Tạng Tây Tạng (Tibetan Canon)Nguyên tác: Tây Tạng
Luận tạng Tây Tạng (Tengyur) — Tập 93
Văn bản gốc(Tây Tạng)
Trang 7 / 20 (50.000 ký tự/trang)
བརྟགས་པའི་གཟུགས་དང་། རྣམ་པར་བརྟགས་པའི་ གཟུགས་དང་། ཆོས་ཉིད་ཀྱི་གཟུགས་སོ། །དེ་ལ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱི་གཟུགས་སུ་རུང་བ་ལ་སོགས་པའི་མཚན་ཉིད་དུ་བཟུང་བ་དངོས་པོའི་གཟུགས་གང་ཡིན་པ་དེ་ནི་ཀུན་བརྟགས་པའི་གཟུགས་ཞེས་བྱའོ། །དེ་ཉིད་རྣམ་པ་གང་གི་དོན་དུ་སྣང་བའི་རྣམ་པར་ཤེས་པའི་ཡུལ་དུ་ གྱུར་པ་དེ་ནི་རྣམ་པར་བརྟགས་པའི་གཟུགས་ཞེས་བྱའོ། །ཀུན་བརྟགས་པ་དང་། རྣམ་པར་བརྟགས་པ་དེ་གཉིས་ཀྱི་རྣམ་པ་དང་བྲལ་བ་ཡོངས་སུ་གྲུབ་པ་དེ་བཞིན་ཉིད་ཙམ་དུ་ཟད་པ་གང་ཡིན་པ་དེ་ནི་ཆོས་ཉིད་ཀྱི་གཟུགས་ཞེས་བྱའོ། །དེ་ལ་ཡོངས་སུ་གྲུབ་པ་ཆོས་ཉིད་ཀྱི་གཟུགས་གང་ ཡིན་པ་དེ་ནི་ཀུན་བརྟགས་པའི་གཟུགས་སུ་ཡོད་པ་ལ་སོགས་པའི་མཚན་ཉིད་དང་། གཟུགས་སུ་རྣམ་པར་བརྟགས་པ་ཡུལ་གྱི་རྣམ་པར་སྣང་བའི་གཟུགས་ཀྱིས་སྟོང་པས་ན། སྟོང་པ་ཞེས་བྱའོ། །དེ་སྐད་བཤད་པ་དང་། ཀུན་བརྟགས་པ་དང་རྣམ་པར་བརྟགས་པའི་གཟུགས་ཀྱིས་སྟོང་ པའི་ཆོས་ཉིད་ཀྱི་གཟུགས་གང་ཡིན་པ་དེ་ལ་ཅི་གཟུགས་ཀྱི་མཚན་ཉིད་གཞན་ཞིག་ཀྱང་ཡོད་དམ། གང་གི་ཕྱིར་དེ་ལ་ཡང་གཟུགས་ཞེས་བྱ་སྙམ་དུ་ཐེ་ཚོམ་ཟ་བ་དེའི་ཕྱིར་གཟུགས་ཀྱི་སྟོང་པ་ཉིད་གང་ལགས་པ་དེ་ཡང་གཟུགས་མ་ལགས་ཞེས་བྱ་བ་བཤད་དེ། ཀུན་བརྟགས་པ་དང་རྣམ་པར་ བརྟགས་པའི་གཟུགས་ཀྱིས་སྟོང་པ་གང་ཡིན་པ་དེ་ཉིད་ཡོངས་སུ་གྲུབ་པའི་མཚན་ཉིད་ཆོས་ཀྱི་གཟུགས་དེ་ནི་གཟུགས་ཀྱི་ངོ་བོ་ཉིད་མ་ཡིན་ཏེ། རྣམ་པ་ཐམས་ཅད་དུ་གཟུགས་ཀྱི་རྣམ་པ་ལས་དབེན་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་སྐད་བཤད་པ་དང་གལ་ཏེ་གཟུགས་རྣམ་པ་ཐམས་ ཅད་དུ་མེད་ན། འོ་ན་གང་གིས་སྟོང་ན་འདི་ལ་སྟོང་པ་ཉིད་ཅེས་བྱ། ཡུལ་མེད་པའི་སྟོང་པ་ཉིད་ཀྱང་མེད་ལ། ཆོས་ལས་ཆོས་ཉིད་གཞན་པ་ཡང་མི་རིགས་པ་དང་། ཆོས་ཉིད་ལས་ཆོས་གཞན་པ་ཡང་མི་རིགས་སོ་སྙམ་དུ་ཐེ་ཚོམ་ཟ་བ་དེའི་ཕྱིར་སྟོང་པ་ཉིད་ལས་གུད་ནས་ཡང་གཟུགས་མ་ མཆིས་ཞེས་བྱ་བ་གསུངས་ཏེ། ཇི་སྐད་བསྟན་པར་འགྱུར་ཞེ་ན། དེ་ནི་འདི་ལྟར་ཆུ་མ་དངས་པ་ལ། མ་དངས་པའི་གནས་སྐབས་ན་ནི་རྙོག་པ་ཞེས་བྱ་ལ། དངས་པའི་གནས་སྐབས་ན་ནི་ཆུ་དངས་པ་ཞེས་བྱ་བ་དང་། ཇི་ལྟར་ནམ་མཁའ་མ་དངས་པའི་གནས་སྐབས་ན་ནི་རྨུགས་པ་ ཞེས་བྱ་ལ། དངས་པའི་གནས་སྐབས་ན་ནི་ནམ་མཁའ་གསལ་བ་ཞེས་བྱ་བ་དེ་བཞིན་དུ། སྟོང་པ་ཉིད་འདི་ཡང་མ་དག་པའི་གནས་སྐབས་ན་ནི་བྱིས་པ་སོ་སོའི་སྐྱེ་བོ་དང་ཐ་དད་པར་མ་གྱུར་པའི་ཕྱིར། གཟུགས་ལ་སོགས་པའི་ཚིག་ཏུ་བརྗོད་ལ་དག་པའི་གནས་སྐབས་ན་ནི་ སྟོང་པ་ཉིད་ཅེས་བྱའོ། །དེ་བས་ན་སྟོང་པ་ཉིད་ལས་ཐ་དད་པར་གྱུར་པའི་གཟུགས་ལ་སོགས་པའི་ཆོས་ནི་མེད་དོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟར་ཆོས་དང་ཆོས་ཉིད་དག་ལ་ཐ་དད་པ་མེད་པར་གྱུར་པས། གང་གི་ཚེ་ཆོས་ཉིད་ཀྱིས་ཆོས་བརྗོད་པ་དེའི་ཚེ་གཟུགས་ཉིད་ཀྱང་སྟོང་པ་ཉིད་ཅེས་ བྱའོ། །གང་གི་ཚེ་ཆོས་ཀྱིས་ཆོས་ཉིད་བརྗོད་པར་གྱུར་པ་དེའི་ཚེ་སྟོང་པ་ཉིད་ཀྱང་གཟུགས་སོ་ཞེས་བྱའོ། །ཡང་ན་གཟུགས་ཉིད་ཀྱང་སྟོང་པ་ཉིད། སྟོང་པ་ཉིད་ཀྱང་གཟུགས་སོ་ཞེས་བྱ་བ་ལ་སྟོང་པ་ཉིད་ནི་དེ་བཞིན་ཉིད་དེ་ཆོས་ཉིད་ཀྱི་གཟུགས་ལ་བྱའོ། །དེ་ལྟར་ཀུན་བརྟགས་པ་དང་རྣམ་པར་ བརྟགས་པའི་གཟུགས་དེ་དག་ཤིན་ཏུ་མེད་པ་དང་། ཡོངས་སུ་གྲུབ་པའི་གཟུགས་ལ་ཡང་གནས་སུ་མི་རུང་བའི་ཕྱིར། གཟུགས་ལ་གནས་པར་མི་བགྱིའོ་ཞེས་བྱ་བ་གསུངས་ཏེ། དེ་བཞིན་དུ་ཚོར་བ་ལ་སོགས་པ་ལ་ཡང་སྦྱར་བར་བྱའོ། །ཡི་གེ་རྣམས་ལ་གནས་པར་མི་བགྱི་ཞེས་བྱ་བ་ ནི་ཨ་ཞེས་བྱ་བ་ལ་སོགས་པ་ཡི་གེའི་འབྲུ་རྣམས་ལ་གནས་པར་མི་བྱའོ། །ཡི་གེ་མངོན་པར་སྒྲུབ་པ་ལ་གནས་པར་མི་བགྱི་ཞེས་བྱ་བ་ནི་ཨ་ཞེས་བྱ་བ་ལ་སོགས་པའི་ཡི་གེའི་འབྲུ་རྣམས་ལ་བརྟེན་ནས་སྐྱེ་བ་མེད་པའི་དོན་གྱི་རྗེས་སུ་འབྲང་བའི་གཟུངས་ཀྱི་ཤེས་པ་སྐྱེ་བ་གང་ཡིན་པ་དེ་ལ་ཡི་ གེ་མངོན་པར་སྒྲུབ་པ་ཞེས་བྱ་བའི་སྒྲར་བརྗོད་དེ། དེ་ལ་ཡང་གནས་པར་མི་བྱའོ་ཞེས་བསྟན་ཏོ། །གཟུངས་ཀྱི་ཤེས་པ་དེ་ཡང་གཟོད་མ་ནས་མ་སྐྱེས་པའི་ཕྱིར། ཨ་ཞེས་བྱ་བ་ནི་ཆོས་ཐམས་ཅད་ཀྱི་སྒོ་ཞེས་བྱ་བ་དེ་ལྟ་བུར་བརྗོད་པ་ལས་མངོན་པར་འགྲུབ་པའོ། །ཚིག་ཏུ་བརྗོད་པ་དེ་ ཡང་བྱང་ཆུབ་སེམས་དཔའ་དབང་པོ་རབ་ཏུ་རྣོ་བ་ཁ་ཅིག་གིས་ནི་སྐྱེ་བ་མེད་པའི་དོན་གཅིག་ལ་བརྟེན་ཏེ་ཞུགས་ན་མངོན་པར་རྫོགས་པར་བྱང་ཆུབ་པའི་རྐྱེན་དུ་འགྱུར་རོ། །དབང་པོ་བར་མ་རྣམས་ཀྱིས་ནི་ཡི་གེ་གཉིས་ལ་བརྟེན་ནས། ཚིག་ཏུ་བརྗོད་པ་གཉིས་ལ་གོམས་པར་བྱས་པ་ལས་ འགྱུར་རོ། །དབང་པོ་རྟུལ་པོ་རྣམས་ཀྱིས་ནི་ཚིག་ཏུ་བརྗོད་པ་དུ་མ་ལ་བརྟེན་ནས་གོམས་པར་བྱས་ན་མངོན་པར་རྫོགས་པའི་བྱང་ཆུབ་ཀྱི་རྐྱེན་དུ་འགྱུར་ཏེ། དེ་བས་ན་གཅིག་བརྗོད་པ་དང་གཉིས་བརྗོད་པ་དང་མང་པོ་བརྗོད་པ་ལ་གནས་པར་མི་བྱའོ་ཞེས་བྱ་བ་གསུངས་སོ། །ཆོས་ཉིད་མི་ གནས་པའི་འགྲེས་ལ་ཡང་། གཟུགས་མི་རྟག་པ་ནི་གཟུགས་མི་རྟག་པའི་ངོ་བོ་ཉིད་ཀྱིས་སྟོང་སྟེ་ཞེས་བྱ་བ་ལ་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་མི་རྟག་པ་ནི་སྐྱེ་བ་དང་། འགག་པའི་མཚན་ཉིད་དེ། ཀུན་བརྟགས་པའི་མཚན་ཉིད་དོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་མི་ རྟག་པའི་མཚན་ཉིད་ལ་བརྟེན་ནས་མེད་པའི་དོན་ནི་མི་རྟག་པའི་དོན་ཏོ་ཞེས་བཤད་དེ། འདི་ལྟར་རྟག་ཏུ་ཡོད་པ་ལ་རྟག་པ་ཞེས་བྱའོ། །དེ་ལས་བརྗོད་པ་རྟག་ཏུ་མེད་ཅིང་དུས་ཐམས་ཅད་དུ་མེད་པ་ལ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མི་རྟག་པ་ཞེས་བྱའོ། །དེ་བས་ན་མེད་པའི་མཚན་ཉིད་ནི་ དོན་དམ་པར་མི་རྟག་པ་ཉིད་དོ། །གཟུགས་མི་རྟག་པ་ནི་གཟུགས་མི་རྟག་པའི་ངོ་བོ་ཉིད་ཀྱིས་སྟོང་ངོ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དོན་དམ་པར་མི་རྟག་པ་གང་ཡིན་པ་དེ་ཉན་ཐོས་དང་། རང་སངས་རྒྱས་རྣམས་ཀྱིས་ཀུན་བརྟགས་པའི་སྐྱེ་བ་དང་འགག་པའི་མཚན་ཉིད་ཀྱི་མི་ རྟག་པའི་ངོ་བོ་ཉིད་ཀྱིས་སྟོང་པའོ། །དེ་ཅིའི་ཕྱིར་ཞེ་ན། གཟུགས་མི་རྟག་པའི་སྟོང་པ་ཉིད་གང་ལགས་པ་དེ་ཡང་གཟུགས་མི་རྟག་པ་ཉིད་མ་ལགས་སོ་ཞེས་བྱ་བ་གསུངས་ཏེ། འདི་ལྟར་དོན་དམ་པར་གཟུགས་མི་རྟག་པ་ཉིད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ། ཀུན་བརྟགས་པའི་གཟུགས་ མི་རྟག་པ་ཉིད་ཀྱི་ངོ་བོ་ཉིད་མ་ཡིན་ཏེ། དེ་བས་ན་དོན་དམ་པའི་གཟུགས་མི་རྟག་པ་ཉིད་ནི་ཀུན་བརྟགས་པའི་གཟུགས་མི་རྟག་པ་ཉིད་ཀྱིས་སྟོང་ངོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟ་ན་ནི་ཆོས་ལས་ཆོས་ཉིད་ཐ་དད་པར་འགྱུར་རོ་སྙམ་པ་ལ། སྟོང་པ་ཉིད་ལས་གུད་ན་ཡང་གཟུགས་མི་རྟག་པ་མ་ མཆིས་ཞེས་བྱ་བ་གསུངས་ཏེ། དེ་བཞིན་ཉིད་ལས་གུད་ན་ཀུན་བརྟགས་པའི་གཟུགས་མི་རྟག་པ་ཉིད་ཡོད་པ་མ་ཡིན་ཏེ། ཆུ་དངས་པ་དང་། ནམ་མཁའ་བཞིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །གང་གི་ཕྱིར་ཐ་དད་པར་གྱུར་པ་མེད་པ་དེའི་ཕྱིར་སྟོང་པ་ཉིད་ཀྱང་གཟུགས་མི་རྟག་པ་ཉིད་དོ་ཞེས་བྱ་ བ་གསུངས་ཏེ། གཟུགས་མི་རྟག་པའི་སྟོང་པ་ཉིད་ལ་སྟོང་པ་ཉིད་ཀྱི་སྒྲར་བརྗོད་ཅེས་བྱ་བའི་ཐ་ཚིག་གོ། །དེ་བཞིན་དུ་ཐམས་ཅད་ལ་ཡང་སྦྱར་བར་བྱའོ། །དེ་ལྟར་མི་གནས་པར་སྒྲུབ་པ་བསྟན་ནས། གནས་པའི་ཉེས་དམིགས་བསྟན་པའི་ཕྱིར། བཅོམ་ལྡན་འདས་ གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གལ་ཏེ་ཐབས་མི་མཁས་པས་བདག་ཏུ་འཛིན་པ་དང་། བདག་གིར་འཛིན་པར་ལྷུང་བའི་ཡིད་ཀྱིས་གཟུགས་ལ་གནས་ན་དེ་གཟུགས་མངོན་པར་འདུ་བགྱི་བ་ལ་སྤྱོད་ཀྱི། ཤེས་རབ་ ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གལ་ཏེ་ཐབས་མི་མཁས་པས། ཚུལ་བཞིན་མ་ཡིན་པར་བཟུང་ནས་ཆོས་རྣམས་དངོས་པོ་མེད་པའི་ངོ་བོ་ཉིད་ཀྱི་མཚན་ཉིད་དུ་མི་ཤེས་པས་བདག་ནི་གཟུགས་ཀྱི་ངོ་བོ་ཉིད་ཡིན་ནོ་ཞེས་བྱ་བའམ། གཟུགས་འདི་ནི་བདག་ ཡིན་ནོ་ཞེས་བྱ་བའམ། འདི་ནི་གཟུགས་སུ་རུང་བའི་མཚན་ཉིད་དོ་ཞེས་བྱ་བར་གཟུགས་ལ་གནས་ན་དེ་གཟུགས་མངོན་པར་འདུ་བྱེད་པ་སྟེ་གཟུགས་སུ་རྣམ་པར་རྟོག་པའི་རྗེས་སུ་སོང་བ་འདུ་བྱེད་ཀྱི་ཆོས་ལ་སྤྱོད་པ་ཡིན་གྱི། སྟོང་པ་ཉིད་ཀྱི་མཚན་ཉིད་ཀྱི་རྗེས་སུ་འབྲང་བ་ཤེས་རབ་ཀྱི་ ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །མངོན་པར་འདུ་བྱེད་པ་ལ་སྤྱོད་པའི་ཉེས་དམིགས་བསྟན་པའི་ཕྱིར། མངོན་པར་འདུ་བགྱི་བ་ལ་སྤྱོད་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསྒོམ་པ་མ་ལགས་སོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །ཅིའི་ཕྱིར་ དེ་ལྟར་ཐབས་མི་མཁས་པས་བདག་ཏུ་འཛིན་པ་དང་། བདག་གིར་འཛིན་པར་ལྷུང་བས་མངོན་པར་འདུ་བྱེད་པ་ལ་སྤྱོད་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དང་། ཡོངས་སུ་འཛིན་པ་མེད་པའི་རྣལ་འབྱོར་ལ་འཇུག་པ་དང་། ཡོངས་སུ་རྫོགས་པས་ངེས་པར་འབྱུང་བ་ རྣམས་ཐོབ་པར་མི་འགྱུར་ཞེས་བྱ་སྙམ་པ་ལ། བཅོམ་ལྡན་འདས་འདི་ལྟར་གཟུགས་ནི་ཡོངས་སུ་གཟུང་བ་མ་མཆིས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། འདི་ནི་ཡོངས་སུ་འཛིན་པ་མེད་པར་སྒྲུབ་པ་ཞེས་བྱའོ། །སྒྲུབ་པ་འདི་ཡང་རྣམ་པ་གསུམ་གྱིས་བསྟན་ཏེ། ཆོས་ཡོངས་སུ་མི་འཛིན་ པ་དང་། མཚན་མ་ཡོངས་སུ་མི་འཛིན་པ་དང་། ཤེས་པ་ཡོངས་སུ་མི་འཛིན་པའོ། །དེ་ལས་ཆོས་ཡོངས་སུ་མི་འཛིན་པའི་འགྲེས་ནི། གཟུགས་ནི་ཡོངས་སུ་བཟུང་བ་མ་མཆིས་པ་དང་ཞེས་བྱ་བ་ནས་བཟུང་སྟེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དེ་ཡང་ནང་སྟོང་པ་ཉིད་ནས། དངོས་པོ་ མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་སླད་དུ་ཡོངས་སུ་གཟུང་བ་མ་མཆིས་པ་ཞེས་བྱ་བའི་བར་དུའོ། །མཚན་མ་ཡོངས་སུ་མི་འཛིན་པའི་འགྲེས་ནི་དེ་ཅིའི་སླད་དུ་ཞེ་ན། དེ་ནི་མཚན་མར་བརྗོད་པ་མ་ལགས་ཏེ་ཞེས་བྱ་བ་ནས་བཟུང་སྟེ། དེ་དེ་ལྟར་ཞུགས་ནས་གཟུགས་ཡོངས་སུ་མ་བཟུང་། ཚོར་བ་ ཡོངས་སུ་མ་བཟུང་བ་ནས། ཡང་དག་པའི་མཐའ་ཡོངས་སུ་མ་བཟུང་ཞེས་བྱ་བའི་བར་དུའོ། །ཤེས་པ་ཡོངས་སུ་མི་འཛིན་པའི་འགྲེས་ནི། དེ་ཅིའི་སླད་དུ་ཞེ་ན། འདི་ལྟར་དེས་རང་གི་མཚན་ཉིད་ཀྱིས་སྟོང་པའི་ཆོས་ཐམས་ཅད་ལ་ཡོངས་སུ་འཛིན་པ་མི་དམིགས་ཏེ་ཞེས་བྱ་བ་ནས་བཟུང་སྟེ། བཅོམ་ལྡན་འདས་ཆོས་ཐམས་ཅད་ཡོངས་སུ་གཟུང་བ་མ་མཆིས་པའི་སླད་དུ། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ་ཞེས་བྱ་བའི་བར་དུའོ། །དེ་ལ་དང་པོ་ཆོས་ཡོངས་སུ་མི་འཛིན་པའི་འགྲེས་ལས། གཟུགས་ནི་ཡོངས་སུ་གཟུང་བ་ མ་མཆིས་པ་ཞེས་བྱ་བ་ནི། བདག་གི་ཕྱིར་ཆོས་ཉིད་ཀྱི་གཟུགས་ལ་ནི་བདག་ཏུ་འཛིན་པ་དང་། བདག་གིར་འཛིན་པར་ལྷུང་བའི་རྒྱུ་གང་གིས་ཀྱང་། གཟུགས་སུ་གཟུང་བ་མེད་དེ། དེའི་ཕྱིར་མངོན་པར་འདུ་བྱེད་པ་ལ་སྤྱོད་ན་དོན་དམ་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྤྱད་པ་ལ་ སྤྱོད་པ་མ་ཡིན་ནོ་ཞེས་སྟོན་ཏོ། །ཅིའི་ཕྱིར་གཟུགས་ཡོངས་སུ་གཟུང་བ་མེད་ཅེས་བྱ་ཞེ་ན། འདི་ལྟར་གཟུགས་ཀྱི་ཡོངས་སུ་གཟུང་བ་མ་མཆིས་པ་གང་ལགས་པ་དེ་ཡང་རང་བཞིན་སྟོང་པ་ཉིད་ཀྱི་སླད་དུ་གཟུགས་མ་ལགས་ཞེས་བྱ་བ་གསུངས་སོ། །འདི་ལ་ཡོངས་སུ་གཟུང་བ་མེད་ཅེས་ བྱ་བ་ནི་ཡོངས་སུ་བསྒྲུབ་པའི་མཚན་ཉིད་ལ་བྱ་སྟེ། དེ་སྐད་བརྗོད་དེ་ཆོས་ཉིད་ཀྱི་གཟུགས་ཀྱིས་ཡོངས་སུ་གཟུང་བ་མེད་པ་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་གང་ཡིན་པ་དེ་ནི་ཀུན་བརྟགས་པའི་གཟུགས་ཀྱི་ངོ་བོ་ཉིད་མ་ཡིན་ཏེ་དེའི་ཕྱིར། ཆོས་ཉིད་ཀྱི་ཆོས་ནི་ཡོངས་སུ་གཟུང་བ་མེད་དོ་ཞེས་བྱ་བར་ སྦྱར་རོ། །རང་བཞིན་སྟོང་པ་ཉིད་ཀྱི་སླད་དུ་ཞེས་བྱ་བ་ནི་གཟུགས་ལ་སོགས་པའི་ཆོས་ཀྱི་རྣམ་པ་གང་ཡང་སྔར་ཡོངས་སུ་བཟུང་ནས་ཕྱིས་གཉེན་པོ་གཞན་གང་གིས་ཀྱང་སྟོང་པར་བྱ་བ་ནི་མེད་ཀྱི། དེའི་རང་བཞིན་ནི་སྟོང་པ་ཉིད་དོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ བཞིན་དུ་ཚོར་བ་ལ་སོགས་པ་དང་ཡང་དག་པའི་མཐའི་བར་དག་ལ་ཡང་སྦྱར་བར་བྱའོ། །འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ཆོས་ཐམས་ཅད་ཡོངས་སུ་མ་བཟུང་བ་ཞེས་བགྱི་བ་སྟེ། རྒྱ་ཆེ་བ་ཕུལ་དུ་བགྱི་བ། ཚད་མ་མཆིས་པ། ངེས་པ། མི་འཕྲོགས་པ། ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་དང་ཐུན་མོང་མ་ལགས་པ་ཞེས་བྱ་བ་ནི་དེའི་ཆོས་བསྟན་པའོ། །ཏིང་ངེ་འཛིན་གྱི་དཀྱིལ་འཁོར་དེ་ལ་གནས་ཞེས་བྱ་བ་ལ་སོགས་པ་ནི་ཕན་ཡོན་བསྟན་པའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དེ་ཡང་། ནང་སྟོང་པ་ཉིད་ ནས། དངོས་པོ་མེད་པ་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་སླད་དུ་ཡོངས་སུ་གཟུང་བ་མ་མཆིས་པའོ་ཞེས་བྱ་བ་ནི་གང་གི་ཕྱིར་སྟོང་པ་ཉིད་ཐམས་ཅད་ཀྱི་ཡེ་ཤེས་ཡོངས་སུ་སྦྱངས་པ་ཆོས་ཐམས་ཅད་དམིགས་སུ་མེད་པའི་མཐར་ཕྱིན་པ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཅེས་བྱ་བར་འགྱུར་ཏེ། དེ་བས་ན་དེ་ཡང་ ཡོངས་སུ་མ་བཟུང་བ་ཞེས་བསྟན་ཏོ། །དེའི་ཕྱིར་དེ་ནི་མཚན་མར་བརྗོད་པ་མ་ལགས་ཞེས་བྱ་བ་གསུངས་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་མཚན་མ་དང་བྲལ་བ་སྟེ། མཚན་མའི་རྣམ་པ་ཡོང་ཡེ་མེད་དོ་ཞེས་བྱ་བའི་ཐ་ཚིག་གོ། །འདི་ལྟར་མཚན་ མ་ནི་ཉོན་མོངས་པ་མ་ལགས་པའི་སླད་དུ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྣམ་པར་རྟོག་པའི་མཚན་མ་ཉིད་སེམས་ཀྱི་རྒྱུད་ཉོན་མོངས་པར་འགྱུར་བས་ན་ཉོན་མོངས་པ་ཞེས་བྱ་བར་བསྟན་ཏོ། །དེ་དག་གིས་ཀྱང་མཚན་མ་ཡོངས་སུ་མི་འཛིན་པའི་འགྲེས་བསྟན་ཏེ། མཚན་མ་གང་ཞེ་ན། གཟུགས་ནི་མཚན་མའོ་ཞེས་བྱ་བ་ལ་སོགས་པའོ། །དེ་དག་ཐམས་ཅད་ཀྱང་དོན་དམ་པར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཉོན་མོངས་པ་ཡིན་པས་སྤང་བར་བྱ་བ་ཡིན་ཏེ། འདོད་ཆགས་ལ་སོགས་པ་དེ་ལྟ་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །གལ་ཏེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ མཚན་མར་བཟུང་བ་ཞིག་ལགས་ན་ནི་ཀུན་ཏུ་རྒྱུ་བཟོ་སྦྱངས་ཀྱང་ཞེས་བྱ་བ་ལ་སོགས་པ་ནི་མཚན་མ་མེད་པར་སྒྲུབ་པ་ཉིད་གསལ་བར་བྱེད་པ་སྟེ། རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་འདི་ལ་ཀུན་ཏུ་རྒྱུ་བཟོ་སྦྱངས་ཀྱང་མོས་པར་འགྱུར་ཞེས་བྱ་བ་ནི་ཀུན་ཏུ་རྒྱུ་དེ་སྔོན་མཚན་མ་མེད་པར་སྒྲུབ་པ་མ་ གཏོགས་པ་དེ་ལ་དད་པ་བསྐྱེད་དེ། དད་པ་དེ་ཉིད་ཀྱིས་མཚན་མ་མེད་པའི་ཤེས་པ་སྐྱེས་ཤིང་ཐོབ་པར་གྱུར་གྱི། ཆོས་ཐམས་ཅད་ཡུལ་དུ་མ་གྱུར་པའི་ཕྱིར་མཚན་མ་མེད་པའི་ཤེས་པས་ནི་མ་ཡིན་ནོ། །ཉི་ཚེ་བའི་ཤེས་པ་ཞེས་བྱ་བ་ནི་ཆོས་རྣམས་ལ་སོ་སོར་ཞུགས་ནས། གཟུགས་ བཟུང་སྟེ་སོ་སོར་བརྟགས་ན་གཟུགས་ཀྱི་མཚན་མ་མ་དམིགས་སོ། །དེ་བཞིན་དུ་ཚོར་བ་ལ་སོགས་པ་བཟུང་སྟེ། སོ་སོར་བརྟགས་ན་ཚོར་བ་ལ་སོགས་པའི་ཆོས་ཀྱི་མཚན་མ་ཡང་མ་དམིགས་སོ། །དེ་བས་ན་དེ་དེ་ལྟར་ཞུགས་ནས་གཟུགས་ཡོངས་སུ་མ་བཟུང་། དེ་བཞིན་དུ་ ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ཡོངས་སུ་མ་བཟུང་ཞེས་བྱ་བ་ནས། ཡང་དག་པའི་མཐའ་ཡོངས་སུ་མ་བཟུང་ཞེས་བྱ་བའི་བར་དུ་བཤད་དེ། དེའི་གཏན་ཚིགས་བསྟན་པའི་ཕྱིར་དེས་རང་གི་མཚན་ཉིད་ཀྱིས་སྟོང་པའི་ཆོས་ཐམས་ཅད་ལ་ཡོངས་ སུ་འཛིན་པ་མི་དམིགས་ཏེ་ཞེས་བྱ་བ་བཤད་དེ། མཚན་མ་མེད་པའི་ཤེས་པ་དེས་རེ་རེ་ལ་མཚན་མ་མེད་པའི་རྣམ་པར་ཞུགས་པས། ཆོས་ཐམས་ཅད་རང་གི་མཚན་ཉིད་ཀྱིས་སྟོང་པར་ཤེས་པར་འགྱུར་ཏེ། དེ་བས་ན་ཡོངས་སུ་འཛིན་པའི་གང་ཟག་གམ། ཤེས་པ་མ་དམིགས་སོ། ། ཡང་དེའི་གཏན་ཚིགས་སུ་འདི་ལྟར་དེས་ཤེས་པ་ཐོབ་པ་དང་། མངོན་པར་རྟོགས་པའི་ཚུལ་གྱིས་ཤེས་པ་དེ་ནང་དུ་ཡང་དག་པར་རྗེས་སུ་མ་མཐོང་། ཕྱི་རོལ་ཏུ་ཡང་དག་པར་རྗེས་སུ་མ་མཐོང་། ཐོས་པ་དང་མངོན་པར་རྟོགས་པའི་ཚུལ་གྱིས་ཤེས་པ་དེ་ཕྱི་ནང་དུ་ཡང་དག་པར་རྗེས་ སུ་མ་མཐོང་། ཐོས་པ་དང་མངོན་པར་རྟོགས་པའི་ཚུལ་གྱིས་ཤེས་པ་དེ་བཞིན་དུ་ཡང་དག་པར་རྗེས་སུ་མ་མཐོང་བའི་སླད་དུའོ་ཞེས་བྱ་བ་གསུངས་ཏེ། ཀུན་ཏུ་རྒྱུ་དེས་བདག་གི་ཤེས་པ་བཟུང་ནས་བདག་གི་ཤེས་པ་འདིས་ཆོས་ཀྱི་ཁྱད་པར་མ་ཐོབ་པ་རྣམས་ཐོབ་པོ་ཞེ་འམ། བདག་ ཤེས་པ་འདིས་མངོན་པར་མ་རྟོགས་པའི་ཆོས་རྣམས་མངོན་པར་མ་རྟོགས་སོ་ཞེས་ཐོབ་པ་དང་། མངོན་པར་རྟོགས་པ་ཡོངས་སུ་བརྟགས་ནས་ཤེས་པ་དེ་བདག་ལ་གནས་པ་དང་། ཕྱི་རོལ་ལ་གནས་པ་དང་། གཉིས་ཀ་ལ་གནས་པ་དང་། དེ་ལས་གཞན་ པ་འགའ་ཞིག་ལ་གནས་པར་ཡང་དག་པར་རྗེས་སུ་མི་མཐོང་ངོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་བས་ན་འདི་ལྟར་དེས་གང་གིས་རྟོགས་པར་བགྱི་བ་དང་། གང་རྟོགས་པར་བགྱི་བའི་ཤེས་པ་དེ་མི་དམིགས་ཏེ་ཡང་དག་པར་རྗེས་སུ་མ་མཐོང་ཞེས་བྱ་བ་གསུངས་ཏེ། དེ་ལ་གང་གིས་ཞེས་ བྱ་བ་ནི་ཤེས་པ་དེས་ཞེས་བྱ་བར་སྟོན་ཏོ། །གང་ཞེས་བྱ་བ་ནི་བདག་གིས་ཐོབ་པོ། །མངོན་པར་རྟོགས་སོ་ཞེས་བྱ་བར་སྟོན་ཏོ། །གང་ཞེས་བྱ་བ་ནི་མ་ཐོབ་པ་དང་། མངོན་པར་མ་རྟོགས་པའི་ཆོས་རྣམས་ཞེས་བྱ་བར་སྟོན་ཏོ། །དེ་ལྟར་ཐོབ་པ་དང་། མངོན་པར་རྟོགས་པའི་ཤེས་པ་ལ་རྣམ་པར་ རྟོག་པ་བཞི་མེད་པར་བསྟན་ནས། དེའི་འོག་ཏུ་གཟུགས་ལ་སོགས་པའི་ཆོས་ཐམས་ཅད་ཡུལ་དུ་གྱུར་པའི་ཤེས་པ་ལ་ཡང་རྣམ་པར་རྟོག་པ་དེ་བཞི་མི་འཇུག་པར་བསྟན་པའི་ཕྱིར། དེས་ཤེས་པ་དེ་གཟུགས་ཀྱི་ནང་དུ་ཡང་དག་པར་རྗེས་སུ་མི་མཐོང་ངོ་ཞེས་བྱ་བ་ལ་སོགས་པ་བཤད་དེ། གཟུགས་ལ་སོགས་པའི་ཆོས་ཐམས་ཅད་ཡུལ་དུ་གྱུར་པའི་ཤེས་པ་ཡང་ནང་དང་ཕྱི་རོལ་དང་། གཉི་ག་དང་། དེ་ལས་གཞན་པ་ལ་ཡང་ཡང་དག་པར་རྗེས་སུ་མི་མཐོང་ངོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ཉིད་ཡང་གསལ་བར་བྱ་བའི་ཕྱིར་རྣམ་གྲངས་འདི་ལ་ཀུན་ཏུ་རྒྱུ་བཟོ་སྦྱངས་ཀྱང་མོས་པར་ འགྱུར་ཏེ་ཞེས་བྱ་བ་ལ་སོགས་པ་ནས། མཚན་མ་མ་མཆིས་པར་ཡིད་ལ་བགྱིད་པའི་སླད་དུ་ཞེས་བྱ་བའི་བར་དུ་བཤད་དོ། །བཅོམ་ལྡན་འདས་འདི་ནི་གཞན་གྱི་ཕ་རོལ་དུ་མཆིས་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ་ཞེས་བྱ་བ་ནི་ཡོངས་སུ་འཛིན་པ་ མེད་པར་སྒྲུབ་པ་ཡོངས་སུ་ཤེས་པ་འདིའི་ཕན་ཡོན་བསྟན་ཏོ། །འདི་ལྟར་ཆོས་ཐམས་ཅད་ལས་གཞན་པའི་ཕ་རོལ་ནི་རྣམ་པར་རྟོག་པ་ཐམས་ཅད་དང་། མཚན་མ་ཐམས་ཅད་ལས་གཞན་དུ་གྱུར་པའོ། །རྣམ་པར་མི་རྟོག་པ་ནི་ཕ་རོལ་ཏེ། མཚན་མ་མེད་པའི་ཕ་རོལ་དུ་ཞེས་བྱ་བའི་ཐ་ ཚིག་གོ། །གཞན་གྱི་ཕ་རོལ་དེ་གང་ཡིན་སྙམ་པ་ལ། གང་ལ་གཟུགས་ཡོངས་སུ་མི་འཛིན་པ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། གང་གི་ཕྱིར་གཟུགས་ལ་སོགས་པ་ཡོངས་སུ་འཛིན་པ་མེད་པ་དེའི་ཕྱིར་གཞན་གྱི་ཕ་རོལ་ཞེས་བྱའོ། །བར་མ་དོར་ཡོངས་སུ་མྱ་ངན་ལས་མི་འདའ་ ཞེས་བྱ་བ་ནི་ཀུན་ཏུ་རྒྱུ་དེ་སངས་རྒྱས་ཀྱི་རིགས་ཅན་ཡིན་པའི་ཕྱིར། བར་མ་དོར་ཡོངས་སུ་མྱ་ངན་ལས་མི་འདའོ། །བར་དུ་ཞེས་བྱ་བ་སྨོས་པ་ནི་སྨོན་ལམ་དེ་དག་སྨོན་ལམ་མ་ལགས། སྟོབས་དེ་དག་སྟོབས་མ་ལགས། མི་འཇིགས་པ་དེ་དག་མི་འཇིགས་པ་མ་ལགས། སོ་སོ་ཡང་དག་པར་ རིག་པ་དེ་དག་སོ་སོ་ཡང་དག་པར་རིག་པ་མ་ལགས་ཞེས་བྱ་བ་ནས། སངས་རྒྱས་ཀྱི་ཆོས་རྣམས་ཀྱི་བར་དུ་སངས་རྒྱས་ཀྱི་ཆོས་རྣམས་མ་ལགས་ཞེས་བྱ་བ་ལ། བར་དུ་ཞེས་བྱ་བ་སྨོས་པ་འདིས་གཞན་གྱི་ཕ་རོལ་སྟོན་ཏོ། །དེ་ལྟར་ཡོངས་སུ་འཛིན་པ་མེད་པར་སྒྲུབ་པ་ཡོངས་སུ་ རྫོགས་པར་བྱས་ནས། དེའི་འོག་ཏུ་ཡོངས་སུ་བརྟགས་པའི་སྒྲུབ་པ་བརྩམས་ཏེ། བཅོམ་ལྡན་འདས་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། འདི་ལྟར་ཡོངས་སུ་བརྟགས་པར་བགྱི་སྟེ་ཞེས་བྱ་བ་ལ་སོགས་པ་བཤད་ དོ། །ཡོངས་སུ་བརྟགས་པའི་སྒྲུབ་པ་འདི་ཡང་རྣམ་པ་བཞིར་བསྟན་ཏེ། འདི་ནི་གང་ཞེས་བྱ་བ་དང་། འདི་ནི་གང་གི་ཞེས་བྱ་བ་དང་། འདི་ནི་ཅིའི་ཕྱིར་ཞེས་བྱ་བ་དང་། འདི་ཅི་ཞིག་ན་ཞེས་བྱ་བའོ། །དེ་དེ་ལྟར་ཡོངས་སུ་རྟོག་ཅིང་དེ་ལྟར་སེམས་པའི་ཚེ་ཞེས་བྱ་བ་ནས་བཟུང་སྟེ། ཤེས་ རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་མ་བྲལ་བ་ཞེས་བྱ་བའི་བར་དུ་ནི་འདི་གང་ཞེས་བྱ་བ་སྟོན་ཏོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་གཟུགས་ནི་གཟུགས་ཀྱི་རང་བཞིན་དང་བྲལ་བ་ཞེས་བྱ་བ་ནས། ཡང་དག་པའི་མཐའ་ནི་ཡང་དག་པའི་མཐའི་རང་བཞིན་ དང་བྲལ་བ་ཞེས་བྱའི་བར་དུ་ནི་འདི་གང་ཞེས་བྱ་བ་སྟོན་ཏོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་གཞན་ཡང་གཟུགས་ལ་གཟུགས་ཀྱི་མཚན་ཉིད་མེད་དོ་ཞེས་བྱ་བ་ནས་གང་བསླབ་པ་འདི་ལ་སློབ་པ་དེ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ངེས་པར་འབྱུང་བར་འགྱུར་རོ་ཞེས་བྱ་བའི་བར་དུ་ནི་འདི་ནི་ ཅིའི་ཕྱིར་ཞེས་བྱ་བ་སྟོན་ཏོ། །ཆོས་ཐམས་ཅད་མ་སྐྱེས་པ་དང་། ངེས་པར་འགྱུར་བ་མེད་པ་ཞེས་བྱ་བ་ནས། ཚེ་དང་ལྡན་པ་ཤཱ་རིའི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་པ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་ པའི་བྱང་ཆུབ་དང་ཉེ་བ་ཡིན་ཞེས་བྱ་བའི་བར་དུ་ནི་འདི་ཅི་ཞིག་ན་ཞེས་བྱ་བ་སྟོན་ཏོ། །དེ་ལ་འདི་གང་ཞེས་བྱ་བ་དེའི་རང་བཞིན་འདྲི་བ་སྟེ། དེ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རྟོགས་པའོ་ཞེས་དེ་སྐད་བརྗོད་པར་བྱའོ། །འདི་ནི་གང་གི་ཞེས་བྱ་བ་ནི་འབྲེལ་བ་འདྲི་བ་སྟེ། དེ་ལ་ཆོས་ཐམས་ ཅད་ཀྱིའོ་ཞེས་དེ་སྐད་བརྗོད་པར་བྱའོ། །འདི་ཅིའི་ཕྱིར་ཞེས་བྱ་བ་ནི། ཅིའི་ཕྱིར་འདི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་ཞེས་གཏན་ཚིགས་འདྲི་བ་སྟེ། དེ་ལ་ཡང་དག་པ་ཇི་ལྟ་བ་ཉིད་ཀྱི་མཚན་ཉིད་རྟོགས་པའི་ཕྱིར་རོ་ཞེས་བརྗོད་པར་བྱའོ། །འདི་ཅི་ཞིག་ན་ཞེས་བྱ་བ་ནི་བྱེད་པ་འདྲི་བ་སྟེ། དེ་ལ་ངེས་པར་འབྱིན་པའི་ཕྱིར་རོ་ཞེས་བརྗོད་པར་བྱའོ། །དེ་དག་ཐམས་ཅད་ཀྱི་རེ་ཞིག་ལན་གདབ་པར་བྱ་བ་ལ་འདི་གང་ཡིན་ཞེས་བྱ་བ་སྔར་དྲིས་པའི་ལན་དུ། དེ་དེ་ལྟར་ཡོངས་སུ་རྟོག་ཅིང་དེ་ལྟར་ངེས་པར་སེམས་པའི་ཚེ། གལ་ཏེ་འདི་ལྟར་ཆོས་མེད་ཅིང་མི་དམིགས་པ་གང་ཡིན་པ་ དེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་པར་ཡང་དག་པར་རྗེས་སུ་མཐོང་ན་དེ་ཡང་ཡང་དག་པར་རྗེས་སུ་མཐོང་བ་མ་ཡིན་ནོ་ཞེས་བྱ་བ་གསུངས་ཏེ། ཅི་ལས་དགོངས་ཤེ་ན། དེའི་ཚེ་ཆོས་ཐམས་ཅད་དམིགས་སུ་མེད་པ་དེའི་ངོ་བོ་ཉིད་ཀྱང་ནམ་མཁའ་བཞིན་དུ་འགྱུར་ཏེ། དེ་བས་ན་གང་ གིས་དེ་ལ་བལྟས་ན། རང་བཞིན་མེད་པར་མཐོང་བ་དེ་ཡང་དག་པར་མཐོང་བའོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་བས་ན་བཅོམ་ལྡན་འདས་འདི་ལྟར་ཆོས་ཐམས་ཅད་མ་མཆིས་ཤིང་མི་དམིགས་སོ་ཞེས་བྱ་བ་གསུངས་ཏེ། དེའི་གནས་སྐབས་ན་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟར་གཟུགས་ལ་སོགས་ པའི་ཆོས་ཐམས་ཅད་དངོས་པོ་མེད་པར་མཐོང་ན། གང་ལ་ཞུམ་པ་དང་། སྐྲག་པ་ལ་སོགས་པ་མེད་པར་གྱུར་པ་དེ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་མ་བྲལ་བ་ཡིན་པར་ཤེས་པར་བྱའོ་ཞེས་གནས་བརྟན་རབ་འབྱོར་གྱིས་སྨྲས་པ་ལ། གནས་བརྟན་ཤཱ་རིའི་བུས་མ་བྲལ་བའི་མཚན་ཉིད་བསྟན་ པར་བྱ་བའི་ཕྱིར། ཚེ་དང་ལྡན་པ་རབ་འབྱོར་ཅིའི་ཕྱིར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་མ་བྲལ་བ་ཡིན་པར་རིག་པར་བྱ་ཞེས་དྲིས་སོ། །དེའི་ཚེ་གནས་བརྟན་རབ་འབྱོར་གྱིས། གང་གི་ཕྱིར་ཆོས་ཐམས་ཅད་ངོ་བོ་ཉིད་དང་བྲལ་བ་དེའི་ཕྱིར་དེ་ལྟར་མཐོང་བ་དེ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ དང་མ་བྲལ་བར་རིག་པར་བྱའོ་ཞེས་བསྟན་ཏོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་རྣམ་གྲངས་དེས་ན་འདི་ལྟར་གཟུགས་ལ་གཟུགས་ཀྱི་རང་བཞིན་མེད་ཅེས་བྱ་བ་ལ་སོགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་གང་གི་ཡིན་ཞེས་དྲིས་པའི་ལན་བཤད་པ་ཡིན་ཏེ། དེ་ནི་འདི་ལྟར་ཆོས་ཐམས་ ཅད་རང་གི་ངོ་བོ་ཉིད་དང་བྲལ་བས་དངོས་པོ་མེད་པ་ཡིན་ན། འོ་ན་ཆོས་གང་རྟོགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་བསྟན་པ་ཡིན། ཚེ་དང་ལྡན་པ་ཤཱ་རིའི་བུ་གཞན་ཡང་གཟུགས་ལ་གཟུགས་ཀྱི་མཚན་ཉིད་མེད་དོ་ཞེས་བྱ་བ་ལ་སོགས་པ་ནས་གང་འདི་ལ་སློབ་པ་དེ་ནི་ རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ངེས་པར་འབྱུང་བར་འགྱུར་རོ་ཞེས་བྱ་བའི་བར་དུ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཅིའི་ཕྱིར་ཞེས་བྱ་བ་བསྟན་པ་སྟེ། ཆོས་ཐམས་ཅད་ཀྱི་མཚན་ཉིད་རྟོགས་པའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བར་རྣམ་པར་གཞག་གོ། ། གལ་ཏེ་ཆོས་ཐམས་ཅད་མཚན་ཉིད་མེད་ཅིང་མཚན་ཉིད་དང་བྲལ་བ་ཡིན་ན། མཚན་ཉིད་གང་དག་རྟོགས་པར་འགྱུར་ཞེས་བསྟན་པ་ཡིན་ཏེ། འདི་ལྟར་མཚན་ཉིད་ཐམས་ཅད་ནི་ཀུན་བརྟགས་པ་ཡོད་པ་མ་ཡིན་པས། དེའི་ཕྱིར། ཆོས་ཉིད་ནི་གཟུགས་ལ་སོགས་པའི་མཚན་ ཉིད་དང་བྲལ་བ་ཞེས་བྱའོ། །ཚེ་དང་ལྡན་པ་རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་གང་བསླབ་པ་འདི་ལ་སློབ་པ་དེ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ངེས་པར་འབྱུང་བར་འགྱུར་རམ་ཞེས་བྱ་བ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུས་བྱང་ཆུབ་སེམས་དཔའ་སེམས་ དཔའ་ཆེན་པོ་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ནི་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཉེ་བར་གྱུར་པ་ཡིན་ནོ་ཞེས་བྱ་བའི་བར་དུ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཅི་ཞིག་ན་ཞེས་བྱ་བ་དེ་བསྟན་པ་སྟེ། ངེས་པར་འབྱིན་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ ཕྱིན་པ་ཞེས་བྱའོ། །ངེས་པར་འབྱུང་བ་དེ་ཡང་ཆོས་ཐམས་ཅད་ལ་མེད་དེ། འདི་ལྟར་ཆོས་ཐམས་ཅད་སྐྱེ་བ་མེད་ཅིང་ངེས་པར་འབྱུང་བ་མེད་པས་དེའི་ཕྱིར་དེ་ཡང་དེའི་ངེས་པར་འབྱིན་པར་མི་འགྱུར་རོ་ཞེས་བསྟན་པ་ཡིན་ནོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་གཟུགས་ ནི་གཟུགས་ཀྱི་ངོ་བོ་ཉིད་ཀྱིས་སྟོང་སྟེ། དེ་ལ་སྐྱེ་བ་དང་། ངེས་པར་འབྱུང་བ་མི་དམིགས་སོ་ཞེས་བྱ་བ་ནི་འདི་ལྟར་ཡོངས་སུ་གྲུབ་པའི་ཆོས་ཉིད་ཀྱི་གཟུགས་ནི་ཀུན་བརྟགས་པའི་གཟུགས་ཀྱི་ངོ་བོ་ཉིད་ཀྱིས་སྟོང་སྟེ། དེའི་ཕྱིར་ཆོས་ཉིད་ཀྱི་གཟུགས་ལ་ནི་འཁོར་བའི་གནས་སྐབས་ཀྱི་ཀུན་ ནས་ཉོན་མོངས་པའི་ངོ་བོ་ཉིད་སྐྱེ་བ་དང་། འབྱུང་བ་མེད་དོ། །དག་པའི་གནས་སྐབས་ན་རྣམ་པར་བྱང་བའི་བདག་ཉིད་ལ་ཕྱིན་ཅི་ལོག་གི་དངོས་པོ་མེད་པས་གློ་བུར་གྱིས་ངེས་པར་འབྱུང་བ་མེད་དེ། ངོ་བོ་ཉིད་ཀྱི་རྣམ་པར་དག་པ་དང་། ཆོས་ཉིད་ལ་འགྱུར་བ་མེད་པའི་ཕྱིར་རོ་ཞེས་བྱ་བའི་ ཐ་ཚིག་གོ། །སྐྱེ་བ་མེད་ཅེས་བྱ་བ་ནི་དྲི་མ་དང་བཅས་པའི་གནས་སྐབས་ནའོ། །ངེས་པར་འབྱུང་བ་མེད་ཅེས་བྱ་བ་ནི་དྲི་མ་མེད་པའི་གནས་སྐབས་ནའོ། །དེ་ལྟར་ཡོངས་སུ་བརྟགས་པའི་སྒྲུབ་པ་བསྟན་ནས། དེའི་འོག་ཏུ་བརྩོན་པར་སྒྲུབ་པ་བསྟན་པའི་ཕྱིར། བཅོམ་ལྡན་འདས་ གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་ཐབས་མི་མཁས་པས་གཟུགས་ལ་སྤྱོད་ན་ཞེས་བྱ་བ་ལ་སོགས་པ་ནས། ཚེ་དང་ལྡན་པ་ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ དང་ཉེ་བ་ཡིན་ནོ་ཞེས་བྱ་བའི་བར་ལ་ཐུག་པའི་གཞུང་གིས་བཤད་དེ། བརྩོན་པར་བསྒྲུབ་པ་འདི་ཡང་ཐབས་མ་ཡིན་པ་སྤང་བར་བྱ་བ་དང་། ཐབས་ལ་བརྟེན་པར་བྱ་བ་དང་། རྣམ་པ་གཉིས་སུ་བསྟན་ཏོ། །ཐབས་མ་ཡིན་པ་ཡང་རྣམ་པ་གཉིས་ཀྱིས་བསྟན་ཏེ། མཚན་མ་ ལ་སྤྱོད་པ་དང་། མངོན་པར་འདུ་བྱེད་པ་ལ་སྤྱོད་པའོ། །ཐབས་ཀྱང་རྣམ་པ་གཉིས་ཀྱིས་བསྟན་ཏེ། ཆོས་ལ་སྤྱོད་པ་མེད་པ་དང་། ཆོས་ཀྱི་མཚན་མ་ལ་སྤྱོད་པ་མེད་པའོ། །དེ་ལ་ཐབས་མ་ཡིན་པས་མཚན་མ་ལ་སྤྱོད་པ་ནི་གཟུགས་ལ་སྤྱོད་པ་ན་མཚན་མ་ལ་སྤྱོད་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་མ་ལགས་སོ་ཞེས་བྱ་བ་ནས་བཟུང་སྟེ་དེ་ནི་བྱང་ཆུབ་སེམས་དཔའི་ཐབས་མི་མཁས་པར་རིག་པར་བགྱིའོ་ཞེས་བྱ་བའི་བར་གྱིས་བཤད་དོ། །ཐབས་མ་ཡིན་པས་མངོན་པར་འདུ་བྱེད་པ་ལ་སྤྱོད་པ་ནི། གཟུགས་ལ་གནས་ཤིང་ཀུན་ཏུ་ཤེས་ཏེ་ མོས་ན་ཞེས་བྱ་བ་ནས་བཟུང་སྟེ། ཚེ་དང་ལྡན་པ་ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་ན་ཐབས་མི་མཁས་པར་རིག་པར་བྱའོ་ཞེས་བྱ་བའི་བར་གྱིས་བཤད་དོ། །གནས་ཞེས་བྱ་བ་ནི་སེམས་ཕྱིན་ཅི་ལོག་གིས་སོ། ། ཀུན་ཏུ་ཤེས་ཞེས་བྱ་བའི་འདུ་ཤེས་ཕྱིན་ཅི་ལོག་གིས་སོ། །ཆོས་ཞེས་བྱ་བ་ནི་ལྟ་བ་ཕྱིན་ཅི་ལོག་གིས་སོ། །ཐབས་ཀྱི་སྒྲུབ་པ་ལ་ཆོས་མི་དམིགས་པར་སྤྱོད་པ་ནི། ཚེ་དང་ལྡན་པ་ཤཱ་རིའི་བུ་ནམ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ ཅིང་གཟུགས་ལ་མི་སྤྱོད་ཅེས་བྱ་བ་ནས་བཟུང་སྟེ། ཚེ་དང་ལྡན་པ་ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་པ་ནི་ཐབས་ལ་མཁས་པར་རིག་པར་བྱའོ་ཞེས་བྱ་བའི་བར་གྱིས་བཤད་དོ། །འདི་ལ་གཟུགས་ཀྱི་སྟོང་ པ་ཉིད་གང་ཡིན་པ་དེ་གཟུགས་མ་ཡིན་ཞེས་བྱ་བ་ལ་སོགས་པ་ནི་གོང་དུ་བཤད་ཟིན་པས་བཟླས་ཏེ་བཤད་མི་དགོས་སོ། །ཐབས་ཀྱི་སྒྲུབ་པ་ལ་ཆོས་ཀྱི་མཚན་མ་མི་དམིགས་པར་སྤྱོད་པ་ནི། དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གལ་ཏེ་ཆོས་འགའ་ཞིག་ དམིགས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་མ་ཡིན་ནོ་ཞེས་བྱ་བ་ནས་བཟུང་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ཉེ་བ་ཡིན་ནོ་ཞེས་བྱ་བའི་བར་གྱིས་བཤད་དོ། །དེ་ལ་དམིགས་ཞེས་བྱ་བ་དང་། མི་དམིགས་ཞེས་ བྱ་བ་དང་། དམིགས་ཀྱང་དམིགས་ལ་མི་དམིགས་ཀྱང་མི་དམིགས་ཞེས་བྱ་བ་དང་། དམིགས་པ་ཡང་མ་ཡིན་མི་དམིགས་པ་ཡང་མ་ཡིན་ཞེས་བྱ་བའི་རྣམ་པར་རྟོག་པ་བཞི་ཡང་མཚན་མ་ཡིན་པ་དང་། སྤྱོད་དོ་ཞེས་བྱ་བ་དང་། མི་སྤྱོད་དོ་ཞེས་བྱ་བ་དང་། སྤྱོད་ཀྱང་ སྤྱོད་ལ་མི་སྤྱོད་ཀྱང་མི་སྤྱོད་དོ་ཞེས་བྱ་བ་དང་། སྤྱོད་པ་ཡང་མ་ཡིན་མི་སྤྱོད་པ་ཡང་མ་ཡིན་ཞེས་བྱ་བ་བཞི་ཡང་མཚན་མའོ་ཞེས་བྱ་བར་སྦྱར་བར་བྱའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ངོ་བོ་ཉིད་མེད་ཅིང་མི་དམིགས་སོ་ཞེས་བྱ་བ་ནི་ཡོངས་སུ་གྲུབ་པའི་ གནས་སྐབས་ན་ཆོས་ཐམས་ཅད་དམིགས་སུ་མེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཉིད་ཀྱིས་མེད་དོ། །དེ་ལྟར་བརྩོན་པའི་སྒྲུབ་པ་བསྟན་ནས། ད་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དེ་ཡང་གཉིས་སུ་མེད་ཅིང་གཉིས་སུ་བྱར་ མེད་ཅེས་བྱ་བ་ལ་སོགས་པས་མྱུར་དུ་མངོན་པར་རྫོགས་པར་བྱང་ཆུབ་པའི་སྒྲུབ་པ་སྟོན་ཏོ། །སྒྲུབ་པ་འདི་ཡང་རྣམ་པ་བཞིར་བསྟན་ཏེ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ལ་སློབ་པ་དང་། ཆོས་ཐམས་ཅད་མི་དམིགས་པར་སློབ་པ་དང་། སྒྱུ་མ་ལྟ་བུ་ལ་སོགས་པར་སློབ་པ་དང་། ཐབས་ལ་མཁས་པར་སློབ་པའོ། །དེ་ལ་ཆོས་ཐམས་ཅད་དངོས་པོ་མེད་པའི་ངོ་བོ་ཉིད་ཀྱི་ཕྱིར། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དེ་ཡང་གཉིས་སུ་མེད་ཅིང་གཉིས་སུ་བྱར་མེད་དོ་ཞེས་བྱ་བ་ནས་བཟུང་སྟེ། དྲན་པ་ཉེ་བར་གཞག་པ་རྣམས་ལ་བསླབ་པར་བྱའོ་ཞེས་བྱ་བའི་བར་ དུ་ནི་ཏིང་ངེ་འཛིན་ལ་བསླབ་པོ། །ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སློབ་པའི་ཚེ་ཞེས་བྱ་བ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ལ་མི་དམིགས་པའི་ཚུལ་གྱིས་སློབ་ཅེས་བྱ་བ་ནས་བཟུང་སྟེ། ཤཱ་རིའི་ བུ་སྟོང་པ་ཉིད་མི་དམིགས་པའི་ཚུལ་གྱིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ངེས་པར་འབྱུང་བར་རིག་པར་བྱའོ་ཞེས་བྱ་བའི་མཐར་ཐུག་པའི་གཞུང་གིས་ནི་ཆོས་ཐམས་ཅད་ལ་མི་དམིགས་པར་བསླབ་པ་བསྟན་ཏོ། །བཅོམ་ལྡན་འདས་ལ་ལ་ཞིག་འདི་སྐད་དུ་འདྲི་སྟེ་ཅི་སྒྱུ་མའི་ སྐྱེས་བུ་འདི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབས་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ངེས་པར་འབྱུང་བར་འགྱུར་རམ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར་རམ་ཞེས་མཆིས་ནས་ཞེས་བྱ་བ་ནས་བཟུང་སྟེ། བཅོམ་ལྡན་འདས་འདི་ལྟར་གཟུགས་ནི་སྒྱུ་མ་ལྟ་བུ། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་ནི་སྒྱུ་མ་ལྟ་བུ་སྟེ། རྣམ་པར་ཤེས་པ་གང་ལགས་པ་དེ་ནི་དབང་པོ་དྲུག་གོ། །དེ་དག་ནི་ཕུང་པོ་ལྔའོ་ཞེས་བྱ་བའི་བར་དུ་ནི་སྒྱུ་མ་ལྟ་བུ་ལ་སོགས་པར་སློབ་པ་བསྟན་ཏོ། །རབ་འབྱོར་གལ་ཏེ་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་ཐེག་པ་ལ་གསར་དུ་ཞུགས་པ་ཡིན་ལ། ཐབས་ཀྱང་མི་མཁས་པ་ཞིག་སྟེ་དགེ་བའི་བཤེས་གཉེན་གྱི་ལག་ཏུ་ཡང་མ་སོང་ན་ཞེས་བྱ་བ་ལ་སོགས་པ་ནས་བཟུང་སྟེ། རབ་འབྱོར་འདི་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྡིག་པའི་གྲོགས་ པོ་ཡིན་པར་རིག་པར་བྱ་སྟེ། རིག་ནས་ཀྱང་ཡོངས་སུ་སྤང་བར་བྱའོ་ཞེས་བྱ་བའི་བར་ལ་ཐུག་པའི་གཞུང་གིས་ནི་ཐབས་མཁས་པ་བསྟན་ཏོ། །དེ་ལ་ཏིང་ངེ་འཛིན་ལ་སློབ་པ་ཡང་རྣམ་པ་གཉིས་སུ་བསྟན་ཏེ། མིང་བཤད་པ་དང་། རྣམ་པར་མི་རྟོག་པ་བཤད་པའོ། །དེ་ལ་ མིང་བཤད་པ་ལ་ངོ་བོ་ཉིད་སྐྱེ་བ་མེད་པའི་ཏིང་ངེ་འཛིན་སྔར་བསྟན་པ་སྟེ། ཆོས་ཐམས་ཅད་དངོས་པོ་མེད་པའི་ངོ་བོ་ཉིད་ཀྱི་ཕྱིར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དེ་ཡང་གཉིས་སུ་མེད་ཅིང་གཉིས་སུ་བྱར་མེད་དོ་ཞེས་བྱ་བ་ལ་སོགས་པ་བཤད་དེ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཅེས་བྱ་བ་ ནི་ཆོས་ཐམས་ཅད་གཉིས་སུ་མེད་པའི་གནས་སྐབས་ལ་བྱ་སྟེ། འདི་ལྟར་ཀུན་བརྟགས་པའི་ཆོས་ཐམས་ཅད་ལ། གཟུང་བ་དང་འཛིན་པ་གཉིས་སུ་མེད་པ་དང་། ཡོད་པ་དང་མེད་པ་དང་། དངོས་པོ་དང་དངོས་པོ་མེད་པ་དང་། རྟག་པ་དང་ཆད་པ་དང་། འདུས་བྱས་ དང་འདུས་མ་བྱས་དང་། ཆོས་དང་ཆོས་མ་ཡིན་པ་ཞེས་བྱ་བ་ལ་སོགས་པ་དང་། གང་ཡང་རྟག་པ་དང་མི་རྟག་པ་དང་། བདེ་བ་དང་སྡུག་བསྔལ་བ་དང་། བདག་དང་བདག་མེད་པ་དང་། ཞི་བ་དང་མ་ཞི་བ་དང་། སྟོང་པ་དང་མི་སྟོང་པ་དང་། མཚན་མ་དང་མཚན་མ་ མེད་པ་དང་། སྨོན་པ་དང་སྨོན་པ་མེད་པ་ལ་སོགས་པ་གཉིས་པོ་དེ་དག་ཐམས་ཅད་ནི་ཀུན་བརྟགས་པ་ཡིན་པས་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་མེད་པའི་ཕྱིར། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་གཉིས་སུ་མེད་པ་ཞེས་བྱའོ། །རྟོག་པས་བྱས་པའི་དངོས་པོ་ རྣམ་པ་གཉིས་མེད་པས་གཉིས་སུ་བྱར་མེད་པ་ཞེས་བྱའོ། །ཏིང་ངེ་འཛིན་རྣམས་ཀྱི་མིང་བརྗོད་པས། ཏིང་ངེ་འཛིན་ལ་གནས་པ་བསྟན་ནས། དེའི་འོག་ཏུ་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་ལ་གནས་པ་བསྟན་པའི་ཕྱིར། དེས་ནི་ཏིང་ངེ་འཛིན་ཀྱང་ ཡང་དག་པར་རྗེས་སུ་མི་མཐོང་ངོ་། །བདག་ནི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ་ཞེས་བྱ་བར་ཏིང་ངེ་འཛིན་དེས་རློམ་སེམས་སུ་འགྱུར་བ་ཡང་མེད་དོ་ཞེས་བྱ་བ་ལ་སོགས་པ་བཤད་དོ། །ཏིང་ངེ་འཛིན་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་ཞེས་བྱ་བ་ནི་ཡོངས་སུ་གྲུབ་པའི་ གནས་སྐབས་ན་ཆོས་ཐམས་ཅད་ཀྱང་དེ་བཞིན་ཉིད་ཙམ་དུ་འགྱུར་བའི་ཕྱིར་འདི་ནི་ཏིང་ངེ་འཛིན་ཏོ། །བདག་ནི་མཉམ་པར་གཞག་པའོ་ཞེས་བྱ་བ་ལ་སོགས་པ་ཀུན་བརྟགས་པ་རྣམས་ཤིན་ཏུ་མེད་པའི་ཕྱིར་ཏིང་ངེ་འཛིན་དུ་རྣམ་པར་རྟོག་པ་དང་། བདག་མཉམ་པར་གཞག་པར་རྣམ་ པར་རྟོག་པ་དུས་ཀྱི་དབང་གིས་རྣམ་པ་གསུམ་དང་། སྙོམས་པར་འཇུག་པའི་རྣམ་པར་རྟོག་པ་དང་། རྣམ་པར་རྟོག་པ་དེ་དག་མེད་དོ། །དེའི་ཕྱིར་དེ་ལ་རྣམ་པར་རྟོག་པ་དེ་དག་མེད་ཅེས་བྱ་བ་གསུངས་སོ། །དེ་ཉིད་ཀྱི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་གཞན་ལ། ཏིང་ངེ་ འཛིན་ཀྱང་གཞན་ཞིང་། བྱང་ཆུབ་སེམས་དཔའ་ཡང་གཞན་ཞེས་བྱ་བ་མེད་ཀྱི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ཀྱང་ཏིང་ངེ་འཛིན་ཏོ། །ཏིང་ངེ་འཛིན་ཉིད་ཀྱང་བྱང་ཆུབ་སེམས་དཔའོ་ཞེས་བྱ་བ་གསུངས་ཏེ། ཆོས་ཐམས་ཅད་ནི་དེ་བཞིན་ཉིད་ཙམ་དུ་བདག་ཉིད་གཅིག་ པའི་ཕྱིར་དེ་སྐད་ཅེས་བྱའོ། །དེ་ཉིད་ཀྱི་ཕྱིར་ཆོས་ཐམས་ཅད་མཉམ་པ་ཉིད་ཀྱི་ཕྱིར་ཞེས་བྱ་བ་གསུངས་སོ། །ཏིང་ངེ་འཛིན་བསྟན་པར་ནུས་སམ་ཞེས་བྱ་བ་ནི་ཐ་དད་དུ་བྱས་ཏེ། བརྗོད་པར་ནུས་སམ་ཞེས་བྱ་བའི་ཐ་ཚིག་སྟེ། བྱང་ཆུབ་སེམས་དཔའ་ཉིད་ཏིང་ངེ་འཛིན་ཡིན་ནོ་ཞེས་ འབྱུང་བའི་ཕྱིར་རོ་སྙམ་ནས་དྲིས་པ་དང་། ཏིང་ངེ་འཛིན་གྱི་མཚན་ཉིད་ཐ་དད་པ་མེད་པའི་ཕྱིར། ཚེ་དང་ལྡན་པ་ཤཱ་རིའི་བུ་དེ་ནི་མ་ཡིན་ནོ་ཞེས་བྱ་བ་གསུངས་སོ། །དེ་ནས་གནས་བརྟན་ཤཱ་རིའི་བུས་གལ་ཏེ་ཏིང་ངེ་འཛིན་རྣམས་ཀྱི་མིང་མེད་ན་ཅིའི་ཕྱིར་དེ་དག་གི་མིང་བརྗོད་སྙམ་དུ་ བསམས་ནས། ཏིང་ངེ་འཛིན་དེ་རྣམས་ལ་འདུ་ཤེས་སུ་བྱེད་དམ་ཞེས་བྱ་བ་དྲིས་ཏེ། ཇི་ལྟར་ཉན་ཐོས་བཞིན་དུ་ཞེས་དྲིས་པའོ། །དེ་ནས་གནས་བརྟན་རབ་འབྱོར་གྱིས་དེ་ལྟ་བུའི་རྟོག་པ་མེད་པའི་ཕྱིར། འདུ་ཤེས་སུ་བྱེད་པ་མེད་དོ་ཞེས་བྱ་བ་གསུངས་སོ། །དེ་ནས་བཤད་པ་གཞན་གྱི་ཏིང་ ངེ་འཛིན་བཤད་པ་བསྟན་པ་དང་། བྱ་བ་གཞན་གྱིས་བསྟན་པའི་ཕྱིར་ཇི་ལྟར་འདུ་ཤེས་སུ་བྱེད་པར་མི་འགྱུར་ཞེས་བྱ་བ་གསུངས་པ་དང་། དེ་ནས་ཏིང་ངེ་འཛིན་དག་དང་། དེ་དག་གི་བྱེད་པ་རྣམས་ཀྱང་ཀུན་བརྟགས་པའི་བདག་ཉིད་ཀྱི་ས་ནི་ཡོད་ཀྱི་ཀུན་བརྟགས་པའི་མཚན་ཉིད་ སྤངས་ན་མི་དམིགས་ཏེ། དེའི་ཕྱིར་ཇི་ལྟར་རྣམ་པར་རྟོག་པ་མེད་པ་ཡིན་ཞེས་བྱ་བ་གསུངས་སོ། །དེ་ནས་བདག་གི་བསམ་པ་བསལ་བར་བྱ་བའི་ཕྱིར། ཆོས་ཐམས་ཅད་མེད་པའི་ཕྱིར་ཞེས་བྱ་བ་གསུངས་སོ། །འདི་ལྟར་ཉོན་མོངས་པ་མེད་པར་གནས་པ་རྣམས་ཀྱི་ནང་ན་མཆོག་ ཏུ་བསྟན་པ་ཞེས་བྱ་བ་ལ་ཉོན་མོངས་པ་ཞེས་བྱ་བ་ནི་རྣམ་པར་རྟོག་པ་ལ་བྱ་སྟེ། རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་བ་རྣམ་པར་མི་རྟོག་པ་ལ་སྙོམས་པར་འཇུག་པ་ནི་ཉོན་མོངས་པ་མེད་པ་ལ་སྙོམས་པར་འཇུག་པ་ཞེས་བྱ་སྟེ། དེ་བས་ན་རྣམ་པར་མི་རྟོག་པ་ཉིད་ལ་ལེགས་སོ་ཞེས་ བྱ་བ་བྱིན་ནོ། །དེ་ལྟར་ཏིང་ངེ་འཛིན་ལ་བསླབ་པ་བསྟན་ནས་དམིགས་སུ་མེད་པར་བསླབ་པ་བསྟན་པའི་ཕྱིར། ཤཱ་རིའི་བུ་དེ་ལྟར་སློབ་པ་ནི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱི་བར་ལ་མི་དམིགས་པའི་ཚུལ་གྱིས་སློབ་པ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དམིགས་ སུ་མེད་པར་བསླབ་པ་བསྟན་པའི་ཕྱིར། ཤཱ་རིའི་བུ་ཤིན་ཏུ་རྣམ་པར་དག་པའི་ཕྱིར་བདག་མི་དམིགས་སོ་ཞེས་བྱ་བ་ལ་སོགས་པས་གང་ཟག་མི་དམིགས་པར་བསྟན་ནས། དེའི་འོག་ཏུ་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པའི་ཆོས་རྣམས་དམིགས་སུ་མེད་པ་བསྟན་ཏེ། རྒྱུན་དུ་ ཞུགས་པ་ལ་སོགས་པ་ནས་སངས་རྒྱས་ཀྱི་བར་དུ་མི་དམིགས་པ་བསྟན་ཏོ། །ཐམས་ཅད་ལ་ཡང་ཤིན་ཏུ་རྣམ་པར་དག་པའི་ཕྱིར་ཞེས་བྱ་བ་ནི་མཐར་ཕྱིན་པའི་རྣམ་པར་དག་པའི་རྒྱུར་གྱུར་པ་ཉེ་བར་བཟུང་ནས་དེའི་ངོ་བོ་ཉིད་ཞུ་བའི་ཕྱིར། བཅོམ་ལྡན་འདས་རྣམ་པར་དག་པ་གང་ལགས་ ཞེས་བྱ་བ་ཞུས་པ་དང་དེ་ནས་ཡོངས་སུ་གྲུབ་པ་དྲི་མ་མེད་པ་དེ་བཞིན་ཉིད་ལ་རྣམ་པར་དག་པའོ་ཞེས་བྱ་བ་བསྟན་པའི་ཕྱིར། ཤཱ་རིའི་བུ་སྐྱེ་བ་མེད་པ་དང་། འགག་པ་མེད་པ་དང་། ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པ་དང་། འབྱུང་ བ་མེད་པ་དང་། དམིགས་སུ་མེད་པ་དང་། མངོན་པར་འདུ་བྱ་བ་མེད་པ་ནི་རྣམ་པར་དག་པ་ཞེས་བྱ་སྟེ་ཞེས་བྱ་བ་གསུངས་ཏེ། སྔོན་དེ་བཞིན་ཉིད་དྲི་མ་དང་བཅས་པའི་གནས་སྐབས་ན་ནི་ཀུན་བརྟགས་པས་ཆོས་རྣམས་སྐྱེ་བ་དང་། འགག་པ་དང་། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བར་འགྱུར་ཏེ་སྐྱེས་པ་རྣམས་འབྱུང་ཞིང་བྱུང་ནས་ཀྱང་དེ་ལྟ་དེ་ལྟར་དམིགས་པར་འགྱུར་ལ། དེ་ལྟ་དེ་ལྟར་མངོན་པར་འདུ་བྱེད་པར་འགྱུར་རོ། །དྲི་མ་མེད་པའི་གནས་སྐབས་ན་ནི་དེ་བཞིན་ཉིད་དེ་ལ་ཆོས་ཐམས་ཅད་ཀྱི་སྐྱེ་བ་ཐམས་ཅད་མེད་དེ། སྐྱེ་བ་མེད་པས་འགག་པ་ ཡང་མེད་དོ། །དྲི་མ་མེད་པའི་ཕྱིར་ཀུན་ནས་ཉོན་མོངས་པ་མེད་པ་དང་རྣམ་པར་བྱང་བ་མེད་པ་དང་འབྱུང་བ་མེད་པར་འགྱུར་རོ། །འབྱུང་བ་མེད་པས་དམིགས་སུ་མེད་དོ། །དམིགས་སུ་མེད་པའི་ཕྱིར་མངོན་པར་འདུ་བྱེད་པ་མེད་དེ། འདི་ནི་ཤིན་ཏུ་རྣམ་པར་དག་པ་ཞེས་བྱའོ། ། ཆོས་གང་ལ་ཡང་སློབ་པ་མེད་དོ་ཞེས་བྱ་བ་ནི་དེ་དྲི་མ་མེད་པའི་གནས་སྐབས་ན་ཆོས་ཐམས་ཅད་མ་མཐོང་བའི་ཕྱིར་ཆོས་འདི་དག་ནི་དེ་ལྟ་བུར་ཡོད་པ་མ་ཡིན་ནོ་ཞེས་བྱ་བ་གསུངས་སོ། །ཀུན་བརྟགས་པའི་མཚན་ཉིད་དུ་ཡོད་པ་མ་ཡིན་པར་བསྟན་པའི་ཕྱིར། ཤཱ་རིའི་བུ་ཇི་ལྟར་མེད་ པ་དེ་ལྟར་ཡོད་དོ་ཞེས་བྱ་བ་གསུངས་སོ། །ཀུན་བརྟགས་པའི་དངོས་པོ་མེད་པའི་རྣམ་པ་བརྗོད་དུ་མེད་པའི་བདག་ཉིད་དུ་ཡོད་པར་བསྟན་པའི་ཕྱིར་དེ་ལྟར་ཡོད་པ་མ་ཡིན་པས་དེའི་ཕྱིར་མ་རིག་པ་ཞེས་བྱའོ་ཞེས་གསུངས་ཏེ། རྨི་ལམ་གྱི་རྣམ་པར་ཤེས་པ་བཞིན་དུ་བདག་ཉིད་ཀྱིས་ ཡང་དག་པ་ཇི་ལྟ་བ་ཉིད་མ་ཡིན་པའི་ཕྱིར་མེད་བཞིན་དུ་ཡོད་པ་མ་ཡིན་པའི་དོན་གཞན་དག་ལ་ཡང་འཛིན་པར་བྱེད་དོ། །ཡང་ན་ཡང་དག་པར་མ་རིག་པ་སྟེ། ཡང་དག་པ་མ་ཡིན་པར་རིག་ཅིང་ཤེས་པར་བྱེད་པ་ནི་མ་རིག་པའོ་ཞེས་བྱ་བའི་ཐ་ཚིག་གོ། །བཅོམ་ལྡན་འདས་ཅིའི་སླད་ དུ་མཆིས་པ་མ་ལགས་པ་ལ་མ་རིག་པ་ཞེས་བགྱི་ཞེས་ཞུས་པ་དང་། ཤཱ་རིའི་བུ་གཟུགས་ཡོད་པ་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དགོངས་པ་ནི་འདི་ལྟ་སྟེ། འདི་ལྟར་གཟུགས་ལ་སོགས་པའི་ཆོས་རྣམས་མེད་ཅིང་ཡང་དག་པ་མ་ཡིན་པ་ཡང་། ཡང་དག་ ཡོད་པ་བཞིན་དུ་འཛིན་ཏེ་དེའི་ཕྱིར། དེ་ཡང་དག་པར་མ་རིག་པ་སྟེ། ཡང་དག་པར་མ་ཤེས་པས་མ་རིག་པ་ཞེས་བྱའོ་ཞེས་བསྟན་པའི་ཕྱིར་གཟུགས་ལ་སོགས་པའི་ཆོས་རྣམས་བཀའ་སྩལ་ཏོ། །དོན་འདི་ཉིད་གསལ་བར་བྱ་བའི་ཕྱིར། དེ་ལ་བྱིས་པ་རྣམས་མ་རིག་པ་དང་། སྲེད་པ་དག་གིས་མངོན་པར་ཞེན་ནས་མཐའ་གཉིས་ལ་ཆགས་ཞེས་བྱ་བ་གསུངས་ཏེ། མ་རིག་པའི་དབང་གིས་ཡོད་པའི་རྣམ་པར་མངོན་པར་ཞེན་ནས་སྲེད་པའི་དབང་གིས་རོ་མྱང་བར་བྱ་བའི་སྒོ་ནས་མངོན་པར་ཞེན་ཏེ། རྟག་པ་དང་ཆད་པའི་མཐའ་གཉིས་ལ་ཆགས་ཞེས་བྱ་བའི་ཐ་ ཚིག་གོ། །དེ་དག་མི་ཤེས་མི་མཐོང་ཞེས་བྱ་བ་ནི་རྗེས་སུ་དཔག་པའམ། མངོན་སུམ་མམ། ཡང་ན་ལུང་གི་མཐུའམ། རང་གི་མཐུས་མི་ཤེས་པའོ། །འདི་ལ་འགྲེས་གསུམ་སྟེ། མ་རིག་པའི་རྩ་བ་ལས་བྱུང་བ་དང་། རྟོག་པའི་རྩ་བ་ལས་བྱུང་བ་དང་། མ་དད་པའི་ རྩ་བ་ལས་བྱུང་བའོ། །དེ་ལ་མ་རིག་པའི་དབང་གིས་ནི་མེད་པའི་ཆོས་རྣམས་ལ་ཡོད་པར་བཟུང་ནས་སྲེད་པས་རོ་མྱོང་བར་བྱེད་པའི་དབང་གིས་མཐའ་གཉིས་སུ་ལྷུང་བའི་བྱིས་པ་རྣམས་ཀྱིས་མི་ཤེས་མ་མཐོང་ངོ་ཞེས་བྱ་བ་ནི་འགྲེས་དང་པོའོ། །དེ་ལྟར་ཤེས་པ་དང་། མཐོང་བ་ མེད་པས་རྟོག་པ་མང་དུ་གྱུར་ཏེ་ཡང་དག་པ་ཇི་ལྟ་བ་བཞིན་དུ་མ་ཡིན་པས་རྟོག་ཅིང་ཆོས་ཐམས་ཅད་ལ་མངོན་པར་ཞེན་ནས། མཐའ་གཉིས་སུ་རྟོག་པའི་ཕྱིར་མི་ཤེས་མི་མཐོང་ངོ་། །དེ་དག་ཆོས་ཐམས་ཅད་མི་ཤེས་མི་མཐོང་བས་བྱིས་པ་སོ་སོའི་སྐྱེ་བོ་ཞེས་བྱ་བའི་གྲངས་སུ་འགྲོ་སྟེ་ ངེས་པར་འབྱུང་བ་མ་ཡིན་ནོ་ཞེས་བྱ་བ་ནི་འགྲེས་གཉིས་པའོ། །དེ་བཞིན་དུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཐོས་ཀྱང་དོན་དེ་ལ་མ་དད་པས་དང་བ་ལ་གནས་པ་མེད་པའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་སྒྲུབ་པ་ལ་མི་གནས་སོ། །སྒྲུབ་པ་ལ་མི་གནས་པས་ཕྱིར་མི་ལྡོག་པར་འགྱུར་བ་ལ་སོགས་པ་ རྟོགས་པར་བྱ་བའི་ཆོས་རྣམས་མི་འཐོབ་སྟེ། དེ་བས་ན་ཆོས་ཐམས་ཅད་ལ་མངོན་པར་ཞེན་པའི་སྐྱོན་གྱིས་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཞེས་བྱ་བའི་གྲངས་སུ་འགྲོའོ་ཞེས་བྱ་བ་ནི་འགྲེས་གསུམ་པའོ། །དེ་ལྟར་གྱུར་པ་དེ་དག་ལ་སློབ་པ་དང་། ངེས་པར་འབྱུང་བ་ ཡང་མེད་དོ་ཞེས་བསྟན་ནས་ཅིའི་ཕྱིར་སློབ་པ་དང་། ངེས་པར་འབྱུང་བ་མེད་ཅེས་ཞུས་པ་དང་། གང་གི་ཕྱིར་ཐབས་མི་མཁས་པ་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་དང་། སྒྲུབ་པའི་ཆོས་རྣམས་ལ་རྟོག་ཅིང་མངོན་པར་ཞེན་པར་བྱེད་པ་དེའི་ཕྱིར་སློབ་པ་མེད་དོ། །གང་གི་ཕྱིར་བྱང་ཆུབ་ཀྱི་ ཕྱོགས་ཀྱི་ཆོས་རྣམས་ལ་སོགས་པ་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དག་ལ་རྟོག་ཅིང་མངོན་པར་ཞེན་པ་དེའི་ཕྱིར་ངེས་པར་འབྱུང་བ་མེད་དོ་ཞེས་བསྟན་ནས། དེ་ནས་ཡང་ཕ་རོལ་ཏུ་ཕྱིན་པ་དེ་དག་ཉིད་ལ་སྒྲུབ་པའི་ཆོས་རྣམས་མི་དམིགས་པར་སློབ་པ་ལ་ཞུགས་པའི་མིང་དུ་འགྱུར་ བ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་། ཆོས་རྣམས་དང་། ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་བར་དུ་མི་དམིགས་པ་ཉིད་ངེས་པར་འབྱུང་བ་ཡིན་ནོ་ཞེས་བྱ་བས། དམིགས་སུ་མེད་པར་སློབ་པ་བསྟན་ནས། ཡང་སྒྱུ་མ་ལྟ་བུ་ལ་སོགས་པར་སློབ་པ་བསྟན་པའི་ཕྱིར། བཅོམ་ལྡན་འདས་ལ་ལ་ཞིག་འདི་སྐད་དུ་འདྲི་སྟེ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འདི་ལ་ཡང་གནས་བརྟན་རབ་འབྱོར་གྱི་དགོངས་པ་ནི་འདི་ཡིན་ཏེ། བཅོམ་ལྡན་འདས་གལ་ཏེ་དམིགས་སུ་མ་མཆིས་པར་སྦྱོར་བས། ཆོས་རྣམས་དངོས་པོ་མ་མཆིས་པས། དངོས་ པོ་མ་མཆིས་པའི་ཆོས་རྣམས་ལ་བསླབས་ནས་ངེས་པར་འབྱུང་བར་འགྱུར་ན་ནི། འོ་ན་ནི་ཤིན་ཏུ་མ་མཆིས་པའི་སྒྱུ་མའི་སྐྱེས་བུས་ཀྱང་། སྒྱུ་མར་བགྱིས་པ་རྣམས་ལ་དམིགས་སུ་མ་མཆིས་པའི་ཡིད་ལ་བགྱིད་པས་བསླབས་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ངེས་པར་ འབྱུང་བར་འགྱུར་ཞིང་། རྗེས་སུ་ཐོབ་པར་འགྱུར་རོ་སྙམ་པའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་སྒྱུ་མའི་ཆོས་རྣམས་དང་། གཟུགས་ལ་སོགས་པ་ཐ་དད་པ་ནི་ཅི་ཡང་མེད་དེ། ཇི་ལྟར་སྒྱུ་མའི་ཆོས་རྣམས་ལ་བསླབ་པའམ། ངེས་པར་འབྱུང་བ་མེད་པ་དེ་བཞིན་དུ་བྱང་ཆུབ་ སེམས་དཔའ་ལ་ཡང་གཟུགས་ལ་སོགས་པའི་ཆོས་རྣམས་ལ་བསླབ་པའམ། དེ་དག་ལ་ངེས་པར་འབྱུང་བའམ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ངེས་པར་ཐོབ་པར་འགྱུར་བ་མེད་དོ། །སྒྱུ་མ་དང་མཚུངས་པར་བསྟན་པའི་ཕྱིར། རབ་འབྱོར་དེ་ཇི་སྙམ་དུ་སེམས། སྒྱུ་མ་ ཡང་གཞན་ལ། གཟུགས་ཀྱང་གཞན་ཞིག་ཡིན་སྙམ་མམ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཆོས་ཐམས་ཅད་དངོས་པོ་མེད་པའི་ངོ་བོ་ཉིད་ལ་མཁས་པའི་བྱང་ཆུབ་སེམས་དཔའ་དམིགས་སུ་མེད་པར་མཐོང་བ་དག་གིས་ནི་གཟུགས་ལ་སོགས་པ་ཀུན་བརྟགས་པའི་ཆོས་རྣམས་ སྒྱུ་མ་ལས་ལོགས་ཤིག་ན་ཡོད་པར་མ་མཐོང་སྟེ། དེ་བསྟན་པའི་ཕྱིར་བཅོམ་ལྡན་འདས་སྒྱུ་མ་ཡང་གཞན་མ་ལགས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་གཞན་མ་ལགས་ཏེ། བཅོམ་ལྡན་འདས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་སྒྱུ་མ། སྒྱུ་མ་ཉིད་ཀྱང་རྣམ་པ་ཐམས་ ཅད་མཁྱེན་པ་ཉིད་དོ་ཞེས་བྱ་བའི་མཐར་ཐུག་པའི་གཞུང་གིས་གསུངས་ཏེ། ཐམས་ཅད་ཀྱང་ཀུན་བརྟགས་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་དངོས་པོ་མེད་པའི་ངོ་བོ་ཉིད་དུ་སྒྱུ་མ་དང་ཐ་དད་པ་མེད་དོ་ཞེས་བྱ་བ་ནི་སྒྱུ་མའི་འགྲེས་དང་པོའོ། །དེ་བཞིན་དུ་སྐྱེ་བ་དང་། འགག་པ་དང་། ཀུན་ ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་མེད་པའི་ཕྱིར་ཤིན་ཏུ་མེད་པའི་སྒྱུ་མ་དང་། ཆོས་ཐམས་ཅད་ལ་བསླབ་པ་དང་། ངེས་པར་འབྱུང་བ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར་བ་མེད་དོ་ཞེས་བྱ་བ་ནི་སྒྱུ་མའི་འགྲེས་གཉིས་པའོ། །གལ་ཏེ་ཕུང་པོ་ལ་ སོགས་པ་མ་འདྲེས་པའི་ཆོས་རྣམས་ལ་ཐུག་པའི་བར་དག་ལ་བྱང་ཆུབ་སེམས་དཔའ་ཞེས་བྱ་བའི་མིང་དུ་མི་བརྗོད་ན། དེ་ལྟ་ན་ནི་སྒྱུ་མའི་སྐྱེས་བུ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་མེད་དོ། །ཕུང་པོ་ལ་སོགས་པ་མ་འདྲེས་པའི་མཐའ་ལ་ཐུག་པའི་བར་གྱི་ཆོས་དེ་དག་ཀྱང་སྐྱེ་བ་དང་། འགག་པ་ལ་སོགས་པ་མེད་པའི་ཕྱིར་སྒྱུ་མ་བཞིན་དུ་མེད་པ་ཉིད་དོ། །དེ་ལྟ་ན་ནི་འདུ་ཤེས་དང་བརྡ་ལ་སོགས་པ་མེད་པ་དང་། ཤིན་ཏུ་མེད་པའི་བྱང་ཆུབ་སེམས་དཔའ་ཤིན་ཏུ་མེད་པའི་ཆོས་རྣམས་ལ་ཇི་ལྟར་སློབ། ཇི་ལྟར་ངེས་པར་འབྱུང་། ཇི་ལྟར་རྣམ་པ་ཐམས་ཅད་མཁྱེན་པ་ ཉིད་ཐོབ་པར་འགྱུར་ཞེས་བསྟན་ནས་དེ་ལྟར་མི་དམིགས་པའི་ཚུལ་གྱིས་སློབ་པ་དེ་ནི་ངེས་པར་འབྱུང་ཞིང་ཐོབ་པར་འགྱུར་རོ་ཞེས་མཇུག་བསྡུས་སོ། །དེ་ལྟར་ཕུང་པོ་ལྔ་པོ་དེ་དག་དངོས་པོ་མེད་པའི་ངོ་བོ་ཉིད་ཡིན་པའི་ཕྱིར། རྨི་ལམ་དང་། བྲག་ཅ་དང་། མིག་ཡོར་དང་། གཟུགས་བརྙན་དང་། སྤྲུལ་པ་དང་། སྨིག་རྒྱུ་ལྟ་བུ་ཡིན་ལ། སྐྱེ་མཆེད་དྲུག་ཀྱང་དེ་དག་ཉིད་ཡིན་པའི་ཕྱིར་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ནི་གང་ཡང་མེད་དེ། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ལ་སོགས་པའི་ཕྱིར་རོ། །དེ་ལྟར་སྒྱུ་མ་ལྟ་བུ་ ལ་སོགས་པར་བསླབ་པ་བསྟན་ནས། ཡང་ཐབས་མཁས་པ་ལ་སྒྲུབ་པའི་སྐབས་དབྱེ་བའི་ཕྱིར། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའི་ཐེག་པ་ལ་གསར་དུ་ཞུགས་པས་བསྟན་པ་འདི་ཐོས་ནས་སྐྲག་སྟེ་དངང་ཤིང་དངང་བར་མི་འགྱུར་ལགས་གྲང་ཞེས་བྱ་བ་བསྟན་ནས། ཐབས་ མི་མཁས་ལ་དགེ་བའི་བཤེས་གཉེན་གྱི་ལག་ཏུ་ཡང་མ་སོང་བ་གང་ཡིན་པ་དེ་ནི་དེ་ལྟར་སྐྲག་སྟེ་དངང་བར་འགྱུར་གྱི། ཐབས་ལ་མཁས་པ་གང་ཡིན་པ་དེ་ནི་སྐྲག་ཅིང་དངང་བར་མི་འགྱུར་རོ་ཞེས་བསྟན་པ་དང་། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐབས་ མཁས་པ་གང་གིས་བསྟན་པ་འདི་ཐོས་ན་མི་སྐྲག་མི་དངང་དངང་བར་མི་འགྱུར་བའི་ཐབས་མཁས་པ་གང་ལགས་ཞེས་བྱ་བ་ལ་སོགས་པས་ཐབས་ལ་མཁས་པ་བསྟན་ཏོ། །སྐྲག་པ་དང་། དངང་བ་ལ་སོགས་པའི་དོན་ནི་སྔར་བསྟན་ཟིན་ཏོ། །ཐབས་ལ་མཁས་པ་དེ་ཡང་རྣམ་པ་ བཞིར་བསྟན་ཏེ། ཆོས་ཐམས་ཅད་ལ་སོ་སོར་རྟོག་པའི་ཐབས་ལ་མཁས་པ་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བྱ་བའི་ཐབས་ལ་མཁས་པ་དང་། དགེ་བའི་བཤེས་གཉེན་ལ་བརྟེན་པའི་ཐབས་ལ་མཁས་པ་དང་། སྡིག་པའི་གྲོགས་པོ་སྤང་བའི་ ཐབས་ལ་མཁས་པའོ། །དེ་ལ་གཟུགས་མི་རྟག་པའི་རྣམ་པར་སོ་སོར་རྟོག་སྟེ་དེ་ཡང་མི་དམིགས་སོ་ཞེས་བྱ་བ་ནས་བཟུང་སྟེ། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཐབས་ལ་མཁས་པར་རིག་པར་བྱའོ་ཞེས་བྱ་བའི་བར་ གྱིས་ནི་ཆོས་ཐམས་ཅད་ལ་སོ་སོར་རྟོག་པའི་ཐབས་ལ་མཁས་པ་བསྟན་ཏོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱེད་པས་ཞེས་བྱ་བ་ནས་བཟུང་སྟེ། རབ་འབྱོར་འདི་ནི་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཐབས་མཁས་པའོ་ཞེས་བྱ་བའི་བར་གྱིས་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་ཡོངས་སུ་རྫོགས་པར་བྱ་བའི་ཐབས་ལ་མཁས་པ་བསྟན་ཏོ། །དེ་ལ་མི་དམིགས་པའི་ཚུལ་གྱིས་ཆོས་འཆད་པ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་ པའོ། །མི་དམིགས་པའི་ཚུལ་གྱིས་ཉན་ཐོས་དང་། རང་སངས་རྒྱས་ཀྱི་སེམས་ཡོངས་སུ་སྤོང་བ་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཆོས་ཟབ་མོ་ལ་བཟོད་ཅིང་མོས་པ་ནི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། །མི་དམིགས་པའི་ཡིད་ལ་བྱེད་པས་སོ་སོར་རྟོག་པ་མི་ གཏོང་བ་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །བྱང་ཆུབ་ཀྱི་བར་དུ་གཅོད་པར་བྱེད་པ་མི་དགེ་བའི་ཆོས་རྣམས་ཀྱི་གོ་སྐབས་མི་འབྱེད་པ་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ། །སྟོང་པ་ཉིད་ལ་སོ་སོར་རྟོག་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །གཟུགས་ཀྱི་སྟོང་ པ་ཉིད་ཀྱིས་གཟུགས་སྟོང་པ་མ་ཡིན་ཞེས་བྱ་བ་ནི་ཆོས་ཉིད་ཀྱི་གཟུགས་ཀུན་བརྟགས་པའི་གཟུགས་ཀྱི་སྟོང་པ་ཉིད་ཀྱི་རྒྱུས་གློ་བུར་དུ་སྟོང་པར་གྱུར་པ་མ་ཡིན་ཏེ། ངོ་བོ་ཉིད་ཀྱིས་སྟོང་པའི་ཕྱིར་རོ། །དེ་བས་ན་གཟུགས་ཉིད་ཀྱང་སྟོང་པ་ཉིད་དོ། །སྟོང་པ་ཉིད་ཀྱང་གཟུགས་སོ་ཞེས་བྱ་བ་ གསུངས་ཏེ། སྟོང་པ་ཉིད་དང་ཆོས་ཉིད་ཀྱི་གཟུགས་དག་ངོ་བོ་ཉིད་གཅིག་གོ་ཞེས་བྱ་བའི་ཐ་ཚིག་གོ། །རབ་འབྱོར་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དགེ་བའི་བཤེས་གཉེན་ནི་ཞེས་བྱ་བ་ནས་བཟུང་སྟེ། རབ་འབྱོར་འདི་དག་ནི་བྱང་ཆུབ་སེམས་དཔའ་ སེམས་དཔའ་ཆེན་པོའི་དགེ་བའི་བཤེས་གཉེན་རྣམས་ཏེ། དེ་དག་གིས་ཡོངས་སུ་ཟིན་པ་ནི་བསྟན་པ་འདི་ཐོས་ནས་མི་སྐྲག་མི་དངང་དངང་བར་མི་འགྱུར་རོ་ཞེས་བྱ་བའི་བར་གྱིས་ནི་དགེ་བའི་བཤེས་གཉེན་ལ་བསྟེན་པའི་ཐབས་ལ་མཁས་པ་བསྟན་ཏོ། །དེའི་འོག་ཏུ་དམིགས་ པའི་རློམ་སེམས་ཀྱི་འགྲེས་ཀྱང་དགེ་བའི་བཤེས་གཉེན་མེད་པ་ལས་གྱུར་པས་འདི་ཉིད་དུ་བསྡུའོ། །བཅོམ་ལྡན་འདས་ཇི་ལྟར་ན་དགེ་བའི་བཤེས་གཉེན་རྣམས་ཀྱིས་ཡོངས་སུ་ཟིན་པར་རིག་པར་བགྱི་ཞེས་བྱ་བ་ནས་བཟུང་སྟེ། རབ་འབྱོར་འདི་ཡང་བྱང་ ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སྡིག་པའི་གྲོགས་པོར་རིག་པར་བྱ་སྟེ། རིག་ནས་ཀྱང་ཡོངས་སུ་སྤང་བར་བྱའོ་ཞེས་བྱ་བའི་བར་གྱིས་ནི་སྡིག་པའི་གྲོགས་པོ་ཡོངས་སུ་སྤང་བའི་ཐབས་ལ་མཁས་པ་བསྟན་ཏོ།། །།བམ་པོ་བཅུ་པ། དེ་ལྟར་བརྩོན་པ་རྣམ་པ་ དུ་མཆིས་ཞེས་ཞུས་པའི་ཚིག་རྣམ་པར་ཕྱེ་སྟེ་བསྟན་ནས། ད་ནི་བཤད་པ་འདིའི་གཏན་ལ་དབབ་པ་གང་ལགས་ཞེས་ཞུས་པའི་ཚིག་རྣམས་བསྟན་པར་བྱ་སྟེ། དེ་ལ་འདི་ལ་ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མངོན་པར་ རྫོགས་པར་བྱང་ཆུབ་པར་འདོད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པར་བྱའོ་ཞེས་མདོར་བཤད་པ་དང་པོར་སྐབས་ཕྱེ་བ་གང་ཡིན་པ་དེ་ད་འདིར་སྐབས་དབྱེའོ། །གཏན་ལ་དབབ་པ་དེ་ཡང་རྣམ་པ་གཉིས་ཏེ། ཚིག་གི་དོན་དང་། མཚན་ཉིད་དོ། །དེ་ལ་བྱང་ཆུབ་ སེམས་དཔའ་ཞེས་བྱ་བའི་ཚིག་གི་དོན་གང་ཡིན་པ་དང་། སེམས་དཔའ་ཆེན་པོ་ཞེས་བྱ་བའི་ཚིག་གང་ཡིན་པ་དང་། ཇི་ལྟར་ན་གོ་ཆ་ཆེན་པོ་བགོས་པ་དང་། ཇི་ལྟར་ན་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་དང་། ཇི་ལྟར་ན་ཐེག་པ་ཆེན་པོ་ལ་གནས་པ་དང་། ཇི་ ལྟར་ན་ཐེག་པ་ཆེན་པོ་ཡིན་པ་དང་། ཐེག་པ་དེ་གང་ལ་ངེས་པར་འབྱུང་བ་དང་། ཐེག་པ་དེ་གང་དུ་གནས་པར་འགྱུར་བ་དང་། ཐེག་པ་འདིས་སུ་ཞིག་ངེས་པར་འབྱུང་བར་འགྱུར་ཞེས་བྱ་བ་དང་། ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཟིལ་གྱིས་མནན་ ནས་ཐེག་པ་དེ་ངེས་པར་འབྱུང་བར་འགྱུར་རོ་ཞེས་བྱ་བ་དང་། ཐེག་པ་དེ་ནམ་མཁའ་དང་མཚུངས་སོ་ཞེས་བྱ་བ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མཐུན་པའི་ཐེག་པ་ཆེན་པོ་ཡིན་ནོ་ཞེས་བྱ་བ་དང་། སྔོན་གྱི་མཐའ་དང་ཕྱི་མའི་མཐའ་དང་། དབུས་ནས་བྱང་ཆུབ་སེམས་ དཔའ་མི་དམིགས་སོ་ཞེས་བྱ་བ་དང་། གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་ཀུན་ཏུ་མཐའ་ཡས་པའི་ཕྱིར། བྱང་ཆུབ་སེམས་དཔའ་ཀུན་ཏུ་མཐའ་ཡས་པར་རིག་པར་བྱའོ་ཞེས་བྱ་བ་དང་། གཟུགས་དང་། ཚོར་བ་དང་། འདུ་ ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་བྱང་ཆུབ་སེམས་དཔའ་ཡིན་ནོ་ཞེས་བྱ་བ་དེ་ལྟ་བུ་ཡང་མེད་ཅིང་མི་དམིགས་ཞེས་བྱ་བ་དང་། དེ་ལྟར་བདག་གིས་ཐམས་ཅད་ཀྱི་ཐམས་ཅད་རྣམ་པ་ཐམས་ཅད་ཀྱི་ཐམས་ཅད་དུ་བྱང་ཆུབ་སེམས་དཔའ་མི་དམིགས་ཤིང་ཡང་དག་པར་ རྗེས་སུ་མ་མཐོང་ན་བྱང་ཆུབ་སེམས་དཔའ་གང་ཞིག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ལ་གདམས་ཤིང་རྗེས་སུ་བསྟན་པར་བགྱི་ཞེས་བྱ་བ་དང་། འདི་ལྟ་སྟེ་བྱང་ཆུབ་སེམས་དཔའ་ཞེས་བགྱི་བ་འདི་ནི་མིང་ཙམ་མོ་ཞེས་བྱ་བ་དང་། བདག་བདག་ཅེས་བགྱི་བ་བདག་ནི་ཤིན་ཏུ་མངོན་པར་ མ་གྲུབ་པའོ་ཞེས་བྱ་བ་དང་། དེ་ལྟར་ཆོས་ཐམས་ཅད་དངོས་པོ་མེད་པའི་ངོ་བོ་ཉིད་ལགས་ན། གཟུགས་དེ་གང་ལགས་ཞེས་བྱ་བ་ནས། རྣམ་པར་ཤེས་པ་དེ་གང་ལགས་ཞེས་བྱ་བའི་བར་དང་། གཟུགས་མངོན་པར་མ་གྲུབ་ཅེས་བྱ་བ་དང་། མངོན་པར་མ་གྲུབ་པ་གང་ ལགས་པ་དེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་མ་གྲུབ་པ་ལ་ཇི་ལྟར་གདམས་ཤིང་རྗེས་སུ་བསྟན་པར་བགྱི་ཞེས་བྱ་བ་དང་། མངོན་པར་མ་གྲུབ་པ་ལས་གུད་ན་བྱང་ཆུབ་སེམས་དཔའ་མི་དམིགས་ཞེས་བྱ་བ་དང་། གལ་ཏེ་དེ་ལྟར་བསྟན་པ་ན་བྱང་ཆུབ་སེམས་ དཔའ་སེམས་དཔའ་ཆེན་པོའི་སེམས་ཞུམ་པར་མི་འགྱུར་དངང་བར་མི་འགྱུར་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའོ་ཞེས་བྱ་བ་དང་། བྱང་ཆུབ་སེམས་དཔའ་གང་ལགས་ཞེས་བྱ་བ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ ལགས་ཞེས་བྱ་བ་དང་། ཡོངས་སུ་བརྟགས་པ་གང་ལགས་ཞེས་བྱ་བ་དང་། ཅིའི་སླད་དུ་གཟུགས་ལ་སོགས་པ་སྐྱེ་བ་མ་མཆིས་པ་གང་ལགས་པ་དེ་གཟུགས་ལ་སོགས་པ་མ་ལགས་ཞེས་བྱ་བ་དང་། ཅིའི་སླད་དུ་གཟུགས་ལ་སོགས་པ་འགྲིབ་པ་གང་ལགས་པ་དེ་ གཟུགས་ལ་སོགས་པ་མ་ལགས་ཞེས་བྱ་བ་དང་། ཅིའི་སླད་དུ་གཟུགས་ལ་སོགས་པ་དེ་དག་གཉིས་སུ་མ་མཆིས་པའི་གྲངས་སུ་མི་འགྲང་ཞེས་བྱ་བ་སྟེ། ཞུ་བ་ཉི་ཤུ་རྩ་བརྒྱད་པོ་དེ་རྣམས་དང་། འོག་ནས་གནས་བརྟན་གཉིས་ཀྱིས་དུམ་བུར་དྲིས་པ་ དང་། ལན་བཏབ་པ་ཞིབ་མོ་འབྱུང་བའི་དོན་དེ་དག་ཉེ་བར་བཟུང་ནས་ཀཽ་ཤི་ཀ་ལ་དྲིས་པའི་ལེའུ་ལ་ཐུག་གི་བར་དུ་ནི་གཏན་ལ་དབབ་པ་ཡིན་པར་རིག་པར་བྱའོ། །དེ་ལ་རབ་འབྱོར་བྱང་ཆུབ་སེམས་དཔའི་ཚིག་གི་དོན་ནི་གཞི་མེད་པའི་དོན་ཏེ་ཞེས་བྱ་བ་ལ་བྱང་ཆུབ་སེམས་དཔའ་རྣམས་ལ་ དོན་རྣམ་པ་བཞི་ཡོད་དེ། བྱང་ཆུབ་དང་། སེམས་དཔའ་དང་། ཕུང་པོའི་བདག་ཉིད་དུ་ཀུན་རྫོབ་ཀྱི་བྱང་ཆུབ་སེམས་དཔའ་དང་། དོན་དམ་པའི་བྱང་ཆུབ་སེམས་དཔའོ། །དེ་བཞི་ཆར་ཡང་དངོས་པོ་མེད་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་བྱང་ཆུབ་སེམས་དཔའ་ཞེས་བྱ་བའི་ ཚིག་གི་དོན་ནི་གཞིའི་དོན་མེད་པ་ཡིན་ནོ། །གཞིའི་དོན་མེད་པ་ནི་གནས་མེད་པ་ལ་བྱའོ། །གལ་ཏེ་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་དངོས་པོའི་བདག་ཉིད་འགའ་ཞིག་ཡོད་པར་གྱུར་ན་དེའི་ཚིག་གི་དོན་གཞི་དང་བཅས་ཤིང་གནས་དང་བཅས་པར་འགྱུར་བ་ཞིག་ན། འདི་ ལྟར་བྱང་ཆུབ་དང་། སེམས་དཔའ་དང་། བྱང་ཆུབ་སེམས་དཔའ་གཉིས་ཀྱང་མེད་དེ། དེའི་ཕྱིར་བྱང་ཆུབ་སེམས་དཔའི་ཚིག་གི་དོན་གྱི་གཞི་མེད་དེ། གནས་མེད་ཅེས་བྱ་བའི་ཐ་ཚིག་གོ། །དོན་དེ་ཉིད་རྣམ་པར་དབྱེ་བའི་ཕྱིར་བྱང་ཆུབ་ཀྱང་མ་སྐྱེས་ལ། སེམས་དཔའ་ཡང་ མ་སྐྱེས་པའི་ཕྱིར་ཏེ། རབ་འབྱོར་བྱང་ཆུབ་དང་། སེམས་དཔའ་ལ་སྐྱེ་བ་དང་། ཡོད་པ་ཉིད་མེད་ཅིང་མི་དམིགས་སོ་ཞེས་པ་ལ་བྱང་ཆུབ་ནི་འདུས་མ་བྱས་པའི་ཕྱིར་སྐྱེ་བ་མེད་དོ། །སེམས་དཔའ་ཡང་ཡོད་པ་མ་ཡིན་པའི་ཕྱིར་སྐྱེ་བ་མེད་དོ། །དེ་བས་ན་རབ་འབྱོར་བྱང་ཆུབ་ ལ་སྐྱེ་བ་མེད་དོ་ཞེས་བྱ་བ་དང་། སེམས་དཔའ་ལ་ཡང་ཡོད་པ་ཉིད་མི་དམིགས་སོ་ཞེས་བྱ་བ་སོ་སོར་སྦྱར་བར་བྱའོ། །དེའི་འོག་ཏུ་ཚིག་གི་དོན་གྱི་སྒྲ་རྣམ་པར་དགྲོལ་བའི་ཕྱིར། རབ་འབྱོར་བྱང་ཆུབ་ལ་ཡང་གཞི་མེད། སེམས་དཔའ་ལ་ཡང་གཞི་མེད་དེ་ཞེས་བྱ་བ་གསུངས་ སོ། །ཡང་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའི་ཚིག་གི་དོན་ནི་གཞི་དང་དོན་ཞེས་བྱ་བ་བཤད་དེ། དེས་ན་དེ་བས་ན་གཞིའི་དོན་མེད་པ་ནི་གཞིའི་དོན་ཏོ་ཞེས་བྱ་བས་མཇུག་བསྡུས་སོ། །དེའི་འོག་ཏུ་རྣམ་པ་བཅུ་གཅིག་གིས་བྱང་ཆུབ་སེམས་དཔའི་ཚིག་གི་དོན་ལ་གཞིའི་དོན་མེད་ པར་བསྟན་པའི་ཕྱིར། རབ་འབྱོར་འདི་ལྟ་སྟེ་དཔེར་ན་ནམ་མཁའ་ལ་བྱའི་རྗེས་མེད་ཅིང་མི་དམིགས་སོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལ་བྱང་ཆུབ་ལ་རྣམ་པར་བརྟགས་པའི་གཞི་མེད་པ་དང་། ཀུན་བརྟགས་པའི་སེམས་དཔའ་ཞེས་བྱ་བའི་གཞི་གང་ཡང་མེད་པ་དང་། བྱང་ཆུབ་ལས་གཞན་གུད་ན་གཞི་མེད་པ་དང་། ཀུན་རྫོབ་ཀྱི་བྱང་ཆུབ་སེམས་དཔའ་ལས་གུད་ན་གཞི་མེད་པ་དང་། ཆོས་ཉིད་ཀྱི་བྱང་ཆུབ་སེམས་དཔའི་གཞི་མེད་པ་དང་། བྱང་ཆུབ་ལ་སེམས་དཔའི་གཞི་མེད་པ་དང་། སེམས་དཔའ་ལ་བྱང་ཆུབ་ཀྱི་གཞི་མེད་པ་དང་། བྱང་ཆུབ་ ཅེས་བྱ་བའི་གཞིའི་དོན་མེད་པ་དང་། ཀུན་བརྟགས་པའི་བྱང་ཆུབ་སེམས་དཔའ་ལ་ཆོས་ཉིད་ཀྱི་བྱང་ཆུབ་སེམས་དཔའི་ཚིག་གི་དོན་མེད་པ་དང་། དོན་མེད་པའི་བྱང་ཆུབ་སེམས་དཔལ་པ་ཀུན་བརྟགས་པའི་བྱང་ཆུབ་སེམས་དཔའི་ཚིག་གི་དོན་མེད་པ་དང་། དོན་དམ་པའི་བྱང་ཆུབ་ སེམས་དཔའ་ལ་གཞི་མེད་པའི་ཕྱིར་རོ། །དེ་ལ་བྱང་ཆུབ་ལ་རྣམ་པར་རྟོག་པའི་གཞི་མེད་པར་བསྟན་པའི་ཕྱིར། རབ་འབྱོར་འདི་ལྟ་སྟེ་དཔེར་ན་ནམ་མཁའ་ལ་བྱའི་རྗེས་མེད་ཅིང་མི་དམིགས་སོ་ཞེས་བྱ་བ་གསུངས་ཏེ། ཇི་ལྟར་ན་ནམ་མཁའ་ལ་བྱ་རྣམས་རྒྱུ་ཡང་དེ་དག་གི་རྗེས་ཡོད་པ་ མ་ཡིན་པ་དེ་བཞིན་དུ་དེ་བཞིན་ཉིད་ཀྱི་བདག་ཉིད་བྱང་ཆུབ་ལ་རྣམ་པར་རྟོག་པ་དག་རྒྱུ་ཡང་དེ་ལ་གནས་པར་འགྱུར་བ་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །དེའི་འོག་ཏུ་ཀུན་བརྟགས་པའི་བྱང་ཆུབ་སེམས་དཔའི་གཞིའི་དོན་མེད་པ་བསྟན་པའི་ཕྱིར། རབ་འབྱོར་འདི་ལྟ་སྟེ་དཔེར་ན། རྨི་ ལམ་ལ་གཞི་མེད་ཅིང་མི་དམིགས་སོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །དཔེར་ན་རྨི་ལམ་དང་། སྒྱུ་མ་དང་། སྨིག་རྒྱུ་དང་། བྲག་ཅ་དང་། མིག་ཡོར་དང་། གཟུགས་བརྙན་དང་། སྤྲུལ་པ་རྣམས་ལ་གཞི་མེད་དེ། དེ་དག་ནི་ཤིན་ཏུ་མེད་པའི་ཕྱིར་རོ། །དེ་བཞིན་དུ་བྱང་ ཆུབ་སེམས་དཔའ་ལ་ཡང་གཞི་མེད་དེ། དེ་ཡང་མེད་པའི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ། །དེའི་འོག་ཏུ་བྱང་ཆུབ་ལས་གུད་ན་གང་ན་ཡང་མི་གནས་པར་བསྟན་པའི་ཕྱིར། རབ་འབྱོར་འདི་ལྟ་སྟེ་དཔེར་ན་དེ་བཞིན་ཉིད་ལ་གཞི་མེད་དོ་ཞེས་བྱ་བ་ལ་སོགས་ པ་གསུངས་ཏེ། ཇི་ལྟར་དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་ལ་སོགས་པ་ལས་གུད་ན་གཞི་མེད་པ་དེ་བཞིན་དུ་བྱང་ཆུབ་ལས་གུད་ན་ཡང་གཞི་མེད་དོ་ཞེས་བྱ་བའི་ཐ་ཚིག་གོ། །དེའི་འོག་ཏུ་ཀུན་རྫོབ་ཀྱི་བྱང་ཆུབ་སེམས་དཔའི་གཞི་མེད་པར་བསྟན་པའི་ཕྱིར། རབ་འབྱོར་ འདི་ལྟ་སྟེ་དཔེར་ན་སྒྱུ་མའི་སྐྱེས་བུའི་གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་ལ་གཞི་མེད་དོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཇི་ལྟར་སྒྱུ་མའི་བདག་ཉིད་ཀྱི་སྐྱེས་བུ་ལ་ཕུང་པོ་ལྔ་ལ་སོགས་པ་མེད་དེ། དེ་ཉིད་ཤིན་ཏུ་མེད་པའི་ཕྱིར་ རོ། །དེ་བཞིན་དུ་ཀུན་རྫོབ་ཀྱི་བྱང་ཆུབ་སེམས་དཔའ་ལ་ཡང་ཕུང་པོ་ལྔའི་གཞི་མེད་དོ་ཞེས་བྱ་བའི་ཐ་ཚིག་གོ། །དེའི་འོག་ཏུ་ཆོས་ཉིད་ཀྱི་བྱང་ཆུབ་སེམས་དཔའ་ལ་ཕུང་པོ་ལྔ་ལ་སོགས་པ་མེད་པར་བསྟན་པའི་ཕྱིར། རབ་འབྱོར་འདི་ལྟ་སྟེ་དཔེར་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ ཡང་དག་པར་རྫོགས་པའི་སངས་རྒྱས་ལ་གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པའི་གཞི་མེད་དོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཇི་ལྟར་ཆོས་ཀྱི་སྐུའི་དེ་བཞིན་གཤེགས་པ་ལ་ཕུང་པོ་ལྔ་ལ་སོགས་པ་མེད་པ་དེ་བཞིན་དུ་དོན་དམ་པའི་ བྱང་ཆུབ་སེམས་དཔའ་ལ་ཡང་ཕུང་པོ་ལྔ་ལ་སོགས་པ་མེད་དོ་ཞེས་བྱ་བའི་ཐ་ཚིག་གོ། །དེའི་འོག་ཏུ་བྱང་ཆུབ་ལ་བྱང་ཆུབ་སེམས་དཔའི་གཞི་མེད་པར་བསྟན་པའི་ཕྱིར། རབ་འབྱོར་འདི་ལྟ་སྟེ་དཔེར་ན་འདུས་མ་བྱས་ཀྱི་ཁམས་ལ་འདུས་བྱས་ཀྱི་ཁམས་ཀྱི་གཞི་མེད་ཅིང་མི་དམིགས་སོ་ ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཇི་ལྟར་མྱ་ངན་ལས་འདས་པ་ལ་འཁོར་བ་མེད་པ་དེ་བཞིན་དུ་བྱང་ཆུབ་ལ་ཡང་སེམས་དཔའི་གཞི་མེད་དོ་ཞེས་བྱ་བའི་ཐ་ཚིག་གོ། །དེའི་འོག་ཏུ་སེམས་དཔའ་ལ་ཡང་བྱང་ཆུབ་ཀྱི་གཞི་མེད་པར་བསྟན་པའི་ཕྱིར། འདུས་བྱས་ཀྱི་ཁམས་ལ་འདུས་མ་ བྱས་ཀྱི་ཁམས་ཀྱི་གཞི་མེད་དོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཇི་ལྟར་འཁོར་བ་དང་མྱ་ངན་ལས་འདས་པའི་གཞི་མེད་པ་དེ་བཞིན་དུ་སེམས་དཔའ་ལ་ཡང་བྱང་ཆུབ་ཀྱི་གཞི་མེད་དོ་ཞེས་བྱ་བའི་ཐ་ཚིག་གོ། །དེའི་འོག་ཏུ་བྱང་ཆུབ་ཅེས་བྱ་བའི་ཚིག་གི་དོན་མེད་པར་བསྟན་པའི་ཕྱིར། རབ་འབྱོར་འདི་ལྟ་སྟེ་དཔེར་ན་སྐྱེ་བ་མེད་པ་དང་། འགག་པ་མེད་པ་དང་། མངོན་པར་འདུ་བྱ་བ་མེད་པ་དང་། འབྱུང་བ་མེད་པ་དང་། དམིགས་སུ་མེད་པ་དང་། ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པ་ལ་གཞིའི་དོན་མེད་དོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཇི་ལྟར་སྐྱེ་བ་མེད་པ་ལ་སོགས་པ་ལ་གཞིའི་དོན་མེད་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ལ་ཡང་གཞིའི་དོན་མེད་དོ་ཞེས་བྱ་བའི་ཐ་ཚིག་གོ། །དེའི་འོག་ཏུ་ཀུན་བརྟགས་པའི་བྱང་ཆུབ་སེམས་དཔའ་ལ་ཆོས་ཉིད་ཀྱི་བྱང་ཆུབ་སེམས་དཔའི་ཚིག་གི་དོན་མེད་པ་བསྟན་པའི་ཕྱིར། རབ་འབྱོར་ འདི་ལྟ་སྟེ་དཔེར་ན་གཟུགས་ལ་སྐྱེ་བ་མེད་པ་དང་། འགག་པ་མེད་པ་དང་། མངོན་པར་འདུ་བྱ་བ་མེད་པ་དང་། འབྱུང་བ་མེད་པ་དང་། དམིགས་སུ་མེད་པ་དང་། ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པ་ལ་གཞིའི་དོན་མེད་དོ་ཞེས་བྱ་བ་ལ་སོགས་པ་གསུངས་ ཏེ། ཇི་ལྟར་ཕུང་པོ་ལ་སོགས་པའི་ཚིག་གི་དོན་རྣམས་ལ་སྐྱེ་བ་མེད་པ་ལ་སོགས་པ་འདུས་མ་བྱས་ཀྱི་ཚིག་གི་དོན་རྣམས་མེད་པ་དེ་བཞིན་དུ་ཀུན་བརྟགས་པའི་ཕུང་པོ་ལྔའི་བདག་ཉིད་ཀྱི་བྱང་ཆུབ་སེམས་དཔའ་ལ་ཆོས་ཉིད་ཀྱི་བྱང་ཆུབ་སེམས་དཔའ་མེད་དོ་ཞེས་བྱ་བའི་ཐ་ཚིག་གོ། ། དེའི་འོག་ཏུ་དོན་དམ་པའི་བྱང་ཆུབ་སེམས་དཔའ་ལ་ཀུན་བརྟགས་པའི་བྱང་ཆུབ་སེམས་དཔའི་ཚིག་གི་དོན་མེད་པ་བསྟན་པའི་ཕྱིར། རབ་འབྱོར་འདི་ལྟ་སྟེ་དཔེར་ན་གཟུགས་ཤིན་ཏུ་རྣམ་པར་དག་པ་ལ་མཚན་མའི་གཞི་མེད་དོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཇི་ལྟར་གཟུགས་ ལ་སོགས་པའི་ཕུང་པོ་ལྔ་ལ་སོགས་པའི་ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པ་ལ་འདུས་བྱས་ཀྱི་མཚན་མ་རྣམས་ཀྱི་གཞི་མེད་པ་དང་། རབ་འབྱོར་འདི་ལྟ་སྟེ་དཔེར་ན་བདག་ལ་སོགས་པ་རྣམ་པར་དག་པ་ལ་མཚན་མའི་གཞི་མེད་པ་དང་། ཉི་མ་ལ་མུན་པའི་གཞི་མེད་པ་དང་། སྲེག་པའི་བསྐལ་པ་ལ་འདུ་བྱེད་ཀྱི་གཞི་མེད་པ་དང་། དེ་བཞིན་གཤེགས་པའི་ཚུལ་ཁྲིམས་དང་། ཏིང་ངེ་འཛིན་དང་། ཤེས་རབ་དང་། རྣམ་པར་གྲོལ་བ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་གཟིགས་པ་ལ། མི་མཐུན་པའི་ཕྱོགས་ཀྱི་གཞི་མེད་པ་དེ་བཞིན་དུ་དོན་དམ་ པའི་བྱང་ཆུབ་སེམས་དཔའི་ཆོས་ཀྱི་དབྱིངས་ཀྱི་བདག་ཉིད་ལ་ཀུན་བརྟགས་པའི་ཕུང་པོ་ལྔའི་བདག་ཉིད་ཀྱི་བྱང་ཆུབ་སེམས་དཔའ་མེད་དོ་ཞེས་བྱ་བའི་ཐ་ཚིག་གོ། །དེའི་འོག་ཏུ་དོན་དམ་པའི་བྱང་ཆུབ་སེམས་དཔའ་ཆོས་ཉིད་ཀྱི་བདག་ཉིད་གང་ལ་ཡང་གནས་པ་མེད་པའི་ཕྱིར། རབ་འབྱོར་འདི་ལྟ་སྟེ་དཔེར་ན། ཉི་མ་དང་། ཟླ་བའི་འོད་ལ་གཞི་མེད་དོ་ཞེས་བྱ་བ་ལ་སོགས་པས་གཞི་མེད་པ་སྟོན་ཏེ། དཔེར་ན་ཉི་མ་དང་། ཟླ་བ་དང་། གཟའ་དང་། སྐར་མ་དང་། ནོར་བུ་རིན་པོ་ཆེ་དང་། གློག་གི་འོད་རྣམས་དང་། འདོད་པ་ན་སྤྱོད་པའི་ལྷ་ཐམས་ ཅད་དང་། གཟུགས་ཀྱི་ཁམས་ཀྱི་ཚངས་པ་རྣམས་དང་། གནས་གཙང་མ་རྣམས་དང་། དེ་བཞིན་གཤེགས་པ་རྣམས་ཀྱི་འོད་ཐམས་ཅད་ནི་འོད་ཙམ་དུ་ཟད་པས་གནས་པ་མེད་དོ། །དེ་བཞིན་དུ་དོན་དམ་པའི་བྱང་ཆུབ་སེམས་དཔའ་ཡང་གནས་པ་མེད་པར་འགྲོ་བ་དག་ཏུ་རྒྱུའོ་ ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟར་རྣམ་པ་བཅུ་གཅིག་གིས་བྱང་ཆུབ་སེམས་དཔའི་ཚིག་གི་དོན་གཞི་མེད་པར་བསྟན་ནས། དེའི་འོག་ཏུ་གཞི་མེད་པའི་གཏན་ཚིགས་སུ། རབ་འབྱོར་འདི་ལྟར་བྱང་ཆུབ་གང་ཡིན་པ་དང་། བྱང་ཆུབ་སེམས་དཔའ་དང་། བྱང་ཆུབ་སེམས་དཔའི་ གཞིའི་དོན་གང་ཡིན་པའི་ཆོས་དེ་དག་ཐམས་ཅད་ནི་ལྡན་པ་ཡང་མ་ཡིན་མི་ལྡན་པ་ཡང་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བྱང་ཆུབ་ཀྱི་དོན་དུ་རྩོལ་བའི་བྱང་ཆུབ་སེམས་དཔའ་བྱང་ཆུབ་གང་གིས་བརྩོན་པར་བྱེད་པའི་བྱང་ཆུབ་དེའམ། ཡང་ན་བྱང་ཆུབ་གང་གིས་བྱང་ཆུབ་ སེམས་དཔའ་ཞེས་བྱ་བའི་མིང་ཐོབ་པར་འགྱུར་བའམ། བྱང་ཆུབ་ཅེས་བྱ་བ་གང་ཡིན་པའམ། བྱང་ཆུབ་སེམས་དཔའི་ཚིག་གི་དོན་གང་ཡིན་པའམ། ཀུན་བརྟགས་པའི་བྱང་ཆུབ་སེམས་དཔའ་ཞེས་བྱ་བའི་གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་ལ་སོགས་པ་གང་ཡིན་པ་དང་། ཆོས་ཉིད་ཀྱིས་བྱང་ཆུབ་སེམས་དཔའ་ཆོས་ཀྱི་དབྱིངས་གང་ཡིན་པ་ཞེས་བྱ་བའི་ཐ་ཚིག་སྟེ། ཆོས་དེ་དག་ཐམས་ཅད་ཅེས་བྱ་བ་ནི་བྱང་ཆུབ་ཅེས་བྱ་བ་འདུས་མ་བྱས་ཀྱི་ཆོས་དང་། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དང་། རྟེན་ཅིང་འབྲེལ་བར་འབྱུང་བ་ལ་སོགས་པ་འདུས་བྱས་ཀྱི་ཆོས་རྣམས་དང་། ཆོས་ཉིད་ཀྱི་ངོ་བོ་ཉིད་རྣམས་ཏེ། ཆོས་ཉིད་ཀྱི་གནས་སྐབས་ན་ཀུན་ནས་ཉོན་མོངས་པའི་ངོ་བོ་ཉིད་མ་ཡིན་པའི་ཕྱིར་ལྡན་པ་ཡང་མ་ཡིན་ནོ། །རྣམ་པར་བྱང་བའི་མཚན་ ཉིད་མ་ཡིན་པའི་ཕྱིར་མི་ལྡན་པ་ཡང་མ་ཡིན་ནོ། །དཔྱོད་པ་མེད་ཅེས་བྱ་བ་ནི་འདི་ལྟར་རྣམ་པར་མི་རྟོག་པས་དཔྱོད་པ་མེད་པ་སྟེ། འཛིན་པའི་མཚན་ཉིད་མེད་པ་བསྟན་ཏོ། །བསྟན་དུ་མེད་པ་ཞེས་བྱ་བ་ནི་འདི་ལྟར་བརྗོད་དུ་མེད་པའི་ཕྱིར་གཞན་དག་ལ་ཚིག་གིས་བསྟན་ཅིང་གོ་བར་བྱར་ མི་རུང་སྟེ། དེ་གཉིས་ཀྱིས་འཛིན་པའི་མཚན་ཉིད་མེད་པ་དང་། གཟུང་བའི་མཚན་ཉིད་མེད་པ་བསྟན་ཏོ། །ཐོགས་པ་མེད་པ་ཞེས་བྱ་བ་ནི་དབང་པོའི་ཡུལ་བཞིན་དུ་ཐོགས་པའི་མཚན་ཉིད་མེད་པའི་ཕྱིར་རོ། །འདི་ལྟར་མཚན་ཉིད་མེད་པར་མཚན་ཉིད་གཅིག་པ་ཞེས་བྱ་བ་ནི་མཚན་ཉིད་ ཐམས་ཅད་དང་བྲལ་བ་ནི་མཚན་ཉིད་མེད་པའི་མཚན་ཉིད་དོ་ཞེས་བྱ་བའི་ཐ་ཚིག་གོ། །ཆགས་པ་མེད་པ་དང་། ཡོད་པ་མ་ཡིན་པ་ལ་བསླབ་པར་བྱའོ་ཞེས་བྱ་བ་ནི་བྱང་ཆུབ་ལ་ཆགས་པའི་ཕྱིར་རམ། བྱང་ཆུབ་ལ་ཡོད་པའི་དངོས་པོར་འཛིན་པའི་ཕྱིར་བྱང་ཆུབ་སེམས་དཔའ་ཞེས་བྱ་སྟེ། རྣམ་པར་རྟོག་པ་དེ་གཉིས་བཟློག་པའི་ཕྱིར་ཆོས་ཐམས་ཅད་ལ་ཆགས་པ་མེད་པའི་མཚན་ཉིད་དང་། དངོས་པོ་མེད་པའི་མཚན་ཉིད་དུ་བསླབ་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །རྟོག་པ་མེད་པ་དང་། དཔྱོད་པ་མེད་པའི་ཕྱིར་ཞེས་བྱ་བ་ནི་བརྟགས་ན་རྟོག་པའི་རྒྱུས་ཡོད་པའི་བློ་སྐྱེའོ། ། དཔྱད་ན་དད་པའི་རྒྱུས་ཆགས་པ་སྐྱེ་སྟེ། དེ་བས་ན་རྟོག་པ་མེད་པའི་ཕྱིར་ཡོད་པ་མ་ཡིན་པར་འགྱུར་བ་དང་། དཔྱོད་པ་མེད་པའི་ཕྱིར་ཆགས་པ་མེད་པར་འགྱུར་རོ་ཞེས་བྱ་བར་སྦྱར་བར་བྱའོ། །གཉིས་སུ་མེད་པའི་ཚུལ་གྱིས་ཆོས་ཐམས་ཅད་ཁོང་དུ་ཆུད་པར་བྱའོ་ཞེས་བྱ་བ་ནི་ གཟུང་བ་དང་འཛིན་པ་དང་། རྗོད་པ་དང་། བརྗོད་པར་བྱ་བ་དང་། སྐྱེ་བ་དང་། འགག་པ་དང་། དངོས་པོ་དང་དངོས་པོ་མེད་པ་དང་། ཆོས་དང་ཆོས་མ་ཡིན་པ་དང་། འདུས་བྱས་དང་འདུས་མ་བྱས་དང་། འཇིག་རྟེན་དང་། འཇིག་རྟེན་ལས་ འདས་པ་ཞེས་བྱ་བ་ལ་སོགས་པ་གཉིས་ཀྱི་དོན་དང་བྲལ་བ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟར་བྱང་ཆུབ་སེམས་དཔའི་ཚིག་གི་དོན་བསྟན་ནས་སེམས་དཔའ་ཆེན་པོའི་ཚིག་གི་དོན་བསྟན་པའི་ཕྱིར། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བགྱི་བ་ཅིའི་ སླད་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བགྱི་ཞེས་གསོལ་ཏེ། །བྱང་ཆུབ་སེམས་དཔའ་ལ་ཅིའི་སླད་དུ་སེམས་དཔའ་ཆེན་པོ་ཞེས་བགྱི་ཞེས་བྱ་བ་ནི་ཅིའི་ཕྱིར་སེམས་དཔའ་ཆེན་པོའི་མིང་དུ་བརྗོད་ཅེས་བྱ་བའི་ཐ་ཚིག་གོ། །འདི་ལ་བཅོམ་ལྡན་འདས་དང་། །གནས་བརྟན་ཤཱ་ རིའི་བུ་དང་། རབ་འབྱོར་དང་། གང་པོ་དང་བཞིའི་དགོངས་པ་རྣམ་པ་བཞི་སྟེ། དེ་ལ་རེ་ཞིག་བཅོམ་ལྡན་འདས་ཀྱི་དགོངས་པ་ནི་སེམས་ཅན་ཐམས་ཅད་ཀྱི་ནང་ན་འདི་སེམས་དཔའ་ཆེན་པོ་ཡིན་པའི་ཕྱིར། སེམས་དཔའ་ཆེན་པོ་ཞེས་བྱ་སྟེ་དེ་ཉིད་ཀྱི་ཕྱིར། སེམས་ཅན་ གྱི་ཚོགས་ཆེན་པོ་དང་། སེམས་ཅན་གྱི་རིས་མང་པོའི་ཕུལ་བྱེད་པར་འགྱུར་ཞེས་བྱ་བ་བསྟན་ཏོ། །གནས་བརྟན་ཤཱ་རིའི་བུའི་དགོངས་པ་ནི་ཆོས་ཐམས་ཅད་དངོས་པོ་མེད་དེ་ཡོད་པ་མ་ཡིན་པ་དོན་རྟོགས་པའི་ཕྱིར་སེམས་དཔའ་ཆེན་པོ་ཞེས་བྱ་སྟེ། ཆོས་ཐམས་ཅད་ཀྱི་མིང་མེད་པར་ མཐོང་བས་བདག་ཏུ་ལྟ་བ་ལ་སོགས་པ་དང་། མེད་པར་ལྟ་བའི་མཐའ་རྣམས་དང་། ཕུང་པོར་ལྟ་བ་ལ་སོགས་པ་དང་། ཡོངས་སུ་མྱ་ངན་ལས་འདས་པར་ལྟ་བའི་མཐར་ཐུག་པའི་བར་གྱི། རྣམ་པར་རྟོག་པ་ལྟ་བ་རྣམས་མེད་པར་བྱ་བའི་ཕྱིར་གཞན་དག་ལ་ཡང་ཆོས་སྟོན་པའོ། ། གནས་བརྟན་རབ་འབྱོར་གྱི་དགོངས་པ་ནི་བྱང་ཆུབ་སེམས་དཔའ་ཆེན་པོ་ཞེས་བྱ་བ་འདི་ལ་ཆགས་པ་མེད་པ་དང་། ཐོགས་པ་མེད་པ་ཆེ་བའི་ཕྱིར་སེམས་དཔའ་ཆེན་པོ་ཞེས་བྱ་སྟེ་དེ་ཉིད་ཀྱི་ཕྱིར། སེམས་དེ་ལ་ཡང་ཆགས་པ་མེད་ཅེས་བྱ་བ་ལ་སོགས་པས་དེ་ལ་ཆགས་པ་མེད་པར་ གནས་པ་ཡིན་པར་བསྟན་ཏོ། །གནས