པ་གང་ཡིན་པ་དེ་ནི་དེ་བཞིན་ཉིད་འབྱུང་བར་འདོད་དུ་ཟད་དོ་ཞེས་བྱ་བ་ལ་སོགས་པས་གློ་བུར་གྱི་ངེས་ པར་འབྱུང་བ་མེད་པ་དེ་ཉིད་རྒྱ་ཆེར་བསྟན་ཏོ། །དེ་བཞིན་ཉིད་ནི་རང་བཞིན་ཉིད་ཀྱིས་ཅིས་ཀྱང་མ་གོས་ཤིང་ནམ་མཁའ་ལྟ་བུ་ལ་ངེས་པར་འབྱུང་བ་མེད་དོ། །དེ་བས་ན་རབ་འབྱོར་དེ་བཞིན་ཉིད་ཀྱི་ངོ་བོ་ཉིད་ནི་ཁམས་གསུམ་ནས་ངེས་པར་འབྱུང་བ་མེད་དོ་ཞེས་ བྱ་བ་གསུངས་པའོ། །དེ་བཞིན་ཉིད་ནི་དེ་བཞིན་ཉིད་ཀྱི་ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་རོ་ཞེས་བྱ་བ་ནི་དེ་བཞིན་ཉིད་ལ་དེ་བཞིན་ཉིད་ཀྱི་ངོ་བོ་ཉིད་ཅེས་བྱ་བ་ཀུན་བརྟགས་པ་གང་ཡང་མེད་ན། གང་གི་ཕྱིར་དེ་དེ་ལས་ངེས་པར་འབྱུང་བར་འགྱུར། དེ་བཞིན་ཉིད་ལ་སོགས་པ་བསམ་གྱིས་ མི་ཁྱབ་པའི་དབྱིངས་ཀྱི་མཐར་ཐུག་པའི་བར་འོག་ནས་འབྱུང་བ་དག་ནི་སྔར་བཤད་ཟིན་ཏོ། །སྤོང་བའི་དབྱིངས་དང་། འདོད་ཆགས་དང་བྲལ་བའི་དབྱིངས་དང་། འགོག་པའི་དབྱིངས་ཞེས་བྱ་བ་ནི་དེ་བཞིན་ཉིད་དེ་ཉོན་མོངས་པ་དང་། ཤེས་བྱའི་སྒྲིབ་པའི་སྤྲོས་པ་ ཐམས་ཅད་སྤོང་བའི་རྒྱུ་ཡིན་པའི་ཕྱིར་སྤོང་བའི་དབྱིངས་ཞེས་བྱའོ། །སྲིད་པ་གསུམ་གྱི་འདོད་ཆགས་དང་བྲལ་བའི་རྒྱུ་ཡིན་པ་དང་། འཇིག་རྟེན་ཐམས་ཅད་ལས་འདས་པའི་ཕྱིར་འདོད་ཆགས་དང་བྲལ་བའི་དབྱིངས་ཞེས་བྱའོ། །སྡུག་བསྔལ་ཐམས་ཅད་འགོག་པའི་རྒྱུ་ ཡིན་པས་འགོག་པའི་དབྱིངས་ཞེས་བྱའོ། །མིང་དང་མཚན་མ་དང་བརྡ་དང་། ཐ་སྙད་དང་། གདགས་པ་ཞེས་བྱ་བ་ཚིག་ལྔ་པོ་དག་གིས་ནི་ཀུན་བརྟགས་པ་བསྡུ་སྟེ། དཔེར་ན་བ་ལང་གི་རྫས་ལ་བ་ལང་ཞེས་བྱ་བ་ནི་མིང་ངོ་། །ལྐོག་ཤལ་དང་མཇུག་མ་ལ་སོགས་པ་ནི་མཚན་ མའོ། །ཟལ་མོའི་བུ་དམར་མོའི་བུ་ཞེས་བྱ་བ་ལ་སོགས་པ་ནི་བརྡའོ། །བ་ཁྲིད་དེ་ཤོག་བ་ཞོས་ཤིག་ཅེས་བྱ་བ་ལ་སོགས་པ་ནི་ཐ་སྙད་དོ། །བརྗོད་པ་ཐམས་ཅད་ནི་གདགས་པའོ། །སྐྱེ་བ་མེད་པ་དང་། འགག་པ་མེད་པ་དང་། ཀུན་ནས་ཉོན་མོངས་པ་མེད་པ་ དང་། རྣམ་པར་བྱང་བ་མེད་པ་དང་། མངོན་པར་འདུ་བྱེད་པ་མེད་པ་དང་ཞེས་བྱ་བ་ནི་ཚིག་ལྔ་པོ་དག་གིས་ཡོངས་སུ་གྲུབ་པ་བསྡུས་ཏེ། སྐྱེ་བ་མེད་པའི་ཕྱིར་མི་སྐྱེ་བའོ། །འགག་པ་མེད་པའི་ཕྱིར་མི་འགག་པའོ། །གོས་པ་མེད་པའི་ཕྱིར་ཀུན་ནས་ཉོན་མོངས་པ་མེད་ པའོ། །རང་བཞིན་གྱིས་ཡོངས་སུ་དག་པའི་ཕྱིར་རྣམ་པར་བྱང་བ་མེད་པའོ། །རྣམ་པར་དག་པའི་རྒྱུར་མངོན་པར་འདུ་བྱེད་པ་མེད་པའི་ཕྱིར། མངོན་པར་འདུ་བྱ་བ་མེད་པའོ། །ད་ནི་ཐེག་པ་གང་དུ་གནས་པར་འགྱུར་ཞེས་བྱ་བ་ནི་ཞུས་པ་བཞི་པ་བརྩམས་ཏེ། རབ་འབྱོར་ ཐེག་པ་དེ་ནི་གང་དུ་ཡང་གནས་པར་འགྱུར་བ་མེད་དོ་ཞེས་བྱ་བ་ནི་ཇི་ལྟར་ནམ་མཁའ་གང་ན་ཡང་མི་གནས་པ་དེ་བཞིན་དུ་ཐེག་པ་ཆེན་པོ་ཡང་མཐར་ཕྱིན་ཅིང་ཆོས་ཀྱི་སྐུའི་བདག་ཉིད་ཡིན་པས་གང་དུ་ཡང་གནས་པར་མི་འགྱུར་རོ། །ཐེག་པ་ཆེན་པོ་འབའ་ཞིག་གནས་པར་མི་ འགྱུར་བར་མ་ཟད་ཀྱི། ཀུན་བརྟགས་པ་དང་། ཡོངས་སུ་གྲུབ་པའི་ཆོས་ཐམས་ཅད་ཀྱང་གང་ན་ཡང་མི་གནས་སོ་ཞེས་བྱ་བར་སྟོན་ཏོ། །ཆོས་ཐམས་ཅད་གནས་པ་མེད་པའི་ཕྱིར་རོ་ཞེས་བྱ་བ་ལ། ཀུན་བརྟགས་པ་ནི་མེད་པའི་ཕྱིར་གང་ན་ཡང་མི་གནས་སོ། །ཡོངས་ སུ་གྲུབ་པ་ནི་གཞི་དང་བརྟེན་པ་མེད་པའི་ཕྱིར་གང་ན་ཡང་མི་གནས་སོ། །འོན་ཀྱང་ཐེག་པ་ཆེན་པོ་དེ་ནི་མི་གནས་པའི་ཚུལ་གྱིས་གནས་པར་འགྱུར་རོ་ཞེས་བྱ་བ་ནི་གནས་པ་མེད་པ་ཉིད་དེའི་གནས་པ་ཡིན་པར་ཐ་སྙད་གདགས་པར་བསྟན་པའོ། །དེ་བས་ན་དེ་བཞིན་ཉིད་ནི་ གནས་པ་ཡང་མ་ཡིན་མི་གནས་པ་ཡང་མ་ཡིན་ནོ་ཞེས་བྱ་བ་གསུངས་ཏེ། དོན་དམ་པར་བརྟེན་པའི་མཚན་ཉིད་མེད་པའི་ཕྱིར་གནས་པ་ཡང་མ་ཡིན་ནོ། །མི་གནས་པའི་མཚན་ཉིད་དུ་གནས་པའི་ཕྱིར་ཐ་སྙད་དུ་མི་གནས་པ་ཡང་མ་ཡིན་ནོ། །དེ་བཞིན་དུ་གནས་པ་དང་། མི་གནས་པའི་མཚན་ཉིད་ཐམས་ཅད་ལ་ཡང་སྦྱར་བར་བྱའོ། །མི་གནས་པར་གནས་པའི་ཚུལ་དང་། བསྐྱོད་དུ་མེད་པའི་ཚུལ་གྱིས་གང་དུ་ཡང་གནས་པར་འགྱུར་བ་མེད་དོ་ཞེས་བྱ་བ་ནི་རྟེན་གྱི་དངོས་པོར་གང་དུ་ཡང་གནས་པར་འགྱུར་བ་མེད་དེ། དེ་བས་ན་མི་གནས་པ་ ཞེས་བྱའོ། །མི་གནས་པའི་མཚན་ཉིད་ཀྱིས་གནས་པ་དང་། བརྟན་པ་དང་། ཕྱིན་ཅི་ལོག་མེད་པའི་ཕྱིར་གནས་པ་ཞེས་བྱའོ། །དེས་སུ་ཞིག་ངེས་པར་འབྱུང་བར་འགྱུར་ཞེས་བྱ་བ་ནི་ཞུས་པ་ལྔ་པ་སྟེ། ཐེག་པ་དེ་གང་ཡིན་པ་དང་ཞེས་བྱ་བ་ནི་ཐེག་པ་ཆེན་པོའོ། །གང་ ངེས་པར་འབྱུང་བར་འགྱུར་བ་ཞེས་བྱ་བ་ནི་གང་ཟག་གོ། །གང་གིས་ངེས་པར་འབྱུང་བར་འགྱུར་ཞེས་བྱ་བ་ནི་ལམ་གྱི་ཆོས་གང་གིས་ཞེས་བྱ་བ་སྟེ། རྒྱུ་གང་གིས་ངེས་པར་འབྱུང་བར་འགྱུར་བའོ། །གང་ནས་ངེས་པར་འབྱུང་བར་འགྱུར་བ་ཞེས་བྱ་བ་ནི་སྲིད་ པ་ལས་སོ། །ཤིན་ཏུ་རྣམ་པར་དག་པའི་ཕྱིར་བདག་མི་དམིགས་སོ་ཞེས་བྱ་བ་ནི་གལ་ཏེ་བདག་ལ་སོགས་པ་དང་། གཟུགས་ལ་སོགས་པ་ཡོངས་སུ་ཟིན་ན། ཡོངས་སུ་གྲུབ་པ་ཤིན་ཏུ་རྣམ་པར་དག་པ་གང་ཡིན་པ་དེ་ཉམས་པར་འགྱུར་རོ་ཞེས་སྟོན་ཏོ། །བཅོམ་ལྡན་འདས་ གང་མི་དམིགས་པས་ཆོས་འདི་དག་ཐམས་ཅད་དམིགས་སུ་མ་མཆིས་པ་ལགས་ཞེས་བྱ་བ་ནི་མི་དམིགས་པ་སྔར་སྨོས་པ་ཐམས་ཅད་ཀྱི་གཏན་ཚིགས་ཞུས་པའོ། །དེ་ལ་འགྲེས་གསུམ་སྟེ། ཐོག་མར་དེ་བཞིན་ཉིད་ལ་སོགས་པ་མི་དམིགས་པ་ནི་ཆེས་དེ་དག་དམིགས་སུ་མེད་ པའི་གཏན་ཚིགས་ཀྱི་འགྲེས་དང་པོའོ། །དེའི་འོག་ཏུ་དེ་བཞིན་ཉིད་ལ་སོགས་པ་ཅིའི་ཕྱིར་མི་དམིགས་སྙམ་དུ་ཐེ་ཚོམ་དུ་གྱུར་པ་དང་། དེ་བཞིན་ཉིད་ལ་སོགས་པ་དེ་དག་གི་རང་གི་མཚན་ཉིད་མི་དམིགས་པས། དམིགས་སུ་མེད་དོ་ཞེས་བྱ་བ་ནི་འགྲེས་གཉིས་པའོ། །དེ་ནས་སྟོང་ པ་ཉིད་ཐམས་ཅད་དང་། ས་ལ་སོགས་པའི་ཆོས་རྣམས་མི་དམིགས་པ་ཞེས་བྱ་བ་ནི་འགྲེས་གསུམ་པའོ། །དཀར་པོ་རྣམ་པར་མཐོང་བའི་ས་ཞེས་བྱ་བ་ནི་ལྷག་མཐོང་གི་གནས་སྐབས་འབའ་ཞིག་ལ་བྱ་སྟེ། མོས་པ་སྤྱོད་པའི་ས་ལའོ། །རིགས་ཀྱི་ས་ཞེས་བྱ་བ་ནི་རིགས་ཀྱི་ གནས་སྐབས་ལ་ས་ཞེས་བྱ་སྟེ། རིགས་ཀྱི་ས་ཞེས་བྱ་བ་ནི་ངེས་པར་འབྱེད་པའི་ཆ་དང་མཐུན་པའི་དགེ་བའི་རྩ་བའི་གནས་སྐབས་མ་ལུས་པར་བསྟན་ཏོ། །བཅོམ་ལྡན་འདས་ཐེག་པ་ཆེན་པོ་ཞེས་བགྱི་བ་འདི་ནི་ཞེས་བྱ་བ་ཐེག་པ་ཆེན་པོ་ནི་སྔར་བཤད་ཟིན་པ་སྙམ་ན་སྐབས་གང་ ཡིན་ཞེ་ན། དེ་ཡང་བདེན་མོད་ཀྱི། སྔར་ནི་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་སྒྲ་བཤད་པ་ལས། འཇུག་པའི་སྐབས་སུ་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་གཟུངས་ཀྱི་སྒོའི་མཐའ་ལ་ཐུག་གི་བར་དུ་སྒྲུབ་པའི་ཆོས་རྣམས་ཐེག་པ་ཆེན་པོ་ཡིན་པར་བསྟན་ཏོ། །ད་ནི་ཐེག་པ་ དེ་གང་ནས་ངེས་པར་འབྱུང་བར་འགྱུར་ཞེས་བྱ་བ་ལ་སོགས་པ་ངེས་པར་འབྱུང་བའི་གནས་སྐབས་ནས་འབྲས་བུའི་ཐེག་པ་ཆེན་པོ་སངས་རྒྱས་ཉིད་དུ་བསྟན་ཏོ། །དེ་བས་ན་ད་ནི་འབྲས་བུའི་ཐེག་པ་ཆེན་པོ་འདི་ལ། ཐེག་པ་ཆེན་པོའི་ངེས་པའི་ཚིག་དང་། ཐེག་པ་ཆེན་པོའི་ཆོས་ རྣམས་ཡང་བསྟན་པར་བྱ་སྟེ། འདི་ནི་གནས་སྐབས་སོ། །ལྷ་དང་མི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ནས་ངེས་པར་འབྱུང་བར་འགྱུར་ཏེ། དེའི་སླད་དུ་ཐེག་པ་ཆེན་པོ་ཞེས་བགྱིའོ་ཞེས་བྱ་བ་ལ། འགྲོ་བ་ནི་འདིར་ཐེག་པ་ཆེན་པོ་ཞེས་བྱའོ། །ངེས་ པར་འབྱུང་བ་ཆེ་བ་གང་ཡིན་པ་དེ་ཐེག་པ་ཆེན་པོའོ། །གང་གི་ཕྱིར་འཇིག་རྟེན་གསུམ་པོ་ཟིལ་གྱིས་མནན་ཏེ་ཐམས་ཅད་ལས་ངེས་པར་འབྱུང་བ་དེའི་ཕྱིར། འདིའི་ངེས་པར་འབྱུང་བ་ཆེ་བས་ཐེག་པ་ཆེན་པོ་ཞེས་བྱའོ། །ཐེག་པ་ཆེན་པོ་དེ་ནི་ནམ་མཁའ་དང་མཉམ་པ་སྟེ་ཞེས་བྱ་ བས་ནི་དེ་ཉིད་ཀྱི་ཆེ་བ་ཉིད་སྒྲུབ་སྟེ་སྐབས་འབྱེད་པ་ཆེ་བ་དང་། སྐྱེ་བ་དང་། འགག་པ་ལ་སོགས་པ་མེད་པ་དང་། དུས་ཀྱིས་མ་བསྡུས་པ་དང་རྒྱུ་རྣམ་པ་གསུམ་གྱིས་ནམ་མཁའ་དང་འདྲ་བར་བསྟན་ཏོ། །དཔེར་ན་ནམ་མཁའ་ལ་སེམས་ཅན་ཐམས་ཅད་སྐད་ཅིག་གཅིག་ལ་ཇི་ལྟར་ འདོད་པའི་སྤྱོད་ལམ་ཐམས་ཅད་ཀྱིས་གནས་ཀྱང་དོགས་པ་མེད་པས་གོ་སྐབས་ཕྱེ་བ་དེ་བཞིན་དུ། ཐེག་པ་ཆེན་པོ་འདི་ལ་ཡང་སྐད་ཅིག་གཅིག་ལ་སེམས་ཅན་ཐམས་ཅད་ཅིག་ཅར་ལྷགས་ནས་ཐམས་ཅད་ཤེས་པ་ཉིད་དང་། ལམ་གྱི་རྣམ་པ་ཤེས་པ་ཉིད་དང་། རྣམ་པ་ ཐམས་ཅད་མཁྱེན་པ་ཉིད་ལ་འཁོད་ནས་གནས་ཀྱང་གོ་སྐབས་ཡངས་པའི་ཕྱིར་གནོད་པ་ཅི་ཡང་མེད་དོ། །དཔེར་ན་ནམ་མཁའ་ནི་དུས་འདི་ལ་འོངས་སོ་བྱུང་ངོ་ཞེས་བྱ་བའམ། སོང་ངོ་འགགས་སོ་ཞེས་བྱ་བ་འམ། གནས་པའི་སྐད་ཅིག་གི་དབང་གིས་གནས་སོ་ཞེས་བྱ་བར་ བརྗོད་དུ་མི་རུང་སྟེ། ཐེག་པ་ཆེན་པོ་ཡང་དེ་བཞིན་ནོ། །དཔེར་ན་ནམ་མཁའ་ནི་སྔོན་གྱི་དུས་དེ་ན་བྱུང་ངོ་། །ཕྱི་མའི་དུས་དེ་ན་འབྱུང་བར་འགྱུར་རོ། །བར་གྱི་དུས་དེ་ན་ཡོད་དོ་ཞེས་བརྗོད་པར་མི་ནུས་ཏེ། ཐེག་པ་ཆེན་པོ་ཡང་དེ་བཞིན་ནོ་ཞེས་དེའི་རིམ་གྱིས་འགྲེས་གསུམ་གྱིས་ བསྟན་ཏོ། །དེ་ནས་གནས་བརྟན་གྱིས་སྨྲས་པའི་འགྲེས་ཉིད་ལ། བཅོམ་ལྡན་འདས་ཀྱིས་མངོན་པར་དགྱེས་པར་མཛད་ནས་སྔར་བཤད་པའི་རིམ་གྱིས་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་ཆོས་རྣམས་རྣམ་པར་སྨིན་པའི་བདག་ཉིད་དུ་གྱུར་པ་ཆོས་ཀྱི་སྐུས་ བསྡུས་པ་དང་། ཐེག་པ་ཆེན་པོ་ཉིད་དུ་བསྟན་ཏོ། །ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པས་དེ་ལྟར་ཐེག་པ་ཆེན་པོ་བསྟན་ནས་དེའི་འོག་ཏུ་གནས་བརྟན་གྱིས་ལྷ་དང་། མི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ནས། ཐེག་པ་དེ་ངེས་པར་འབྱུང་བར་ འགྱུར་ཏེ་ཞེས་བྱ་བ་དང་། ཐེག་པ་དེ་ནམ་མཁའ་དང་མཉམ་པ་སྟེ་ཞེས་བྱ་བ་དང་། བཅོམ་ལྡན་འདས་འདི་ལྟ་སྟེ་དཔེར་ན་ནམ་མཁའ་ནི་སེམས་ཅན་གྲངས་མ་མཆིས་ཚད་མ་མཆིས། དཔག་ཏུ་མ་མཆིས་པ་རྣམས་ཀྱི་གོ་འབྱེད་དོ་ཞེས་བྱ་བ་དང་། འོང་བའམ། འགྲོ་བ་ མི་དམིགས་ཞེས་བྱ་བ་དང་། སྔོན་གྱི་མཐའ་འམ།ཕྱི་མའི་མཐའ་མི་དམིགས་ཞེས་བྱ་བ་ཚིག་ལྔ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས། རབ་འབྱོར་གང་ཡང་ཁྱོད་ཀྱིས་འདི་སྐད་དུ་ཐེག་པ་དེ་ནི་ལྷ་དང་མི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ ནས་ངེས་པར་འབྱུང་བར་འགྱུར་ཞེས་སྨྲས་པ་ནི་ཞེས་བྱ་བ་ལ་སོགས་པས་ཚིག་དེ་དག་སོ་སོར་སྨོས་ཏེ། དེ་དག་རྒྱ་ཆེར་བསྟན་ཏོ། །རབ་འབྱོར་གལ་ཏེ་འདོད་པའི་ཁམས་དེ་བཞིན་དུ་གྱུར་ཏེ། མ་ནོར་བ་དང་ཞེས་བྱ་བ་ལ་སོགས་པས་ཇི་སྐད་བསྟན་པར་འགྱུར་ཞེ་ན། གལ་ཏེ་ འདོད་པའི་ཁམས་ལ་སོགས་པ་ཆོས་ཐམས་ཅད་ཀུན་བརྟགས་པ་དང་ཡང་དག་པ་མ་ཡིན་པ་མ་ཡིན་ཏེ། ཡོངས་སུ་གྲུབ་པ་དེ་ཁོ་ན་ཉིད་ཀྱི་ངོ་བོ་ཞིག་ཡིན་དུ་ཟིན་ན་ཐེག་པ་ཆེན་པོ་འདི་དེ་དག་ལས་ངེས་པར་འབྱུང་བར་མི་འགྱུར་ཞིང་། དེ་དག་ཡོངས་སུ་སྤོང་བར་མི་འགྱུར་བ་ ཞིག་ན་འདི་ལྟར་ཆོས་དེ་དག་ཐམས་ཅད་ཀུན་བརྟགས་པ་སྟེ། ཡང་དག་པ་མ་ཡིན་པས། དེའི་ཕྱིར་ཐེག་པ་ཆེན་པོ་འདི་དེ་དག་ཡོངས་སུ་སྤོང་བར་འགྱུར་རོ་ཞེས་བསྟན་པ་ཡིན་ནོ། །རབ་འབྱོར་གལ་ཏེ་འདོད་པའི་ཁམས་དེ་བཞིན་དུ་གྱུར་ཏེ། མ་ནོར་བ་དང་། གཞན་མ་ཡིན་ པ་དང་། ཕྱིན་ཅི་མ་ལོག་པ་དང་། དེ་ཁོ་ན་དང་། ཡང་དག་པ་ཞེས་བྱ་བ་ལ་སོགས་པ་ནི་གལ་ཏེ་འདོད་པའི་ཁམས་དངོས་པོ་ཡོད་པར་གྱུར་ཏེ་དངོས་པོ་མེད་པ་མ་ཡིན་ན་ཞེས་བྱ་བར་སྦྱར་ཏེ། གལ་ཏེ་འདོད་པའི་ཁམས་ཡོད་པར་གྱུར་ཏེ་མེད་པ་མ་ཡིན་ན་ཡོངས་སུ་གྲུབ་པའི་ མཚན་ཉིད་དང་། བདེན་པའི་མཚན་ཉིད་དང་། འདུས་མ་བྱས་ཀྱི་མཚན་ཉིད་དང་། རྣམ་པ་གསུམ་གྱིས་ཡོད་པ་ཉིད་དུ་འགྱུར་ཏེ། དེ་ལ་དེ་བཞིན་དུ་གྱུར་པ་དང་། མ་ནོར་བ་དང་། གཞན་མ་ཡིན་པ་ཞེས་བྱ་བ་ཚིག་གསུམ་གྱིས་ནི་ཡོངས་སུ་གྲུབ་པའི་མཚན་ཉིད་བསྟན་ཏོ། །ཕྱིན་ ཅི་མ་ལོག་པ་དང་། དེ་ཁོ་ན་དང་། ཡང་དག་པ་དང་། བདེན་པ་དང་། ཇི་ལྟ་བ་བཞིན་དུ་ཞེས་བྱ་བ་ཚིག་ལྔས་ནི་བདེན་པ་བསྟན་ཏོ། །རྟག་པ་དང་། བརྟན་པ་དང་། ཐེར་ཟུག་དང་། མི་འགྱུར་བའི་ཆོས་ཅན་ཞེས་བྱ་བ་ཚིག་བཞིས་ནི་འདུས་མ་བྱས་ཀྱི་མཚན་ཉིད་བསྟན་ཏོ། །དེ་ལ་ ཡོངས་སུ་གྲུབ་པའི་མཚན་ཉིད་ནི་རྣམ་པ་གསུམ་སྟེ། མི་འཇིགས་པར་ཡོངས་སུ་གྲུབ་པ་དང་། ཕྱིན་ཅི་མ་ལོག་པར་ཡོངས་སུ་གྲུབ་པ་དང་། མི་འགྱུར་བར་ཡོངས་སུ་གྲུབ་པའོ། །དེ་ལ་དེ་བཞིན་དུ་གྱུར་ཞེས་བྱ་བས་ནི་མི་འཇིགས་པར་ཡོངས་སུ་གྲུབ་པ་བསྟན་ཏོ། །མ་ནོར་ ཞེས་བྱ་བས་ནི་ཕྱིན་ཅི་མ་ལོག་པར་ཡོངས་སུ་གྲུབ་པ་བསྟན་ཏོ། །གཞན་མ་ཡིན་ཞེས་བྱ་བས་ནི་མི་འགྱུར་བར་ཡོངས་སུ་གྲུབ་པ་བསྟན་ཏོ། །བདེན་པའི་མཚན་ཉིད་ཀྱང་རྣམ་པ་ལྔ་སྟེ། ཕྱིན་ཅི་མ་ལོག་པའི་མཚན་ཉིད་ནི་དཔེར་ན་སྨིག་རྒྱུ་ལ་ཆུར་ཕྱིན་ཅི་ལོག་ཏུ་གྱུར་པ་མེད་པ་ ལྟ་བུ་སྟེ། དེ་ནི་ཕྱིན་ཅི་མ་ལོག་པ་ཞེས་བྱ་བས་བསྟན་ཏོ། །ངོ་བོ་ཉིད་ཀྱི་མཚན་ཉིད་ནི་དཔེར་ན་སྒྱུ་མ་ལ་ངོ་བོ་ཉིད་མེད་པའི་དངོས་པོ་ལྟ་བུ་སྟེ། དེ་ནི་དེ་ཁོ་ན་ཞེས་བྱ་བས་བསྟན་ཏོ། །ཡོད་པའི་མཚན་ཉིད་ནི་དཔེར་ན་སྐྲ་ཤད་འཛིངས་པ་ལ་སོགས་པ་ལ་ཡོད་པ་མ་ཡིན་པའི་མཚན་ ཉིད་དུ་གྱུར་པ་མེད་པ་ལྟ་བུ་སྟེ། དེ་ནི་ཡང་དག་པ་ཞེས་བྱ་བས་བསྟན་ཏོ། །མི་སླུ་བའི་མཚན་ཉིད་ནི་དཔེར་ན་ཟླ་བ་གཉིས་སུ་གྱུར་པ་ལ་སོགས་པར་འཁྲུལ་པའི་མཚན་ཉིད་མེད་པ་ལྟ་བུ་སྟེ། དེ་ནི་བདེན་པ་ཞེས་བྱ་བས་བསྟན་ཏོ། །རིགས་པའི་མཚན་ཉིད་ནི་དཔེར་ན་རྟག་པ་དང་། བདེ་བ་དང་། བདག་ལ་སོགས་པ་འཐད་པ་དང་བྲལ་བར་གྱུར་པ་མེད་པ་ལྟ་བུ་སྟེ། དེ་ནི་ཇི་ལྟ་བ་བཞིན་ཞེས་བྱ་བས་བསྟན་ཏོ། །འདུས་མ་བྱས་ཀྱི་མཚན་ཉིད་ནི་རྣམ་པ་བཞི་སྟེ། སྐྱེ་བ་དང་། འགག་པ་མེད་པའི་མཚན་ཉིད་ནི་འདི་ལྟ་སྟེ། རྟག་པ་ཞེས་ གསུངས་པའོ། །རྟག་ཏུ་གནས་པའི་མཚན་ཉིད་ནི་འདི་ལྟ་སྟེ། བརྟན་པ་ཞེས་གསུངས་པའོ། །འཆད་པ་མེད་པའི་མཚན་ཉིད་ནི་འདི་ལྟ་སྟེ། ཐེར་ཟུག་ཅེས་གསུངས་པའོ། །འགྱུར་བ་མེད་པའི་མཚན་ཉིད་ནི་འདི་ལྟ་སྟེ། མི་འགྱུར་བའི་ཆོས་ཅན་ཞེས་གསུངས་པའོ། ། རབ་འབྱོར་དེའི་ཕྱིར་འདོད་པའི་ཁམས་ནི་ཀུན་བརྟགས་པ། རྣམ་པར་བསྒྲུབ་པ་ཚིག་གིས་བསྟན་པ་ཞེས་བྱ་བ་ལ། བརྟགས་པ་ཞེས་བྱ་བ་ནི་བདེན་པ་མ་ཡིན་པའི་ཕྱིར་ཀུན་བརྟགས་པ་མ་ཡིན་པ་ཉིད་དུ་བསྟན་ཏོ། །རྣམ་པར་བསྒྲུབས་པ་ཞེས་བྱ་བ་ནི་གཞན་གྱི་དབང་གིས་ བཀོད་པའི་ཕྱིར་ཡང་དག་པ་མ་ཡིན་པ་ཀུན་བརྟགས་པ་ཉིད་དུ་བསྟན་ཏོ། །ཚིག་གིས་བསྟན་པ་ཞེས་བྱ་བས་ནི་ཀུན་རྫོབ་ཡིན་པའི་ཕྱིར་བརྗོད་པར་བྱ་བ་ཉིད་དུ་བསྟན་ཏོ། །དངོས་པོ་མེད་པ་སྟེ། དངོས་པོ་ཡོད་པ་མ་ཡིན་པ་ཞེས་བྱ་བ་ནི་མེད་པ་སྟེ་ཡོད་པ་མ་ཡིན་ནོ་ཞེས་བྱ་བའི་ཐ་ ཚིག་གོ། །ལྷ་དང་། མི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཞེས་བྱ་བ་ནི་འཇིག་རྟེན་གསུམ་སྟེ། ལྷ་མ་ཡིན་སྨོས་པས་ནི་འོག་གི་འཇིག་རྟེན་བསྟན་ཏོ། །མི་སྨོས་པས་ནི་བར་གྱི་འཇིག་རྟེན་བསྟན་ཏོ། །ལྷ་སྨོས་པས་ནི་གོང་མའི་འཇིག་རྟེན་བསྟན་ཏོ། །འགྲེས་འདི་ལ་ ཡང་ཁམས་གསུམ་པོ་དག་དང་། ཕུང་པོ་རྣམས་དང་། སྐྱེ་མཆེད་རྣམས་དང་། རྣམ་པར་ཤེས་པའི་ཚོགས་དྲུག་དང་། འདུས་ཏེ་རེག་པའི་ཚོགས་དྲུག་དང་། ཚོར་བའི་ཚོགས་དྲུག་དང་། ཁམས་དྲུག་དང་། རྟེན་ཅིང་འབྲེལ་བར་འབྱུང་བ་ཡན་ལག་བཅུ་གཉིས་པ་དང་། དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་དང་། གཞན་མ་ཡིན་པའི་དེ་བཞིན་ཉིད་དང་། ཆོས་དང་། ཆོས་ཀྱི་དབྱིངས་དང་། ཆོས་གནས་པ་ཉིད་དང་། ཆོས་སྐྱོན་མེད་པ་ཉིད་དང་། ཡང་དག་པའི་མཐའ་དང་། བསམ་གྱིས་མི་ཁྱབ་པའི་དབྱིངས་དང་། ཕ་རོལ་ཏུ་ཕྱིན་པ་ དྲུག་དང་། སྟོང་པ་ཉིད་ཐམས་ཅད་དང་། བྱང་ཆུབ་ཀྱི་ཕྱོགས་ལ་སོགས་པ་སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་མཐའ་ལ་ཐུག་པ་རྣམས་དང་། རིགས་ཀྱི་སའི་ཆོས་ལ་སོགས་པས་སངས་རྒྱས་ཀྱི་ཆོས་ཀྱི་མཐའ་ལ་ཐུག་པ་རྣམས་དང་། རིགས་ཉིད་ལ་སོགས་པ་སངས་རྒྱས་ཀྱི་ མཐའ་ལ་ཐུག་པ་རྣམས་དང་། སེམས་བསྐྱེད་པ་ཐམས་ཅད་དང་། རྡོ་རྗེ་ལྟ་བུའི་ཡེ་ཤེས་དང་། སྐྱེས་བུ་ཆེན་པོའི་མཚན་རྣམས་དང་། འོད་དང་། ཡན་ལག་དྲུག་ཅུ་དང་ལྡན་པའི་དབྱངས་དང་། ཆོས་ཀྱི་འཁོར་ལོ་དང་། སེམས་ཅན་རྣམས་དང་། འདི་དག་བསྟན་ཏོ། ། དེ་ལ་ཡན་ལག་དྲུག་ཅུ་དང་ལྡན་པའི་དབྱངས་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་གསང་བའི་མདོ་ལས། ཇི་སྐད་དུ་ཞི་བའི་བློ་གློས་གཞན་ཡང་དེ་བཞིན་གཤེགས་པའི་གསུང་ཡན་ལག་རྣམ་པ་དྲུག་ཅུ་དང་ལྡན་པ་འབྱུང་སྟེ། མཉེན་པ་དང་། འཇམ་པ་དང་། ཡིད་དུ་འོང་ བ་དང་། ཡིད་དུ་འཐད་པ་དང་། དག་པ་དང་། དྲི་མ་མེད་པ་དང་། གསལ་བ་དང་། སྙན་ཅིང་འཇེབས་པ་དང་། མཉན་པར་འོས་པ་དང་། མི་ཚུགས་པ་དང་། སྙན་པ་དང་། དུལ་བ་དང་། མི་རྩུབ་པ་དང་། མི་བརླང་བ་དང་། རབ་ཏུ་དུལ་བ་དང་། རྣར་སྙན་པ་དང་། ལུས་ སིམ་པར་བྱེད་པ་དང་། སེམས་ཚིམ་པར་བྱེད་པ་དང་། སྙིང་དགའ་བར་བྱེད་པ་དང་། དགའ་བ་སྐྱེད་པ་དང་། ཡོངས་སུ་གདུང་བ་མེད་པ་དང་། ཀུན་ཤེས་པར་བྱེད་པ་དང་། རྣམ་པར་རིག་པར་བྱ་བ་དང་། རྣམ་པར་གསལ་བ་དང་། དགའ་བར་བྱེད་པ་དང་། མངོན་པར་དགའ་ བར་བྱེད་པ་དང་། ཀུན་ཤེས་པར་བྱེད་པ་དང་། རྣམ་པར་རིག་པར་བྱེད་པ་དང་། རིགས་པ་དང་། འབྲེལ་པ་དང་། ཟློས་པའི་སྐྱོན་མེད་པ་དང་། སེང་གེའི་སྒྲའི་ཤུགས་དང་། གླང་པོ་ཆེའི་སྒྲ་སྐད་དང་། འབྲུག་གི་སྒྲ་དབྱངས་དང་། ཀླུའི་དབང་པོའི་སྒྲ་དང་། དྲི་ཟིའི་གླུ་དབྱངས་ དང་། བྱ་ཀ་ལ་པིང་ཀའི་སྒྲ་དབྱངས་བསྒྲགས་པ་དང་། ཚངས་པའི་སྒྲ་དབྱངས་བསྒྲགས་པ་དང་། ཤང་ཤང་ཏེའུའི་སྒྲ་དབྱངས་སུ་གྲགས་པ་དང་། ལྷའི་དབང་པོའི་སྒྲ་དབྱངས་ལྟར་སྙན་པ་དང་། རྔའི་སྒྲ་དང་། མ་ཁེངས་པ་དང་། མི་དམའ་བ་དང་། སྒྲ་དབྱངས་ཐམས་ ཅད་ཀྱི་རྗེས་སུ་ཞུགས་པ་དང་། ཚིག་ཟུར་ཆག་མེད་པ་དང་། མ་ཚང་བ་མེད་པ་དང་། མ་ཞུམ་པ་དང་། མི་ཞན་པ་དང་། རབ་ཏུ་དགའ་བ་དང་། ཁྱབ་པ་དང་། ཆུབ་པ་དང་། རྒྱུན་ཆགས་པ་དང་། འབྲེལ་པ་དང་། སྒྲ་ཐམས་ཅད་རྫོགས་པར་ བྱེད་པ་དང་། དབང་པོ་ཐམས་ཅད་ཚིམ་པར་བྱེད་པ་དང་། མ་སྨད་པ་དང་། མི་འགྱུར་བ་དང་། མ་བརྟབས་པ་དང་། འཁོར་ཀུན་ཏུ་གྲགས་པ་དང་། རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་ཞེས་གསུངས་པ་ལྟ་བུའོ། །དེ་ལ་གཉེན་པོ་ནི་ཁམས་དང་། དགེ་བའི་རྩ་བ་ ཐམས་ཅད་ཉེ་བར་སྟོན་པའི་ཕྱིར་རོ། །འཇམ་པ་ནི་ཚེ་འདི་ཉིད་ལ་བདེ་བ་ལ་རེག་པར་བྱེད་པའི་ཕྱིར་རོ། །ཡིད་དུ་འོང་བ་ནི་དོན་བཟང་པོའི་ཕྱིར་རོ། །ཡིད་དུ་འཐད་པ་ནི་ཚིག་འབྲུ་བཟང་པོའི་ཕྱིར་རོ། །དག་པ་ནི་འཇིག་རྟེན་ལས་འདས་པ་བླ་ན་མེད་པའི་རྗེས་ལ་བྱུང་བའི་ ཕྱིར་རོ། །དྲི་མ་མེད་པ་ནི་ཉོན་མོངས་པའི་བག་ལ་ཉལ་དང་། བག་ཆགས་ཐམས་ཅད་དང་བྲལ་བའི་ཕྱིར་རོ། །གསལ་བ་ནི་ཚིག་དང་ཡི་གེ་གྲགས་པའི་ཕྱིར་རོ། །སྙན་ཅིང་འཇེབས་པ་ནི་མུ་སྟེགས་ཅན་ཐམས་ཅད་ཀྱི་ལོག་པའི་བློ་གྲོས་དང་། ལྟ་བ་འཇིག་པའི་ ཡོན་ཏན་དང་ལྡན་པའི་ཕྱིར་རོ། །མཉན་པར་འོས་པ་ནི་སྒྲུབ་པས་ངེས་པར་འབྱིན་པའི་ཕྱིར་རོ། །མི་ཚུགས་པ་ནི་ཕས་ཀྱི་རྒོལ་བ་ཐམས་ཅད་ཀྱིས་བར་མི་ཆོད་པའི་ཕྱིར་རོ། །སྙན་པ་ནི་དགའ་བར་བྱེད་པའི་ཕྱིར་རོ། །དུལ་བ་ནི་འདོད་ཆགས་ཀྱི་གཉེན་པོར་གྱུར་པའི་ཕྱིར་རོ། ། མི་རྩུབ་པ་ནི་བསླབ་པ་བཅས་པ་ཐབས་སླ་བའི་ཕྱིར་རོ། །མི་བརླང་བ་ནི་དེ་ལས་འདས་པ་དག་ཡང་དག་པར་འབྱུང་བ་སྟོན་པར་བྱེད་པའི་ཕྱིར་རོ། །རབ་ཏུ་དུལ་བ་ནི་ཐེག་པ་གསུམ་གྱིས་འདུལ་བ་སྟོན་པའི་ཕྱིར་རོ། །རྣར་སྙན་པ་ནི་གཡེང་བའི་གཉེན་པོར་གྱུར་པའི་ཕྱིར་རོ། ། ལུས་སིམ་པར་བྱེད་པ་ནི་ཏིང་ངེ་འཛིན་ཐོབ་པར་བྱེད་པའི་ཕྱིར་རོ། །སེམས་ཚིམ་པར་བྱེད་པ་ནི་ལྷག་མཐོང་གིས་མཆོག་ཏུ་དགའ་བ་ཐོབ་པར་བྱེད་པའི་ཕྱིར་རོ། །སྙིང་དགའ་བར་བྱེད་པ་ནི་ཐེ་ཚོམ་གཅོད་པའི་ཕྱིར་རོ། །དགའ་བདེ་བསྐྱེད་པ་ནི་ལོག་པར་ངེས་པ་སེལ་བའི་ ཕྱིར་རོ། །ཡོངས་སུ་གདུང་བ་མེད་པ་ནི་བསྒྲུབ་པ་ལ་འགྱོད་པ་མེད་པའི་ཕྱིར་རོ། །ཀུན་དུ་ཤེས་པར་བྱ་བ་ནི་ཐོས་པ་ལས་བྱུང་བའི་ཤེས་པ་ཕུན་སུམ་ཚོགས་པའི་གཞིར་གྱུར་པའི་ཕྱིར་རོ། །རྣམ་པར་རིག་པར་བྱ་བ་ནི་བསམས་པ་ལས་བྱུང་བའི་ཤེས་པ་ཕུན་སུམ་ཚོགས་པའི་ གཞིར་གྱུར་པའི་ཕྱིར་རོ། །རྣམ་པར་གསལ་བ་ནི་སློབ་དཔོན་གྱི་ཆོས་ཀྱི་དཔེ་མཁྱུད་མེད་པ་ལས་བྱུང་བའི་ཕྱིར་རོ། །དགའ་བར་བྱེད་པ་ནི་བདག་གི་དོན་རྗེས་སུ་ཐོབ་པ་རྣམས་དགའ་བར་བྱེད་པའི་ཕྱིར་རོ། །མངོན་པར་དགའ་བར་བྱེད་པ་ནི་བདག་གི་དོན་མ་ཐོབ་པ་རྣམས་ རེ་བར་བྱེད་པའི་ཕྱིར་རོ། །ཀུན་ཤེས་པར་བྱེད་པ་ནི་བསམ་གྱིས་མི་ཁྱབ་པའི་ཆོས་ཡང་དག་པར་སྟོན་པའི་ཕྱིར་རོ། །རྣམ་པར་རིག་པར་བྱེད་པ་ནི་བསམ་དུ་ཡོད་པའི་ཆོས་ཡང་དག་པར་སྟོན་པའི་ཕྱིར་རོ། །རིགས་པ་ནི་ཚད་མ་དང་མི་འགལ་བའི་ཕྱིར་རོ། །འབྲེལ་བ་ནི་ ཅི་རིགས་པར་འདུལ་བ་ལ་སྟོན་པའི་ཕྱིར་རོ། །ཟློས་པའི་སྐྱོན་མེད་པ་ནི་དོན་མེད་པ་མ་ཡིན་པའི་ཕྱིར་རོ། །སེང་གེའི་སྒྲའི་ཤུགས་ནི་མུ་སྟེགས་ཅན་གྱི་ཚོགས་ཐམས་ཅད་སྐྲག་པར་བྱེད་པའི་ཕྱིར་རོ། །གླང་པོ་ཆེའི་སྒྲ་སྐད་ནི་སྒྲ་གསང་མཐོ་བའི་ཕྱིར་རོ། །འབྲུག་གི་སྒྲ་ དབྱངས་ནི་ཟབ་པའི་ཕྱིར་རོ། །ཀླུའི་དབང་པོའི་སྒྲ་ནི་གཟུང་བར་འོས་པའི་ཕྱིར་རོ། །དྲི་ཟའི་གླུ་དབྱངས་ནི་སྙན་པའི་ཕྱིར་རོ། །བྱ་ཀ་ལ་པིང་ཀའི་སྒྲ་དབྱངས་བསྒྲགས་པ་ནི་མྱུར་དུ་འགྱུར་བའི་ངང་ཚུལ་ཅན་གྱི་ཕྱིར་རོ། །ཚངས་པའི་སྒྲ་དབྱངས་བསྒྲགས་པ་ནི་རྒྱང་རིང་དུ་གྲགས་ པའི་ཕྱིར་རོ། །ཤང་ཤང་ཏེའུའི་སྒྲ་དབྱངས་སུ་གྲགས་པ་ནི་ཐམས་ཅད་དུ་གྲུབ་པ་ཐོག་མར་འགྲོ་བའི་བཀྲ་ཤིས་ཡིན་པའི་ཕྱིར་རོ། །ལྷའི་དབང་པོའི་དབྱངས་ལྟར་སྙན་པ་ནི་འགལ་བར་བྱ་བ་མ་ཡིན་པའི་ཕྱིར་རོ། །རྔའི་སྒྲ་ནི་བདུད་ཕྱིར་རྒོལ་བ་ཐམས་ཅད་ཕམ་པར་བྱ་བ་ལ་ ཐོག་མར་འགྲོ་བའི་ཕྱིར་རོ། །མ་ཁེངས་པ་ནི་བསྟོད་པས་ཀུན་ནས་ཉོན་མོངས་པ་མེད་པའི་ཕྱིར་རོ། །མི་དམའ་བ་ནི་སྨད་པས་ཀུན་ནས་ཉོན་མོངས་པ་མེད་པའི་ཕྱིར་རོ། །སྒྲ་ཐམས་ཅད་ཀྱི་རྗེས་སུ་ཞུགས་པ་ནི་རྣམ་པར་བསྒྲུབ་པ་ཐམས་ཅད་དང་། མཚན་ཉིད་རྣམ་པ་ཐམས་ ཅད་ཀྱི་རྗེས་སུ་ཞུགས་པའི་ཕྱིར་རོ། །ཚིག་ཟུར་ཆག་མེད་པ་ནི་བརྗེད་པར་དེ་མི་འབྱིན་པའི་ཕྱིར་རོ། །མ་ཚང་བ་མེད་པ་ནི་འདུལ་བའི་བྱ་བ་ལ་དུས་ཐམས་ཅད་དུ་ཉེ་བར་གནས་པའི་ཕྱིར་རོ། །མ་ཞུམ་པ་ནི་རྙེད་པ་དང་བཀུར་སྟི་ལ་མི་རྟག་པའི་ཕྱིར་རོ། ། མི་ཞན་པ་ནི་འཇིགས་པ་མེད་པའི་ཕྱིར་རོ། །རབ་ཏུ་དགའ་བ་ནི་བདེ་བ་བྱུང་བའི་ཕྱིར་རོ། །ཁྱབ་པ་ནི་རིག་པའི་གནས་ཐམས་ཅད་ལ་མཁས་པའི་རྗེས་སུ་ཞུགས་པའི་ཕྱིར་རོ། །ཆུབ་པ་ནི་སེམས་ཅན་རྣམས་ཀྱི་དོན་མཐའ་དག་སྒྲུབ་པར་བྱེད་པའི་ཕྱིར་རོ། །རྒྱུན་ཆགས་ པ་ནི་རྒྱུན་མི་འཆད་པའི་ཕྱིར་རོ། །འབྲེལ་པ་ནི་རྣམ་པ་སྣ་ཚོགས་སུ་གནས་པའི་ཕྱིར་རོ། །སྒྲ་ཐམས་ཅད་རྫོགས་པར་བྱེད་པ་ནི་སྒྲ་གཅིག་ལ་སྒྲའི་རྣམ་པར་རིག་པ་དུ་མ་ཉེ་བར་གནས་པའི་ཕྱིར་རོ། །དབང་པོ་ཐམས་ཅད་ཚིམ་པར་བྱེད་པ་ནི་གཅིག་གིས་དོན་དུ་མའི་རྣམ་ པར་རིག་པ་ཉེ་བར་གནས་པའི་ཕྱིར་རོ། །མ་སྨད་པ་ནི་དམ་བཅས་པ་བཞིན་དུ་བྱེད་པའི་ཕྱིར་རོ། །མི་འགྱུར་བ་ནི་མ་འོངས་པའི་དུས་ན་རབ་ཏུ་སྦྱོར་བའི་ཕྱིར་རོ། །མ་བརྟབས་པ་ནི་རྟབ་རྟབ་པོར་མི་སྨྲ་བའི་ཕྱིར་རོ། །འཁོར་ཀུན་ཏུ་གྲགས་པ་ནི་འཁོར་ཉེ་རིང་ལ་མཚུངས་ པར་གྲགས་པའི་ཕྱིར་རོ། །རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་ནི་འཇིག་རྟེན་དོན་དང་། དཔེའི་ཆོས་ཐམས་ཅད་ཀྱི་ཡོངས་སུ་གྲུབ་པའི་ཕྱིར་རོ་ཞེས་སློབ་དཔོན་གྱི་མན་ངག་གོ། །།བམ་པོ་བཅུ་དྲུག་པ། ད་ནི་རབ་འབྱོར་གང་ཡང་ཁྱོད་ཀྱིས་འདི་སྐད་དུ་ ཐེག་པ་དེ་ནི་ནམ་མཁའ་དང་མཉམ་པའོ་ཞེས་སྨྲས་པ་ནི་ཞེས་བྱ་བ་ལ་སོགས་པས་ཚིག་གཉིས་པ་བཟུང་སྟེ་བསྟན་ཏོ། །ཀུན་བརྟགས་པའི་དངོས་པོ་རྣམས་ནི་རྣམ་པ་ཉི་ཤུ་རྩ་གཅིག་གིས་རྣམ་པར་གཞག་པ་ཡིན་ཏེ། ཐེག་པ་ཆེན་པོ་འདི་ལ་ནི་རྣམ་པར་གཞག་པ་དེ་དག་མེད་ པའི་ཕྱིར་ནམ་མཁའ་དང་མཚུངས་པར་རིག་པར་བྱའོ། །རྣམ་པ་ཉི་ཤུ་རྩ་གཅིག་ནི་ཕྱོགས་རྣམ་པར་གཞག་པ་དང་། དབྱིབས་དང་། ཁ་དོག་དང་། དུས་དང་། འགྲིབ་ཅིང་འཕེལ་བ་ལ་སོགས་པ་དང་། ཀུན་ནས་ཉོན་མོངས་ཤིང་རྣམ་པར་བྱང་བ་དང་། སྐྱེ་ཞིང་འགག་ པ་དང་། དགེ་བ་ལ་སོགས་པ་དང་། མཐོང་ཞིང་ཐོས་པ་ལ་སོགས་པ་དང་། ཤེས་པར་བྱ་བ་ལ་སོགས་པ་དང་། རྣམ་པར་སྨིན་ཅིང་རྣམ་པར་སྨིན་པའི་ཆོས་ཅན་དང་། འདོད་ཆགས་ལ་སོགས་པ་དང་། ཁམས་དང་། རབ་ཏུ་དགའ་བ་ལ་སོགས་པ་བྱང་ཆུབ་སེམས་ དཔའི་ས་བཅུ་དང་། དཀར་པོ་རྣམ་པར་མཐོང་བ་དང་། རིགས་ཀྱི་ས་ལ་སོགས་པ་ས་བཅུ་དང་། འཕགས་པའི་གང་ཟག་གི་ས་དང་། གཉིས་དང་། ཆོས་ཀྱི་མདོ་དང་། རྣམ་པར་ཐར་པའི་སྒོ་དང་། གསང་བ་དང་། མི་གསང་བ་ལ་སོགས་པ་དང་། རྙེད་པ་ལ་ སོགས་པ་དང་། རབ་ཏུ་བརྗོད་པ་ལ་སོགས་པའོ། །དེ་ལ་འགྲིབ་པ་དང་འཕེལ་བ་ནི་རིམ་གྱིས་སོ། །འབྲི་བ་ནི་ཆད་པའོ། །སྐྱེ་བ་ཞེས་བྱ་བ་ནི་དངོས་པོ་རྣམས་ཐོག་མ་སྐྱེ་བའོ། །འགག་པ་ནི་སྐད་ཅིག་གཅིག་ལ་འཇིག་པའོ། །གནས་པ་ནི་དེ་ལྟར་སྐྱེ་ཞིང་འགག་པའི་ཆོས་ རྣམས་ཀྱི་རྒྱུན་མ་ཆད་པའོ། །མཐར་ཐུག་པ་ནི་དེའི་རྒྱུན་ཆད་ཅིང་བལྟར་མི་སྣང་བའོ། །གནས་པ་ལས་གཞན་དུ་འགྱུར་བ་ཞེས་བྱ་བ་ནི་དེའི་རྒྱུན་སྔ་མ་དང་། ཕྱི་མ་བྱེ་བྲག་ཅན་དུ་གྱུར་པ་དེ་མི་འདྲ་བར་གྱུར་པའོ། །ཤེས་པར་བྱ་བ་ཡང་མ་ཡིན་པ་ནི་གཟུགས་ལ་སོགས་པ་ ལྟར་ཤེས་པས་རབ་ཏུ་རྟོགས་པར་བྱ་བའི་དངོས་པོ་མེད་པའི་ཕྱིར་རོ། །ཀུན་བརྟགས་པའི་ཆོས་ནི་ཤེས་པས་རྟོགས་པར་འགྱུར་བ་མ་ཡིན་ཏེ། དེའི་ཚེ་ན་མེད་པའི་ཕྱིར་རོ། །ཤེས་པར་མི་བྱ་བ་ཡང་མ་ཡིན་ཞེས་བྱ་བ་ནི་རི་བོང་གི་རྭ་ལྟར་ཤིན་ཏུ་མེད་པ་ཡང་མ་ཡིན་པའི་ཕྱིར་རོ། ། ཡོངས་སུ་ཤེས་པར་བྱ་བ་ལ་སོགས་པ་ཡང་མ་ཡིན་ཞེས་བྱ་བ་ནི་བདེན་པར་རྟོགས་པ་མ་ཡིན་པའི་ཕྱིར་རོ། །འབྲས་བུ་གང་ཡིན་པ་ནི་རྣམ་པར་སྨིན་པའོ། །རྣམ་པར་སྨིན་པར་འགྱུར་བ་གང་ཡིན་པ་དེ་ནི་རྣམ་པར་སྨིན་པའི་ཆོས་ཅན་ནོ། །རབ་ཏུ་དགའ་བ་ལ་སོགས་པ་ནི་འཇིག་ རྟེན་ལས་འདས་པའི་སེམས་ཀྱི་ངོ་བོ་ཉིད་དུའོ། །འཐོབ་པ་མ་ཡིན་ཞེས་བྱ་བ་ནི་རྙེད་པར་བྱ་བ་མ་ཡིན་པའི་ཕྱིར་རོ། །དམིགས་སུ་ཡོད་པ་མ་ཡིན་ཞེས་བྱ་བ་ནི་དབང་པོའི་སྤྱོད་ཡུལ་མ་ཡིན་པའི་ཕྱིར་རོ། །བརྗོད་དུ་ཡོད་པ་མ་ཡིན་པ་ཞེས་བྱ་བ་ནི་ཚིག་གི་ལམ་དུ་མ་གཏོགས་པའི་ ཕྱིར་རོ། །བརྗོད་དུ་མེད་པ་ཡང་མ་ཡིན་ནོ་ཞེས་བྱ་བ་ནི་ཀུན་རྫོབ་ཀྱི་ཚིག་གི་ལམ་གྱིས་བསྟན་པར་བྱ་བའི་ཕྱིར་རོ་ཞེས་བྱ་བར་སྦྱར་བར་བྱའོ། །དེའི་འོག་ཏུ། རབ་འབྱོར་གང་ཡང་ཁྱོད་ཀྱིས་འདི་སྐད་དུ་ཇི་ལྟར་ནམ་མཁའ་སེམས་ཅན་ཚད་མེད་གྲངས་མེད་ པའི་གོ་འབྱེད་དོ་ཞེས་སྨྲས་པ་ནི་ཞེས་བྱ་བ་ལ་སོགས་པས་ཚིག་གསུམ་བསྟན་ཏེ། རབ་འབྱོར་སེམས་ཅན་མེད་པའི་ཕྱིར་ནམ་མཁའ་མེད་པར་རིག་པར་བྱའོ། །ནམ་མཁའ་མེད་པའི་ཕྱིར་ཐེག་པ་ཆེན་པོ་མེད་པར་རིག་པར་བྱའོ་ཞེས་བྱ་བའི་དོན་གང་ཡིན་ཞེ་ན། གང་ཟག་ལ་ བདག་མེད་པས་ཆོས་ལ་བདག་མེད་པ་འཇུག་པར་འགྱུར་བའི་ཕྱིར་སྔར་སེམས་ཅན་མེད་པ་ལ་གནས་ནས་ནམ་མཁའ་མེད་པ་ལ་གནས་པར་འགྱུར་རོ། །ནམ་མཁའ་མེད་པས་ཐེག་པ་ཆེན་པོ་མེད་པ་ལ་གནས་པར་འགྱུར་རོ། །དེ་དག་མེད་པའི་ཕྱིར་དཔག་ཏུ་མེད་པ་ལ་སོགས་ པའི་ཆོས་རྣམས་ཀྱང་མེད་པ་ཉིད་དེ་ཆོས་ཐམས་ཅད་ཀྱང་དེ་བཞིན་དུ་རིག་པར་བྱའོ། །སེམས་ཅན་མེད་པའི་ཕྱིར་དེ་བཞིན་ཉིད་མེད་པར་རིག་པར་བྱའོ་ཞེས་བྱ་བ་ནི་སེམས་ཅན་མེད་པས་ཀུན་བརྟགས་པའི་གཟུགས་ཀྱི་དེ་བཞིན་ཉིད་དང་། སྒྲའི་དེ་བཞིན་ཉིད་ལ་སོགས་པ་མེད་ པར་རིག་པར་བྱའོ། །དེ་ལྟར་ཆོས་ཐམས་ཅད་མེད་པའི་ཕྱིར་ནམ་མཁའ་དང་མཚུངས་པས་གོ་སྐབས་འབྱེད་དོ་ཞེས་བྱ་བར་དགོངས་པའོ། །མེད་པ་ཉིད་ཀྱི་ཕྱིར་དཔག་ཏུ་མེད་པ་ལ་སོགས་པར་འགྱུར་རོ། །འགྲེས་འདི་ལ་ཉི་ཤུ་རྩ་དྲུག་སྟེ་སེམས་ཅན་མེད་པའི་ཕྱིར་ནམ་མཁའ་ མེད་དོ། །ནམ་མཁའ་མེད་པའི་ཕྱིར་ཐེག་པ་ཆེན་པོ་མེད་དོ་ཞེས་བྱ་བ་ནི་འགྲེས་དང་པོའོ། །གསུམ་པོ་དེ་དག་ཉིད་དཔག་ཏུ་མེད་པ་དང་སྦྱར་བ་ནི་གཉིས་པའོ། །གྲངས་མེད་པ་དང་སྦྱར་བ་ནི་གསུམ་པའོ། །ཚད་མེད་པ་དང་སྦྱར་བ་ནི་བཞི་པའོ། །ཆོས་ཀྱི་དབྱིངས་དང་ སྦྱར་བ་ནི་ལྔ་པའོ། །དེ་བཞིན་ཉིད་དང་སྦྱར་བ་ནི་དྲུག་པའོ། །སེམས་ཅན་དང་སྲོག་ལ་སོགས་པ་བཅུ་གསུམ་གྱིས་བསྣན་ཏེ། ཐ་མ་ཡང་དག་པའི་མཐའ་དང་སྦྱར་བ་ནི་བདུན་པའོ། །དེ་ཉིད་ལ་ཡང་དག་པའི་མཐའ་བཀོལ་ཏེ། བསམ་གྱིས་མི་ཁྱབ་པའི་དབྱིངས་ དང་སྦྱར་བ་ནི་བརྒྱད་པའོ། །དེ་དག་ཉིད་གཟུགས་ལ་སོགས་པའི་ཕུང་པོའི་ཆོས་དང་སྦྱར་བ་ནི་དགུ་པའོ། །དེ་དག་ཉིད་ནང་གི་སྐྱེ་མཆེད་དྲུག་དང་སྦྱར་བ་ནི་བཅུ་པའོ། །ཕྱི་རོལ་གྱི་དྲུག་དང་སྦྱར་བ་ནི་བཅུ་གཅིག་པའོ། །རྣམ་པར་ཤེས་པ་དྲུག་དང་སྦྱར་བ་ནི་བཅུ་གཉིས་པའོ། ། རེག་པ་དྲུག་དང་སྦྱར་བ་ནི་བཅུ་གསུམ་པའོ། །ཚོར་བའི་ཚོགས་དྲུག་དང་སྦྱར་བ་ནི་བཅུ་བཞི་པའོ། །ཁམས་དྲུག་དང་སྦྱར་བ་ནི་བཅོ་ལྔ་པའོ། །རྟེན་ཅིང་འབྲེལ་བར་འབྱུང་བ་དང་སྦྱར་བ་ནི་བཅུ་དྲུག་པའོ། །ཕ་རོལ་ཏུ་ཕྱིན་པ་དྲུག་དང་སྦྱར་བ་ནི་བཅུ་བདུན་པའོ། །སྟོང་པ་ ཉིད་ཐམས་ཅད་དང་སྦྱར་བ་ནི་བཅོ་བརྒྱད་པའོ། །བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང་སྦྱར་བ་ནི་བཅུ་དགུ་པའོ། །འཕགས་པའི་བདེན་པ་ནས་གཟུངས་ཀྱི་སྒོའི་བར་དང་སྦྱར་བ་ནི་ཉི་ཤུ་པའོ། །སྟོབས་བཅུ་ནས། མ་འདྲེས་པའི་བར་དང་སྦྱར་བ་ནི་ཉི་ཤུ་གཅིག་ པའོ། །རིགས་ཀྱི་སའི་ཆོས་ནས་བྱས་པ་རྟོགས་པའི་བར་དང་སྦྱར་བ་ནི་ཉི་ཤུ་གཉིས་པའོ། །རྒྱུན་དུ་ཞུགས་པ་ནས་དགྲ་བཅོམ་པའི་བར་གྱི་གང་ཟག་དང་སྦྱར་བ་ནི་ཉི་ཤུ་གསུམ་པའོ། །རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་སངས་རྒྱས་དང་སྦྱར་བ་ནི་ཉི་ཤུ་ བཞི་པའོ། །ཐེག་པ་གསུམ་དང་སྦྱར་བ་ནི་ཉི་ཤུ་ལྔ་པའོ། །མྱ་ངན་ལས་འདས་པའི་དཔེ་བསྟན་པ་ནི་འགྲེས་ཉི་ཤུ་རྩ་དྲུག་པ་སྟེ། དེ་དག་ནི་འགྲེས་ཉི་ཤུ་རྩ་དྲུག་གོ། །ཐེག་པ་འདི་ལ་འོང་བའམ། འགྲོ་བ་ཞེས་བྱ་བ་ཡང་མི་དམིགས་ཤིང་གནས་པ་ཞེས་བྱ་བ་ ཡང་མེད་དོ་ཞེས་བྱ་བ་ལ་སོགས་པས་ཚིག་བཞི་པ་བསྟན་ཏེ། རབ་འབྱོར་ཆོས་ཐམས་ཅད་ནི་དབྱེ་བ་མེད་པ་སྟེ། དེ་དག་གང་དུ་ཡང་འདོར་བ་མེད་དོ། །གང་ནས་ཀྱང་འོང་བ་མེད་དོ། །གར་ཡང་གནས་པ་མེད་དོ་ཞེས་བྱ་བ་ནི་མཐར་ཐུག་པའི་ཐེག་པ་ཆེན་པོའི་གནས་ སྐབས་ན་ཆོས་ཐམས་ཅད་དེ་བཞིན་ཉིད་ཙམ་དུ་ཟད་པའི་ཕྱིར། སྐྱེ་བ་དང་། འགག་པ་དང་། གནས་པ་མེད་པས་མི་གཡོ་བར་སྣང་ངོ་། །རང་བཞིན་དང་དེ་བཞིན་ཉིད་དང་ངོ་བོ་ཉིད་དང་ཞེས་བྱ་བ་ནི་མཐར་ཐུག་པའི་ཐེག་པ་ཆེན་པོའི་ས་ལ་ཆོས་ཀྱི་དབྱིངས་དེ་ཉིད་རང་བཞིན་ཉིད་ དང་། དེ་བཞིན་ཉིད་དང་། ངོ་བོ་ཉིད་དང་། མཚན་ཉིད་ཁོ་ནར་བཟུང་སྟེ། དེ་ཉིད་རང་བཞིན་ཡིན་གྱི་གཞན་མེད་དོ། །དེ་ཉིད་དེ་བཞིན་ཉིད་ཡིན་གྱི་གཞན་མ་ཡིན་ནོ། །དེ་ཉིད་ངོ་བོ་ཉིད་ཡིན་གྱི་གཞན་མ་ཡིན་ནོ། །དེ་ཉིད་མཚན་ཉིད་ཡིན་གྱི་གཞན་མ་ ཡིན་ཏེ། དེ་ལས་ཕྱེ་སྟེ་སྨོས་པ་ཙམ་དུ་ཟད་དོ། །དེ་ལ་མི་གཡོ་བའི་འགྲེས་ནི་དང་པོའོ། །དེ་ནས་ཕུང་པོ་རྣམས་དང་། སྐྱེ་མཆེད་རྣམས་དང་། རྣམ་པར་ཤེས་པ་རྣམས་དང་། རེག་པ་རྣམས་དང་། ཚོར་བ་རྣམས་དང་། ཁམས་དྲུག་དང་། རྟེན་ཅིང་འབྲེལ་པར་འབྱུང་བའི་ ཡན་ལག་རྣམས་དང་། ཕ་རོལ་ཏུ་ཕྱིན་པ་རྣམས་དང་། སྟོང་པ་ཉིད་ཐམས་ཅད་དང་། དྲན་པ་ཉེ་བར་གཞག་པ་ལ་སོགས་པ་མ་འདྲེས་པའི་མཐར་ཐུག་པ་རྣམས་དང་། དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་དང་། ཆོས་ཉིད་དང་། ཆོས་ ཀྱི་དབྱིངས་དང་། ཆོས་གནས་པ་ཉིད་དང་། ཆོས་སྐྱོན་མེད་པ་ཉིད་དང་། ཡང་དག་པའི་མཐའ་དང་། བསམ་གྱིས་མི་ཁྱབ་པའི་དབྱིངས་དང་། བྱང་ཆུབ་དང་། སངས་རྒྱས་དང་། འདུས་བྱས་དང་། འདུས་མ་བྱས་རྣམས་ཏེ། དེ་དག་དང་སྦྱར་བར་བྱའོ། །དེའི་འོག་ཏུ་ ཐེག་པ་དེ་ལ་སྔོན་གྱི་མཐའ་ཡང་མི་དམིགས། ཕྱི་མའི་མཐའ་ཡང་མི་དམིགས། དབུས་ཀྱང་མི་དམིགས་ཏེ། དེ་ནི་དུས་གསུམ་མཉམ་པ་ཉིད་ཀྱི་ཐེག་པ་སྟེ། དེ་བས་ན་ཐེག་པ་ཆེན་པོ་ཞེས་བྱའོ་ཞེས་བྱ་བའི་ཚིག་འདི་ལ། དེ་ནི་དུས་གསུམ་མཉམ་པ་ཉིད་ཀྱི་ཐེག་པ་ཞེས་པ་ ཞེས་བྱ་བའི་ཚིག་བཟུང་སྟེ། དུས་ཞེས་བྱ་བ་དང་། གསུམ་ཞེས་བྱ་བ་དང་། མཉམ་པ་ཞེས་བྱ་བ་དང་། ཐེག་པ་ཞེས་བྱ་བ་སོ་སོར་སྨོས་ནས། འདས་པའི་དུས་ཀྱང་འདས་པའི་དུས་ཀྱིས་སྟོང་ངོ་ཞེས་བྱ་བ་ལ་སོགས་པས་ནི་དུས་སེལ་ལོ། །དུས་གསུམ་མཉམ་པ་ཉིད་ཀྱང་དུས་ གསུམ་མཉམ་པ་ཉིད་ཀྱིས་སྟོང་ངོ་ཞེས་བྱ་བ་ནི་མཉམ་པ་ཞེས་བྱ་བས་སེལ་ཏོ། །ཐེག་པ་ཆེན་པོ་ཡང་ཐེག་པ་ཆེན་པོས་སྟོང་ངོ་ཞེས་བྱ་བས་ནི་ཐེག་པ་སེལ་ཏོ། །བྱང་ཆུབ་སེམས་དཔའ་ཡང་བྱང་ཆུབ་སེམས་དཔས་སྟོང་ངོ་ཞེས་བྱ་བས་ནི། སྐབས་ནས་སྨོས་པའི་བྱང་ཆུབ་ སེམས་དཔས་སེལ་ཏོ། །རབ་འབྱོར་སྟོང་པ་ཉིད་ལ་གཅིག་ཅེས་བྱ་བ་མེད་དོ། །གཉིས་སམ་གསུམ་མམ་ཞེས་བྱ་བ་ནས། བཅུ་ཞེས་བྱ་བའི་བར་དུ་མེད་དོ་ཞེས་བྱ་བས་ནི་གྲངས་ཀྱི་ཚིག་སེལ་ཏོ། །དེ་བས་ན་འདི་ནི་དུས་གསུམ་མཉམ་པ་ཉིད་ཀྱི་ཐེག་པའོ་ཞེས་བྱ་བས་མཇུག་ བསྡུས་ཏེ་བསྟན་པ་ཅི་ལས་དགོངས་ཤེ་ན། དུས་གསུམ་མཉམ་པ་ཉིད་ཀྱི་ཐེག་པ་ཞེས་བྱ་བ་ནི་མཐར་ཐུག་པའི་ཐེག་པ་ཆེན་པོ་ལ་བྱའོ། །ཐེག་པ་ཆེན་པོ་ཡང་ཐ་དད་དུ་བྱ་བ་ཐམས་ཅད་དང་བྲལ་བས། གཅིག་པུའི་བདག་ཉིད་དེ། དེ་ལ་ནི་དུས་ཞེས་བྱ་བ་དང་། དུས་མཉམ་ པ་ཉིད་ཅེས་བྱ་བ་དང་། ཐེག་པ་ཆེན་པོ་ཞེས་བྱ་བ་དང་། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ཐམས་ཅད་སྟོང་པ་ཉིད་ཙམ་དུ་ཟད་པའི་ཐེག་པའོ། །སྟོང་པ་ཉིད་ཙམ་དུ་ཟད་པ་དེ་ལ་ནི་ཀུན་བརྟགས་པའི་ཆོས་དེ་དག་མེད་པའི་ཕྱིར་ཐམས་ཅད་སེལ་ཏོ། །དེ་ལྟར་བསྩལ་ནས་ ཀྱང་ཐམས་ཅད་གཅིག་གི་བདག་ཉིད་དུ་འགྱུར་བའི་ཕྱིར། དེ་བས་ན་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་དུས་གསུམ་མཉམ་པ་ཉིད་ཀྱི་ཐེག་པ་སྟེ་ཞེས་བྱ་བ་ཐམས་ཅད་ཀྱི་མཇུག་བསྡུས་སོ། །དེ་ལྟར་མདོར་བསྡུས་ཏེ་བསྟན་ནས། ཐེག་པ་ཆེན་པོ་ འདི་ལ་མཉམ་པ་དང་། མི་མཉམ་པ་ནི་མི་དམིགས་སོ་ཞེས་བྱ་བ་ལ་སོགས་པས་སྤྲོས་ཏེ་ཡན་ལག་ཐམས་ཅད་སེལ་ཏོ། །མཉམ་པ་དང་མི་མཉམ་པ་ཉིད་ཐ་དད་པའོ། །འདོད་ཆགས་དང་འདོད་ཆགས་བྲལ་བ་ཡང་མི་དམིགས་སོ་ཞེས་བྱ་བ་ལ་སོགས་པ་ལ། འདོད་ ཆགས་ནི་མི་མཉམ་པའོ། །འདོད་ཆགས་དང་བྲལ་བ་ནི་མཉམ་པའོ་ཞེས་བྱ་བར་སྦྱར་རོ། །དེ་ལྟར་ཆོས་ཐམས་ཅད་གཉིས་ཀྱི་ངོ་བོར་མེད་པར་བསྟན་ནས། རབ་འབྱོར་འདས་པའི་གཟུགས་ནི་འདས་པའི་གཟུགས་ཀྱིས་སྟོང་ངོ་ཞེས་བྱ་བ་ལ་སོགས་པས། ཡང་སོ་སོའི་མིང་ སྨོས་ཏེ་མེད་པར་བསྟན་ཏོ། །སྟོང་པ་ཉིད་ཀྱང་སྟོང་པ་ཉིད་ཀྱིས་སྟོང་པས་དམིགས་སུ་མེད་ན། སྟོང་པ་ཉིད་ལ་འདས་པའི་གཟུགས་དམིགས་པར་ལྟ་ག་ལ་འགྱུར་ཞེས་བྱ་བ་ལ་གཟུགས་སྟོང་པ་ཞེས་བྱ་བ་ནི་གང་གི་ཚེ་གཟུགས་དང་འབྲེལ་བའི་སྟོང་པ་ཉིད་སྨོས་པ་དེའི་ཚེ་སྟོང་པ་ དེ་ཉིད་ཀྱང་ཀུན་བརྟགས་པ་ཡིན་པའི་ཕྱིར་ཡོད་པ་མ་ཡིན་ན་སྟོང་པ་ཉིད་དེ་ལ་གཟུགས་ཡོད་པར་གཟུགས་ལ་འགྱུར་ཞེས་བྱ་བའི་ཐ་ཚིག་གོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་ཆོས་རྣམས་ཀྱང་། དུས་གསུམ་མཉམ་པ་ཉིད་ལ་མི་དམིགས་པར་བསྟན་ ནས། མཉམ་པ་ཉིད་ཀྱང་མཉམ་པ་ཉིད་ལ་མི་དམིགས་ན་ཞེས་བྱ་བ་ཅི་ལས་དགོངས་ཤེ་ན། མཐར་ཐུག་པའི་ཐེག་པ་ཆེན་པོའི་ས་ལ་ནི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ཆོས་ཐམས་ཅད་རྣམ་པར་སྨིན་པའི་བདག་ཉིད་དུ་གྱུར་ནས། སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ཀྱི་རྗེས་སུ་ཞུགས་ཏེ། དེ་བས་ན་དེ་ལ་དུས་གསུམ་མཉམ་པ་ཉིད་ཅེས་བྱ་བ་ཡང་མེད་ལ། དུས་གསུམ་དུ་གཏོགས་པའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ཡང་མེད་དོ། །དེའི་ཕྱིར། མཉམ་པ་ཉིད་ལ་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དམིགས་པར་ ག་ལ་འགྱུར་ཞེས་བྱ་བ་གསུངས་སོ། །དེ་བཞིན་དུ་ཐམས་ཅད་ལ་ཡང་སྦྱར་བར་བྱའོ། །འགྲེས་ནི་དུས་གསུམ་མཉམ་པ་ཉིད་བསྩལ་བའི་འགྲེས་དང་། ཆོས་ཐམས་ཅད་གཉིས་ཀྱི་སྒོ་ནས་བསྩལ་བའི་འགྲེས་དང་། ཕུང་པོ་ལྔའི་ཆོས་རྣམས་ལ་དུས་གསུམ་བསྩལ་བའི་འགྲེས་ དང་། སྟོང་པ་ཉིད་ལ་དུས་གསུམ་དུ་གཏོགས་པའི་ཕུང་པོ་ལྔའི་ཆོས་རྣམས་བསྩལ་བའི་འགྲེས་དང་། དུས་གསུམ་མཉམ་པ་ཉིད་ལ་ཕ་རོལ་ཏུ་ཕྱིན་པ་དྲུག་བསྩལ་བའི་འགྲེས་དང་། དེ་དག་ལ་སྟོང་པ་ཉིད་བསྩལ་བའི་འགྲེས་དང་། དེ་དག་ཉིད་ལ་དྲན་པ་ཉེ་བར་གཞག་པ་ ལ་སོགས་པ་མ་འདྲེས་པའི་མཐར་ཐུག་པའི་བར་དག་བསྩལ་བའི་འགྲེས་དང་། སོ་སོ་སྐྱེ་བོ་བསྩལ་བའི་འགྲེས་དང་། ཉན་ཐོས་དང་། རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་། དེ་བཞིན་གཤེགས་པ་བསྩལ་བའི་འགྲེས་རྣམས་སུ་ཤེས་པར་བྱའོ། ། དེ་བས་ན་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཐེག་པ་ཆེན་པོ་ཞེས་བྱའོ་ཞེས་བྱ་བ་ནི་ཆེན་པོ་རྣམས་ཀྱི་ཐེག་པ་ཡིན་པས་ཐེག་པ་ཆེན་པོ་ཞེས་བྱ་བར་ངེས་པའི་ཚིག་གིས་བསྟན་ཏོ། །བཅོམ་ལྡན་འདས་གནས་བརྟན་རབ་འབྱོར་འདི་ནི་ཤེས་རབ་ ཀྱི་ཕ་རོལ་ཏུ་ཕྱིན་པའི་སླད་དུ་བསྒོ་བ་མཛད་པས་འདི་ནི་ཐེག་པ་ཆེན་པོ་བསྟན་པར་སེམས་སོ་ཞེས་བྱ་བ་ནི་གནས་བརྟན་གང་པོས་འོག་ནས་བཤད་པའི་སྐབས་དབྱེ་བའི་ཕྱིར་གསོལ་པའོ། །སྔར་གདམས་པ་དང་། རྗེས་སུ་བསྟན་པ་བཤད་པ་རྩོམ་པ་ལས་བཅོམ་ལྡན་འདས་ཀྱིས་ རབ་འབྱོར་ཁྱོད་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩམས་ཏེ། ཅི་ནས་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ངེས་པར་འབྱུང་བར་འགྱུར་བར་སྤོབས་པར་གྱིས་ཤིག་ཅེས་ཤེས་རབ་ ཀྱི་ཕ་རོལ་ཏུ་ཕྱིན་པའི་ཕྱིར་བསྐོས་ལ། ད་ལྟར་ནི་ཐེག་པ་ཆེན་པོ་བཤད་པ་བྱས་པ་ལས་ཞུས་པ་ནི་དེའི་སྒོ་ནས་འོག་ནས་བཤད་པའི་ལམ་འདོད་དོ། །བཅོམ་ལྡན་འདས་བདག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་འགལ་བར་ཐེག་པ་ཆེན་པོ་བསྟན་པའམ་གཅིག་ཏུ་མ་གྱུར་ ལགས་གྲང་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ཐེག་པ་ཆེན་པོ་གཉིས་ཐ་མི་དད་པའི་ཕྱིར། ཐེག་པ་ཆེན་པོ་བསྟན་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་བསྟན་པ་ཡིན་པར་དགོངས་པ་སྟེ། ཐེག་པ་ཆེན་པོ་བསྟན་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པར་ འགྱུར་རོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པས་ཐེག་པ་ཆེན་པོ་བསྟན་པར་འགྱུར་རོ་ཞེས་ཐ་མའི་ཚིག་བསྟན་ཏོ། །བཅོམ་ལྡན་འདས་འདི་ལྟར་ཡང་བྱང་ཆུབ་སེམས་དཔའ་ནི་སྔོན་གྱི་མཐར་མི་དམིགས་སོ་ཞེས་བྱ་བ་ལ་སོགས་པ་ཚིག་བཅུས། འོག་ནས་བཤད་པའི་ས་བོན་ གྱི་ཚིག་རྣམས་བསྟན་ཏོ། །དེ་ལ་བྱང་ཆུབ་སེམས་དཔའ་ནི་སྔོན་གྱི་མཐར་མི་དམིགས་སོ་ཞེས་བྱ་བ་ལ་སོགས་པས་ནི་བྱང་ཆུབ་སེམས་དཔའ་སྔོན་བྱུང་བ་དང་། ཕྱིས་འབྱུང་བ་དང་། ད་ལྟར་ཡང་ཡོད་དོ་ཞེས་དུས་གསུམ་ལ་བྱང་ཆུབ་སེམས་དཔའ་མི་དམིགས་པར་བསྟན་ཏོ། ། གང་གི་ཕྱིར་མཐའ་གསུམ་པོ་འདི་དག་ལ་བྱང་ཆུབ་སེམས་དཔའ་མི་དམིགས་པ་དེའི་ཕྱིར་མཐའ་མེད་པས་བྱང་ཆུབ་སེམས་དཔའ་ལ་མཐའ་ཐུག་པ་མེད་པར་བསྟན་ནས། དེའི་འོག་ཏུ་བཅོམ་ལྡན་འདས་གཟུགས་ཀུན་དུ་མཐའ་ཡས་པའི་སླད་དུ་བྱང་ཆུབ་སེམས་དཔའ་ཀུན་དུ་ མཐའ་ཡས་པར་རིག་པར་བགྱིའོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གཟུགས་ལ་སོགས་པའི་ཆོས་ཐམས་ཅད་ལ་མཐའ་གསུམ་མེད་པས་ཀུན་དུ་མཐའ་ཡས་པ་ཉིད་དེ། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་ཀུན་དུ་མཐའ་ཡས་པར་རིག་པར་བྱའོ། ། ཞེས་བྱ་བའི་ཐ་ཚིག་གོ། །གལ་ཏེ་གཟུགས་ལ་སོགས་པ་ཀུན་དུ་མཐའ་ཡས་པར་བྱང་ཆུབ་སེམས་དཔའ་ཀུན་དུ་མཐའ་ཡས་པ་ཞེས་བྱ་ན། འོ་ན་ནི་གཟུགས་ལ་སོགས་པ་བྱང་ཆུབ་སེམས་དཔར་འགྱུར་རོ་སྙམ་པ་ལ། གཟུགས་བྱང་ཆུབ་སེམས་དཔའ་ཞེས་བགྱི་བ་དེ་ལྟ་བུ་ ཡང་མ་མཆིས། མི་དམིགས་སོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་ལྟར་དུས་གསུམ་ལ་བྱང་ཆུབ་སེམས་དཔའ་མི་དམིགས་པས་གཟུགས་ལ་སོགས་པ་ལ་ཡང་བྱང་ཆུབ་སེམས་དཔའ་ངོ་བོར་མི་དམིགས་པའི་ཕྱིར་བྱང་ཆུབ་སེམས་དཔའ་དམིགས་སུ་མེད་དོ། །དེ་མི་དམིགས་ པས་གདམས་པ་དང་། རྗེས་སུ་བསྟན་པ་གཉིས་ཀྱང་མེད་དོ། །བཅོམ་ལྡན་འདས་དེ་ལྟར་བདག་གིས་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐམས་ཅད་རྣམ་པ་ཐམས་ཅད་ཀྱི་ཐམས་ཅད་དུ་མ་དམིགས་ན་ཞེས་བྱ་བ་ལ་སོགས་པས་སྔར་བསྟན་པའི་དོན་ཉིད་བསྟན་ཏོ། །བཅོམ་ ལྡན་འདས་འདི་ལྟར་བྱང་ཆུབ་སེམས་དཔའ་ཞེས་བགྱི་བ་འདི་ནི་མིང་ཙམ་དུ་བས་སོ་ཞེས་བྱ་བས་ནི་དེ་ལྟར་དམིགས་སུ་མེད་པའི་ཕྱིར་བྱང་ཆུབ་སེམས་དཔའ་ཀུན་བརྟགས་པ་ཙམ་དུ་ཟད་པར་སྟོན་ཏོ། །དེ་ལྟར་བྱང་ཆུབ་སེམས་དཔའ་དོན་དམ་པར་མེད་པར་བསྟན་ནས་དཔེ་བསྟན་པའི་ ཕྱིར། བཅོམ་ལྡན་འདས་འདི་ལྟ་སྟེ་དཔེར་ན་བདག་བདག་ཅེས་བགྱི་བ་ཡང་། བདག་ནི་ཤིན་ཏུ་མངོན་པར་གྲུབ་པ་མ་མཆིས་པའོ་ཞེས་གསུངས་སོ། །དེ་ལྟར་བསྟན་ནས་དེའི་འོག་ཏུ་གཟུགས་ལ་སོགས་པ་མངོན་པར་འགྲུབ་པའི་མཚན་ཉིད་དང་། མངོན་པར་འགྲུབ་པ་ མེད་པའི་མཚན་ཉིད་དེ་གཉི་ག་ཡང་མེད་པར་བསྟན་ཏེ། དེ་ལ་མངོན་པར་འགྲུབ་པའི་མཚན་ཉིད་མེད་པ་ནི་བཅོམ་ལྡན་འདས་དེ་ལྟར་རང་བཞིན་དངོས་པོ་མ་མཆིས་པའི་ཆོས་རྣམས་ལ་གང་མངོན་པར་འགྲུབ་པའི་གཟུགས་དེ་གང་ལགས་ཞེས་བྱ་བ་ལ་སོགས་པ་གསུངས་པ་སྟེ། གཟུགས་ལ་སོགས་པ་ནི་སྒྱུ་མ་ལྟ་བུ་ཡིན་པས་དངོས་པོ་མེད་པའི་ངོ་བོ་ཉིད་དང་། མ་སྐྱེས་པའི་ཕྱིར་མངོན་པར་འགྲུབ་པའི་མཚན་ཉིད་མེད་དོ། །དེའི་འོག་ཏུ་མངོན་པར་འགྲུབ་པ་མེད་པའི་མཚན་ཉིད་མེད་པ་བསྟན་པའི་ཕྱིར། གང་མངོན་པར་གྲུབ་པ་དེ་ནི་གཟུགས་མ་ལགས་ ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། མངོན་པར་འགྲུབ་པ་མེད་པའི་མཚན་ཉིད་ནི་ཡོངས་སུ་གྲུབ་པའི་མཚན་ཉིད་ཡིན་གྱི། ཀུན་བརྟགས་པའི་གཟུགས་ལ་སོགས་པ་ནི་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟར་ཀུན་བརྟགས་པའི་བྱང་ཆུབ་སེམས་དཔའ་མེད་པའི་ ཕྱིར་གདམས་པའི་འོས་མ་ཡིན་པར་བསྟན་ནས། ད་ནི་དོན་དམ་པའི་ཆོས་ཉིད་ཀྱི་བྱང་ཆུབ་སེམས་དཔའི་དབང་དུ་བྱས་ཏེ། བཅོམ་ལྡན་འདས་མངོན་པར་མ་གྲུབ་པ་ལས་གུད་ན་བྱང་ཆུབ་ཀྱི་སླད་དུ་སྤྱོད་པར་འགྱུར་བའི་བྱང་ཆུབ་སེམས་དཔའ་དམིགས་སུ་མ་མཆིས་ན། མངོན་ པར་མ་གྲུབ་པ་མངོན་པར་གྲུབ་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གདམས་ཤིང་རྗེས་སུ་བསྟན་པར་བགྱིའམ་ཞེས་བྱ་བ་གསོལ་ཏེ། དོན་དམ་པའི་བྱང་ཆུབ་སེམས་དཔའ་ནི་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད་ཡིན་པས་མངོན་པར་མ་གྲུབ་པའི་མཚན་ཉིད་ཡིན་ཏེ། དེ་ཡང་སྤྲོས་པ་ ཐམས་ཅད་ལས་འདས་པའི་ཕྱིར་གདམས་པ་དང་རྗེས་སུ་བསྟན་པའི་འོས་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟར་དོན་དམ་པའི་བྱང་ཆུབ་སེམས་དཔའ་བསྟན་ནས། གལ་ཏེ་དེ་ལྟར་བསྟན་པའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཞུམ་པར་མི་འགྱུར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པར་རིག་པར་བགྱིའོ་ཞེས་བྱ་བས་ནི་དོན་དམ་པའི་སྤྱོད་པ་བསྟན་ཏོ། །འདི་མན་ཆད་ནི་སྔར་གླེངས་པ་ཉི་ཤུ་རྩ་དགུ་བཞག་པའི་ནང་ནས། རབ་འབྱོར་ཁྱོད་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་རྗེས་ སུ་མཐུན་པར་ཐེག་པ་ཆེན་པོ་སྟོན་ཏོ་ཞེས་བྱ་བ་ནས་བཟུང་སྟེ། གཏན་ལ་དབབ་པའི་ཚིག་བཅུ་གཉིས་བཀོད་པ་གང་ཡིན་པ་དེ་དག་ད་བསྟན་པར་བྱའོ། །བསྟན་ནས་ཀྱང་བཤད་པར་བྱའོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་སེམས་ཅན་མེད་པའི་ཕྱིར་བྱང་ཆུབ་སེམས་དཔའ་སྔོན་ གྱི་མཐའ་དང་། ཕྱི་མའི་མཐའ་དང་། དབུས་ཀྱི་མཐར་མི་དམིགས་སོ་ཞེས་བྱ་བ་ནི་གང་ཟག་ལ་བདག་མེད་པའི་ཕྱིར་ཏེ། བྱང་ཆུབ་སེམས་དཔའ་འདས་པའི་དུས་ན་བྱུང་ངོ་། །བྱང་ཆུབ་སེམས་དཔའ་མ་འོངས་པ་ན་འབྱུང་བར་འགྱུར་རོ། །བྱང་ ཆུབ་སེམས་དཔའ་ད་ལྟར་བྱུང་བ་ན་ཡོད་དོ་ཞེས་བྱ་བ་དུས་གསུམ་དུ་ཉེ་བར་འགྲོ་བ་མེད་དོ་ཞེས་བྱ་བ་བསྟན་ཏོ། །དེའི་འོག་ཏུ་གཟུགས་མེད་པའི་ཕྱིར་ཞེས་བྱ་བ་ལ་སོགས་པས་ནི་ཆོས་ལ་བདག་མེད་པ་བསྟན་ཏོ། །འདི་དག་ཐམས་ཅད་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་དོ་ ཞེས་བྱ་བ་ནི་ཐམས་ཅད་ཡོངས་སུ་གྲུབ་པའི་མཚན་ཉིད་དུ་ཐམས་ཅད་གཅིག་པར་དགོངས་པའོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་དེ་བཞིན་ཉིད་མེད་པའི་ཕྱིར་བྱང་ཆུབ་སེམས་དཔའ་སྔོན་གྱི་མཐར་མི་དམིགས་སོ་ཞེས་བྱ་བ་ལ་སོགས་པ་ནི་དུས་གསུམ་གྱི་དེ་བཞིན་ཉིད་དང་། བྱང་ ཆུབ་སེམས་དཔའི་དེ་བཞིན་ཉིད་ཀུན་བརྟགས་པ་ཡིན་པའི་ཕྱིར་མེད་པའོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་ཅིའི་ཕྱིར་གཟུགས་ཀུན་དུ་མཐའ་ཡས་པའི་ཕྱིར་བྱང་ཆུབ་སེམས་དཔའ་ཀུན་དུ་མཐའ་ཡས་པར་རིག་པར་བྱ་ཞེས་བྱ་བ་ལ་སོགས་པས་ནི་ཚིག་གཉིས་པ་བསྟན་ཏེ། ཀུན་དུ་ མཐའ་ཡས་པ་དེ་དག་གི་སྔོན་གྱི་མཐའ་ལ་སོགས་པ་མེད་པའི་ཕྱིར་རོ། །ཚིག་གསུམ་པ་ལས། ཚེ་དང་ལྡན་པ་ཤཱ་རིའི་བུ་གཟུགས་ནི་གཟུགས་ཀྱིས་སྟོང་ཞེས་བྱ་བ་ནི་ཡོངས་སུ་གྲུབ་པ་ཆོས་ཉིད་ཀྱི་གཟུགས་ནི་ཀུན་བརྟགས་པའི་གཟུགས་ཀྱིས་སྟོང་ངོ་ཞེས་བྱ་བའི་ཐ་ཚིག་གོ། ། དེ་བས་ན་སྟོང་པ་ཉིད་ལ་གཟུགས་མེད་ཅེས་བྱ་བ་གསུངས་ཏེ། གཟུགས་ཀྱི་སྟོང་པ་ཉིད་ལ་ཀུན་བརྟགས་པའི་གཟུགས་མེད་ཅེས་བྱ་བའི་ཐ་ཚིག་གོ། །ཚིག་བཞི་པ་ལ། གཟུགས་ནི་གཟུགས་ལ་མི་དམིགས། གཟུགས་ནི་ཚོར་བ་ལ་མི་དམིགས་ཞེས་བྱ་བ་ལ་སོགས་ པས་རང་གི་དངོས་པོ་དང་། གཞན་གྱི་དངོས་པོ་ལ་བཙལ་ན་ཆོས་ཐམས་ཅད་མི་དམིགས་པར་བསྟན་པ་སྟེ། འདིས་ནི་ཐམས་ཅད་ཀྱི་ཐམས་ཅད་རྣམ་པ་ཐམས་ཅད་དུ་ཞེས་བྱ་བ་བཤད་པ་ཡིན་ནོ། །ཚིག་ལྔ་པ་ལ་འདི་ལྟར་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་ནི་གློ་བུར་དུ་ མིང་དུ་བཏགས་པ་ཞེས་བྱ་བ་ལ། བྱང་ཆུབ་སེམས་དཔའ་ནི་དོན་དམ་པ་སྟོང་པ་ཉིད་ཀྱི་རང་བཞིན་ཡིན་ན་ཀུན་རྫོབ་ཏུ་དེ་ལ་ཐ་སྙད་དུ་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་ཞེས་བྱ་བའི་མིང་གློ་བུར་དུ་བཏགས་པ་སྟེ། གློ་བུར་ཞེས་པ་ནི་ངོ་བོ་ཉིད་དུ་ཡོད་པ་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། ། འདི་ལྟར་ཆོས་ཐམས་ཅད་ཀྱི་མིང་ལྟར་ཕྱོགས་བཅུ་གང་ནས་ཀྱང་མི་འོང་གང་དུ་ཡང་མི་འགྲོ་ཞེས་བྱ་བས་ནི་ཡོད་པ་མ་ཡིན་པ་ཉིད་སྟོན་ཏོ། །ཡང་དག་པར་སྐྱེ་བའི་དུས་ན་ཡང་གང་ནས་ཀྱང་མི་འོང་ལ། འགག་པའི་དུས་ན་ཡང་གང་དུ་ཡང་མི་འགྲོའོ། །བྱང་ཆུབ་སེམས་ དཔའི་མིང་འབའ་ཞིག་དེ་ལྟ་ཡིན་པར་མ་ཟད་ཀྱི། ཆོས་ཐམས་ཅད་ཀྱི་མིང་ཡང་འོང་བ་དང་འགྲོ་བ་མེད་པས་མེད་པར་བསྟན་ནས། དེ་བཞིན་དུ་བྱང་ཆུབ་སེམས་དཔའི་མིང་ཡང་གང་ནས་ཀྱང་མི་འོང་གང་དུ་ཡང་མི་འགྲོའོ་ཞེས་བྱ་བས་མཇུག་བསྡུས་ཏེ། ཆོས་ཐམས་ཅད་ཀྱི་མིང་ དང་། བྱང་ཆུབ་སེམས་དཔའ་དང་། བྱང་ཆུབ་སེམས་དཔའི་མིང་ཡང་མེད་དོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟར་མིང་མེད་པར་བསྟན་ནས། འདི་ལྟར་གཟུགས་ཞེས་བྱ་བ་དང་། ཚོར་བ་ཞེས་བྱ་བ་དང་། འདུ་ཤེས་ཞེས་བྱ་བ་དང་། འདུ་བྱེད་ཅེས་བྱ་བ་དང་། རྣམ་པར་ ཤེས་པ་ཞེས་བྱ་བ་འདི་དག་ནི་མིང་དུ་བཏགས་པ་ཙམ་དུ་ཟད་དོ་ཞེས་བྱ་བ་ལ་སོགས་པས་ཀུན་བརྟགས་པའི་ཆོས་ཐམས་ཅད་མིང་དུ་ཟད་པར་བསྟན་ཏོ། །དེའི་འོག་ཏུ་འདི་ལྟར་ག