Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 93
Văn bản gốc(Tây Tạng)
Trang 11 / 20 (50.000 ký tự/trang)
ཟུགས་ཞེས་བྱ་བའི་མིང་དུ་བཏགས་པ་གང་ཡིན་པ་དེ་ནི་གཟུགས་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པས་ ནི་ཆོས་ཉིད་ཀྱི་གཟུགས་ལ་སོགས་པ་དང་། མིང་དག་ཐ་དད་པ་མ་ཡིན་པར་བསྟན་ཏེ། གཟུགས་ཞེས་བྱ་བའི་མིང་ཀུན་བརྟགས་པ་གང་ཡིན་པ་དེ་ནི་དོན་དམ་པའི་གཟུགས་ཞེས་བྱ་བའི་ཐ་ཚིག་གོ། །དེ་སྐད་བསྟན་ནས་དེའི་འོག་ཏུ་འདི་ལྟར་མིང་ནི་མིང་གི་ངོ་བོ་ཉིད་ཀྱིས་སྟོང་སྟེ། སྟོང་པ་གང་ཡིན་པ་དེ་ནི་མིང་མ་ཡིན་ནོ་ཞེས་བྱ་བས་མིང་དང་། སྟོང་པ་གཉིས་ཐ་དད་པའི་གཏན་ཚིགས་བསྟན་ཏེ་ཀུན་བརྟགས་པའི་མིང་གང་ཡིན་པ་དེ་ནི་མིང་གི་ངོ་བོ་ཉིད་ཀྱིས་སྟོང་ལ། དེའི་སྟོང་པ་ཉིད་གང་ཡིན་པ་དེ་ནི་མིང་གི་ངོ་བོ་ཉིད་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟར་མིང་ ཡོད་པ་མ་ཡིན་པ་དང་། དོན་དམ་པའི་ཆོས་རྣམས་ཡོད་པའི་ཕྱིར་ཆོས་དེ་དག་མིང་གི་རང་བཞིན་ནོ། །དེ་བས་ན་དོན་དམ་པའི་བྱང་ཆུབ་སེམས་དཔའ་ཡང་མིང་གི་ངོ་བོ་ཉིད་མ་ཡིན་ནོ། །དེ་བས་ན་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་གློ་བུར་དུ་བཏགས་པ་ཡིན་ པར་བསྟན་པའི་ཕྱིར། དེའི་ཕྱིར་འདི་ལྟ་སྟེ་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་ནི་མིང་ཙམ་མོ་ཞེས་བྱ་བ་གསུངས་སོ། །དེ་བཞིན་དུ་ཁམས་དང་། སྐྱེ་མཆེད་དང་། རྟེན་ཅིང་འབྲེལ་བར་འབྱུང་བ་རྣམས་ལ་ཡང་མཐུན་པར་བསྒྲེ་བར་བྱའོ། །ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ལ་ ནི་ཐ་དད་དེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་མིང་མེད་མིང་ལ་ཡང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་མེད་དོ་ཞེས་བྱ་བ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ཡང་ཀུན་བརྟགས་པ་ཉིད་ཡིན་ལ། མིང་ཡང་ཀུན་བརྟགས་པ་ཉིད་དོ། །དེ་ལ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་ མིང་གནས་པ་ཡང་མ་ཡིན་མིང་ལ་ཡང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་གནས་པ་མ་ཡིན་ཏེ། གཉི་ག་ཡང་སྒྱུ་མ་དང་མཚུངས་པས་དངོས་པོ་མེད་པའི་ཕྱིར་རོ། །དེ་བས་ན་འདི་ལྟར་མིང་གང་ཡིན་པ་དང་། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དེ་གཉི་ག་ཡང་མེད་ཅིང་། མི་ དམིགས་ཞེས་བྱ་བ་གསུངས་ཏེ། དེ་བཞིན་དུ་ཐམས་ཅད་ལ་ཡང་སྦྱར་བར་བྱའོ། །ཚིག་དྲུག་པ་ལ། ཚེ་དང་ལྡན་པ་ཤཱ་རིའི་བུ་འདི་ལྟར་བདག་ཤིན་ཏུ་མེད་པས་མི་དམིགས་ན། དེ་མངོན་པར་གྲུབ་པར་འགྱུར་བ་ལྟ་ག་ལ་ཡོད་ཅེས་བྱ་བ་ལ་སོགས་པས་བདག་ལ་སོགས་ པ་གང་ཟག་རྣམས་དང་། གཟུགས་ལ་སོགས་པ་ཆོས་རྣམས་ཤིན་ཏུ་མེད་ལ། ཡོད་པ་མ་ཡིན་ན་མངོན་པར་འགྲུབ་པ་དང་། འབྱུང་བར་འགྱུར་བ་ལྟ་ག་ལ་ཡོད་དེ། དེ་བས་ན་ཆོས་ཐམས་ཅད་མངོན་པར་འགྲུབ་པ་ཤིན་ཏུ་མེད་པའི་མཚན་ཉིད་དུ་བསྟན་ཏོ། །མངོན་ པར་འགྲུབ་པ་མེད་པ་ཞེས་བྱ་བ་ནི་སྟོང་པ་ཉིད་ལ་བྱའོ། །ཚིག་བདུན་པ་ལས་བྱུང་བའི་ངོ་བོ་ཉིད་མེད་དོ་ཞེས་བྱ་བ་ནི་རང་གི་ངོ་བོ་ལ་ངོ་བོ་ཉིད་ཅེས་བྱ་སྟེ། རང་གི་གང་ཡིན་པ་དེ་ཉིད་ངོ་བོ་ཉིད་ཅེས་བྱ་བར་འགྱུར་གྱི། གཞན་གྱི་ནི་མ་ཡིན་ནོ། །གཟུགས་ལ་སོགས་པའི་ཆོས་ ཐམས་ཅད་ནི་བརྟེན་ནས་འབྱུང་གི། མ་བརྟེན་པར་ནི་མ་ཡིན་ནོ། །གང་ཟག་གཞན་ལས་བརྟེན་ཏེ་འབྱུང་བ་དེ་དག་ནི་གཞན་གྱི་ཉིད་ཡིན་གྱི། རང་གི་ནི་མ་ཡིན་ནོ། །དེ་བས་ན། ཆོས་ཐམས་ཅད་ནི་དངོས་པོ་མེད་པའི་ངོ་བོ་ཉིད་ཡིན་པས། ངོ་བོ་ཉིད་མེད་པ་ཞེས་བྱའོ། །དེའི་ཕྱིར་ གཟུགས་ལ་སོགས་པ་ཀུན་བརྟགས་པ་རྣམས་ནུས་པར་འགྱུར་བའི་སྟོང་པ་ཉིད་གང་ཡིན་པ་དེ། རྟེན་ཅིང་འབྲེལ་པར་འབྱུང་བ་མ་ཡིན་ཞིང་། གཞན་ལ་ལྟོས་པ་མ་ཡིན་པས་དེ་ཉིད་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་དུ་རིགས་སོ། །དེ་བས་ན་འདུས་པ་ལས་བྱུང་བའི་ངོ་བོ་ཉིད་མེད་དོ་ ཞེས་བཤད་དེ། འདུས་པ་ལས་བྱུང་བ་ནི་ངོ་བོ་ཉིད་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །འདུས་ནས་འབྱུང་བས་ན་འདུས་པ་ལས་འབྱུང་བ་ཞེས་བྱ་སྟེ། རྒྱུ་དང་རྐྱེན་ཚོགས་པ་ལས་འབྱུང་ཞེས་པའི་ཐ་ཚིག་གོ། །དེ་ལ་འགྲེས་རྣམ་པ་གསུམ་དུ་བསྟན་ཏེ། འདུས་པ་ལས་བྱུང་ བའི་ཕྱིར་ངོ་བོ་ཉིད་མེད་དོ་ཞེས་བྱ་བ་ནི་གཅིག་གོ། །མི་རྟག་པ་ལ་སོགས་པ་ཡིན་པའི་ཕྱིར་ངོ་བོ་ཉིད་མེད་དོ་ཞེས་བྱ་བ་ཡང་གཅིག་གོ། །ཐེར་ཟུག་ཏུ་གནས་པ་མ་ཡིན་ཞིང་རྣམ་པར་འཇིག་པ་མ་ཡིན་པའི་ཕྱིར་ངོ་བོ་ཉིད་མེད་དོ་ཞེས་བྱ་བ་ཡང་གཅིག་གོ། །ཆོས་ཐམས་ཅད་ནི་མི་རྟག་ པ་སྟེ་གང་དང་ཡང་བྲལ་བས་མ་ཡིན་ནོ་ཞེས་བྱ་བ་ལ། ཉན་ཐོས་ཀྱི་ཐེག་པའི་ཚུལ་གྱིས་ནི་མི་རྟག་པ་ཞེས་བྱ་བ་ཆོས་སྐྱེས་པ་གྱེས་པ་དང་ཞིག་པ་ལ་བྱའོ། །འདིར་ནི་མི་རྟག་པའི་མཚན་ཉིད་དེ་ལྟ་མ་ཡིན་པར་སྟོན་ཏེ། གང་དང་ཡང་བྲལ་བས་མ་ཡིན་ནོ་ཞེས་བྱ་བ་ནི་ཐེག་པ་ ཆེན་པོ་འདི་ལ་མི་རྟག་པའི་དོན་ནི་མེད་པའི་དོན་ཏོ་ཞེས་འབྱུང་བའི་ཕྱིར་མི་རྟག་པའི་སྒྲ་ནི་མེད་པ་ལ་བྱའོ། །ཇི་ལྟ་ཞེ་ན་རྟག་པ་ལས་བཟློག་པ་ནི་མི་རྟག་པ་ཞེས་བྱའོ། །རྟག་པ་ཞེས་བྱ་བ་ནི་གང་རྟག་ཏུ་ཡོད་པ་དེ་ལ་བྱ་སྟེ། དེ་བས་ན་མི་རྟག་པ་ཞེས་བྱ་བ་ནི་གང་རྟག་ཏུ་མེད་པ་ དེ་ལ་བྱའོ། །གང་རྟག་ཏུ་དུས་ཐམས་ཅད་དུ་མེད་པ་དེ་ལ་མི་རྟག་ཅེས་བྱའོ། །དེའི་ཕྱིར་མེད་པའི་དོན་ནི་མི་རྟག་པའི་དོན་ཞེས་བྱའོ། །དེ་ལྟར་གཟུགས་ལ་སོགས་པ་ཀུན་བརྟགས་པའི་ཆོས་ཐམས་ཅད་མི་རྟག་པ་སྟེ། མེད་པའི་ཕྱིར་ཡོད་པ་ལས་གྱུར་པ་གང་ཡང་མེད་ ཅེས་བྱ་བའི་ཐ་ཚིག་གོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་འདི་ལྟར་མི་རྟག་པ་གང་ཡིན་པ་དེ་ནི་དངོས་པོ་མེད་པ་དང་ཟད་པ་སྟེ་ཞེས་བྱ་བ་ལ་མི་རྟག་པ་ཞེས་བྱ་བའི་སྒྲ་ནི་མེད་པ་དང་། དངོས་པོ་མ་ཡིན་པ་སྟེ། སྟོང་པ་ཉིད་ལ་བྱའོ། །ཟད་ཅེས་བྱ་བའི་སྒྲ་ནི་ཀུན་ བརྟགས་པའི་ཆོས་རྣམས་ལ་བྱའོ། །དེ་ལྟར་ནི་མི་རྟག་པ་གང་ཡིན་པ་དེ་སྟོང་པ་ཉིད་དང་། ཀུན་བརྟགས་པའི་ཆོས་ཟད་པ་དངོས་པོ་མེད་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟར་ཆོས་ཐམས་ཅད་ནི་མི་རྟག་གོ་ཞེས་བྱ་བ་ནི་ཆོས་ཐམས་ཅད་དངོས་པོ་མེད་པའོ་ཞེས་བྱ་བ་ཉིད་དུ་ བསྟན་པ་ཡིན་ནོ། །དེ་བས་ན་ཆོས་ཐམས་ཅད་ཀྱི་ཡོངས་སུ་གྲུབ་པ་དེ་བཞིན་ཉིད་ཀྱི་མཚན་ཉིད་བསྟན་པ་ཡིན་ཏེ། ཆོས་ཐམས་ཅད་ནི་དངོས་པོ་མེད་པའི་ངོ་བོ་ཉིད་དོ། །དེ་བཞིན་དུ་ཆོས་ཐམས་ཅད་ནི་སྡུག་བསྔལ་བ་ཞེས་བྱ་བ་ནི་གཟུགས་ལ་སོགས་པ་ཀུན་བརྟགས་པའི་ཆོས་ ཐམས་ཅད་ལ་དངོས་པོའི་རྣམ་པར་མངོན་པར་ཞེན་ནས་ཉེ་བར་ལེན་ན་སྡུག་བསྔལ་གསུམ་གྱི་རྒྱུར་འགྱུར་བས་སྡུག་བསྔལ་ཞེས་བརྗོད་དོ། །གང་གི་ཚེ་ཀུན་བརྟགས་པའི་རྣམ་པ་དངོས་པོ་མེད་པའི་བདག་ཉིད་དུ་ཡོངས་སུ་ཤེས་ནས་མངོན་པར་མི་ཞེན་ཅིང་སྤོང་བ་དེའི་ཚེ། སྡུག་བསྔལ་ མེད་པའི་རྒྱུར་གྱུར་པས་བདེ་བ་ཡིན་ནོ། །དེ་བས་ན། སྡུག་བསྔལ་ནི་ཀུན་བརྟགས་པའི་ཆོས་ཞེས་བྱའོ། །ཆོས་ཐམས་ཅད་ནི་སྡུག་བསྔལ་བ་ཞེས་བྱ་བ་ནི་ཀུན་བརྟགས་པ་རྣམས་དངོས་པོ་མེད་པའི་མཚན་ཉིད་ཁོ་ནར་བསྟན་པ་ཡིན་ཏེ། དངོས་པོ་མེད་པའི་བདག་ཉིད་ཡིན་པའི་ཕྱིར་ཆོས་ ཐམས་ཅད་ནི་སྡུག་བསྔལ་བའོ། །འདིར་ཡང་སྡུག་བསྔལ་ནི་གང་དང་ཡང་བྲལ་བས་མ་ཡིན་ཞེས་བྱ་བར་སྦྱར་ཏེ། སྡུག་བསྔལ་ནི་བདེ་བའི་རྣམ་པ་ཡོད་པ་གང་དང་ཡང་བྲལ་བས་ནི་མ་ཡིན་གྱི་དངོས་པོ་མེད་པའི་ཕྱིར་སྡུག་བསྔལ་བའོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་བཞིན་དུ། སྡུག་ བསྔལ་བ་གང་ཡིན་པ་དེ་ནི་མེད་པ་དང་ཟད་པ་ཞེས་བྱ་སྟེ། ཀུན་བརྟགས་པའི་ཆོས་ཟད་པར་གྱུར་པ་རྣམས་དངོས་པོ་མ་ཡིན་པ་དང་། མེད་པ་ལ་ཕྱིན་ཅི་ལོག་ཏུ་མངོན་པར་ཞེན་པར་གྱུར་པ་ལ་སྡུག་བསྔལ་ཞེས་བྱ་བའོ་ཞེས་བྱ་བའི་ཐ་ཚིག་གོ། །བདག་མེད་པ་ཡང་གང་དང་ཡང་ བྲལ་བས་མ་ཡིན་ཏེ། བདག་མེད་པ་དང་ངོ་བོ་ཉིད་མེད་པའི་ཕྱིར་རོ། །བདག་མེད་པ་གང་ཡིན་པ་དེ་ནི་དངོས་པོ་མེད་པ་དང་། ཟད་པ་སྟེ་ཞེས་བྱ་བ་ནི་ཟད་པའི་ཆོས་རྣམས་ཀྱི་དངོས་པོ་མེད་པ་གང་ཡིན་པ་དེ་ཉིད་བདག་མེད་པའོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་བཞིན་དུ་ཐམས་ཅད་ལ་ ཡང་སྦྱར་བར་བྱའོ། །ཆོས་ཐམས་ཅད་ནི་ཐེར་ཟུག་ཏུ་གནས་པ་མ་ཡིན་འཇིག་པ་མ་ཡིན་ནོ་ཞེས་བྱ་བ་འདི་ཡང་དངོས་པོ་མེད་པའི་ངོ་བོ་ཉིད་ཀྱི་གཏན་ཚིགས་ཡིན་ནོ། །གལ་ཏེ་ཀུན་བརྟགས་པ་རྣམས་ལ་ངོ་བོ་ཉིད་འགའ་ཞིག་ཡོད་ན་ནི་དེ་ཐེར་ཟུག་ཏུ་གནས་པ་རྟག་པའམ། འཇིག་ པ་མི་རྟག་པ་ཞིག་ཏུ་འགྱུར་གྲང་ན། དེ་ལྟར་དེ་ནི་སྒྱུ་མའི་གཟུགས་བཞིན་དུ་ངོ་བོ་ཉིད་མེད་པས། རྟག་པ་ཡང་མ་ཡིན་མི་རྟག་པ་ཡང་མ་ཡིན་ཏེ། སྒྱུ་མའི་གཟུགས་ལ་རྟག་ཅེས་བྱ་བའམ། མི་རྟག་ཅེས་བྱ་བར་བརྗོད་པར་མི་ནུས་པ་དེའི་ཕྱིར་ཆོས་ཐམས་ཅད་ནི་ཐེར་ཟུག་ཏུ་ གནས་པ་མ་ཡིན། འཇིག་པ་མ་ཡིན་ནོ། །ཚིག་བརྒྱད་པ་ལ་གཟུགས་མངོན་པར་འདུས་མ་བྱས་པ་ཞེས་བྱ་བ་ནི་མངོན་པར་འདུ་བྱེད་པ་པོ་གང་ཡང་མེད་པའི་ཕྱིར་གཟུགས་ལ་སོགས་པ་མངོན་པར་འདུས་མ་བྱས་པའོ། །དེ་བས་ན། མངོན་པར་མ་གྲུབ་པ་ཞེས་བྱའོ་ཞེས་ བྱ་བ་ནི་ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་དུ་བསྟན་ཏོ། །ཚིག་དགུ་པ་ལ། གཟུགས་ནི་རང་བཞིན་གྱིས་སྟོང་སྟེ། རང་བཞིན་གྱིས་སྟོང་པ་གང་ཡིན་པ་དེ་ལ་སྐྱེ་བ་མེད་ཅིང་འཇིག་པ་མེད་དེ། སྐྱེ་བ་མེད་ཅིང་འཇིག་པ་མེད་པ་གང་ཡིན་པ་དེ་ལ་གཞན་དུ་འགྱུར་བ་ཡང་མེད་དོ་ཞེས་ བྱ་བ་ལ་གཟུགས་ལ་སོགས་པའི་ཆོས་རྣམས་ཀྱི་རང་བཞིན་ནི་ངོ་བོ་ཉིད་དེ་སྟོང་པ་ཉིད་དོ། །སྟོང་པ་ཉིད་ནི་ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་དོ། །རང་བཞིན་གྱིས་སྟོང་པ་གང་ཡིན་པ་དེ་ལ། སྐྱེ་བ་མེད་ཅིང་འཇིག་པ་མེད་དོ་ཞེས་བྱ་བ་ནི་སྟོང་པའི་བདག་ཉིད་ཅན་གྱི་ཆོས་ཡོངས་སུ་གྲུབ་པ་རྣམས་ ལ་སྐྱེ་བ་དང་། འགག་པ་གཉིས་མེད་དོ། །དེ་གཉིས་མེད་པས་གཞན་དུ་འགྱུར་བ་རྒ་བ་ཡང་མེད་དོ། །དེ་ལྟར་ངོ་བོ་ཉིད་ཀྱིས་སྐྱེ་བ་དང་། འགག་པ་དང་། གཞན་དུ་འགྱུར་བ་རྣམས་མེད་པའི་ཕྱིར་སྐྱེ་བ་དང་། འགག་པ་དང་། གཞན་དུ་འགྱུར་བ་དང་ལྡན་པར་ཀུན་བརྟགས་ཤིང་ མངོན་པར་གྲུབ་པའི་མཚན་ཉིད་ཅན་གྱི་གཟུགས་ལ་སོགས་པ་གང་ཡིན་པ་དེ་དག་དོན་དམ་པར་མངོན་པར་མ་གྲུབ་པས་མེད་པའི་ཕྱིར་གང་མངོན་པར་མ་གྲུབ་པ་དེ་གཟུགས་མ་ཡིན་ནོ་ཞེས་བྱ་བ་ནས། གང་མངོན་པར་མ་གྲུབ་པ་དེ་རྣམ་པར་ཤེས་པའི་བར་དུ་མ་ ཡིན་ནོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཚིག་བཅུ་པ་ལ། མངོན་པར་མ་གྲུབ་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དེ་ནི་མངོན་པར་མ་གྲུབ་པའོ་ཞེས་བྱ་བ་ལ་མངོན་པར་མ་གྲུབ་པ་ཞེས་བྱ་བའི་སྒྲ་ནི་དེ་བཞིན་ཉིད་དེ། སྟོང་པ་ཉིད་ལ་བྱའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བའི་སྒྲ་ཡང་དེ་བཞིན་ཉིད་ལ་བྱའོ། །དེ་བས་ན་མངོན་པར་མ་གྲུབ་པ་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཉིས་ལ་ཐ་དད་པ་མེད་དོ། །དེའི་ཕྱིར་ཅི་མ་གྲུབ་པའི་ངོ་བོ་ཉིད་དོན་དམ་པའི་བྱང་ཆུབ་སེམས་དཔའ་མངོན་པར་ མ་གྲུབ་པའི་ངོ་བོ་ཉིད་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཇི་ལྟར་གདམས་ཤིང་རྗེས་སུ་གདམས་པར་བགྱི་ཞེས་བྱ་བ་གསུངས་ཏེ། སྟོང་པ་ཉིད་ལ་སྟོང་པ་ཉིད་ཇི་ལྟར་གདམས་པར་བྱ་ཞེས་བྱ་བའི་ཐ་ཚིག་གོ། །ཚིག་བཅུ་གཅིག་པ་ལ། མངོན་པར་མ་གྲུབ་པ་ཡང་གཞན་ལ་བྱང་ཆུབ་ སེམས་དཔའ་ཡང་གཞན་ཞེས་བྱ་བ་ཡིན་པར་ཡང་དག་པར་རྗེས་སུ་མ་མཐོང་ངོ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ཡིན་པར་བསྟན་པའོ། །མངོན་པར་མ་གྲུབ་པ་དང་། གཟུགས་ལ་གཉིས་སུ་མེད་དོ་ཞེས་བྱ་བ་ནི་ཆོས་ཉིད་ཀྱི་གཟུགས་བཟུང་ནས་བསྟན་པའོ། ། ཚིག་བཅུ་གཉིས་པ་ལ། ཆོས་ཐམས་ཅད་སྒྱུ་མ་དང་། སྨིག་རྒྱུ་ལ་སོགས་པ་དང་མཚུངས་པར་སོ་སོར་བརྟགས་ན་གང་ལ་བྱིང་བ་འམ་སྐྲག་པར་མི་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ།། །།བམ་པོ་བཅུ་བདུན་པ། དེ་ལྟར་རེ་ཞིག་རྣམ་པར་མི་རྟོག་པ་ཡིད་ལ་བྱེད་པ་བསྟན་ ནས། དེའི་འོག་ཏུ་ཡིད་ལ་བྱེད་པ་དེ་དག་གི་འབྲས་བུ་སྟོན་ཏེ། དེའི་ཚེ་འདི་ནི་གཟུགས་ཞེས་བགྱི་བར་གཟུགས་ལ་མི་འཛིན་ཅིང་མི་ལེན་མི་གནས་ཏེ། མངོན་པར་ཞེན་པར་མི་བགྱིད་ལ། འདོགས་པར་མི་བགྱིད་དོ་ཞེས་བྱ་བ་ནི་འཛིན་པའི་རིགས་པ་བསྟན་པའི་ཕྱིར་ཚིག་ལྔ་སྨོས་ཏེ། ཐོག་མར་འདུ་ཤེས་ཀྱིས་མི་འཛིན་ཏོ། །དེའི་འོག་ཏུ་ཡིད་ཀྱིས་མི་ལེན་ཏོ། །དེའི་འོག་ཏུ་ཤེས་རབ་ཀྱིས་གནས་པར་མི་བྱེད་དོ། །དེའི་འོག་ཏུ་ལྟ་བས་མངོན་པར་ཞེན་པར་མི་བྱེད་དོ། །དེའི་འོག་ཏུ་ཚིག་གིས་གཞན་དག་ལ་འདོགས་པར་མི་བྱེད་དོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་ འདས་འདི་ལྟར་གཟུགས་ནི་མ་སྐྱེས་པ་སྟེ། གཟུགས་ཀྱི་མ་སྐྱེས་པ་གང་ལགས་པ་དེ་གཟུགས་ལགས་སོ། །དེ་ལྟར་ན་གཟུགས་དང་མ་སྐྱེས་པ་དེ་གཉིས་སུ་མ་མཆིས་ཏེ། གཉིས་སུ་བགྱིར་མ་མཆིས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་འདི་ལྟར་མ་སྐྱེས་པ་ནི་ གཅིག་པ་མ་ལགས་མང་པོ་མ་ལགས་ཞེས་བྱ་བ་ལ། གཟུགས་མ་སྐྱེས་པ་ཞེས་བྱ་བ་ནི་ཆོས་ཉིད་ཀྱི་གཟུགས་མ་སྐྱེས་ཞེས་བྱ་བའི་ཐ་ཚིག་གོ། །གཟུགས་ཀྱི་མ་སྐྱེས་པ་གང་ལགས་པ་དེ་གཟུགས་མ་ལགས་ཞེས་བྱ་བ་ནི་ཆོས་ཉིད་ཀྱི་གཟུགས་དེའི་མ་སྐྱེས་པ་ཞེས་བྱ་བ་དེ་བཞིན་ ཉིད་གང་ཡིན་པ་དེ་ཀུན་བརྟགས་པའི་གཟུགས་ཀྱི་ངོ་བོ་ཉིད་མ་ཡིན་པའོ། །དེ་ལྟར་ན་གཟུགས་དང་མ་སྐྱེས་པ་དེ་གཉིས་སུ་མ་མཆིས་ཏེ། གཉིས་སུ་བགྱིར་མ་མཆིས་པ་ལགས་སོ་ཞེས་བྱ་བས་ཅི་བསྟན་ཞེ་ན། དེ་ལ་གཟུགས་མ་སྐྱེས་པ་ཞེས་བྱ་བའི་ཚིག་གིས་ནི་ཡོངས་སུ་ གྲུབ་པ་མ་སྐྱེས་པའི་ངོ་བོ་ཉིད་བསྟན་པ་ཡིན་ནོ། །གཟུགས་ཀྱི་མ་སྐྱེས་པ་གང་ལགས་པ་དེ་གཟུགས་མ་ལགས་ཞེས་བྱ་བ་འདིས་ནི་མི་སྐྱེ་བ་ལ་ཀུན་བརྟགས་པའི་མཚན་ཉིད་མེད་པར་བསྟན་པ་ཡིན་ཏེ་དེ་ལྟར་ཆོས་ཉིད་ཀྱི་གཟུགས་མི་སྐྱེ་བའི་ངོ་བོ་ཉིད་ཡིན་པ་དང་མི་སྐྱེ་བ་ཡང་ཆོས་ ཉིད་ཀྱི་ངོ་བོ་ཉིད་ཡིན་པའི་ཕྱིར་གཟུགས་ཞེས་བྱ་བ་དང་མ་སྐྱེས་པ་ཞེས་བྱ་བ་ནི་གཅིག་པ་ཉིད་དེ་ཐ་དད་པ་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །མ་སྐྱེས་པ་ནི་གཅིག་མ་ལགས་མང་པོ་མ་ལགས་ཞེས་བྱ་བ་ལ་མ་སྐྱེས་པ་ཞེས་བྱ་བ་ནི་དེ་བཞིན་ཉིད་དེ་དེ་ལ་ནི་གཅིག་གམ་གཉིས་ ཤེའམ། གསུམ་ཞེས་བྱ་བའི་གྲངས་ཀྱི་བྱེ་བྲག་ཡོད་པ་མ་ཡིན་ཏེ་དེ་བས་ན་མི་སྐྱེ་བ་ལ་བྱེ་བྲག་མེད་པའི་ཕྱིར་ཡོངས་སུ་གྲུབ་པའི་ཚེ་གཟུགས་ལ་སོགས་པ་ཐམས་ཅད་ཀྱང་རང་བཞིན་གཅིག་ཏུ་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟ་བས་ན། གཟུགས་ཀྱི་མ་སྐྱེས་པ་གང་ ལགས་པ་དེ་གཟུགས་མ་ལགས་ཞེས་བྱ་བ་ནི་ཆོས་ཉིད་ཀྱི་གཟུགས་ཀྱི་སྐྱེ་བ་མེད་པའི་ཆོས་ཉིད་གང་ཡིན་པ་དེ་ཀུན་བརྟགས་པའི་གཟུགས་ཀྱི་ངོ་བོ་ཉིད་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །བཅོམ་ལྡན་འདས་འདི་ལྟར་དེ་བཞིན་ཉིད་ནི་མ་སྐྱེས་པ་སྟེ་དེ་བཞིན་ ཉིད་ཀྱི་མ་སྐྱེས་པ་གང་ལགས་པ་དེ་དེ་བཞིན་ཉིད་མ་ལགས་ཏེ། དེ་ལྟར་ན་དེ་བཞིན་ཉིད་དང་། མ་སྐྱེས་པ་དེ་གཉིས་སུ་མ་མཆིས་ཏེ་གཉིས་སུ་བགྱིར་མ་མཆིས་པ་ལགས་སོ་ཞེས་བྱ་བ་ནི་དེ་བཞིན་ཉིད་དྲི་མ་དང་བཅས་པ་དང་དྲི་མ་མེད་པ་བཟུང་ནས་སྦྱར་བར་བྱའོ། །བཅོམ་ལྡན་ འདས་འདི་ལྟར་གཟུགས་ནི་མི་རྟག་པ་སྟེ་གཟུགས་ཀྱི་འགྲིབ་པ་གང་ལགས་པ་དེ་གཟུགས་མ་ལགས་ཏེ། དེ་ལྟར་ན་གཟུགས་དང་འགྲིབ་པ་དེ་གཉིས་སུ་མ་མཆིས་ཤིང་གཉིས་སུ་དབྱེར་མ་མཆིས་པ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདི་ལྟར་འགྲིབ་པ་ནི་གཅིག་ མ་ལགས་མང་པོ་མ་ལགས་པའི་སླད་དུ་སྟེ། དེའི་སླད་དུ་གཟུགས་ཀྱི་འགྲིབ་པ་གང་ལགས་པ་དེ་ནི་གཟུགས་མ་ལགས་སོ་ཞེས་བྱ་བ་ལ་མེད་པའི་དོན་ནི་མི་རྟག་པའི་དོན་ཏོ་ཞེས་འབྱུང་བའི་ཕྱིར། གཟུགས་མི་རྟག་པ་ཞེས་བྱ་བ་ནི་གཟུགས་མེད་ཅེས་བྱ་བའི་ཐ་ཚིག་གོ། ། གཟུགས་ཀྱི་འགྲིབ་པ་གང་ལགས་པ་དེ་གཟུགས་མ་ལགས་ཞེས་བྱ་བ་ནི་འདི་ལྟར་གཟུགས་མེད་པ་ལ་ཀུན་བརྟགས་པའི་རྣམ་པ་ནི་འགྱུར་བའི་ཕྱིར་འགྲིབ་པ་ཞེས་བྱ་སྟེ་བརྟགས་པའི་གཟུགས་ཀྱི་འགྲིབ་པ་གང་ཡིན་པ་ནི་ཆོས་ཉིད་ཀྱི་གཟུགས་མ་ཡིན་ནོ། །དེ་ལྟར་ན་གཟུགས་ དང་འགྲིབ་པ་དེ་གཉིས་སུ་མ་མཆིས་ཤིང་གཉིས་སུ་བགྱིར་མ་མཆིས་ཞེས་བྱ་བ་ནི་གཟུགས་དང་འགྲིབ་པ་གཉི་ག་ཡང་བརྟགས་པ་ཡིན་པས་མེད་པའི་ཕྱིར་གཅིག་ཁོ་ན་ཞེས་བྱ་བའི་ཐ་ཚིག་གོ། །བཅོམ་ལྡན་འདས་འདི་ལྟར་འགྲིབ་པ་ནི་གཅིག་མ་ལགས་མང་པོ་མ་ལགས་ཞེས་བྱ་ བ་ནི་འགྲིབ་པ་ཡོད་པ་མ་ཡིན་པའི་ཕྱིར། སྒྱུ་མའི་གཟུགས་བཞིན་དུ་དོན་དམ་པར་གྲངས་ཀྱི་བྱེ་བྲག་མེད་དོ། །དེ་བས་ན་བརྟགས་པའི་རང་བཞིན་ཐམས་ཅད་ནི་དངོས་པོ་མེད་པའི་རང་བཞིན་དུ་གཅིག་པ་ཉིད་དོ། །དེ་ལྟ་བས་ན་གཟུགས་ཀྱི་འགྲིབ་པ་གང་ལགས་པ་དེ་གཟུགས་མ་ ལགས་ཞེས་བྱ་བ་ནི་ཀུན་བརྟགས་པའི་གཟུགས་ཀྱི་འགྲིབ་པ་དེ་ཆོས་ཉིད་ཀྱི་གཟུགས་ཀྱི་ངོ་བོ་ཉིད་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །བཅོམ་ལྡན་འདས་དེ་བཞིན་ཉིད་ནི་མི་རྟག་པ་སྟེ། དེ་བཞིན་ཉིད་ཀྱི་འགྲིབ་པ་གང་ལགས་པ་དེ་དེ་བཞིན་ཉིད་མ་ལགས་ཞེས་བྱ་བ་འདི་ལ་ཡང་དྲི་མ་དང་ བཅས་པ་དང་། དྲི་མ་མེད་པའི་བྱེ་བྲག་གིས་སྦྱར་བར་བྱའོ། །འདི་ལྟར་སྔར་དྲི་མ་དང་བཅས་པར་གྱུར་པ་ལས་ཕྱིས་དྲི་མ་མེད་པར་འགྱུར་ཏེ་དེའི་ཕྱིར་མི་རྟག་པའོ། །དེ་ལྟར་མི་རྟག་པའི་དེ་བཞིན་ཉིད་ལ་གཟུགས་ཀྱི་དེ་བཞིན་ཉིད། ཚོར་བའི་དེ་བཞིན་ཉིད་ཅེས་བྱ་བ་ལ་སོགས་པའི་ འགྲིབ་པ་དེ་ཡོངས་སུ་གྲུབ་པའི་དེ་བཞིན་ཉིད་མ་ཡིན་ནོ་ཞེས་སྦྱར་བར་བྱའོ། །གང་ཡང་འདི་སྐད་དུ་བཅོམ་ལྡན་འདས་གཟུགས་ཞེས་བགྱི་བ་འདི་ནི་གཉིས་སུ་མ་མཆིས་པའི་གྲངས་སུ་བགྱིས་པའོ་ཞེས་བྱ་བ་ལ་གཉིས་སུ་མེད་པ་ཞེས་བྱ་བ་ནི་ཆོས་ཉིད་དེ་དོན་དམ་པའོ། །དོན་དམ་པ་ དེའི་གྲངས་སུ་བྱ་བ་ནི་འདི་ལྟ་སྟེ་གཟུགས་དང་ཚོར་བ་ཞེས་བྱ་བ་ལ་སོགས་པ་བྱས་པའོ། །དེས་ཅི་བསྟན་ཞེ་ན་དོན་དམ་པ་གཅིག་ཁོ་ན་སྟེ་གཉིས་སུ་མེད་པ་ལ། ཆོས་ཉིད་ཀྱི་གཟུགས། ཆོས་ཉིད་ཀྱི་ཚོར་བ། ཆོས་ཉིད་ཀྱི་འདུ་ཤེས། ཆོས་ཉིད་ཀྱི་འདུ་བྱེད། ཆོས་ཉིད་ཀྱི་རྣམ་པར་ ཤེས་པ་ཞེས་བྱ་བ་ལ་སོགས་པའི་ཚིག་གིས་དོན་དམ་པ་གཅིག་སྟེ་གཉིས་སུ་མེད་པ་ལ་རྣམ་པ་མང་པོར་ཕྱེ་ནས་བསྟན་ཞེས་བྱ་བའི་ཐ་ཚིག་གོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ་ཞེས་པ་འདི་གང་དང་སྦྱར་ཞེ་ན། གང་རྣམ་པར་མི་རྟོག་ པ་ཡིད་ལ་བྱེད་པའི་འབྲས་བུ་བསྟན་མ་ཐག་པ་ལ་གནས་བརྟན་རབ་འབྱོར་གྱིས་འགྲེས་བཞི་བསྟན་ཏེ། བཅོམ་ལྡན་འདས་གང་གི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་ཆོས་དེ་དག་ལ་འདི་ལྟར་ཉེ་བར་རྟོག་པ་དེའི་ཚེ་གཟུགས་ལ་ མི་འཛིན་ཅིང་མི་ལེན་མི་གནས་ཏེ་མངོན་པར་ཞེན་པར་མི་བགྱིད་ཅེས་བྱ་བ་ནི་གཅིག་གོ། །གཟུགས་ཀྱི་མ་སྐྱེས་པ་གང་ལགས་པ་དེ་གཟུགས་མ་ལགས་ཞེས་བྱ་བ་ལ་སོགས་པ་ནི་གཉིས་པའོ། །གཟུགས་ཀྱི་འགྲིབ་པ་གང་ལགས་པ་དེ་གཟུགས་མ་ལགས་ཞེས་བྱ་བ་ནི་ གསུམ་པའོ། །གཟུགས་ཞེས་བགྱི་བ་འདི་ནི་གཉིས་སུ་མ་མཆིས་པའི་གྲངས་སུ་བགྱིས་པ་ལགས་སོ་ཞེས་བྱ་བ་ནི་བཞི་པའོ། །འགྲེས་བཞི་པོ་འདི་དག་ཉེ་བར་བཟུང་ནས་དེ་ལས་རྒྱ་ཆེར་བསྟན་པ་ཉན་འདོད་པའི་ཕྱིར་གནས་བརྟན་ཤཱ་རིའི་བུས་དྲི་བ་ དྲིས་སོ་ཞེས་བྱ་བ་དེ་ལྟ་བུར་སྦྱར་རོ། །དེ་ལ་འགྲེས་དང་པོ་ལ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་འདི་ལྟར་ཉེ་བར་རྟོག་སྟེ་ཞེས་བྱ་བ་ཚིག་གསུམ་ཉེ་བར་བཟུང་ནས་དྲི་བ་གསུམ་དྲིས་ཏེ། བྱང་ཆུབ་སེམས་དཔའ་ནི་གང་། ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་གང་ཉེ་བར་རྟོག་པ་ནི་གང་ཞེས་བྱ་བའོ། །དེ་དག་གོ་རིམས་བཞིན་དུ་བཤད་པར་བྱ་སྟེ། བྱང་ཆུབ་ཉིད་སེམས་དཔའ་སྟེ་དེའི་ཕྱིར་བྱང་ཆུབ་སེམས་དཔའ་ཞེས་བྱའོ་ཞེས་བྱ་བ་ལ་བྱང་ཆུབ་ཅེས་བྱ་བ་ནི་ཆོས་ཀྱི་སྐུ་ལ་བྱའོ། །སེམས་ཅན་ཐམས་ཅད་ཀྱང་ཆོས་ཀྱི་ སྐུའི་བདག་ཉིད་དེ་དེ་བས་ན་བྱང་ཆུབ་སེམས་དཔའ་ཡང་བྱང་ཆུབ་ཀྱི་བདག་ཉིད་ཁོ་ནའོ། །དེ་ལྟ་བས་ན་བྱང་ཆུབ་ཀྱི་ངོ་བོ་ཉིད་ནི་སེམས་དཔའ་ཡིན་པའི་ཕྱིར་བྱང་ཆུབ་སེམས་དཔའ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟར་ན་སེམས་ཅན་ཐམས་ཅད་ཀྱང་བྱང་ཆུབ་སེམས་དཔར་མི་འགྱུར་རམ་ཞེ་ན། སྤྱིར་གླེང་བ་ལ་ཁྱད་པར་དུ་བརྗོད་པར་འདོད་པས་ཁྱད་པར་དུ་བྱང་ཆུབ་དང་འབྲེལ་བའི་སེམས་དཔའ་ལ་བྱང་ཆུབ་སེམས་དཔའ་ཞེས་བྱ་བས་འདི་ལ་ཉེས་པ་མེད་དོ། །དེ་ལས་གཞན་པའི་སེམས་ཅན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མི་ཚོལ་ཞིང་དེའི་དོན་མི་སྒྲུབ་པ་རྣམས་ནི་བྱང་ཆུབ་དང་ འབྲེལ་བ་གང་ཡང་མེད་པའི་ཕྱིར་འདི་ནི་ཁྱད་པར་དུ་བྱང་ཆུབ་དང་འབྲེལ་བའི་སེམས་དཔའ་ལ་བྱང་ཆུབ་སེམས་དཔའ་ཞེས་བྱའོ། །དེ་བས་ན་འདིའི་སྤྱོད་པ་ཁྱད་པར་ཅན་ཡང་སྟོན་ཏེ། བྱང་ཆུབ་དེས་ཀྱང་ཆོས་ཐམས་ཅད་ཀྱི་རྣམ་པ་ཤེས་ཏེ་ཆོས་དེ་དག་ལ་མངོན་པར་ཞེན་པ་ཡང་མེད་དོ་ ཞེས་བྱ་བ་ནི་ཀུན་རྫོབ་ཀྱི་བདེན་པས་ནི་ཤེས་ཏེ་དོན་དམ་པར་ནི་མངོན་པར་ཞེན་པ་མེད་དོ། །རྣམ་པ་གང་དག་དང་། རྟགས་གང་དག་དང་། མཚན་མ་གང་དག་གིས་ཞེས་བྱ་བ་ལ་རྣམ་པ་གང་གིས་ཞེས་བྱ་བ་ནི་བསྟན་པའོ། །རྟགས་དང་མཚན་མ་གཉིས་ནི་དེའི་བཤད་པའོ། །མིང་ དང་། བརྡ་དང་བརྟགས་པ་ལ་སོགས་པ་ནི་རྟགས་སོ། །མཚན་ཉིད་དང་། སྤྱོད་པ་ནི་མཚན་མའོ། །ཚེ་དང་ལྡན་པ་ཤཱ་རིའི་བུས་གང་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་དེ་ནི་རིང་དུ་སོང་བ་སྟེ་ཞེས་བྱ་བ་ལ། ཆོས་ཐམས་ཅད་ཀྱི་ཕ་རོལ་ཏུ་སོང་བའི་ཤེས་རབ་ནི་ཆོས་དེ་དག་ ཐམས་ཅད་ལས་རིང་དུ་གྱུར་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ། །ཐབས་དང་རིགས་པས་རྟོགས་པ་ནི་ཉེ་བར་རྟོགས་པའོ། །དེའི་འོག་ཏུ་འགྲེས་གཉིས་པ་ནི། ཚེ་དང་ལྡན་པ་རབ་འབྱོར་ཅིའི་ཕྱིར་དེ་སྐད་དུ་གཟུགས་ཀྱི་མ་སྐྱེས་པ་གང་ཡིན་པ་དེ་ནི་གཟུགས་མ་ ཡིན་ཞེས་ཟེར་ཞེས་བྱ་བ་ལ་སོགས་པས་སྟོན་ཏོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་གཟུགས་ནི་གཟུགས་ཀྱིས་སྟོང་ཞེས་བྱ་བ་ནི་རྣམ་པར་བརྟགས་པའི་གཟུགས་དེ་གཟུགས་ཀྱི་དངོས་པོར་ཡོད་པ་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །གཟུགས་ཀྱི་སྟོང་པ་ཉིད་གང་ཡིན་པ་དེ་གཟུགས་མ་ ཡིན་ཏེ་སྐྱེ་བ་མེད་དོ་ཞེས་བྱ་བ་ནི་ཆོས་ཉིད་ཀྱི་གཟུགས་ཀྱི་རང་བཞིན་སྟོང་པ་ཉིད་གང་ཡིན་པ་དེ་གཟུགས་ཀྱི་ངོ་བོ་ཉིད་མ་ཡིན་ཞིང་སྐྱེ་བའི་ངོ་བོ་ཉིད་ཀྱང་མ་ཡིན་ནོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་རྣམ་གྲངས་དེས་ན་གཟུགས་ཀྱི་མ་སྐྱེས་པ་གང་ཡིན་པ་དེ་གཟུགས་མ་ཡིན་ནོ་ཞེས་བྱ་བ་ནི་འདི་ ལྟར་ཀུན་བརྟགས་པའི་གཟུགས་ནི་སྐྱེ་བ་མེད་པ་སྟེ་སྐྱེ་བའི་ངོ་བོ་ཉིད་ཀྱང་མ་ཡིན་ནོ། །དེ་བས་ན་མི་སྐྱེ་བ་ནི་གཟུགས་མ་ཡིན་པར་དེ་ལྟར་གྲུབ་པོ་ཞེས་བྱ་བའི་ཐ་ཚིག་གོ། །དེའི་འོག་ཏུ་འགྲེས་གསུམ་པའི་སྐབས་ནི་ཚེ་དང་ལྡན་པ་རབ་འབྱོར་ཅིའི་ཕྱིར་ན་དེ་སྐད་དུ་གཟུགས་ཀྱི་འགྲིབ་པ་ གང་ཡིན་པ་དེ་ནི་གཟུགས་མ་ཡིན་ཞེས་ཟེར་ཞེས་བྱ་བ་ལ་སོགས་པས་སྟོན་ཏོ། །གཟུགས་གང་ཡིན་པ་དང་འགྲིབ་པ་གང་ཡིན་པ་དེ་གཉི་ག་ཡང་ལྡན་པ་ཡང་མ་ཡིན་མི་ལྡན་པ་ཡང་མ་ཡིན་ཞེས་བྱ་བ་ནི་སྔར་བཤད་པའི་ཚུལ་གྱིས་གཟུགས་ཀྱང་བརྟགས་པ། འགྲིབ་པ་ཡང་ བརྟགས་པ་སྟེ། དེ་བས་ན་གཉི་ག་ཡང་མཚན་ཉིད་མེད་པའོ། །འགྲེས་བཞི་པ་ལ། མ་སྐྱེས་པ་ཡང་གཞན་མ་ཡིན་གཟུགས་ཀྱང་གཞན་མ་ཡིན་ཏེ། མ་སྐྱེས་པ་ཉིད་ཀྱང་གཟུགས་སོ། །གཟུགས་ཉིད་ཀྱང་མ་སྐྱེས་པ་ཞེས་བྱ་བ་ནི་སྔར་བཤད་པའི་ཚུལ་གྱིས་གཟུགས་ཞེས་བྱ་བ་ དང་མ་སྐྱེས་པ་ཞེས་བྱ་བ་ནི་ཆོས་ཉིད་ལ་བྱ་སྟེ། དེའི་ཕྱིར་གཉིས་སུ་མེད་དོ། །གཟུགས་ཀྱི་མ་སྐྱེས་པ་མཐོང་བར་འགྱུར་ཞེས་བྱ་བ་ནི་དེ་བཞིན་ཉིད་མངོན་སུམ་དུ་བྱེད་ཅེས་བྱ་བའི་ཐ་ཚིག་གོ། །གཟུགས་མ་སྐྱེས་པ་ཞེས་བྱ་བ་ནི། སྔ་མ་བཞིན་དུ་ཆོས་ཉིད་ཀྱི་ གཟུགས་དང་དེ་བཞིན་ཉིད་གཅིག་པའི་ཕྱིར་དེ་སྐད་བསྟན་ཏོ། །འདི་མན་ཆད་ནི་གནས་བརྟན་གཉིས་ཀྱིས་དྲིས་པ་དང་ལན་འདེབས་པ་ཞིབ་མོར་འབྱུང་སྟེ། ཚེ་དང་ལྡན་པ་རབ་འབྱོར་གལ་ཏེ་གཟུགས་ཀྱང་སྐྱེ་བ་མེད་ལ་སངས་རྒྱས་ཀྱི་ཆོས་རྣམས་ཀྱི་བར་དུ་ཡང་སྐྱེ་བ་མེད་པ་ཡིན་ན་ནི་ཉན་ ཐོས་ཀྱིས་ཀྱང་ཉན་ཐོས་ཀྱི་བྱང་ཆུབ་ཐོབ་ཟིན་པར་མི་འགྱུར་རམ་ཞེས་བྱ་བ་ལ་སོགས་པས་ཅི་བསྟན་ཞེ་ན། གལ་ཏེ་གཟུགས་ལ་སོགས་པ་དང་། དེ་བཞིན་ཉིད་གཅིག་པ་ཡིན་ན། དེ་ལྟ་ན་གཟུགས་ལ་སོགས་པ་རྟོགས་པས་དེ་བཞིན་ཉིད་རྟོགས་པར་འགྱུར་རོ། །སེམས་ཅན་ ཐམས་ཅད་ཀྱང་དོན་དམ་པ་མཐོང་བར་འགྱུར་རོ། །དེ་ལྟར་གྱུར་ན་སེམས་ཅན་ཐམས་ཅད་ཀྱིས་བསྒྲིམ་མི་དགོས་པ་ཉིད་དུ་སོ་སོའི་བྱང་ཆུབ་ཇི་ལྟ་བ་བཞིན་དུ་ཐོབ་པར་འགྱུར་རོ། །འོ་ན་ནི་བྱང་ཆུབ་རྣམ་པ་ལྔ་པོ་དག་ཀྱང་ཐ་དད་པ་མེད་པར་འགྱུར་རོ། །རྒྱུན་དུ་ཞུགས་པ་དང་། ལན་ ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་། དགྲ་བཅོམ་པ་དང་། རང་བྱང་ཆུབ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་རྣམས་ཀྱང་འདྲེས་པར་འགྱུར་རོ། །དེ་ལྟར་གྱུར་ན་རྒྱུན་དུ་ཞུགས་པ་ལ་སོགས་པ་ཡང་སངས་རྒྱས་ཡིན་པར་འགྱུར་ཏེ། ཉོན་མོངས་པ་ལྷག་མ་སྤོང་བར་ འབད་པ་དོན་མེད་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱང་བྱང་ཆུབ་ཐོབ་ཟིན་པས་དཀའ་བ་སྤྱད་པ་ལ་སོགས་པ་དོན་མེད་པར་འགྱུར་རོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མངོན་པར་རྫོགས་པར་བྱང་ཆུབ་པ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བ་ཡང་དོན་མེད་པ་ཉིད་དུ་ འགྱུར་རོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་བདག་ནི་ཆོས་མ་སྐྱེས་པ་ལ་འཐོབ་པ་དང་། མངོན་པར་རྫོགས་པ་ཡོད་པར་མི་འདོད་དོ། །བདག་ནི་མ་སྐྱེས་པ་ལ་རྒྱུན་དུ་ཞུགས་པ་ཡོད་པར་མི་འདོད། རྒྱུན་དུ་ཞུགས་པའི་འབྲས་བུ་ཡོད་པར་མི་འདོད་དོ་ཞེས་བྱ་བས་ཅི་བསྟན་ཞེ་ན། ཆོས་མ་སྐྱེས་པ་ནི་སུས་ཀྱང་ཐོབ་པའམ། མངོན་པར་རྟོགས་པར་མི་ནུས། མ་སྐྱེས་པ་ལ་གང་ཡང་རྒྱུན་དུ་ཞུགས་པར་མི་འགྱུར་གྱི། ཀུན་བརྟགས་པའི་སྒྲིབ་པ་ཙམ་བསྩལ་བ་ནི་གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་མེད་པའི་ཕྱིར་ཐོབ་པ་དང་མངོན་པར་རྟོགས་པར་འདོད་དོ། །དེ་ བས་ན་དེ་བཞིན་ཉིད་ཀྱིས་དེ་བཞིན་ཉིད་རྟོགས་པ་མ་ཡིན་ནོ་ཞེས་བསྟན་པ་ཡིན་ཏེ། དེ་བས་ན་གཟུགས་ལ་སོགས་པ་རྟོགས་པས་དེ་བཞིན་ཉིད་རྟོགས་པར་འགྱུར་རོ་ཞེས་བྱ་བ་སྔར་སྨྲས་པའི་སྐྱོན་དེ་སྐྱོན་དུ་མི་འགྱུར་ཏེ་ཉོན་མོངས་པ་དང་། ཤེས་བྱའི་སྒྲིབ་པ་རྣམས་ཡོད་པའི་ཕྱིར་རོ། ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་བདག་ནི་བྱང་ཆུབ་སེམས་དཔའ་དཀའ་བ་སྤྱད་པ་སྤྱོད་པར་མི་འདོད་ཅེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་རྣམས་ལ་དོན་དམ་པར་དེ་ལྟ་བུའི་རྣམ་པར་རྟོག་པ་མེད་པའི་ཕྱིར་དེ་སྐད་བསྟན་ཏོ། །བྱང་ཆུབ་སེམས་དཔའ་ནི་ས་བརྒྱད་པ་ལ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པས་ གང་གི་ཚེ་ཆོས་ཐམས་ཅད་ཀྱི་ཐམས་ཅད་དུ་མི་དམིགས་པ་དེའི་ཚེ་སྐྱེ་བ་ལ་སོགས་པ་དང་བྲལ་བར་དཀའ་བ་སྤྱད་པ་རྩོམ་སྟེ། དེའི་ཚེ་བྱང་ཆུབ་སེམས་དཔའ་མི་དམིགས་པ་ཡིད་ལ་བྱེད་པ་དང་ལྡན་པ་ལ་མགོ་བཅད་པ་ལ་སོགས་པ་ལ་དཀའ་བའི་འདུ་ཤེས་སམ། སྡུག་བསྔལ་གྱི་ འདུ་ཤེས་གང་ཡང་མི་འབྱུང་ངོ་ཞེས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐམས་ཅད་རྣམ་པ་ཐམས་ཅད་དུ་ཆོས་གང་ཡང་མི་ལེན་མི་དམིགས་སོ་ཞེས་བྱ་བ་མཇུག་གི་ཚིག་གིས་བསྟན་ཏོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་བདག་ནི་མ་སྐྱེས་པ་ལ་དེ་བཞིན་གཤེགས་པ་ཡོད་པར་ མི་འདོད་དོ་ཞེས་བྱ་བ་ལ་སོགས་པ་ནི་མ་སྐྱེས་པ་ཆོས་ཀྱི་སྐུ་ལ་དེ་བཞིན་གཤེགས་པ་གང་གིས་མ་སྐྱེས་པ་རྟོགས་པར་འགྱུར་བའི་དེ་བཞིན་གཤེགས་པ་གཉིས་པ་ཡོད་པར་མི་འདོད་པའོ། །དེ་བས་ན་མ་སྐྱེས་པ་ཉིད་དེ་བཞིན་གཤེགས་པ་མ་སྐྱེས་པ་ཉིད་ཡང་དག་པར་རྫོགས་ པའི་བྱང་ཆུབ་ཡིན་ནོ་ཞེས་སྟོན་ཏོ། །མ་སྐྱེས་པའི་ཆོས་ཀྱིས་ཀྱང་མ་སྐྱེས་པ་ཐོབ་པར་མི་འདོད་དོ་ཞེས་བྱ་བ་ནི་དེ་བཞིན་ཉིད་ཀྱིས་དེ་བཞིན་ཉིད་ལ་རབ་ཏུ་རྟོགས་པར་བྱེད་པར་མི་འདོད་དོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་སྐད་སྨྲས་པ་དང་གནས་བརྟན་ཤཱ་རིའི་བུས། གལ་ཏེ་མ་སྐྱེས་ པས་མ་སྐྱེས་པའི་ཐོབ་པ་མི་ཐོབ་ན་ཅི་མ་སྐྱེས་པས་སྐྱེས་པའི་ཐོབ་པ་འཐོབ་བམ། འོན་ཏེ་སྐྱེས་པས་མ་སྐྱེས་པའི་ཐོབ་པ་འཐོབ་ཅེས་རྣམ་པར་རྟོག་པ་གཉིས་དྲིས་ཏེ། ཚེ་དང་ལྡན་པ་རབ་འབྱོར་ཅི་ཆོས་མ་སྐྱེས་པས་སྐྱེས་པའི་ཐོབ་པ་འཐོབ་བམ་འོན་ཏེ་ཆོས་ སྐྱེས་པས་མ་སྐྱེས་པའི་ཐོབ་པ་འཐོབ་ཅེས་བྱ་བ་ནི་གལ་ཏེ་དེ་བཞིན་ཉིད་ཀྱི་བདག་ཉིད་འགའ་ཞིག་གིས་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་སོགས་པ་ཀུན་བརྟགས་པ་རྣམས་ཐོབ་པར་འགྱུར་ན། དེ་ལྟ་ན་ནི་མ་སྐྱེས་པའི་ཆོས་ཀྱིས། སྐྱེས་པའི་ཐོབ་པ་ཐོབ་པར་འགྱུར་རོ། །གལ་ཏེ་ ཀུན་བརྟགས་པའི་གང་ཟག་གིས་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་སོགས་པ་དེ་བཞིན་ཉིད་ཀྱི་བདག་ཉིད་ཅན་རྣམས་ཐོབ་པར་འགྱུར་ན་དེ་ལྟར་གྱུར་ན་ནི་སྐྱེས་པའི་ཆོས་ཀྱིས་མ་སྐྱེས་པའི་ཐོབ་པ་ཐོབ་པར་འགྱུར་ཏེ། དེ་གཉི་ག་ཡང་མ་བཟོད་ནས། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་བདག་ ནི་མ་སྐྱེས་པའི་ཆོས་ཀྱིས་སྐྱེས་པ་ཐོབ་པར་མི་འདོད་དོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཐོབ་པ་ཡང་ཡོད་མངོན་པར་རྟོགས་པ་ཡང་ཡོད་དེ་གཉིས་ཀྱི་ཚུལ་གྱིས་ནི་མ་ཡིན་ནོ་ཞེས་བྱ་བ་ནི་མ་སྐྱེས་པས་སྐྱེས་པ་འཐོབ་པ་དང་། སྐྱེས་པས་མ་སྐྱེས་པ་འཐོབ་པ་འདི་གཉིས་ནི་ མེད་ཀྱི། འཇིག་རྟེན་གྱི་ཐ་སྙད་དུ་ནི་ཉོན་མོངས་པ་དང་། ཤེས་བྱའི་སྒྲིབ་པ་སྤོང་བ་ཙམ་ལ་ཐོབ་པ་དང་མངོན་པར་རྟོགས་པ་གདགས་པ་དང་། རྒྱུན་དུ་ཞུགས་པ་དང་། དེ་བཞིན་གཤེགས་པ་ལ་སོགས་པ་གང་ཟག་ཏུ་གདགས་པར་བསྟན་ཏོ། །ཚེ་དང་ལྡན་པ་རབ་འབྱོར་ཇི་ལྟར་ འཇིག་རྟེན་གྱི་ཐ་སྙད་དུ་ཐོབ་པ་དང་མངོན་པར་རྟོགས་པ་གཟུགས་མེད་པ། བསྟན་དུ་མེད་པ་ཐོགས་པ་མེད་པ་སྟེ། འདི་ལྟར་མཚན་ཉིད་མེད་པར་མཚན་ཉིད་གཅིག་པ་དེ་བཞིན་དུ་མ་སྐྱེས་པ་ཡང་དེ་ལྟ་ཡིན་ནམ་ཞེས་བྱ་བ་ནི། ཅི་ཐོབ་པ་དང་མངོན་པར་རྟོགས་པ་བཞིན་དུ་མ་སྐྱེས་པ་ཡང་ དོན་དམ་པར་ཡང་མེད་པ་ཡིན་ནམ་ཞེས་འདྲིའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་དེ་དེ་བཞིན་ཏེ་ཞེས་བྱ་བ་ནི་དོན་དམ་པ་ནི་གཟུང་དུ་མེད་ཅིང་བརྗོད་དུ་མེད་པའི་ཕྱིར་མ་སྐྱེས་པ་ཡང་མ་སྐྱེས་པའི་རྣམ་པ་མེད་དོ་ཞེས་བསྟན་པའོ། །ད་ནི་སྐྱེ་བ་ཡང་བསྩལ་བའི་ཕྱིར། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ རྣམ་གྲངས་དེས་ན་སྐྱེ་བ་ཡང་མི་སྐྱེ་མི་སྐྱེ་བ་ཡང་མི་སྐྱེའོ་ཞེས་བྱ་བ་གསུངས་ཏེ། མ་སྐྱེས་པ་ནི་ཡོངས་སུ་གྲུབ་པ་ཡིན་པས་མི་སྐྱེའོ། །སྐྱེས་པ་ནི་ཀུན་བརྟགས་པ་ཡིན་ཏེ་མེད་པའི་ཕྱིར་མི་སྐྱེའོ། །དེ་བས་ན་རྣམ་གྲངས་འདི་ལ་སྐྱེ་བ་ཡང་མེད་དོ་ཞེས་བྱ་བའི་ཐ་ཚིག་གོ། །ཚེ་དང་ལྡན་པ་ རབ་འབྱོར་མ་སྐྱེས་པའི་ཆོས་མ་སྐྱེས་པའི་ཆོས་ཞེས་བྱ་བར་བརྗོད་པར་སྤོབས་སམ། ཚེ་དང་ལྡན་པ་རབ་འབྱོར་ཆོས་མ་སྐྱེས་པ་རྣམས་ཀྱི་སྐྱེ་བ་མེད་པ་ཡང་བརྗོད་པར་སྤོབས་སམ་ཞེས་བྱ་བ་ལ་མ་སྐྱེས་པ་དང་སྐྱེ་བ་མེད་པ་ཞེས་བྱ་བའི་སྒྲ་གཉིས་ཀ་ཡང་དེ་བཞིན་ཉིད་ཀྱི་རྣམ་གྲངས་སུ་ གྲགས་ཏེ། གང་གི་ཚེ་དེ་གཉིས་ཆོས་ཀྱི་སྒྲས་བྱེ་བྲག་ཏུ་ཕྱེ་ནས་མ་སྐྱེས་པའི་ཆོས་དང་། སྐྱེ་བ་མེད་པའི་ཆོས་ཞེས་བརྗོད་པ་དེའི་ཚེ། ཀུན་བརྟགས་པའི་ཆོས་ཀྱི་ཚིག་ཏུ་འགྱུར་རོ། །ཅི་དེ་སྐད་བརྗོད་དུ་རུང་ངམ་ཞེས་དྲིས་པ་དེའི་ཚེ། གནས་བརྟན་རབ་འབྱོར་གྱིས་མ་སྐྱེས་པ་དང་། སྐྱེ་བ་མེད་པའི་སྒྲ་གཉིས་ཀུན་བརྟགས་པའི་ཚིག་ཏུ་ཡང་གྲགས་པ་ཡིན་ནམ་སྙམ་དུ་བསམས་ནས། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་མ་སྐྱེས་པའི་ཆོས་མ་སྐྱེས་པའི་ཆོས་ཞེས་བྱ་བར་བརྗོད་པའི་སྤོབས་པ་ཡང་བདག་ལ་མེད་དོ། །ཆོས་མ་སྐྱེས་པ་རྣམས་ཀྱི་སྐྱེ་བ་མེད་པ་བརྗོད་པའི་སྤོབས་པ་ ཡང་བདག་ལ་མེད་དོ་གསུངས་སོ། །དེའི་འོག་ཏུ་མ་སྐྱེས་པ་དང་། སྐྱེ་བ་མེད་པ་གཉི་ག་ཡང་ཀུན་བརྟགས་པ་ཉིད་དུ་སྟོན་ཏེ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་མ་སྐྱེས་པའི་ཆོས་གང་ཡིན་པ་དང་། སྐྱེ་བ་མེད་པ་གང་ཡིན་པ་དང་། སྤོབས་པ་གང་ཡིན་ པ་དང་། བརྗོད་པ་གང་ཡིན་པ་དང་། མི་སྐྱེ་བ་གང་ཡིན་པའི་ཆོས་དེ་དག་ཐམས་ཅད་ཀྱང་ལྡན་པ་ཡང་མ་ཡིན་མི་ལྡན་པ་ཡང་མ་ཡིན། གཟུགས་མེད་པ། བསྟན་དུ་མེད་པ། ཐོགས་པ་མེད་པ་སྟེ། འདི་ལྟར་མཚན་ཉིད་མེད་པར་མཚན་ཉིད་གཅིག་པ་དག་གོ་ཞེས་བྱ་བ་ནི་མ་ སྐྱེས་པའི་ཆོས་དང་། སྐྱེ་བ་མེད་པར་བརྗོད་པར་སྤོབས་སོ་ཞེས་བྱ་བའི་ཚིག་འདི་ལ་མ་སྐྱེས་པ་དང་། སྐྱེ་བ་མེད་པ་དང་། མི་སྐྱེ་བ་དང་། ཆོས་དང་སྤོབས་པ་དང་། བརྗོད་པ་ཞེས་བྱ་བའི་ཆོས་འདི་དྲུག་བསྟན་ཏོ། །དེ་དག་ཐམས་ཅད་ཀྱང་ཀུན་བརྟགས་པ་ཡིན་པས་མེད་པའོ་ཞེས་བྱ་བའི་ ཐ་ཚིག་གོ། །ཆོས་ཡོད་པ་ནི་སེམས་ལས་བྱུང་བའམ། སེམས་དང་མི་ལྡན་པའམ། གཟུགས་ཅན་ནམ། འདུས་མ་བྱས་པ་ཞིག་ཡིན་གྲང་ན། དེ་ལ་ལྡན་པ་ཡང་མ་ཡིན་ཞེས་བྱ་བས་ནི་སེམས་ལས་བྱུང་བའི་དངོས་པོར་ཡོད་པ་མ་ཡིན་པར་སྟོན་ཏོ། ། མི་ལྡན་པ་ཡང་མ་ཡིན་ཞེས་བྱ་བས་ནི་སེམས་དང་མི་ལྡན་པའི་དངོས་པོར་ཡོད་པ་མ་ཡིན་པར་སྟོན་ཏོ། །གཟུགས་ཅན་མ་ཡིན་ཞེས་བྱ་བས་ནི་རྣམ་པར་རིག་བྱེད་མ་ཡིན་པ་ལ་སོགས་པ་གཟུགས་ཀྱི་ཆོས་བཅུ་གཅིག་པོ་ལྟར་གཟུགས་ཅན་གྱི་དངོས་པོར་ཡོད་པ་མ་ཡིན་པར་སྟོན་ཏོ། །བསྟན་ དུ་མེད་པ་ཞེས་བྱ་བ་ནི་ཁ་དོག་བཞིན་དུ་བསྟན་དུ་ཡོད་པའི་དངོས་པོར་ཡོད་པ་མ་ཡིན་པར་སྟོན་ཏོ། །ཐོགས་པ་མེད་པ་ཞེས་བྱ་བས་ནི་དབང་པོའི་གཟུགས་ཀྱི་མཚན་ཉིད་དུ་ཡོད་པ་མ་ཡིན་པར་སྟོན་ཏོ། །འདི་ལྟར་མཚན་ཉིད་མེད་པར་མཚན་ཉིད་གཅིག་པ་དག་གོ་ཞེས་བྱ་བས་ནི་འདུས་ མ་བྱས་པའི་མཚན་ཉིད་དུ་ཡོད་པ་མ་ཡིན་པར་སྟོན་ཏོ། །འདུས་མ་བྱས་པའི་མཚན་ཉིད་ཅེས་བྱ་བའི་ཆོས་ནི་གང་ཡང་མེད་དོ། །དེ་མེད་པས་ཡོད་པ་དང་མེད་པའི་མཚན་ཉིད་ལས་རྣམ་པར་གྲོལ་བའི་ཕྱིར་མཚན་ཉིད་མེད་པ་སྟེ་མཚན་ཉིད་མེད་པའི་མཚན་ཉིད་དུ་མཚན་ཉིད་གཅིག་པའོ་ ཞེས་བྱ་བའི་ཐ་ཚིག་གོ། །དེ་ནས་ཡང་གནས་བརྟན་ཤཱ་རིའི་བུས་ཅི་བརྗོད་པ་ལ་སོགས་པ་ཡང་མི་སྐྱེ་བའི་ངོ་བོ་ཉིད་ཡིན་ནམ་ཞེས་འདྲི་སྟེ། ཚེ་དང་ལྡན་པ་རབ་འབྱོར་ཅི་བརྗོད་པ་ཡང་སྐྱེ་བ་མེད། སྤོབས་པ་ཡང་སྐྱེ་བ་མེད། ཆོས་ཀྱང་སྐྱེ་བ་མེད་པ་གང་དག་ལས་བརྩམས་ཏེ་ བརྗོད་པར་སྤོབས་པའི་ཆོས་དེ་དག་ཀྱང་སྐྱེ་བ་མེད་པ་ཡིན་ནམ་ཞེས་བྱ་བ་ནི་ཅི་བརྗོད་པ་དང་། སྤོབས་པ་དང་། ཆོས་དང་བརྗོད་པར་བྱ་བའི་ཆོས་ཐམས་ཅད་ཀྱང་སྐྱེ་བ་མེད་པའི་ངོ་བོ་ཉིད་ཡིན་ནམ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ནས་གནས་བརྟན་རབ་འབྱོར་གྱིས་དེ་དེ་བཞིན་ནོ་ཞེས་བྱ་བ་ ཐམས་ཅད་ཀྱང་སྐྱེ་བ་མེད་པའི་ངོ་བོ་ཉིད་ཡིན་པར་ཁས་ལེན་ཏེ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་དེ་དེ་བཞིན་ཏེ་བརྗོད་པ་ནི་སྐྱེ་བ་མེད་པའོ། །སྤོབས་པ་ནི་སྐྱེ་བ་མེད་པའོ། །ཆོས་ནི་སྐྱེ་བ་མེད་པའོ། །གང་དག་ལས་བརྩམས་ཏེ་བརྗོད་པར་སྤོབས་པའི་ཆོས་དེ་དག་ཀྱང་སྐྱེ་བ་མེད་པའོ་ ཞེས་དེ་སྐད་བརྗོད་ནས། གཟུགས་སྐྱེ་བ་མེད་དོ་ཞེས་བྱ་བ་ལ་སོགས་པས་ཐམས་ཅད་ཀྱང་སྐྱེ་བ་མེད་པའི་ངོ་བོ་ཉིད་དུ་སྟོན་ཅིང་སྐྱེ་བ་མེད་པའི་འགྲེས་སྔར་བསྟན་པ་ཉིད་ཀྱང་སྟོན་ཏོ། །བསྟན་པ་འདི་ལ་ཡང་སྔར་སྨོས་པའི་སྐྱོན་འགྲོ་བ་ལྔ་པོ་དག་ཀྱང་ཐ་མི་དད་པར་འགྱུར་རོ་ཞེས་བྱ་བ་ ལ་སོགས་པ་དེ་དྲན་པར་བྱས་ནས། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་དེ་ལྟར་འགྲོ་བ་ལྔ་པོ་རྣམས་ཀྱང་ཐ་མི་དད་པར་འགྱུར་རོ་ཞེས་ཟེར་བ་ནི་ཞེས་བྱ་བ་ལ་སོགས་པས་དེ་ལ་ལན་འདེབས་ཏེ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ཇི་ལྟར་འཐོབ་པ་དང་། མངོན་པར་རྟོགས་པ་འཇིག་རྟེན་གྱི་ཐ་ སྙད་དུ་ཡོད་པ་དེ་བཞིན་དུ་ཞེས་བྱ་བ་ནི་ཇི་ལྟར་དོན་དམ་པར་ཐོབ་པ་དང་མངོན་པར་རྟོགས་པ་གཉིས་མེད་པ་དང་། རྒྱུན་དུ་ཞུགས་པ་ལ་སོགས་པ་ཡང་མེད་པ་དེ་བཞིན་དུ་ཐེག་པ་གསུམ་པོ་དག་ཀྱང་དེ་བཞིན་ཉིད་ཙམ་དུ་ཟད་པའི་ཕྱིར་དོན་དམ་པར་འབྲས་བུ་ལ་བྱེ་བྲག་མེད་དོ་ཞེས་བྱ་བའི་ ཐ་ཚིག་གོ། །འོ་ན་སྔོན་བསྐལ་པ་གྲངས་མེད་པ་གསུམ་དུ་ཚོགས་ཡོངས་སུ་རྫོགས་པར་བྱེད་པའི་ཚེ་ལས་ཀྱི་བྱེ་བྲག་ཀྱང་ཡོད་ལ་དེ་དང་རྗེས་སུ་མཐུན་པའི་རྣམ་པར་སྨིན་པའི་བྱེ་བྲག་དང་། དེ་བཞིན་དུ་འབྲས་བུའི་ཚེ་ཡང་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་རྣམས་སྐྱེས་པ་དང་ མ་སྐྱེས་པ་ལས་གྱུར་པའི་བྱེ་བྲག་དང་། དེ་དག་ཉིད་ཀྱི་དབང་གིས་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་ལས་གྱུར་པའི་བྱེ་བྲག་ཀྱང་ཡོད་དོ་ཞེས་ལོག་པར་ཞུགས་པ་རྣམས་ཀྱི་ཕྱིར་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་འདི་ལྟར་དོན་དམ་པར་ནི་ལས་ཀྱང་མེད། ལས་ཀྱི་རྣམ་པར་ སྨིན་པ་ཡང་མེད། སྐྱེ་བ་ཡང་མེད། འགག་པ་ཡང་མེད། ཀུན་ནས་ཉོན་མོངས་པ་ཡང་མེད། རྣམ་པར་བྱང་བ་ཡང་མེད་དོ་ཞེས་གསུངས་ཏེ། འདི་དག་ཐམས་ཅད་ནི་ཀུན་བརྟགས་པ་སྟེ་ཡོད་པ་མ་ཡིན་པའོ། །དེ་བས་ན་དེ་དག་གི་དབང་གིས་དེ་བཞིན་ཉིད་ཐ་དད་དུ་མི་འགྱུར་ རོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟར་མ་སྐྱེས་པ་བསྩལ་ནས། ཡང་སྐྱེ་བའི་ཆོས་བསྩལ་བའི་ཕྱིར་དྲི་བ་བརྩམས་ཏེ། ཚེ་དང་ལྡན་པ་རབ་འབྱོར་ཅི་མ་སྐྱེས་པའི་ཆོས་སྐྱེ་བར་འགྱུར་རམ། འོན་ཏེ་སྐྱེས་པའི་ཆོས་སྐྱེ་བར་འགྱུར་ཞེས་བྱ་བ་སྨོས་སོ། །དེ་ལ་འདི་འདྲི་སྟེ། ཅི་གང་གི་ ཚེ་ས་བོན་ལས་མྱུ་གུ་ལ་སོགས་པ་སྐྱེ་བའི་ཕྱིར། མྱུ་གུ་སྐྱེ་བ་དེ་མ་བྱུང་མ་སྐྱེས་པ་ཞིག་སྐྱེ་འམ། འོན་ཏེ་བྱུང་ཞིང་སྐྱེས་ཟིན་པ་ཞིག་སྐྱེ་ཞེས་བྱ་བའོ། །དེ་སྐད་ཅེས་སྨྲས་པ་དང་། གལ་ཏེ་མྱུ་གུ་མ་སྐྱེས་པ་སྐྱེ་ན་ནི་མ་སྐྱེས་པ་ཐམས་ཅད་ཀྱང་ངེས་པ་མེད་པར་སྐྱེ་བར་ འགྱུར་རོ། །གལ་ཏེ་སྐྱེས་ཟིན་པ་ཞིག་སྐྱེ་ན་ནི་ཡང་དང་ཡང་དུ་བཟླས་ཏེ། སྐྱེ་བར་འགྱུར་བ་ལ་སོགས་པ་རིགས་པ་དང་འགལ་བར་འགྱུར་བའི་ཕྱིར་གཉི་ག་ལྟར་ཡང་སྨྲར་མི་རུང་ནས། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་བདག་ནི་མ་སྐྱེས་པའི་ཆོས་ཀྱང་སྐྱེ་བར་མི་འདོད། སྐྱེས་པའི་ཆོས་ ཀྱང་སྐྱེ་བར་མི་འདོད་དོ་ཞེས་གནས་བརྟན་གྱིས་སྨྲས་ཏེ། མ་སྐྱེས་པ་ནི་མ་སྐྱེས་པ་ཉིད་ཀྱི་ཕྱིར་མེད་དེ་མེད་པ་ཉིད་ཀྱི་ཕྱིར་མི་སྐྱེའོ། །སྐྱེས་པ་ཡང་སྐྱེས་ཟིན་པ་ཉིད་ཀྱི་ཕྱིར་ཡང་མི་སྐྱེ་སྟེ། དེ་བས་ན་དོན་དམ་པར་སྐྱེ་བའི་ཆོས་མེད་པ་ཉིད་དོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་སྐད་སྨྲས་པ་དང་ འགའ་ཞིག་མ་སྐྱེས་པའི་ཆོས་རི་བོང་གི་རྭ་ལ་སྐྱེ་བ་མེད་དམ་སྐྱེས་པ་འདས་པ་རྣམས་ལ་སྐྱེ་བ་མེད་དམ་ཞེས་སྨྲར་འོང་ཞེས་དེའི་ཕྱིར། ཚེ་དང་ལྡན་པ་རབ་འབྱོར་ཁྱོད་མ་སྐྱེས་པའི་ཆོས་སྐྱེ་བར་མི་འདོད་པ་གང་ཡིན་ཞེས་བྱ་བ་དང་། སྐྱེས་པ་སྐྱེ་བར་མི་འདོད་པ་གང་ཡིན་ཞེས་བྱ་བའི་ འགྲེས་གཉིས་དྲིས་སོ། །ཡང་སྐྱེ་བ་བསྩལ་བའི་ཕྱིར། ཚེ་དང་ལྡན་པ་རབ་འབྱོར་ཅི་མ་སྐྱེས་པའི་ཆོས་སྐྱེ་བར་འགྱུར་རམ། འོན་ཏེ་སྐྱེས་པའི་ཆོས་སྐྱེ་བར་འགྱུར་ཞེས་དེ་སྐད་སྨྲས་པ་དང་། མི་སྐྱེ་བ་ནི་འདུས་མ་བྱས་པའི་ཕྱིར་མི་སྐྱེ་ལ། སྐྱེ་བ་ཡང་ཀུན་བརྟགས་པ་སྟེ། ཡོད་པ་མ་ ཡིན་པའི་ཕྱིར་མི་སྐྱེ་བས་གནས་བརྟན་གྱིས། ཚེ་དང་ལྡན་པ་ཤ་ར་དྭི་ཏི་བུ་སྐྱེ་བ་ཡང་མི་སྐྱེ། མི་སྐྱེ་བ་ཡང་མི་སྐྱེའོ་ཞེས་བྱ་བ་གསུངས་པ་དེའི་གཏན་ཚིགས་སུ་ཚེ་དང་ལྡན་པ་ཤ་ར་དྭི་ཏིའི་བུ་འདི་ལྟར་སྐྱེ་བ་གང་ཡིན་པ་དང་མི་སྐྱེ་བ་གང་ཡིན་པ་དེ་གཉིས་ཀ་ཡང་ལྡན་པ་ཡང་མ་ཡིན་མི་ ལྡན་པ་ཡང་མ་ཡིན་ཏེ། མི་སྐྱེ་བ་ཉིད་དོ་ཞེས་བྱ་བ་ཡང་གསུངས་ཏེ། དེ་ལྟ་ཡིན་ཡང་གཉི་ག་ཡང་དོན་དམ་པར་དེ་བཞིན་ཉིད་ཙམ་དུ་ཟད་དོ་ཞེས་བྱ་བར་དགོངས་པའོ། །དེ་སྐད་བསྟན་ནས་སྐྱེ་བ་མེད་པའི་འགྲེས་སྔར་བསྟན་པ་ཉིད་ཀྱང་བསྟན་ཏེ། དེ་ལྟར་ན་གཟུགས་སྐྱེ་བ་མེད་དོ་ཞེས་བྱ་ བ་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་སྐྱེ་བ་མེད་དོ་ཞེས་བསྟན་ནས། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་རྣམ་གྲངས་འདིས་ན་བརྗོད་པ་ནི་སྐྱེ་བ་མེད་པ་སྟེ། སྤོབས་པ་ཡང་སྐྱེ་བ་མེད་ལ། ཆོས་ཀྱང་སྐྱེ་བ་མེད་དེ་གང་དག་ལས་བརྩམས་ཏེ་བརྗོད་པར་སྤོབས་པའི་ཆོས་དེ་དག་ཀྱང་ སྐྱེ་བ་མེད་པའོ་ཞེས་མཇུག་བསྡུས་སོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་གཟུགས་རང་བཞིན་གྱིས་སྟོང་པ་སྟེ་ཞེས་བྱ་བ་ནི་ཆོས་ཉིད་ཀྱི་གཟུགས་བསྟན་པ་སྟེ། དེ་བས་ན་དེ་ནི་ནང་ན་ཡང་མི་གནས་ཕྱི་རོལ་ན་ཡང་མི་གནས། གཉིས་ཀ་མེད་པར་ཡང་མི་དམིགས་སོ་ཞེས་བྱ་བ་གསུངས་ སོ། །གལ་ཏེ་དེ་འགའ་ཞིག་ལ་གནས་ན་ནང་ངམ་ཕྱི་རོལ་ལམ། གཉི་ག་ལས་གཞན་འགའ་ཞིག་ལ་གནས་གྲང་ན། འདི་ལྟར་དེ་གསུམ་ཆར་ལ་ཡང་དོན་དམ་པར་མེད་དེ། དེ་བས་ན་མི་གནས་པའོ། །དེ་སྐད་བསྟན་ནས་གནས་པ་དང་མི་གནས་པ་དེ་ཉིད་ཀྱི་མཚན་ ཉིད་ལེགས་པར་རྒྱ་བསྐྱེད་དེ་བྱང་ཆུབ་ཀྱི་ལམ་ཡོངས་སུ་སྤྱད་པའི་ཐབས་སྟོན་ཏེ། འཇིག་རྟེན་པ་ཡང་ཡོད་འཇིག་རྟེན་ལས་འདས་པ་ཡང་ཡོད་ཅེས་བྱ་བ་ལ་སོགས་པའོ། །འཇིག་རྟེན་ལས་མི་གཡོ་མི་འཕགས་མི་འདའ་ཞེས་པ་བྱ་དེ་ཀུན་བརྟགས་པ་ལས་ཞེས་བྱ་བའི་ཐ་ཚིག་སྟེ། བཟོད་པ་ཆུང་ངུ་དང་འབྲིང་དང་ཆེན་པོའི་དབང་གིས་རྣམ་པ་གསུམ་མོ། །ལྷག་མ་ནི་དོན་གསལ་ལོ། །གང་དག་གིས་འཇིག་རྟེན་དུ་འགྱུར་བ་ཞེས་བྱ་བ་ལ་སོགས་པའི་ཚིག་བདུན་ནི་དེ་ལ་ཁ་ཅིག་ཏུ་ནི་འཇིག་རྟེན་གྱི་སྒྲ་ཕུང་པོ་ལྔ་ལ་བྱ། ཁ་ཅིག་ཏུ་ནི་སེམས་ཅན་གྱི་འཇིག་རྟེན། ཁ་ཅིག་ཏུ་ནི་སྣོད་ཀྱི་འཇིག་རྟེན། ཁ་ཅིག་ཏུ་ནི་སོ་སོའི་སྐྱེ་བོའི་འཇིག་རྟེན། ཁ་ཅིག་ཏུ་ནི་འཁོར་བ། ཁ་ཅིག་ཏུ་ནི་ཀུན་བརྟགས་པའི་ཆོས་རྣམས། ཁ་ཅིག་ཏུ་ནི་འདོད་པའི་ཡོན་ཏན་ལྔ་རྣམས་ལ་བྱ་སྟེ། གང་དག་གིས་འཇིག་རྟེན་དུ་འགྱུར་བ་ཞེས་བྱ་བ་ནི་ཕུང་པོའི་འཇིག་ རྟེན་ནོ། །གང་དག་འཇིག་རྟེན་འགྲུབ་པར་བྱེད་པ་ཞེས་བྱ་བ་ནི་སྣོད་ཀྱི་འཇིག་རྟེན་ནོ། །གང་དག་འཇིག་རྟེན་དང་མཉམ་པ་ཞེས་བྱ་བ་ནི་ཀུན་བརྟགས་པའི་ཆོས་རྣམས་དང་མཉམ་པའོ། །གང་དག་གིས་འཇིག་རྟེན་གྱི་ཕྱིར་སྦྱིན་པ་ཞེས་བྱ་བ་ནི་འདོད་པའི་ཡོན་ཏན་ལྔ་འཇིག་རྟེན་གྱི་ཕྱིར་སྦྱིན་ པའོ། །གང་དག་གིས་འཇིག་རྟེན་ལས་འབྱུང་བར་མི་འགྱུར་བ་ཞེས་བྱ་བ་ནི་འཁོར་བའི་འཇིག་རྟེན་ལས་སོ། །གང་དག་འཇིག་རྟེན་འབྱུང་བར་འགྱུར་བ་ཞེས་བྱ་བ་ནི་སོ་སོའི་སྐྱེ་བོའི་འཇིག་རྟེན་ཏེ། འབྱུང་བ་ནི་འཕེལ་བའི་ཕྱིར་རོ། །གང་དག་འཇིག་རྟེན་དུ་ འབྱུང་བར་འགྱུར་བ་ཞེས་བྱ་བ་ནི་སྣོད་ཀྱི་འཇིག་རྟེན་དུ་སེམས་ཅན་གྱི་འཇིག་རྟེན་འབྱུང་ངོ་། །གང་དག་གིས་འཇིག་རྟེན་སྒྲོལ་བ་ཞེས་བྱ་བ་ནི་སེམས་ཅན་གྱི་འཇིག་རྟེན་ནོ། །གང་དག་འཇིག་རྟེན་སེལ་བར་བྱེད་པ་ཞེས་བྱ་བ་ནི་འདོད་པའི་ཡོན་ཏན་ལྔ་རྣམས་སོ། །འཇིག་རྟེན་ གྱིས་གང་དག་གིས་སྒྲོལ་བར་བྱེད་པ་ཞེས་བྱ་བ་ནི་འཕགས་པའི་གང་ཟག་གི་འཇིག་རྟེན་གྱིས་སོ། །གང་དག་འཇིག་རྟེན་མ་ཡིན་པར་འགྱུར་ཞེས་བྱ་བ་ནི་ཡོངས་སུ་གྲུབ་པར་འགྱུར་བའོ། །གང་དག་གིས་འཇིག་རྟེན་ལས་འབྱུང་བར་འགྱུར་བ་ཞེས་བྱ་བ་ནི་འཁོར་བའི་འཇིག་རྟེན་ ལས་འབྱུང་བའོ། །གང་དག་འཇིག་རྟེན་ལས་སྒྲོལ་བ་ཞེས་བྱ་བ་ནི་སྣོད་ཀྱི་འཇིག་རྟེན་ལས་སོ། །གང་དག་འཇིག་རྟེན་དུ་སྒྲོལ་བར་བྱེད་པ་ཞེས་བྱ་བ་ནི་ཆོས་ཀྱི་འཇིག་རྟེན་རྣམས་སུའོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ལེགས་སོ་ལེགས་སོ། །ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས་ཡང་ དག་པའི་ཚིག་བརྗོད་པས་དོན་ཉིད་ཡོངས་སུ་བཟུང་བ་ནི་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་དམིགས་སུ་ཕེབས་སོ་ཞེས་བྱ་བ་ནི་ཤཱ་རིའི་བུའི་ཚིག་ལ་ཚིག་རྣམ་པ་གསུམ་གྱིས་རྗེས་སུ་ཡི་རང་བའི་ཚིག་སྟེ། ལེགས་ཤིང་རིགས་པས་དམིགས་སུ་ཕེབས་པར་དོན་ཡོངས་སུ་བཟུང་ངོ་ཞེས་སྟོན་ཏོ། །སེམས་ ཅན་མེད་པའི་ཕྱིར་ཡིད་ལ་བྱེད་པ་མེད་པར་རིག་པར་བྱའོ། །སེམས་ཅན་སྟོང་པ་ཉིད་ཀྱི་ཕྱིར་ཡིད་ལ་བྱེད་པ་སྟོང་པ་ཉིད་དུ་རིག་པར་བྱའོ། །སེམས་ཅན་དབེན་པ་ཉིད་ཀྱི་ཕྱིར་ཡིད་ལ་བྱེད་པ་དབེན་པ་ཉིད་དུ་རིག་པར་བྱའོ། །སེམས་ཅན་ངོ་བོ་ཉིད་མེད་པའི་ཕྱིར་ཡིད་ལ་བྱེད་པ་ངོ་བོ་ཉིད་མེད་ པར་རིག་པར་བྱའོ། །སེམས་ཅན་མངོན་པར་རྫོགས་པར་འཚང་རྒྱ་བ་མེད་པའི་ཕྱིར་ཡིད་ལ་བྱེད་པ་མངོན་པར་རྫོགས་པར་འཚང་རྒྱ་བ་མེད་པར་རིག་པར་བྱའོ་ཞེས་བྱ་བ་ཡིད་ལ་བྱེད་པ་དེ་ལྔ་དེ་ལས་གཞན་པ་རྣམས་ལ་མེད་དེ་དེ་བས་ན་དེ་དག་བྱང་ཆུབ་སེམས་དཔའ་མ་ཡིན་ནོ་ཞེས་བསྟན་ པ་ཡིན་ནོ། །དེ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་གནས་པ་འདི་དང་། ཡིད་ལ་བྱེད་པ་འདི་དང་མ་བྲལ་ལོ་ཞེས་བདག་སྨྲའོ་ཞེས་བསྟན་ཏོ། །དེ་ལྟར་རེ་ཞིག་ཆོ་འཕྲུལ་བསྟན་པ་དང་བཅས། འབྲས་བུ་བསྟན་པ་དང་བཅས་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ འབྲིང་དུ་བཤད་པ་ཡོངས་སུ་རྫོགས་པར་བྱས་པ་ཡིན་ནོ། །དེ་བཞིན་གཤེགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདིས་མདོ་དང་འབྲིང་དང་རྒྱས་པ་རྣམ་པ་གསུམ་དུ་བསྟན་ཏོ་ཞེས་བཤད་དེ། དེ་ལ་འདུལ་བའི་དབང་གིས་མདོ་དང་འབྲིང་གི་ཚུལ་གཉིས་ནི་བསྟན་ཟིན་ཏོ། །འདི་མན་ཆད་ ནི་འདུལ་བའི་འགྲོ་བའི་ཡོངས་སུ་མ་སྨིན་པ་རྣམས་ཀྱི་ཐེ་ཚོམ་སྐྱེས་ཤིང་སྐྱེས་པ་རྣམས་བསལ་བས་ཡོངས་སུ་སྨིན་པར་བྱས་ནས་ཡོངས་སུ་སྨིན་པ་རྣམས་དེ་ཁོ་ན་ཉིད་ཀྱི་དོན་རྟོགས་པར་བྱེད་པ་ཀུན་རྫོབ་དང་དོན་དམ་པའི་ཚུལ་རྣམ་པར་དབྱེ་བས་རྒྱས་པ་རྣམ་པ་གཉིས་སུ་བསྟན་ཏེ། དེ་ ནས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན་རྒྱལ་པོ་ཆེན་པོ་གང་དག་འཁོད་པ་དེ་དག་ཐམས་ཅད་དང་། ལྷའི་བུ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དུ་མ་ལྷན་ཅིག་ཏུ་འཁོར་དེ་ཉིད་དུ་འདུས་པར་གྱུར་ཏོ་ཞེས་བྱ་བ་ལ་སོགས་པས་ཅིའི་ཕྱིར་ལྷ་རྣམས་འདུས་པར་ཡང་བསྟན་ ལ། དེ་བཞིན་གཤེགས་པའི་མཐུ་བརྗོད་པའི་སྐབས་ནི་གང་ཡིན་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པ་འདི་སྔོན་མ་བྱུང་བའི་ཕྱིར་སྔོན་མ་བྱུང་བའི་ཆོས་བསྟན་པའི་ལྟས་སུ་འཁོར་འདུས་པ་ཡང་མདོར་བསྟན་དགོས་སོ། །འོད་ཟེར་འབྱིན་ཅིང་འོད་བཀོད་པ་ཡང་ སྟོན་ཞེས་འབྱུང་བས་ན་ཆོས་བཤད་པའི་ལྟས་བསྟན་པའི་ཕྱིར་འོད་བསྟན་པ་མཛད་པར་རིག་པར་བྱའོ། །ཅིའི་ཕྱིར་ལྷའི་དབང་པོ་དེ་བཞིན་གཤེགས་པ་ལ་གསོལ་བ་མི་འདེབས་པར་གནས་བརྟན་རབ་འབྱོར་ལ་གསོལ་བ་འདེབས་ཤེ་ན། དེའི་ཚེ་འཁོར་རྣམས་ཉན་ཐོས་ཀྱིས་ བཤད་པར་འདུལ་བའི་ཕྱིར་དེ་ལྟར་དེ་ལ་གསོལ་བ་བཏབ་པའི་སྒོ་ནས་དེ་བཞིན་གཤེགས་པ་ལ་ཡང་གསོལ་བ་བཏབ་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པར་བྱ། བྱང་ཆུབ་སེམས་དཔའ་སེམས་དཔའ་ ཆེན་པོའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་གང་ཡིན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ནི་ཇི་ལྟར་བསླབ་པར་བྱ་ཞེས་དྲིས་པ་འདི་གསུམ་གྱི་ལན་ནི་འོག་ནས་སྟོན་ཏོ། །དེ་ལ་སྔར་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ ནས་བརྩམས་ཏེ། རྣམ་པར་མི་རྟོག་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བཟུང་ནས་འབྲིང་དུ་བཤད་པ་བསྟན་ཏོ། །འདིར་ནི་ལམ་གྱི་རྣམ་པ་ཤེས་པ་ཉིད་ནས་བརྩམས་ཏེ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྒྲུབ་པ་རྣམ་པར་རྟོག་པ་དང་བཅས་པ་དང་རྣམ་པར་མི་རྟོག་པའི་ཕ་རོལ་ ཏུ་ཕྱིན་པ་བསྟན་ཏོ། །གང་དག་སྐྱོན་མེད་པ་ལ་ཞུགས་པ་དེ་དག་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པའི་མཐུ་མེད་དེ་ཞེས་བྱ་བ་ནི་གང་དག་ལོག་པ་ཉིད་དུ་ངེས་པ་དེ་དག་ནི་རེ་ཞིག་སྐལ་བ་མེད་པ་ཞེས་བྱའོ། །འོན་ཀྱང་གལ་ཏེ་དེ་དག་བླ་ན་མེད་པ་ཡང་ དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་དེ་དག་ལ་ཡང་རྗེས་སུ་ཡི་རང་ངོ་ཞེས་བྱ་བ་ནི་བཤད་པ་འདི་དེ་དག་གི་རྣ་བར་ཐོས་ན་ཡང་དོན་མེད་པར་མི་འགྱུར་བས་བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དཔག་ཏུ་མེད་གྲངས་མེད་པའི་ཕ་རོལ་དུ། དེ་དག་སངས་རྒྱས་ཉིད་ལ་འཇུག་པར་ འགྱུར་རོ་ཞེས་ལུང་ལས་འབྱུང་བའི་ཕྱིར་རོ། །ཀཽ་ཤི་ཀ་དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་ནི་དྲིས་པ་རྣམ་པ་གསུམ་ལས་བར་མ་བསྟན་པ་ཡིན་ཡང་དང་པོར་བསྟན་པ་ནི་དེ་ལྟར་བསྟན་ན་གོ་སླ་བའི་ ཕྱིར་རོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་ལ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཕྱོགས་དང་། བྱང་ཆུབ་སེམས་དཔའི་ས་ལ་ལམ་གྱི་རྣམ་པ་ཤེས་པའི་ཕྱོགས་ཡིན་མོད་ཀྱི་གཉི་ག་ཡང་འདིར་བྱང་ཆུབ་སེམས་དཔའ་རྣམ་པ་ཐམས་ཅད་མཁྱེན་པ་ ཉིད་ཐོབ་པར་འདོད་པ་ལ་ལམ་གྱི་རྣམ་པ་ཤེས་པ་བསྟན་པར་བྱའོ། །དེ་ལ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཕྱོགས་ནི། ཀཽ་ཤི་ཀ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་སེམས་བསྐྱེད་པས་གཟུགས་མི་རྟག་པར་ཡིད་ལ་ བྱའོ། །དེ་བཞིན་དུ་སྡུག་བསྔལ་བ་དང་། བདག་མེད་པ་དང་། སྟོང་པ་དང་། ནད་དང་། འབྲས་དང་ཞེས་བྱ་བ་ལ་སོགས་པ་ཡིད་ལ་བྱེད་པ་བཅོ་ལྔ་བསྟན་པ་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་འགོག་པ་ལ་དམིགས་པའི་ཡིད་ལ་བྱེད་པ་བདུན་བསྟན་པས་བཤད་པར་རིག་པར་ བྱའོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱི་ཕྱོགས་ནི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ནས་མ་འདྲེས་པའི་མཐའི་བར་དུ་མི་དམིགས་པར་ཡིད་ལ་བྱེད་པ་རྣམས་དང་། ཆོས་དང་ཆོས་རྣམས་སྦྱོར་བ་ཞེས་བྱ་བ་ལ་སོགས་པས་བསྟན་ཏོ། །དེ་ལ་ཉན་ཐོས་དང་རང་སངས་རྒྱས་ཀྱི་སའི་ ཚུལ་གྱིས་མི་རྟག་པ་ལ་སོགས་པའི་ཚིག་རྣམས་ཀྱི་དོན་བཤད་པར་བྱ་སྟེ། མ་བྱུང་བ་ལས་འབྱུང་བ་དང་བྱུང་ནས་ཀྱང་མེད་པར་འགྱུར་བའི་ཕྱིར། མི་རྟག་པར་ཡིད་ལ་བྱེད་དོ། །བདག་ཉིད་སྡུག་བསྔལ་གསུམ་དང་ལྡན་པ་དང་། གཞན་དག་གི་སྡུག་བསྔལ་གྱི་རྒྱུར་འགྱུར་ བའི་ཕྱིར། སྡུག་བསྔལ་བའོ། །དབང་སྒྱུར་བ་མེད་པ་ལ་སོགས་པས་བདག་རང་ལ་བདག་གི་མཚན་ཉིད་དང་མི་ལྡན་པའི་ཕྱིར་བདག་མེད་པའོ། །ཆུ་ཤིང་གི་སྡོང་བོ་ལྟར་ནང་གི་སྙིང་པོ་མེད་པས་ནང་བདག་གིས་སྟོང་པའི་ཕྱིར་སྟོང་པའོ། །རྐྱེན་དུ་མས་གསོ་དགོས་པ་དང་། ལུས་དང་ ཡིད་ཀྱི་སྡུག་བསྔལ་གྱི་རྩ་བ་ཡིན་པའི་ཕྱིར་ནད་དང་འདྲ་བས་ནད་དོ། །ཞེན་པའི་གནོད་པ་དང་ལྡན་པ་དང་། ཉོན་མོངས་པའི་མི་གཙང་བ་ཟག་པ་དང་། སྐྱེ་བ་དང་། རྒ་བ་དང་། འཇིག་པས་རིམ་བཞིན་དུ་སྐྲངས་པ་དང་སྨིན་པ་དང་། རྡོལ་བའི་ཕྱིར་འབྲས་དང་འདྲ་བས་ན་འབྲས་སོ། ། ཕྱི་ནང་གི་གནོད་པས་ཟུག་པར་བྱེད་ཅིང་བཅོས་དཀའ་བས་ཟུག་རྔུ་དང་འདྲ་བའི་ཕྱིར་ཟུག་རྔུའོ། །སྨད་པར་བྱ་བ་ཡིན་པ་དང་། གནོད་པར་འགྱུར་བའི་ཕྱིར་སྡིག་ཏོ་དང་འདྲ་བས་ན་སྡིག་པའོ། །རྐྱེན་གྱི་ཁར་ལས་པ་དང་། ལས་བདག་གིར་བྱ་བ་ཡིན་པས། གཞན་ལས་དབང་བསྒྱུར་ བ་མེད་པའི་ཕྱིར་གཞན་ལ་རག་ལས་པའོ། །ནད་དང་རྒ་བ་དང་། འཆི་བ་རྣམས་ཀྱིས་རབ་ཏུ་འཇིག་པའི་རང་བཞིན་ཡིན་པའི་ཕྱིར། འཇིག་པའི་ཆོས་ཅན་ནོ། །འདུས་བྱས་ཀྱི་མཚན་ཉིད་གསུམ་དང་ལྡན་ཞིང་འཇིག་རྟེན་གྱི་ཆོས་མི་བརྟན་པ་བརྒྱད་དང་ལྡན་པའི་ཕྱིར་མི་བརྟན་པའོ། །རང་ གི་ངང་དང་། གནོད་པས་ཀྱང་འཇིག་པར་འགྱུར་བའི་ངང་ཚུལ་ཅན་ཡིན་པའི་ཕྱིར། རབ་ཏུ་འཇིག་པའོ། །མི་འཇིགས་པ་ཞེས་བྱ་བ་ཉེ་བར་ཞི་བ་བདེ་བའི་གཉེན་པོ་ཡིན་པ་དང་། འཇིགས་པ་ཐམས་ཅད་ཀྱི་རྒྱུ་ཡིན་པའི་ཕྱིར་འཇིགས་པའོ། །མ་ཚོར་བཞིན་ དུ་གནོད་པ་སྣ་ཚོགས་ཀྱིས་འཚེ་བའི་ཕྱིར། འཚེ་བའོ། །གནོད་པ་རྣམ་པ་མང་པོ་དང་། འདྲེ་བ་དང་། འགོ་བའི་ནད་དང་འདྲ་བའི་ཕྱིར། འགོ་བའི་ནད་དོ། །བདག་མེད་པ་དང་། ཞི་བར་ཡིད་ལ་བྱའོ་ཞེས་བྱ་བ་ལ་སོགས་པ་ལ། །ངག་གི་མཚན་ཉིད་དང་བྲལ་བའི་ཕྱིར་བདག་མེད་ པའོ། །སྡུག་བསྔལ་ཐམས་ཅད་ཉེ་བར་ཞི་བའི་ཕྱིར་ཞི་བའོ། །ཉོན་མོངས་པ་དང་མི་ལྡན་པའི་ཕྱིར་དབེན་པའོ། །བདག་དང་བདག་གི་བས་སྟོང་པ་ཉིད་དང་ལྡན་པའི་ཕྱིར་སྟོང་པ་ཉིད་དོ། །འདུས་བྱས་ཀྱི་མཚན་མ་ཐམས་ཅད་དང་བྲལ་བའི་ཕྱིར་མཚན་མ་མེད་པའོ། །ཁམས་ གསུམ་དུ་མི་སྨོན་པས་སྨོན་པ་མེད་པའོ། །ཕྱིས་ལས་མངོན་པར་འདུ་བྱེད་པ་མེད་པའི་ཕྱིར། མངོན་པར་འདུ་བྱེད་པ་མེད་པ་ཞེས་བྱ་བར་སྦྱར་རོ། །ཆོས་དང་ཆོས་རྣམས་སྦྱོར་བ་བྱེད་ཅེས་བྱ་བ་ལ་སོགས་པ་ལ། བྱང་ཆུབ་ཀྱི་སེམས་དང་། དགེ་བའི་རྩ་བའི་སེམས་དང་། ཡོངས་སུ་བསྔོ་ བའི་སེམས་རྣམས་ཕན་ཚུན་དུ་འགྲོགས་པར་ཡིད་ལ་བྱེད་པ་ནི་སྦྱོར་བའོ། །གསུམ་ཆར་ཡང་བདག་གི་ངོ་བོ་དང་། གཞན་གྱི་ངོ་བོ་ལ་ཡོད་པ་མ་ཡིན་པར་ཡིད་ལ་བྱེད་པ་ནི་དཔྱོད་པར་བྱེད་པའོ། །གསུམ་ཆར་ཡང་སེམས་མ་ཡིན་པའི་ཕྱིར་བསམ་གྱིས་མི་ཁྱབ་པའོ། །བསམ་གྱིས་ མི་ཁྱབ་པའི་ཕྱིར་སེམས་མ་ཡིན་པའོ་ཞེས་ཡིད་ལ་བྱེད་པ་བཤད་ཟིན་པའི་དོན་ཡོངས་སུ་རྫོགས་པའོ། །དེ་ལྟར་ཆོས་ཐམས་ཅད་ལ་ཡང་སོ་སོར་རྟོག་ལ་ཆོས་གང་ལ་ཡང་མངོན་པར་ཞེན་པ་མེད་པ་ཞེས་བྱ་བ་ནི་ཐམས་ཅད་དུ་རྒྱས་པ་སྟེ། འདི་ནི་བདག་མེད་པར་སོ་སོར་བརྟགས་ པ་བཞི་པའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དགེ་བའི་རྩ་བའི་སེམས་གང་ཡིན་པ་དེ་བྱང་ཆུབ་ཀྱི་སེམས་དང་འགྲོགས་པ་མ་ཡིན་ཞེས་བྱ་བ་ལ་སོགས་པས་ཅི་བསྟན་ཞེ་ན། བྱང་ཆུབ་སེམས་དཔའ་ནི་སྔར་ཀུན་རྫོབ་ཀྱི་ཡིད་ལ་བྱེད་པས་དགེ་བའི་རྩ་བ་འདི་བླ་ན་མེད་ པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོའོ་ཞེས་སྤྱིར་ཡོངས་སུ་བསྔོ་བར་བྱས་ནས། དོན་དམ་པའི་ཚུལ་དུ་སོ་སོར་བརྟགས་ནས་དགེ་བའི་རྩ་བའི་སེམས་དང་། བྱང་ཆུབ་ཀྱི་སེམས་དང་ཡོངས་སུ་བསྔོ་བའི་སེམས་རྣམས་ཕན་ཚུན་དུ་འགྲོགས་པ་མེད་དེ། དེ་ལྟར་འགྲོགས་ པ་མེད་པས་ཡོངས་སུ་བསྔོ་བ་ཡོད་དམ་མེད་ཅེས་སོ་སོར་རྟོག་གོ། །འདིར་དགའ་ཞིག་གལ་ཏེ་སེམས་རྣམ་པར་འགྲོགས་པ་མེད་ཀྱང་འོན་ཀྱང་སེམས་སྔ་མའི་དབང་གིས་བསྐྱེད་པའི་འདུ་བྱེད་ཀྱི་བྱེ་བྲག་ནི་སེམས་ཕྱི་མ་དང་ལྷན་ཅིག་ཏུ་འགྲོགས་པར་འགྱུར་ཏེ། ཐམས་ཅད་ཀྱི་ཐ་མའི་ སེམས་ལ་ནི་འདུ་བྱེད་ཐམས་ཅད་རྫོགས་པར་འགྱུར་རོ། །དེ་བས་ན་སྒོ་འདིས་སེམས་རྣམ་པར་འགྲོགས་པ་ཡོད་དོ་ཞེས་ཟེར་ཏེ། དེ་བས་ན་དེ་བསྩལ་བའི་ཕྱིར། དགེ་བའི་རྩ་བའི་སེམས་གང་ཡིན་པ་དེ་ནི་བྱང་ཆུབ་ཀྱི་སེམས་ལ་མེད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། བག་ ཆགས་ཀྱི་འདུ་བྱེད་ལ་སོགས་པའི་སྒོ་ནས་སེམས་དེ་ལ་སེམས་གཞན་མེད་དོ་ཞེས་བྱ་བའི་ཐ་ཚིག་སྟེ། འདི་ལྟར་སེམས་ཉིད་མེད་པར་བསྟན་པས་བག་ཆགས་ཀྱི་འདུ་བྱེད་ལ་སོགས་པ་ནི་རི་བོང་གི་རྭ་རྣོ་བ་དང་རྟུལ་བའི་དངོས་པོ་ལྟ་བུར་མི་སྣང་ངོ་ཞེས་བྱ་བའི་ཕྱིར་དེ་སྐད་དུ་བཤད་དོ། ། དེ་ལྟར་གཞན་གྱི་ངོ་བོ་ལ་མེད་པར་དཔྱད་ནས་ཡང་བདག་གི་ངོ་བོ་ལ་དཔྱོད་དོ། །དགེ་བའི་རྩ་བའི་སེམས་གང་ཡིན་པ་དེ་དགེ་བའི་རྩ་བའི་སེམས་ལ་མེད། བྱང་ཆུབ་ཀྱི་སེམས་གང་ཡིན་པ་དེ་ཡང་བྱང་ཆུབ་ཀྱི་སེམས་ལ་མེད་ཅེས་བྱ་བ་ལ་སོགས་པ་སྟེ། དེ་བཞིན་ཉིད་ཙམ་དུ་མཐོང་ བ་ལ་ནི་དེ་ལྟ་བུའི་ཀུན་ཏུ་དཔྱོད་པ་མེད་པའི་ཕྱིར་རོ། །ཀཽ་ཤི་ཀ་དགེ་བའི་རྩ་བའི་སེམས་གང་ཡིན་པ་དེ་ནི་སེམས་མ་ཡིན་ཞེས་བྱ་བ་ལ་སོགས་པས་ནི་དེ་བཞིན་ཉིད་ཙམ་ཁོ་ནར་སྟོན་ཏོ། །སེམས་ནི་རང་གི་ཆོས་ཉིད་ཀྱི་དབང་གིས་སེམས་ཀུན་བརྟགས་པ་དང་བྲལ་བའི་ཕྱིར་སེམས་མེད་པའི་ངོ་ བོ་ཉིད་དེ་ཆོས་ཉིད་ཀྱི་སེམས་སུ་གྲག་གོ། །སེམས་མེད་པ་ནི་སེམས་མེད་པ་དང་འགྲོགས་པར་མི་འགྱུར་ཞེས་བྱ་བ་ལ་སོགས་པ་ནི་ཆོས་ཉིད་ཀྱི་སེམས་སུ་གྲག་པ་ལས་འགྲོགས་པའམ་ཡོད་པའམ་ཡོངས་སུ་བསྔོ་བ་ཐམས་ཅད་ཀྱི་ཐམས་ཅད་དུ་མ་གྲག་གོ་ཞེས་སྟོན་ཏོ། །དེའི་ཚེ་ ནི་དེ་སོ་སོ་རང་གིས་རིག་པ་ཡིན་པས་བསམ་པའི་ལམ་ལས་འདས་པའི་ཕྱིར། བསམ་གྱིས་མི་ཁྱབ་པ་དང་། སེམས་མ་ཡིན་ནོ། །ཀཽ་ཤི་ཀ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ་ཞེས་བྱ་བ་ནི་རྣམ་པར་མི་རྟོག་པའི་ ཕ་རོལ་ཏུ་ཕྱིན་པའི་ཤེས་རབ་ཅེས་བྱ་བའི་ཐ་ཚིག་གོ། །གང་དེ་ལྟར་ཆོས་ཐམས་ཅད་ལ་སོ་སོར་རྟོག་པ་ཞེས་བྱ་བ་ནི་ཀུན་རྫོབ་ཏུའོ། །ཆོས་གང་ལ་ཡང་མངོན་པར་ཞེན་པ་མེད་ཅིང་མི་དམིགས་ཞེས་བྱ་བ་ནི་དོན་དམ་པར་རོ། །བདག་གིས་བྱས་པ་གཟོ་བར་བགྱི་སྟེ། བྱས་པ་མི་གཟོ་བར་ མི་བགྱིའོ་ཞེས་བྱ་བས་ཅི་བསྟན་ཞེ་ན། སྔོན་བདག་གི་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔར་གྱུར་པའི་ཚེ་སྔོན་གྱི་དེ་བཞིན་གཤེགས་པ་རྣམས་ཀྱི་འཁོར་ན་ཉན་ཐོས་ཆེན་པོ་རྣམས་ཀྱིས་གདམས་པ་དང་རྗེས་སུ་བསྟན་པས་ཡང་དག་པར་བསྟན་པ་དང་། ཡང་དག་པར་འཛིན་དུ་བཅུག་ པ་བརྙེས་ནས་ཡང་དག་པར་སྒྲུབ་པ་ལ་བཅུག་སྟེ། དེ་དག་གིས་བསྟན་པའི་རིམ་པས་བསྒྲུབས་ནས་མངོན་པར་རྫོགས་པར་སངས་རྒྱས་སོ། །དེ་བས་ན་བདག་གིས་ཀྱང་འཁོར་འདིར་བྱང་ཆུབ་སེམས་དཔའ་འདི་རྣམས་ལ་གདམས་པ་དང་རྗེས་སུ་བསྟན་པས་ཡང་དག་པའི་སྒྲུབ་པ་ལ་ དགོད་པར་བགྱིའོ། །སྔོན་གྱི་དེས་བདག་ཅག་གིས་བསྟན་པའི་རིམ་པས་བསྒྲུབས་ན་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཏེ། དེ་བས་ན་སྔོན་གྱི་ཉན་ཐོས་རྣམས་ཀྱིས་བྱས་པ་བདག་གིས་ཤེས་པར་བྱའོ་ཞེས་སྟོན་ཏོ། །གདམས་ཤིང་རྗེས་སུ་བསྟན་པ་ཞེས་བྱ་བ་ལ་སོགས་ པའི་ཚིག་རྣམས་ལ་བྱེ་བྲག་ཅི་ཡོད་ཅེ་ན་འདི་ལ་ཐོག་མ་དང་བར་མ་དང་ཐ་མའི་གནས་སྐབས་གསུམ་སྟེ། །ཐོག་མར་ནི་གདམས་ཤིང་རྗེས་སུ་བསྟན་པར་བྱའོ། །བར་དུ་ནི་སྒྲུབ་པའོ། །ཐ་མར་ནི་འབྲས་བུའོ། །དེ་ལ་ཐོག་མའི་གནས་སྐབས་སུ་འདི་དག་མ་བྱེད་ཅིག་ཅེས་བྱ་བ་མ་ཡིན་པ་ ལས་བཟློག་པ་ནི་གདམས་པའོ། །འདི་དག་བྱོས་ཤིག་ཅེས་བྱ་བ་ལ་སྦྱོར་བ་ནི་རྗེས་སུ་བསྟན་པའོ། །བར་དུ་ནི་མི་སྒྲུབ་པ་དང་། ལོག་པར་སྒྲུབ་པ་དང་། ཅུང་ཟད་སྒྲུབ་པ་དང་། ཡང་དག་པར་སྒྲུབ་པ་སྟེ་གནས་སྐབས་བཞིའོ། །དེ་ལ་མི་ཤེས་པས་མི་སྒྲུབ་པ་ལ་སྒྲུབ་ཏུ་འཇུག་ པ་ནི་ཡང་དག་པར་བསྟན་པའོ། །ལོག་པར་ཤེས་པས་ལོག་པར་ཞུགས་པ་དག་ཡང་དག་པར་སྒྲུབ་ལ་སྦྱོར་བ་ནི་ཡང་དག་པར་འཛིན་དུ་བཅུག་པའོ། །ལེ་ལོ་ལ་སོགས་པའི་སྐྱོན་གྱིས་ཅུང་ཟད་སྒྲུབ་པ་དག་ལེགས་པར་བརྩོན་འགྲུས་རྩོམ་དུ་འཇུག་པ་ནི་ཡང་དག་པར་གཟེངས་སྟོད་ པའོ། །ཤེས་རབ་ཀྱིས་ཡང་དག་པར་ཞུགས་པ་དག་ལེགས་སོ་ཞེས་རྗེས་སུ་ཡི་རངས་ནས་དེ་ཉིད་ལ་སྦྱོར་བ་ནི་ཡང་དག་པར་རབ་ཏུ་དགྱེས་པར་བགྱིད་པའོ། །ཐ་མར་ནི་ལམ་ལ་བཅུག་ཅིང་འབྲས་བུ་ལ་གཞག་ཅེས་བྱ་བར་སྦྱར་བར་བྱའོ། །དེའི་འོག་ཏུ་ཇི་ལྟར་གནས་པར་བྱ་ཞེས་དྲིས་ པ་ལ་གནས་པར་མི་བྱ་བ་ཡོངས་སུ་སྤངས་ཏེ་གནས་པར་བྱ་བས་གནས་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་ཞེས་བྱ་བར་སྟོན་ཏོ། །གཟུགས་ནི་གཟུགས་ཀྱིས་སྟོང་ངོ་ཞེས་བྱ་བ་ལ་སོགས་པས་སྟོང་པ་ཉིད་རྟོགས་པ་ནི་གནས་པའོ། །དམིགས་པའི་ཚུལ་ནི་གནས་པ་ མ་ཡིན་ནོ་ཞེས་སྟོན་ཏེ། དེས་ནི་འདི་སྐད་དུ་གང་གི་ཕྱིར་གཟུགས་ལ་སོགས་པ་ཀུན་བརྟགས་པའི་ཆོས་འདི་དག་གཟུགས་ལ་སོགས་པའི་ངོ་བོ་ཉིད་ཀྱིས་ཡོད་པ་མ་ཡིན་ལ། བྱང་ཆུབ་སེམས་དཔའ་ཡང་བྱང་ཆུབ་སེམས་དཔའི་ངོ་བོ་ཉིད་ཀྱིས་མེད་པ་སྟེ། དེ་དག་གི་སྟོང་པ་ཉིད་གང་ ཡིན་པ་དེ་ཐ་མི་དད་དེ་གཅིག་གོ། །དེ་བས་ན་ཆོས་ཉིད་ཀྱི་གཟུགས་ལ་སོགས་པ་ནི་ཡོངས་སུ་གྲུབ་པ་ཡིན་ལ་བྱང་ཆུབ་སེམས་དཔའ་ཡང་གཉིས་སུ་མེད་པ་སྟེ། གཅིག་པའི་ཆོས་ཉིད་དུ་གནས་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པའོ་ཞེས་བསྟན་ཏོ། །གནས་ པར་མི་བྱ་བའི་འགྲེས་ལ་ཡང་རྣམ་པ་གསུམ་དུ་བསྟན་ཏེ། ཆོས་ལ་གནས་པར་མི་བྱ་ཞེས་བྱ་བ་ནི་གཅིག་པའོ། །ཆོས་ཉིད་ལ་གནས་པར་མི་བྱ་ཞེས་བྱ་བ་ནི་གཉིས་པའོ། །གང་ཟག་རྣམས་ལ་གནས་པར་མི་བྱ་ཞེས་བྱ་བ་ནི་གསུམ་པའོ། །དེ་ལ་ཆོས་ཀྱི་འགྲེས་ལ་ཡང་རྣམ་ པ་གཉིས་སུ་བསྟན་ཏེ། ཆོས་བསྟན་པ་དང་། ཆོས་ཀྱི་མཚན་ཉིད་བསྟན་པའོ། །དེ་ལ་གཟུགས་ལ་དམིགས་པའི་ཚུལ་གྱིས་གནས་པར་མི་བྱའོ་ཞེས་བྱ་བ་ནས། སངས་རྒྱས་ཉིད་ལ་དམིགས་པའི་ཚུལ་གྱིས་གནས་པར་མི་བྱའོ་ཞེས་བྱ་བའི་བར་དུ་ནི་ཆོས་བསྟན་པའོ། ། ཀཽ་ཤི་ཀ་དེ་ལྟར་ན་གཟུགས་ཞེས་བྱ་བར་གནས་པར་མི་བྱའོ་ཞེས་བྱ་བ་ལ་སོགས་པ་ནས། དེ་ལྟར་ན་སངས་རྒྱས་ཉིད་ཅེས་བྱ་བར་དམིགས་པའི་ཚུལ་གྱིས་གནས་པར་མི་བྱའོ་ཞེས་བྱ་བའི་བར་ནི་ཆོས་ཉིད་ཀྱི་མཚན་ཉིད་བསྟན་པའོ། །ཆོས་ཉིད་ཀྱི་འགྲེས་ ལ་ཡང་རྣམ་པ་གསུམ་དུ་བསྟན་ཏེ། ཐམས་ཅད་ཤེས་པ་ཉིད་ཀྱི་ཕྱོགས་ཀྱི་ཆོས་ཉིད་བསྟན་པ་དང་། ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱི་ཕྱོགས་ཀྱི་ཆོས་ཉིད་བསྟན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཕྱོགས་ཀྱི་ཆོས་ཉིད་བསྟན་པའོ། །གཟུགས་རྟག་གོ་ཞེས་གནས་ པར་མི་བྱ། མི་རྟག་གོ་ཞེས་ཀྱང་གནས་པར་མི་བྱའོ་ཞེས་བྱ་བ་ནས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་སྦྱིན་གནས་སོ་ཞེས་བྱ་བར་དམིགས་པའི་ཚུལ་གྱིས་གནས་པར་མི་བྱའོ་ཞེས་བྱ་བའི་བར་དུ་ནི་ཐམས་ཅད་ཤེས་པ་ཉིད་ཀྱི་ཕྱོགས་ཀྱི་ཆོས་ ཉིད་བསྟན་པའོ། །ས་དང་པོ་ནས་ས་བཅུ་པའི་བར་ལ་གནས་པར་མི་བྱའོ་ཞེས་བྱ་བ་ནས། སེམས་ཅན་ཚད་མེད་གྲངས་མེད་དཔག་ཏུ་མེད་པ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་རབ་ཏུ་དགོད་པར་བྱའོ་ཞེས་བྱ་བར་དམིགས་པའི་ཚུལ་གྱིས་གནས་པར་མི་བྱའོ་ ཞེས་བྱ་བའི་བར་དུ་ནི་ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱི་ཕྱོགས་དང་མཐུན་པའི་ཆོས་ཉིད་བསྟན་པའོ། །མིག་ལྔ་བསྒྲུབ་པར་བྱ་སྟེ་ཞེས་བྱ་བ་ནས་བཟུང་སྟེ། དཔེ་བྱད་བཟང་པོ་བརྒྱད་ཅུ་ལུས་ལ་བསྒྲུབ་པར་བྱའོ་ཞེས་བྱ་བར་གནས་པར་མི་བྱའོ་ཞེས་བྱ་བའི་བར་དུ་ནི་རྣམ་པ་ཐམས་ཅད་ མཁྱེན་པ་ཉིད་ཀྱི་ཕྱོགས་ཀྱི་ཆོས་ཉིད་བསྟན་པའོ། །གང་ཟག་བསྟན་པའི་འགྲེས་ལ་ཡང་ཐམས་ཅད་ཤེས་པ་ཉིད་ཀྱི་ཕྱོགས་ལ་སོགས་པའི་དབང་གིས་རྣམ་པ་གསུམ་དུ་སྦྱར་བར་བྱ་སྟེ། རྫུ་འཕྲུལ་གྱི་རྐང་པ་བཞི་ལ་གནས་ཏེ། ཏིང་ངེ་འཛིན་གང་ལ་སྙོམས་པར་ཞུགས་ པས་ཞེས་བྱ་བ་ལ་སོགས་པ་ཡང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སའི་ཕྱོགས་ཀྱི་ཆོས་སོ། །འོ་ན་ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པར་བྱ་སྙམ་ཞེས་བྱ་བ་གནས་བརྟན་རབ་འབྱོར་ཅི་ལས་སེམས་པར་གྱུར་ཅེ་ན། ཆོས་ཐམས་ཅད་ལ་གནས་པར་མི་བྱའོ་ཞེས་བཤད་ཅིང་སྟོང་པ་ཉིད་ལ་ནི་གནས་པར་མི་ནུས་ལ་གནས་པར་མི་བྱའོ་ཞེས་ཀྱང་བཤད་ན་དེ་ཇི་ལྟར་རིགས་པར་འགྱུར་སྙམ་དུ་སེམས་པར་གྱུར་ཏོ། །དེ་ནས་གནས་བརྟན་རབ་འབྱོར་གྱིས་མི་གནས་པར་སྒྲུབ་པ་ཉིད། ཤེས་རབ་ཀྱི་ཕ་ རོལ་ཏུ་ཕྱིན་པ་ལ་གནས་པ་ཡིན་པར་བསྟན་པ། དེ་བཞིན་གཤེགས་པའི་ཐུགས་ནི་ཅི་ལའང་གནས་པ་མ་ཡིན་ནོ་ཞེས་བྱ་བ་སྟེ་མི་གནས་པའི་མྱ་ངན་ལས་འདས་པ་ལ་བཞུགས་པར་བསྟན་ཏོ། །དེ་ལྟར་མི་གནས་པ་ལ་གནས་པའི་བསྒྲུབ་པ་བཤད་པས་གདུལ་བ་ལས་བརྩམས་ ཏེ་བཤད་པ་ལ་བརྗོད་དུ་མེད་པར་བཤད་པས་འདུལ་བ་གང་ཡིན་པ་དེ་དག་ཐེ་ཚོམ་ཟོས་པར་གྱུར་ཏེ། དེ་བས་ན་དེ་དག་ལ་བརྩམས་ནས་བཤད་པ་གཞན་སྐབས་ཕྱ་སྟེ། ལྷའི་བུ་དག་གང་སྨྲས་པ་ཤེས་པར་མི་རུང་ངམ་ཞེས་བྱ་བ་ལ་སོགས་པས་གང་བརྗོད་པ་དེ་དག་ཅིའི་ཕྱིར་མི་ ཤེས་སམ་ཞེས་ལྷའི་བུ་རྣམས་ལ་དྲིས་པ་དང་། དེའི་ཕྱིར་དེ་དག་གིས། འཕགས་པ་རབ་འབྱོར་ཤེས་པར་མི་རུང་ངོ་ཞེས་སྨྲས་ཏེ། དེ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྗོད་དུ་མེད་པ་ཡིན་པའི་ཕྱིར་གནས་བརྟན་གྱིས་ཡི་གེ་གཅིག་ཀྱང་མ་བརྗོད་དེ་ཞེས་བྱ་བ་གསུངས་ཏེ། འདི་ལྟར་དེ་ན་བཤད་པར་སྣང་བ་དང་། མཉན་པར་སྣང་བ་དེ་ནི་ཀུན་བརྟགས་པ་ཡིན་ནོ་ཞེས་སྤྲུལ་པ་དང་། རྨི་ལམ་དང་། བྲག་ཅ་དང་། སྒྱུ་མ་ལྟ་བུར་བསྟན་པས་ལྷའི་བུ་དེ་རྣམས་དགའ་བར་བྱས་སོ། །སངས་རྒྱས་ཀྱི་སྤྲུལ་པ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་སྤྲུལ་པའོ། ། ལྷའི་བུ་དག་གཟུགས་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན་ཞེས་བྱ་བ་ནི་ཀུན་བརྟགས་པའི་གཟུགས་ཡང་དག་པ་མ་ཡིན་པའི་ཕྱིར་ཟབ་པ་མ་ཡིན་ཕྲ་བ་མ་ཡིན་ནོ། ཡང་ལྷའི་བུ་དག་འདི་ལྟར་གཟུགས་ཀྱི་རང་བཞིན་ནི་ཟབ་པ་མ་ཡིན་ཕྲ་བ་མ་ཡིན་ཞེས་བྱ་བ་ལ་སོགས་པས་ཆོས་ཉིད་ཀྱི་ གཟུགས་ནི་ངོ་བོ་ཉིད་ཀྱིས་མི་གཡོ་བའི་ཕྱིར་ཟབ་པ་མ་ཡིན། ཕྲ་བ་མ་ཡིན་ནོ་ཞེས་བསྟན་ཏོ། །དེ་བས་ན་འདིར་ནི་འགྲེས་རྣམ་པ་གཉིས་ཏེ། ཆོས་ཀྱི་འགྲེས་དང་རང་བཞིན་གྱི་འགྲེས་སོ། །འོ་ན་ཆོས་བསྟན་པ་འདི་ལ་གཟུགས་སུ་བརྟགས་པ་ཡང་མེད་དམ་ཞེས་བྱ་བ་ལ་སོགས་པ་ནི་ གལ་ཏེ་ཆོས་ཐམས་ཅད་བརྗོད་དུ་མེད་ན་དེ་ལྟ་ན་ནི་གཟུགས་ལ་སོགས་པ་ལ་མ་བརྟགས་སམ། མ་བཤད་དམ་ཞེས་ལྷའི་བུ་རྣམས་ཀྱིས་དྲིས་པ་དང་། དེ་ནས་གནས་བརྟན་རབ་འབྱོར་གྱིས་ལྷའི་བུ་དག་དེ་དེ་བཞིན་ནོ་དེ་དེ་བཞིན་ཏེ་ཞེས་བརྟགས་པ་མེད་པ་དང་། བཤད་པ་མེད་པ་ཉིད་དུ་བསྟན་ཏོ། །བཟོད་པ་འདི་ལ་མི་བརྟེན་དུ་མི་རུང་ཞེས་བྱ་བ་ནི་བརྗོད་དུ་མེད་པའི་བཤད་པ་འདི་ལའོ། །གནས་བརྟན་རབ་འབྱོར་ལ་ཆོས་ཉན་པ་རྣམ་པ་ཇི་ལྟ་བུ་དག་ཏུ་འདོད་པར་བྱ་སྙམ་མོ་ཞེས་བྱ་བ་ནི། གལ་ཏེ་དོན་དམ་པར་བརྗོད་དུ་མེད་པ་ཡིན་ན། འཆད་པ་པོ་དང་ཉན་པ་པོ་མེད་པས། ཆོས་ཉན་པ་ཡང་མེད་པར་འགྱུར་རོ་ཞེས་སྟོན་ཏོ། །དེ་ན་གནས་བརྟན་རབ་འབྱོར་གྱིས་ལྷའི་བུ་དག་བདག་ལ་ཆོས་ཉན་པ་ནི་སྒྱུ་མ་ལྟ་བུར་འདོད་པར་བྱའོ་ཞེས་བྱ་བ་ལ་སོགས་པས་དོན་དམ་པར་འཆད་པ་པོ་དང་། ཉན་པ་པོ་མེད་པ་ཉིད་ དུ་སྟོན་ཏོ། །བཙུན་པ་རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལྟར་ཟབ་པ། འདི་ལྟར་མཐོང་བར་དཀའ་བ་ཞེས་བྱ་བ་ལ། གཏིང་དཔག་དཀའ་བས་ན་ཟབ་པའོ། །རྣམ་པར་ཤེས་པའི་ཚོགས་ལྔའི་ཡུལ་མ་ཡིན་པའི་ཕྱིར་མཐོང་བར་དཀའ་བའོ། །ཡིད་ཀྱི་རྣམ་པར་ ཤེས་པའི་ཡུལ་མ་ཡིན་པའི་ཕྱིར་རྟོགས་པར་དཀའ་བའོ། །ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་ཐམས་ཅད་ཉེ་བར་ཞི་བའི་ཕྱིར་ཞི་བའོ། །སྡུག་བསྔལ་ཐམས་ཅད་ཀྱི་བར་དག་ཉེ་བར་ཞི་བའི་ཕྱིར་གྱ་ནོམ་པའོ། །རྣམ་པར་རྟོག་པའི་སྤྲོས་པ་ཐམས་ཅད་ཉེ་བར་ཞི་བའི་ཕྱིར་ ཕྲ་བའོ། །སོ་སོ་རང་གིས་རིག་པ་ཡིན་པའི་ཕྱིར་གཞན་མ་ཡིན་པའོ། །བསམ་པའི་ལམ་ལས་འདས་པའི་ཕྱིར། རྟོག་གེའི་སྤྱོད་ཡུལ་མ་ཡིན་པའོ། །ཆོས་ཐམས་ཅད་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྟོགས་པ་ལ་མཁས་པའི་རྒྱུ་ཡིན་པའི་ཕྱིར་མཁས་པའོ། །འཇིག་ རྟེན་ལས་འདས་པའི་ཆོས་རྟོགས་པའི་གནས་ཀྱི་མཆོག་ཡིན་པས་ཤིན་ཏུ་འཕགས་པའོ། །ཉན་ཐོས་དང་། རང་སངས་རྒྱས་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་པ་དང་། ཕྱིར་མི་ལྡོག་པ་རྣམས་ཉིད་ཀྱིས་རིག་པར་བྱ་བ་མ་ཡིན་པའི་ཕྱིར་མཁས་པ་དང་མཛངས་པས་རིག་པར་བྱའོ། ། ལེན་པར་བྱེད་པར་འགྱུར་ཞེས་བྱ་བ་ནི་འཛིན་པའོ། །བདེན་པ་མཐོང་བའི་གང་ཟག་གམ། དགྲ་བཅོམ་པ་ཟག་པ་ཟད་པ་འམ་ཞེས་བྱ་བ་ལ་སོགས་པས་སྔར་ཀུན་རྫོབ་ཏུ་ཚོལ་བར་བྱེད་པ་བསྟན་ཏོ། །དེ་ལ་དོན་དམ་པར་ན་བྱང་ཆུབ་སེམས་དཔའ་ལ་བདེན་པ་མཐོང་བ་ཞེས་གསུངས་སོ། ། བྱང་ཆུབ་ཏུ་འགྱུར་བ་ནི་དགྲ་བཅོམ་པ་ཞེས་བྱ་བའོ། །དེ་ལྟར་ཀུན་རྫོབ་ཏུ་བསྟན་ནས་ཡང་དོན་དམ་པར་བསྟན་པ་དེ་དག་ནི་གཟུགས་སྟོང་ངོ་ཞེས་བྱ་བར་རྣམ་པར་རྟོག་པར་མི་འགྱུར་ཞེས་བྱ་བ་ནས། ལེན་པར་བྱེད་པ་སུ་ཡང་མེད་དོ་ཞེས་བྱ་བའི་བར་དུ་སྟེ། འདིས་ནི་གང་དག་དེ་ལྟར་རྣམ་ པར་མི་རྟོག་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་སུམ་དུ་བྱས་པར་གྱུར་པ་དེ་དག་ཉིད་ཚོལ་བར་བྱེད་པ་ཡིན་ཏེ། དེ་དག་ཀྱང་དོན་དམ་པར་བཙལ་བར་བྱ་བ་མེད་པའི་ཕྱིར་ཚོལ་བར་བྱེད་པ་མ་ཡིན་ནོ་ཞེས་སྟོན་ཏོ། །དེ་སྐད་སྨྲས་པ་དང་། གནས་བརྟན་ཤ་ར་དྭ་ཏིའི་བུས་འཆད་པ་པོ་ དང་། ཉན་པ་པོ་མེད་པར་དམ་བཅས་པ་ལུང་དང་འགལ་བར་བསྟན་པས། ཚེ་དང་ལྡན་པ་རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཐེག་པ་གསུམ་རྒྱ་ཆེར་མ་བསྟན་ཏམ་ཞེས་བྱ་བ་ལ་སོགས་པ་སྟེ། ཐེག་པ་གསུམ་བཤད་པ་དང་། ས་བཅུ་ཡོངས་སུ་བཟུང་བ་དང་ཕ་རོལ་ ཏུ་ཕྱིན་པ་ལ་སོགས་པ་བྱང་ཆུབ་སེམས་དཔའི་ལམ་དང་། དེ་བཞིན་གཤེགས་པའི་རིགས་སུ་སྐྱེ་བ་དང་། མངོན་པར་ཤེས་པས་རྣམ་པར་རྩེ་བས་གནས་པ་དང་། ཆོས་ཉན་པ་དང་། མི་བརྗེད་པ་དང་། སེམས་འཁྲུགས་པ་མེད་པ་དང་། སྤོབས་པའི་ཡོན་ཏན་བདུན་ལ་ སོགས་པ་ཆོས་འདི་རྣམས་བསྟན་ཏེ། བདག་ཅག་གིས་ཀྱང་ཐོས་སོ་ཞེས་སྟོན་ཏོ། །དེའི་འོག་ཏུ་གནས་བརྟན་རབ་འབྱོར་གྱིས་ཆོས་འདི་རྣམས་མི་དམིགས་པའི་ཚུལ་གྱིས་བཤད་ཀྱི། དོན་དམ་པར་ནི་ཡོད་པ་མ་ཡིན་ཏེ། དེ་བས་ན་བཤད་པ་ཡང་འཁྲུལ་པ་ཙམ་མོ་ཞེས་བསྟན་ པའི་ཕྱིར། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་དེ་དེ་བཞིན་ནོ་དེ་དེ་བཞིན་ཏེ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དེ་དག་སྟོང་པ་ཡིན་པའི་གཏན་ཚིགས་ནང་སྟོང་པ་ཉིད་དང་ཞེས་བྱ་བ་ནས་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་བར་གྱི་ཕྱིར་ཞེས་བྱ་བ་ལ་སོགས་པ་གསུངས་སོ། ། ལྷའི་བུ་རྣམས་ལ་ཡེ་ཤེས་ཀྱི་སྣང་བ་འབྱུང་བའི་མཚན་མ་བསྟན་པའི་ཕྱིར་མེ་ཏོག་གི་མཆོད་པ་བསྟན་ཏེ། མེ་ཏོག་འདི་དག་སྤྲུལ་པའོ་ཞེས་བྱ་བ་ལ་སོགས་པ་ནི་བསམས་པ་འོག་ནས་བསྟན་པའི་སྐབས་དབྱེ་བའི་ཕྱིར་རོ། །ཀཽ་ཤི་ཀ་མེ་ཏོག་འདི་དག་མ་བྱུང་བ་ཞེས་བྱ་བ་ ནི་ཡོངས་སུ་གྲུབ་པའི་མཚན་ཉིད་མ་སྐྱེས་པ་སྟེ། སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ཡིན་གྱི། མེ་ཏོག་གི་ངོ་བོ་ཉིད་མ་ཡིན་ནོ་ཞེས་སྟོན་ཏོ། །ཀཽ་ཤི་ཀ་གཟུགས་ཀྱང་མ་བྱུང་བ་སྟེ། གང་མ་བྱུང་བ་དེ་ནི་གཟུགས་མ་ཡིན་ནོ་ཞེས་བྱ་བ་ནི་དོན་དམ་པའི་གཟུགས་ལ་འདུས་བྱས་ཀྱི་སྐྱེ་བ་མེད་པའི་ཕྱིར་ གཟུགས་མ་བྱུང་བའོ་ཞེས་བསྟན་པའོ། །དེ་ལྟར་འདུས་མ་བྱས་པ། མ་སྐྱེས་པ་ལ་ཀུན་བརྟགས་པའི་གཟུགས་ཀྱི་མཚན་ཉིད་མེད་པའི་ཕྱིར་མ་སྐྱེས་པ་གང་ཡིན་པ་དེ་གཟུགས་མ་ཡིན་ནོ་ཞེས་བསྟན་པའོ། །བཏགས་པ་དང་ཡང་མི་འགལ་ལ། ཆོས་ཉིད་ཀྱང་སྟོན་ཏེ་ཞེས་བྱ་བ་ ནི་ཀུན་རྫོབ་དང་དོན་དམ་པར་མི་འགལ་བར་བསྟན་ཏོ་ཞེས་བྱ་བའི་ཐ་ཚིག་གོ།། །།བམ་པོ་བཅོ་བརྒྱད་པ། ཀཽ་ཤི་ཀ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དེ་ལྟར་ཆོས་ཐམས་ཅད་བརྟགས་པ་ཙམ་དུ་རིག་པར་བྱས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ བསླབ་པར་བྱའོ་ཞེས་བྱ་བ་ནི་གང་སྔར་རྣམ་པ་གསུམ་དུ་ཞུས་པ་ལས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཇི་ལྟར་བསླབ་པར་བགྱི་ཞེས་ཐ་མར་ཞུས་པ་དེ་སྟོན་ཏོ། །གཟུགས་ལ་མི་སློབ་ཅེས་བྱ་བ་ལ་སོགས་པ་ནི་མི་སློབ་པ་ཉིད་སློབ་པ་སྟེ་ དཔེར་ན་གནས་པ་མེད་པ་ཉིད་གནས་པའོ་ཞེས་བྱ་བ་ལྟ་བུར་སྟོན་ཏོ། །གཟུགས་ལ་སོགས་པ་དངོས་པོ་མེད་པར་མཐོང་བས་གཟུགས་ལ་སོགས་པ་ལ་མི་སློབ་ཅེས་བྱའོ་ཞེས་བསྟན་པའི་ཕྱིར། འདི་ལྟར་གང་ལ་བསླབ་པར་བྱ་བའི་གཟུགས་དེ་ཡང་དག་པར་རྗེས་སུ་མི་ མཐོང་ངོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །གཟུགས་ལ་སོགས་པ་ཅིའི་ཕྱིར་ཡང་དག་པར་རྗེས་སུ་མི་མཐོང་ཞེས་བརྒྱ་བྱིན་གྱིས་དྲིས་པ་དང་། སྟོང་པ་ཡིན་པས་ཡང་དག་པར་རྗེས་སུ་མི་མཐོང་ངོ་ཞེས་བསྟན་པའི་ཕྱིར། གཟུགས་གཟུགས་ཀྱིས་སྟོང་ངོ་ཞེས་བྱ་བ་གསུངས་ སོ། །མི་སློབ་པའི་གཏན་ཚིགས་སུ། ཀཽ་ཤི་ཀ་གཟུགས་སྟོང་པ་ཉིད་ནི་གཟུགས་སྟོང་པ་ཉིད་ལ་མི་སློབ་པོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། སློབ་པ་གང་ཡིན་པ་དང་གང་ལ་སློབ་པ་དེ་གཉིས་ཀ་ཡང་མེད་པའི་ཕྱིར་སློབ་པ་མེད་དོ་ཞེས་བྱ་བའི་ཐ་ཚིག་གོ། །དེའི་འོག་ཏུ་ཀཽ་ཤི་ཀ་ གང་གཟུགས་སྟོང་པ་ཉིད་ལ་མི་སློབ་ཅེས་བྱ་བ་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་སྟོང་པ་ཉིད་ཀྱི་བར་ལ་མི་སློབ་པ་དེ་ནི་གཉིས་སུ་བྱར་མེད་པར་གཟུགས་སྟོང་པ་ཉིད་ལ་སློབ་པོ་ཞེས་བྱ་བ་ནས་གཉིས་སུ་བྱར་མེད་པར་རྣམ་པ་ཐམས་ཅད་མཁྱེན་པ་སྟོང་པ་ཉིད་ལ་སློབ་པོ་ཞེས་བྱ་བ་ནི་གང་མི་ སློབ་པ་དེ་ཉིད་སློབ་པ་ཡིན་པར་སྟོན་ཏོ། །གཉིས་སུ་བྱར་མེད་པར་ཞེས་བྱ་བ་ནི་སྟོང་པ་ཉིད་དུ་གཅིག་པའི་ཕྱིར་ག