Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 93

Văn bản gốc(Tây Tạng)

Trang 3 / 20 (50.000 ký tự/trang)
ན་འདས་ཀྱིས་དམ་པའི་ཆོས་པདྨ་དཀར་པོ་ལས། ཤཱ་རིའི་བུ་ཁྱོད་ནི་མ་འོངས་པའི་དུས་
ན་བསྐལ་པ་གྲངས་མེད། བསམ་གྱིས་མི་ཁྱབ། ཚད་མེད་པ་རྣམས་སུ་དེ་བཞིན་གཤེགས་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མང་པོ་རྣམས་ཀྱི་དམ་པའི་ཆོས་བཟུང་ནས་མཆོད་པ་རྣམ་པ་སྣ་ཚོགས་ཀྱང་བྱས་ཏེ། བྱང་ཆུབ་སེམས་དཔའི་སྤྱོད་པ་འདི་ཉིད་ཡོངས་སུ་རྫོགས་པར་
བྱས་ནས། སངས་རྒྱས་ཀྱི་ཞིང་རྡུལ་དང་བྲལ་བ་ཞེས་བྱ་བའི་འཇིག་རྟེན་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་པདྨའི་འོད་ཅེས་བྱ་བར་འགྱུར་ཞིང་འཇིག་རྟེན་དུ་འབྱུང་ངོ་ཞེས་གནས་བརྟན་ཤཱ་རིའི་བུ་སངས་རྒྱས་སུ་འགྱུར་བར་ལུང་
བསྟན་ཏོ། །ཇི་ལྟར་ན་དགེ་སློང་ཟག་པ་ཟད་པ་ལས་དང་ཉོན་མོངས་པའི་རྒྱུན་ཆད་པ་ཡང་སྲིད་པར་ཉིང་མཚམས་སྦྱོར་ཞིང་བསྐལ་པ་བསམ་གྱིས་མི་ཁྱབ། དཔག་ཏུ་མེད་པར་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པར་འགྱུར་ཏེ། འདི་ཉིད་ཀྱང་ཤེས་པར་མི་རུང་ངོ་། །གལ་ཏེ་
དགྲ་བཅོམ་པ་རྣམས་ཀྱང་ཡང་སྲིད་པར་ཉིང་མཚམས་སྦྱོར་དུ་ཟིན་ན་ནི་དགྲ་བཅོམ་པ་ཐམས་ཅད་ཀྱང་ཡང་སྲིད་པ་སོ་སོར་ལེན་པར་འགྱུར་བས་ཐར་པ་མི་འགྲུབ་པ་ཉིད་དུ་འགྱུར་རོ་ཞེ་ན། ཡང་འདི་ནི་ངེས་པ་མེད་དེ། གལ་ཏེ་དགྲ་བཅོམ་པ་རྣམས་ལ་ལས་དང་། ཉོན་མོངས་པ་ཡོད་དུ་ཟིན་

ན་ནི་ལས་དང་ཉོན་མོངས་པའི་དབང་གིས་སྲིད་པར་སྐྱེ་བར་ཡང་འགྱུར་ཏེ། ཐར་པ་མི་འགྲུབ་པོ་ཞེས་བྱ་བ་སྨྲ་བ་དེ་ནི་རིགས་ན། ངོ་བོ་ནི་དགྲ་བཅོམ་པ་རྣམས་ལ་ལས་དང་ཉོན་མོངས་པ་ཡོད་ཅིང་། དེས་བྱས་པའི་སྲིད་པར་སྐྱེ་བར་འགྱུར་རོ་ཞེས་ནི་མི་སྨྲའོ། །མདོ་གཞན་ལས་
འབྱུང་བའི་རིམ་པས་དོན་རྒྱ་ཆེར་བསྟན་པར་བྱའོ། །འདི་ལ་དེ་བཞིན་གཤེགས་པས་སེམས་ཅན་ཁ་ཅིག་ནི་ངེས་པའི་རིགས་ཅན། ཁ་ཅིག་ནི་མ་ངེས་པའི་རིགས་ཅན་ཡིན་པར་ཡང་དག་པར་གཟིགས་སོ། །དེ་ལ་ངེས་པའི་རིགས་ཅན་གང་ཡིན་པ་དེ་དག་ནི་རིགས་ཀྱི་བྱེ་བྲག་
ཉིད་ཀྱིས་དེ་འགྲུབ་པར་བརྗོད་ཀྱང་མི་དགོས་ཀྱི། སེམས་ཅན་མ་ངེས་པའི་རིགས་ཅན་གང་ཡིན་པ་དེ་དག་རྐྱེན་རྙེད་ན་རྐྱེན་ཇི་ལྟ་བ་བཞིན་དུ་བྱང་ཆུབ་གསུམ་གྱི་སྐལ་བ་ཡོད་པར་དེ་བཞིན་གཤེགས་པས་གཟིགས་ནས་དེ་དག་རིམ་གྱིས་སངས་རྒྱས་སུ་བསྒྲལ་བར་བཞེད་ན། དེ་དག་
ཉོན་མོངས་པ་ཆེ་བ་དང་། དབང་པོ་བརྟུལ་བས་བྱང་ཆུབ་སེམས་དཔའི་སྤྱད་པ་བཟང་པོ་སྤྱོད་པའི་མཐུ་དང་མི་ལྡན་པར་གཟིགས་ནས་དེའི་ཕྱིར་སེམས་ཅན་དེ་དག་དང་པོར་ཉོན་མོངས་པ་ཉེ་བར་ཞི་བའི་རྒྱུར་གྱུར་པའི་ལམ་ལ་འཇུག་པར་མཛད་དོ། །དེ་བཞིན་ཉིད་དང་། མྱ་ངན་
ལས་འདས་པ་གཉིས་ཐ་མི་དད་པའི་ཕྱིར་དེ་བཞིན་ཉིད་མྱ་ངན་ལས་འདས་པ་མངོན་སུམ་དུ་བྱ་བ་ལ་འཛུད་པ་མཛད་དོ། །དེ་དག་དེ་ལྟར་བཙུད་ནས་ཀྱང་ཚུལ་ཁྲིམས་དང་། ཏིང་ངེ་འཛིན་དང་ཤེས་རབ་ལ་བསླབས་ནས་རིམ་གྱིས་དེ་བཞིན་ཉིད་མྱ་ངན་ལས་འདས་པ་མངོན་སུམ་དུ་
བྱེད་དེ། དེ་ནི་མཐོང་བའི་ས་ཞེས་ཀྱང་བྱ་བ་ལ། རྒྱུན་ཏུ་ཞུགས་པའི་ལམ་ཞེས་བྱ་བར་ཡང་ཤེས་སོ། །དེ་ནས་ཡང་འདོད་པ་ལ་འདོད་ཆགས་དང་། གནོད་སེམས་གཉིས་སྤོང་བ་ལ་འཛུད་པ་མཛད་དེ། འཕགས་པ་དེ་དག་གིས་འདོད་པ་ལ་འདོད་ཆགས་དང་།
གནོད་སེམས་བསྲབས་པས་དེ་བཞིན་ཉིད་རྟོགས་པར་འགྱུར་ཏེ། དེ་ནི་བསྲབས་པའི་ས་ཞེས་ཀྱང་བྱ་ལ། ལན་ཅིག་ཕྱིར་འོང་བའི་ལམ་ཞེས་བྱ་བར་ཡང་ཤེས་སོ། །དེ་ནས་དེ་ཉིད་མ་ལུས་པར་སྤངས་པ་ལ་བཙུད་པས་དེ་བཞིན་ཉིད་རྟོགས་ནས་འདོད་ཆགས་དང་བྲལ་བའི་ས་

གསུམ་པ་སྒྲུབ་པར་བྱེད་དོ།དེ་ཉིད་ལ་ཕྱིར་མི་འོང་བའི་ལམ་ཞེས་ཀྱང་བརྗོད་དོ། །དེ་ནས་ཡང་གཟུགས་ཀྱི་འདོད་ཆགས་དང་། གཟུགས་མེད་པའི་འདོད་ཆགས་དང་། ང་རྒྱལ་དང་། རྒོད་པ་དང་། མ་རིག་པ་ལྷག་མ་རྣམས་སྤངས་པ་ལ་བཙུད་
ནས་དེ་བཞིན་ཉིད་རྟོགས་པ་དེ་ཉིད་ཀྱིས་བྱས་པ་བསྲུང་བའི་ས་རྟོགས་པར་འགྱུར་ཏེ། དེ་ཉིད་ལ་དགྲ་བཅོམ་པའི་ལམ་ཞེས་ཀྱང་བརྗོད་དོ། །ཐམས་ཅད་ལ་ཡང་དེ་དག་བཙུད་ནས་ཅི་ནས་ཀྱང་སངས་རྒྱས་ཉིད་ལ་འདོད་པ་ཆེན་པོ་སྐྱེ་བར་འགྱུར་བ་དེ་ལྟ་དེ་ལྟར་ཆོས་སྟོན་ཏོ། །
དེ་ནས་སངས་རྒྱས་ཉིད་འདོད་པ་དེ་དག་སངས་རྒྱས་ཉིད་འདོད་པས་བྱས་པ་སྲུང་བ་ཅན་གྱི་ས་ལ་ཉོན་མོངས་པ་ཐམས་ཅད་སྤངས་པར་གྱུར་པ་ན་མ་རིག་པའི་བག་ཆགས་ནི་མ་སྤངས་ཏེ། དེ་མ་སྤངས་པས་ཉོན་མོངས་པའི་བག་ཆགས་ཐམས་ཅད་ཀྱང་མ་སྤངས་སོ། །དེ་ནས་
དེ་དག་ལ་དེ་བཞིན་གཤེགས་པས་བྱང་ཆུབ་སེམས་དཔའི་ཐེག་པ་བཤད་པ་མཛད་དོ། །བཤད་པ་དེས་ཀྱང་དབང་པོ་ཤིན་ཏུ་སྦྱངས་ནས་བྱང་ཆུབ་སེམས་དཔའི་སྤྱོད་པ་ཡོངས་སུ་རྫོགས་པར་བྱེད་ནུས་པའི་བསམ་པ་ཅན་དུ་འགྱུར་ཏེ། རིམ་གྱིས་ཟབ་མོའི་ཆོས་ལ་བཟོད་
པ་ཡང་ཐོབ་པར་འགྱུར་རོ། །དེ་ལྟར་སངས་རྒྱས་ཀྱི་ས་ལ་བསམ་པ་ངེས་པ་ཉོན་མོངས་པ་ཐམས་ཅད་སྤངས་པ། ཆོས་ཀྱི་དབྱིངས་ཤིན་ཏུ་རྟོགས་པ་ཆོས་ཟབ་མོ་ལ་བཟོད་པ་ཐོབ་པ་ལ་དེ་བཞིན་གཤེགས་པས་སངས་རྒྱས་སུ་ལུང་བསྟན་ཏེ། དེའི་ཚེ་ན་ས་བརྒྱད་པ་ལ་གནས་པ་
རྣམ་པར་མི་རྟོག་པ་ལྷུན་གྱིས་གྲུབ་པའི་བྱང་ཆུབ་སེམས་དཔའ་ཆེན་པོར་འགྱུར་རོ། །དེ་དག་དེ་ལྟར་གྱུར་པ་དང་ཡང་སྲིད་པ་གཞན་ལེན་པས་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་ཅིང་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་དང་། བདག་ཉིད་ཀྱང་སངས་རྒྱས་ཀྱི་ཆོས་ཡོངས་
སུ་སྨིན་པར་བྱེད་དོ། །ཡང་སྲིད་པ་ཇི་ལྟར་ལེན་ཅེ་ན། རྣམ་པ་གཉིས་ཀྱིས་ཏེ། རྐྱེན་གྱི་སྟོབས་དང་། རྒྱུའི་སྟོབས་ཀྱིས་སོ། །དེ་ལ་ཉོན་མོངས་པའི་བག་ཆགས་མ་སྤངས་པ་གང་ཡིན་པ་དེ་ནི་ཡང་སྲིད་པར་ཉིང་མཚམས་སྦྱོར་བའི་རྐྱེན་ཡིན་ནོ། །ཟག་པ་དང་བཅས་པའི་དགེ་

བའི་རྩ་བའི་རྒྱུ་ལས་བྱུང་བ་ཟག་པ་མེད་པའི་དགེ་བའི་རྩ་བ་དེ་དག་ནི་ཡང་སྲིད་པ་བྱེད་པའི་རྒྱུའོ། །དེ་དག་ནི་མདོ་ལས་ཇི་སྐད་འབྱུང་བ་བཞིན་དུ་རིག་པར་བྱ་སྟེ། བློ་གྲོས་རྒྱ་མཚོ་འཁོར་བའི་རྒྱུན་བྱེད་པ་དགེ་བའི་རྩ་བ་དང་མཚུངས་པར་ལྡན་པའི་ཉོན་མོངས་པ་དེ་དག་གང་ཞེ་ན།
འདི་ལྟ་སྟེ་བསོད་ནམས་ཀྱི་ཚོགས་བཙལ་བས་ཡོངས་སུ་མི་ངོམས་པ་དང་། བསམས་བཞིན་དུ་སྲིད་པར་སྐྱེ་བ་ཡོངས་སུ་འཛིན་པ་དང་། སངས་རྒྱས་དང་ཕྲད་པར་སྨོན་པ་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་ལ་ཡོངས་སུ་མི་སྐྱོ་བ་དང་། དམ་པའི་ཆོས་ཡོངས་སུ་འཛིན་
པ་ལ་བརྩོན་པ་དང་། སེམས་ཅན་གྱི་བྱ་བ་ཅི་ཡོད་སྙམ་པ་ལ་སྤྲོ་བ་དང་། ཆོས་འདོད་པའི་བག་ལ་ཉལ་མི་འདོར་བ་དང་། ཕ་རོལ་ཏུ་ཕྱིན་པ་ལ་སྦྱོར་བ་རྣམས་ཡོངས་སུ་མི་གཏོང་བ་སྟེ། བློ་གྲོས་རྒྱ་མཚོ་དེ་དག་ནི་དགེ་བའི་རྩ་བ་དང་མཚུངས་པར་ལྡན་པའི་ཉོན་མོངས་པ་
རྣམས་སོ། །བྱང་ཆུབ་སེམས་དཔའ་ནི་དེ་དག་གིས་ཉོན་མོངས་ཀྱང་ཉོན་མོངས་པའི་སྐྱོན་རྣམས་ཀྱིས་མི་གོས་སོ། །གསོལ་པ། བཅོམ་ལྡན་འདས་དེ་དག་དགེ་བའི་རྩ་བ་ལགས་ན། ཅིའི་སླད་དུ་ཉོན་མོངས་པ་རྣམས་ཞེས་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བློ་
གྲོས་རྒྱ་མཚོ་འདི་ལྟར་ཉོན་མོངས་པ་དེ་ལྟ་བུ་དེ་དག་གིས་བྱང་ཆུབ་སེམས་དཔའ་རྣམས་ཁམས་གསུམ་ན་ཉོན་མོངས་ལ་ཁམས་གསུམ་པ་ནི་ཉོན་མོངས་པ་ལས་བྱུང་བ་ཡིན་པས་སོ། །དེ་ལ་བྱང་ཆུབ་སེམས་དཔའ་ནི་ཐབས་མཁས་པ་དང་དགེ་བའི་རྩ་བའི་སྟོབས་བསྐྱེད་པས་བསམས་བཞིན་དུ་
ཁམས་གསུམ་ན་ཉོན་མོངས་སོ། །དེའི་ཕྱིར་དགེ་བའི་རྩ་བ་དང་མཚུངས་པར་ལྡན་པའི་ཉོན་མོངས་པ་ཞེས་བྱ་སྟེ། ཁམས་གསུམ་ན་ཉོན་མོངས་པས་དེ་སྐད་བྱའི་སེམས་ཉེ་བར་ཉོན་མོངས་པས་ནི་མ་ཡིན་ནོ། །བློ་གྲོས་རྒྱ་མཚོ་འདི་ལྟ་སྟེ་དཔེར་ན་ཚོང་དཔོན་ཁྱིམ་བདག་
ཅིག་ལ་བུ་སྡུག་པ་ཕངས་པ་ཡིད་དུ་འོང་བ་དང་། ལྟ་བ་དང་མཐུན་པ་གཅིག་པུ་ཞིག་ཡོད་པར་གྱུར་པ་ཁྱེའུ་དེ་ཡང་བྱིས་པར་གྱུར་པས་གར་བྱེད་པ་ལས་ཕྱི་ས་ཁུང་བཙོག་པ་ཞིག་ཏུ་ལྷུང་བ་དང་། དེ་ནས་ཁྱེའུ་དེའི་མ་དང་མཛའ་བཤེས་དང་ཉེ་དུ་དག་གིས་ཁྱེའུ་དེ་ཕྱི་

ས་ཁུང་བཙོག་པར་ལྷུང་བར་མཐོང་ངོ་། །མཐོང་ནས་ཀྱང་ཤུགས་ཕབ་སྟེ་མྱ་ངན་བྱེད་ཅིང་སྨྲེ་སྔགས་འདོན་གྱིས་ཕྱི་ས་ཁུང་བཙོག་པ་དེར་ཞུགས་ཏེ་བུ་གཅིག་པ་དེ་མི་འབྱིན་ཏོ། །དེ་ནས་ཁྱེའུ་དེའི་ཕ་འོངས་ཏེ། དེས་བུ་གཅིག་པ་ཕྱི་ས་ཁུང་བཙོག་པར་
ལྷུང་བ་དེ་མཐོང་ལ། མཐོང་ནས་ཀྱང་བུ་གཅིག་པ་ལ་བསམ་པ་ཐག་པ་ནས་བྱམས་ཤིང་རྗེས་སུ་ཆགས་པས་མི་སྨོད་པར་མྱུར་དུ་སྐྱེན་པར་ལ་གོར་དུ་ཕྱི་ས་ཁུང་བཙོག་པ་དེར་ཞུགས་ཏེ། བུ་གཅིག་པ་ཕྱུང་བ་འདི་ལྟ་བུ་འདི་ནི་བློ་གྲོས་རྒྱ་མཚོ་ཇི་ཙམ་དུ་དོན་ཤེས་པར་བྱ་བའི་ཕྱིར་
དཔེར་བྱས་པ་ཡིན་ནོ། །འདིར་དོན་དུ་ལྟ་བ་གང་ཞེ་ན། བློ་གྲོས་རྒྱ་མཚོ་ཕྱི་ས་ཁུང་བཙོག་པ་ཞེས་བྱ་བ་དེ་ནི་ཁམས་གསུམ་གྱི་ཚིག་བླ་དགས་སོ། །བུ་གཅིག་པ་ཞེས་བྱ་བ་དེ་ནི་སེམས་ཅན་ཐམས་ཅད་ཀྱི་ཚིག་བླ་དགས་ཏེ། དེ་དག་ལ་བྱང་ཆུབ་སེམས་དཔའ་བུ་གཅིག་པ་
ལྟར་འདུ་ཤེས་སོ། །མ་དང་མཛའ་བཤེས་དང་ཉེ་དུ་ཞེས་བྱ་བ་དེ་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་པའི་གང་ཟག་རྣམས་ཀྱི་ཚིག་བླ་དགས་ཏེ། དེ་དག་ནི་འཁོར་བར་ལྷུང་བའི་སེམས་ཅན་རྣམས་མཐོང་ན་མྱ་ངན་བྱེད་ཅིང་སྨྲེ་སྔགས་འདོན་གྱི་འབྱིན་པར་མི་ནུས་སོ། །ཚོང་
དཔོན་ཁྱིམ་བདག་ཅེས་བྱ་བ་འདི་ནི་བྱང་ཆུབ་སེམས་དཔའི་ཚིག་བླ་དགས་སོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལྟ་བུ་སྟེ། དགེ་བའི་རྩ་བ་རྣམ་པར་སྨིན་པའི་བདག་ཉིད་དུ་ཡོངས་སུ་བསྒྱུར་བ་དེ་དག་མ་རིག་པའི་བག་ཆགས་ཀྱི་རྐྱེན་གྱི་དབང་གིས་རྒྱས་པར་གྱུར་ན་ལུས་འགྲུབ་
པའི་རྒྱུར་འགྱུར་རོ། །ཡང་མདོ་ལས་འདི་སྐད་དུ། བཅོམ་ལྡན་འདས་འདི་ལྟ་སྟེ་དཔེར་ན། ཉེ་བར་ལེན་པའི་རྐྱེན་དང་། ཟག་པ་དང་བཅས་པའི་ལས་ཀྱི་རྒྱུ་ལས་སྲིད་པ་གསུམ་འབྱུང་བར་འགྱུར་ཏེ། བཅོམ་ལྡན་འདས་དེ་བཞིན་དུ་མ་རིག་པའི་བག་ཆགས་ཀྱི་སའི་རྐྱེན་
དང་། ཟག་པ་མ་མཆིས་པའི་ལས་ཀྱི་རྒྱུ་ལས་དགྲ་བཅོམ་པ་རྣམས་དང་། རང་སངས་རྒྱས་རྣམས་དང་། དབང་ཐོབ་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡིད་འབྱུང་བའི་ལུས་གསུམ་དུ་འགྱུར་རོ་ཞེས་གསུངས་པ་ལྟ་བུའོ། །ད་ནི་བརྗོད་པར་བྱ་སྟེ། ཅི་ལུས་དེ་

འཇིག་རྟེན་འདི་པར་བགྲང་ངམ། འོན་ཏེ་འཇིག་རྟེན་ཕ་རོལ་པར་བགྲང་། ཅི་འདོད་པའི་ཁམས་སམ། གཟུགས་ཀྱི་ཁམས་སམ། གཟུགས་མེད་པའི་ཁམས་སུ་བགྲང་ཞེ་ན། འགྲོ་བའམ། སྐྱེ་གནས་སམ། སྐྱེ་བའམ། སྲིད་པའམ། འཇིག་རྟེན་གང་དུ་
འང་མི་བགྲང་ངོ་། །འོ་ན་ལུས་མངོན་པར་གྲུབ་པ་དེ་ཇི་འདྲ་བ་ཞིག་ཅེ་ན། ཡིད་ལས་བྱུང་བ་སྟེ། ཡིད་ལས་བྱུང་བའི་སྤྲུལ་པ་ལྟ་བུར་ལྟའི་སྤྲུལ་པ་ཉིད་ནི་མ་ཡིན་ནོ། །ཡང་སྲིད་པ་ཞེས་བྱ་བ་ནི་འཆི་འཕོ་དང་སྐྱེ་བའི་དབང་གིས་བཏགས་པར་བརྗོད་པ་སྟེ། དབང་
ཐོབ་པ་རྣམས་ནི་སེམས་ཅན་གྱི་དོན་དུ་འགྱུར་བ་ཡོད་ན། སྐྱེ་གནས་དང་འགྲོ་བ་དེ་དང་དེ་དག་ཏུ་སྣང་བར་འགྱུར་ལ། སེམས་ཅན་གྱི་དོན་དུ་འགྱུར་བ་མེད་ན་ནི་བདག་ཉིད་མི་སྣང་བར་འགྱུར་ཏེ། འཆི་འཕོ་དང་སྐྱེ་བ་ཡང་དེ་ཉིད་ཡིན་ལ། ལུས་དེ་ཉིད་ཟག་པ་མེད་པའི་
དགེ་བའི་རྩ་བའི་རྣམ་པར་སྨིན་པ་ཡིན་པའི་ཕྱིར་འདུས་བྱས་ཡིན་ཏེ། འཁོར་བ་ཞེས་ཀྱང་བྱའོ། །ཟག་པ་དང་བཅས་པའི་ལས་དང་། ཉོན་མོངས་པས་མངོན་པར་འདུས་མ་བྱས་པའི་ཕྱིར། འདུས་མ་བྱས་པ་ཞེས་ཀྱང་བྱ་སྟེ། དེ་ཉིད་ལ་མྱ་ངན་ལས་འདས་པ་
ཞེས་ཀྱང་བྱའོ། །འདི་ལྟར་བཅོམ་ལྡན་འདས་དེའི་སླད་དུ་འདུས་བྱས་དང་འདུས་མ་བྱས་པའི་འཁོར་བ་ཡང་མཆིས་ལ། འདུས་བྱས་དང་འདུས་མ་བྱས་པའི་མྱ་ངན་ལས་འདས་པ་ཡང་མཆིས་སོ་ཞེས་འབྱུང་བ་ལྟ་བུ་སྟེ། དེ་ལྟར་ན་དེ་བཞིན་གཤེགས་པ་ཐབས་ལ་མཁས་
པས་ཉན་ཐོས་འདི་དག་སྔར་དགྲ་བཅོམ་པར་མཛད་པས་ཉོན་མོངས་པ་སྤངས་ནས་དེའི་འོག་ཏུ་བྱང་ཆུབ་ཀྱི་ལམ་ལ་སྦྱོར་བར་མཛད་དེ། འདི་ནི་དེ་བཞིན་གཤེགས་པ་དོན་དམ་པའི་ཆོས་ཀྱི་དབང་ཕྱུག་རྣམས་ཀྱི་ཕྱིར་མི་ལྡོག་པའི་ཐབས་སོ། །ཇི་སྐད་དུ་བཅོམ་ལྡན་འདས་དེ་བཞིན་
གཤེགས་པས་ཉན་ཐོས་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པ་དེ་དག་ཇི་ལྟར་བལྟ་བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་ངས་ཉན་ཐོས་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པ་

གང་ཡིན་པ་དེ་དག་ནི་རིགས་ལས་བལྟས་ཏེ་ལུང་བསྟན་པའོ། །གསོལ་པ་བཅོམ་ལྡན་འདས་ཉན་ཐོས་ཟག་པ་མ་མཆིས་པ། སྲིད་པ་ཀུན་ཏུ་སྦྱོར་བ་རྒྱུན་བཅད་པ་རྣམས་རིགས་མཆིས་སུ་ལགས་ཀྱང་ཇི་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་
ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་དེའི་ཕྱིར་དཔེ་བསྟན་གྱི་ཉོན་ཅིག །རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན་རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བ་ལ་བུ་ཞིག་ཡོད་དོ། དེ་ཡང་
བཟོའི་གནས་ཐམས་ཅད་ལ་སློབ་པ་ལས་དབང་པོ་རྟུལ་ཞིང་། དབང་པོ་རྣོ་བ་མ་ཡིན་པས་དེ་ཕྱིས་བསླབ་པར་བྱ་བ་གང་ཡིན་པ་དེ་ནི་སྔར་སློབ། སྔར་བསླབ་པར་བྱ་བ་དེ་ནི་ཕྱིས་སློབ་པར་བྱེད་པས་ན་རིགས་ཀྱི་བུ་དེ་ཇི་སྙམ་དུ་སེམས། ཅི་རྒྱུ་དེས་རྒྱལ་པོའི་བུ་མ་ཡིན་ཞེས་
བྱའམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ། །བདེ་བར་གཤེགས་པ་དེ་ནི་མ་ལགས་ཏེ། བཅོམ་ལྡན་འདས་དེ་ལ་རྒྱལ་པོའི་བུ་ཉིད་ལགས་སོ་ཞེས་བགྱིའོ། །རིགས་ཀྱི་བུ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་དབང་པོ་རྟུལ་པོའི་རིགས་དང་ལྡན་པ་བསྒོམ་
པའི་ལམ་གྱིས་སྔར་ཉོན་མོངས་པ་ཟད་པར་བྱས་ནས་ཕྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་བྱེད་ན། རིགས་ཀྱི་བུ་དེ་ཇི་སྙམ་དུ་སེམས། རྒྱུ་དེས་མངོན་པར་རྫོགས་པར་སངས་མ་རྒྱས་ཞེས་བྱའམ། གསོལ་པ། བཅོམ་ལྡན་འདས་
དེ་ནི་མ་ལགས་སོ། །བདེ་བར་གཤེགས་པ་དེ་ནི་མ་ལགས་སོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་ལྟ་བུའོ། །ཡང་ཇི་སྐད་དུ་བྱམས་པ་གང་ཐོག་མ་ཉིད་དུ་དམན་པའི་བྱེ་བྲག་དོན་དུ་གཉེར་ཏེ་དམན་པ་ཉིད་ཐོབ་ལ་དམན་པར་ཤེས་ནས་དེ་ཙམ་གྱིས་ཆོག་པར་མི་འཛིན་
གྱི། དེའི་གོང་དུ་བཟང་པོའི་བྱེ་བྲག་ཉིད་ཚོལ་བས་བཟང་པོ་ཉིད་ཐོབ་པར་འགྱུར་བའི་རིགས་ཀྱི་བྱེ་བྲག་དེ་ལྟ་བུ་ཡང་ཡོད་དོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་བྱམས་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་

སེམས་ཅན་རྣམས་ཀྱི་རིགས་ཀྱི་རྣམ་པ་གསུམ་པོ་གང་ལགས་པ་དེ་དགྲ་བཅོམ་པ་ཉིད་ཐོབ་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དོན་དུ་གཉེར་ཀྱང་སྐྱེ་བ་མ་མཆིས་པར་ཇི་ལྟར་ཐོབ་པར་འགྱུར། སྐྱེ་བ་མ་མཆིས་པར་ནི་བཅོམ་ལྡན་འདས་ཀྱིས་ངེས་པར་བཀའ་མ་
སྩལ་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྱམས་པ་དེའི་སྐྱེ་བ་ལས་དང་ཉོན་མོངས་པའི་དབང་གིས་འགྱུར་བར་ནི་མི་དོགས་ཀྱི། དེའི་སྐྱེ་བ་བསམ་གྱིས་མི་ཁྱབ་པ་དང་། སྤྲུལ་པ་དང་། ཡོངས་སུ་གྱུར་པའོ་ཞེས་ང་འདོགས་སོ་ཞེས་གསུངས་པ་ལྟ་
བུའོ། །གླེང་གཞིའི་ལེའུའོ།། །།བམ་པོ་བཞི་པ། ཤཱ་རིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མངོན་པར་རྫོགས་པར་བྱང་ཆུབ་པར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པར་བྱའོ་ཞེས་
བྱ་བ་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བཤད་པ་ནི་བཅོམ་ལྡན་འདས་ཀྱིས་སྒོ་གསུམ་དང་། རྣམ་གྲངས་བཅུ་གཅིག་གིས་བཤད་པར་རྣམ་པར་གཞག་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་མགོ་སྨོས་པས་གོ་བ་དང་། རྣམ་པར་སྤྲོས་ན་གོ་བ་དང་། དྲང་དགོས་
པའི་འདུལ་བ་རྣམ་པ་གསུམ་ལས་བརྩམས་ཏེ། མདོར་བསྟན་པའི་སྒོ་དང་། འབྲིང་དུ་བསྟན་པའི་སྒོ་དང་། རྒྱས་པར་བསྟན་པའི་སྒོ་དང་སྒོ་གསུམ་གྱིས་བཤད་དོ། །འདི་ལྟར་བཅོམ་ལྡན་འདས་ཀྱིས་གླེང་གཞིའི་ལེའུ་བསྟན་པའི་རིམ་པས་བརྩམས་པ་ཆེན་
པོས་བཤད་པའི་སྐབས་ཕྱེ་སྟེ་ཆོས་བཤད་པའི་ཕྱིར་གནས་བརྟན་ཤཱ་རིའི་བུ་ལ། ཤཱ་རིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མངོན་པར་རྫོགས་པར་བྱང་ཆུབ་པར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་
བརྩོན་པར་བྱའོ་ཞེས་བཀའ་སྩལ་ཏོ། །དེར་དེ་ཙམ་ཞིག་བཤད་ནས་ཅང་མི་གསུང་བར་གྱུར་ཏེ། དེ་བས་ན་འདི་ནི་མདོར་བསྟན་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ། །དེ་ལྟར་བཅོམ་ལྡན་འདས་ཅང་མི་གསུང་བར་གྱུར་པ་དང་། གནས་བརྟན་ཤཱ་རིའི་བུས་རྣམ་

པར་སྤྲོས་ན་གོ་བ་རྣམས་ཀྱི་དོན་ཞུ་བ་བརྩམས་ནས་འབྲིང་དུ་བསྟན་པའི་སྐབས་ཕྱེ་བ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མངོན་པར་རྫོགས་པར་བྱང་ཆུབ་པར་འཚལ་བས་ཇི་ལྟར་
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པར་བགྱི་ཞེས་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་མདོར་བསྟན་པའི་བཤད་པ་དེ་ཉིད་བཟུང་སྟེ། མདོར་བསྟན་པ་ཉིད་དུ་ཆོས་ཐམས་ཅད་བསྟན་ནས་སྤྱོད་པ་རྣམ་པ་བཞི་ཡང་བསྟན་ཏེ། དེའི་འོག་ཏུ་གང་གི་ཕྱིར་བརྩོན་པར་བྱ་བ་
དང་། ཇི་ལྟར་བརྩོན་པར་བྱ་བ་དང་། བརྩོན་པར་བྱེད་པ་རྣམས་ཀྱི་མཚན་ཉིད་གང་ཡིན་པ་དང་། བརྩོན་པར་བྱེད་པ་རྣམས་ཀྱི་རབ་ཏུ་དབྱེ་བ་དང་། བརྩོན་པ་ལ་གདམས་པ་གང་ཡིན་པ་དང་། བརྩོན་པའི་ཕན་ཡོན་གང་ཡིན་པ་དང་། བརྩོན་པའི་རབ་ཏུ་དབྱེ་བ་
གང་ཡིན་པ་དང་། བཤད་པ་འདིའི་གཏན་ལ་དབབ་པ་གང་ཡིན་པ་དང་། རྣམ་པ་འདི་བརྒྱད་བསྟན་ཏོ། །དེ་ལ་ཤཱ་རིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་གནས་པ་མེད་པའི་ཚུལ་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཏེ་ཞེས་བྱ་བ་ནས་
བྱམས་པ་ཆེན་པོ་དང་སྙིང་རྗེ་ཆེན་པོ་དང་དགའ་བ་ཆེན་པོ་དང་བཏང་སྙོམས་ཆེན་པོ་བསྒོམ་པར་བྱའོ་ཞེས་བྱ་བའི་བར་དུ་ནི་དཀར་པོའི་ཆོས་ཐམས་ཅད་བསྟན་པའོ། །དེའི་འོག་ཏུ་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ། མངོན་པར་
རྫོགས་པར་འཚང་རྒྱ་བར་འདོད་པས་ཞེས་བྱ་བ་ནས་ཤཱ་རིའི་བུ་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་འདོད་པའི་ཡོན་ཏན་ལྔ་ཉེ་བར་ལེན་ཏོ་ཞེས་བྱ་བའི་བར་ནི་གང་གི་ཕྱིར་བརྩོན་པར་བྱ་ཞེས་བྱ་བ་དེའི་བཤད་པའོ། །དེའི་འོག་ཏུ་
བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བགྱི་ཞེས་བྱ་བ་ནས་ཡན་ལག་བརྒྱད་དང་ལྡན་པའི་གསོ་སྦྱོང་དང་། བསམ་གཏན་བཞི་ནས་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་སྦྱིན་པར་བྱེད་པའོ་

ཞེས་བྱ་བའི་བར་དུ་ནི་ཇི་ལྟར་བརྩོན་པར་བྱ་ཞེས་བྱ་བ་དེའི་བཤད་པའོ། །དེའི་འོག་ཏུ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པར་བགྱིས་ན་བརྩོན་ཞེས་བགྱི་བ་ལགས་ཞེས་བྱ་བ་ནས་འཆལ་བའི་ཚུལ་ཁྲིམས་
ཀྱི་སེམས་དང་། ལེ་ལོའི་སེམས་དང་། རྣམ་པར་གཡེང་བའི་སེམས་དང་། འཆལ་པའི་ཤེས་རབ་ཀྱི་སེམས་མི་བསྐྱེད་དོ་ཞེས་བྱ་བའི་བར་དུ་ནི་བརྩོན་པར་བྱེད་པ་རྣམས་ཀྱི་མཚན་ཉིད་གང་ཡིན་པ་ཞེས་བྱ་བ་དེ་བཤད་པའོ། །དེའི་འོག་ཏུ་བཅོམ་ལྡན་འདས་བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་འདིས་གནས་པ་དེ་གང་ནས་ཤི་འཕོས་ཏེ་འདིར་སྐྱེས་པ་ལགས་ཞེས་བྱ་བ་ནས་སྲོག་ཆགས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་སངས་རྒྱས་སུ་ལུང་བསྟན་པའི་བར་ནི་བརྩོན་པར་བྱེད་པ་རྣམས་ཀྱི་རབ་ཏུ་དབྱེ་བ་
བཤད་པའོ། །དེའི་འོག་ཏུ་རབ་འབྱོར་ཁྱོད་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྩོམ་སྟེ། ཅི་ནས་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ངེས་པར་འབྱུང་བར་འགྱུར་བ་དེ་ལྟ་བུའི་
ཆོས་ཀྱི་གཏམ་བྱ་བར་སྤོབས་པར་གྱིས་ཤིག་ཅེས་བྱ་བ་ནས་འདི་ཉིད་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གདམས་པ་ཡིན་ཏེ། འདི་ཉིད་རྗེས་སུ་བསྟན་པ་ཡིན་ནོ་ཞེས་བྱ་བའི་བར་དུ་ནི་བརྩོན་པ་ལ་གདམས་པ་བསྟན་པའོ། །དེའི་
འོག་ཏུ་བཅོམ་ལྡན་འདས་གཟུགས་ཡོངས་སུ་རྟོགས་པར་འཚལ་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱིའོ་ཞེས་བྱ་བ་ནས། འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་ཉན་ཐོས་དང་།
རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་། སངས་རྒྱས་ཀྱི་ས་གང་དག་ལ་བསླབ་པར་བྱ་བའི་ཐེག་པ་གསུམ་པོ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་རྒྱ་ཆེར་བསྟན་ཏོ་ཞེས་བྱ་བའི་བར་དུ་ནི་བརྩོན་པའི་ཕན་ཡོན་བསྟན་པའོ། །དེའི་འོག་ཏུ་བཅོམ་ལྡན་

འདས་བདག་གིས་བྱང་ཆུབ་སེམས་དཔའ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་འཚལ་མ་དམིགས་ཏེ་ཡང་དག་པར་རྗེས་སུ་མ་མཐོང་ཞེས་བྱ་བ་ནས། རབ་འབྱོར་འདི་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྡིག་པའི་གྲོགས་
པོར་རིག་པར་བྱ་སྟེ་རིག་ནས་ཀྱང་ཡོངས་སུ་སྤང་བར་བྱའོ་ཞེས་བྱ་བའི་བར་དུ་ནི། བརྩོན་པའི་རབ་ཏུ་དབྱེ་བ་བསྟན་པའོ། །དེའི་འོག་ཏུ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བགྱི་ན། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་
ཞེས་བགྱི་བའི་ཚིག་གི་དོན་གང་ལགས་ཞེས་བྱ་བ་ནས། ལྷའི་དབང་པོས་ཞུས་པའི་བར་དུ་ནི་དྲི་བ་ཉི་ཤུ་རྩ་བརྒྱད་བརྩམས་ནས་གནས་བརྟན་གཉིས་ཀྱིས་དྲིས་པ་དང་། ལན་བཏབ་པའི་རིམ་པས་མདོར་བཤད་པ་འདིའི་ཚིག་གི་དོན་དང་མཚན་ཉིད་ཀྱིས་གཏན་ལ་དབབ་པ་
རྣམ་པ་གཉིས་སུ་བསྟན་ཏེ། དེ་ལྟར་རིམ་པ་འདིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབྲིང་དུ་བཤད་པ་ཡོངས་སུ་རྫོགས་པར་བྱས་སོ། །འབྲིང་དུ་བསྟན་པ་འདི་ཡང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལས་ཏེ་རྣམ་པར་མི་རྟོག་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་བཟུང་ནས་
དོན་དམ་པའི་བདེན་པའི་ཚུལ་དུ་བཤད་དོ། །དེའི་འོག་ཏུ་རྒྱས་པར་བཤད་པ་འདི་ནི་བྱང་ཆུབ་སེམས་དཔའི་ལམ་གྱི་རྣམ་པ་ཤེས་པ་ཉིད་ལས་བརྩམས་ཏེ་རྣམ་པར་རྟོག་པ་དང་བཅས་པ་དང་། རྣམ་པར་མི་རྟོག་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བཟུང་ནས་དྲང་དགོས་པ་རྣམས་
ཀྱི་དོན་དུ་ཀུན་རྫོབ་དང་། དོན་དམ་པའི་དབང་གིས་རྣམ་པ་གཉིས་སུ་རྒྱས་པར་བཤད་དོ། །དེའི་གོ་རིམས་ནི་འོག་ནས་དེ་ཉིད་ཀྱི་སྐབས་ནས་བསྟན་ཏོ། །དེ་ནས་རྣམ་གྲངས་བཅུ་གཅིག་ཅེས་བྱ་བ་ནི་དང་པོར་ཤཱ་རིའི་བུ་ལ་བཀའ་སྩལ་ཏེ་བཤད་པ་ནི་རྣམ་གྲངས་གཅིག་གོ། །
དེའི་འོག་ཏུ་གནས་བརྟན་རབ་འབྱོར་གྱིས་རྒྱས་པར་བཤད་པ་ནི་གཉིས་པའོ། །དེ་ནས་བརྒྱ་བྱིན་ལ་བཀའ་སྩལ་པ་དང་། དེ་ནས་གནས་བརྟན་རབ་འབྱོར་དང་། དེ་ནས་འཕགས་པ་བྱམས་པ་དང་། དེ་ནས་གནས་བརྟན་རབ་འབྱོར་དང་། དེ་ནས་བརྒྱ་བྱིན་དང་།

དེ་ནས་གནས་བརྟན་རབ་འབྱོར་དང་། དེ་ནས་བྱམས་པ་དང་། དེ་ནས་གནས་བརྟན་རབ་འབྱོར་ལ་བཀའ་སྩལ་ཏེ། རྟག་ཏུ་ངུ་དང་། ཆོས་འཕགས་ཀྱི་གཏམ་གྱིས་ཡང་གནས་བརྟན་ཀུན་དགའ་བོ་ལ་བཀའ་སྩལ་ནས་ཡོངས་སུ་གཏད་པ་སྟེ། འདི་དག་ནི་རྣམ་གྲངས་
བཅུ་གཅིག་གོ། །ད་ནི་མདོར་བསྟན་པ་འདིའི་ཚིག་གི་དོན་བསྟན་པར་བྱའོ། །ཤཱ་རིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མངོན་པར་རྫོགས་པར་བྱང་ཆུབ་པར་འདོད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པར་བྱའོ་
ཞེས་བྱ་བ་དེ་ལ་ཤཱ་རིའི་བུ་ཞེས་བྱ་བ་ནི་གནས་བརྟན་གྱི་མའི་མིང་ལས་དྲས་ཏེ་བོས་པའོ། །འདི་ལ་ཞེས་བྱ་བ་ནི་ཐེག་པ་ཆེན་པོ་བསྟན་པ་ལ་འམ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་པ་ལ་བྱ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐེག་པ་ཆེན་པོ་འདི་ལ་གནས་ཏེ་ཞེས་བྱ་
བའམ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་ཞེས་བྱ་བར་སྦྱར་རོ། །བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ལ། བྱང་ཆུབ་སེམས་དཔའ་ནི་རྣམ་པ་གཉིས་ཏེ། ཀུན་རྫོབ་ཀྱི་བྱང་ཆུབ་སེམས་དཔའ་དང་། དོན་དམ་པའི་བྱང་ཆུབ་སེམས་དཔའོ། །གང་གི་ཕྱིར་ཡང་དག་
པར་རྫོགས་པའི་བྱང་ཆུབ་དང་། སེམས་ཅན་ལ་དམིགས་ནས་སྐྱེས་པའི་སེམས་དང་པོ་ནི་བྱང་ཆུབ་དང་། སེམས་ཅན་ལ་དམིགས་པའི་ཕྱིར་བྱང་ཆུབ་སེམས་དཔའ་ཞེས་བྱའོ། །སེམས་དེ་གང་ལ་ཡོད་པ་དེ་ལ་ཡང་བྱང་ཆུབ་སེམས་དཔའ་ཞེས་བྱའོ། །ཨེ་མའོ་
བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་སེམས་ཅན་ཐམས་ཅད་ཤིན་ཏུ་མཐར་ཐུག་པའི་མྱ་ངན་ལས་འདས་པ་ལ་དགོད་པར་བྱའོ་སྙམ་དུ་བསམས་ཏེ། བྱང་ཆུབ་དང་སེམས་ཅན་ལ་དམིགས་ནས་ཀུན་རྫོབ་དང་དོན་དམ་པའི་བདེན་
པ་གཉིས་ལ་གནས་ཏེ་ཤེས་རབ་དང་སྙིང་རྗེ་གཉིས་ཀྱི་སེམས་རིན་པོ་ཆེ་བསྐྱེད་པ་དང་ལྡན་པའི་ཕྱིར་བྱང་ཆུབ་སེམས་དཔའ་ཞེས་བྱའོ། །རབ་ཏུ་དགའ་བ་ལ་སོགས་པ་སེམས་བསྐྱེད་པ་བཅུ་ལ་དོན་དམ་པའི་བྱང་ཆུབ་སེམས་དཔའ་ཞེས་བྱའོ། །སློབ་དཔོན་གཞན་དག་འཆད་པ་ནི་

སེམས་ཅན་ཐམས་ཅད་ནི་དེ་བཞིན་གཤེགས་པའི་སྙིང་པོ་ཡིན་ནོ་ཞེས་འབྱུང་བས་སེམས་ཅན་ཐམས་ཅད་ནི་དེ་བཞིན་ཉིད་ཀྱིས་རབ་ཏུ་ཕྱེ་བ་ཡིན་ནོ་དེ་བཞིན་ཉིད་དེ་ལ་ཡང་གནས་སྐབས་གསུམ་ཡོད་དེ། མ་དག་པའི་གནས་སྐབས་དང་། དག་པ་དང་མ་
དག་པའི་གནས་སྐབས་དང་། ཤིན་ཏུ་ཡོངས་སུ་དག་པའི་གནས་སྐབས་སོ། །དེ་ལ་མ་དག་པའི་གནས་སྐབས་ནི་སོ་སོའི་སྐྱེ་བོ་ཐམས་ཅད་ལ་བྱང་ཆུབ་ཀྱི་གནས་སྐབས་ནི་མེད་ཀྱི། སེམས་དཔའི་གནས་སྐབས་འབའ་ཞིག་ཏུ་ཟད་པས་ནི་དེ་བཞིན་ཉིད་དེ་ལ་སེམས་དཔའ་
ཞེས་བྱ་བའི་མིང་དུ་བརྗོད་དོ། །དག་པ་དང་མ་དག་པའི་གནས་སྐབས་ཀྱི་འཕགས་པ་རྣམས་ལ་ནི་བྱང་ཆུབ་པའི་གནས་སྐབས་དང་། སེམས་དཔའི་གནས་སྐབས་གཉིས་ཀ་ཡོད་དེ་དག་པ་དང་མ་དག་པའི་དེ་བཞིན་ཉིད་དེ་ལ་བྱང་ཆུབ་སེམས་དཔའ་ཞེས་བྱ་བའི་མིང་དུ་བརྗོད་
དོ། །ཡོངས་སུ་དག་པའི་གནས་སྐབས་ན་ནི་བྱང་ཆུབ་ཀྱི་གནས་སྐབས་འབའ་ཞིག་ཏུ་ཟད་པས། དེའི་ཚེ་དེ་བཞིན་གཤེགས་པ་ཞེས་བྱ་བའི་མིང་དུ་བརྗོད་དེ། ཇི་སྐད་དུ་རབ་འབྱོར་དེ་བཞིན་གཤེགས་པ་ཞེས་བྱ་བ་དེ་ནི་ཡང་དག་པ་དེ་བཞིན་ཉིད་ཀྱི་ཚིག་བླ་དྭགས་སོ་ཞེས་གསུངས་པ་ལྟ་
བུའོ། །སེམས་དཔའ་ཆེན་པོ་ཞེས་བྱ་བ་ནི་འབྲས་བུ་དང་མཐུན་པའི་རིགས་དང་། རིགས་དང་མཐུན་པའི་མོས་པ་དང་། མོས་པ་དང་མཐུན་པའི་བསམ་པ་དང་། བསམ་པ་དང་མཐུན་པའི་སྨོན་ལམ་དང་། སྨོན་ལམ་དང་མཐུན་པའི་སྤྱོད་པ་དང་། སྤྱོད་པ་དང་མཐུན་པའི་བརྩོན་
འགྲུས་དང་། བརྩོན་འགྲུས་དང་མཐུན་པའི་དུས་དང་། དུས་དང་མཐུན་པའི་ཚོགས་དང་། ཚོགས་དང་མཐུན་པའི་ཡང་དག་པར་འགྲུབ་པ་དང་། ཡང་དག་པར་འགྲུབ་པ་དང་མཐུན་པའི་འབྲས་བུ་དང་། འབྲས་བུ་དང་མཐུན་པའི་སེམས་ཅན་གྱི་དོན་དང་། ཆེན་པོ་རྣམ་པ་བཅུ་
གཅིག་ཡོད་པ་འདི་དག་དང་ལྡན་པའི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བྱའོ། །ཆོས་ཐམས་ཅད་ཅེས་བྱ་བ་འདིས་ནི་ཇི་སྙེད་ཡོད་པ་བསྟན་ཏོ། །རྣམ་པ་ཐམས་ཅད་དུ་ཞེས་བྱ་བ་འདིས་ཇི་ལྟ་བ་བཞིན་དུ་ཡོད་པ་བསྟན་ཏོ། །མངོན་པར་རྫོགས་པར་བྱང་ཆུབ་པར་

འདོད་པ་ཞེས་བྱ་བས་ནི་མངོན་པར་རྫོགས་པའི་བྱང་ཆུབ་ལ་སེམས་པ་བསྟན་ཏོ། །དེ་ལ་ཆོས་ཐམས་ཅད་ཅེས་བྱ་བ་ལ་ཆོས་ནི་རྣམ་པ་གཉིས་ཏེ། ཀུན་བརྟགས་པའི་ཆོས་རྣམས་དང་། ཡོངས་སུ་གྲུབ་པའི་ཆོས་རྣམས་སོ། །རྣམ་པ་ཐམས་ཅད་དུ་ཞེས་བྱ་བ་ལ་རྣམ་པ་གཉིས་ཏེ།
ཀུན་རྫོབ་ཀྱི་རྣམ་པ་དང་། དོན་དམ་པའི་རྣམ་པའོ། །མངོན་པར་རྫོགས་པར་བྱང་ཆུབ་པར་འདོད་པས་ཞེས་བྱ་བ་ལ་མངོན་པར་རྫོགས་པར་བྱང་ཆུབ་པ་ནི་རྣམ་པ་གཉིས་ཏེ། ཐམས་ཅད་ཤེས་པ་ཉིད་ཀྱི་ཡེ་ཤེས་དང་། རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་སོ། །དེ་ལ་
ཀུན་བརྟགས་པའི་ཆོས་འཇིག་རྟེན་གསུམ་དུ་གཏོགས་པ་དང་། དུས་གསུམ་དུ་གཏོགས་པ་རྣམས་ནི་འཇིག་རྟེན་པའི་ཀུན་རྫོབ་ཀྱི་རྣམ་པ་ཐམས་ཅད་ཤེས་པ་ཉིད་ཀྱི་ཡེ་ཤེས་ཀྱིས་མངོན་པར་རྫོགས་པར་བྱང་ཆུབ་པོ། །ཡོངས་སུ་གྲུབ་པའི་ཆོས་རྣམས་ནི་འཇིག་རྟེན་ལས་འདས་
པ་སྐྱེ་བ་མེད་པ་དང་། འགག་པ་མེད་པ་དང་། གཟོད་མ་ནས་ཞི་བ་དང་། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་དང་། དངོས་པོ་མེད་པའི་ངོ་བོ་ཉིད་དང་། སྟོང་པ་ཉིད་ལ་སོགས་པའི་རྣམ་པར་ཐར་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ཀྱིས་མངོན་
པར་རྫོགས་པར་བྱང་ཆུབ་པ་སྟེ། དེ་བས་ན་རྣམ་པ་ཐམས་ཅད་དུ་མངོན་པར་རྫོགས་པར་བྱང་ཆུབ་པར་འདོད་པས་ཞེས་བྱ་བ་གསུངས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཞེས་བྱ་བ་ནི་དེ་ལ་དོན་དམ་པར་སྨོན་ལམ་དང་། བརྩོན་འགྲུས་བརྩམས་པ་དང་། ཉོན་མོངས་པ་དང་།
ལས་དང་། སྡུག་བསྔལ་དང་། འཁོར་བ་དང་། རྣམ་པར་རྟོག་པ་དང་། ཡོན་ཏན་དང་། ཤེས་པར་བྱ་བ་དང་། རྣམ་པ་འདི་དགུའི་ཕ་རོལ་དུ་སོན་པའི་ཕྱིར་འཇིག་རྟེན་ལས་འདས་པའི་ཡེ་ཤེས་རྣམ་པར་མི་རྟོག་པའི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་བསྡུས་པ་ལ་ཤེས་རབ་ཀྱི་ཕ་
རོལ་ཏུ་ཕྱིན་པ་ཞེས་བྱའོ། །དེ་ནས་དེའི་རྗེས་ལ་ཐོབ་པ་རྣམ་པར་རྟོག་པ་དང་བཅས་པ་དང་། རྣམ་པར་མི་རྟོག་པའི་ཡེ་ཤེས་མེ་ལོང་ལྟ་བུ་དང་། མཉམ་པ་ཉིད་དང་། སོ་སོར་རྟོག་པ་དང་། བྱ་བ་སྒྲུབ་པའི་ཡེ་ཤེས་རྣམས་ཀྱང་དེའི་རྒྱུ་ལས་བྱུང་བའི་ཕྱིར་འབྲས་བུ་ལ་རྒྱུས་

བཏགས་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བར་བསྟན་ཏོ། །ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་མཐར་ཕྱིན་པའི་སས་བསྡུས་པ་དགྲ་བཅོམ་པའི་ལམ་གྱི་ཡེ་ཤེས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྒྱུ་མཐུན་པ་ཡིན་པས་ཤེས་རབ་ཀྱི་ཕ་རོལ་
ཏུ་ཕྱིན་པ་ཞེས་བྱ་བ་འཐོབ་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་མོས་པས་སྤྱོད་པའི་ས་ནས་ཉེ་བར་བཟུང་སྟེ། ས་བཅུ་ཆོས་ཀྱི་སྤྲིན་གྱི་བར་དུ་མཉན་པ་དང་བསམས་པ་དང་། བསྒོམས་པ་ལ་སོགས་པའི་རིམ་པས་མངོན་པར་འཕེལ་བ་ཆོས་ཀྱི་དབྱིངས་དྲི་མ་མེད་
པར་བྱེད་པའི་ཐབས་ཀྱིས་ཟིན་པ་ཀུན་ཏུ་འགྲོ་བའི་དོན་དང་། མཆོག་གི་དོན་ལ་སོགས་པར་དེ་བཞིན་ཉིད་ལ་འཇུག་པའི་ཁྱད་པར་མངོན་སུམ་དུ་བྱེད་པས་ས་དང་ས་དག་ལ་གནས་དག་པའི་ཡེ་ཤེས་ཇེ་ཆེ་ཇེ་ཆེར་གྱུར་པས་ལྷག་པར་རྟོག་པའི་ཁྱད་པར་ཐོབ་པར་བྱེད་པའི་ཡེ་ཤེས་
གང་ཡིན་པ་དེ་དག་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བའི་མིང་ཐོབ་པ་ཉིད་དུ་འགྱུར་རོ། །དེ་ཉིད་སྒྲུབ་པ་དང་། རྟོགས་པ་དང་། མཐར་ཕྱིན་པའི་སའི་ཏིང་ངེ་འཛིན་ལ་གནས་པའི་ཚིག་གི་དོན་མ་ལུས་པའི་ཁྱད་པར་རྟོགས་པར་བྱེད་པའི་རྒྱུ་ཡིན་པའི་ཕྱིར། མིང་གི་
ཚོགས་དང་། ཚིག་གི་ཚོགས་དང་། ཡི་གེའི་ཚོགས་སུ་གྱུར་པའི་ཆོས་བསྟན་པ་གང་ཡིན་པ་དེ་དག་ལ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བའི་མིང་ཉིད་དུ་བརྗོད་དོ། །དེ་ལྟར་ཇི་ཙམ་དུ་རྣམ་པ་དེ་དག་ཉིད་མངོན་པར་སྟོན་པ་ཐེག་པ་ཆེན་པོའི་ཚུལ་གང་ཡིན་པ་དེ་དག་
ཐམས་ཅད་ལ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ། །དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བར་བརྗོད་པ་དེ་དག་ལས་འདི་ནི་སངས་རྒྱས་ཀྱི་སས་བསྡུས་པའི་ཤེས་རབ་འཇིག་རྟེན་ལས་འདས་པ་རྣམ་པར་མི་རྟོག་པ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ། །
དེ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྩོན་པར་བྱའོ་ཞེས་བྱ་བ་ནི་རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་བ་ཤིན་ཏུ་ཡོངས་སུ་དག་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །ཁ་ཅིག་ན་རེ་འདིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་

བ་ནི་ཐེག་པ་ཆེན་པོ་ལ་བྱ་བས་ན། ཉན་ཐོས་ཀྱི་ཐེག་པ་དང་། རང་སངས་རྒྱས་ཀྱི་ཐེག་པ་སྤངས་ཏེ། ཐེག་པ་ཆེན་པོ་ལ་བརྩོན་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ་ཞེས་ཟེར་རོ། །ཁ་ཅིག་ན་རེ་དེ་ལ་གང་གི་ཚེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་རྣམ་པ་ཐམས་ཅད་མཁྱེན་
པ་ཉིད་ལ་བྱ་བར་གྱུར་པ་དེའི་ཚེ་ནི་དོན་དུ་ཞེས་བྱ་བར་རིག་པར་བྱ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་དུ་ཞེས་བྱ་བ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དོན་དུ་བརྩོན་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །གང་གི་ཚེ་རྣམ་པར་མི་རྟོག་པའི་ཤེས་རབ་བམ། ཐེག་པ་ཆེན་པོ་
ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བར་བརྗོད་པར་གྱུར་པ་དེའི་ཚེ་ནི་ལ་ཞེས་བྱ་བར་བརྗོད་པར་རིག་པར་བྱའོ་ཞེས་ཟེར་རོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པར་བྱའོ་ཞེས་བྱ་བ་ལ་བརྩོན་པ་རྣམ་པ་གསུམ་སྟེ། བསླབ་པ་ལ་བརྩོན་པ་དང་། སྤྱོད་པ་ལ་བརྩོན་པ་
དང་། ཡང་དག་པར་འགྲུབ་པ་ལ་བརྩོན་པའོ། །དེ་ལ་ཉན་པ་དང་། བསམ་པ་ལ་སོགས་པའི་དུས་ནི་བསླབ་པ་ལ་བརྩོན་པ་སྟེ། དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པར་བྱའོ་ཞེས་བྱ་བ་འོག་ནས་འཆད་པའོ། །སྒྲུབ་པའི་དུས་ན་ནི་སྤྱད་པ་ལ་བརྩོན་པར་བྱ་བ་སྟེ་
དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱའོ་ཞེས་འོག་ནས་འཆད་པའོ། །རབ་ཏུ་རྟོགས་པའི་དུས་ན་ནི་ཡང་དག་པར་འགྲུབ་པ་ལ་བརྩོན་པ་སྟེ། དེ་ཡང་བརྩོན་པར་བྱེད་པའོ་ཞེས་འོག་ནས་འཆད་པའོ། །བྱའོ་ཞེས་བྱ་བ་ནི་བྱ་བར་འོས་པ་སྟེ་བྱ་བར་རིགས་ཞེས་བྱ་བའི་
ཐ་ཚིག་གོ། །དེ་དག་གིས་ནི་གང་གིས་བྱ་བ་དང་། གང་ལ་བྱ་བ་དང་། གང་བྱ་བ་རྣམ་པ་དེ་གསུམ་བསྟན་པ་ཡིན་ཏེ། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་པ་རྣམས་ལ་ནི་ངེས་པ་མེད་པའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ཉིད་ཀྱིས་བྱ་སྟེ། དེ་ནི་བསྒྲུབ་པར་བྱ་བ་ཐམས་ཅད་ཀྱི་
རྩ་བ་ཡིན་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ལ་བྱ་སྟེ། རྒྱུན་དུ་ཆུད་པ་དང་། གུས་པ་དང་འགྲུས་པ་ལ་སོགས་པས་བརྩོན་པར་བྱའོ། །འདིར་འབྲས་བུ་ཕུན་སུམ་ཚོགས་པ་དང་། རྒྱུ་ཕུན་སུམ་ཚོགས་པ་དང་། སྦྱོར་བ་ཕུན་སུམ་ཚོགས་པ་སྟེ། ཆོས་ཐམས་ཅད་

རྣམ་པ་ཐམས་ཅད་དུ་མངོན་པར་རྫོགས་པར་བྱང་ཆུབ་པ་ཞེས་བྱ་བ་ནི་འབྲས་བུའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ནི་རྒྱུའོ། །བརྩོན་པར་བྱའོ་ཞེས་བྱ་བ་ནི་སྦྱོར་བའོ། །སུམ་བརྒྱ་པ་ལས་གནས་པར་བྱ་བ་དང་། བསྒྲུབ་པར་བྱ་བ་དང་།
སེམས་རབ་ཏུ་གཟུང་བར་བྱ་བ་ཇི་སྐད་དུ་བཤད་པ་དེ་བཞིན་དུ་འདིར་ཡང་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མངོན་པར་རྫོགས་པར་བྱང་ཆུབ་པར་འདོད་པས་ཞེས་བྱ་བ་ནི་བསམ་པ་ཕུན་སུམ་ཚོགས་པར་བསྟན་པས་གནས་བསྟན་པ་ཡིན་ནོ། །བརྩོན་པར་བྱའོ་ཞེས་བྱ་བས་ནི་
བསྒྲུབ་པ་བསྟན་པ་ཡིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཞེས་བྱ་བ་ནི་རྣམ་པར་མི་རྟོག་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བྱ་བའི་ཕྱིར་སེམས་རབ་ཏུ་བཟུང་བ་བསྟན་པ་ཡིན་ནོ། །དེ་ལྟར་མགོ་སྨོས་པས་གོ་བ་རྣམས་ཀྱི་དོན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མདོར་བཤད་པ་ཡོངས་
སུ་རྫོགས་པར་བྱས་ནས་བཅོམ་ལྡན་འདས་ཅང་མི་གསུང་བར་གྱུར་པ་དང་། དེའི་འོག་ཏུ་གནས་བརྟན་ཤཱ་རིའི་བུས་རྣམ་པར་སྤྲོས་ན་གོ་བ་རྣམས་ཀྱི་དོན་དུ་འབྲིང་དུ་བཤད་པའི་སྐབས་དབྱེ་བའི་ཕྱིར་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཐམས་ཅད་
རྣམ་པ་ཐམས་ཅད་དུ་མངོན་པར་རྫོགས་པར་བྱང་ཆུབ་པར་འཚལ་བས་ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པར་བགྱི་ཞེས་བྱ་བ་ནི་ཞུབ་བརྩམས་སོ། །དེས་ནི་ཆོས་རྣམ་པ་བཞིས་ཞུས་པ་ཡིན་ཏེ། ཇི་ལྟར་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མངོན་པར་རྫོགས་པར་བྱང་
ཆུབ་པར་འཚལ་ཞེས་བྱ་བ་དང་། ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བྱ་བ་དང་། ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་དང་། ཇི་ལྟར་བརྩོན་པར་བགྱི་ཞེས་བྱ་བ་རྣམས་ཏེ། དེ་བཞི་ཡང་འོག་ནས་སྐབས་ཇི་ལྟ་བ་བཞིན་དུ་སྟོན་ཏོ། །དེ་སྐད་
ཞུས་པ་དང་། བཅོམ་ལྡན་འདས་ཀྱིས་བཤད་པ་འདི་ལ་འོག་ནས་མདོ་དང་། རྒྱས་པར་བཤད་པ་རྣམ་པ་གཉིས་སུ་མཛད་དོ། །དེ་ལ་ཤཱ་རིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་གནས་པ་མེད་པའི་ཚུལ་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཏེ་

ཞེས་བྱ་བ་ནས་བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། དགའ་བ་ཆེན་པོ་དང་། བཏང་སྙོམས་ཆེན་པོ་བསྒོམ་པར་བྱའོ་ཞེས་བྱ་བ་ལ་ཐུག་གི་བར་དུ་མདོར་བཤད་པའི་སྒོ་ནས་ཆོས་ཐམས་ཅད་བསྡུས་ཏེ་བསྟན་པ་མཛད་དོ། །དེའི་འོག་ཏུ་ཆོས་དེ་དག་ཉིད་བཟུང་ནས་རྒྱས་པར་
བཤད་པ་མཛད་དོ། །ཤཱ་རིའི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་གནས་པ་མེད་པའི་ཚུལ་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཏེ་ཞེས་བྱ་བ་ལ་སོགས་པས་སྤྱོད་པ་རྣམ་པ་བཞི་སྟོན་ཏོ། །དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པར་བྱའོ་ཞེས་
བྱ་བ་འདིས་ནི་སྤྱོད་པ་བཞི་བསྟན་པ་ཡིན་ཏེ། རྣམ་པར་མི་རྟོག་པའི་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་དང་། ཉེ་བའི་ཉོན་མོངས་པ་མེད་པའི་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་སྤྱོད་པ་དང་། གནོད་པ་མེད་པར་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་སྤྱོད་པ་དང་། གོས་པ་མེད་པར་
སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་སྨིན་པར་བྱེད་པའི་སྤྱོད་པའོ། །དེ་ལ་ཐབས་མཁས་པས་ནི་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་འགྲུབ་པོ། །ཡོངས་སུ་འདྲིས་པའི་ཤེས་པས་ནི་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་སྤྱོད་པ་འགྲུབ་པོ། །སྙིང་རྗེས་ནི་སེམས་ཅན་ཡོངས་སུ་
སྨིན་པར་བྱེད་པའི་སྤྱོད་པ་འགྲུབ་པོ། །ཤེས་རབ་ཀྱིས་ནི་སངས་རྒྱས་ཀྱི་ཆོས་ཡོངས་སུ་སྨིན་པར་བྱེད་པའི་སྤྱོད་པ་འགྲུབ་པོ། །དེ་ལ་གནས་པ་མེད་པའི་ཚུལ་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཏེ་ཞེས་བྱ་བ་ལ་སོགས་པས་ནི་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་བསྟན་ཏོ། །
ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཏེ་དྲན་པ་ཉེ་བར་གཞག་པ་བཞིས་ཡོངས་སུ་རྫོགས་པར་བྱའོ་ཞེས་བྱ་བ་ལ་སོགས་པ་ནས་སྨོན་པ་མེད་པའི་ཏིང་ངེ་འཛིན་ཡོངས་སུ་རྫོགས་པར་བྱའོ་ཞེས་བྱ་བ་ལ་ཐུག་གི་བར་དུ་
ནི་ཉོན་མོངས་པ་མེད་པའི་བྱང་ཆུབ་ཀྱི་ཕྱོགས་ཀྱི་སྤྱོད་པ་བསྟན་ཏོ། །བསམ་གཏན་བཞི་དང་ཞེས་བྱ་བ་ནས་སེམས་ཅན་གྱི་གནས་དགུ་དང་ཞེས་བྱ་བ་ལ་ཐུག་པའི་བར་གྱིས་ནི་གནོད་པ་མེད་པར་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པའི་སྤྱོད་པ་བསྟན་ཏོ། །དེ་བཞིན་གཤེགས་

པའི་སྟོབས་བཅུ་དང་ཞེས་བྱ་བ་ལ་སོགས་པ་ནས། བཏང་སྙོམས་ཆེན་པོ་ཡོངས་སུ་རྫོགས་པར་བྱའོ་ཞེས་བྱ་བ་ལ་ཐུག་གི་བར་དུ་ནི་གོས་པ་མེད་པར་སངས་རྒྱས་ཀྱི་ཆོས་ཡོངས་སུ་སྨིན་པར་བྱ་བའི་སྤྱོད་པ་བསྟན་ཏོ། །དེ་ལ་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་
ནི་གནས་པ་མེད་པའི་ཚུལ་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཏེ་ཞེས་བྱ་བ་ལ་སོགས་པས་སྟོན་ཏེ། ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་ནི་གནས་པ་དང་། བསྒྲུབ་པ་དང་། འཁོར་གསུམ་དག་པ་དང་། རྣམ་པ་གསུམ་གྱིས་བསྟན་ཏེ། སུམ་བརྒྱ་པ་ལས་གནས་
པར་བྱ་བ་དང་བསྒྲུབ་པར་བྱ་བ་དང་། སེམས་རབ་ཏུ་གཟུང་བར་བྱ་བ་བསྟན་པ་ལྟ་བུའོ། །དེ་ལས་གཞན་པའི་འབྲས་བུའི་ཁྱད་པར་འདོད་པ་ཡོངས་སུ་བཏང་སྟེ། སྙིང་རྗེའི་དབང་གིས་སེམས་ཅན་ཐམས་ཅད་ལ་ཕན་པ་དང་། བདེ་བ་བསྒྲུབ་པར་བྱ་བའི་བསམ་པ་
དང་། ཤེས་རབ་ཀྱི་དབང་གིས་ཁམས་གསུམ་པའམ། ཆོས་ཐམས་ཅད་ཀྱང་རུང་སྟེ་གང་ལ་ཡང་མི་གནས་པ་ནི་འདིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་ཞེས་བྱའོ། །དེ་བས་ན་གནས་པ་མེད་པའི་ཚུལ་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཏེ་ཞེས་བྱ་བ་
གསུངས་ཏེ། མི་གནས་པའི་རིགས་པས་ཞེས་བྱ་བའི་ཐ་ཚིག་གོ། །ཐམས་ཅད་ལ་གནས་པ་མེད་པ་གང་ཡིན་པ་དེ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་ཉིད་ཡིན་ནོ་ཞེས་དགོངས་པའོ། །འདིར་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ནི་རྣམ་པ་ཐམས་
ཅད་མཁྱེན་པ་ཉིད་དམ། རྣམ་པར་མི་རྟོག་པའི་ཤེས་རབ་བམ། ཐེག་པ་ཆེན་པོ་ཡིན་པར་བསྟན་ཏོ། །བྱང་ཆུབ་ཀྱི་ལམ་དང་མཐུན་པར་ཡང་དག་པར་སྤྱོད་པ་ནི་སྒྲུབ་པ་སྟེ། དེ་བས་ན་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱའོ་ཞེས་གསུངས་སོ། །དོན་དམ་
པར་ཆོས་རྣམས་ལ་ཡོངས་སུ་བཙལ་ན་འཁོར་གསུམ་ཡོངས་སུ་དག་པ་ཡིན་ཏེ། དེ་བས་ན་སྦྱིན་པར་བྱ་བ་དང་། གཏོང་བ་པོ་དང་། ལེན་པ་པོ་མི་དམིགས་པའི་ཕྱིར་ཡོངས་སུ་གཏོང་བ་མེད་པའི་ཚུལ་གྱིས་ཞེས་བྱ་བ་གསུངས་སོ། །བྱང་ཆུབ་སེམས་དཔའ་ནི་སྙིང་རྗེས་

བསྐྱོད་པས་སེམས་ཅན་ཐམས་ཅད་ལ་ཅི་འདོད་པ་དེ་ཐམས་ཅད་སྦྱིན་པར་བྱེད་ཀྱང་དེའི་ཚེ་ནི་སྦྱིན་པ་ཞེས་བརྗོད་པར་ཟད་ཀྱི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་མ་ཡིན་ནོ། །གང་གི་ཚེ་སྦྱིན་པར་བྱེད་པའམ་སྦྱིན་པ་བྱིན་པའི་འོག་ཏུ་ཡོངས་སུ་བཙལ་བ་བཞིས་ཡོངས་སུ་བཙལ་ཅིང་ཡང་དག་པ་ཇི་ལྟ་
བ་བཞིན་ཡོངས་སུ་ཤེས་པར་བྱེད་པ་བཞིས་ཡོངས་སུ་ཤེས་པར་བྱས་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་སྦྱོར་བར་བྱེད་པ་དེའི་ཚེ་ན། དེ་ལེགས་པར་སྦྱངས་པས་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བའི་མིང་ཐོབ་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་ནི་དང་པོར་སྙིང་རྗེས་ལས་
ཐམས་ཅད་བྱས་ནས། ཕྱིས་ཤེས་རབ་ཀྱིས་ཡོངས་སུ་སྦྱོང་ངོ་། །དེ་བས་ན་སྙིང་རྗེས་ནི་སྒྲུབ་པར་བྱེད་དོ། །ཤེས་རབ་ཀྱིས་ནི་དག་པར་བྱེད་དོ། །སྙིང་རྗེས་ནི་བསམ་པ་དག་པར་བྱེད་དོ། །ཤེས་རབ་ཀྱིས་ནི་སྦྱོར་བ་དག་པར་བྱེད་དོ། །སྙིང་རྗེས་ནི་ཀུན་རྫོབ་ལ་གནས་ནས་
སྒྲུབ་པར་བྱེད་དོ། །ཤེས་རབ་ཀྱིས་ནི་དོན་དམ་པ་ལ་གནས་ཏེ་སྦྱོར་བར་བྱེད་དོ། །སྙིང་རྗེས་ནི་ལས་ཐམས་ཅད་སེམས་ཅན་གྱི་དོན་དུ་བྱས་པའི་ཕྱིར་བསོད་ནམས་ཀྱི་ཚོགས་སུ་བགྲང་ངོ་། །ཤེས་རབ་ཀྱིས་ནི་བྱང་ཆུབ་ཀྱི་དོན་གྱི་ཕྱིར་ཡེ་ཤེས་ཀྱི་ཚོགས་སུ་བགྲང་ངོ་། །དེ་བས་
ན་ཡོངས་སུ་གཏོང་བ་མེད་པའི་ཚུལ་གྱིས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱའོ་ཞེས་གསུངས་སོ། །འདི་ལ་བྱང་ཆུབ་སེམས་དཔའ་རྣམས་ས་དང་པོ་ལ་དེ་བཞིན་ཉིད་རྟོགས་པ་ནས་བཟུང་སྟེ། སྦྱོར་བ་ཐམས་ཅད་ལ་དོན་དམ་པར་བཙལ་ན་མངོན་སུམ་དུ་མཐོང་
བས་དེ་བཞིན་ཉིད་དུ་གནས་པར་འགྱུར་གྱི་གཞན་དུ་ནི་མ་ཡིན་ནོ། །དེ་བཞིན་ཉིད་དེ་ཡང་སྦྱིན་པ་བྱེད་པའི་ཚེ་ནི་སུས་ཀྱང་སྦྱིན་པའམ་བླང་བར་མི་ནུས་ཏེ། དེ་བས་ན་དོན་དམ་པར་ཡོངས་སུ་གཏོང་བ་ཞེས་བྱ་བ་གང་ཡང་མེད་དོ། །བཟའ་བ་དང་བཏུང་བ་དང་མལ་ཆ་ལ་
སོགས་པ་ཡོངས་སུ་གཏོང་བ་གང་ཡིན་པ་དེ་དག་ནི་ཀུན་བརྟག་པའི་ཆོས་ལ་གནས་པའི་ཕྱིར་རྨི་ལམ་དང་སྒྱུ་མ་བཞིན་དུ་ཡོད་པ་མ་ཡིན་ནོ། །དེ་ལྟར་དོན་དམ་པར་ཡོངས་སུ་གཏོང་བའི་མཚན་ཉིད་དང་བྲལ་བ་ཉིད་ལ་ཡོངས་སུ་གཏོང་བ་མེད་པའི་ཚུལ་ཞེས་བྱའོ། །ཡོངས་

སུ་གཏོང་བ་མེད་པའི་ཚུལ་དེས་དངོས་པོ་ལ་སྦྱིན་པར་བྱ་བ་དང་། བདག་ལ་གཏོང་བ་པོ་དང་། སློང་བ་ལ་ལེན་པར་བྱེད་པ་དང་གསུམ་མི་དམིགས་ཏེ། དམིགས་པའི་ངོ་བོ་ཉིད་དང་བྲལ་བ་ཉིད་དོ། །ཕྱིར་ཞེས་བྱ་བ་ནི་བརྟེན་ཅིང་བཟུང་ནས་སྦྱིན་པའི་ཕ་རོལ་
ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱ་བའོ། །དང་པོར་ནི་སྙིང་རྗེའི་སྟོབས་ཀྱིས་ཀུན་རྫོབ་ཀྱི་ཚུལ་ལ་གནས་ཏེ་འཇིག་རྟེན་པའི་སྤྱོད་པའི་དབང་གིས་སྦྱིན་པ་བྱེད་དོ། །དེ་ནས་ཤེས་རབ་ཀྱི་དབང་གིས་དོན་དམ་པའི་ཚུལ་ལ་གནས་ཏེ་འཇིག་རྟེན་ལས་འདས་པའི་སྤྱོད་པའི་དབང་གིས་
ཐམས་ཅད་ཀྱང་ཤེས་རབ་ཀྱིས་ཡོངས་སུ་བཙལ་ན་དམིགས་སུ་མེད་པར་གྱུར་པ་དེའི་ཚེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པ་ཞེས་བྱ་བའི་མིང་དུ་འགྱུར་རོ། །དེ་བས་ན་དང་པོ་སེམས་བསྐྱེད་པའི་དམིགས་པར་གྱུར་པ་སེམས་ཅན་དང་། བྱང་ཆུབ་གཉིས་ཡོངས་སུ་མ་
བཏང་བར་གྱུར་ཏེ། དེའི་ཕྱིར་བྱང་ཆུབ་སེམས་དཔའི་མིང་ཡང་དག་པའི་དོན་དང་ལྡན་པར་འགྱུར་རོ། །དེ་ལྟར་ན་སྦྱིན་པར་བྱ་བ་དང་། གཏོང་བ་པོ་དང་། ལེན་པ་པོ་རྣམས་མི་དམིགས་པ་དང་། སྦྱིན་པ་དག་ཤིན་ཏུ་འགལ་བ་ཡིན་ན་ཇི་ལྟར་ན་འགལ་བ་མེད་པ་ལྟ་བུར་འགྱུར་
ཞེ་ན། ཐབས་མཁས་པའི་ཕ་རོལ་ཏུ་ཕྱིན་པའི་སྟོབས་ཀྱིས་འགྱུར་ཏེ། ཐབས་མཁས་པའི་ཕ་རོལ་ཏུ་ཕྱིན་པ་ནི་ཀུན་རྫོབ་འཛིན་པའི་སྙིང་རྗེ་དང་། དོན་དམ་པ་འཛིན་པའི་ཤེས་རབ་གཉིས་ཀྱིས་སྐམ་ལ་རྒྱུ་བ་དང་། ཆུ་ན་རྒྱུ་བའི་སྲོག་ཆགས་ཀྱི་སྦྱོར་བ་བཞིན་དུ་སྦྱོར་བའི་ཁྱད་
པར་ཤིན་ཏུ་འགལ་བ་ཡིན་དུ་ཟིན་ཀྱང་སྦྱོར་བའི་རྣམ་པས་འགལ་བ་མེད་པར་གྲོགས་བྱས་ནས་ཅིག་ཅར་སྒྲུབ་ཅིང་འཇུག་སྟེ། བྱང་ཆུབ་ཀྱི་བར་དུ་བསོད་ནམས་ཀྱི་ཚོགས་དང་། ཡེ་ཤེས་ཀྱི་ཚོགས་ཐམས་ཅད་སྒྲུབ་པ་ནི་བྱང་ཆུབ་དང་སེམས་ཅན་རྣམས་ལ་ཕན་འདོགས་པའི་
མཆོག་ཡིན་ནོ་ཞེས་བསྟན་ཏོ། །འོག་ནས་ཀྱང་སྐབས་ཇི་ལྟ་བ་དེ་བཞིན་དུ་དེ་དག་འཆད་དོ། །ལྟུང་བ་མི་འབྱུང་བ་དང་། ལྷག་པར་ལྟུང་བ་མི་འབྱུང་བའི་ཕྱིར་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱའོ་ཞེས་བྱ་བ་ལ་བྱང་ཆུབ་སེམས་དཔའ་ཁྱིམ་པ་ནི་བྱང་

ཆུབ་སེམས་དཔའི་སྡོམ་པའི་བསླབ་པ་ཡང་དག་པར་བླངས་ཏེ་གནས། རབ་ཏུ་བྱུང་བ་ནི་སྡོམ་པའི་བསླབ་པ་གཉིས་ཀ་ཡང་དག་པར་བླངས་ཏེ་གནས་པ་ན་ལྟུང་བ་འབྱུང་བར་མི་འགྱུར་རོ། །གལ་ཏེ་ལྟུང་བ་བྱུང་ན་ཡང་དུས་ལས་ཡོལ་བར་ལྷག་པར་ལྟུང་བ་མི་འབྱུང་གི་མྱུར་
ཞིང་མྱུར་དུ་མཐོལ་བར་བྱེད་དེ། དེ་བས་ན་ལྟུང་བ་མི་འབྱུང་བ་དང་། ལྷག་པར་ལྟུང་བ་མི་འབྱུང་བའི་ཕྱིར་ཞེས་བྱ་བ་གསུངས་སོ། །འདིར་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཏེ་ཞེས་བྱ་བར་སྙེགས་ཏེ། བདག་ནི་ཚུལ་ཁྲིམས་དང་ལྡན་པའོ། །འདི་ནི་ཚུལ་ཁྲིམས་
སོ། །འདི་ནི་འཆལ་བའི་ཚུལ་ཁྲིམས་སོ་ཞེས་བྱ་བའི་རྣམ་པར་རྟོག་པ་གསུམ་མི་དམིགས་པས་འཁོར་གསུམ་ཡོངས་སུ་དག་པར་རིག་པར་བྱ་སྟེ། འདི་ལྟར་འོག་ནས་ཀྱང་བདག་ནི་ཚུལ་ཁྲིམས་དང་ལྡན་པའོ། །འདི་ནི་ཚུལ་ཁྲིམས་སོ། །འདི་ནི་འཆལ་བའི་ཚུལ་
ཁྲིམས་སོ་ཞེས་བྱ་བས་རློམ་སེམས་སུ་མི་བྱེད་དོ་ཞེས་འབྱུང་ངོ་། །འཁྲུག་པ་མེད་པའི་ཕྱིར་ཞེས་བྱ་བ་ནི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཉིད་བསྟན་ཏེ། དེ་ཡང་སྙིང་རྗེའི་དབང་གིས་སེམས་ཅན་ལ་འཁྲུག་པ་མེད་པ་དང་། ཤེས་རབ་ཀྱི་དབང་གིས་འདུ་བྱེད་རྣམས་ལ་
བདག་མེད་པར་རྟོགས་པའི་ཕྱིར་རོ། །འདིར་ཡང་བཟོད་པ་དང་། བཟོད་པར་བྱ་བ་དང་། གནོད་སེམས་རྣམས་མི་དམིགས་པས་འཁོར་གསུམ་ཡོངས་སུ་དག་པ་ནི་འོག་ནས་སྐབས་ཇི་ལྟ་བ་ཉིད་དུ་འཆད་དོ། །ལུས་དང་སེམས་ཀྱི་བརྩོན་འགྲུས་ཉམས་པ་མེད་པའི་ཕྱིར་ཞེས་བྱ་
བ་འདིས་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་འཇུག་པ་བསྟན་ཏེ། རྒྱུན་དུ་ཆུད་པ་དང་གུས་པ་དང་ནན་ཏན་དུ་ལུས་དང་སེམས་ཀྱི་བརྩོན་འགྲུས་ཉམས་པར་མི་བྱེད་པར་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །མ་བཏང་བ་དེ་ཡང་ཤེས་
རབ་དང་། སྙིང་རྗེ་ཉིད་ཀྱི་འགྱུར་བ་ཉིད་དོ། །འདིར་ཡང་བརྩོན་འགྲུས་དང་ལྡན་པ་དང་། བརྩོན་འགྲུས་དང་ལེ་ལོ་རྣམས་མི་དམིགས་པས་ཕ་རོལ་ཏུ་ཕྱིན་པ་ཉིད་དུ་འགྲུབ་པོ། །རོ་མྱང་བ་མེད་པའི་ཕྱིར་ཞེས་བྱ་བ་ནི་གལ་ཏེ་བདག་གི་དོན་དུ་བསམ་གཏན་ལ་འཇུག་ན་ནི་བསམ་

གཏན་གྱི་རོ་མྱོང་བར་བྱེད་པར་འགྱུར་ན་འདི་ལྟར་ཡང་བྱང་ཆུབ་སེམས་དཔའ་ནི་བདག་གི་དོན་འབའ་ཞིག་ལ་སྦྱོར་བ་ཐམས་ཅད་ལ་སྡིག་པ་བཞིན་དུ་རྣམ་པར་སྨོད་པར་བྱེད་ན། དེ་ལ་བསམ་གཏན་གྱི་རོ་མྱང་བའི་ཡིད་ལ་བྱེད་པ་ལྟ་ག་ལ་ཡོད། དེ་བས་
ན་ཉོན་མོངས་པ་ཅན་དང་། དག་པ་དང་ཟག་པ་མེད་པའི་བསམ་གཏན་གསུམ་ལས་དག་པ་དང་། ཟག་པ་མེད་པ་ཉིད་ལ་སྙོམས་པར་འཇུག་གི་ཉོན་མོངས་པ་ཅན་ལ་མི་འཇུག་གོ་ཞེས་བྱ་བའི་ཐ་ཚིག་གོ། །འདིར་ཡང་ཏིང་ངེ་འཛིན་དང་ལྡན་པ་དང་། ཏིང་ངེ་འཛིན་དང་གཡེང་
པ་རྣམས་མི་དམིགས་པས་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་འགྱུར་རོ། །ཆོས་ཐམས་ཅད་མི་དམིགས་པའི་ཕྱིར་ཞེས་བྱ་བ་ནི་གང་གི་ཕྱིར་དེ་བཞིན་ཉིད་ཙམ་དུ་མཐོང་བས་ནི་འཇིག་རྟེན་པའི་ཀུན་བརྟགས་པའི་ཆོས་ཐམས་ཅད་མི་དམིགས་ལ། འཇིག་རྟེན་ལས་འདས་པ་
རྣམས་ལ་ཡང་རྣམ་པར་མི་རྟོག་སྟེ། དེ་བས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པ་ཞེས་བྱ་བར་འགྱུར་རོ། །ཇི་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཏེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱེད་ཅེ་ན། གང་གི་ཚེ་ཤེས་རབ་ཀྱི་ཕ་རོལ་
ཏུ་ཕྱིན་པ་ཞེས་བྱ་བ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་། ཐེག་པ་ཆེན་པོ་ལ་བྱ་བ་དེའི་ཚེ་ན་ནི་ཀླན་ཀར་འགྱུར་བ་མེད་དོ། །གང་གི་ཚེ་རྣམ་པར་མི་རྟོག་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བྱ་བར་གྱུར་པ་དེའི་ཚེ་ཡང་དོན་དམ་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཆོས་གང་ཡང་མེད་དོ་
སྙམ་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་རྟོག་པ་མེད་པའི་བདག་ཉིད་རྣམ་པར་མི་རྟོག་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་ཡིན་ཏེ། དེའི་ཚེ་ནི་ཁམས་གསུམ་པ་ལ་སོགས་པ་དེ་བཞིན་ཉིད་ཙམ་དུ་ཟད་དོ་སྙམ་དུ་ཀུན་རྫོབ་ཀྱི་རྣམ་པར་སྐྱེས་པའི་ཤེས་རབ་སྦྱོར་བའི་
ལམ་དུ་རྟོགས་པ་ནི་རྣམ་པར་རྟོག་པའི་བདག་ཉིད་ཡིན་ཡང་རྣམ་པར་མི་རྟོག་པའི་ཤེས་རབ་ཀྱིས་ཡོངས་སུ་ཟིན་པའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བར་འགྱུར་ཏེ། དེ་བས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཏེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པར་དགོངས་པས་ཀླན་ཀར་འགྱུར་བ་མེད་དོ། །འདིར་

ཡང་ཤེས་རབ་ཅན་དང་། ཤེས་རབ་དང་། འཆལ་བའི་ཤེས་རབ་རྣམས་མི་དམིགས་པས་འཁོར་གསུམ་ཡོངས་སུ་དག་པ་ཡིན་པར་རིག་པར་བྱའོ། །དེའི་འོག་ཏུ་ཤཱ་རིའི་བུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཏེ་དྲན་པ་ཉེ་བར་གཞག་པ་བཞི་ཡོངས་སུ་རྫོགས་པར་བྱའོ་ཞེས་བྱ་
བ་ལ་སོགས་པས་བྱང་ཆུབ་ཀྱི་ཕྱོགས་ཀྱི་སྤྱོད་པ་སྟོན་ཏོ། །བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་བསྒོམ་པ་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་པ་མྱ་ངན་ལས་འདས་པ་ལ་གཞོལ་བར་བྱེད་པ་རྣམས་ཉིད་ལ་རིགས་ཀྱི། བྱང་ཆུབ་སེམས་དཔའ་རྣམས་ལ་མི་རིགས་སོ་ཞེ་ན་ཡང་
འདི་ལ་ཉེས་པ་མེད་དེ། བྱང་ཆུབ་སེམས་དཔའ་རྣམས་ནི་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་རྟོགས་པར་བཞེད་པ་དང་། ཆོས་ཐམས་ཅད་མི་དམིགས་པར་ལྷུར་ལེན་པས་ཅི་བྱང་ཆུབ་ཀྱི་ཆོས་རྣམས་དོན་དམ་པར་ཡོད་དམ། འོན་ཏེ་མེད་ཅེས་དེ་དག་ལ་ཡོངས་སུ་ཚོལ་བས་
རིགས་སོ། །འོ་ན་དེ་ལྟར་གྱུར་ན་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་བསྒོམས་པའི་རྒྱུར་མྱ་ངན་ལས་འདས་པ་མངོན་སུམ་དུ་མཛད་པར་འགྱུར་ཏེ། དེའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་རྒྱུན་དུ་ཞུགས་པ་ནས་དགྲ་བཅོམ་པ་ཉིད་ཀྱི་བར་དུ་ཐོབ་པར་འགྱུར་རོ་ཞེ་ན།
ཡང་སྔོན་གྱི་རྩོལ་བའི་ཤུགས་ཀྱི་མཐུ་ཉིད་ཀྱིས་དེ་འགྲུབ་པར་འདི་ལ་ཉེས་པ་མེད་དེ། ཡང་གང་དག་འཁོར་བ་ལ་ཉེས་དམིགས་སུ་མཐོང་ནས་ཡིད་བྱུང་བ་དང་། མྱ་ངན་ལས་འདས་པ་ལ་ཡོན་ཏན་དུ་མཐོང་ནས་དེ་ཉིད་དོན་དུ་གཉེར་ཅིང་སྒྲུབ་པ་དེ་དག་ནི་སྔོན་གྱི་རྩོལ་བའི་ཤུགས་
ཀྱིས་དྲན་པ་ཉེ་བར་གཞག་པ་རྣམས་བསྒོམས་པའི་རྒྱུས་འབད་མི་དགོས་པར་མྱ་ངན་ལས་འདས་པ་མངོན་སུམ་དུ་བྱེད་པར་འགྱུར་གྱི། བྱང་ཆུབ་སེམས་དཔའ་གང་དག་འཁོར་བ་དང་མྱ་ངན་ལས་འདས་པ་ལ་སེམས་མཉམ་པ་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བ་
བསྐྱེད་པ་ལྷུར་ལེན་པ་དག་ནི་སེམས་ཅན་ལ་ཕན་པའི་རྒྱུ་ཡིན་པའི་ཕྱིར་འཁོར་བ་ལ་ཡང་མྱ་ངན་ལས་འདས་པ་བཞིན་དུ་ཡོན་ཏན་དུ་གཟིགས་ལ་སེམས་ཅན་ལ་ཕན་འདོགས་པའི་གནས་པ་མ་ཡིན་པའི་ཕྱིར་མྱ་ངན་ལས་འདས་པ་ལ་ཡང་འཁོར་བ་བཞིན་དུ་མི་མཐུན་པར་གཟིགས་པ་དང་།

ཆོས་ཉིད་ཙམ་དུ་ཟད་པའི་ཕྱིར་དེ་གཉི་ག་ཡང་མཉམ་པ་ཉིད་དུ་གཟིགས་པས་དམིགས་སུ་མེད་པའི་ངོ་བོ་ཉིད་དུ་སོ་སོར་རྟོག་པའི་ཕྱིར་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་བསྒོམས་ཏེ། དེ་དག་ནི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་མངོན་སུམ་དུ་མཛད་པ་ཁོ་
ན་ཙམ་དུ་ཟད་ཀྱི་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་སོགས་པའམ། མྱ་ངན་ལས་འདས་པ་ལ་མངོན་སུམ་དུ་མཛད་པའི་ཕྱིར་ཉེ་བར་མཛད་པ་མ་ཡིན་ཏེ། དེ་ཉིད་ལ་ཡོངས་སུ་འདྲིས་པའི་ཤེས་པ་ཞེས་བྱའོ། །འདི་ལྟར་འོག་ནས་ཀྱང་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ལ་གནས་ནས་
འདི་ནི་ཡོངས་སུ་འདྲིས་པར་བྱ་བའི་དུས་ཡིན་གྱི་མངོན་སུམ་དུ་བྱ་བའི་དུས་ནི་མ་ཡིན་པར་ཤེས་སོ་ཞེས་བྱ་བ་ལ་སོགས་པ་ཡོངས་སུ་འདྲིས་པའི་ཤེས་པ་བསྟན་པ་ལས་འཆད་དོ། །དྲན་པ་ཉེ་བར་གཞག་པ་བཞི་ཞེས་བྱ་བ་ནི་དེ་ལ་ལུས་དང་། ཚོར་བ་དང་། སེམས་དང་ཆོས་རྣམས་
དང་། རྣམ་པ་བཞི་རྣམས་ལ་རྗེས་སུ་ལྟ་བ་རྣམ་པ་བཞི་ལ་དྲན་པ་ཉེ་བར་གཞག་པ་བཞི་ཞེས་བྱ་སྟེ། སྔར་ཡོངས་སུ་ཤེས་པར་མཛད་ནས་དེའི་འོག་ཏུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཚོལ་བ་ན། ལུས་དང་། ཚོར་བ་དང་། སེམས་དང་ཆོས་རྣམས་དང་། དེ་དག་ལ་དམིགས་
པའི་དྲན་པ་དང་། ཤེས་རབ་གཉིས་དང་། དེ་དང་མཚུངས་པར་ལྡན་པའི་སེམས་ལས་བྱུང་བའི་ཆོས་རྣམས་ཀུན་བརྟགས་པའི་མཚན་ཉིད་དུ་ཐུགས་སུ་ཆུད་པས་ཡང་དག་པའི་དོན་མ་ཡིན་པར་ཡོངས་སུ་ཤེས་པར་མཛད་དེ། དོན་དམ་པ་བརྗོད་དུ་མེད་པ་ནི་དྲན་པ་དང་། ཤེས་རབ་
གཉིས་ཀྱི་སྤྱོད་ཡུལ་མ་ཡིན་པས་དྲན་པ་ཉེ་བར་གཞག་པའི་མཚན་ཉིད་ནི་དོན་དམ་པར་ཡོད་པ་མ་ཡིན་པར་རྟོགས་པ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཏེ་དྲན་པ་ཉེ་བར་གཞག་པ་རྣམས་ཡོངས་སུ་རྫོགས་པར་མཛད་ཅེས་བྱའོ། །དེ་བས་ན་འབུམ་པ་ལས་ཀྱང་དྲན་པ་ཉེ་བར་
གཞག་པ་རྣམས་དམིགས་སུ་མེད་པའི་ཕྱིར་ཞེས་བྱ་བ་གསུངས་སོ། །བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་བསྒོམ་པ་འདི་ཡང་འོག་ནས་ཐེག་པ་ཆེན་པོ་བསྟན་པ་ལས་རྒྱས་པར་སྟོན་ཏོ། །དེ་བཞིན་དུ་ཡང་དག་པའི་སྤོང་བ་རྣམས་ལ་ཡང་སྦྱར་བར་བྱ་སྟེ། ཡང་དག་པའི་སྤོང་བ་ལ་སོགས་

པའི་མཚན་ཉིད་ཀུན་རྫོབ་ཙམ་དུ་ཟད་ཀྱི། དོན་དམ་པར་ཡང་དག་པའི་སྤོང་བ་ལ་སོགས་པའི་མཚན་ཉིད་དངོས་པོ་མེད་པའི་ངོ་བོ་ཉིད་ཡིན་པས་ཡང་དག་པའི་སྤོང་བ་ལ་སོགས་པ་དམིགས་སུ་མེད་པའི་ངོ་བོ་ཉིད་དུ་ཡོངས་སུ་མཁྱེན་པ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཏེ། བྱང་
ཆུབ་ཀྱི་ཕྱོགས་རྣམས་ཡོངས་སུ་རྫོགས་པར་མཛད་དོ་ཞེས་བཤད་དོ། །སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་བསྒོམ་པར་བྱའོ་ཞེས་བྱ་བ་ལ་རྣམ་པར་ཐར་པའི་སྒོ་གསུམ་ནི་མྱ་ངན་ལས་འདས་པ་ཐོག་པར་བྱེད་པ་ཡིན་པའི་ཕྱིར། བྱང་ཆུབ་ཀྱི་ཕྱོགས་བསྒོམ་པ་དང་མཐུན་པས་ན་བྱང་ཆུབ་ཀྱི་
ཕྱོགས་ཉིད་ཀྱི་ནང་དུ་བགྲང་ངོ་། །འདི་ནི་བྱང་ཆུབ་སེམས་དཔའི་སྐབས་སུ་གཏོགས་པས་ཏིང་ངེ་འཛིན་གསུམ་ཞེས་བརྗོད་དོ། །དེ་ལ་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ཞེས་བྱ་བ་ནི་ཡོངས་སུ་གྲུབ་པའི་མཚན་ཉིད་ཀུན་བརྟགས་པའི་མཚན་ཉིད་ཀྱིས་སྟོང་པ་ལ་ཀུན་བརྟགས་པའི་རྣམ་
པ་དེས་སྟོང་ངོ་ཞེས་སྟོང་པའི་རྣམ་པར་བསྒོམ་པ་ན་སེམས་རྩེ་གཅིག་པ་ཉིད་དུ་གྱུར་པ་ལ་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ཞེས་བྱའོ། །བརྗོད་དུ་མེད་པའི་དོན་དམ་པ་དེ་ཉིད་ནམ་མཁའ་བཞིན་དུ་གཟུགས་ལ་སོགས་པའི་མཚན་མ་ཐམས་ཅད་དང་བྲལ་བ། མཚན་མའི་རྣམ་པ་མེད་
པའི་མཚན་ཉིད་སྤྲོས་པ་ཐམས་ཅད་ཉེ་བར་ཞི་བ་ཡིན་པས་ཞི་བའི་རྣམ་པར་བསྒོམ་པ་ན་སེམས་རྩེ་གཅིག་ཏུ་གྱུར་པ་ལ་མཚན་མ་མེད་པའི་ཏིང་ངེ་འཛིན་ཞེས་བྱའོ། །དེ་བཞིན་དུ་ཁམས་གསུམ་པ་རྣམས་དངོས་པོ་མེད་པ་ངོ་བོ་ཉིད་ཀྱི་རྣམ་པར་གཟིགས་པས་ཆོས་ཐམས་ཅད་ལ་མི་
མཐུན་པའི་འདུ་ཤེས་ཉེ་བར་བཞག་ནས། ཕྱི་མ་ལ་སྨོན་པའི་གནས་སུ་མི་བྱེད་པར་ཡང་དག་པར་རྗེས་སུ་གཟིགས་པ་ན་སེམས་རྩེ་གཅིག་ཏུ་གྱུར་པ་ལ་སྨོན་པ་མེད་པའི་ཏིང་ངེ་འཛིན་ཞེས་བྱའོ། །དེའི་འོག་ཏུ་བསམ་གཏན་བཞི་དང་ཞེས་བྱ་བ་ལ་སོགས་པས་སེམས་ཅན་རྣམས་
ཡོངས་སུ་སྨིན་པར་བྱེད་པའི་སྤྱོད་པ་བསྟན་ཏེ། སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱ་བ་དེ་ཡང་འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པ་སྟེ། བསམ་གཏན་དང་ཏིང་ངེ་འཛིན་གྱི་ཕྱོགས་དང་། མངོན་པར་ཤེས་པའི་ཕྱོགས་དང་། ཡེ་ཤེས་ཀྱི་ཕྱོགས་ཀྱི་

ཆོས་རྣམས་ཀྱིས་བྱ་དགོས་པས་ཕྱོགས་ཀྱི་ཆོས་གསུམ་ཆར་ཡང་དེར་འདུས་ཏེ། དེ་ལ་བསམ་གཏན་ལ་སོགས་པའི་ཆོས་ཐམས་ཅད་དང་པོར་སེམས་ཅན་ལ་ཕན་པར་བྱ་བའི་ཕྱིར་ཀུན་རྫོབ་ཏུ་བཟུང་སྟེ། ཕྱིས་དོན་དམ་པར་ཡོངས་སུ་བཙལ་ནས་བསམ་
གཏན་ལ་སོགས་པའི་ངོ་བོ་ཉིད་དུ་མངོན་པར་ཞེན་པར་མི་མཛད་པར་སྙིང་རྗེ་དང་ཐབས་མཁས་པ་གཉིས་ཀྱིས་ཡང་ཀུན་རྫོབ་ཉིད་ལ་དམིགས་ནས་སེམས་ཅན་ལ་ཕན་པར་བྱེད་པའི་ཕྱིར་སེམས་ཅན་ཡོངས་སུ་སྨིན་པར་མཛད་པའི་སྤྱོད་པ་རྣམ་པར་གཞག་གོ། །དེ་ལ་སྐྱོ་བ་རྗེས་སུ་
དྲན་པ་ཞེས་བྱ་བ་ནི། སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་དང་། མི་རྟག་པ་དང་། སྟོང་པ་དང་། བདག་མེད་ཅེས་བྱ་བ་ལ་སོགས་པ་ཡིད་བྱུང་བར་
འགྱུར་བའི་གནས་རྣམས་ལ་དམིགས་ནས་ཉེས་དམིགས་སུ་མཐོང་བས་སྐྱོ་བ་ཡིན་ལ་བྱེད་པ་ནི་སྐྱོ་བ་རྗེས་སུ་དྲན་པ་ཞེས་བྱའོ། །བྱང་ཆུབ་སེམས་དཔའི་སྐྱོ་བ་རྗེས་སུ་དྲན་པ་ནི་ཆོས་ཐམས་ཅད་བདག་མེད་ཅིང་དངོས་པོ་མེད་པའི་ངོ་བོ་ཉིད་ཡིན་པ་ལས། བྱིས་པ་རྣམས་ཀྱིས་
སྙིང་པོ་ཅན་དུ་བློ་བསྐྱེད་དེ་འཇུག་པར་མཐོང་ནས་དེ་དག་ཤེས་པར་བྱ་བ་མྱུར་དུ་སྔོན་དུ་གཏོང་བའི་ཡིད་ལ་བྱེད་པ་ནི་སྐྱོ་བ་རྗེས་སུ་དྲན་པ་ཞེས་བྱའོ། །སྔར་རྗེས་སུ་དྲན་པ་ཡིད་ལ་བྱེད་པའི་དབང་གིས་འཆི་བ་རྗེས་སུ་དྲན་པ་ཞེས་བྱ་བ་གསུངས་སོ། །ཕྱིས་ལྷག་མཐོང་གི་སྒོ་ནས་
འཆི་བའི་ཆོས་ཉིད་ཅན་དུ་མཐོང་བ་ལ་འཆི་བའི་འདུ་ཤེས་ཞེས་གསུངས་སོ། །འཇིག་རྟེན་པའི་རིག་པ་དང་། བཟོའི་གནས་ཐམས་ཅད་དང་། སྒྱུ་རྩལ་རྣམ་པ་སྣ་ཚོགས་དྲུག་ཅུ་རྩ་བཞི་ལ་སོགས་པ་ལ་ཡིད་མི་རྟོན་པའི་དགའ་བ་ནི་འཇིག་རྟེན་ཐམས་ཅད་ལ་མངོན་པར་མི་དགའ་
བའི་འདུ་ཤེས་སོ། །ཁམས་གསུམ་པ་ལ་ཆགས་སུ་རུང་བའི་རྒྱུ་ཡང་དག་པར་རྗེས་སུ་མ་གཟིགས་པས་དེ་ལ་འདོད་པ་མེད་པར་གྱུར་པ་ནི་འཇིག་རྟེན་ཐམས་ཅད་ལ་ཡིད་མི་རྟོན་པའི་འདུ་ཤེས་སོ། །སྡུག་བསྔལ་ཤེས་པ་བསྒོམ་པར་བྱའོ་ཞེས་བྱ་བ་ནི་ཕུང་པོ་ལ་སོགས་པའི་

ཆོས་ཐམས་ཅད་ཀུན་རྫོབ་ཀྱི་སྒོ་ནས་སྡུག་བསྔལ་ཉིད་དུ་མཁྱེན་པར་མཛད་ནས་དེའི་འོག་ཏུ་དེ་དག་ཉིད་དོན་དམ་པར་ཤིན་ཏུ་དངོས་པོ་མེད་པར་མཁྱེན་ཀྱང་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་ཀུན་རྫོབ་ཏུ་སྡུག་བསྔལ་གྱི་རྣམ་པ་ཉིད་དུ་མཁྱེན་པ་དང་། གཞན་དག་ལ་ཡང་དེ་བཞིན་
དུ་ཤེས་པར་མཛད་པའི་མཁྱེན་པ་ནི་སྡུག་བསྔལ་ཤེས་པ་སྟེ། དེ་བཞིན་དུ་ཐམས་ཅད་ལ་ཡང་སྦྱར་བར་བྱའོ། །ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པ་དེ་དག་ཉིད་རབ་ཏུ་སྐྱེ་བར་མཁྱེན་པ་དང་། དེ་ཤེས་པར་བྱེད་པའི་མཁྱེན་པ་དང་། ཀུན་མཐུན་པར་མཁྱེན་པ་ནི་ཀུན་
འབྱུང་བ་ཤེས་པའོ། །བདག་དང་གཞན་རྣམས་ཀྱི་ཉོན་མོངས་པ་དང་། ཉེ་བའི་ཉོན་མོངས་པ་དང་། སྡུག་བསྔལ་ཐམས་ཅད་དང་། སྲིད་པ་ཡོངས་སུ་ཟད་པ་མཁྱེན་པ་དང་། ཡོངས་སུ་ཟད་པའི་རྒྱུ་མཁྱེན་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཟད་པ་ཤེས་པའོ། །
བདག་དང་གཞན་དག་གི་སྲིད་པའི་སྐྱེ་བར་སྐྱེ་བ་ཐམས་ཅད་མཁྱེན་པ་དང་། མི་སྐྱེ་བའི་རྒྱུ་མཁྱེན་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མི་སྐྱེ་བ་ཤེས་པའོ། །ཀུན་རྫོབ་ཏུ་ཆོས་ཐམས་ཅད་མངོན་སུམ་དུ་མཁྱེན་པ་དང་། དོན་དམ་པའི་དབང་གིས་དེ་བཞིན་ཉིད་དུ་མཁྱེན་པ་ནི་
ཆོས་ཤེས་པའོ། །ཀུན་རྫོབ་ཏུ་ཆོས་ཐམས་ཅད་རྗེས་སུ་དཔག་པས་ཤེས་པ་དང་། མི་རྟག་པ་ལ་སོགས་པ་མངོན་སུམ་དུ་མ་གྱུར་ཀྱང་དེ་ལྟ་བུར་འགྱུར་བར་མཁྱེན་པ་དང་། བྱང་ཆུབ་སེམས་དཔའ་རྣམས་ཆོས་ཐམས་ཅད་སྟོང་པ་ཉིད་དུ་རྗེས་སུ་མཐུན་པར་མཁྱེན་པ་ནི་རྗེས་སུ་
རྟོགས་པའི་ཤེས་པའོ། །འཕགས་པ་ཐམས་ཅད་ཀྱིས་སེམས་ཅན་དང་བུམ་པ་ལ་སོགས་པ་མཁྱེན་པ་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་གཟུགས་ལ་སོགས་པ་ཀུན་བརྟགས་པའི་ཆོས་ཐམས་ཅད་ལ་དམིགས་པའི་མཁྱེན་པ་ནི་ཀུན་རྫོབ་ཤེས་པའོ། །ཡོངས་སུ་འདྲིས་
པ་ཤེས་པ་ཞེས་བྱ་བ་ནི་ཤེས་པ་གང་གིས་བྱང་ཆུབ་སེམས་དཔའ་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་སྨོན་པ་མེད་པ་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་སྒོམ་ཡང་མྱ་ངན་ལས་འདས་པ་མངོན་སུམ་དུ་མི་མཛད་ཀྱི་དེ་དག་ཉིད་གོམས་པ་དང་། རབ་ཏུ་

བྱང་བ་འབའ་ཞིག་མཛད་པའི་མཁྱེན་པ་དེ་ལ་ཡོངས་སུ་འདྲིས་པ་ཤེས་པ་ཞེས་བྱའོ། །གལ་ཏེ་མྱ་ངན་ལས་འདས་པ་མངོན་སུམ་དུ་མཛད་ན་ནི་དེ་རྒྱུན་དུ་ཞུགས་པ་ལ་སོགས་པ་ཉིད་དུ་འགྱུར་ཏེ། དེས་དོགས་པའི་ཕྱིར་ཡང་དག་པའི་མཐའ་ལ་རེག་པར་
མི་མཛད་ཀྱི། མཁྱེན་པ་དེས་ཆོས་ཙམ་དུ་བསྒོམ་པར་མཛད་དོ། །འོ་ན་མྱ་ངན་ལས་འདས་པ་ཐོབ་པར་བྱེད་པའི་ཆོས་རྣམས་བསྒོམས་པས། ཇི་ལྟར་ཡང་དག་པའི་མཐའ་མངོན་སུམ་དུ་མཛད་པར་མི་འགྱུར་ཞེ་ན། སྐྱོ་བ་ཡིད་ལ་བྱེད་པ་དང་མི་ལྡན་པའི་ཕྱིར་རོ་ཞེས་སྔར་ཡང་
བཤད་དོ། །གཞན་ཡང་ཡང་དག་པའི་མཐའ་མངོན་སུམ་དུ་བྱེད་པའི་སྔོན་དུ་འགྲོ་བ་ནི་ཞི་གནས་དང་ལྷག་མཐོང་སྒོམ་པ་ཡིན་ན། བྱང་ཆུབ་སེམས་དཔའ་རྣམས་ནི་དེ་ལྟར་ཡང་དག་པའི་མཐའ་འཐོབ་པར་བྱེད་པའི་ཞི་གནས་དང་། ལྷག་མཐོང་བསྒོམ་པ་ལ་སྦྱོར་བ་མི་མཛད་
ཀྱི་ཆོས་ཐམས་ཅད་དམིགས་སུ་མེད་པར་བསྒོམ་པ་རྒྱས་པར་བྱ་བ་འབའ་ཞིག་གི་ཕྱིར་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་ལ་དམིགས་པ་ན་མཉམ་པར་མ་བཞག་པའི་ཤེས་པ་ཐ་མལ་པས་སོ་སོར་རྟོག་གོ། །དེ་བས་ན་ཞི་གནས་དང་ལྷག་མཐོང་གི་རྐྱན་དང་མི་ལྡན་པའི་ཕྱིར་ཡང་
དག་པའི་མཐའ་མངོན་སུམ་དུ་མཛད་པར་མི་འགྱུར་རོ། །འདི་ལྟར་འོག་ནས་ཀྱང་རབ་འབྱོར་གང་གི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་ལ་སོ་སོར་རྟོག་ཀྱང་མངོན་སུམ་དུ་བྱའོ་སྙམ་པས་སོ་སོར་རྟོག་པར་མི་
བྱེད་ཀྱི། འདི་ནི་ཡོངས་སུ་འདྲིས་པར་བྱ་བའི་དུས་ཡིན་གྱི་མངོན་དུ་བྱ་བའི་དུས་ནི་མ་ཡིན་ནོ་ཞེས་སོ་སོར་རྟོག་ཅིང་མཉམ་པར་མ་བཞག་པ་ཉིད་དུ་དམིགས་པ་ལ་སེམས་ཉེ་བར་འདོགས་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བར་སྐབས་དེར་བྱང་ཆུབ་ཀྱི་ཕྱོགས་ཀྱི་
ཆོས་རྣམས་ལས་ཉམས་པར་ཡང་མི་འགྱུར་ལ། ཟག་པ་ཟད་པ་མངོན་སུམ་དུ་ཡང་མི་བྱེད་དོ་ཞེས་བྱ་བ་ལ་སོགས་པ་འཆད་དོ། །སྒྲ་ཇི་བཞིན་ཤེས་པ་ཞེས་བྱ་བ་ནི་སྒྲ་གང་དང་གང་ཡིན་པ་ལ་སྒྲ་ཇི་བཞིན་ཞེས་བྱའོ། །དེ་ཤེས་པ་ནི་སྒྲ་ཇི་བཞིན་ཤེས་པ་སྟེ། ཤེས་པ་

གང་གིས་བྱང་ཆུབ་སེམས་དཔའ་སེམས་ཅན་དམྱལ་བ་དང་། དུད་འགྲོ་དང་། ཡི་དགས་དང་། ལྷ་དང་མི་དང་ཚངས་པ་ཐམས་ཅད་ཀྱི་སྒྲ་དང་སྐད་ཐམས་ཅད་སོ་སོར་རྟོགས་ཤིང་མཁྱེན་པ་དེ་ནི་སྒྲ་ཇི་བཞིན་ཤེས་པའོ། །ཐམས་ཅད་ལ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་
གནས་ཏེ་ཞེས་བྱ་བར་སྦྱར་བས་དམིགས་སུ་མེད་པའི་ཚུལ་གྱིས་སྒོམ་པར་བྱེད་ཅེས་བྱ་བར་ཤེས་པར་བྱའོ། །དེ་བས་ན་འབུམ་པ་ལ་སོགས་པ་ཐམས་ཅད་དུ་ཡང་དེ་བཞིན་དུ་སྟོན་ཏོ། །མ་ཉམས་པའི་མངོན་པར་ཤེས་པ་ལྔ་ཞེས་བྱ་བ་ནི་འགྲོ་བའི་འཆི་འཕོ་དང་སྐྱེ་བ་ཐམས་
ཅད་དུ་མངོན་པར་ཤེས་པ་ལྔ་དང་ལྡན་པས་མངོན་པར་ཤེས་པ་ཉམས་པ་མེད་པའི་ཕྱིར། མ་ཉམས་པ་ཞེས་བྱའོ། །ཕ་རོལ་ཏུ་ཕྱིན་པ་དྲུག་ཅེས་བྱ་བ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་སྔར་བཤད་ཟིན་མོད་ཀྱི་འོན་ཀྱང་འདིར་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་སྐབས་སུ་གཏོགས་
པར་ཡང་བཤད་དོ། །ཡང་དག་པར་སྡུག་པར་འགྱུར་བའི་ཆོས་དྲུག་ཅེས་བྱ་བ་ནི་འབུམ་པ་ལས་འབྱུང་སྟེ། བྱམས་པའི་ལུས་ཀྱི་ལས་དང་། བྱམས་པའི་ངག་གི་ལས་དང་། བྱམས་པའི་ཡིད་ཀྱི་ལས་དང་། ཚུལ་ཁྲིམས་མཉམ་པ་ཉིད་དང་། ལྟ་བ་མཉམ་པ་ཉིད་
དང་། འཚོ་བ་མཉམ་པ་ཉིད་ནི་ཡང་དག་པར་སྡུག་པར་འགྱུར་བའི་ཆོས་དྲུག་གོ། །ནོར་བདུན་ཞེས་བྱ་བ་ནི། དད་པ་དང་། ཚུལ་ཁྲིམས་དང་། ཐོས་པ་དང་། གཏོང་བ་དང་། ཤེས་རབ་དང་། ངོ་ཚ་ཤེས་པ་དང་། ཁྲེལ་ཡོད་པའི་ནོར་རྣམས་སོ། །སྐྱེས་བུ་ཆེན་པོའི་
རྣམ་པར་རྟོག་པ་བརྒྱད་ཅེས་བྱ་བ་ལ་ཉན་ཐོས་ཀྱི་རྣམ་པར་རྟོག་པ་རྣམས་ནི་ཇི་སྐད་དུ་རྣམ་འགྲེལ་ལས་བཤད་པ་བཞིན་ནོ། །བྱང་ཆུབ་སེམས་དཔའི་རྣམ་པར་རྟོག་པ་ནི་ནམ་ཞིག་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་ཐམས་ཅད་སེལ་ནུས་སྙམ་དུ་རྣམ་པར་རྟོག་པ་དང་། ནམ་ཞིག་
དབུལ་བས་ཉེན་པ་སེམས་ཅན་འབྱོར་པ་ཆེན་པོ་ལ་འཇོག་ནུས་སྙམ་དུ་རྣམ་པར་རྟོག་པ་དང་། ནམ་ཞིག་ཤ་ཁྲག་དང་བཅས་པའི་ལུས་ཀྱིས་སེམས་ཅན་རྣམས་ཀྱི་དོན་བྱེད་ནུས་སྙམ་དུ་རྣམ་པར་རྟོག་པ་དང་། སེམས་ཅན་དམྱལ་བ་ན་ཡུན་རིང་པོར་གནས་པས་ཀྱང་ནམ་ཞིག་

སེམས་ཅན་རྣམས་ལ་ཕན་པ་བྱེད་པ་འབའ་ཞིག་ཏུ་འགྱུར་སྙམ་དུ་རྣམ་པར་རྟོག་པ་དང་། ནམ་ཞིག་འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པའི་འབྱོར་པས་འཇིག་རྟེན་ཐམས་ཅད་ཀྱི་རེ་བ་ཡོངས་སུ་རྫོགས་པར་མཐོང་བར་འགྱུར་སྙམ་དུ་རྣམ་པར་རྟོག་པ་
དང་། ནམ་ཞིག་སངས་རྒྱས་སུ་གྱུར་ནས། སེམས་ཅན་ཐམས་ཅད་འཁོར་བའི་སྡུག་བསྔལ་ཐམས་ཅད་ལས་ཡང་དག་པར་འབྱིན་པར་འགྱུར་སྙམ་དུ་རྣམ་པར་རྟོག་པ་དང་། སེམས་ཅན་ལ་ཕན་འདོགས་པ་མེད་པའི་སྐྱེ་བ་དང་། སེམས་ཅན་གྱི་དོན་དུ་སྦྱོར་བ་མེད་པའི་སེམས་
དང་། དོན་དམ་པའི་རོ་གཅིག་པུ་ལ་སྤྱོད་པ་དང་། སྐྱེ་བོ་ཐམས་ཅད་སིམ་པར་བྱེད་པའི་ཚིག་མ་ཡིན་པ་དང་། གཞན་ལ་མི་ཕན་པའི་འཚོ་བ་དང་། གཞན་ལ་ཕན་བྱེད་མི་ནུས་པའི་ལུས་དང་། གཞན་ལ་ཕན་འདོགས་པ་ལ་མི་གསལ་བའི་བློ་དང་། སེམས་ཅན་ལ་ཕན་པར་
མི་སྤྱོད་པའི་ནོར་དང་། འགྲོ་བ་རྣམས་ཀྱི་དོན་སྤྱོད་པ་མེད་པའི་དབང་ཕྱུག་དང་། གཞན་ལ་གནོད་པ་བྱེད་པར་དགའ་བར་ཚེ་རབས་ཚེ་རབས་སུ་མ་གྱུར་ཅིག་སྙམ་དུ་རྣམ་པར་རྟོག་པ་དང་། སྲོག་ཆགས་ཐམས་ཅད་ཀྱི་སྡིག་པའི་ལས་ཐམས་ཅད་ཀྱི་འབྲས་བུ་བདག་ལ་སྨིན་པ་བདག་
གིས་ལེགས་པར་སྤྱད་པའི་འབྲས་བུ་ཐམས་ཅད་སེམས་ཅན་ཐམས་ཅད་ལ་སྨིན་པར་གྱུར་ཅིག་སྙམ་དུ་རྣམ་པར་རྟོག་པ་སྟེ། འདི་དག་ནི་སྐྱེས་བུ་ཆེན་པོའི་རྣམ་པར་རྟོག་པ་བརྒྱད་དོ། །དེ་ལྟར་རྣམ་པར་རྟོག་པ་ན་རྣམ་པར་རྟོག་པ་དེ་དག་འབྲས་བུ་ཡོད་པར་བྱ་བའི་ཕྱིར་སྙིང་རྗེས་འཇིག་
རྟེན་པ་རྣམས་ལ་བལྟས་ནས་གཞན་ལ་ཕན་པ་བསྒྲུབ་པར་བྱ་བའི་ཕྱིར་དང་། ཤེས་རབ་ཀྱིས་མི་དམིགས་པ་ཡིད་ལ་བྱེད་པ་བསྒོམ་པར་བྱ་བའི་ཕྱིར་དང་། སེམས་ཅན་གྱི་འཇིག་རྟེན་དང་སྣོད་ཀྱི་འཇིག་རྟེན་ཡོངས་སུ་བཙལ་བར་བྱ་བའི་ཕྱིར་སེམས་ཅན་གྱི་གནས་དགུ་བསྒོམ་
པར་བྱའོ། །ཁ་ཅིག་ལས་ནི་སེམས་ཅན་ལ་ཀུན་ནས་མནར་སེམས་ཀྱི་དངོས་པོ་དགུ་ཞེས་འབྱུང་ངོ་། །ཀུན་ནས་མནར་སེམས་ཀྱི་དངོས་པོ་དགུ་ནི་བྱང་ཆུབ་སེམས་དཔའི་སེམས་ལ་ཤིན་ཏུ་མི་འབྱུང་བས་དེ་ལས་བཟློག་ནས་ཀུན་ནས་མནར་སེམས་མེད་པའི་དངོས་པོ་དགུར་

འགྱུར་ཏེ། འདིས་བདག་ལ་གནོད་པ་བྱས་སོ་སྙམ་ནས་ཀུན་ནས་མནར་སེམས་མི་འབྱུང་བ་དང་། བྱེད་དོ་སྙམ་ནས་ཀུན་ནས་མནར་སེམས་མི་འབྱུང་བ་དང་། བྱེད་པར་འགྱུར་རོ་སྙམ་ནས་ཀུན་ནས་མནར་སེམས་མི་འབྱུང་བ་ལ་སོགས་པར་སྦྱར་རོ། །དེའི་འོག་ཏུ་དེ་བཞིན་གཤེགས་
པའི་སྟོབས་བཅུ་ཞེས་བྱ་བ་ལ་སོགས་པས་སངས་རྒྱས་ཀྱི་ཆོས་ཡོངས་སུ་སྨིན་པར་བྱེད་པའི་སྤྱོད་པ་བསྟན་ཏོ། །ཚད་མེད་པ་བཞི་ཞེས་སྔར་སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་སྐབས་སུ་བསྟན་པའི་ཕྱིར་སངས་རྒྱས་ཀྱི་ཆོས་ཡོངས་སུ་སྨིན་པར་བྱ་བའི་སྤྱོད་པ་བསྟན་པའི་སྐབས་
སུ་ནི་བྱམས་པ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་མིང་གཞན་གྱིས་བསྟན་ཏོ། །དེ་ལྟར་མདོར་བཤད་པར་ཆོས་ཐམས་ཅད་བསྡུས་ཏེ་བསྟན་ནས་ད་ནི་རྒྱས་པར་བཤད་པར་བྱ་བ་ལ། གང་སྔར་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མངོན་པར་རྫོགས་པར་བྱང་ཆུབ་པར་འདོད་པས་ཤེས་
པར་བྱ་བ་སྨོས་པས་ནི་བྱང་ཆུབ་སེམས་དཔའི་བསམ་པ་བསྟན་ཏོ། །ད་ནི་བསམ་པ་དེ་ཉིད་ཀྱི་རྒྱུ་དང་། འབྲས་བུ་དང་བསམ་པ་དང་བཅས་པ་ལ་སོགས་པས་རྒྱས་པར་རྣམ་པར་ཕྱེ་སྟེ་བསྟན་པར་བཞེད་ནས། བཅོམ་ལྡན་འདས་ཀྱིས་ཡང་ཐམས་ཅད་མཁྱེན་པའི་ཡེ་ཤེས་རྣམ་
པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་མངོན་པར་རྫོགས་པར་བྱང་ཆུབ་པར་འདོད་པ་ཞེས་བྱ་བ་ལ་སོགས་པས་བསམ་པ་རྣམ་པར་དབྱེ་བ་བསྟན་ཏོ། །སྔར་གང་ཞེས་བྱ་བ་བསྟན་པ་རྣམ་པ་བརྒྱད་བསྟན་པ་ལས་གང་གི་ཕྱིར་བརྩོན་པར་བྱ་ཞེས་བྱ་བའི་གང་ཞེས་བྱ་བ་བསྟན་པ་དེ་ད་བསྟན་པར་
བྱ་སྟེ། འདི་ལ་རིམ་པ་ཇི་ལྟ་བུར་ཞེ་ན། བྱང་ཆུབ་སེམས་དཔའ་རྣམས་ཀྱི་འདོད་པ་ནི་རྣམ་པ་གསུམ་དུ་འཇུག་སྟེ། ཐེག་པ་གསུམ་བསྒོམ་པར་འདོད་པ་དང་། བྱང་ཆུབ་སེམས་དཔའི་ཆེ་བའི་བདག་ཉིད་འདོད་པ་དང་། སངས་རྒྱས་ཀྱི་ཆེ་བའི་བདག་ཉིད་འདོད་པའོ། །དེ་ལ་ཐམས་
ཅད་མཁྱེན་པའི་ཡེ་ཤེས་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་མངོན་པར་རྫོགས་པར་བྱང་ཆུབ་པར་འདོད་པས་ཞེས་བྱ་བ་ནས་ཐམས་ཅད་ཤེས་པ་ཉིད་ཡོངས་སུ་རྫོགས་པར་འདོད་པ་ཞེས་བྱ་བའི་བར་གྱི་ཚིག་ལྔས་ཐེག་པ་གསུམ་འབྲས་བུ་དང་བཅས་པ་བསྟན་ཏོ། །བྱང་ཆུབ་སེམས་

དཔའི་སྐྱོན་མེད་པར་འཇུག་པར་འདོད་པས་ཞེས་བྱ་བ་ནས། རྒྱུན་དུ་ཞུགས་པའི་འབྲས་བུ་དང་ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་དང་། རང་སངས་རྒྱས་དང་། བླ་ན་མེད་པ་ཡང་དག་པར་རྫོགས་
པའི་བྱང་ཆུབ་ལ་དགོད་པར་འདོད་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ་ཞེས་བྱ་བའི་བར་གྱིས་ནི་བྱང་ཆུབ་སེམས་དཔའི་ཆེ་བའི་བདག་ཉིད་བསྟན་ཏོ། །དེའི་འོག་ཏུ་དེ་བཞིན་གཤེགས་པའི་སྤྱོད་ལམ་ལ་སློབ་པར་འདོད་པ་ཞེས་
བྱ་བ་ནས་འདོད་པའི་ཡོན་ཏན་ལྔ་ཉེ་བར་ལེན་པའི་བར་གྱིས་ནི་སངས་རྒྱས་ཀྱི་ཆེ་བའི་བདག་ཉིད་བསྟན་ཏོ། །དེ་ལ་ཡེ་ཤེས་གསུམ་ཞེས་བྱ་བ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་། ལམ་གྱི་རྣམ་པ་ཤེས་པ་ཉིད་དང་། ཐམས་ཅད་ཤེས་པ་ཉིད་དོ། །དེ་ལ་སངས་རྒྱས་བཅོམ་
ལྡན་འདས་རྣམས་ཀྱི་གནས་ཤིན་ཏུ་གྱུར་པས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་བསྡུས་པ་འཇིག་རྟེན་ལས་འདས་པ་རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཅེས་བྱའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསྒྲུབ་པའི་སར་གཏོགས་པ་ས་བཅུའི་རིམ་པས་ངེས་པར་
བྱུང་བ། ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་ལ་སོགས་པ་བྱང་ཆུབ་སེམས་དཔའི་ལམ་གྱི་བདག་ཉིད་ཀྱི་ཡེ་ཤེས་ལ་ལམ་གྱི་རྣམ་པ་ཤེས་པ་ཉིད་ཅེས་བྱའོ། །ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་འདུ་བྱེད་ཐམས་ཅད་ནི་མི་རྟག་པའོ། །ཟག་པ་དང་བཅས་པ་ཐམས་ཅད་ནི་སྡུག་བསྔལ་
བའོ། །ཆོས་ཐམས་ཅད་ནི་བདག་མེད་པའོ་ཞེས་བྱ་བ་ཐམས་ཅད་མི་རྟག་པ་ལ་སོགས་པའི་རྣམ་པར་འཇུག་པ་བསྒོམ་པའི་རྒྱུ་ལས་བྱུང་བ། འཇིག་རྟེན་ལས་འདས་པའི་ལམ་གྱི་ཡེ་ཤེས་ལ་ཐམས་ཅད་ཤེས་པ་ཉིད་ཅེས་བྱའོ། །དེ་ལ་ཐམས་ཅད་མཁྱེན་པའི་ཡེ་ཤེས་རྣམ་པ་
ཐམས་ཅད་ཀྱི་མཆོག་དང་ལྡན་པ་མངོན་པར་རྫོགས་པར་བྱང་ཆུབ་པར་འདོད་པ་ཞེས་བྱ་བས་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མངོན་པར་རྫོགས་པར་བྱང་ཆུབ་པར་འདོད་པ་བསྟན་ཏོ། །བག་ཆགས་དང་། མཚམས་སྦྱོར་བ་དང་། ཉོན་མོངས་པ་ཐམས་ཅད་ཡང་དག་པར་

འཇོམས་པར་འདོད་པས་ཞེས་བྱ་བས་ནི་དེའི་འབྲས་བུ་བསྟན་ཏོ། །ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མངོན་པར་རྫོགས་པར་བྱང་ཆུབ་པར་འདོད་པས་ཞེས་བྱ་བ་དེ་ཉིད་ཀྱིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་བསྟན་ཟིན་ན་ཡང་འདིར་ཅིའི་ཕྱིར་བསྟན་ཞེ་ན། འདི་ལ་ཉེས་པ་མེད་དེ་
སྔར་ཆོས་ཐམས་ཅད་མངོན་པར་རྫོགས་པར་བྱང་ཆུབ་པར་འདོད་པས་ཞེས་བྱ་བ་སྨོས་པས་ནི་ཆོས་ཐམས