Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 93

Văn bản gốc(Tây Tạng)

Trang 5 / 20 (50.000 ký tự/trang)
འ་ཡང་ཡོད་དོ་ཞེས་བརྗོད་དུ་ཡང་མི་ནུས་སོ། །དེ་བཞིན་དུ་ཐམས་ཅད་ལ་ཡང་སྦྱར་བར་བྱའོ། །དེ་སྐད་བསྟན་པ་དང་། གཞན་
དག་ཐེ་ཚོམ་ཟ་སྟེ། གལ་ཏེ་སྟོང་པ་ཉིད་ཀྱང་གཞན་ལ་ཆོས་ཀྱང་གཞན་ཡིན་ན། ད་ལྟ་ན་ནི་ཆོས་ལས་ཆོས་ཉིད་གཞན་ཡིན་པར་གྱུར་ན། ཆོས་ཉིད་ཀྱང་ཆོས་ལས་གཞན་ཡིན་པར་གྱུར་ཏེ། དེ་ཡང་མི་རིགས་སོ་སྙམ་པ་ལ། སྟོང་པ་ཉིད་ལས་གུད་ན་ཡང་བྱང་ཆུབ་སེམས་དཔའི་
མིང་མེད་དོ་ཞེས་བྱ་བ་གསུངས་ཏེ། བྱང་ཆུབ་སེམས་དཔའི་མིང་གི་སྟོང་པ་ཉིད་གང་ཡིན་པ་དེ་ལས་བྱང་ཆུབ་སེམས་དཔའི་མིང་གཞན་མ་ཡིན་ནོ། །དེ་བས་ན་ཆོས་ཉིད་ལས་ཆོས་གཞན་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལ་གཞན་ཐེ་ཚོམ་ཟ་སྟེ་གལ་ཏེ་སྟོང་པ་ཉིད་ལས་ཆོས་
གཞན་མ་ཡིན་ལ། སྟོང་པ་ཉིད་དེ་ཡང་ཡོད་ན། དེ་ལྟར་ནི་ཆོས་དེ་ཡང་ཡོད་པར་འགྱུར་རོ་སྙམ་པ་ལ། དེའི་ཕྱིར་བྱང་ཆུབ་སེམས་དཔའི་མིང་ཉིད་སྟོང་པ་ཉིད་དོ་ཞེས་བྱ་བ་གསུངས་ཏེ། ཀུན་བརྟགས་པའི་ངོ་བོ་ཉིད་དང་བྲལ་བ་ཡོངས་སུ་གྲུབ་པའི་བྱང་ཆུབ་སེམས་དཔའི་མིང་གང་
ཡིན་པ་དེ་ཉིད་སྟོང་པ་ཉིད་དེ། དེ་ལས་གཞན་པའི་སྟོང་པ་ཉིད་ཅེས་བྱ་བ་ནི་མེད་དོ། །སྟོང་པ་ཉིད་བྱང་ཆུབ་སེམས་དཔའི་མིང་ཡིན་ཞེས་བྱ་བ་ཡང་མཇུག་སྡུད་དེ། འདི་ལྟར་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ལ་འདིར་བྱང་ཆུབ་སེམས་དཔའི་མིང་ཞེས་བྱའི། ཀུན་བརྟགས་པ་ལ་ནི་མི་བྱའོ། །

དེ་བས་ན་སྟོང་པ་ཉིད་ཁོ་ན་བྱང་ཆུབ་སེམས་དཔའི་མིང་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་དང་། བྱང་ཆུབ་ཅེས་བྱ་བ་དེར་ཡང་དེ་ལྟར་སྦྱར་བར་བྱ་སྟེ། བྱང་ཆུབ་སེམས་དཔའི་སྟོང་པ་ཉིད་གང་ཡིན་པ་དེ་ནི་བྱང་ཆུབ་
སེམས་དཔའ་མ་ཡིན་ནོ། །སྟོང་པ་ཉིད་ལས་གུད་ན་ཡང་བྱང་ཆུབ་སེམས་དཔའ་མེད་དོ། །བྱང་ཆུབ་སེམས་དཔའ་ཉིད་སྟོང་པ་ཉིད་དོ། །སྟོང་པ་ཉིད་བྱང་ཆུབ་སེམས་དཔའོ་ཞེས་སྦྱར་བར་བྱའོ། །དེ་ལྟར་བཤད་པ་འདི་ལ་སྔར་བྱང་ཆུབ་སེམས་དཔའ་ནི་བྱང་ཆུབ་སེམས་དཔའི་
ངོ་བོ་ཉིད་ཀྱིས་སྟོང་གི །སྟོང་པ་ཉིད་ཀྱིས་ནི་མ་ཡིན་ནོ་ཞེས་སྨྲས་པས། གལ་ཏེ་བྱང་ཆུབ་སེམས་དཔའ་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་དུ་ཡོད་ན། དེ་ལྟ་ན་ནི་བྱང་ཆུབ་སེམས་དཔའ་ཡོད་པ་ཉིད་དུ་འགྱུར་རོ་ཞེས་སྨྲས་པ་ལ། བྱང་ཆུབ་སེམས་དཔའི་སྟོང་པ་ཉིད་གང་ཡིན་པ་དེ་ནི་
བྱང་ཆུབ་སེམས་དཔའ་མ་ཡིན་ནོ་ཞེས་བྱ་བ་གསུངས་ཏེ་ཀུན་བརྟགས་པའི་བྱང་ཆུབ་སེམས་དཔའ་ནི་སྟོང་པ་ཉིད་དང་ཐ་དད་པའི་ཕྱིར་དེ་ལ་ཉེས་པ་མེད་དོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་སྐད་སྨྲས་པ་དང་། གཞན་ན་རེ་ཆོས་དང་ཆོས་ཉིད་ཐ་དད་ན་ནི་ཆོས་ལས་ཆོས་ཉིད་གཞན་དུ་འགྱུར་རོ་ཞེས་སྨྲས་
པ་དེ་ལ་སྟོང་པ་ཉིད་ལས་གུད་ན་བྱང་ཆུབ་སེམས་དཔའ་མེད་དོ་ཞེས་བྱ་བ་གསུངས་ཏེ། ཡོངས་སུ་གྲུབ་པའི་བྱང་ཆུབ་སེམས་དཔའ་ནི་སྟོང་པ་ཉིད་ལས་གཞན་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ཉིད་བྱང་ཆུབ་སེམས་དཔའ་ཉིད་སྟོང་པ་ཉིད་དོ་ཞེས་བྱ་བས་བསྟན་ཏེ། བྱང་ཆུབ་
སེམས་དཔའ་སྟོང་པ་ཉིད་དོ་ཞེས་བྱ་བའི་ཐ་ཚིག་གོ། །ཡང་སྟོང་པ་ཉིད་བྱང་ཆུབ་སེམས་དཔའོ་ཞེས་བྱ་བས་ནི་མཇུག་སྡུད་དེ། སྟོང་པ་ཉིད་དང་། ཡོངས་སུ་གྲུབ་པའི་བྱང་ཆུབ་སེམས་དཔའ་ཐ་དད་པ་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་བཞིན་དུ་ཐམས་ཅད་ལ་ཡང་སྦྱར་བར་
བྱའོ། །དེ་སྐད་སྨྲས་པ་དང་། གཞན་དག་ཐེ་ཚོམ་དུ་གྱུར་པ་ལ། དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བས་གཏན་ཚིགས་བསྟན་ཏོ། །གལ་ཏེ་བྱང་ཆུབ་སེམས་དཔའ་དང་སྟོང་པ་ཉིད་ལ་ཐ་དད་པ་ཅུང་ཟད་ཀྱང་མེད་ན་ནི་བྱང་ཆུབ་སེམས་དཔའ་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་དུ་འགྱུར་ཏེ། བྱང་ཆུབ་

སེམས་དཔའ་མེད་དོ་ཞེས་བྱ་བར་འགྱུར་རོ་སྙམ་པ་དེའི་ཕྱིར། འདི་ལྟར་འདི་ལྟ་སྟེ་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འདི་ནི་མིང་ཙམ་མོ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ཉིད་ང་འདོད་པ་ཉིད་དོ། །ཁྱོད་ཀྱིས་ཡོད་དོ་ཞེས་བྱ་བ་གང་ཡིན་པ་དེ་དེ་ལྟར་ཡོད་ན་ནི་བྱང་ཆུབ་སེམས་
དཔའ་འམ། བྱང་ཆུབ་སེམས་དཔའི་མིང་ངམ། བྱང་ཆུབ་ལ་སོགས་པ་ཞིག་ཡིན་གྲང་ན། དེ་དག་ཐམས་ཅད་ནི་ཡོད་པ་མ་ཡིན་ཏེ། ཀུན་བརྟགས་པ་རྣམས་ནི་མིང་ཙམ་དུ་ཟད་དོ་ཞེས་བྱ་བའི་ཐ་ཚིག་གོ། །འདི་ལྟ་སྟེ་སྟོང་པ་ཉིད་ཅེས་བྱ་བ་འདི་ནི་མིང་ཙམ་མོ་ཞེས་བྱ་བ་ནི་
གང་གི་ཚེ་སྟོང་པ་ཉིད་ཡོད་དོ་སྙམ་དུ་སེམས་པ་དེའི་ཚེ། དེ་ཡང་རྣམ་པར་བརྟགས་ན་མིང་ཙམ་དུ་ཟད་ཀྱི། ངོ་བོ་ཉིད་དུ་ཡོད་པ་མ་ཡིན་ནོ་ཞེས་བསྟན་པའོ། །འདིར་ཡང་གཏན་ལ་དབབ་མི་ནུས་ནས། དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བའི་གཏན་ཚིགས་བསྟན་ཏོ། །གལ་ཏེ་
ཆོས་དེ་དག་མེད་ན་མེད་པ་ལ་སྐྱེ་བ་དང་འགག་པ་དག་ཀྱང་ཇི་ལྟར་སྣང་། ཇི་ལྟར་ངན་འགྲོ་འགྲིབ་ཅིང་བདེ་འགྲོ་འཕེལ་བར་འགྱུར། ཅིའི་ཕྱིར་སྔར་ཀུན་ནས་ཉོན་མོངས་ལ། ཕྱིས་རྣམ་པར་བྱང་བར་འགྱུར་སྙམ་པ་ལ་དེའི་ཕྱིར་ངོ་བོ་ཉིད་མེད་པ་ལ་ནི་སྐྱེ་བ་མེད་འགག་པ་མེད། འཕེལ་
བ་མེད། འགྲིབ་པ་མེད། ཀུན་ནས་ཉོན་མོངས་པ་མེད། རྣམ་པར་བྱང་བ་མེད་ཅེས་བྱ་བ་གསུངས་སོ། །ཆོས་ཐམས་ཅད་ནི་ངོ་བོ་ཉིད་མེད་པ་ཡིན་ན། གང་བྱང་ཆུབ་སེམས་དཔའི་མིང་ལ་སོགས་པ་ནས། གཟུགས་དང་། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་།
རྣམ་པར་ཤེས་པ་ལ་སོགས་པའི་ངོ་བོ་ཉིད་ཀྱི་བར་ལ་ཐུག་པ་དེ་དག་དོན་དམ་པར་ཡོད་པ་མ་ཡིན་ན། དེ་དག་ལ་སྐྱེ་བ་དང་། འགག་པ་དང་། འཕེལ་བ་དང་། འགྲིབ་པ་དང་། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་ཞེས་བྱ་བ་ཡོད་པར་ག་ལ་འགྱུར། འདི་ལྟར་
ངོ་བོ་ཉིད་གཅིག་ཡོད་པར་གྱུར་ན། ཀུན་བརྟགས་པའི་ངོ་བོ་ཉིད་དམ། ཡོངས་སུ་གྲུབ་པའི་ངོ་བོ་ཉིད་དུ་འགྱུར་གྲང་ན། དེ་ལ་ཀུན་བརྟགས་པའི་ངོ་བོ་ཉིད་ནི་སྒྱུ་མ་ལ་སོགས་པ་བཞིན་དུ་ཤིན་ཏུ་མེད་པ་ཉིད་དེ། ཇི་ལྟར་སྒྱུ་མའི་གཟུགས་ལ་སོགས་པ་སྣང་བའི་དུས་ན་སྐྱེ་བ་ཡང་

མེད། མི་སྣང་བའི་དུས་ན་འགག་པ་ཡང་མེད་ཅིང་། གཅིག་ཏུ་གྱུར་ཀྱང་འགྲིབ་པ་མེད་ལ། མང་པོར་གྱུར་ཀྱང་འཕེལ་བ་མེད་དེ་དེ་དག་ལ་ཀུན་ནས་ཉོན་མོངས་པའམ། རྣམ་པར་བྱང་བར་གྱུར་པ་ཆུང་ཟད་ཀྱང་མེད་པ་དེ་བཞིན་དུ་ཀུན་བརྟགས་པའི་ངོ་བོ་ཉིད་
རྣམས་ཀྱང་ཤིན་ཏུ་མེད་པའི་ཕྱིར་སྐྱེ་བའམ། འགག་པ་མེད་ལ། འཕེལ་བ་དང་། འགྲིབ་པ་དང་། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་མེད་དོ། །བྱང་ཆུབ་ཀྱང་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་དེ། དེ་ཡང་ཤིན་ཏུ་དབེན་པ་ཡོངས་སུ་རྟོག་པ་ཐམས་ཅད་ལས་འདས་
པ་དང་། ནམ་མཁའ་ལྟ་བུ་ཡིན་པས་སྐྱེ་བ་ཡང་མེད། འགག་པ་ཡང་མེད་དོ། །འཕེལ་བ་དང་། འགྲིབ་པ་ཡང་མེད་དོ། །ཤིན་ཏུ་རྣམ་པར་དག་པ་ཉིད་ཀྱི་ཕྱིར་ཀུན་ནས་ཉོན་མོངས་པ་ཡང་མེད། ངོ་བོ་ཉིད་ཀྱིས་རྣམ་པར་དག་པའི་ཕྱིར་རྣམ་པར་བྱང་བ་ཡང་མེད་དེ། ཅིའི་
ཕྱིར་ཞེ་ན། གཟུགས་ནི་སྒྱུ་མ་ལྟ་བུ་ཚོར་བ་ནི་སྒྱུ་མ་ལྟ་བུའོ་ཞེས་བྱ་བ་ལ་སོགས་པས་སྟོན་ཏེ། དེ་ཡང་རྣམ་པ་གཉིས་སུ་སྟོན་ཏོ། །སྒྱུ་མ་མེད་པ་དང་། སྒྱུ་མ་ལ་འཛིན་པའི་རྣམ་པར་ཤེས་པ་མེད་པར་འགྱུར་རོ། སྒྱུ་མ་ནི་མིང་ཙམ་དུ་ཟད་དེ་ཡུལ་ན་གནས་པ་མ་ཡིན། ཕྱོགས་
ན་གནས་པ་ཡང་མ་ཡིན་ཞེས་བྱ་བས་ནི་སྒྱུ་མ་ཀུན་བརྟགས་པ་ཡིན་པས་ཡོད་པ་མ་ཡིན་པར་བསྟན་ཏོ། །སྒྱུ་མ་མཐོང་བ་ནི་ལོག་པར་གྱུར་པ་སྟེ། ཡོད་པ་མ་ཡིན་ཞེས་བྱ་བས་ནི་རྣམ་པར་ཤེས་པ་ཡོད་པ་མ་ཡིན་པར་སྟོན་ཏོ། །དེ་ལ་ཡུལ་ན་མི་གནས་ཞེས་བྱ་བས་ནི་སྒྱུ་མ་
གཟུགས་ཅན་གྱི་མཚན་ཉིད་མིན་པར་བསྟན་ཏེ། གཟུགས་ཅན་གྱི་ཆོས་རྣམས་ནི་ཡུལ་ན་མི་གནས་པའི་ཕྱིར་རོ། །ཕྱོགས་ན་མི་གནས་ཞེས་བྱ་བས་ནི་གཟུགས་མེད་པའི་མཚན་ཉིད་མ་ཡིན་པར་བསྟན་ཏེ། གཟུགས་མེད་པའི་མཚན་ཉིད་ཀྱི་ཆོས་རྣམ་པར་ཤེས་པ་ལ་སོགས་
པ་ནི་ཡུལ་ན་གནས་པ་མ་ཡིན་དུ་ཟིན་ཀྱང་མིག་ལ་སོགས་པའི་ཕྱོགས་ན་གནས་པའི་ཉེ་བར་གདགས་པའི་ཕྱིར། ཕྱོགས་ན་གནས་པ་ཡིན་ནོ། །ལོག་པར་གྱུར་པ་ཞེས་བྱ་བ་ནི་བདེན་པ་མ་ཡིན་པར་བསྟན་པའོ། །ཡོད་པ་མ་ཡིན་ཞེས་བྱ་བས་ནི་དངོས་པོ་མེད་པའི་མཚན་ཉིད་སྟོན་ཏོ། །

ངོ་བོ་ཉིད་དང་བྲལ་བ་ཞེས་བྱ་བས་ནི་ངོ་བོ་ཉིད་དུ་མེད་པ་སྟོན་ཏོ། །བྱང་ཆུབ་སེམས་དཔའ་ནི་སྒྱུ་མ་ལྟ་བུར་སོ་སོར་རྟོག་པ་ཞེས་བྱ་སྟེ། འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་པའི་ཚེ། ཆོས་གང་ལ་ཡང་སྐྱེ་བར་ཡང་དག་
པར་རྗེས་སུ་མི་མཐོང་ངོ་ཞེས་བྱ་བ་ལ་སོགས་པས་སྟོན་ཏོ། །དེ་ལ་ཀུན་བརྟགས་པ་ལ་ནི་སྐྱེ་བ་དང་། འགག་པ་གཉིས་མེད་དེ། སྣང་བ་དང་མི་སྣང་བ་ཙམ་དུ་ཟད་དོ། །གཞན་གྱི་དབང་ལ་ནི་འཕེལ་བ་དང་། འགྲིབ་པ་གཉིས་མེད་དེ་ཀུན་བརྟགས་པ་ཙམ་དུ་ཟད་དོ། །
ཡོངས་སུ་གྲུབ་པ་ལ་ནི་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་གཉིས་མེད་དེ་རང་བཞིན་གྱིས་ཡོངས་སུ་དག་པ་ཉིད་དུ་ཟད་དོ། །དེ་ལྟར་ཆོས་ཐམས་ཅད་ངོ་བོ་ཉིད་དུ་མེད་པར་གྱུར་ཀྱང་། ཡང་ཐེ་ཚོམ་བསལ་བར་བྱ་བའི་ཕྱིར། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་མིང་ནི་
བཅོས་མ་སྟེ་ཞེས་བྱ་བ་གསུངས་ཏེ། གཟུགས་དང་ཚོར་བ་དང་། འདུ་ཤེས་ཞེས་བྱ་བ་ལ་སོགས་པ་ཕུང་པོ་ལ་སོགས་པའི་མིང་དང་། མཚན་མ་གང་ཡིན་པ་དེ་དག་ནི་བཅོས་མ་ཡིན་གྱི་ངོ་བོ་ཉིད་ཀྱིས་ཡོད་པ་ནི་མ་ཡིན་ནོ། །དེའི་ཕྱིར་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་ཤེས་
པར་བྱ་སྟེ། ངོ་བོ་ཉིད་ནི་བཅོས་མ་མ་ཡིན་པའི་ཕྱིར་རོ། །བཅོས་མ་ཉིད་ནི་རྟེན་ཅིང་འབྲེལ་བའི་ཆོས་དེ་དག་ནི་བརྟགས་པ་སྟེ་ཞེས་བྱ་བ་ལ་སོགས་པས་སྟོན་ཏེ། རྣམ་པར་བརྟགས་པའི་རྒྱུ་དང་། རྣམ་པར་བརྟགས་པའི་རྐྱེན་ལ་བརྟེན་པའི་ཆོས་དེ་དག་ལ་དེ་ལྟ་དེ་ལྟར་
བརྟགས་པས་རྟེན་ཅིང་འབྲེལ་བར་འབྱུང་བ་ཞེས་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །དེས་ནི་འདི་སྐད་བསྟན་པར་འགྱུར་ཏེ། གལ་ཏེ་གཞན་ལ་བརྟེན་ན་ནི་དེས་ཆོས་དེ་དག་གཞན་གྱི་མཐུས་འབྱུང་གི་རང་གི་མཐུས་འབྱུང་བ་ནི་མ་ཡིན་ན། དེ་ཇི་ལྟར་ངོ་བོ་ཉིད་དུ་འགྱུར། དེ་བས་ན་རང་གི་དངོས་པོ་
མེད་པས་དེ་གཞན་གྱི་དངོས་པོར་གྱུར་པའི་ཕྱིར། ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་གྲུབ་པོ། །དེ་བས་ན་ངོ་བོ་ཉིད་མེད་པའི་དོན་ནི་རྟེན་ཅིང་འབྲེལ་པར་འབྱུང་བའི་དོན་ཏོ་ཞེས་བྱའོ། །དེའི་འོག་ཏུ་ཡང་ཀུན་བརྟགས་པའི་མིང་གི་རྒྱུ་ལས་མིང་གི་ཐ་སྙད་འབྱུང་། མིང་གི་ཐ་

སྙད་ཀྱི་དབང་གིས་དེ་ལྟར་མངོན་པར་ཞེན་པར་འགྱུར། དེ་ལྟར་མངོན་པར་ཞེན་པའི་དབང་གིས་ཡང་མིང་གི་རྒྱུ་ལ་རྟོག་པ་འབྱུང་། དེའི་དབང་གིས་ཡང་མིང་གི་ཐ་སྙད་འབྱུང་། མིང་གི་ཐ་སྙད་ཀྱི་དབང་གིས་ཀྱང་ཡང་མངོན་པར་ཞེན་པ་འབྱུང་སྟེ།
རིམ་པ་འདི་ལྟ་བུར་འབྱུང་བ་བསྟན་པའི་ཕྱིར། གློ་བུར་དུ་བཏགས་པའི་མིང་གི་རྗེས་སུ་ཐ་སྙད་འདོགས་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ངོ་བོ་ཉིད་མ་ཡིན་པ་གློ་བུར་ལ་བརྟེན་ནས་བཏགས་པའི་ཕྱིར་གཞན་གྱི་མིང་གི་བརྡས་རྗེས་སུ་ཐ་སྙད་འདོགས་ཤིང་མངོན་པར་བརྗོད་དེ་
འདིས་ནི་མིང་གི་ཐ་སྙད་བསྟན་ཏོ། །ཡང་ཇི་ལྟ་ཇི་ལྟར་རྗེས་སུ་ཐ་སྙད་འདོགས་པ་དེ་ལྟ་དེ་ལྟར་མངོན་པར་ཞེན་ཏོ་ཞེས་བྱ་བས་ནི་དེ་མངོན་པར་ཞེན་པའི་རྒྱུ་ཡིན་པར་སྟོན་ཏོ། །མངོན་པར་བརྗོད་པ་ལ་འདྲིས་པའི་སྟོབས་ཀྱིས་བྱུང་བའི་མ་རིག་པ་ལ་སོགས་པའི་དབང་གིས་འདི་ཉིད་
ཆོས་རྣམས་ཀྱི་ངོ་བོ་ཉིད་དོ་ཞེས་མངོན་པར་ཞེན་པ་འབྱུང་ངོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟར་བྱིས་པ་རྣམས་ཀྱི་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་འབྱུང་བ་བསྟན་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། མིང་དེ་
དག་ཐམས་ཅད་ངོ་བོ་ཉིད་དུ་ཡང་དག་པར་རྗེས་སུ་མི་མཐོང་ངོ་ཞེས་བྱ་བ་ལ་སོགས་པས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚུལ་བཞིན་ཡིད་ལ་བྱེད་པའི་རིམ་པ་བསྟན་ཏེ། མིང་ཐམས་ཅད་ཅེས་བྱ་བ་ནི་ཀུན་བརྟགས་པའི་མིང་དང་མཚན་མ་རྣམས་ཏེ། གློ་བུར་ཡིན་པའི་ཕྱིར་ངོ་བོ་ཉིད་དུ་
ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ཡང་དག་པར་རྗེས་སུ་མ་མཐོང་བས་མངོན་པར་ཞེན་པར་མི་འགྱུར་ཏེ། ངོ་བོ་ཉིད་མེད་པའི་ཕྱིར་འཁྲུལ་པ་ཙམ་ཁོ་ནའོ། །དེའི་འོག་ཏུ་ཡང་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་
ཚེ་འདི་ལྟར་ཡོངས་སུ་རྟོགས་ཏེ་ཞེས་བྱ་བ་ལ་སོགས་པས་ཚུལ་བཞིན་ཡིད་ལ་བྱེད་པ་དེ་ཉིད་རྒྱས་པར་སྟོན་ཏོ། །གང་ཟག་བྱང་ཆུབ་སེམས་དཔའ་དང་། ཆོས་བྱང་ཆུབ་དང་། གང་ཟག་སངས་རྒྱས་དང་། ཆོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། གཟུགས་ལ་སོགས་པའི་

ཆོས་ཀྱི་མིང་དང་། བྱང་ཆུབ་སེམས་དཔའ་ཡང་མིང་ཙམ་ཉིད་དུ་སོ་སོར་རྟོག་གོ། །དེ་ལ་ཡང་དཔེར་བསྟན་པ། ཤཱ་རིའི་བུ་འདི་ལྟ་སྟེ་དཔེར་ན་བདག་བདག་ཅེས་བྱ་བ་འདི་ནི་ཐ་སྙད་དུ་བརྗོད་ཅེས་བྱ་བ་ལ་སོགས་པ་སྟེ། ཀུན་རྫོབ་ཏུ་དམིགས་སུ་ཡོད་ཀྱང་དོན་དམ་པར་སྟོང་པ་ཉིད་ཀྱི་ཕྱིར་
དམིགས་སུ་མེད་དེ། དམིགས་སུ་མེད་པའི་མཚན་ཉིད་ནི་དངོས་པོ་མེད་པའི་ངོ་བོ་ཉིད་ཀྱི་ཕྱིར་རོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ནས་ཡང་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཀྱང་ཞེས་བྱ་བ་ལ་སོགས་པས་དཔེ་དང་བསྟུན་པའི་མཇུག་སྡུད་དེ། བྱང་ཆུབ་
སེམས་དཔའ་ལ་སོགས་པའི་ཆོས་རྣམ་པ་ལྔ་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །དེ་ཡང་དག་པར་རྗེས་སུ་མ་མཐོང་བས་རྒྱུ་མེད་པའི་ཕྱིར་མིང་དང་མཚན་མ་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །དེ་ཡང་དག་པར་རྗེས་སུ་མ་མཐོང་བས་རྒྱུ་མེད་པའི་ཕྱིར་མངོན་པར་ཞེན་པར་མི་བྱེད་དོ། །
གང་གིས་མངོན་པར་ཞེན་པར་འགྱུར་བ་དེ་ཡང་དེས་ཡང་དག་པར་རྗེས་སུ་མི་མཐོང་བའི་ཕྱིར་ཞེས་བྱ་བས་ནི་མངོན་པར་ཞེན་པ་མེད་པས་མངོན་པར་ཞེན་པའི་རྒྱུ་ཡང་མི་དམིགས་པར་སྟོན་ཏོ། །མཚན་མའི་བརྡ་གང་ཡིན་པ་དང་། ཡང་དག་པ་མ་ཡིན་པ་ཀུན་བརྟགས་པའི་སེམས་
གང་གིས་མངོན་པར་ཞེན་པར་བྱེད་པའི་མཚན་མ་དེ་འམ་སེམས་དེ་ཡང་དག་པར་རྗེས་སུ་མ་མཐོང་ངོ་། །དེ་ལྟར་དམིགས་སུ་མེད་པའི་སྤྱོད་པ་བསྟན་ནས་དེའི་འོག་ཏུ་དེ་བཞིན་གཤེགས་པའི་ཤེས་རབ་མ་གཏོགས་པར་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་ཤེས་རབ་ཟིལ་གྱིས་གནོན་ཏེ་ཞེས་
བྱ་བས་ནི་དེའི་རྒྱུ་མཐུན་པ་སྟོན་ཏོ། །དེའི་འོག་ཏུ་དམིགས་སུ་མེད་པའི་སྤྱོད་པ་འདི་ལ་ཞུགས་པའི་བྱང་ཆུབ་སེམས་དཔའི་ཆེ་བའི་བདག་ཉིད་བསྟན་པས་གདུལ་བའི་འཁོར་དེ་དག་སྤྲོ་བ་བསྐྱེད་པའི་ཕྱིར། ཤཱ་རིའི་བུ་འདི་ལྟ་སྟེ་དཔེར་ན་འཛམ་བུའི་གླིང་འདི་དགེ་སློང་ཤཱ་རིའི་བུ་དང་མཽད་
གལ་གྱི་བུ་ལྟ་བུ་ཤ་སྟག་གིས་ཡོངས་སུ་གང་བར་གྱུར་ཅེས་བྱ་བ་ལ་སོགས་པས་དམིགས་ཀྱིས་དབྱེ་བ་སྟོན་ཏོ། །འདམ་བུའི་ཚལ་ལམ། འོད་མའི་ཚལ་ལམ། བུ་རམ་ཤིང་གི་ཚལ་ལམ། སྨྱིག་མའི་ཚལ་ལམ། འབྲས་ཀྱི་ཞིང་ངམ། ཏིལ་གྱི་ཞིང་ལྟར་ཞེས་བྱ་བ་ནི། །

ཤིང་ལྗོན་པ་དང་། འཁྲི་ཤིང་ལ་སོགས་པ་བས་སྨན་གྱི་རྣམ་པ་དག་སྡུག་པའི་ཕྱིར་སྨན་དག་ཁོ་ན་བསྟན་ཏོ། །དེ་དག་ལ་ཡང་རྣམ་པ་གསུམ་སྟེ། ཤིན་ཏུ་སྡུག་ཅིང་ཤིན་ཏུ་མཐོ་བ་དང་། །འབྲིང་དུ་སྡུག་ཅིང་འབྲིང་དུ་མཐོ་བ་དང་། །ཐ་མར་སྡུག་ཅིང་
ཐ་མར་མཐོ་བ་རྣམས་སོ། །དེ་ལ་འདམ་བུ་དང་སྨྱིག་མ་གཉིས་ནི་ཤིན་ཏུ་སྡུག་ཅིང་ཤིན་ཏུ་མཐོའོ། །བུ་རམ་ཤིང་དང་སྨྱིག་མ་དག་ནི་དེ་བས་དམའ་སྟེ་འབྲིང་ཡིན་པའི་ཕྱིར་བར་དུ་སྨོས་སོ། །འབྲས་དང་ཏིལ་དག་ནི་དེ་བས་སྲབ་ཅིང་དམའ་བས་ཐ་མ་པར་བརྗོད་དོ། །དེ་ལ་ཡང་སྨྱིག་མ་
དང་འདམ་བུ་གཉིས་ལ་ཡང་། འདམ་བུ་ཁོང་སྟོང་དུ་འདུག་ལ་ཚེར་མ་མང་ཞིང་དེ་དག་ཉིད་རབ་ཏུ་སྡུག་པའི་ཕྱིར་སྔར་བསྟན་ཏེ། སྨྱིག་མ་ནི་ཕྱིས་བསྟན་ཏོ། །བུ་རམ་ཤིང་དང་སྨྱིག་མ་གཉིས་ལས་ཀྱང་བུ་རམ་ཤིང་ལོ་མ་བཟང་ཞིང་སྡུག་སྟེ། སྨྱིག་མས་དེ་ཙམ་མི་ཕོད་པས་བུ་རམ་
ཤིང་སྔར་བསྟན་ཏོ། །འབྲས་དང་ཏིལ་གཉིས་ལས་ཀྱང་ཏིལ་བས་འབྲས་ཆེ་ཞིང་སྡུག་པས་ནི་སྔར་སྨོས་སོ། །བརྒྱའི་ཆར་ཡང་ཉེ་བར་མི་འགྲོའོ། །སྟོང་གི་ཆ་དང་། བརྒྱ་སྟོང་གི་ཆ་དང་འབུམ་གྱི་ཆ་དང་། གྲངས་དང་། ཆ་དང་། བགྲང་བ་དང་། དཔེ་དང་རྒྱུར་ཡང་
ཉེ་བར་མི་འགྲོའོ་ཞེས་བྱ་བ་ནི་རྣམ་པ་དེ་ལྟ་བུ་དག་ལ་ཡང་གཏན་ལ་ཕབ་ན་རྣམ་པ་བཞིར་འགྱུར་ཏེ། ཆར་ཡོངས་སུ་བཅད་པའམ། བགྲང་བའམ། དཔེ་འམ། རྒྱུ་དང་འབྲས་བུའི་དངོས་པོ་རྣམས་སོ། །དེ་ལ་ཆར་ཡོངས་སུ་བཅད་པའི་ཡུལ་དུ་ཡང་མི་འགྱུར་བར་བསྟན་པ་ནི་
བརྒྱའི་ཆར་ཡང་ཞེས་བྱ་བ་ནས་འབུམ་གྱི་ཆར་ཡང་ཞེས་བྱ་བའི་བར་དུའོ། །གྲངས་སུ་བགྲང་དུ་མི་རུང་བར་བསྟན་པ་ནི་གྲངས་དང་ཆ་དང་བགྲང་བ་དང་ཞེས་བྱའོ། །དཔེར་བྱར་ཡང་མི་རུང་བར་བསྟན་པ་ནི་དཔེར་ཡང་ཞེས་བྱའོ། །རྒྱུ་དང་འབྲས་བུའི་དངོས་པོར་ཡང་མི་རུང་བར་
བསྟན་པ་ནི་རྒྱུར་ཡང་ཞེས་བྱའོ། །དེ་ལ་བརྒྱའི་ཆར་ཡང་ཞེས་བྱ་བ་ལ་ཆ་དང་ཆ་ཤས་དང་ཡན་ལག་ཅེས་བྱ་བ་ནི་དོན་གཅིག་གོ། །དགེ་སློང་དེ་དག་གི་ཤེས་རབ་དེ་ནི་བྱང་ཆུབ་སེམས་དཔའི་ཤེས་རབ་ཀྱིས་བརྒྱར་བྱས་པའི་ཆའམ། སྟོང་དུ་བྱས་པའམ། བརྒྱ་སྟོང་དུ་བྱས་པའི་

ཆར་ཡང་མི་ཕོད་དོ་ཞེས་བྱ་བའི་ཐ་ཚིག་གོ། །གྲངས་སུ་བགྲང་བར་ཡང་རྣམ་པ་གསུམ་དུ་འགྱུར་ཏེ། གང་ལ་ཚིག་གི་སྤྱོད་ཡུལ་དུ་གྱུར་པ་དེ་ལ་ནི་གཅིག་དང་གཉིས་དང་གསུམ་ཞེས་པ་ནས། བརྒྱ་དང་སྟོང་ཞེས་བྱ་བའི་བར་དུ་ཚིག་གིས་བགྲང་བ་ལས་གྲངས་ཞེས་བྱ་སྟེ། དེ་ཡང་གྲངས་
སུ་ཡང་ཞེས་བྱ་བས་བསྟན་ཏོ། །གང་ལ་ཚིག་གི་ཡུལ་དུ་གྱུར་པ་དེ་ལ་ནི་བརྩི་བ་དང་། བྱུང་བ་གདབ་པ་དང་། བསྡོམ་པ་དང་། ཆ་ལ་དབྲི་བ་ལ་སོགས་པའམ། ཤོད་དགོད་པའམ། འགྲོན་བུ་ལ་སོགས་པ་དགོད་པའམ། ལག་རྩིས་ཀྱིས་བརྩི་བ་དག་ལ་ནི་ཆ་ཞེས་བྱ་བ་སྟེ།
དེ་ཡང་ཆར་ཡང་ཞེས་བྱ་བས་བསྟན་ཏོ། །གང་ལ་དེ་ལྟ་བུར་བརྩི་མི་ནུས་པ་དེ་ལ་ནི་མངོན་པར་ཤེས་པའི་སྟོབས་འབའ་ཞིག་གིས་བྱེ་བ་ཁྲག་ཁྲིག་ཕྲག་བརྒྱའི་ཆ་དང་ཞེས་བྱ་བ་ནས། གྲངས་མེད་པ་ཞེས་བྱ་བའི་བར་དུ་བགྲང་བ་ལ་ནི་བགྲང་བ་ཞེས་བྱ་སྟེ། དེ་ཡང་བགྲང་བར་ཡང་ཞེས་
པས་བསྟན་ཏོ། །དེ་བཞིན་དུ་ཁ་ཅིག་ཏུ་བདག་ཉིད་ཐམས་ཅད་ཀྱིས་མཚུངས་པ་མ་ཡིན་དུ་ཟིན་ཀྱང་ཆ་ཤས་འགའ་ཞིག་འོལ་བྱིར་འདྲ་བ་ཡང་ཡོད་དོ། །དེ་ལས་ངེས་པར་བྱར་རུང་བ་ནི་དཔེར་ན་སྨྱིག་གླང་ནི་བ་ལང་འདྲའོ་ཞེས་བྱ་བ་ལྟ་བུ་སྟེ། དེ་ལྟ་བུ་ཡང་མེད་པས་དཔེར་ཡང་ཞེས་
བྱ་བ་གསུངས་སོ། །དེ་བཞིན་དུ་ཁ་ཅིག་དངོས་པོ་ཤིན་ཏུ་ཐ་དད་དུ་ཟིན་ཀྱང་། དུ་བ་མཐོང་ནས་རྒྱུའི་དངོས་པོ་ལས་མེའི་བློ་འབྱུང་སྟེ། རྗེས་སུ་དཔག་པ་དེ་ལྟ་བུ་ཡང་མེད་པས་རྒྱུར་ཡང་མི་ཕོད་ཅེས་བྱ་བ་གསུངས་སོ། །གླིང་བཞི་པ་ནི་གླིང་བཞི་པ་སྟེ། དེ་དག་སྟོང་ལ་སྟོང་
གཅིག་ཅེས་བྱའོ། །སྟོང་གཅིག་པ་སྟོང་ལ་སྟོང་གཉིས་ཞེས་བྱའོ། །སྟོང་གཉིས་པ་སྟོང་ལ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཏེ། ཁོར་ཡུག་གི་རི་བྱེ་བ་ཕྲག་བརྒྱ་ལ་སྟོང་གསུམ་གྱི་སྟོང་ཆེན་པོ་ཞེས་བྱའོ། །གང་གཱའི་ཀླུང་གི་བྱེ་མ་སྙེད་ཅེས་བྱ་བ་ནི་གྲངས་ཀྱི་
བྱེ་བྲག་ཡིན་ནོ་ཞེས་འཆད་དོ། །དེ་ལྟར་བྱང་ཆུབ་སེམས་དཔའི་ཤེས་རབ་ཀྱི་ཆེ་བའི་བདག་ཉིད་བསྟན་པ་དང་། འཁོར་དེ་དག་གི་ནང་ན་ཁ་ཅིག་གི་བསམ་པ་ཤེས་ནས་ཐེ་ཚོམ་བསལ་བའི་ཕྱིར་གནས་བརྟན་ཤཱ་རིའི་བུས་ཞུ་བ་ཞུས་པ། བཅོམ་ལྡན་འདས་གང་འདི་ཉན་ཐོས་རྒྱུན་དུ་ཞུགས་པའི་

ཤེས་རབ་ཅེས་བྱ་བ་ལ་སོགས་པའོ། །ཤེས་རབ་དེ་དག་ཐམས་ཅད་ནི་ཐ་མི་དད་པ། དབེན་པ། མ་སྐྱེས་པ། ངོ་བོ་ཉིད་ཀྱིས་སྟོང་པ་ལགས་ཏེ་ཞེས་བྱ་བ་ནི་ཐམས་ཅད་ཀྱི་ཤེས་རབ་ཀྱང་གནས་གྱུར་པའི་བདག་ཉིད་ཀྱིས་རྣམ་པར་མི་རྟོག་ཅིང་འཇིག་རྟེན་ལས་འདས་
པ་ཉིད་ཡིན་ནོ་སྙམ་ནས་སེམས་ཅན་རྣམས་ཐེ་ཚོམ་སྐྱེ་བས་སོ། །ཐ་མི་དད་ཅེས་བྱ་བ་ནི་གཅིག་པའི་བདག་ཉིད་ཡིན་པའི་ཕྱིར། དབེན་པ་ཞེས་བྱ་བ་ནི་རྣམ་པར་དག་པའི་བདག་ཉིད་ཡིན་པའི་ཕྱིར་རོ། །མ་སྐྱེས་པ་ཞེས་བྱ་བ་ནི་འདུས་མ་བྱས་པའི་བདག་ཉིད་ཡིན་པའི་ཕྱིར་རོ། །ངོ་བོ་
ཉིད་ཀྱིས་སྟོང་པ་ཞེས་བྱ་བ་ནི་ཡང་དག་པ་མ་ཡིན་པ་ཀུན་བརྟགས་པའི་ངོ་བོ་ཉིད་དང་བྲལ་བའི་བདག་ཉིད་ཡིན་པའི་ཕྱིར་རོ། །ཐ་དད་དུ་དབྱེ་བ་ཞེས་བྱ་བ་ནི་རྒྱུ་དང་རྐྱེན་གྱི་དབང་གིས་གློ་བུར་བ་དག་ནི་ཐ་དད་དོ། །ཁྱད་པར་ཞེས་བྱ་བ་ནི་ངོ་བོ་ཉིད་ཐ་དད་པའོ། །བཅོམ་ལྡན་འདས་དེ་ལ་
ཇི་ལྟར་ཞེས་བྱ་བ་ནི་ཤེས་རབ་རང་བཞིན་གཅིག་པ་རྣམས་གཅིག་ལ་གཅིག་ཟིལ་གྱིས་གནོན་པ་མི་རིགས་སོ་ཞེས་ཞུས་པའོ། །ཤཱ་རིའི་བུ་དེ་ཇི་སྙམ་དུ་སེམས་ཞེས་བྱ་བ་ལ་སོགས་པས་ནི་བཅོམ་ལྡན་འདས་ཀྱིས་ངོ་བོ་ཉིད་དེ་ལ་བྱེ་བྲག་མེད་དུ་ཟིན་ཀྱང་སྔོན་གྱི་སྨོན་ལམ་གྱི་མཐུས་རྒྱུ་
ཐ་དད་པ་དང་། འབྲས་བུ་ཐ་དད་པ་ཡོད་དོ་ཞེས་བསྟན་ཏོ། །རྒྱུ་ཡང་རྣམ་པ་གསུམ་སྟེ། བསམ་པ་དང་། སྤྱོད་པ་དང་། བྱ་བའོ། །འབྲས་བུ་ནི་རྣམ་པ་གཉིས་ཏེ། མངོན་པར་རྫོགས་པར་བྱང་ཆུབ་པ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བའོ། །དེ་ལ་རྣམ་པ་ཐམས་ཅད་ཀྱི་
མཆོག་དང་ལྡན་པ་ཞེས་བྱ་བས་ནི་བསམ་པའི་ཆེ་བའི་བདག་ཉིད་བསྟན་ཏོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་སྤྱོད་པས་ཞེས་བྱ་བས་ནི་སྤྱོད་པའི་ཆེ་བའི་བདག་ཉིད་བསྟན་ཏོ། །སེམས་ཅན་ཐམས་ཅད་ཀྱི་དོན་བྱེད་པ་ཞེས་བྱ་བས་ནི་བྱ་བའི་ཆེ་བའི་བདག་ཉིད་བསྟན་ཏོ། །ཆོས་
ཐམས་ཅད་རྣམ་པ་ཐམས་ཅད་དུ་མངོན་པར་རྫོགས་པར་བྱང་ཆུབ་པར་བྱས་ཏེ་ཞེས་བྱ་བས་ནི་འབྲས་བུའི་བྱེ་བྲག་མངོན་པར་རྫོགས་པར་བྱང་ཆུབ་པ་བསྟན་ཏོ། །སེམས་ཅན་ཐམས་ཅད་ཡོངས་སུ་མྱ་ངན་ལས་བཟླའོ་ཞེས་བྱ་བས་ནི་ཆོས་ཀྱི་འཁོར་ལོ་བསྐོར་བ་བསྟན་ཏོ། །དེའི་འོག་

ཏུ་འགྲེས་གསུམ་བསྟན་ཏེ། ཉན་ཐོས་དང་ངར་སངས་རྒྱས་རྣམས་ལ་བྱང་ཆུབ་སེམས་དཔའི་སྔོན་གྱི་སྨོན་ལམ་མེད་པའི་འགྲེས་དང་། རྒྱུ་དང་འབྲས་བུའི་སྨོན་ལམ་མེད་པའི་འགྲེས་དང་། བྱང་ཆུབ་སེམས་དཔའ་ལ་དེ་གཉི་ག་ཡོད་པའི་འགྲེས་སོ། །དེ་ལ་སྔོན་གྱི་སྨོན་ལམ་མེད་པའི་
འགྲེས་ནི། ཤཱ་རིའི་བུ་དེ་ཇི་སྙམ་དུ་སེམས། ཇི་ག་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་འདི་སྙམ་དུ་བདག་ཅག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པར་བྱས་ཏེ་ཞེས་བྱ་བ་ལ་སོགས་པ་ནས། ཉན་ཐོས་དང་རང་སངས་རྒྱས་
རྣམས་ཀྱི་ཤེས་རབ་ཟིལ་གྱིས་གནོན་ཏོ་ཞེས་བྱ་བའི་བར་གྱི་གཞུང་གིས་བསྟན་ཏོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྔོན་གྱི་སྨོན་ལམ་ནི་ཤེས་རབ་དང་སྙིང་རྗེའི་བདག་ཉིད་ཡིན་པའི་ཕྱིར་ཤེས་རབ་ཀྱིས་ནི་མངོན་པར་རྫོགས་པར་བྱང་ཆུབ་པ་བཟུང་། སྙིང་རྗེས་ནི་སེམས་ཅན་རྣམས་
བཟུང་ནས་བདག་སངས་རྒྱས་ཏེ་གཞན་ཡང་བྱང་ཆུབ་པར་བྱའོ་ཞེས་རྣམ་པ་གཉིས་ཀྱི་བདག་ཉིད་ཀྱིས་འཇུག་སྟེ། དེ་བས་ན་སྔོན་གྱི་སྨོན་ལམ་གྱི་འགྲེས་འདི་ལ་མངོན་པར་རྫོགས་པར་བྱང་ཆུབ་པ་དང་། སེམས་ཅན་ཡོངས་སུ་མྱ་ངན་ལས་བཟླ་བ་བསྟན་ཏོ། །དེའི་འོག་ཏུ་རྒྱུ་དང་
འབྲས་བུའི་སྨོན་ལམ་མེད་པའི་འགྲེས་བསྟན་པ། ཤཱ་རིའི་བུ་དེ་ཇི་སྙམ་དུ་སེམས། ཇི་ག་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་འདི་སྙམ་དུ། བདག་ཅག་གིས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་དེ་ཞེས་བྱ་བ་ལ་སོགས་པ་ནས། སེམས་ཅན་རྣམས་ཡོངས་སུ་མྱ་ངན་ལས་འདའོ་
སྙམ་དུ་སེམས་སྙམ་མམ་ཞེས་བྱ་བའི་བར་གྱི་གཞུང་གིས་བསྟན་ཏེ། འགྲེས་འདི་ལ་བདག་ཉིད་ཡོངས་སུ་སྨིན་པར་བྱ་བ་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་དང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བ་དང་། སངས་རྒྱས་ཀྱི་ཆོས་ཡོངས་སུ་སྨིན་པར་བྱ་བ་སྟེ་རྒྱུ་བཞི་
དང་། མངོན་པར་རྫོགས་པར་བྱང་ཆུབ་པ་དང་། སེམས་ཅན་ཡོངས་སུ་མྱ་ངན་ལས་བཟླ་བ་ཞེས་བྱ་བ་འབྲས་བུ་གཉིས་དང་། ཆོས་དྲུག་བསྟན་ཏོ། །སྤྱོད་པའི་དུས་ཀྱི་སྨོན་ལམ་འདི་ནི་འོག་ནས་འབྱུང་ངོ་། །བྱང་ཆུབ་སེམས་དཔའ་ལ་དེ་གཉིས་ཀ་ཡོད་པར་བསྟན་པའི་འགྲེས་

ནི་ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་ནི་འདི་སྙམ་དུ་སེམས་ཏེ་ཞེས་བྱ་བ་ནས། སེམས་ཅན་རྣམས་ཡོངས་སུ་མྱ་ངན་ལས་བཟླའོ་སྙམ་དུ་སེམས་སོ་ཞེས་བྱ་བའི་བར་གྱི་གཞུང་གིས་བསྟན་ཏོ། །དེའི་འོག་ཏུ་ཉན་ཐོས་དང་རང་སངས་རྒྱས་དག་གི་དཔེ་སྲིན་བུ་མེ་ཁྱེར་
གྱིས་བསྟན་པ་དང་། དེའི་འོག་ཏུ་བྱང་ཆུབ་སེམས་དཔའི་དཔེ་ཉི་མ་འཆར་བས་བསྟན་པ་སྟེ། དཔེའི་འགྲེས་གཉིས་ཀྱི་དོན་ནི་གསལ་བར་བསྟན་པས་ཡང་དོན་བསྟན་མི་དགོས་སོ། །ཡང་དེའི་འོག་ཏུ་གནས་བརྟན་གྱིས་འཁོར་གྱི་ཐེ་ཚོམ་བསལ་བའི་ཕྱིར། བཅོམ་ལྡན་འདས་ཇི་
ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བྱ་བ་ལ་སོགས་པས། ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་ལས་འདས་པའི་གནས་དང་། ཕྱིར་མི་ལྡོག་པའི་ས་ཐོབ་པའི་གནས་དང་། བྱང་ཆུབ་ཀྱི་ལམ་ཡོངས་སུ་སྦྱོང་བའི་གནས་གསུམ་ཞུས་པ་དང་། དེའི་འོག་ཏུ་
བཅོམ་ལྡན་འདས་ཀྱིས་བསྐལ་པ་གྲངས་མེད་པ་དང་པོ་འདས་ནས་ས་དང་པོ་རབ་ཏུ་དགའ་བ་ཞེས་བྱ་བའི་སེམས་བསྐྱེད་པ་ནས་བཟུང་སྟེ། ཆོས་ཐམས་ཅད་ཀྱི་མཚན་ཉིད་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་རྟོག་པའི་རྒྱུས་ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་
ལས་འདས་པར་འགྱུར་ཞིང་། དེ་དག་ལས་འདས་ནས་ས་བརྒྱད་པ་ལ་ཕྱིར་མི་ལྡོག་པར་འགྱུར་ཏེ། རྣམ་པར་སྨིན་པའི་ཕ་རོལ་ཏུ་ཕྱིན་པ་རྣམས་ཀྱིས་བྱང་ཆུབ་ཀྱི་ལམ་ཡོངས་སུ་སྦྱོང་བར་བསྟན་ཏོ། །ཡང་ཅི་ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་ལས་འདས་མ་ཐག་ཏུ། དེ་དག་གིས་
མཆོད་པའི་གནས་སུ་འགྱུར་རམ། འོན་ཏེ་དུས་གཞན་ཞིག་ན་འགྱུར་སྙམ་དུ་གནས་བརྟན་ཡིད་གཉིས་སུ་གྱུར་ནས། བཅོམ་ལྡན་འདས་གང་ལ་གནས་ན་ཞེས་བྱ་བ་ལ་སོགས་པ་ཞུས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཐོག་མ་སེམས་དང་པོ་བསྐྱེད་ཕྱིན་ཆད་ཅེས་བྱ་བ་ལ་སོགས་
པས་ས་རབ་ཏུ་དགའ་བ་ཐོབ་མ་ཐག་ཏུ་མཆོད་པའི་གནས་སུ་འགྱུར་རོ་ཞེས་བསྟན་ཏོ། །ཤཱ་རིའི་བུ་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་བརྟེན་ནས་དགེ་བའི་ཆོས་ཐམས་ཅད་འཇིག་རྟེན་དུ་འབྱུང་བར་འགྱུར་ཏེ་ཞེས་བྱ་བ་ལ་སོགས་པས་ནི་དེའི་གཏན་ཚིགས་བསྟན་ཏོ། །

དེའི་འོག་ཏུ་ཆོས་དེ་དག་བསྟན་པ་ལ་འགྲེས་གསུམ་སྟེ་ཟག་པ་དང་བཅས་པ་དང་། ཟག་པ་མེད་པའི་དགེ་བའི་ཆོས་བསྟན་པའི་འགྲེས་དང་། ཟག་པ་དང་བཅས་པའི་དགེ་བའི་རྣམ་པར་སྨིན་པ་བསྟན་པའི་འགྲེས་དང་། ཟག་པ་མེད་པའི་དགེ་བའི་རྣམ་པར་སྨིན་པ་བསྟན་པའི་འགྲེས་
སོ། །དེ་ལ་ཟག་པ་དང་བཅས་པ་དང་། ཟག་པ་མེད་པའི་དགེ་བའི་ཆོས་བསྟན་པའི་འགྲེས་ལ་ནི། ཁྱིམ་པ་དང་། དགེ་བསྙེན་དང་། དགེ་བསྙེན་མའི་ཆོས་བསྟན་པ་དང་། ཉན་ཐོས་ཀྱི་ཆོས་བསྟན་པ་དང་། སངས་རྒྱས་ཀྱི་ཆོས་བསྟན་པ་སྟེ། འགྲེས་གསུམ་
བསྟན་ཏོ། །དགེ་བ་བཅུའི་ལས་ཀྱི་ལམ་རྣམས་དང་། ཡན་ལག་ལྔ་དང་ལྡན་པའི་ཚུལ་ཁྲིམས་དང་། ཡན་ལག་བརྒྱད་དང་ལྡན་པའི་ཚུལ་ཁྲིམས་དང་ཞེས་བྱ་བ་ཆོས་དེ་གསུམ་ནི་ཚུལ་ཁྲིམས་དང་དགེ་བསྙེན་དང་དགེ་བསྙེན་མའི་ཆོས་སོ། །བསམ་གཏན་ལ་སོགས་པའི་ལམ་
གྱི་མཐའ་ལ་ཐུག་གི་བར་དག་ནི་ཉན་ཐོས་ཀྱི་ཆོས་སོ། །ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་དང་སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་མཐའ་ལ་ཐུག་གི་བར་དུ་སངས་རྒྱས་བྱེད་པའི་ཆོས་རྣམས་ནི་སངས་རྒྱས་ཀྱི་ཆོས་སོ། །དེའི་འོག་ཏུ་དགེ་བའི་ཆོས་དེ་དག་འཇིག་རྟེན་དུ་བྱུང་བས་རྒྱལ་རིགས་
ཤིང་སཱ་ལ་ཆེན་པོ་ལྟ་བུ་དག་ཡོད་པ་ཡིན་ཞེས་བྱ་བ་ལ་སོགས་པས་འདོད་པ་དང་གཟུགས་དང་གཟུགས་མེད་པའི་ཁམས་སུ་གཏོགས་པའི་སེམས་ཅན་རྣམས་བསྟན་པས་ནི། ཟག་པ་དང་བཅས་པའི་དགེ་བའི་རྣམ་པར་སྨིན་པ་བསྟན་ཏོ། །རྒྱུན་ཏུ་ཞུགས་པ་རྣམས་འཇིག་རྟེན་དུ་འབྱུང་བ་
ཡིན་ཞེས་བྱ་བ་ལ་སོགས་པས་ནི་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་དང་། ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་བསྟན་པས་ནི་ཟག་པ་མེད་པའི་དགེ་བའི་རྣམ་པར་སྨིན་པ་བསྟན་ཏོ། །སྦྱིན་པ་ཡོངས་སུ་སྦྱོང་ཞེས་བྱ་བ་ནི་གང་དེ་ལ་སྦྱིན་པ་བྱེད་པ་དེ་དག་འབྲས་བུ་ཆེན་པོར་འགྱུར་
བ་དང་། རྣམ་པར་དག་པར་འགྱུར་བ་ལ་སྦྱིན་པ་ཡོངས་སུ་སྦྱོང་བ་ཞེས་བྱའོ། །སྦྱིན་པ་ཤིན་ཏུ་རྣམ་པར་དག་པ་ཉིད་ཀྱི་ཕྱིར་ཞེས་བྱ་བ་ནི་འདི་ནི་བྱང་ཆུབ་སེམས་དཔའི་སྦྱིན་པ་ནི་དེ་ལྟ་བུའི་ཆོས་ཉིད་དེ། སྦྱིན་པ་པོ་ཡིན་པའི་ཕྱིར་རོ་ཞེས་སྟོན་ཏོ། །དེ་ལྟར་ཇི་ལྟར་བརྩོན་པར་བྱ་བ་བསྟན་

ནས། དེ་ནི་བརྩོན་པར་བྱེད་པ་རྣམས་ཀྱི་མཚན་ཉིད་གང་ཡིན་པ་ཞེས་བྱ་བ་དེ་བསྟན་པའི་ཕྱིར། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པར་བགྱིས་ན་བརྩོན་པ་ཞེས་བགྱི་བ་ལགས་ཞེས་
ཞུས་པ་དང་། དེ་ནས་ཕུང་པོ་དང་ཁམས་དང་སྐྱེ་མཆེད་དང་། འཕགས་པའི་བདེན་པ་དང་། རྟེན་ཅིང་འབྲེལ་བར་འབྱུང་བ་དང་། ཆོས་ཐམས་ཅད་འདུས་བྱས་དང་། འདུས་མ་བྱས་ཀྱི་དབང་གིས་ཆོས་ཐམས་ཅད་སོ་སོར་ཕུང་པོ་བདུན་དུ་བསྡུས་ཏེ། རྣམ་པ་བདུན་གྱིས་སྟོང་པ་
ཉིད་ལ་སྤྱོད་པ་ན། དེ་ཙམ་གྱིས་བརྩོན་པར་བྱ་བ་ཡོངས་སུ་རྫོགས་པ་མ་ཡིན་པའི་ཕྱིར་རེ་ཞིག་བརྩོན་པ་ཞེས་ཀྱང་མི་བྱའོ། །བརྩོན་པར་བྱ་བ་བརྩམས་པའི་ཕྱིར་བརྩོན་པ་མ་ཡིན་ནོ་ཞེས་ཀྱང་བརྗོད་པར་མི་བྱའོ་ཞེས་བསྟན་པའི་ཕྱིར་བརྩོན་ཞེ་འམ་མི་བརྩོན་ཞེས་མི་བརྗོད་དོ་ཞེས་གསུངས་
སོ། འོ་ན་ཇི་ལྟར་ན་བརྩོན་པ་ཡིན་སྙམ་དུ་ཐེ་ཚོམ་ཟ་བ་ལ་དེ་ཅིའི་ཕྱིར་ཞེ་ན་ཞེས་བྱ་བ་གསུངས་སོ། །དེ་སྐད་ཅེས་གསུངས་ནས་གཟུགས་ལ་སོགས་པ་སོ་སོའི་བྱེ་བྲག་གི་ངོ་བོ་ཉིད་དམིགས་སུ་མེད་པ་དང་། འདུས་པའི་ངོ་བོ་ཉིད་དམིགས་སུ་མེད་པ་དང་། རང་གི་མཚན་ཉིད་
དམིགས་སུ་མེད་པ་དང་། ཆོས་ཐམས་ཅད་དམིགས་སུ་མེད་པ་དང་། རྣམ་པ་བཞིས་སྟོང་པ་ཉིད་ལ་སྤྱོད་ན་བརྩོན་པ་ཞེས་བྱ་བར་སྟོན་ཏེ། འདི་ལྟར་དེས་གཟུགས་སྐྱེ་བའི་ཆོས་ཅན་ནམ་འགག་པའི་ཆོས་ཅན་དུ་ཡང་དག་པར་རྗེས་སུ་མི་མཐོང་ངོ་ཞེས་བྱ་བ་ནས། རང་བྱང་ཆུབ་དང་།
སངས་རྒྱས་དང་། བྱང་ཆུབ་ཡང་དག་པར་རྗེས་སུ་མི་མཐོང་ངོ་ཞེས་བྱ་བའི་མཐའ་ལ་ཐུག་གི་བར་གྱིས་རྒྱས་པར་བསྟན་ཏོ། །འདི་ལྟར་དེས་གཟུགས་སྐྱེ་བའི་ཆོས་ཅན་ནམ་འགག་པའི་ཆོས་ཅན་ཞེས་བྱ་བ་ནི་སྐྱེ་བའི་ངོ་བོ་ཉིད་དམ་འགག་པའི་ངོ་བོ་ཉིད་ཅེས་བྱ་བའི་ཐ་ཚིག་གོ། །
གལ་ཏེ་གཟུགས་སྐྱེ་བའི་ངོ་བོ་ཉིད་ཡིན་ན་ནི་འགག་པའི་ངོ་བོ་ཉིད་དུ་མི་འགྱུར་རོ། །གལ་ཏེ་འགག་པའི་ངོ་བོ་ཉིད་ཡིན་ན་སྐྱེ་བའི་ངོ་བོ་ཉིད་དུ་མི་འགྱུར་ཏེ། དངོས་པོ་གཅིག་ལ་རང་བཞིན་གཉིས་ཡོད་པ་ཤིན་ཏུ་འགལ་བའི་ཕྱིར་རོ། །གལ་ཏེ་གཟུགས་ལ་སྐྱེ་བ་ཞེས་བྱ་བའི་ཆོས་

ཤིག་ཡོད་ན་ཡང་། བདག་ལས་སྐྱེ་བའམ། གཞན་ལས་སྐྱེའམ། གཉིས་ཀ་ལས་སྐྱེའམ། རྒྱུ་མེད་པ་ལས་སྐྱེ་བར་འགྱུར་རམ་ཞེས་རྣམ་པར་རྟོག་པ་བཞིར་འགྱུར་རོ། །དེ་ལ་བདག་ལས་སྐྱེ་བ་ནི་མི་རིགས་ཏེ། དེའི་ཚེ་ཆོས་མ་སྐྱེས་པའི་ཕྱིར་རོ། །མེད་པའི་བདག་ཉིད་ནི་
སྐྱེ་བའི་རྒྱུར་མི་རུང་བའི་ཕྱིར་རོ། །གལ་ཏེ་སྐྱེ་བའི་སྔོན་རོལ་ན་ཆོས་དེ་ཡོད་པར་འགྱུར་དུ་ནི་དེ་ཡང་མི་རིགས་ཏེ་ཡོད་པ་ནི་ཡང་སྐྱེ་བར་མི་རིགས་པའི་ཕྱིར་རོ། །ཡོད་པ་ལས་སྐྱེ་བར་རྟག་ན་ནི་དུས་ཐམས་ཅད་དུ་སྐྱེ་བར་འགྱུར་ཏེ། ནམ་ཡང་མི་སྐྱེ་བར་མི་འགྱུར་རོ། །དེ་བས་བདག་ལ་
སྐྱེ་བ་མི་རིགས་སོ། །གཞན་ལས་སྐྱེ་བ་ཡང་མི་རིགས་ཏེ། གལ་ཏེ་གཞན་ལས་གཞན་དག་སྐྱེ་བར་འགྱུར་ན་ནི་ཐམས་ཅད་ལས་ཐམས་ཅད་སྐྱེ་བར་འགྱུར་རོ། །གཉིས་ཀ་ལས་སྐྱེ་ཞེས་བྱ་བར་ཡང་སྐྱོན་དེ་གཉིས་ལས་མི་ཐར་རོ། །རྒྱུ་མེད་པ་ལས་སྐྱེ་བར་ཡང་མི་རིགས་ཏེ།
ཐམས་ཅད་དུ་ཐམས་ཅད་ལས་སྐྱེ་བར་འགྱུར་བའི་ཕྱིར་རོ། །དེ་ལྟར་རྣམ་པར་དཔྱད་ན་དོན་དམ་པར་སྐྱེ་བ་མེད་དེ། ཇི་སྐད་དུ་བདག་ལས་མ་ཡིན་གཞན་ལས་མིན། །གཉིས་ལས་མ་ཡིན་རྒྱུ་མེད་མིན། །དངོས་པོ་གང་དག་གང་ན་ཡང་། །སྐྱེ་བ་ནམ་ཡང་ཡོད་མ་ཡིན། །ཞེས་བྱ་བ་
བཤད་པ་ལྟ་བུའོ། །འགག་པའི་ཆོས་ཅན་དུ་འང་མི་རིགས་ཏེ། སྐྱེ་བ་མེད་པའི་ཕྱིར་རོ། །འདི་ལྟར་སྐྱེས་པ་ནི་འགག་པར་འགྱུར་གྱི་མ་སྐྱེས་པ་ནི་འགག་པར་མི་འགྱུར་རོ། །གཞན་ཡང་གལ་ཏེ་འགག་པ་ཞེས་བྱ་བའི་ཆོས་ཤིག་ཡོད་པར་གྱུར་ན་ནི་ཡོད་པ་འམ་མེད་པའི་ཆོས་ཤིག་
ཡིན་གྲང་ན། དེ་ལ་ཡོད་ན་ནི་འགག་པར་མི་འཐད་དེ། །ཡོད་པ་དང་མེད་པ་གཉིས་དངོས་པོ་གཅིག་ལ་མི་སྲིད་པའི་ཕྱིར་རོ། །མེད་པ་ཡང་འགག་པར་མི་འཐད་དེ་མེད་པ་ཉིད་ཀྱི་ཕྱིར་རོ། །འདི་ལྟར་རི་བོང་གི་རྭ་ལ་འགག་པ་ཡོད་དོ་ཞེས་བྱར་མི་དུང་སྟེ། དངོས་པོ་ཀུན་གྱི་སྐྱེ་བ་དག །
མི་འཐད་པ་ནི་གང་ཡིན་པ། །དེ་ཉིད་དངོས་པོ་ཐམས་ཅད་ཀྱི། །འགག་པ་འཐད་པ་མ་ཡིན་པའོ། །ཡོད་པ་དང་ནི་མེད་པ་གཉིས། །གཅིག་ལ་འཐད་པ་མ་ཡིན་ནོ། །ཡོད་པ་མིན་པའི་དངོས་པོ་ལ། །འགག་པ་འཐད་པ་མ་ཡིན་ཏེ། །ཇི་ལྟར་མགོ་ལ་ལན་གཉིས་སུ། །བཅད་

དུ་མེད་པ་དེ་བཞིན་ནོ། །ཞེས་ཀྱང་བཤད་དོ། །དེ་བས་ན་སྐྱེ་བ་ཞེས་བྱ་བ་དང་། འགག་པ་ཞེས་བྱ་བ་དེ་ནི་ཀུན་བརྟགས་པ་ཡིན་ཏེ། ཐ་སྙད་ཙམ་དུ་ཟད་ཀྱི་དོན་དམ་པར་ནི་མེད་དོ། །དེ་བས་ན་གཟུགས་སྐྱེ་བའི་ཆོས་ཅན་ནམ། འགག་པའི་ཆོས་ཅན་དུ་ཡང་དག་པར་
རྗེས་སུ་མི་མཐོང་ངོ་ཞེས་གསུངས་སོ། །དེ་བཞིན་དུ་གཟུགས་ལ་སོགས་པ་ཀུན་ནས་ཉོན་མོངས་པའམ། རྣམ་པར་བྱང་བར་མི་འཐད་དེ། གལ་ཏེ་དངོས་པོ་རྣམས་ཀུན་ནས་ཉོན་མོངས་པའི་ངོ་བོ་ཉིད་ཡིན་ན། ངོ་བོ་ཉིད་ནི་བཏང་བར་མི་ནུས་པའི་ཕྱིར་ནམ་ཡང་རྣམ་པར་བྱང་བར་མ་འགྱུར་
རོ། །གལ་ཏེ་རྣམ་པར་བྱང་ཞིང་ཡོངས་སུ་དག་པའི་ངོ་བོ་ཉིད་ཡིན་ན་ནི་ངོ་བོ་ཉིད་བཏང་དུ་མི་རུང་བའི་ཕྱིར་ནམ་ཡང་ཆོས་རྣམས་ཀུན་ནས་ཉོན་མོངས་པར་མི་འགྱུར་རོ། །གཞན་ཡང་གལ་ཏེ་ཆོས་རྣམས་ཀུན་ནས་ཉོན་མོངས་པ་ཞིག་ཡིན་ན་ཀུན་ནས་ཉོན་མོངས་པར་གྱུར་པ་འམ། །རྣམ་པར་
དག་པ་ལས་འགྱུར་གྲང་ན། གལ་ཏེ་ཀུན་ནས་ཉོན་མོངས་པར་གྱུར་པ་རྣམས་ཀུན་ནས་ཉོན་མོངས་པར་འགྱུར་ན་ནི་ཀུན་ནས་ཉོན་མོངས་པ་དོན་མེད་པར་འགྱུར་ཏེ། ཀུན་ནས་ཉོན་མོངས་པར་གྱུར་ཟིན་པ་རྣམས་ལ་ཡང་ཀུན་ནས་ཉོན་མོངས་པ་བསྐྱེད་མི་དགོས་པའི་ཕྱིར་རོ། །ཡང་གཅིག་ཏུ་ན་
ཀུན་ནས་ཉོན་མོངས་པ་ཡང་དང་ཡང་སྐྱེ་བ་ནམ་ཡང་རྣམ་པར་བྱང་བར་མི་འགྱུར་རོ། །རྣམ་པར་དག་པ་རྣམས་ཀྱང་ཀུན་ནས་ཉོན་མོངས་པར་མི་འཐད་དེ་འགལ་བའི་ཕྱིར་རོ། །དངོས་པོ་གཅིག་ལ་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་དག་པ་གཉིས་ཅིག་ཅར་འབྱུང་བ་མི་འཐད་དེ།
ངོ་བོ་ཉིད་གཉིས་མེད་པའི་ཕྱིར་རོ། །དེ་བཞིན་དུ་རྣམ་པར་བྱང་བ་ཡང་ཀུན་ནས་ཉོན་མོངས་པར་གྱུར་པའམ། རྣམ་པར་དག་པ་ལས་འགྱུར་གྲང་ན། ཀུན་ནས་ཉོན་མོངས་པར་གྱུར་པ་ལ་ནི་རྣམ་པར་བྱང་བ་མེད་དེ། ཆོས་དེ་གཉིས་འགལ་བའི་ཕྱིར་རོ། །རྣམ་པར་དག་པ་ཡང་
རྣམ་པར་བྱང་བར་མི་རིགས་ཏེ། རྣམ་པར་དག་པས་དོན་མེད་པའི་ཕྱིར་རོ། །དེ་བས་ན་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བ་དོན་དམ་པར་ཡོད་པ་མ་ཡིན་གྱི། ངོ་བོ་ཉིད་ཀྱིས་རྣམ་པར་དག་པའི་དེ་བཞིན་ཉིད་ལ་སོ་སོའི་སྐྱེ་བོའི་གནས་སྐབས་ན་གློ་བུར་གྱི་ཀུན་ནས་ཉོན་མོངས་

པ་ལ། ཀུན་ནས་ཉོན་མོངས་པ་ཞེས་གདགས་ཤིང་རྣམ་པར་དག་པའི་གནས་སྐབས་ན་གློ་བུར་གྱི་ཀུན་ནས་ཉོན་མོངས་པ་མེད་པ་ལ་རྣམ་པར་བྱང་བ་ཞེས་གདགས་པར་ཟད་དེ། གཟུགས་ལ་སོགས་པའི་ཆོས་ཉིད་དུ་ནི་མི་རིགས་སོ། །དེའི་ཕྱིར་གཟུགས་ཀུན་ནས་ཉོན་མོངས་པའི་ཆོས་
ཅན་ནམ། རྣམ་པར་བྱང་བའི་ཆོས་ཅན་དུ་ཡང་དག་པར་རྗེས་སུ་མི་མཐོང་ངོ་ཞེས་གསུངས་སོ། །དེ་ལྟར་གཟུགས་ལ་སོགས་པ་ལ་ངོ་བོ་ཉིད་མེད་པའི་ཚུལ་བསྟན་ནས། ད་ནི་གཟུགས་ནི་ཚོར་བ་དང་ལྷན་ཅིག་ཡང་དག་པར་འདུ་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ངོ་ཞེས་
བྱ་བ་ལ་སོགས་པས་འདུས་པ་ལ་ཕུང་པོའི་མཚན་ཉིད་མེད་པར་སྟོན་ཏེ་ཕུང་པོ་ཞེས་བྱ་བ་ནི་སྤུངས་པ་ཞེས་བྱ་བའི་དོན་ཡིན་ལ། སྤུངས་པ་ཡང་དག་པར་འདུ་བ་ཡོད་ན་སྲིད་པར་འགྱུར་ན། ཇི་ལྟར་ཆོས་རྣམས་ལ་ཡང་དག་པར་འདུ་བ་མེད་དེ། དེ་བས་ན་ཕུང་པོའི་མཚན་ཉིད་ཀྱང་
མེད་དོ་ཞེས་བསྟན་པའོ། །ཆོས་རྣམས་ལྷན་ཅིག་ཡང་དག་པར་འདུ་ན་ཡང་། འཁྲུལ་པ་ཡོད་པའམ་མཚན་ཉིད་གཅིག་པ་ཞིག་ཏུ་འགྱུར་གྲང་ན། གཟུགས་ནི་ཚོར་བ་ལ་སོགས་པ་དང་ལྷན་ཅིག་འཁྲུལ་པ་མེད་པ་མ་ཡིན་ཞིང་མཚན་ཉིད་ཐ་དད་དོ། །དེ་བཞིན་དུ་ཚོར་བ་ལ་སོགས་
པ་ཡང་གཟུགས་དང་ལྷན་ཅིག་ཡང་དག་པར་འདུ་བ་མི་རིགས་སོ། །དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་རྣམས་ཀྱང་མཚན་ཉིད་སོ་སོ་ཐ་དད་དེ། མཚན་ཉིད་སོ་སོ་ཞིང་ཤིན་ཏུ་ཐ་དད་པ་དེ་དག་ཇི་ལྟར་ཕུང་པོའི་ངོ་བོ་ཉིད་གཅིག་ཏུ་ཡང་དག་པར་
འདུ་བར་འགྱུར། གཞན་ཡང་གཟུགས་དང་ཚོར་བ་ལ་སོགས་པ་ལས་གཟུགས་དང་ཚོར་བ་ལ་སོགས་པའི་བདག་ཉིད་གང་ཡིན་པ་དེ་དག་ནི་ཀུན་བརྟགས་པ་སྟེ། སྒྱུ་མ་ལྟ་བུ་ཡིན་པར་རང་བཞིན་གྱིས་སྟོང་ངོ་། །དེ་ལ་ཇི་ལྟར་སྒྱུ་མའི་དངོས་པོ་རྟ་དང་གླང་པོ་ཆེ་ལ་སོགས་པ་དོན་དམ་པར་
གཅིག་ཏུ་འདུ་བ་མེད་པ་དེ་བཞིན་དུ་ཀུན་བརྟགས་པའི་གཟུགས་ལ་སོགས་པ་ཡང་གཅིག་ཏུ་འདུ་བ་མེད་དོ། །གཟུགས་ལ་སོགས་པའི་དེ་བཞིན་ཉིད་ཀྱི་བདག་ཉིད་གང་ཡིན་པ་དེ་ཡང་རང་བཞིན་གྱིས་སྟོང་པ་ཉིད་ཁོ་ནའོ། །དེ་ལ་རང་བཞིན་གྱིས་སྟོང་པ་ཉིད་ཀྱི་ཕྱིར་ཞེས་བྱ་བས་ནི་ཇི་ལྟར་

ནམ་མཁའ་ནམ་མཁའ་དང་ལྷན་ཅིག་འདུ་བ་མེད་པ་ལྟར་ཆོས་ཉིད་ཀྱི་གཟུགས་ལ་སོགས་པ་ཡང་དེ་བཞིན་ནོ་ཞེས་སྟོན་ཏོ། །འདི་ནི་སྒོ་ཙམ་ཞིག་བསྟན་པར་ཟད་དེ། འདི་ལྟར་གཟུགས་ནི་ཚོར་བ་ལ་སོགས་པ་དང་ལྷན་ཅིག་འདུ་བ་མེད། ཚོར་བ་ལ་སོགས་
པ་ཡང་གཟུགས་དང་ལྷན་ཅིག་འདུ་བ་མེད། ཚོར་བ་ནི་འདུ་ཤེས་པ་ལ་སོགས་པ་དང་ལྷན་ཅིག་འདུ་བ་མེད་འདུ་ཤེས་ལ་སོགས་པ་ཡང་ཚོར་བ་དང་ལྷན་ཅིག་འདུ་བ་མེད། འདུ་ཤེས་ནི་འདུ་བྱེད་ལ་སོགས་པ་དང་ལྷན་ཅིག་འདུ་བ་མེད། འདུ་བྱེད་ལ་སོགས་པ་ཡང་འདུ་ཤེས་དང་ལྷན་
ཅིག་འདུ་བ་མེད། འདུ་བྱེད་ནི་རྣམ་པར་ཤེས་པ་དང་ལྷན་ཅིག་འདུ་བ་མེད། རྣམ་པར་ཤེས་པ་ཡང་འདུ་བྱེད་དང་ལྷན་ཅིག་འདུ་བ་མེད་དོ་ཞེས་བྱ་བར་སྦྱར་བར་བྱའོ།། །།བམ་པོ་བདུན་པ། ད་ནི་གཟུགས་ལ་སོགས་པ་དེ་དག་གི་རང་གི་མཚན་ཉིད་བསལ་བའི་
ཕྱིར། གཟུགས་ཀྱི་སྟོང་པ་ཉིད་གང་ཡིན་པ་དེ་ནི་གཟུགས་མ་ཡིན་ཞེས་བྱ་བ་ལ་སོགས་པ་བསྟན་ཏོ། །དེ་ལྟར་སྟོང་པ་ཉིད་ལ་བརྩོན་པར་བྱས་ན་གཟུགས་ལ་སོགས་པ་ཀུན་བརྟགས་པ་རྣམས་གཟུགས་ལ་སོགས་པའི་མཚན་ཉིད་དུ་མི་སྣང་གི། དེ་དག་སྟོང་པ་ཉིད་ཀྱི་མཚན་ཉིད་
དུ་སྣང་སྟེ། དེའི་ཚེ་གཟུགས་ཀྱི་སྟོང་པ་ཉིད་གང་ཡིན་པ་དེ་དག་གཟུགས་མ་ཡིན་ནོ་ཞེས་བསྟན་ཏོ། །དེ་ཅིའི་ཕྱིར་སྙམ་པ་ལ། ཤཱ་རིའི་བུ་འདི་ལྟར་གཟུགས་ཀྱི་སྟོང་པ་ཉིད་གང་ཡིན་པ་དང་གཟུགས་སུ་ཡོད་པ་མ་ཡིན་ནོ་ཞེས་གསུངས་ཏེ། གཟུགས་སུ་ཡོད་པའི་མཚན་ཉིད་ལ་ནི་
གཟུགས་ཞེས་བྱ་ན། འདི་ལྟར་སྟོང་པ་ཉིད་ལ་ནི་གཟུགས་སུ་མེད་དེ། དེའི་ཕྱིར་གཟུགས་མ་ཡིན་ནོ། འདི་ལྟར་ཚོར་བར་བྱེད་པ་མེད་དེ། དེའི་ཕྱིར་ཚོར་བ་མ་ཡིན་ནོ། །འདི་ལྟར་འདུས་ནས་ཤེས་པ་མེད་དེ། དེའི་ཕྱིར་འདུ་ཤེས་མ་ཡིན་ནོ། །འདི་ལྟར་མངོན་པར་འདུ་བྱེད་
པ་མེད་དེ། དེའི་ཕྱིར་འདུ་བྱེད་རྣམས་མ་ཡིན་ནོ། །འདི་ལྟར་སྟོང་པ་ཉིད་དེ་ལ་རྣམ་པར་ཤེས་པར་བྱེད་པ་མེད་དེ། དེའི་ཕྱིར་རྣམ་པར་ཤེས་པ་མ་ཡིན་ནོ། །འདི་ལྟར་གཟུགས་ལ་སོགས་པ་དེ་དག་གི་རང་གི་མཚན་ཉིད་བསལ་ཏེ། དེ་སྐད་ཅེས་བཀའ་སྩལ་པ་དང་། གལ་ཏེ་

གཟུགས་ལ་སོགས་པ་གཟུགས་སུ་རུང་བ་ལ་སོགས་པའི་མཚན་ཉིད་དུ་མེད་ན། འོ་ན་ནི་གཟུགས་ལ་སོགས་པའི་སྒྲ་ཡུལ་མེད་པར་འགྱུར་རོ་སྙམ་དུ་ཐེ་ཚོམ་ཟོས་ནས། དེ་ཅིའི་སླད་དུ་ཞེས་ཞུས་པ་དང་། གཟུགས་ལ་སོགས་པའི་སྒྲ་ནི་ཆོས་ཉིད་ཀྱི་གཟུགས་ལ་སོགས་པ་ལ་བྱ་སྟེ།
དེ་བས་ན་སྟོང་པ་ཉིད་དང་གཟུགས་ལ་སོགས་པ་ལ་ཐ་དད་པ་མེད་པར་གཟུགས་ཀྱང་རང་བཞིན་མ་ཡིན་ལ། སྟོང་པ་ཉིད་ཀྱང་གཞན་མ་ཡིན་ནོ། །སྟོང་པ་ཉིད་ཀྱང་གཞན་མ་ཡིན་ལ་གཟུགས་ཀྱང་གཞན་མ་ཡིན་ནོ་ཞེས་བྱ་བས་བསྟན་ཏོ། །དེ་བས་ན་ཐམས་ཅད་དུ་ཡང་གཟུགས་ལ་སོགས་
པའི་སྒྲ་ནི་སྟོང་པ་ཉིད་ལ་བྱ་སྟེ། སྟོང་པ་ཉིད་ཀྱི་སྒྲ་ཡང་ཆོས་ཉིད་ཀྱི་གཟུགས་ལ་སོགས་པ་ལ་བྱ་བར་གཟུགས་ཉིད་ཀྱང་སྟོང་པ་ཉིད་ལ་སྟོང་པ་ཉིད་ཀྱང་གཟུགས་སོ་ཞེས་བྱ་བས་བསྟན་ཏོ། །སྔར་སྨོས་པའི་སྟོང་པ་ཉིད་ཀྱིས་རྣམ་པ་ཐམས་ཅད་བསྟན་ཏོ། །ཤཱ་རིའི་བུ་སྟོང་པ་ཉིད་ནི་མི་
སྐྱེ་མི་འགག་ཅེས་བྱ་བ་ལ་སོགས་པ་ནི་སྐྱེ་བ་དང་འགག་པ་ཉིད་ཀྱི་ཕྱིར། འགྲིབ་པ་མེད་ཅིང་འཕེལ་བ་མེད་པ་སྟེ། འདས་པའང་མ་ཡིན། མ་འོངས་པ་ཡང་མ་ཡིན། ད་ལྟར་བྱུང་བ་ཡང་མ་ཡིན་ནོ། །གཟུགས་ལ་སོགས་པའི་མཚན་ཉིད་མེད་པའི་ཕྱིར་ཆོས་ཐམས་ཅད་ཀྱང་
དེ་ལ་དམིགས་སུ་མེད་དེ། དེ་བས་ན་ཆོས་ཐམས་ཅད་དམིགས་སུ་མེད་པ་དེ་ལ་ནི་གཟུགས་མེད་དོ། །ཚོར་བ་མེད་དོ། །འདུ་ཤེས་མེད་དོ་ཞེས་བྱ་བ་ནས། སངས་རྒྱས་མེད་དོ། །བྱང་ཆུབ་མེད་དོ་ཞེས་བྱ་བའི་བར་གྱིས་སྟོན་ཏོ། །དེ་ལྟར་རྣམ་པ་བཅུ་གཅིག་གིས་བརྩོན་པའི་
མཚན་ཉིད་བསྟན་ནས། དེའི་འོག་ཏུ་བདག་ལ་བརྩོན་ཞེས་བྱ་བ་དང་། མི་བརྩོན་ཞེས་བྱ་བའི་རྣམ་པར་རྟོག་པ་ཡོངས་སུ་སྤང་བ་དང་། རྣམ་པར་ཐར་པའི་སྒོ་རྣམས་ལ་བརྩོན་པ་དང་། མི་བརྩོན་པའི་རྣམ་པར་རྟོག་པ་ཡོངས་སུ་སྤང་བ་དང་། ཆོས་རྣམས་ཀྱི་རང་གི་མཚན་ཉིད་ལ་
བརྩོན་པ་དང་། མི་བརྩོན་པའི་རྣམ་པར་རྟོག་པ་ཡོངས་སུ་སྤང་བ་དང་། ཆོས་རྣམས་མཐའ་དང་སྦྱོར་བ་ཡོངས་སུ་སྤང་བ་དང་། མཐའ་རྣམས་གཅིག་ལ་གཅིག་སྦྱོར་བ་ཡོངས་སུ་སྤང་བ་དང་། ཆོས་རྣམས་དུས་གསུམ་དང་སྦྱོར་བ་ཡོངས་སུ་སྤང་བ་དང་། ཆོས་རྣམས་རྣམ་

པ་ཐམས་ཅད་མཁྱེན་པ་ཉིད་དང་། སྦྱོར་བ་ཡོངས་སུ་སྤང་བ་དང་། ཆོས་ཐམས་ཅད་འབྱུང་བ་དང་། འཇིག་པ་དང་སྦྱོར་བ་ཡོངས་སུ་སྤང་བ་དང་། ཆོས་ཐམས་ཅད་རྟག་པ་ལ་སོགས་པ་དང་སྦྱོར་བ་ཡོངས་སུ་སྤང་བ་དང་། དེ་དག་ཉིད་རྣམ་པར་ཐར་
པའི་སྒོ་རྣམས་དང་སྦྱོར་བ་ཡོངས་སུ་སྤང་བ་དང་། ཆོས་རྣམས་འདྲེས་པར་སྦྱོར་བ་ཡོངས་སུ་སྤང་བ་དང་། མངོན་པར་ཤེས་པ་དང་སྦྱོར་བ་ཡོངས་སུ་སྤང་བ་དང་། མངོན་པར་ཤེས་པའི་བྱ་བ་དང་སྦྱོར་བ་ཡོངས་སུ་སྤང་བ་དང་། འདུ་བ་དང་བྲལ་བའི་རྣམ་པར་རྟོག་པ་ཡོངས་སུ་སྤང་
བ་དང་། མངོན་པར་རྫོགས་པར་བྱང་ཆུབ་པའི་རྣམ་པར་རྟོག་པ་ཡོངས་སུ་སྤང་བ་དང་། སྟོང་པ་ཉིད་ལ་སྦྱོར་བའི་རྣམ་པར་རྟོག་པ་ཡོངས་སུ་སྤང་བ་སྟེ། དེ་ལྟར་རྣམ་པ་བཅུ་དྲུག་གིས་སྟོང་པ་ཉིད་ལ་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པར་བསྟན་ཏོ། །དེ་ལ་གཟུགས་ལ་བརྩོན་
ཞེས་བྱ་བ་འམ། མི་བརྩོན་ཞེས་བྱ་བར་ཡང་དག་པར་རྗེས་སུ་མི་མཐོང་ཞེས་བྱ་བ་ནི་བདག་ལ་བྱེད་པ་པོ་ལ་སོགས་པར་རྣམ་པར་རྟོག་པ་མེད་པ་དང་། ངར་འཛིན་པ་མི་འཇུག་པའི་ཕྱིར་རོ། །སྟོང་པ་ཉིད་དང་སྟོང་པ་ཉིད་དུ་མི་སྦྱོར་ཞེས་བྱ་བ་ནི་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་བསྒོམ་པ་ན།
གལ་ཏེ་སྟོང་པ་ཉིད་ཅེས་བྱ་བའི་ཆོས་གཞན་ཞིག་ཡོད་དོ་སྙམ་དུ་བསྒོམས་ན་ནི། དེའི་ཚེ་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་དང་། སྟོང་པ་ཉིད་སྦྱོར་བར་འགྱུར་ན། འདི་ལྟར་ཆོས་ཐམས་ཅད་དམིགས་སུ་མེད་པ་ཉིད་དེ་སྟོང་པ་ཉིད་ཀྱི་རྣམ་པར་ཡང་རྣམ་པ་མེད་པར་བསྒོམ་པ་སྟེ། དེའི་ཕྱིར་སྟོང་པ་
ཉིད་དང་སྟོང་པ་ཉིད་དུ་མི་སྦྱོར་ཞེས་བྱའོ། །སྟོང་པ་ཉིད་ཀྱི་རྣལ་འབྱོར་དང་ཡང་མ་ཡིན་ནོ་ཞེས་བྱ་བ་ལ་སྟོང་པ་ཉིད་ཀྱི་རྣལ་འབྱོར་ནི་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ཏེ། སྟོང་པ་ཉིད་ཀྱི་རྣལ་འབྱོར་དེ་ཡང་སྟོང་པ་ཉིད་ཀྱི་རྣལ་འབྱོར་གྱི་ངོ་བོ་ཉིད་གཞན་དང་མི་སྦྱོར་རོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་བཞིན་
དུ་མཚན་མ་མེད་པའི་ཆོས་གཞན་དུ་རྣམ་པར་རྟོག་པ་མེད་པ་དང་། སྨོན་པ་མེད་པའི་ཆོས་གཞན་དུ་རྣམ་པར་རྟོག་པ་མེད་པའི་ཕྱིར་ཞེས་བྱ་བ་དང་ཡང་སྦྱར་བར་བྱའོ། །དེའི་ཕྱིར་སྟོང་པ་ཉིད་ནི་རྣལ་འབྱོར་ཡང་མ་ཡིན། རྣལ་འབྱོར་མ་ཡིན་པ་ཡང་མ་ཡིན་ཞེས་གསུངས་ཏེ། འདི་ལྟར་སྟོང་

པ་ཉིད་ནི་གཟུགས་ལ་སོགས་པ་ཀུན་བརྟགས་པ་གཞན་ཐམས་ཅད་ཀྱི་རྣལ་འབྱོར་གྱི་རྣམ་པ་དང་བྲལ་བ་སྟེ། དེའི་ཕྱིར་རྣལ་འབྱོར་མ་ཡིན་ནོ། །འདི་ལྟར་བདག་ཉིད་ཀྱིས་བརྗོད་དུ་མེད་ཅིང་མཚན་མ་མེད་པའི་ཏིང་ངེ་འཛིན་གྱི་ངོ་བོ་ཉིད་ཡིན་ཏེ། དེའི་ཕྱིར་རྣལ་འབྱོར་མ་ཡིན་པ་ཡང་མ་ཡིན་ནོ། །
གཟུགས་མི་སྦྱོར་མི་འབྱེད་ཅེས་བྱ་བ་ནི་ཆོས་ཀྱི་གཟུགས་ལ་སོགས་པ་ལ་རང་གི་མཚན་ཉིད་སྟོང་པ་ཉིད་ཀྱི་གཟུགས་སུ་ཡོད་པ་ལ་སོགས་པའི་མཚན་ཉིད་རྣམ་པར་མ་མཐོང་བས་མི་སྦྱོར་རོ། །ཆོས་ཉིད་ཀྱི་བདག་ཉིད་དུ་བསྒོམ་པར་བྱ་བ་ཡིན་པས་མི་འབྱེད་དོ། །དེའི་ཕྱིར་ཆོས་རྣམས་ཀྱི་རང་གི་
མཚན་ཉིད་སྟོང་པ་ཉིད་ལ་འཇུག་སྟེ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །གཟུགས་དང་སྔོན་གྱི་མཐར་མི་སྦྱོར་ཞེས་བྱ་བ་བཀའ་སྩལ་ནས། འདི་ལྟར་སྔོན་གྱི་མཐའ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་ཞེས་གཏན་ཚིགས་ཀྱང་ཉིད་ཀྱིས་གསུངས་སོ། །སྔོན་གྱི་མཐའ་ལ་སོགས་པ་
དུས་གསུམ་ཉིད་ཡང་དག་པར་རྗེས་སུ་མི་མཐོང་སྟེ། ཡང་དག་པར་རྗེས་སུ་མ་མཐོང་ན་ཇི་ལྟར་སྦྱར་བར་བྱ། སྔོན་གྱི་མཐའ་དང་ཕྱི་མའི་མཐར་མི་སྦྱོར་ཞེས་བྱ་བ་ནི་སྔོན་གྱི་མཐའི་ལས་དེའི་རྣམ་པར་སྨིན་པ་ཕྱི་མའི་མཐའ་འདི་འདྲ་བ་མྱོང་ངོ་ཞེས་ལས་དང་འབྲས་བུ་དམིགས་པའི་ཚུལ་གྱིས་
སྤྱོད་ན་སྔོན་གྱི་མཐའ་དང་ཕྱི་མའི་མཐར་སྦྱོར་བ་དང་། ཕྱི་མའི་མཐའ་དང་ཡང་སྔོན་གྱི་མཐར་སྦྱོར་རོ་ཞེས་བྱའོ། །སྔོན་གྱི་མཐའི་ལས་དེའི་རྣམ་པར་སྨིན་པ་ནི་ད་ལྟར་བྱུང་བ་ན་འདི་ཡིན་ནོ་ཞེས་རྣམ་པར་རྟོག་པ་ལ་སྤྱོད་ན་སྔོན་གྱི་མཐའ་དང་ད་ལྟར་བྱུང་བར་སྦྱོར་བ་དང་། ད་ལྟར་བྱུང་བ་ཡང་
སྔོན་གྱི་མཐར་སྦྱོར་རོ་ཞེས་བྱའོ། །ད་ལྟར་བྱུང་བ་ན་ལས་བྱས་པས་ཕྱི་མའི་མཐར་རྣམ་པར་སྨིན་པར་འགྱུར་རོ་ཞེས་སྤྱོད་ན། ད་ལྟར་བྱུང་བ་དང་ཕྱི་མའི་མཐར་སྦྱོར་བ་དང་། ཕྱི་མའི་མཐའ་དང་ད་ལྟར་བྱུང་བར་སྦྱོར་རོ་ཞེས་བྱའོ། །དུས་གསུམ་མཉམ་པ་ཉིད་དུ་མཐོང་བ་ལ་ནི་དུས་ཐ་དད་པ་
མེད་དེ། བདག་ཉིད་ཐམས་ཅད་དུ་དུས་མི་དམིགས་པའི་ཕྱིར་རོ། །དེ་བས་ན་དུས་གསུམ་མཉམ་པ་ཉིད་ཀྱི་ཕྱིར་ཞེས་བྱ་བ་གསུངས་སོ། །གཟུགས་དང་འདས་པར་མི་སྦྱོར་ཞེས་བྱ་བ་བཀའ་སྩལ་ནས་འདི་ལྟར་འདས་པ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ངོ་ཞེས་བྱ་བ་ཉིད་ཀྱིས་གཏན་

ཚིགས་གསུངས་ཏེ། འདས་པ་ན་གཟུགས་འདི་ལྟ་བུ་ཞིག་ཏུ་གྱུར་ཏོ། །མ་འོངས་པ་ན་གཟུགས་འདི་ལྟ་བུ་ཞིག་ཏུ་འགྱུར་རོ། །ད་ལྟར་བྱུང་བ་ན་གཟུགས་ཡོད་དོ་ཞེས་སྦྱོར་བ་ནི་གཟུགས་དུས་གསུམ་དུ་སྦྱོར་བ་ཞེས་བྱའོ། །གཟུགས་དང་རྣམ་པ་ཐམས་ཅད་
མཁྱེན་པ་ཉིད་དང་མི་སྦྱོར་ཞེས་བྱ་བ་ནི་གཟུགས་འདི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡུལ་ཡིན་ནོ་ཞེས་དམིགས་པའི་དངོས་པོར་རམ་གཟུགས་འདི་ནི་སྦྱིན་པ་ལ་སོགས་པ་བསོད་ནམས་བྱ་བའི་དངོས་པོར་ཡོངས་སུ་བསྔོས་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་འབྲས་བུར་འགྱུར་རོ་ཞེས་
རྒྱུའི་དངོས་པོར་རྟོགས་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་སྦྱོར་བ་ཞེས་བྱའོ། །སངས་རྒྱས་དང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་མི་སྦྱོར་ཞེས་བྱ་བ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་སངས་རྒྱས་ཀྱི་རྒྱུ་ཡིན་ནོ་ཞེས་བྱ་བ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱིས་ཆོས་ཐམས་
ཅད་ཐུགས་སུ་ཆུད་པས་བྱང་ཆུབ་ཅེས་བྱ་བར་མི་སྦྱོར་ཏེ། སངས་རྒྱས་དང་། བྱང་ཆུབ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དག་ནི་མཚན་ཉིད་གཅིག་པས་ཆོས་ཀྱི་སྐུའི་བདག་ཉིད་དུ་ཐ་དད་པ་མེད་དོ། །དེའི་ཕྱིར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་སངས་རྒྱས་སོ། །སངས་རྒྱས་
ཉིད་རྣམ་པ་ཐམས་ཅད་མཁྱེན་པའོ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །གཟུགས་འབྱུང་ངོ་ཞེས་བྱ་བར་མི་སྦྱོར་རོ། །གཟུགས་འཇིག་གོ་ཞེས་བྱ་བར་མི་སྦྱོར་ཞེས་པ་ལ་འབྱུང་བར་ལྟ་བ་དང་། འཇིག་པར་ལྟ་བ་དག་ནི་རྟག་པ་དང་ཆད་པར་ལྟ་བ་སྟེ་དེ་མི་སྐྱེད་དོ། །རྟག་ཅེས་བྱ་བར་མི་
སྦྱོར་རོ་ཞེས་བྱ་བ་ནི་ལྟ་བའི་དབང་གིས་སོ། །མི་རྟག་ཅེས་བྱ་བ་ནི་རྣམ་པར་རྟོག་པའི་དབང་གིས་སོ། །དེ་བཞིན་དུ་གཞན་དག་ལ་ཡང་སྦྱར་བར་བྱའོ། །གཟུགས་ཞི་ཞེས་བྱ་བར་མི་སྦྱོར་རོ་ཞེས་བྱ་བ་ནི་ཀུན་བརྟགས་པའི་གཟུགས་ལ་སོགས་པ་ལ་མྱ་ངན་ལས་འདས་པའི་མཚན་ཉིད་མེད་
པའི་ཕྱིར་རོ། །གཟུགས་མ་ཞི་ཞེས་བྱ་བར་མི་སྦྱོར་རོ་ཞེས་བྱ་བ་ནི་ཆོས་ཉིད་ཀྱི་གཟུགས་ལ་སོགས་པ་ལ་འཁོར་བའི་མཚན་ཉིད་མེད་པའི་ཕྱིར་རོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཞི་ཞེས་བྱ་བར་མི་སྦྱོར་རོ་ཞེས་བྱ་བ་དེ་ལྟ་དེ་ལྟ་བུའི་རྟོག་པའི་སྐབས་མེད་པའི་ཕྱིར་རོ། །དེ་བཞིན་དུ་

སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་རྣམས་ནི་རྣམ་པར་རྟོག་པ་རྣམས་ཀྱི་སྐབས་མེད་པ་ཉིད་དོ། །སྤྱོད་ཅེས་བྱ་བ་ལ་སོགས་པའི་རྣམ་པར་རྟོག་པ་རྣམས་ལ་ཡང་དེ་བཞིན་དུ་སྦྱར་རོ། །སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་དོན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ་ཞེས་
བྱ་བ་ནི་ཆོས་ཐམས་ཅད་ཆོས་ཉིད་དུ་ཐ་དད་པ་མེད་པ་ལ་ཐ་དད་དུ་འཛིན་པ་མི་འཐད་པའི་ཕྱིར་ཏེ། ཐམས་ཅད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཉིད་དུ་ཐ་མི་དད་དོ། །དེའི་ཕྱིར་ཐ་དད་པའི་ཕྱིར། ཆོས་གང་ཡང་ཡང་དག་པར་རྗེས་སུ་མི་མཐོང་ངོ་ཞེས་གསུངས་སོ། །ཤེས་རབ་ཀྱི་ཕ་
རོལ་ཏུ་ཕྱིན་པ་ཉིད་ཀྱང་ཡང་དག་པར་རྗེས་སུ་མི་མཐོང་ན་བྱང་ཆུབ་སེམས་དཔའ་ལྟ་ཅི་སྨོས་ཏེ། རྣམ་པ་ཐམས་ཅད་དུ་ཐམས་ཅད་མངོན་པར་ཤེས་པ་ལྟ་ག་ལ་ཡོད་ཅེས་བྱ་བ་ནི་མངོན་པར་ཤེས་པ་རྣམས་ཀུན་བརྟགས་པའི་ངོ་བོ་ཉིད་ཡིན་པ་དང་། ཀུན་བརྟགས་པའི་དམིགས་པ་ཡིན་
པའི་ཕྱིར་དེ་སྐད་བཤད་དོ། །བྱ་བའི་འགྲེས་དང་ཕན་ཡོན་ཐོབ་པ་དག་ལ་ཡང་དེ་བཞིན་དུ་སྦྱོར་རོ། །བརྩོན་པའི་མཚན་ཉིད་ཅེས་བྱ་བ་ནི་དེའི་ཕན་ཡོན་ཐོབ་པ་སྟེ། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་པའི་ཚེ།
བདུད་སྡིག་ཅན་ཞེས་བྱ་བ་ལ་སོགས་པས་སྟོན་ཏོ། །གང་ཆོས་རྣམས་དང་ལྷན་ཅིག་འདུ་བ་ཞེས་བྱ་བས་ནི་འཁོར་བ་བསྟན་ཏོ། །འབྲལ་བ་ཞེས་བྱ་བས་ནི་མྱ་ངན་ལས་འདས་པ་བསྟན་ཏོ། །ཕྲད་པའམ་མི་ཕྲད་པར་འགྱུར་བ་ཞེས་བྱ་བས་ནི་དེ་གཉིས་ཀྱི་ལས་བསྟན་ཏོ། །ཆོས་ཀྱི་དབྱིངས་
ཀྱིས་ཆོས་ཀྱི་དབྱིངས་མངོན་པར་རྫོགས་པར་འཚང་མི་རྒྱའོ་ཞེས་བྱ་བ་ནི་དེ་བཞིན་ཉིད་ཀྱིས་དེ་བཞིན་ཉིད་མངོན་པར་རྫོགས་པར་འཚང་རྒྱ་བར་མི་བྱེད་དོ། །གཟུགས་དང་སྟོང་པ་ཉིད་དུ་མི་སྦྱོར་ཞེས་བྱ་བ་ནི་གཟུགས་སྟོང་པའི་ངོ་བོ་ཉིད་དང་མི་སྦྱོར་བ་དང་། གཟུགས་ཞེས་བྱ་བ་སྟོང་པ་ཉིད་ཅེས་བྱ་བའི་མིང་དུ་མི་
སྦྱོར་བའོ། །སྟོང་པ་ཉིད་དང་གཟུགས་སུ་མི་སྦྱོར་ཞེས་བྱ་བ་ནི་སྟོང་པ་ཉིད་གཟུགས་ཀྱི་རང་བཞིན་དང་མི་སྦྱོར་བ་དང་། སྟོང་པ་ཉིད་ཅེས་བྱ་བ་གཟུགས་ཀྱི་མིང་ཡིན་ནོ་ཞེས་མི་སྦྱོར་བའོ། །ཡང་ན་གཟུགས་དང་སྟོང་པ་ཉིད་དུ་མི་སྦྱོར་ཞེས་བྱ་བ་ནི་གཟུགས་སྟོང་ངོ་ཞེས་བྱ་བར་མི་སྦྱོར་བ་སྟེ། གཟུགས་

དང་སྟོང་པ་ཉིད་དག་ཐ་དད་དུ་མི་བྱེད་དོ་ཞེས་བྱ་བའི་ཐ་ཚིག་གོ། །ཤཱ་རིའི་བུ་དེ་ལྟར་བརྩོན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་ལུང་བསྟན་པ་ཡིན་པར་གཟུང་བར་བྱའོ་ཞེས་བྱ་བ་ནི་ས་བརྒྱད་པ་ཐོབ་པས་ལུང་བསྟན་པར་གྱུར་པའམ། ལུང་བསྟན་པར་འོས་
པའི་ཕྱིར་ལུང་བསྟན་པ་ཉེ་བར་གྱུར་ཏོ། །ས་བརྒྱད་པ་ལ་ནི་སྐྱེ་བ་མེད་པའི་ཆོས་ལ་བཟོད་པ་ཐོབ་སྟེ་རྣམ་པར་སྨིན་པའི་ཕ་རོལ་ཏུ་ཕྱིན་པ་རྣམས་འབྱུང་ངོ་། །རྣམ་པར་སྨིན་པའི་ཕ་རོལ་ཏུ་ཕྱིན་པ་རྣམས་འབྱུང་བས་ཕ་རོལ་ཏུ་ཕྱིན་པ་རྣམས་ལ་སྤྱོད་པ་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱ་
བ་དང་། སངས་རྒྱས་ཀྱི་ཆོས་ཡོངས་སུ་སྨིན་པར་བྱ་བ་དང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བ་དང་། མངོན་པར་རྫོགས་པར་བྱང་ཆུབ་པར་བྱ་བ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བར་བྱ་བ་ལ་རྩོལ་བ་དང་བྲལ་ཞིང་ལྷུན་གྱིས་གྲུབ་པ་ཉིད་དུ་ཐམས་ཅད་སྒྲུབ་བོ། །དེ་ལྟར་རྣམ་
པར་སྨིན་པའི་སྤྱོད་པ་ལྷུན་གྱིས་གྲུབ་པ་ཡང་སེམས་ཅན་གྲངས་མེད་ཚད་མེད་དཔག་ཏུ་མེད་པ་རྣམས་ཀྱི་དོན་བྱེད་ཀྱང་། དེ་འདི་སྙམ་དུ་བདག་ལ་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལུང་སྟོན་པར་མཛད་དོ། །བདག་ནི་ལུང་བསྟན་པ་ལ་ཉེ་བར་གྱུར་ཏོ་སྙམ་དུ་མི་སེམས་སོ་ཞེས་
བྱ་བ་ལ་སོགས་པ་བསྟན་ཏོ། །དེ་ལ་ལྷུན་གྱིས་གྲུབ་པར་གནས་པའི་གཏན་ཚིགས་ཀྱང་དེ་ནི་འདི་ལྟར་ཆོས་ཀྱི་དབྱིངས་ལ་མཚན་མར་མི་བྱེད་དོ་ཞེས་གསུངས་ཏེ། དེ་ཕན་ཆད་ནི་དེ་ལ་ཆོས་ཀྱི་དབྱིངས་མ་གཏོགས་པར་དམིགས་པ་གཞན་ཉེ་བར་མི་གནས་ལ། ཆོས་ཀྱི་དབྱིངས་དེ་
ལ་ཡང་མཚན་མར་བྱས་ཏེ་མི་དམིགས་སོ། །དེའི་འོག་ཏུ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པའི་ཕན་ཡོན་ནི་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལ་སེམས་ཅན་གྱི་འདུ་ཤེས་མི་སྐྱེའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་སེམས་ཅན་ཤིན་ཏུ་སྐྱེ་བ་མེད་ཅིང་། འགག་
པ་མེད་པའི་ཕྱིར་ཏེ། ཆོས་རྣམས་ཀྱི་ཆོས་ཉིད་ནི་སྐྱེ་བ་དང་འགག་པ་མེད་པའི་ཕྱིར་རོ་ཞེས་བྱ་བས་སྟོན་ཏོ། །སེམས་ཅན་སྐྱེ་བ་མེད་པ་དང་འགག་པ་མེད་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ཡིན་ཞེས་བྱ་བ་ནི་དེ་ཕན་ཆད་དེའི་སྤྱོད་པ་སེམས་ཅན་དམིགས་པ་མེད་དོ་ཞེས་བསྟན་པ་སྟེ། སྙིང་

རྗེའི་མཐུས་ཀུན་རྫོབ་ཀྱི་ཤེས་པ་སྐྱེ་སྟེ། དེའི་ཚེ་སེམས་ཅན་རྣམས་ཀྱི་དོན་དུ་སྦྱིན་པ་ལ་སོགས་པ་ཡོངས་སུ་རྫོགས་པར་བྱེད་དུ་ཟིན་ཀྱང་སེམས་ཅན་སྐྱེ་བ་མེད་པ་དང་། འགག་པ་མེད་པ་དང་། སེམས་ཅན་སྟོང་པ་ཉིད་དང་། སེམས་ཅན་དམིགས་སུ་མེད་པ་དང་། སེམས་ཅན་
དབེན་པ་ཉིད་ལ་གནས་པས་དེ་ལྟར་གནས་ཤིང་ཐམས་ཅད་བྱེད་དོ་ཞེས་བྱའོ། །དེའི་འོག་ཏུ་དེའི་གནས་པ་ཤིན་ཏུ་ཁྱད་པར་ཅན་ཉིད་ཡིན་པར་བསྟན་པའི་ཕྱིར་ཤཱ་རིའི་བུ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་རྣལ་འབྱོར་དམ་པ་ཞེས་བྱ་བ་ལ་སོགས་པས་བསྟན་
ཏོ། །དེའི་འོག་ཏུ་སེམས་ཅན་དམིགས་སུ་མེད་དུ་ཟིན་ཀྱང་། བྱམས་པ་དང་སྙིང་རྗེ་ལ་སོགས་པ་དང་། སྦྱིན་པ་དང་ཚུལ་ཁྲིམས་ལ་སོགས་པ་སེམས་ཅན་གྱི་དོན་དུ་བྱ་བ་རྣམ་པར་འབྱེད་པ་བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་མངོན་པར་སྒྲུབ་པོ་ཞེས་བྱ་བ་ལ་སོགས་པས་བསྟན་ཏོ། །
སེར་སྣའི་སེམས་མི་སྤྱོད་དོ་ཞེས་བྱ་བ་ལ་སོགས་པ་ཚིག་དྲུག་གིས་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དག་གི་མི་མཐུན་པའི་ཕྱོགས་མེད་པར་བསྟན་ཏོ། །དེའི་འོག་ཏུ་གནས་བརྟན་གྱིས་འཁོར་རྣམས་མགུ་བར་བྱ་བ་དང་། སྐབས་དེ་ཉིད་ལས་ཆོས་བཤད་པ་ཆེན་པོར་འགྱུར་བར་བྱ་བའི་ཕྱིར། དེ་
གང་ནས་ཤི་འཕོས་ཏེ་འདིར་སྐྱེས་པ་ལགས་ཞེས་བྱ་བ་ལ་སོགས་པ་ཞུས་སོ། །དེ་ལ་མཆོག་ནི་སངས་རྒྱས་ཀྱི་ཞིང་ནས་ལྷགས་ནས་སངས་རྒྱས་ཀྱི་ཞིང་དུ་འཕོའོ། །བར་མ་ནི་དགའ་ལྡན་ནས་ལྷགས་པར་འགྱུར་རོ། །ཐ་མ་ནི་མིའི་ནང་ཉིད་ནས་ལྷགས་པར་གྱུར་ཏོ་ཞེས་རྣམ་པ་གསུམ་དུ་བསྟན་
ཏོ། །དེའི་འོག་ཏུ་སྐབས་དེ་ལས་བྱང་ཆུབ་སེམས་དཔའ་ལ་རྣམ་པ་མང་དུ་ཡོད་པ་བསྟན་པའི་ཕྱིར། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐབས་ལ་མི་མཁས་པ་དག་ཀྱང་ཡོད་དོ་ཞེས་བྱ་བ་ལ་སོགས་པས་བྱང་ཆུབ་སེམས་དཔའ་རྣམ་པ་བཞི་བཅུ་རྩ་བཞིར་གཏོགས་པ་རྣམས་
བསྟན་ཏོ། །ཐབས་མི་མཁས་པ་དང་པོ་གཉིས་ལས་ཐབས་མི་མཁས་པ་སྔ་མ་ནི་བསམ་གཏན་གྱི་སྤྱོད་པ་དང་། ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་ལ་བརྩོན་ཡང་ཐབས་མི་མཁས་པར་གྱུར་པའི་ཕྱིར་ལྷ་ཚེ་རིང་པོར་སྐྱེས་ཏེ། དུས་དེ་སྲིད་ཅིག་གི་བར་དུ་ཕ་རོལ་ཏུ་ཕྱིན་པ་རྣམས་ལ་བརྩོན་པར་གྱུར་

ནས་ཕྱིས་མིའི་ནང་དུ་སྐྱེ་བའི་ཚེ། སྔོན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་སྤྱོད་པའི་མཐུས་བརྩོན་པར་བྱེད་ཀྱང་དབང་པོ་རྟུལ་པོར་གྱུར་ཏོ། །གཉིས་པ་ནི་བསམ་གཏན་གྱི་སྤྱོད་པ་དང་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་རྣམས་ལ་བརྩོན་པས་བསམ་གཏན་གྱི་འབྲས་བུ་བཏང་ནས་ལྷའི་ནང་
དུ་མ་སྐྱེས་པར་མིའི་ནང་དུ་སྐྱེས་ཀྱང་ཐབས་མི་མཁས་པས་དབང་པོ་རྟུལ་བ་ཉིད་དུ་འགྱུར་རོ། །དེའི་འོག་མ་རྣམས་ནི་ཐམས་ཅད་ཀྱང་ཐབས་མཁས་པ་རྣམས་ཏེ། དེ་དག་གི་དང་པོ་བསྟན་པ་ནི་བསྐལ་པ་བཟང་པོ་འདི་ཉིད་ལ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་
པར་འཚང་རྒྱའོ་ཞེས་བྱ་བ་སྟེ། དེ་དག་གི་ནི་བསམ་གཏན་གྱི་སྤྱོད་པ་དང་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་བསླབས་ནས་སྙིང་རྗེའི་མཐུས་བསམ་གཏན་གྱི་དབང་གིས་སྐྱེ་བ་ཡོངས་སུ་སྤངས་ཏེ་སེམས་ཅན་གྱི་དོན་བྱ་བ་ལྷུར་ལེན་པ་དང་། སངས་རྒྱས་མཉེས་པར་བྱ་བ་ལྷུར་ལེན་
པས་བསྐལ་པ་བཟང་པོ་འདི་ཉིད་ལ་མངོན་པར་རྫོགས་པར་འཚང་རྒྱའོ། །གཉིས་པ་དག་ནི་ཡོན་ཏན་དེ་དག་དང་ལྡན་ཞིང་། སྔོན་སེམས་ཅན་ཡོངས་སུ་སྨིན་པར་མ་བྱས་པའི་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་དོ། །གསུམ་པ་དག་ནི་ཡོན་ཏན་དེ་དག་ཉིད་དང་ལྡན་ཞིང་འདོད་པ་
ན་སྤྱོད་པའི་ལྷའི་རིས་དྲུག་གི་ནང་དུ་སྐྱེས་ཏེ་མཐུ་ཕུན་སུམ་ཚོགས་པ་ལ་གནས་ནས་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་དང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བ་དང་། སངས་རྒྱས་མཉེས་པར་བྱ་བ་རྣམས་བྱེད་དོ། །བཞི་པ་དག་ནི་ཚངས་པའི་འཇིག་རྟེན་གྱི་ནང་དུ་སྐྱེས་ནས་རྫུ་
འཕྲུལ་གྱིས་སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འགྲོ་ཞིང་ཆོས་ཉན་པ་དང་། སངས་རྒྱས་མཉེས་པར་བྱ་བ་ལྷུར་ལེན་ཅིང་གསོལ་བ་གདབ་པའི་ཕྱིར་སྨོན་ལམ་བཏབ་པས་མངོན་པར་རྫོགས་པར་སངས་རྒྱས་ནས་རིང་པོར་མ་ལོན་པ་རྣམས་ལ་ཆོས་ཀྱི་འཁོར་ལ་བསྐོར་བར་གསོལ་
བ་འདེབས་སོ། །ལྔ་པ་དག་ནི་དཔེར་ན་བདག་ཅག་གི་བཅོམ་ལྡན་འདས་བྱམས་པ་ལྟ་བུའོ། །དྲུག་པ་དག་ནི་མངོན་པར་ཤེས་པའི་མཐུས་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་སོང་ནས་དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པ་བྱེད་དོ། །བདུན་པ་དག་ནི་མངོན་པར་ཤེས་པ་ལ་

གནས་ཤིང་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་ཉིད་ན་གནས་པར་འདོད་པ་སྐྱེད་དོ། །བརྒྱད་པ་དག་ནི་མངོན་པར་ཤེས་པའི་མཐུས་སངས་རྒྱས་ཀྱི་ཞིང་ཚེ་དཔག་ཏུ་མེད་པར་སྐྱེས་ནས་ཚེ་ཇི་སྲིད་ཐུབ་པའི་བར་དུ་གནས་ཏེ། སེམས་ཅན་དང་སངས་རྒྱས་ཀྱི་ཆོས་ཡོངས་སུ་སྨིན་པར་བྱ་བ་ཉིད་ལ་
བརྩོན་པར་བྱེད་དོ། །དགུ་པ་དག་ནི་མངོན་པར་ཤེས་པའི་མཐུས་སངས་རྒྱས་དང་། ཆོས་དང་། དགེ་འདུན་གྱི་སྒྲ་དང་བྲལ་བས་དཀོན་མཆོག་གསུམ་གྱི་ཡོན་ཏན་མི་ཤེས་པའི་སེམས་ཅན་གྱི་འཇིག་རྟེན་དམན་པ་རྣམས་ལ་དཀོན་མཆོག་གསུམ་གྱི་ཡོན་ཏན་བསྒྲགས་ཏེ། སྒྲ་གསུམ་
དང་ལྡན་པའི་ཆོས་བཤད་པས་དགའ་བ་བསྐྱེད་དེ་དེ་ཉིད་ཀྱི་མཐུས་སངས་རྒྱས་ཀྱི་ཞིང་རྣམས་སུ་སྐྱེ་བར་བྱེད་དོ། །བཅུ་པ་དག་ནི་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་སྐྱེས་ནས་རང་བཞིན་གྱིས་ཉོན་མོངས་པ་ཆུང་བ་རྣམས་རྩོལ་བ་ཆུང་ངུས་ས་དང་པོ་ཐོབ་པར་བྱས་ཏེ། བསམ་གཏན་དང་། ཏིང་ངེ་
འཛིན་དང་། སྙོམས་པར་འཇུག་པ་རྣམས་ཐོབ་ནས། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་དང་། སངས་རྒྱས་ཀྱི་ཆོས་རྣམས་བསྒོམས་ཏེ། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་ནས་ཤི་འཕོས་ཏེ་འཇིག་རྟེན་གྱི་ཁམས་ཡོངས་སུ་མ་དག་པར་སོང་ནས་སེམས་ཅན་རྣམས་ཀྱི་དོན་བྱེད་དོ། །
བཅུ་གཅིག་པ་དག་ནི་བྱང་ཆུབ་སེམས་དཔའི་ཡོན་ཏན་སྔ་མ་དེ་དག་ཉིད་དང་ལྡན་ཞིང་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་སྐྱེས་ཏེ། ས་དང་པོ་ཐོབ་པར་བྱས་ནས་འཕྲལ་དུ་བྱང་ཆུབ་སེམས་དཔའི་སྐྱོན་མེད་པ་ལ་ཞུགས་ཏེ་ཕྱིར་མི་ལྡོག་པའི་ས་ཐོབ་པར་བྱེད་དོ། །བཅུ་གཉིས་པ་དག་ནི་
ཡོན་ཏན་དེ་དག་ཉིད་དང་ལྡན་ཞིང་སངས་རྒྱས་ཀྱི་ཞིང་གི་སྟོབས་བསྐྱེད་པས་བདག་ཉིད་ཡོན་ཏན་རྣམས་ཀྱིས་སེམས་ཀྱི་རྒྱུད་ཡོངས་སུ་དག་པར་བྱས་ནས། རྩོལ་བ་ཆུང་ངུས་ས་དང་པོ་ཐོབ་པར་བྱས་ནས། དེ་མ་ཐག་ཏུ་ཆེན་པོ་འབད་མི་དགོས་པར་མངོན་པར་རྫོགས་པར་སངས་རྒྱས་ནས་
ཆོས་ཀྱི་འཁོར་ལོ་བསྐོར་ཏེ་དུས་ཇི་སྲིད་ཡོད་ཀྱི་བར་དུ་བསྟན་པ་གནས་པར་བྱེད་དོ། །བཅུ་གསུམ་པ་དག་ནི་ཡོན་ཏན་དེ་དག་ཉིད་དང་ལྡན་ཞིང་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་སྐྱེས་ནས་རྩོལ་བ་ཆུང་ངུས་ས་དང་པོ་ཐོབ་པར་བྱས་ཏེ། ས་གོང་མ་རྣམས་མ་སྐྱེས་པར་ཤེས་རབ་ཀྱི་

ཕ་རོལ་ཏུ་ཕྱིན་པའི་རྣལ་འབྱོར་ཐམས་ཅད་ལ་སྙོམས་པར་ཞུགས་ནས་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱ་བའི་ཕྱིར་སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་སྐྱེ་བར་བྱེད་དོ། །བཅུ་བཞི་པ་དག་ནི་རྣམ་པར་མི་རྟོག་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཏེ་
ཐོད་རྒལ་དུ་སྙོམས་པར་འཇུག་པ་ལ་མཉམ་པར་བཞག་ནས་སྙོམས་པར་འཇུག་པ་དེ་རྣམས་ཀྱིས་གནས་པར་བྱེད་དོ། །བཅོ་ལྔ་པ་དག་ནི་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་དང་། སངས་རྒྱས་ཀྱི་ཆོས་རྣམས་དང་ལྡན་ཞིང་། ཡོངས་སུ་འདྲིས་པའི་ཤེས་པས་རྒྱུན་དུ་ཞུགས་པའི་འབྲས་བུ་
ལ་སོགས་པ་ཡོངས་སུ་ཤེས་པར་བྱས་ཀྱང་དེ་དག་མངོན་སུམ་དུ་མི་བྱེད་པར་གཞན་དག་ཀྱང་ལམ་དང་འབྲས་བུ་དེ་དག་ལ་སོ་སོར་འགོད་དོ། །ཡོངས་སུ་དྲིས་པའི་ཤེས་པ་དེ་ཉིད་ལ་བྱང་ཆུབ་སེམས་དཔའི་བཟོད་པ་དམ་པ་ཞེས་བྱའོ། །བཅུ་དྲུག་པ་དག་ནི་བསྐལ་པ་བཟང་པོའི་བྱང་ཆུབ་
སེམས་དཔའ་རྣམས་ཏེ། གང་བསྐལ་པ་འདི་ཉིད་ལ་མངོན་པར་རྫོགས་པར་སངས་རྒྱས་ཏེ། དེ་དག་རྣམ་པར་མི་རྟོག་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་གནས་ནས་དགའ་ལྡན་གྱི་གནས་སྦྱོང་བར་བྱེད་དོ། །བཅུ་བདུན་པ་དག་ནི་སྐྱེ་བ་གཅིག་གིས་ཐོགས་པ་སྟེ། ཉན་ཐོས་དང་རང་
སངས་རྒྱས་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་དང་ལྡན་ཞིང་། ཡོངས་སུ་འདྲིས་པའི་ཤེས་པས་འཕགས་པའི་བདེན་པ་རྣམས་ཚོལ་བ་ལ་གནས་སོ། །བཅོ་བརྒྱད་པ་དག་ནི་བསྐལ་པ་གྲངས་མེད་པ་བྱེ་བ་བརྒྱ་སྟོང་མང་པོས་མངོན་པར་རྫོགས་པར་སངས་རྒྱས་པར་བྱས་ནས་
སེམས་ཅན་གྱི་དོན་བྱ་བ་ལ་བརྩོན་པར་གནས་ཏེ། དཔེར་ན་འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་སོགས་པ་ལྟ་བུའོ། །བཅུ་དགུ་པ་དག་ནི་དེ་བཞིན་དུ་མངོན་པར་རྫོགས་པར་འཚང་རྒྱ་བ་ལ་བརྟུན་ནས་སེམས་ཅན་རྣམས་ལ་ཆོས་འཆད་ཅིང་གནས་སོ། །ཉི་ཤུ་པ་དག་ནི་
དེ་བཞིན་དུ་སེམས་ཅན་གྱི་དོན་བྱེད་ཅིང་སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་གནས་སོ། །ཉི་ཤུ་གཅིག་པ་དག་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་གནས་ཀྱང་སྦྱིན་པ་ཉིད་ཀྱིས་སེམས་ཅན་རྣམས་ཚིམ་པར་བྱས་ཏེ་སེམས་ཅན་རྣམས་སྦྱིན་པ་ཉིད་ལ་འགོད་དོ། །ཉི་ཤུ་གཉིས་པ་

དག་ནི་ཚུལ་ཁྲིམས་ཀྱིས་བསྡུས་ཏེ། ཚུལ་ཁྲིམས་ལ་འགོད་དོ། །ཉི་ཤུ་གསུམ་པ་དག་ནི་བཟོད་པ་ལ་འགོད་དོ། །ཉི་ཤུ་བཞི་པ་དག་ནི་བརྩོན་འགྲུས་ལ་འགོད་དོ། །ཉི་ཤུ་ལྔ་པ་དག་ནི་བསམ་གཏན་ལ་འགོད་དོ། །ཉི་ཤུ་དྲུག་པ་དག་ནི་ཤེས་རབ་ལ་འགོད་དོ། །ཉི་ཤུ་བདུན་པ་དག་
ནི་སངས་རྒྱས་ཀྱི་ཆ་བྱད་ཀྱིས་ཤར་ཕྱོགས་ཀྱི་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱས་ཏེ། དེར་སངས་རྒྱས་མཉེས་པར་བྱ་བ་ལྷུར་བླངས་ནས་སངས་རྒྱས་ཀྱི་ཞིང་དེ་ནས་མཐོང་བའི་ཡོན་ཏན་རྣམས་བཟུང་སྟེ། བདག་གིས་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བྱས་ནས་སྐྱེ་བ་གཅིག་གིས་
ཐོགས་པར་བྱས་ཏེ་གནས་སོ། །ཉི་ཤུ་བརྒྱད་པ་དག་ནི་ལྷོ་ཕྱོགས་སུ་དེ་བཞིན་དུ་སངས་རྒྱས་ཀྱི་ཞིང་རྣམ་པར་དགོད་ཅིང་གནས་སོ། །ཉི་ཤུ་དགུ་པ་དག་ནི་ནུབ་ཕྱོགས་སུའོ། །སུམ་ཅུ་པ་དག་ནི་བྱང་ཕྱོགས་སུའོ། །སུམ་ཅུ་གཅིག་པ་དག་ནི་བྱང་ཤར་གྱི་མཚམས་སུའོ། །སུམ་ཅུ་གཉིས་
པ་དག་ནི་ཤར་ལྷོའི་མཚམས་སུའོ། །སུམ་ཅུ་གསུམ་པ་དག་ནི་ལྷོ་ནུབ་ཀྱི་མཚམས་སུའོ། །སུམ་ཅུ་བཞི་པ་དག་ནི་ནུབ་བྱང་གི་མཚམས་སུའོ། །སུམ་ཅུ་ལྔ་པ་དག་ནི་འོག་གི་ཕྱོགས་སུའོ། །སུམ་ཅུ་དྲུག་པ་དག་ནི་སྟེང་གི་ཕྱོགས་སུའོ། །སུམ་ཅུ་བདུན་པ་དག་ནི་ཕྱོགས་བཅུའི་
སེམས་ཅན་ཡོངས་སུ་སྨིན་པར་བྱས་ནས། ཕྱོགས་བཅུའི་སངས་རྒྱས་རྣམས་ལ་བསྙེན་བཀུར་བྱས་ཏེ། དེ་ནས་མཐོང་བའི་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་གྱི་ཁྱད་པར་རྣམས་བཟུང་ནས་བདག་གིས་སངས་རྒྱས་ཀྱི་ཞིང་དུ་བསྒྲུབས་ཏེ་དེ་ན་སྐྱེ་བ་གཅིག་གིས་ཐོགས་པར་གནས་སོ། །སུམ་
ཅུ་བརྒྱད་པ་དག་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་དང་ལྡན་ཞིང་། སྔོན་གྱི་སྨོན་ལམ་གྱི་མཐུས་སངས་རྒྱས་ཀྱི་ཆ་བྱད་དུ་རྣམ་པར་སྤྲུལ་པ་ཆེན་པོ་དང་། སྤྱོད་ལམ་ཞི་བ་དང་། དབང་པོ་གསལ་བ་དང་། སྐྱེ་བོ་མང་པོ་དགའ་བར་བྱས་ནས། དགའ་བ་དང་མགུ་བའི་མཐུ་དེ་ཉིད་ཀྱིས་
སེམས་ཅན་ཡོངས་སུ་སྨིན་པར་བྱས་ཏེ། མཐར་གྱིས་ཐེག་པ་གསུམ་གྱི་རིམ་གྱིས་ཡོངས་སུ་མྱ་ངན་ལས་འདའ་བར་བྱེད་དོ། །སུམ་བཅུ་དགུ་པ་དག་ནི་དབང་པོ་གསལ་བ་དེ་དག་ཉིད་དང་ལྡན་ཞིང་དེ་བཞིན་དུ་སེམས་ཅན་རྣམས་ཀྱི་དོན་བྱེད་ཀྱང་བདག་ལ་སྟོད་པར་མི་བྱེད་པ་དང་།

གཞན་ལ་སྨོད་པར་མི་བྱེད་པར་བཏང་སྙོམས་སུ་གནས་པས་ལྷུར་བླངས་ཏེ་གནས་སོ། །བཞི་བཅུ་པ་དག་ནི་ས་རབ་ཏུ་དག་པ་ལ་གནས་ཏེ། སྦྱིན་པ་དང་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ནས། དབུལ་བའི་སྡུག་བསྔལ་དང་། ངན་འགྲོའི་
སྡུག་བསྔལ་རྣམས་མི་མྱོང་བར་ཕྱིར་མི་ལྡོག་པའི་ས་ལ་ཐུག་གི་བར་དུ། སེམས་ཅན་གྱི་དོན་ལྷུར་ལེན་ཅིང་གནས་སོ། །བཞི་བཅུ་གཅིག་པ་དག་ནི་སྦྱིན་པ་དང་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྷུར་ལེན་ཅིང་། ཚེ་རབས་ཀུན་དུ་འཁོར་ལོས་སྒྱུར་བར་གྱུར་ནས། རྫུ་འཕྲུལ་གྱི་
སྟོབས་དེས་སེམས་ཅན་རྣམས་བསྡུས་ཏེ་སྦྱིན་པ་དང་ཚུལ་ཁྲིམས་ལ་འགོད་དོ། །བཞི་བཅུ་གཉིས་པ་དག་ནི་སྦྱིན་པ་དང་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལྷུར་ལེན་ཅིང་། དེ་བཞིན་དུ་ཚེ་རབས་ཀུན་དུ་འཁོར་ལོས་སྒྱུར་བར་གྱུར་ནས། རྫུ་འཕྲུལ་གྱི་མཐུ་ཆེན་པོ་དང་ལྡན་པས་
ཕྱོགས་བཅུའི་སངས་རྒྱས་རྣམས་མཉེས་པར་བྱེད་པ་དང་། མཆོད་པར་བྱེད་ཅིང་གནས་སོ། །བཞི་བཅུ་གསུམ་པ་དག་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་གནས་ཤིང་། སངས་རྒྱས་ཀྱི་ཆོས་ཀྱི་སྣང་བ་ཐམས་ཅད་ཀྱིས་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱས་ནས་སངས་རྒྱས་ཀྱི་ཆོས་
ཀྱི་སྣང་བ་ཉིད་ཀྱིས་བདག་ཉིད་ཀྱང་ཡོངས་སུ་སྨིན་པར་བྱེད་ཅིང་མངོན་པར་རྫོགས་པར་སངས་རྒྱས་ཀྱི་བར་དུ་གནས་སོ། །དེ་ལྟར་བྱང་ཆུབ་སེམས་དཔའ་རྣམས་བསྟན་ནས། ཤཱ་རིའི་བུ་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་སངས་རྒྱས་ཀྱི་ཆོས་རྣམས་ལ་ཡང་
དག་པར་བྱུང་བ་ཡིན་ནོ་ཞེས་བྱ་བ་གསུངས་ཏེ། འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མྱུ་གུ་སངས་རྒྱས་ཀྱི་ཆོས་ལ་འཕེལ་བའི་རིམ་པ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །དེའི་འོག་ཏུ་བཅོམ་ལྡན་འདས་ཀྱིས་བཤད་པའི་སྐབས་དབྱེ་བའི་ཕྱིར། བྱང་ཆུབ་སེམས་དཔའ་དེ་དག་ཚད་མར་
མཛད་དེ། ཤཱ་རིའི་བུ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཁ་ན་མ་ཐོ་བ་དང་བཅས་པའི་ལུས་དང་ངག་དང་ཡིད་ཀྱི་ལས་རྣམས་ཀྱི་གོ་མི་དབྱེའོ་ཞེས་གསུངས་སོ། །གནས་བརྟན་ཉིད་ཀྱིས་དེ་ཉིད་བཟུང་སྟེ།

བཤད་པའི་སྐབས་དབྱེ་བའི་ཕྱིར། བཅོམ་ལྡན་འདས་ལུས་ཀྱི་ལས་ཁ་ན་མ་ཐོ་བ་དང་བཅས་པ་གང་ལགས་ཞེས་བྱ་བ་ལ་སོགས་པ་ཞུས་སོ། །དེའི་འོག་ཏུ་བཅོམ་ལྡན་འདས་ཀྱིས་ལུས་དང་ངག་དང་ཡིད་དུ་དམིགས་པའི་འདུ་ཤེས་པ་བཀའ་མ་སྩལ་བར་ལུས་གང་གིས་ལུས་ཀྱི་ལས་བརྩམ་
པར་བྱའོ། །ངག་གང་དང་ཡིད་གང་གིས་ལས་བརྩམ་པར་བྱ་སྙམ་དུ་སེམས་ན། འདི་ནི་བྱང་ཆུབ་སེམས་དཔའི་རྩོམ་པའི་སྐྱོན་ཡིན་ནོ་ཞེས་བསྟན་ཏོ། །དེ་དག་ཉིད་ལུས་དང་ངག་དང་ཡིད་ཀྱི་གནས་ངན་ལེན་ཡིན་ནོ། །འདི་ལྟར་ལུས་དང་ངག་དང་ཡིད་མི་དམིགས་པས་མི་དམིགས་པ་
འདི་ཉིད་གནས་ངན་ལེན་སྦྱོང་བ་ཡིན་ནོ་ཞེས་བསྟན་ནས། དེའི་འོག་ཏུ་གལ་ཏེ་བྱང་ཆུབ་སེམས་དཔའ་ས་རབ་ཏུ་དགའ་བ་ལ་གནས་ནས་ཀྱང་། དགེ་བ་བཅུའི་ལས་ཀྱི་ལམ་རྣམས་ལ་རྗེས་སུ་སྤྱོད་ཅིང་། ཉན་ཐོས་ཀྱི་སེམས་དང་རང་སངས་རྒྱས་ཀྱི་སེམས་ཡོངས་སུ་སྤངས་ནས་དུས་
ཐམས་ཅད་དུ་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་ཆེན་པོའི་སེམས་ཉེ་བར་གནས་ཏེ། དེ་ལྟ་བུས་ཀྱང་གནས་ངན་ལེན་སྦྱངས་པར་འགྱུར་རོ་ཞེས་བསྟན་ཏོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་བྱང་ཆུབ་ཀྱི་ལམ་གང་ལགས་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་
ལམ་ཡོངས་སུ་སྦྱོང་བ་ཞེས་བྱ་བ་ཕ་རོལ་ཏུ་ཕྱིན་པ་ལས་ཐ་མི་དད་པར་བརྗོད་པའི་ཕྱིར་ཞུས་པའོ། །དེའི་འོག་ཏུ་ཤཱ་རིའི་བུ་བྱང་ཆུབ་ཀྱི་ལམ་གང་ལ་སྤྱོད་ན་ཞེས་བྱ་བ་ལ་སོགས་པས་ནི་མི་དམིགས་པའི་རྣལ་འབྱོར་བྱང་ཆུབ་ཀྱི་ལམ་གང་ཡིན་པར་སྟོན་ཏོ། །དེ་ནས་ཡང་བར་སྐབས་སུ་བྱང་ཆུབ་
ཀྱི་ལམ་རྣམ་པ་གཉིས་བསྟན་ཏེ། མི་དམིགས་པར་སྦྱོར་བ་དང་། རློམ་སེམས་མེད་པར་སྦྱོར་བའོ། །འགྲེས་དེ་གཉིས་ནི་མི་དམིགས་པས་རློམ་སེམས་མེད་པའི་ཕྱིར་སྦྱོར་བ་གོང་མ་ནི་སྦྱོར་བ་ཕྱི་མའི་རྒྱུ་ཡིན་ནོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ནི་དེ་བཞིན་གཤེགས་
པ་ཉིད་ཀྱི་ཡིན་གྱི། བྱང་ཆུབ་སེམས་དཔའི་མ་ཡིན་ནོ་སྙམ་དུ་བསམས་ནས། གནས་བརྟན་གྱིས་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་གང་ལགས་ཞེས་ཞུས་པ་དང་། བཅོམ་ལྡན་འདས་ཀྱིས་ཡེ་ཤེས་དེ་དང་ལྡན་པ་

ནི་ཞེས་བྱ་བ་ལ་སོགས་པས་ས་བརྒྱད་པ་ལ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡེ་ཤེས་དེ་ལྟ་བུ་སྐྱེ་བ་དེ་ནི་རང་བཞིན་ཡིན་ཏེ་རྣམ་པར་སྨིན་པའི་ཡེ་ཤེས་སོ་ཞེས་བསྟན་ཏོ། །རྣམ་པར་སྨིན་པའི་ཡེ་ཤེས་ཀྱིས་ནི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ཐམས་ཅད་ཡོངས་སུ་རྫོགས་
པར་བྱེད་ཀྱང་། དེ་དག་ལ་རྩོལ་བའི་ཡིད་ལ་བྱེད་པ་མི་འབྱུང་སྟེ། ཡེ་ཤེས་དེ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་རྒྱུ་ཡིན་པའི་ཕྱིར། རྒྱུ་ལ་འབྲས་བུ་བཏགས་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ཞེས་བྱའོ། །དེའི་འོག་ཏུ་གཟུགས་ཐམས་ཅད་ལ་འཇུག་པའི་ཤེས་པ་ནི་
ཤའི་མིག་གོ། །ཏིང་ངེ་འཛིན་དང་སྙོམས་པར་འཇུག་པ་ཐམས་ཅད་ཤེས་པ་ནི་ལྷའི་མིག་གོ། །ཐམས་ཅད་མཁྱེན་པའི་ཡེ་ཤེས་ནི་ཤེས་རབ་ཀྱི་མིག་གོ། །གནས་དང་གནས་མ་ཡིན་པ་མཁྱེན་པ་མ་གཏོགས་པའི་ཤེས་པ་དགུ་པོ་དག་ནི་ཆོས་ཀྱི་མིག་གོ། །རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་
གྱི་ཡེ་ཤེས་ནི་སངས་རྒྱས་ཀྱི་སྤྱན་ཡིན་ནོ་ཞེས་དེ་དག་གི་རྣམ་པར་དབྱེ་བ་བསྟན་ཏོ། །དེའི་འོག་ཏུ་མངོན་པར་ཤེས་པས་གནས་པ་ལ། མངོན་པར་ཤེས་པས་ཐམས་ཅད་ལ་ཡང་། སྔར་ཀུན་རྫོབ་ཀྱི་ཤེས་པས་མངོན་པར་ཤེས་པ་ལ་གནས་པ་བསྟན་ནས། ཤིན་ཏུ་ཡོངས་སུ་རྫོགས་
པ་ཡིན་པར་བསྟན་པའི་ཕྱིར་ཕྱིས་དོན་དམ་པའི་ཤེས་པས་རྣམ་པར་མི་རྟོག་པ་ཡིན་པར་བསྟན་ཏོ། །ཤིན་ཏུ་རྣམ་པར་དག་པ་ཉིད་དུ་བསྟན་པའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་ཀྱི་གནས་པ་ཐམས་ཅད་ཀྱང་ཀུན་རྫོབ་ཀྱི་ཤེས་པ་ཡོངས་སུ་རྫོགས་པར་བྱས་ནས། ཕྱིས་དོན་དམ་པར་
མི་དམིགས་པར་བྱེད་དེ། དེའི་ཕྱིར་ཤིན་ཏུ་ཡོངས་སུ་རྫོགས་པ་དང་། ཤིན་ཏུ་རྣམ་པར་དག་པར་འགྱུར་རོ། །དེ་བས་ན་ཐམས་ཅད་ཀྱི་ཐ་མར་ཤཱ་རིའི་བུ་དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། མངོན་པར་ཤེས་པ་དྲུག་
ཡོངས་སུ་རྫོགས་པར་བྱེད་ཅིང་ཡོངས་སུ་དག་པར་བྱེད་དེ། མངོན་པར་ཤེས་པ་རྣམས་ཡོངས་སུ་དག་པས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་བྱེད་དོ་ཞེས་བྱ་བ་གསུངས་སོ། །དེས་གང་གིས་རློམ་སེམས་སུ་འགྱུར་ཞེས་བྱ