Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 93

Văn bản gốc(Tây Tạng)

Trang 16 / 20 (50.000 ký tự/trang)
ཐམས་ཅད་ཀྱིས་སྟོང་པའོ། །དེ་ལ་འཕེལ་བ་མེད་དོ། །ཡོངས་སུ་འགྲིབ་པ་མེད་དོ་ཞེས་བྱ་བ་ནི་རབ་ཏུ་ཞུགས་པའི་དབང་གིས་གློ་བུར་དུ་འཕེལ་བ་ཡང་
མེད། མ་ཞུགས་པའི་དབང་གིས་འགྲིབ་པ་ཡང་མེད་དོ་ཞེས་བྱ་བའི་ཐ་ཚིག་གོ། །བཅོམ་ལྡན་འདས་གལ་ཏེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རང་བཞིན་གྱིས་དབེན་ཞིང་། རང་བཞིན་གྱིས་སྟོང་པ་ལགས་ན་ཞེས་ཞུས་པ་གཉིས་པ་ནི། གལ་ཏེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་

པ་དབེན་པའི་ངོ་བོ་ཉིད་ཡིན་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དབེན་ཞིང་སྟོང་པས་ཇི་ལྟར་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་བྱང་ཆུབ་པར་བྱེད་ཅེས་ཞུས་པའོ། །དེ་ནས་བཅོམ་ལྡན་འདས་ཀྱིས། བྱང་ཆུབ་སེམས་དཔའ་ཡང་ཆོས་ཀྱི་སྐུའི་ངོ་བོ་ཉིད་
ཡིན་པའི་ཕྱིར་དབེན་པ་ཉིད་དང་། སྟོང་པ་ཉིད་ཡིན་ཏེ། དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དབང་གིས་མངོན་པར་རྫོགས་པར་བྱང་ཆུབ་པར་འགྱུར་ཞེས་བྱ་བ་དེ་ལྟ་བུ་མེད་དེ། ཆོས་ཀྱི་སྐུའི་བྱང་ཆུབ་སེམས་དཔའ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་ནས་
འཕེལ་བར་འགྱུར་བ་ཡང་མེད་ལ། དེ་ལ་མ་བརྟེན་ན་ཡོངས་སུ་འགྲིབ་པར་འགྱུར་བ་ཡང་མེད་དེ། གནས་པའི་མཚན་ཉིད་ཡིན་པའི་ཕྱིར་རོ་ཞེས་སྟོན་ཏོ། །རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་གཅིག་ཀྱང་མ་ཡིན། གཉིས་ཀྱང་མ་ཡིན་ནོ་ཞེས་བྱ་བས་སྟོན་
ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཅེས་བྱ་བ་དང་། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་དང་། དེ་བཞིན་ཉིད་ཅེས་བྱ་བ་དེ་དག་ནི་གཅིག་སྟེ། གཉིས་སུ་བྱར་མེད་ཅིང་གྲངས་ཀྱི་བྱེ་བྲག་གིས་ཐ་དད་པ་མེད་དོ་ཞེས་བྱ་
བའི་ཐ་ཚིག་གོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྟོང་པ་ཉིད་དང་། གསོག་ཉིད་དང་། གསོབ་དང་། ཡ་མ་བརླ་ཉིད་དང་། སྙིང་པོ་མ་མཆིས་པ་ཉིད་གང་ལགས་པ་དེ་ཞེས་བྱ་བ་ལ་སོགས་པ་ཞུ་བ་གསུམ་པ་འདི་སྐད་ཞུས་ཏེ། ཅི་ཤེས་རབ་ཀྱི་
ཕ་རོལ་ཏུ་ཕྱིན་པའི་སྟོང་པ་ཉིད། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། ཅི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་འབའ་ཞིག་སྤྱོད་དམ། འོན་ཏེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དམ། འོན་ཏེ་སྟོང་པ་ཉིད་སྤྱོད་དམ། འོན་ཏེ་སྟོང་པ་ཉིད་ལས་གཞན་པ་ཞིག་སྤྱོད་
དམ་ཞེས་བྱ་བ་རྣམ་པར་རྟོག་པ་ལྔ་དང་། དེ་བཞིན་དུ་ཅི་གཟུགས་ལ་སོགས་པ་སྤྱོད་དམ། འོན་ཏེ་ཅི་གཟུགས་ལ་སོགས་པའི་སྟོང་པ་ཉིད་སྤྱོད་དམ་ཞེས་བྱ་བ་རྣམ་པར་རྟོག་པ་གཉིས་ཏེ། དེ་ལྟར་རྣམ་པར་རྟོག་པ་བདུན་ཉེ་བར་བཟུང་ནས་ཞུས་པ་དང་། དེ་ནས་བཅོམ་

ལྡན་འདས་ཀྱིས་རྣམ་པར་རྟོག་པ་དེ་དག་ཉིད་དངོས་པོ་མེད་པས་སྤྱོད་པ་གང་ཡིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དང་། ཇི་ལྟར་སྤྱོད་པ་དེ་དག་མི་དམིགས་པ་དང་། དེ་ནས་ཡང་མི་སྣང་བ་དག་མི་དམིགས་པ་དང་། སྐྱེ་བ་དང་འགག་པ་
དག་མི་དམིགས་པ་ཉེ་བར་བཟུང་ནས། བཅོམ་ལྡན་འདས་ཀྱིས་མི་སྐྱེ་བའི་ཆོས་ལ་བཟོད་པར་ལུང་བསྟན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་བསྟན་ཏོ། །བཅོམ་ལྡན་འདས་ཅི་ལགས། ཆོས་ཐམས་ཅད་སྐྱེ་བའི་སླད་དུ་བྱང་ཆུབ་སེམས་དཔའ་
སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པར་འགྱུར་རམ་ཞེས་བྱ་བ་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་སྐྱེ་བའི་ཕྱིར་རོ། །ཆོས་ཐམས་ཅད་མི་སྐྱེ་བའི་སླད་དུ་ཞེས་བྱ་བ་ནི་གཟུགས་ལ་སོགས་པའི་ཆོས་སམ་ཀུན་ནས་ཉོན་མོངས་
པའི་ཆོས་ཀྱང་རུང་སྟེ་ཐམས་ཅད་མི་སྐྱེ་བའི་ཕྱིར་རོ། །རབ་འབྱོར་དེ་ཇི་སྙམ་དུ་སེམས། གང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པར་འགྱུར་བའི་ཆོས་དེ་ལྟ་བུ་ཁྱོད་ཀྱིས་ཡང་དག་པར་རྗེས་སུ་མཐོང་ངམ་ཞེས་བྱ་བ་ནི་ལུང་བསྟན་པར་བྱ་བ་དང་། མངོན་
པར་རྫོགས་པར་བྱང་ཆུབ་པར་བྱེད་པ་དངོས་པོ་མེད་པས་འདི་དང་། འདི་ལྟ་བུའི་དོན་དུ་ལུང་བསྟན་པར་འགྱུར་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟར་ཟབ་ཅིང་ཟབ་པའི་གནས་དག་བསྟན་པས། བཅོམ་ལྡན་འདས་འདི་ནི་ཟབ་པོ་ཞེས་བྱ་བ་ལ་སོགས་པ་གསོལ་ཏོ། །དེ་ནས་ཡང་
བསོད་ནམས་མང་པོ་བསྟན་པ་ཡང་། དད་པ་རབ་ཏུ་སྐྱེད་པའི་ཕྱིར་རོ། །རབ་ཏུ་བསྔགས་པའི་ཚིག་ཐམས་ཅད་དང་། ཕན་ཡོན་བསྟན་པ་དང་། བརྒྱ་བྱིན་དང་། ཀུན་དགའ་བོའི་ཚིག་དང་། བདུད་ཀྱི་གཏམ་དང་། བདུད་ཀྱི་ལས་དང་། དེ་ལས་བྱུང་བའི་གཏམ་དང་།
བྱང་ཆུབ་སེམས་དཔའི་ཐེག་པ་པའི་གང་ཟག་རྣམས་ཀྱི་དྲུང་དུ་ཇི་ལྟར་གནས་པར་བྱ་བ་དང་། མཉམ་པ་ཉིད་བཤད་པ་གང་ཡིན་པ་དང་། ཟད་པ་དང་། འདོད་ཆགས་དང་བྲལ་བ་དང་། འགོག་པ་ལ་སོགས་པའི་གཏམ་དང་། བསླབ་པའི་ཕན་ཡོན་བཤད་པ་དང་། སེམས་

ཅན་དང་། སེམས་ཅན་མ་ཡིན་པ་རྣམས་ཟིལ་གྱིས་གནོན་པ་དང་། བརྒྱ་བྱིན་གྱི་ཚིག་དང་། བསོད་ནམས་ཚད་མེད་པ་དང་། དེ་ནས་ཡང་བརྒྱ་བྱིན་གྱི་ཚིག་རྣམས་ནི་གཞུང་ཉིད་ལས་གོ་སླ་བས་རྣམ་པར་ཕྱེ་སྟེ་མ་བཤད་དོ། །ཅི་ནས་ཀྱང་གཉིས་ཀྱི་འདུ་ཤེས་སུ་འགྱུར་བ་
མེད་པ་དང་གཉིས་མ་ཡིན་པའི་འདུ་ཤེས་སུ་འགྱུར་བ་མེད་པ་དེ་ལྟ་བུར་ཡོངས་སུ་བསྔོ་བར་བྱའོ་ཞེས་བྱ་བ་ནི་དེ་དག་གི་སེམས་བསྐྱེད་པ་གང་ཡིན་པ་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་གང་ཡིན་པ་དེ་དག་དོན་དམ་པར་ཐ་དད་པ་མ་ཡིན་ཏེ། དེ་དག་གི་དེ་བཞིན་
ཉིད་ནི་རྣམ་པར་དག་པར་རབ་ཏུ་ཕྱེ་བ་ཡིན་པས་དེའི་ཕྱིར་གཉིས་ཀྱི་འདུ་ཤེས་སུ་མི་འགྱུར་རོ། །གཉིས་ནི་དྲི་མ་དང་བཅས་པ་དང་། དྲི་མ་མེད་པའི་བྱེ་བྲག་ལས་ཐ་དད་པ་ཡོད་པས་གཉིས་ཀྱི་འདུ་ཤེས་སུ་ཡང་འགྱུར་རོ། །དེ་བས་ན་གཅིག་པའི་ཕྱིར་གཉིས་ཀྱི་འདུ་ཤེས་སུ་
མི་འགྱུར་ཞེས་གསུངས་སོ། །ཐ་དད་པའི་ཕྱིར་གཉིས་སུ་འདུ་ཤེས་སོ། །ཡང་ན་ཡོད་པ་དང་། མེད་པ་ཞེས་བྱ་བ་ནི་གཉིས་སུ་འདུ་ཤེས་པའོ། །ཡོད་པ་ཡང་མ་ཡིན་མེད་པ་ཡང་མ་ཡིན་པ་ནི་གཉིས་སུ་འདུ་ཤེས་མེད་པ་སྟེ། དེ་ཡང་འོག་ནས་འབྱུང་བའི་གཞུང་གིས་
གསལ་བར་བཤད་དོ། །དེ་ནས་ཡང་འོག་ནས་ཅི་ནས་ཀྱང་སེམས་དེ་ལ་ཡང་མ་ཡིན་ཞིང་། སེམས་གཞན་ལ་ཡང་མ་ཡིན་པ་དེ་ལྟར་ཡོངས་སུ་བསྔོ་བར་བྱའོ་ཞེས་བྱ་བ་ནི་གནས་གྱུར་པའི་དབང་གིས་སེམས་དེ་ལ་ཡང་མ་ཡིན་པར་འགྱུར་རོ། །དོན་དམ་པར་ནི་ཐ་དད་པ་མེད་
པས་སེམས་གཞན་ལ་ཡང་མ་ཡིན་པར་འགྱུར་རོ། །རབ་འབྱོར་དེ་ཇི་སྙམ་དུ་སེམས་སྒྱུ་མ་ལྟ་བུའི་སེམས་དེ་ཁྱོད་ཀྱིས་ཡང་དག་པར་རྗེས་སུ་མཐོང་ངམ་ཞེས་བྱ་བ་ཅི་ལས་དགོངས་ཤེ་ན། གལ་ཏེ་སེམས་སྒྱུ་མ་ལྟ་བུ་ཡིན་ལ། བྱང་ཆུབ་སྒྱུ་མ་ལྟ་བུ་མ་ཡིན་ན་ནི་དེ་ལྟ་ན་ཀླན་
ཀར་འགྱུར་ན། འདི་ལྟར་སེམས་དང་བྱང་ཆུབ་གཉི་ག་ཡང་སྒྱུ་མ་ལྟ་བུ་ཡིན་ཏེ། དེའི་ཕྱིར་ཀླན་ཀ་མེད་དོ། །ཆོས་གང་ཤིན་ཏུ་དབེན་པ་དེ་ནི་མཆིས་པའམ་མ་མཆིས་པར་མི་འགྱུར་རོ་ཞེས་བྱ་བ་ནི། ཀུན་བརྟགས་པའི་ཆོས་གང་ཡིན་པ་དེ་སྒྱུ་མ་ལྟ་བུ་ཡིན་པའི་ཕྱིར། །སྒྱུ་མ་

དང་འདྲ་བར་ཡོད་དོ་ཞེས་བྱ་བའམ། མེད་དོ་ཞེས་བྱ་བར་བརྗོད་དུ་མི་རུང་ལ། ཡོད་པ་ཡང་མ་ཡིན་མེད་པ་ཡང་མ་ཡིན་ཞེས་ཀྱང་བརྗོད་དུ་མི་རུང་ངོ་། །ཡོངས་སུ་གྲུབ་པའི་ཆོས་གང་ཡིན་པ་དེ་ཡང་དངོས་པོའི་རྣམ་པ་ཐམས་ཅད་ཀྱིས་དབེན་པའི་ཕྱིར་
ཡོད་དོ་ཞེས་བརྗོད་དུ་མི་རུང་ངོ་། །བརྗོད་དུ་མེད་པ་དབེན་པའི་རང་བཞིན་ཡོད་པའི་ཕྱིར་མེད་དོ་ཞེས་ཀྱང་བརྗོད་དུ་མི་རུང་ངོ་། །ཡོད་དོ་ཞེས་བྱ་བའི་ཐ་སྙད་ཡོད་པའི་ཕྱིར་མེད་དོ་ཞེས་ཀྱང་བརྗོད་དུ་མི་རུང་ངོ་། །མེད་དོ་ཞེས་བྱ་བའི་ཐ་སྙད་ཡོད་པའི་ཕྱིར་མེད་པ་མ་ཡིན་ནོ་ཞེས་
ཀྱང་བརྗོད་དུ་མི་རུང་ངོ་། །དེ་བས་ན་གཉིས་ཀྱི་འདུ་ཤེས་དང་། གཉིས་སུ་མེད་པའི་འདུ་ཤེས་མི་རིགས་སོ། །བཅོམ་ལྡན་འདས་འདི་ལྟར་གང་ཀུན་ནས་ཉོན་མོངས་པར་འགྱུར་བའམ། རྣམ་པར་བྱང་བར་འགྱུར་བའི་ཆོས་དེ་དག་ཐམས་ཅད་ནི་མ་མཆིས་ཤིང་མི་དམིགས་
སོ་ཞེས་བྱ་བ་ནི་ཀུན་ནས་ཉོན་མོངས་པར་འགྱུར་བ་དང་། རྣམ་པར་བྱང་བར་འགྱུར་བའི་ཆོས་རྣམས་ཡོད་པ་མ་ཡིན་ཏེ། དྲི་མ་དང་བཅས་པའི་གནས་སྐབས་ན་ཡང་། ནམ་མཁའ་བཞིན་དུ་རང་བཞིན་གྱིས་དབེན་པའི་ཕྱིར་ཀུན་ནས་ཉོན་མོངས་པ་མེད་དོ། །དེ་
མེད་པ་ཉིད་ཀྱི་ཕྱིར་སྔོན་མ་བྱུང་བའི་རྣམ་པར་བྱང་བ་ཡང་མེད་དོ། །འདི་ནི་སེམས་དེ་ལ་ཡང་མ་ཡིན། སེམས་གཞན་ལ་ཡང་མ་ཡིན་ཞེས་བྱ་བ་བཤད་པ་ཡིན་ནོ། །ཆོས་གང་ཤིན་ཏུ་དབེན་པ་དེ་ནི་བསྒོམ་པར་བགྱི་བ་ཡང་མ་ལགས། རྣམ་པར་གཞིག་པར་བགྱི་བ་
ཡང་མ་ལགས་ཞེས་བྱ་བ་ལ་བསྒོམ་པ་ཞེས་བྱ་བ་ནི་གོམས་པར་བྱ་བ་སྟེ། དེ་དབེན་པའི་ཕྱིར་མི་རིགས་སོ། །རྣམ་པར་གཞིག་པ་ཞེས་བྱ་བ་ནི་དྲི་མ་བསྩལ་བ་སྟེ། དེ་ཡང་ཤིན་ཏུ་དབེན་པའི་ཕྱིར་མི་རིགས་སོ། །བསྒྲུབ་པར་བགྱིད་པའི་ཆོས་ཀྱང་གང་ཡང་མ་མཆིས་ཞེས་བྱ་བ་ནི་ཤིན་ཏུ་དབེན་
པའི་ཕྱིར་བྱང་ཆུབ་ཐོབ་པར་བྱེད་པ་མ་ཡིན་པའོ། །དབེན་པ་ཉིད་ལགས་པའི་སླད་དུ་ཇི་ལྟར་དབེན་པས་དབེན་པ་རྗེས་སུ་རྟོགས་པར་འགྱུར་ཞེས་བྱ་བ་ནི་གལ་ཏེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ཡང་དག་པར་རྫོགས་པའི་བྱང་ཆུབ་དབེན་པ་ཡིན་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དབེན་

པས་ཡང་དག་པར་རྫོགས་པའི་བྱང་ཆུབ་དབེན་པ་ཇི་ལྟར་རྗེས་སུ་རྟོག་པར་འགྱུར་ཞེས་ཞུས་པའོ། །རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ་ཞེས་བྱ་བ་ལ་སོགས་པས་བཅོམ་ལྡན་འདས་ཀྱིས་འདི་སྐད་གསུངས་ཏེ། གལ་ཏེ་གཅིག་ནི་དབེན་ལ། ཅིག་ཤོས་ནི་མི་དབེན་པ་
ཞིག་ཡིན་ན་ནི་དེ་ལྟ་ན་ནི་མི་རིགས་པར་འགྱུར་ན། འདི་ལྟར་དེ་གཉིས་ཀ་ཡང་དབེན་པས་དེའི་ཕྱིར་ཉེས་པ་མེད་དེ། ཆོས་ཐམས་ཅད་ཀྱི་དབེན་པའི་མཚན་ཉིད་དེ་ཉིད་ཤེས་ན་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ་ཞེས་སྟོན་ཏོ། །བཅོམ་ལྡན་འདས་བདག་གིས་བཅོམ་
ལྡན་འདས་ཀྱིས་གསུངས་པའི་དོན་བདག་གིས་འཚལ་བ་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་དཀའ་བ་བགྱིད་པ་མ་ལགས་སོ་ཞེས་བྱ་བ་ནི། གལ་ཏེ་ལ་ལ་ནི་དམིགས། ལ་ལ་ནི་མི་དམིགས་ན་ནི་དེ་ལྟ་ན་མི་མཐུན་པས་དཀའ་བར་འགྱུར་ན། འདི་
ལྟར་ཆོས་ཐམས་ཅད་ནི་ཡོད་པ་མ་ཡིན་ཏེ། མེད་པ་ཉིད་ཀྱི་ཕྱིར་མི་དམིགས་སོ། །མེད་པ་ནི་མི་དམིགས་པ་ཞེས་བྱ་བར་ཤེས་པར་མི་དཀའོ་ཞེས་བྱ་བའི་ཐ་ཚིག་གོ། །བཅོམ་ལྡན་འདས་མི་དམིགས་པར་སྤྱོད་པ་འདི་ནི་བྱང་ཆུབ་སེམས་དཔའི་སྤྱོད་པ་སྟེ་ཞེས་བྱ་བ་ནི་མི་
དམིགས་པར་སྤྱོད་པ་མ་གཏོགས་པ་སྤྱོད་པ་གཞན་མེད་དོ། །དེའི་འོག་ཏུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་མི་རྟོག་པ་ཉིད་དུ་བསྟན་པ་ནི་གོ་སླའོ།། །།བམ་པོ་ཉི་ཤུ་བཞི་པ། འགྲོ་བ་ལྔར་འཁོར་བ་ཞེས་ཐ་དད་དུ་དབྱེ་བ་འདི་ཅི་ལས་གྱུར་རྒྱུན་དུ་ཞུགས་པ་ཞེས་
བྱ་བ་ལ་སོགས་པའི་དབྱེ་བའང་ཅི་ལས་གྱུར་ཅེས་བྱ་བ་ལ་སོགས་པས་འདི་སྐད་སྟོན་ཏོ། །གལ་ཏེ་ཆོས་ཐམས་ཅད་རྣམ་པར་མི་རྟོག་པ་ཡིན་ན་འཁོར་བ་དང་། རྣམ་པར་བྱང་བའི་ཆོས་རྣམས་ཅི་ལས་བྱུང་ཞེས་དྲིས་པའོ། །དེ་ནས་བཅོམ་ལྡན་འདས་ཀྱི་བཀའ་སྩལ་པ།
འདི་དག་ནི་ཕྱིན་ཅི་ལོག་པ་སྟེ། མེད་པ་ལ་འཛིན་པ། ཡོད་པ་སྒྲིབ་པར་བྱེད་པའི་མཚན་ཉིད་དོ། །དེ་དག་དང་འདྲེས་པའི་ཕྱིར། འདོད་ཆགས་དང་ཞེ་སྡང་ལ་སོགས་པའི་རྣམ་པར་རྟོག་པ་ཡང་ཡོད་པ་ལ་ནི་སྒྲིབ་པོ། །མེད་པ་ལ་ནི་འཛིན་ཏོ། །དེ་དག་གིས་བསྐྱེད་པའི་ཕྱིར།

བསོད་ནམས་དང་། བསོད་ནམས་མ་ཡིན་པ་ལ་སོགས་པའི་ལས་བྱེད་པའི་སེམས་པ་ཡང་། ཕྱིན་ཅི་ལོག་ཏུ་འཛིན་པ་ཡིན་ཏེ་ལས་དེ་དང་རྣམ་པར་རྟོག་པ་དེ་དག་གིས་བསྐྱེད་པའི་ཕྱིར། རྣམ་པར་སྨིན་པའི་ཤེས་པ་ཡང་དེ་ཁོ་ན་ཉིད་འཛིན་པ་མ་ཡིན་ནོ། །དེ་
བས་ན་འདུན་པ་དང་། འདོད་ཆགས་ལ་སོགས་པ་ཡང་དེ་ཁོ་ན་མ་ཡིན་པའི་ཡུལ་ཅན་ཏེ། ཀུན་འབྱུང་བ་ཐམས་ཅད་ནི་ཡང་དག་པའི་ངོ་བོ་ཉིད་མ་ཡིན་ནོ། །སེམས་ཅན་དམྱལ་བ་དང་། དུད་འགྲོ་དང་། ཡི་དགས་དང་། ལྷ་དང་མིའི་འགྲོ་བ་རྣམས་ཞེས་བྱ་བ་ནི་འགྲོ་བ་ལྔ་པོ་
དག་དེ་ཁོ་ནའི་ངོ་བོ་ཉིད་དུ་སྟོན་ཏེ། དེའི་ཕྱིར་ཆོས་རྣམས་རྣམ་པར་མི་རྟོག་པ་ཡིན་ཡང་དེ་ལྟར་འཁོར་བར་རྣམ་པར་གཞག་གོ། །རྣམ་པར་བྱང་བའི་ཆོས་རྣམས་ལ་ཡང་། རྒྱུན་དུ་ཞུགས་པ་ལ་སོགས་པ་རྣམ་པར་གཞག་ཅིང་། ཐམས་ཅད་ཀྱང་རྣམ་པར་མི་རྟོག་པ་ཉིད་དེ།
རྒྱུན་དུ་ཞུགས་པ་ལ་སོགས་པ་ནས། དེ་བཞིན་གཤེགས་པའི་བར་དུ་ངོ་བོ་ཉིད་ཀྱིས་ཐ་དད་པ་ནི་གང་ཡང་མེད་དེ། ཐམས་ཅད་ཀྱང་ཆོས་ཀྱི་སྐུ་ལས་མ་འདས་པའི་ཕྱིར་རོ་ཞེས་བསྟན་པའོ། །དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཆོས་ཉིད་ཐོས་པས་ཤཱ་རིའི་བུའི་བློ་རྒྱ་
ཆེར་གྱུར་ནས། ཀྱེ་མ་བྱང་ཆུབ་སེམས་དཔའ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་དེ་ནི་སྙིང་པོ་ལ་སྤྱོད་པའོ་ཞེས་གསུངས་པ་དང་། དེ་ནས་རབ་འབྱོར་གྱིས་སྙིང་པོ་མེད་པ་ལ་སྤྱོད་པའོ་ཞེས་གསུངས་ཏེ། དངོས་པོ་མེད་པ་དང་། ཡོད་པ་མ་ཡིན་པའི་ཕྱིར་སྙིང་པོ་མེད་
པ་ཉིད་ཡིན་པར་དེའི་ཡིད་ལ་བཞག་ནས། སྙིང་པོ་མེད་པ་ཉིད་ཀྱང་མི་དམིགས་ན་སྙིང་པོ་དམིགས་པ་ལྟ་ག་ལ་ཡོད་ཅེས་འཇིག་རྟེན་པའི་རིགས་པ་གསུངས་ཏེ། འཇིག་རྟེན་ན་ཡང་སྙིང་པོ་མེད་པ་ནི་རྙེད་སླའོ། །སྙིང་པོ་ཅན་ནི་རྙེད་པར་དཀའོ་ཞེས་ཐ་སྙད་དུ་བྱེད་དོ། །གང་དག་ཆོས་འདི་
དག་མཉམ་པ་ཉིད་དུ་མངོན་སུམ་དུ་མི་བྱེད་པ་ཞེས་བྱ་བ་ནི་རྒྱུན་དུ་ཞུགས་པ་ལ་སོགས་པ་དང་། དེ་བཞིན་གཤེགས་པ་མཉམ་པ་ཉིད་དང་། ཆོས་ཀྱི་སྐུ་དང་ཡང་དག་པའི་མཐའ་ཡང་མཉམ་པ་ཉིད་དོ། །ནམ་མཁའ་དབེན་པའི་ཕྱིར་ཞེས་བྱ་བ་ནི་ནམ་མཁའ་དབེན་པའི་རྣམ་

པས་སོ། །འདི་ཡང་འགྲེས་གསུམ་སྟེ། ནམ་མཁའ་དང་སེམས་ཅན་མཐུན་པའི་འགྲེས་དང་། ནམ་མཁའ་ལྟ་བུའི་སེམས་ཅན་གྱི་གོ་ཆའི་འགྲེས་དང་། གཟུགས་ལ་སོགས་པ་དང་། སེམས་ཅན་མཐུན་པའི་འགྲེས་སོ། །དབེན་པ་བཤད་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་
ཕྱིན་པ་ལ་སྤྱོད་པའི་ཕན་ཡོན་ཡང་གོ་སླའོ། །བཅོམ་ལྡན་འདས་གང་ཡང་དེ་བཞིན་ཉིད་དུ་གནས་ཤིང་དེ་བཞིན་ཉིད་དུ་ནན་ཏན་བགྱིས་ཏེ། ཆོས་གང་ཡང་མི་དམིགས་ན་དེ་ཇི་ལྟར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་གནས་པར་འགྱུར་བ་ལགས་ཞེས་བྱ་བ་ནི་དེ་བཞིན་ཉིད་ལ་
གནས་པ་དང་། སྒྲུབ་པ་ཆོས་འགའ་ཞིག་ཡོད་ན་ནི་རིགས་ན། གལ་ཏེ་ཆོས་ཐམས་ཅད་མི་དམིགས་ན་ཇི་ལྟར་གནས་པར་འགྱུར་ཞེས་དྲིས་པའོ། །རབ་འབྱོར་དེ་བཞིན་གཤེགས་པའི་སྤྲུལ་པ་ཇི་ལྟ་བ་བཞིན་དུ་གནས་སོ་ཞེས་བྱ་བ་ནི། ཇི་ལྟར་དེ་བཞིན་གཤེགས་
པའི་སྤྲུལ་པ་བྱ་བ་ཐམས་ཅད་བྱེད་ཅིང་གནས་པ་དེ་བཞིན་དུ། བྱང་ཆུབ་སེམས་དཔའ་ཡང་གནས་སོ་ཞེས་བྱ་བའི་ཐ་ཚིག་གོ། །བཅོམ་ལྡན་འདས་གང་དེ་བཞིན་གཤེགས་པའི་སྤྲུལ་པ་ཞེས་བགྱི་བའི་ཆོས་གང་ཡང་མི་དམིགས་ན་ཞེས་བྱ་བ་ལ་སོགས་པས། འདི་སྐད་
དུ་དེ་བཞིན་གཤེགས་པའི་སྤྲུལ་པ་ཞེས་བྱ་བའི་ཆོས་གང་ཡང་མེད་དེ། དེ་མེད་པ་ཉིད་ཀྱི་ཕྱིར་དེ་བཞིན་ཉིད་ལ་གནས་པ་དང་། སྒྲུབ་པ་དང་། མངོན་པར་རྫོགས་པར་བྱང་ཆུབ་པ་དང་། ཆོས་བསྟན་པ་ཡང་མེད་ལ། བྱང་ཆུབ་སེམས་དཔའ་ཐམས་ཅད་ནི་ཡོད་དོ་ཞེས་བྱ་བ་
ཇི་ལྟར་རིགས་པར་འགྱུར་ཞེས་བསྟན་པའོ། །དེ་བཞིན་ཉིད་ཀྱང་མི་དམིགས་ན། གང་དེ་བཞིན་ཉིད་ལ་གནས་པར་འགྱུར་བ་ལྟ་ཅི་སྨོས་ཞེས་བྱ་བ་འདིས་ཀྱང་མི་རིགས་པ་གཞན་དག་སྟོན་ཏོ། །དེ་བཞིན་ཉིད་ཀྱང་དྲི་མ་དང་བཅས་པའི་གནས་སྐབས་ན་ཀུན་བརྟགས་པ་དང་
མཚུངས་པའི་ཕྱིར་དེ་སྐད་བཤད་དོ། །དེའི་ཚེ་དེ་བཞིན་ཉིད་ཀྱང་དེ་བཞིན་ཉིད་ཀྱི་བདག་ཉིད་དུ་མི་དམིགས་སོ། །བཅོམ་ལྡན་འདས་ཀྱིས་ཀྱང་རབ་འབྱོར་དེ་དེ་བཞིན་ནོ་དེ་དེ་བཞིན་ཏེ་ཞེས་བཀའ་སྩལ་པའི་དགོངས་པ་ནི་འདི་ཡིན་ཏེ། གལ་ཏེ་ཁ་ཅིག་དམིགས་ལ། ཁ་ཅིག་

མི་དམིགས་ན་ནི་ཀླན་ཀར་ཡང་འགྱུར་ན། འདི་ལྟར་བྱང་ཆུབ་སེམས་དཔའ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བྱང་ཆུབ་དང་། གནས་པ་དང་། སྒྲུབ་པ་ཐམས་ཅད་མེད་ན་དེ་ལ་ཀླན་ཀར་འགྱུར་བ་ཅི་ཞིག་ཡོད་ཅེས་གསུངས་པའོ། །དེ་ཅིའི་ཕྱིར་ཞེ་ན།
རབ་འབྱོར་དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་། མ་བྱུང་ཡང་རུང་ཞེས་བྱ་བ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཅེས་བྱ་བ་གནས་པ་ཡིན་པའི་ཕྱིར་དེ་དུས་ཐམས་ཅད་དུ་ཡོད་དེ། དེའི་ཕྱིར་གནས་པ་ཞེས་བྱ་བ་དང་། སྒྲུབ་པ་ཞེས་བྱ་བ་གང་ཡང་མེད་དེ། དེ་
བཞིན་ཉིད་ལ་ནི་གནས་པ་དང་། སྒྲུབ་པ་དང་། མངོན་པར་རྫོགས་པར་བྱང་ཆུབ་པར་བྱེད་པ་གང་ཡང་མེད་དོ་ཞེས་སྟོན་ཏོ། །དེའི་འོག་ཏུ་རབ་འབྱོར་ལ་བསྟོད་པ་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་བསྟོད་པ་དང་། ལྷ་རྣམས་ཀྱིས་མཆོད་པ་དང་། དགེ་སློང་
དྲུག་སྟོང་གི་གཏམ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཕན་ཡོན་དང་། ཀུན་དགའ་བོ་ལ་ཡོངས་སུ་གཏད་པ་དང་། རྫུ་འཕྲུལ་མངོན་པར་འདུ་མཛད་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པ་དང་། རབ་ཏུ་བསྔགས་པ་དང་། མི་ཟད་པའི་གཏམ་མོ།
ཀུན་དགའ་བོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ནི་ཡི་གེ་ཐམས་ཅད་ལ་འཇུག་གོ། །ཡི་གེ་མེད་པ་ཐམས་ཅད་ལ་འཇུག་གོ། །ཀུན་དགའ་བོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ནི་གཟུངས་ཀྱི་སྒོ་གང་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བསླབ་པར་
བྱ་བའི་གཟུངས་ཐམས་ཅད་ཀྱི་སྒོ་ཡིན་ཏེ་ཞེས་བྱ་བ་ནི་གང་དག་ཡི་གེར་གཏོགས་པའི་དྲན་པ་དང་། ཤེས་རབ་དང་། ཏིང་ངེ་འཛིན་དེ་དག་ལ་འཇུག་པར་འགྱུར་བ་དང་། གང་དག་གི་ཡི་གེར་མ་གཏོགས་པའི་དྲན་པ་དང་། ཤེས་རབ་དང་། ཏིང་ངེ་འཛིན་དེ་དག་ལ་འཇུག་པར་
འགྱུར་བ་དང་། གང་ཡང་ཆོས་ཀྱི་གཟུངས་དང་། དོན་གྱི་གཟུངས་དང་། བཟོད་པའི་གཟུངས་དང་། སྔགས་ཀྱི་གཟུངས་དེ་དག་གི་སྒོར་གྱུར་པའོ། །རབ་འབྱོར་གཟུགས་མི་ཟད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ་ཞེས་བྱ་བ་ལ་སོགས་པས་

གཟུགས་ལ་སོགས་པའི་ཆོས་རྣམས་ཀྱི་མི་ཟད་པ་ཉིད་ལ་དམིགས་ནས་ཤེས་རབ་བསྐྱེད་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །རབ་འབྱོར་གཞན་ཡང་གཟུགས་དང་ནམ་མཁའ་ཟད་མི་ཤེས་པས་ཞེས་བྱ་བ་ནི་གཟུགས་ལ་སོགས་པའི་དེ་བཞིན་ཉིད་དང་། ནམ་མཁའ་ལ་དམིགས་ནས་
ཡང་དེ་དག་མི་ཟད་པ་ཉིད་དུ་ཤེས་རབ་བསྐྱེད་པར་བྱའོ། །དེའི་འོག་ཏུ་ནམ་མཁའ་ལྟར་ཟད་མི་ཤེས་པ་བསྒོམས་པའི་ཕན་ཡོན་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་རེ་རེ་ལ་སྦྱར་བས་ནི་གོ་སླའོ། །ནང་སྟོང་པ་ཉིད་ལ་ནང་སྟོང་པ་ཉིད་ཅེས་བྱ་བར་མི་དམིགས་སོ་ཞེས་བྱ་བ་ནི་འདི་ནང་སྟོང་
པ་ཉིད་དོ་ཞེས་རྣམ་པར་མི་རྟོག་གོ་ཞེས་བྱ་བའི་ཐ་ཚིག་གོ། །གཟུགས་སྟོང་ཞེས་བྱ་བའམ། མི་སྟོང་ཞེས་བྱ་བར་མི་དམིགས་སོ་ཞེས་བྱ་བ་ནི་གཉི་གར་ཡང་རྣམ་པར་མི་རྟོག་པའི་ཕྱིར་རོ། །ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དག་གཅིག་ལ་གཅིག་སྦྱར་བ་དང་། དེའི་འོག་ཏུ་ཐབས་
མཁས་པ་དང་། ཚོགས་ཡོངས་སུ་རྫོགས་པའི་གཏམ་དང་འཁོར་ལོས་སྒྱུར་བའི་དཔེ་དང་། བུད་མེད་ཀྱི་དཔེ་དང་། གཡུལ་ངོར་འགྲོ་བའི་སྐྱེས་བུ་དཔའ་བའི་དཔེ་དང་། ཁམས་ཀྱི་རྒྱལ་པོའི་དཔེ་དང་། ཆུ་ཀླུང་གི་དཔེ་དང་། ལག་པ་གཡས་པའི་དཔེ་དང་། རྒྱ་མཚོའི་
ཆེན་པོའི་རོའི་དཔེ་དང་། འཁོར་ལོ་རིན་པོ་ཆེའི་དཔེ་དང་། དེ་ནས་ཡང་ཕ་རོལ་ཏུ་ཕྱིན་པ་དྲུག་བཤད་པ་དག་ནི་གོ་སླའོ། །བཅོམ་ལྡན་འདས་གལ་ཏེ་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཐ་དད་པ་མ་མཆིས་ན་ཅིའི་སླད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ཕ་རོལ་ཏུ་ཕྱིན་པ་ལྔའི་རབ་
ཅེས་བགྱི་ཞེས་བྱ་བ་ནི་ཐ་དད་པ་མེད་པའི་ཕྱིར་ཁྱད་པར་མེད་དེ། གཅིག་པ་ལ་རབ་ཅེས་བྱ་བ་མི་རིགས་སོ་ཞེས་དགོངས་པའོ། །རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ་ཞེས་བྱ་བ་དགོངས་པ་ནི་འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཡོངས་སུ་ཟིན་ན་ཕ་རོལ་ཏུ་ཕྱིན་
པ་ལྔ་པོ་དག་ཐ་དད་པར་མི་འགྱུར་ཏེ། དེ་བས་ན་ཐ་དད་པ་མེད་པ་དེ་ཉིད་ལ་རག་ལུས་པའི་ཕྱིར་དེ་ལ་རབ་ཅེས་བྱ་སྟེ། འདིར་ཡང་རི་རབ་ཀྱི་དཔེས་བསྟན་ཏོ། །དོན་གྱི་རྗེས་སུ་ཞུགས་པ་ལ་ནི་ཆོས་གང་ལ་ཡང་བྱེ་བྲག་དང་ཁྱད་པར་མེད་དེ་ཞེས་བྱ་བ་ནི་དོན་གྱི་རྗེས་སུ་ཞུགས་

པའི་གང་ཟག་ལ་ཆོས་གང་ཡང་བྱེ་བྲག་ཏུ་མི་སྣང་ངོ་། །དེ་བཞིན་དུ་དོན་གྱི་དབང་གིས་ཆོས་རྣམས་ལ་བྱེ་བྲག་གང་ཡང་མེད་དེ། དེ་བས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁོ་ན་མཆོག་ཅེས་བརྗོད་པར་མི་བྱའོ་ཞེས་བྱའོ་ཞེས་གསུངས་པའོ། །རབ་འབྱོར་དེ་དེ་བཞིན་
ནོ། །དེ་དེ་བཞིན་ཏེ་ཞེས་བྱ་བ་ནི་འདི་སྐད་བསྟན་ཏེ། དོན་གྱི་རྗེས་སུ་ཞུགས་པ་དེ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དབང་གིས་འགྱུར་ཏེ། དེ་བས་ན་དེ་རབ་ཅེས་བྱའོ། །འདི་ལྟར་བྱེ་བྲག་མེད་ཀྱང་འཇིག་རྟེན་ན་བརྡའི་རྗེས་སུ་འབྲང་བས་འདི་ནི་སྦྱིན་པས་སོ། །འདི་ནི་ཚུལ་
ཁྲིམས་སོ། །འདི་ནི་བཟོད་པའོ་ཞེས་འདོགས་པར་བྱེད་དེ། འདོགས་པ་དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྒྱུ་ལས་འགྱུར་གྱི་གཞན་ལས་ནི་མ་ཡིན་ཏེ། འདིར་ཡང་བུད་མེད་རིན་པོ་ཆེའི་དཔེས་བསྟན་ཏོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཆོས་གང་ཡང་ཡོངས་
སུ་འཛིན་པའམ་གཏོང་བ་མེད་དོ་ཞེས་བྱ་བ་ནི་གལ་ཏེ་བྱང་ཆུབ་སེམས་དཔའི་ཤེས་རབ་ཆོས་འགའ་ཞིག་འཛིན་ན་དེ་ཉིད་མངོན་པར་ཞེན་པའི་སྐྱོན་དུ་འགྱུར་རོ། །གལ་ཏེ་གཏོང་ན་ཡང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་གྲུབ་པར་ནི་འགྱུར་ཏེ། དེ་བས་ན་མི་འཛིན་མི་
གཏོང་ངོ་། །ཡང་ན་ཀུན་བརྟགས་པའི་དབང་གིས་ནི་མི་འཛིན། ཆོས་ཉིད་ཀྱི་དབང་གིས་ནི་མི་གཏོང་ངོ་། །རབ་འབྱོར་གང་གཟུགས་ཡིད་ལ་མི་བྱེད་པ་འདི་ནི་གཟུགས་ཡོངས་སུ་མི་འཛིན་པའོ་ཞེས་བྱ་བ་ནི་ཡོངས་སུ་མི་འཛིན་ཞེས་བྱ་བ་གང་ཡང་མེད་ཀྱི། ཡང་དག་པ་
མ་ཡིན་པ་ནི་ཡོད་པ་མ་ཡིན་པའི་ཕྱིར་ཡིད་ལ་མི་བྱེད་པ་ཉིད་ཡོངས་སུ་མི་འཛིན་པ་ཞེས་བྱའོ། །རབ་འབྱོར་གང་གི་ཚེ་བྱང་ཆུབ་སེམས་དཔའ་གཟུགས་ཡིད་ལ་མི་བྱེད་པ་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་བར་དུ་ཡིད་ལ་མི་བྱེད་པ་དེའི་ཚེ་བྱང་ཆུབ་
སེམས་དཔའ་སེམས་དཔའ་ཆེན་པོའི་དགེ་བའི་རྩ་བ་རྣམས་རྣམ་པར་འཕེལ་བར་འགྱུར་ཏེ་ཞེས་བྱ་བ་ནི་ཡོད་པ་མ་ཡིན་པའི་ཆོས་རྣམས་མེད་པས་དངོས་པོ་མེད་པའི་བདག་ཉིད་དུ་ཡོངས་སུ་ཤེས་ནས་ཡིད་ལ་མི་བྱེད་པ་ཉིད་དགེ་བའི་རྩ་བ་འཕེལ་བ་ཡིན་ནོ་ཞེས་བསྟན་པའོ། །

བྱང་ཆུབ་སེམས་དཔའ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཉམས་པར་འགྱུར་ཏེ་ཞེས་བྱ་བ་ནི་མཚན་མར་དམིགས་པའི་ཉེས་པས་ཆགས་པའོ། །ཆོས་ཐམས་ཅད་ཡོངས་སུ་མ་བཟུང་བ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མ་ཆགས་པ་དེ་ཉིད་ཡོངས་སུ་མ་བཟུང་བ་སྟེ།
བྱང་ཆུབ་སེམས་དཔའི་ཤེས་རབ་ནི་གང་དུ་ཡང་ཆགས་པ་མེད་ལ། གང་ཡང་ཡོངས་སུ་མི་འཛིན་ཏོ། །འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མ་བྲལ་བ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་དུས་ཐམས་ཅད་དུ་ཤེས་རབ་ཀྱི་ཕ་
རོལ་ཏུ་ཕྱིན་པའི་ངོ་བོ་ཉིད་དང་མ་བྲལ་བའོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟར་ཆོས་ཐམས་ཅད་ཀྱང་ཇི་ལྟ་ཇི་ལྟ་བུའི་ངོ་བོ་ཉིད་དང་མ་བྲལ་ལགས་ན། འོ་ན་ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བགྱི་ཞེས་བྱ་བ་ནི་གལ་ཏེ་ཆོས་ཐམས་ཅད་ངོ་བོ་ཉིད་དང་མ་
བྲལ་བ་ཡིན་ན། འོ་ན་ཇི་ལྟར་དེ་དག་དགེ་བའི་རྩ་བ་ལ་སོགས་པས་ཉེ་བར་གཟུང་བར་བྱ་ཞེས་ཞུས་པའོ། །གཟུགས་ལ་མངོན་པར་ཞེན་པ་མེད་དེ་འདི་ནི་གཟུགས་སོ། །འདི་ནི་གཟུགས་སོ་ཞེས་བྱ་བར་མངོན་པར་ཞེན་པ་མེད་དོ་ཞེས་བྱ་བ་ལ་སོགས་པས་འདི་སྐད་སྟོན་ཏེ།
ཆོས་ནི་ཆོས་མངོན་པར་མི་སྒྲུབ་སྟེ། ཆོས་ཐམས་ཅད་ལ་མངོན་པར་ཞེན་པ་མེད་པའི་ཕྱིར་རོ། །ཡང་དག་པར་རྗེས་སུ་མ་མཐོང་བས་ཇི་ལྟ་ཇི་ལྟ་བུར་གནས་པའི་མཚན་ཉིད་ཀྱི་ཆོས་ཀྱི་ཡང་དག་པ་ཇི་ལྟ་བ་རྟོགས་པ་ཉིད་མངོན་པར་སྒྲུབ་པ་ཞེས་བྱའི་གཞན་དུ་ནི་མ་ཡིན་ནོ། །
ཞེས་དེ་སྐད་སྟོན་ཏོ། །འཁོར་ལོས་སྒྱུར་བའི་དཔེ་དང་། ཁ་ལོ་སྒྱུར་བའི་དཔེས་ཀྱང་ཤེས་པར་བྱའོ། །བཅོམ་ལྡན་འདས་གལ་ཏེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆོས་གང་སྐྱེད་པ་མ་ལགས་འགོག་པ་མ་ལགས་ན་ཞེས་བྱ་བ་ལ་སོགས་པས། འདི་སྐད་ཞུས་ཏེ། གལ་
ཏེ་བྱང་ཆུབ་སེམས་དཔའི་ཤེས་རབ་ཆོས་གང་ཡང་མི་སྐྱེད་ལ། ནག་པོའི་ཆོས་ཀྱང་མི་འགོག་ན་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དག་གིས་ཅི་ཞིག་བྱ་སྟེ། ཇི་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བྱ་ཞེས་ཞུས་པའོ། །རབ་འབྱོར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་

དམིགས་ཏེ་ཞེས་བྱ་བ་ལ་སོགས་པས། བཅོམ་ལྡན་འདས་ཀྱིས་འདི་སྐད་གསུངས་ཏེ། ཅི་ཞིག་བསྐྱེད་པར་བྱའོ་སྙམ་མམ། ཅི་ཞིག་དགག་པར་བྱའོ་སྙམ་དུ་བསམས་ཏེ། ཚོགས་ཡོངས་སུ་རྫོགས་པར་མི་བྱ། རྣམ་པ་ཐམས་ཅད་མཁྱེན་པ་
ཉིད་འབའ་ཞིག་ཏུ་ཡོངས་སུ་བསྔོ་ཞིང་ཡོངས་སུ་རྫོགས་པར་བསྟན་པའོ། །གཟུགས་ལྡན་པ་ཡང་མ་ཡིན་མི་ལྡན་པ་ཡང་མ་ཡིན་ཞེས་བྱ་བ་ནི་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་ན། གཟུགས་ལ་ཀུན་ཏུ་སྦྱོར་བ་ལས་དབྲལ་བར་བྱའོ། །མི་ལྡན་པ་བསྐྱེད་པར་བྱའོ་ཞེས་བྱ་
བའི་བློ་བསྐྱེད་པར་མི་བྱ་སྟེ། འདི་ལྟར་བདག་ཉིད་རང་བཞིན་གྱིས་ཡོངས་སུ་དག་པའི་ཕྱིར་ལྡན་པ་ཡང་མ་ཡིན་མི་ལྡན་པ་ཡང་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །གཟུགས་ལ་གནས་པར་བྱའོ་ཞེས་བརྩོན་པར་མི་བྱའོ་ཞེས་བྱ་བ་ལ་སོགས་པས། རྣམ་པར་སྨིན་པ་
ཡིད་དུ་འོང་བའི་ཕུང་པོ་ལ་སོགས་པ་ལ་གནས་པར་བྱའོ་སྙམ་པའམ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཡང་འབྲས་བུའི་ཚུལ་དུ་གནས་པར་བྱའོ་སྙམ་དུ་བརྩོན་པར་མི་བྱ་བའོ། །གཟུགས་ནི་གང་ལ་ཡང་མི་གནས་སོ་ཞེས་བྱ་བ་ནི་ཆོས་ཉིད་ཀྱི་གཟུགས་ལ་བྱའོ། །
བཟའ་ཤིང་གི་དཔེ་དང་། ཐམས་ཅད་ཀྱི་སྒོ་དང་། འཕོང་གི་སློབ་དཔོན་གྱི་དཔེའོ། །དེའི་འོག་ཏུ་སངས་རྒྱས་ཀྱི་དགོངས་པ་ལ་ཅི་ནས་ཀྱང་སྦྱིན་པ་མི་དམིགས་པ་དང་། ཚུལ་ཁྲིམས་དང་བཟོད་པ་མི་དམིགས་ཞེས་བྱ་བ་ནི་ཇི་ལྟར་སྦྱིན་པ་ལ་སོགས་པ་མི་དམིགས་
པས་མི་དམིགས་པའི་ཚུལ་དུ་དགོངས་པ་སྟེ། ཇི་ལྟར་བྱང་ཆུབ་སེམས་དཔའ་ཡང་མི་དམིགས་པའི་ཚུལ་གྱིས་དགོངས་སོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་བཞིན་ཉིད་ཤེས་ན་ཆོས་ཐམས་ཅད་ཀྱི་མདོ་དང་རྒྱས་པ་ཤེས་པར་འགྱུར་རོ་ཞེས་བྱ་བ་ནི་གང་གི་ཚེ་ཡོངས་སུ་གྲུབ་
པ་དེ་བཞིན་ཉིད་ཙམ་དུ་ཤེས་པ་དེའི་ཚེ་མདོ་ཤེས་པར་འགྱུར་རོ། །གང་གི་ཚེ་གཟུགས་ཀྱི་དེ་བཞིན་ཉིད་དང་། ཚོར་བའི་དེ་བཞིན་ཉིད་ལ་སོགས་པ་མ་དག་ཅིང་ཡོངས་སུ་མ་གྲུབ་པར་ཤེས་པ་དེའི་ཚེ་རྒྱས་པ་ཤེས་པར་འགྱུར་རོ། །རབ་འབྱོར་མཐའ་མེད་པ་ནི་ཡང་དག་པའི་

མཐའ་སྟེ་ཞེས་བྱ་བ་ནི་མཐའ་ཞེས་བྱ་བའི་སྒྲ་ནི་རྩེ་མོའི་དོན་ཏེ། དཔེར་ན་རིའི་རྩེ་མོ་ཞེས་བྱ་བ་ལྟ་བུའོ། །ཁ་ཅིག་ཏུ་ནི་མཐའ་ལ་བྱ་སྟེ་དཔེར་ན་རྒྱ་མཚོའི་མཐའ་ཞེས་བྱ་བ་ལྟ་བུའོ། །མཐའ་དེ་གཉི་ག་ཡང་དེ་ལ་མེད་དེ་དེ་ལ་རྩེ་མོའི་མཐའ་མེད་པ་ནི་མཐའ་གང་ལ་ཆད་པ་ཡང་མ་ཡིན་
ཞེས་གསུངས་པའོ། །མཐའ་མེད་པ་ནི་ཡོངས་སུ་ཆད་པ་མེད་ཅེས་གསུངས་པ་སྟེ། དེ་བས་ན་ཡང་དག་པའི་མཐའ་ཞེས་བྱ་བ་ནི་དེ་ཁོ་ན་མི་འགྱུར་བ་ཞེས་བྱ་བའི་ཐ་ཚིག་གོ། །རབ་འབྱོར་ཇི་ལྟར་ཆོས་ཐམས་ཅད་ལྡན་པ་ཡང་མ་ཡིན་མི་ལྡན་པ་ཡང་མ་ཡིན་པ་ཞེས་བྱ་བ་ནི་དངོས་
པོ་མེད་པ་ཉིད་ཀྱི་ཕྱིར་གཉི་གར་ཡང་མི་འགྱུར་རོ། །གཅིག་གི་ཚིག་བླ་དགས་ལ་མཁས་པ་ཞེས་བྱ་བ་ལ་སོགས་པས་ནི་གྲངས་ཤེས་པ་བསྟན་ཏོ། །བུད་མེད་ཀྱི་ཚིག་བླ་དགས་ལ་མཁས་པ་ཞེས་བྱ་བ་ལ་སོགས་པས་ནི་རྟགས་ཤེས་པ་བསྟན་ཏོ། །ལམ་གྱི་རྒྱུན་བཅད་པ་ལ་
མཁས་པ་ཞེས་བྱ་བ་ནི་འཇིག་རྟེན་པའི་ལམ་ལ་མཁས་པའོ། ལམ་གྱི་རྒྱུན་མ་བཅད་པ་ལ་མཁས་པ་ཞེས་བྱ་བ་ནི་འཇིག་རྟེན་ལས་འདས་པའི་ལམ་ལ་མཁས་པའོ། །རབ་འབྱོར་གཟུགས་ཞི་བས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱའོ་ཞེས་བྱ་བ་ནི་ཞི་བ་ལ་སོགས་
པ་མཚན་ཉིད་བཟུང་སྟེ་ཤེས་རབ་བསྐྱེད་པར་བྱ་བའོ། །རབ་འབྱོར་ནམ་མཁའ་ལྟར་སྟོང་པ་ཉིད་མངོན་པར་བསྒྲུབ་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མངོན་པར་བསྒྲུབ་པར་བྱའོ་ཞེས་བྱ་བ་ནི་ནམ་མཁའ་བཞིན་དུ་སྟོང་པ་ཉིད་དུ་རྟོགས་པར་བྱ་བའོ། །ནམ་མཁའ་སྟོང་པ་
ཉིད་དུ་བསྒོམ་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པར་བྱའོ་ཞེས་བྱ་བ་ནི་ནམ་མཁའ་བསྒོམ་པ་ཉིད་ཀྱིས་སྟོང་པ་ཉིད་བསྒོམ་པར་བྱ་བའོ། །དེ་ལ་བྱེ་བྲག་ཏུ་བརྗོད་པར་འདོད་པ་ལ། དང་པོ་ནི་རྩོལ་བ་དང་བཅས་མཚན་མ་དང་བཅས་པའི་གནས་སྐབས་ཀྱི་སྤྱོད་པའོ། །ས་
དང་པོ་ཡན་ཆད་ནི་རྩོལ་བ་དང་བཅས་ལ། མཚན་མ་མེད་པའི་གནས་སྐབས་ཀྱི་མངོན་པར་སྒྲུབ་པའོ། །ས་བརྒྱད་པ་ཡན་ཆད་ནི་ལྷུན་གྱིས་གྲུབ་ཅིང་མཚན་མ་མེད་པའི་གནས་སྐབས་ཀྱི་སྒོམ་པའོ་ཞེས་བསྟན་པའོ། །སེམས་ཀྱི་རྒྱུན་མ་ཆད་ཅིང་མ་བྲལ་བར་རྗེས་སུ་འབྲེལ་པས་ཞེས་

བྱ་བ་ནི་སེམས་རྒྱུན་མ་ཆད་པ་དང་། མ་བྲལ་བ་སྟེ། གང་རྗེས་སུ་འབྲེལ་ཞིང་རྒྱུན་ཆགས་པ་དེས་སེམས་བར་ཆད་མེད་ཅིང་སོ་སོར་མ་གྱེས་པ་དང་། རྗེས་སུ་འབྲེལ་བར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །ཅི་ནས་ཀྱང་སེམས་དང་སེམས་ལས་བྱུང་བ་རྣམས་
མི་རྒྱུ་བ་དེ་ལྟར་བསྒོམ་པར་བྱའོ་ཞེས་བྱ་བ་ནི་གནས་གྱུར་གྱི་བར་དུ་ཞེས་བྱ་བའི་ཐ་ཚིག་གོ། །ཅི་ལགས་བསྒོམས་པས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར་རམ་ཞེས་གསོལ་པ་དང་། རབ་འབྱོར་དེ་ནི་མ་ཡིན་ནོ་ཞེས་བསལ་བ་གསུངས་ཏེ། རྩོལ་བ་དང་བཅས། རྣམ་
པར་རྟོག་པ་དང་བཅས་པའི་གནས་སྐབས་ལ་བྱའོ། །མ་བསྒོམས་པས་སམ་ཞེས་གསོལ་ནས། ཅང་མི་གསུང་བར་གྱུར་པ་དང་། མ་ཡིན་ནོ་ཞེས་བསལ་བ་གསུངས་པའོ། །བསྒོམས་ཀྱང་བསྒོམས་ལ་མ་བསྒོམས་ཀྱང་བསྒོམས་པས་སམ་ཞེས་གསོལ་པ་དང་། སྐྱོན་གཉིས་
ཀ་བཤད་ཟིན་པས་གསལ་བ་གསུངས་སོ། །བསྒོམས་པ་ཡང་མ་ལགས་མ་བསྒོམས་པ་ཡང་མ་ལགས་པས་སམ་ཞེས་གསོལ་པ་དང་། གལ་གཉིས་སུ་སྨྲ་བའི་གཞུང་གིས་འཁྲུགས་སུ་དོགས་པས་བསལ་བ་གསུངས་ཏེ། རྣམ་པ་ཐམས་ཅད་དུ་བརྗོད་དུ་མེད་ཅིང་བསམ་
གྱིས་མི་ཁྱབ་པའི་གནས་སྐབས་ཡིན་པར་བསྟན་ཏོ། །རབ་འབྱོར་དེ་བཞིན་ཉིད་ཇི་ལྟ་བ་བཞིན་ཞེས་བྱ་བ་ནི་ཕྱིས་ཆོས་ཐམས་ཅད་མི་དམིགས་པའི་གནས་སུ་བསྟན་པ་སྟེ། བདག་གི་ཁམས་ཇི་ལྟ་བ་བཞིན་ཞེས་བྱ་བ་ལ་སོགས་པའོ། །རབ་འབྱོར་གདགས་སུ་མེད་པའོ་
ཞེས་བྱ་བ་ནི་བརྗོད་དུ་མེད་ཅེས་བྱ་བའི་ཐ་ཚིག་གོ། །རབ་འབྱོར་དེ་ཇི་སྙམ་དུ་སེམས་སེམས་ཅན་དུ་གདགས་པ་དམིགས་སུ་ཡོད་དམ་ཞེས་བྱ་བ་ལ་སོགས་པས་ནི་སེམས་ཅན་དམྱལ་བ་ལ་སོགས་པས་ཀུན་བརྟགས་པའི་ཕྱིར་མེད་པ་ལས་ཀུན་རྫོབ་ཏུ་བཏགས་པ་སྟེ།
བྱིས་པ་སོ་སོའི་སྐྱེ་བོ་རྣམས་ལ་ཕན་གདགས་པའི་ཕྱིར་རོ་ཞེས་བསྟན་པའོ། །དབྲི་བ་མེད་པ་དང་བསྣན་པ་མེད་པར་ཞེས་བྱ་བ་ནི་ཡོད་པ་ལ་སྐུར་པ་འདེབས་པ་ནི་དབྲི་བའོ། །མེད་པ་ལ་སྒྲོ་འདོགས་པ་ནི་བསྣན་པའོ། །སྐྱེ་བ་མེད་པ་དང་། འགག་པ་མེད་པ་ལ་

བསླབ་པ་ཞེས་བྱ་བ་སྐྱེ་བ་མེད་པའི་བསླབ་པ་ནི་གང་སྒྲོ་འདོགས་པ་མེད་པའོ། །འགག་པ་མེད་པའི་བསླབ་པ་ནི་ཡོད་པ་ལ་གང་སྐུར་པ་འདེབས་པ་མེད་པའོ། །བསྒོམ་པར་ཡང་མི་བགྱི། རྣམ་པར་གཞིག་པ་ཡང་མི་བགྱི་ཞེས་བྱ་བ་ནི་མངོན་པར་འདུ་བྱེད་པ་མེད་པ་ལ་སློབ་
པ་སྟེ། བསྒོམ་པར་བྱ། བསྐྱེད་པར་བྱ་སྙམ་པའི་མངོན་པར་འདུ་བྱེད་པ་མེད་པས་སྐྱེ་བ་མེད་པའི་བསླབ་པའོ། །རྣམ་པར་གཞིག་པར་བྱ་མེད་པར་བྱ་སྙམ་པའི་མངོན་པར་འདུ་བྱེད་པ་མེད་པས་འགག་པ་མེད་པའི་བསླབ་པའོ། །གཟུགས་ནི་གཟུགས་ཀྱིས་སྟོང་
ཞེས་བྱ་བ་ནི་ཀུན་བརྟགས་པའི་གཟུགས་ནི་གཟུགས་ཉིད་དུ་མེད་པའོ། །གཟུགས་ཀྱི་མཚན་ཉིད་ཀྱིས་སྟོང་པའི་ཕྱིར་རོ། །སྤྱོད་པ་མེད་པ་ནི་བྱང་ཆུབ་སེམས་དཔའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའོ་ཞེས་བྱ་བ་ནི་ཐམས་ཅད་དམིགས་སུ་མེད་པའི་ཕྱིར་གང་
ལ་ཡང་མི་སྤྱོད་པ་ཉིད་སྤྱོད་པའོ། །གལ་ཏེ་སྤྱོད་པ་མ་མཆིས་པ་བྱང་ཆུབ་སེམས་དཔའི་སྤྱོད་པ་ལགས་ན་ལས་དང་པོ་པའི་བྱང་ཆུབ་སེམས་དཔས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཇི་ལྟར་སྤྱད་པར་བགྱི་ཞེས་ཞུས་པ་དང་། ལས་དང་པོ་པའི་བྱང་ཆུབ་སེམས་དཔས་
ཞེས་བྱ་བ་ནི་ལ་སོགས་པས་སེམས་དང་པོ་བསྐྱེད་པ་ནས་བཟུང་སྟེ། མི་དམིགས་པའི་ཚུལ་དུ་ཆོས་ཐམས་ཅད་ལ་བསླབ་པར་བྱའོ་ཞེས་བྱ་བ་སྟེ། ལས་དང་པོ་པ་ལ་དོན་དམ་པའི་སྤྱོད་པ་མེད་དུ་ཟིན་ཀྱང་དེའི་ཕྱིར་བསླབ་པར་བྱ་སྟེ། བསླབ་པ་ཉིད་སྤྱད་པ་ཡིན་ནོ་ཞེས་
བསྟན་ཏོ། །བཅོམ་ལྡན་འདས་ཅི་དམིགས་སུ་མཆིས་པ་མི་དམིགས་པ་ལགས་སམ་ཞེས་བྱ་བ་ནི་མི་དམིགས་པ་དམིགས་སུ་མཆིས་སམ་ཞེས་ཞུས་པའོ། །དམིགས་སུ་མེད་པའི་ངོ་བོ་ཉིད་དམིགས་སུ་མེད་པས། དམིགས་སོ་ཞེས་བརྗོད་དུ་མི་རུང་བའི་ཕྱིར་
དམིགས་སུ་ཡོད་པ་མི་དམིགས་པ་ཡང་མ་ཡིན་ཞེས་བྱ་བས་བསྩལ་བ་གསུངས་ཏེ། དམིགས་སུ་མེད་པའི་མཚན་ཉིད་ཆོས་ཐམས་ཅད་ཀྱི་མཉམ་པ་ཉིད་ཡོད་པའི་ཕྱིར་མི་དམིགས་པ་དམིགས་སུ་མེད་པ་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །དམིགས་པ་དང་མི་

དམིགས་པ་མཉམ་པ་ཉིད་ནི་མི་དམིགས་པ་སྟེ་ཞེས་བྱ་བ་ནི་ཆོས་ཐམས་ཅད་དམིགས་སུ་ཡོད་པ་དངོས་པོ་གང་ཡིན་པ་དང་། ཆོས་ཐམས་ཅད་དམིགས་སུ་མེད་པ་དངོས་པོ་མེད་པ་གང་ཡིན་པ་དེ་གཉི་ག་ཡང་མཚུངས་སོ། །དེ་ཅིའི་ཕྱིར་ཞེ་ན། ངོ་བོ་ཉིད་
མེད་པའི་ཕྱིར་ཏེ། དམིགས་སུ་ཡོད་པ་ནི་ཀུན་བརྟགས་པ་ཡིན་པས་ངོ་བོ་ཉིད་མེད་དོ། །དམིགས་སུ་མེད་པ་ཡང་དངོས་པོ་མེད་པའི་བདག་ཉིད་ཡིན་པས་ངོ་བོ་ཉིད་མེད་དེ། དེ་བས་ན་གཉི་ག་ཡང་ངོ་བོ་ཉིད་མེད་པར་མཚུངས་ཏེ། དམིགས་སུ་ཡོད་པ་དང་། དམིགས་
སུ་མེད་པ་དེ་གཉིས་ཀྱི་མཉམ་པ་ཉིད་ངོ་བོ་ཉིད་མེད་པ། གང་ཡིན་པ་དེ་ནི་དམིགས་སུ་མེད་པའོ་ཞེས་བྱ་བའི་ཐ་ཚིག་གོ། །ཇི་ལྟར་ས་ནས་ས་ཡོངས་སུ་རྫོགས་པར་བགྱི། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཇི་ལྟར་ཐོབ་པར་བགྱི་ཞེས་བྱ་བ་ནི་གལ་ཏེ་དམིགས་པ་ལ་
ཆགས་པར་མ་གྱུར་ན། གོང་ནས་གོང་མའི་ས་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཇི་ལྟར་བརྩོན་པར་བྱ་ཞེས་དགོངས་པའོ། །རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་དམིགས་སུ་མེད་ཅེས་བྱ་བ་ལ་སོགས་པས་འདི་སྐད་བསྟན་ཏེ། དམིགས་པ་དང་
བཅས་པའི་ངོ་བོ་ཉིད་ཀྱིས། ས་གོང་མའམ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་མི་འགྱུར་གྱི། ཇི་ལྟ་ཇི་ལྟར་དམིགས་སུ་མེད་པ་མཐུ་དང་ལྡན་པར་གྱུར་པ་དེ་ལྟ་དེ་ལྟར་ས་གཞན་ནས་གཞན་དུ་འཕར་བ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར་ཏེ།
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བྱང་ཆུབ་དང་། བྱང་ཆུབ་སེམས་དཔའ་རྣམས་དམིགས་སུ་མེད་པའི་ངོ་བོ་ཉིད་ཀྱི་ཕྱིར་རོ་ཞེས་སྟོན་ཏོ། །ཆོས་ཐམས་ཅད་ངོ་བོ་ཉིད་དང་བྲལ་བ་ལ་ཇི་ལྟར་རབ་ཏུ་རྣམ་པར་དབྱེ་བར་བགྱི་ཞེས་བྱ་བ་ནི་གལ་ཏེ་ཆོས་ཐམས་ཅད་ངོ་བོ་ཉིད་དང་
བལ་བ་ཡིན་ན། འདི་ནི་གཟུགས་སོ། །འདི་ནི་ཚོར་བའོ་ཞེས་བྱ་བ་ལ་སོགས་པར་རབ་ཏུ་རྣམ་པར་དབྱེ་བར་ཇི་ལྟར་བྱེད་ཅེས་བྱ་བའོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་ནི་ཇི་ལྟར་ན་བྱས་པས་གཟུགས་དམིགས་པར་འགྱུར་བ་དེ་ལྟར་ཆོས་རྣམས་རབ་ཏུ་རྣམ་པར་འབྱེད་

པར་མི་བྱེད་དོ་ཞེས་བྱ་བ་ལ་སོགས་པས་འདི་སྐད་བསྟན་ཏེ། བྱང་ཆུབ་སེམས་དཔས་ནི་གཟུགས་ལ་སོགས་པའི་ཆོས་རྣམས་མི་དམིགས་ཏེ། ཇི་ལྟ་ཇི་ལྟར་སྒྲུབ་པ་དེ་ལྟ་དེ་ལྟར་མི་དམིགས་སོ། །དེ་བས་ན་དམིགས་སུ་མེད་པའི་དོན་ལ་རབ་ཏུ་འཇུག་གོ། །བཅོམ་ལྡན་འདས་གལ་
ཏེ་གཟུགས་ཀྱང་མི་དམིགས་ཞེས་བྱ་བ་ལ་སོགས་པས་འདི་སྐད་གསོལ་ཏེ། གལ་ཏེ་དམིགས་སུ་མེད་པའི་དོན་ལ་རབ་ཏུ་ཞུགས་པ་ཡིན་ན། ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱ་བ་དང་། སྐྱོན་མེད་པར་འཇུག་པ་དང་། ཞིང་ཡོངས་སུ་དག་པར་བྱ་བ་དང་། སེམས་
ཅན་ཡོངས་སུ་སྨིན་པར་བྱ་བ་དང་། མངོན་པར་བྱང་ཆུབ་པ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། སངས་རྒྱས་ཀྱི་མཛད་པ་དང་། སེམས་ཅན་རྣམ་པར་གྲོལ་བར་བྱ་བ་ལ་སོགས་པ་དམིགས་པའི་སྦྱོར་བ་རྣམས་ཇི་ལྟར་གྲུབ་པར་འགྱུར་ཞེས་ཞུས་པའོ། །རབ་འབྱོར་
བྱང་ཆུབ་སེམས་དཔའ་ནི་གཟུགས་ཀྱི་དོན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ་ཞེས་བྱ་བ་ལ་སོགས་པས་འདི་སྐད་བསྟན་ཏེ། བྱང་ཆུབ་སེམས་དཔས་ནི་གཟུགས་ལ་སོགས་པའི་ཆོས་རྣམས་ལ་མི་སྤྱོད་ཀྱི། ཆོས་ཐམས་ཅད་དམིགས་སུ་མེད་པ་ཉིད་ཀྱི་ཕྱིར་རོ་
སྤྱོད་དོ་ཞེས་བྱ་བ་སྟེ། སྔར་བཤད་པའི་དམིགས་སུ་ཡོད་པ་ནི་ཀུན་རྫོབ་ཀྱི་ཐ་སྙད་ཡིན་གྱི། དོན་དམ་པར་ནི་མ་ཡིན་ནོ་ཞེས་བསྟན་པའོ། །མ་བྱས་པ་འགྱུར་བ་མེད་པ་ཞེས་བྱ་བའི་དོན་ནི་སྔར་བཤད་ཟིན་ཏོ། །ཐེག་པ་གསུམ་པོ་དག་ཇི་ལྟར་རྣམ་པར་དགོད་པར་འགྱུར་ཞེས་
བྱ་བ་ནི་གལ་ཏེ་ཆོས་ཐམས་ཅད་མ་བྱས་པ། འགྱུར་བ་མེད་པ་ཡིན་ན། ཐེག་པ་གསུམ་དུ་དབྱེ་བ་མེད་པར་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །རབ་འབྱོར་མ་བྱས་པ་དང་། འགྱུར་བ་མེད་པའི་ཆོས་རྣམས་ལ་ནི་རྣམ་པར་དགོད་པ་གང་ཡང་དམིགས་སུ་མེད་དེ་ཞེས་བྱ་བ་ནི་
ཀུན་བརྟགས་པའི་ཐེག་པ་རྣམ་པར་དགོད་པ་དག་དོན་དམ་པར་ཡོད་པ་མ་ཡིན་ནོ་ཞེས་དགོངས་པའོ། །འདིར་ཞུས་པ་དང་ལན་བཏབ་པ་དག་གོ་སླ་བས་རྣམ་པར་མ་བཀྲོལ་ལོ། །ངས་ནི་འཇིག་རྟེན་གྱི་ཐ་སྙད་དུ་ཡང་དག་པ་མ་ཡིན་པ་ལས་འཛིན་པ་ལས་ཟློག་གི་དོན་དམ་པར་

ནི་མ་ཡིན་ནོ་ཞེས་བྱ་བ་ནི་དོན་དམ་པར་ཕུང་པོ་གསུམ་དུ་གཏོགས་པའི་སེམས་ཅན་གང་ཡང་དམིགས་སུ་མེད་ཀྱི། དེ་དག་ཡང་དག་པ་མ་ཡིན་པའི་ཆོས་རྣམས་ལ་ཡང་དག་པར་འཛིན་པ་ལས་འཇིག་རྟེན་གྱི་ཀུན་རྫོབ་ཏུ་སླར་ལྡོག་པར་ཟད་དེ། མིང་དེས་
ཐ་སྙད་དུ་འདོགས་ཀྱི། དོན་དམ་པར་ནི་མ་ཡིན་ནོ་ཞེས་བྱ་བའོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དོན་དམ་པ་ལ་བཞུགས་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་སམ་ཞེས་ཞུས་པ་ལ། དོན་དམ་པར་གནས་
མེད་པ་དང་། མངོན་པར་རྫོགས་པར་འཚང་རྒྱ་བར་བྱ་བ་མེད་པའི་ཕྱིར་རབ་འབྱོར་དེ་ནི་མ་ཡིན་ནོ་ཞེས་བསྩལ་བ་གསུངས་སོ། །འོ་ན་རྫུ་འཕྲུལ་གྱི་རྣམ་གྲངས་ལ་བཞུགས་ཏེ་འམ་ཞེས་བྱ་བ་ནི་གལ་ཏེ་དོན་དམ་པ་ལ་མ་ཡིན་ན། འོ་ན་སྤྲུལ་པས་སམ་ཞེས་བྱ་བའི་ཐ་ཚིག་
གོ། །དེ་ཡང་ཤིན་ཏུ་མེད་པའི་ཕྱིར་ལན་གསུངས་ཏེ། བརྗོད་དུ་མེད་པའི་བདག་ཉིད་དང་། སོ་སོར་རང་གིས་རིག་པའི་རྣམ་པས་ཆོས་ཐམས་ཅད་རྟོགས་པ་ནི་མངོན་པར་རྫོགས་པར་བྱང་ཆུབ་པའོ། །འདིར་ཡང་ཅི་ཁྱོད་དོན་དམ་པ་ལ་ཞུགས་ཏེ་འམ་རྫུ་འཕྲུལ་གྱི་རྣམ་གྲངས་
ལ་ཞུགས་ཏེ་འམ་ཞེས་ཅིའི་ཕྱིར་ཁྱོད་གནས་འདྲི་བར་བྱེད་ཅེས་དགོངས་པའོ། །དེ་ནི་འདུས་བྱས་ཀྱི་ཁམས་སམ་འདུས་མ་བྱས་ཀྱི་ཁམས་གང་ལ་ཡང་གནས་པ་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པས་བྱང་ཆུབ་ཀྱང་གང་ལ་ཡང་གནས་པ་མ་ཡིན་པར་བསྟན་ཏེ། དེ་བཞིན་གཤེགས་
པས་སྤྲུལ་པའི་དཔེས་བསྟན་ཏོ། །རབ་འབྱོར་དེ་བཞིན་གཤེགས་པ་དང་དེ་བཞིན་གཤེགས་པའི་སྤྲུལ་པ་ལ་ཁྱད་པར་མེད་དོ་ཞེས་བྱ་བ་དང་། དེ་བཞིན་གཤེགས་པའི་སྤྲུལ་པ་ལས་བྱེད་དོ་ཞེས་བྱ་བ་ནི་སངས་རྒྱས་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདའ་བ་ན། གང་
གི་ཚེ་བདག་ཅག་གི་བཅོམ་ལྡན་འདས་བྱམས་པ་ལ། ཁྱོད་ཀྱིས་ང་འདས་པའི་འོག་ཏུ་སངས་རྒྱས་ཀྱི་བྱ་བ་བྱས་ནས་སེམས་ཅན་རྣམས་ཀྱི་དོན་བྱོས་ཤིག་ཅེས་བྱ་བར་ལུང་བསྟན་དུ་འོས་པ་ལྟ་བུའི་བྱང་ཆུབ་སེམས་དཔའ་མ་གཟིགས་པ་དེའི་ཚེ། ཉིད་ཀྱི་སྐུ་དང་མཚུངས་པ་གཟུགས་ཕུན་

སུམ་ཚོགས་པའི་སྤྲུལ་པ་སྤྲུལ་ནས་ཁྱོད་སངས་རྒྱས་ཀྱི་བྱ་བ་བྱོས་ཤིག་ཅེས་བཀའ་སྩལ་ཏེ། ཡོངས་སུ་མྱ་ངན་ལས་འདས་པ་དེའི་ཚེ། དེ་བཞིན་གཤེགས་པའི་སྤྲུལ་པ་དེ་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སངས་རྒྱས་ཀྱི་མཛད་པ་མཛད་དེ། སེམས་ཅན་རྣམས་ལ་ཕན་
འདོགས་སོ། །གང་གི་ཚེ་ལུང་བསྟན་དུ་འོས་པའི་བྱང་ཆུབ་སེམས་དཔའ་གཟིགས་པ་དེའི་ཚེ། སེམས་ཅན་རྣམས་དེའི་ལག་ཏུ་གཏད་ནས་ཉིད་ཡོངས་སུ་མྱ་ངན་ལས་འདའ་བ་སྟོན་ཏེ། སྤྲུལ་པ་དེ་དང་། དེ་བཞིན་གཤེགས་པ་ལ་བྱེ་བྲག་ཅུང་ཟད་ཀྱང་མེད་དོ། །ཆོས་
ཉིད་དེ་ཉིད་ཀྱི་སྤྲུལ་པ་ཡང་ཞེས་བྱ་བ་ནི་གཉི་ག་ཡང་དངོས་པོ་མེད་པའི་ངོ་བོ་ཉིད་ཡིན་པ་དང་། སེམས་ཅན་ལ་ཕན་པ་ཉིད་ཀྱི་ཕྱིར་བྱུང་བ་དང་། དེའི་མཛད་པ་མཛད་པའི་ཕྱིར་དེ་སྐད་དུ་བཤད་དོ། །དེའི་སླད་དུ་བཅོམ་ལྡན་འདས་ཀྱིས་ཆོས་རྣམས་ཀྱི་ཆོས་ཉིད་དཀྲུགས་
པར་མ་གྱུར་ཏམ་ཞེས་བྱ་བ་ནི་མེད་པའི་ཆོས་རྣམས་ཡོད་པ་ཉིད་དུ་བཤད་པའི་ཕྱིར་རོ། །རབ་འབྱོར་ངས་ནི་མིང་དང་མཚན་མས་ཆོས་རྣམས་བསྟན་ཏེ་ཞེས་བྱ་བ་ནི་འཇིག་རྟེན་གྱི་ཐ་སྙད་དུ་བྱིས་པའི་ཡོངས་སུ་རྟོག་པ་ཞལ་གྱིས་བཞེས་ཀྱི་གཞན་དུ་སླ་བ་མ་ཡིན་པས་དེ་སྐད་
བརྗོད་དོ། །མིང་དང་མཚན་མ་ལ་མངོན་པར་ཞེན་པ་མེད་དོ་ཞེས་བྱ་བ་ནི་འཇིག་རྟེན་པ་རྣམས་ལ། རྣམ་པ་གཞན་གྱིས་གོ་བར་བྱ་མི་ནུས་ཤིང་དཀའ་བའི་ཕྱིར་དེ་དང་མཐུན་པའི་ཀུན་རྫོབ་ཀྱི་ཐ་སྙད་དུ་བྱས་ཀྱི། མངོན་པར་ཞེན་པ་མེད་པས་ཉེས་པ་མེད་དོ། །གལ་ཏེ་འདི་ནི་
བདེན་པའོ་ཞེས་མངོན་པར་ཞེན་པ་དེའི་ཕྱིར་ཉེས་པར་འགྱུར་རོ་ཞེས་བསྟན་ཏོ། །རབ་འབྱོར་རྣམ་པ་གལ་ཏེ་མིང་མིང་ལ་མངོན་པར་ཞེན་པར་འགྱུར་རམ། མཚན་མ་མཚན་མ་ལ་མངོན་པར་ཞེན་པར་འགྱུར་ན་ནི་ཞེས་བྱ་བ་ནི་གལ་ཏེ་མིང་མིང་ལ་མངོན་པར་ཞེན་པར་འགྱུར་
རམ། མཚན་མ་མཚན་མ་ལ་མངོན་པར་ཞེན་པར་འགྱུར་ན། དེ་ལྟ་ན་ནི་སྟོང་པ་ཉིད་ཀྱང་སྟོང་པ་ཉིད་ལ་མངོན་པར་ཞེན་པར་འགྱུར་རོ། །དེ་བཞིན་དུ་མཚན་མ་མེད་པ་ལ་སོགས་པ་ཡང་མངོན་པར་ཞེན་པར་འགྱུར་བ་ཞིག་ན། འདི་ལྟར་སྟོང་པ་ཉིད་ལ་སོགས་པ་ནི་དངོས་

པོ་མེད་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་མངོན་པར་ཞེན་པར་མི་འགྱུར་རོ། །དེ་བཞིན་དུ་སངས་རྒྱས་དང་། ཉན་ཐོས་རྣམས་ཀྱང་མངོན་པར་ཞེན་པར་མི་འགྱུར་རོ་ཞེས་གསུངས་པའོ། །རབ་འབྱོར་འདི་ལྟར་ཆོས་ཐམས་ཅད་མིང་དང་། མཚན་མ་ཙམ་དུ་ཟད་དོ་
ཞེས་བྱ་བ་ནི་འདི་ལྟར་ཆོས་ཐམས་ཅད་མིང་དང་། མཚན་མ་ཙམ་དུ་ཟད་ན། འཇིག་རྟེན་རྣམས་ཀྱིས་དེ་ལྟར་མི་ཤེས་ཏེ། དེ་བས་ན་དེ་དག་གིས་རྟོགས་པར་བྱ་བའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་སྤྱོད་པར་འགྱུར་རོ། །འདི་ལྟར་ཆོས་ཐམས་ཅད་མིང་དང་མཚན་མ་ཙམ་
དུ་ཟད་དེ། དེའི་ཕྱིར་དེ་དག་རྟོགས་པས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར་རོ། །གལ་ཏེ་ཆོས་འགའ་ཞིག་དངོས་པོ་ཡོད་ན། དེ་ལྟ་ན་ནི་མངོན་པར་རྫོགས་པར་བྱང་ཆུབ་པར་མི་འགྱུར་རོ་ཞེས་བསྟན་པའོ། །རབ་འབྱོར་ཐམས་ཅད་ཤེས་པ་ཉིད་ཅེས་བྱ་བ་ནི་
ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱིའོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་
ཀྱིའོ་ཞེས་བྱ་བ་ལ། དེ་ལ་ཐམས་ཅད་ཤེས་པ་ཉིད་ཅེས་བྱ་བ་ནི་འདུས་བྱས་ཐམས་ཅད་མི་རྟག་པའོ། །ཟག་པ་དང་བཅས་པ་ཐམས་ཅད་སྡུག་བསྔལ་བའོ། །ཆོས་ཐམས་ཅད་བདག་མེད་པའོ་ཞེས་ཐམས་ཅད་ཤེས་པ་ཉིད་རྣམ་པ་གསུམ་གྱིས་ཞུགས་ནས་ཆོས་དང་
རྗེས་སུ་རྟོག་པའི་ཤེས་པའི་དབང་གིས་ཆོས་ཐམས་ཅད་ཀྱི་མཐར་གཏུགས་པའི་ཤེས་པ་ནི་ཐམས་ཅད་ཤེས་པ་ཞེས་བྱ་སྟེ། ཤེས་པ་དེ་ཡང་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་ཤེས་པ་ནི་མ་ཡིན་གྱི། མཚན་ཉིད་གསུམ་དང་། བདེན་པ་བཞིའི་སྒོ་ནས་ཆོས་ཐམས་
ཅད་ལ་རྨོངས་པ་མེད་པའི་ཕྱིར་ཉན་ཐོས་དང་། རང་སངས་རྒྱས་རྣམས་ཀྱི་ཤེས་པ་ལ་ཐམས་ཅད་ཤེས་པ་ཉིད་ཅེས་བྱའོ། །ལམ་གྱི་རྣམ་པ་ཤེས་པ་ཉིད་ཅེས་བྱ་བ་འདི་ལ་བྱང་ཆུབ་སེམས་དཔའ་དང་པོ་སེམས་བསྐྱེད་པ་ནས་མོས་པས་སྤྱོད་པའི་ས་ནས་བཟུང་སྟེ། ས་ཆོས་

ཀྱི་སྤྲིན་ལ་ཐུག་གི་བར་དུ་ཀུན་དུ་འགྲོ་བའི་དོན་དང་། མཆོག་གི་དོན་ལ་སོགས་པ་རབ་ཏུ་རྟོགས་པས་དེ་བཞིན་ཉིད་རྣམ་པར་སྤྱོད་པ་ལ་ཞུགས་པ་གནས་གྱུར་པའི་རྒྱུར་གྱུར་པ་དང་། སེམས་ཅན་ཐམས་ཅད་ལ་ཕན་པ་དང་། བདེ་བའི་ཕྱིར་ཞུགས་པའི་ཡེ་ཤེས་རྣམ་པ་ཐམས་ཅད་མཁྱེན་
པ་ཉིད་ཀྱི་གྲོང་ཁྱེར་ཆེན་པོར་ཕྱིན་པར་བྱེད་པ་སྟེ། ལམ་གྱི་རྣམ་པ་ཤེས་པ་ཉིད་ཅེས་བྱའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཅེས་བྱ་བ་ནི། སངས་རྒྱས་རྣམས་ཀྱི་ཡེ་ཤེས་ནམ་མཁའི་ཁམས་ཀྱི་མཐས་གཏུགས་པའི་སེམས་ཅན་གྱི་དོན་གྱི་རྒྱུན་མ་བཅད་པ། ཆོས་ཀྱི་
སྐུ་རབ་ཏུ་རྟོགས་པ། བག་ཆགས་ཀྱི་མཚམས་སྦྱོར་བ་རབ་ཏུ་སྤངས་པ་འབྲས་བུའི་ཡེ་ཤེས་ཏེ། ཆོས་ཐམས་ཅད་ལ་རྣམ་པ་ཐམས་ཅད་དུ་ཞུགས་པའི་འབྲས་བུ་ཡིན་པའི་ཕྱིར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཅེས་བྱའོ། །རབ་འབྱོར་རྣམ་པ་གཅིག་གིས་རྣམ་པ་ཐམས་
ཅད་མཁྱེན་པ་ཉིད་ཅེས་བྱ་སྟེ་འདི་ལྟར་ཞི་བའི་རྣམ་པས་ཞེས་བྱ་བ་ནི་གང་དེ་བཞིན་གཤེགས་པ་རྣམས་ཀྱིས་ཡོངས་སུ་རྟོགས་པ་དང་། རྣམ་པར་རྟོག་པའི་རྣམ་པ་ཐམས་ཅད་རབ་ཏུ་ནུབ་ཅིང་སེམས་ཅན་གྱི་འཇིག་རྟེན་དང་། སྣོད་ཀྱི་འཇིག་རྟེན་མཐའ་དག་དང་། བྲལ་བ་ཁམས་
གསུམ་དུ་གཏོགས་པའི་ཚུལ་ཁྲིམས་ཀྱིས་རྣམ་པར་རྟོག་པའི་སྤྲོས་པའི་དྲ་བ་འགགས་པར་གྱུར་པ་ན། ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པ་མཉམ་པ་ཉིད་ཀྱི་རྣམ་པར་ཞུགས་པ་ལྷུན་གྱིས་གྲུབ་པའི་ཆོས་ཀྱི་སྐུའི་བདག་ཉིད་ཤིན་དུ་ཞི་བའི་རྣམ་པ་གང་ཡིན་པ་དེ། ཆོས་ཐམས་
ཅད་ཀྱི་རྣམ་པ་ཡིན་པའི་ཕྱིར་རྣམ་པ་ཐམས་ཅད་ཅེས་བྱ་སྟེ། རྣམ་པ་དེ་ལྟ་བུར་ཞུགས་པའི་ཡེ་ཤེས་ཀྱི་རང་བཞིན་དེ་ལྟ་བུ་ལ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཅེས་བྱའོ། །བག་ཆགས་ཀྱི་མཚམས་སྦྱོར་བ་སྤངས་པ་ཞེས་བྱ་བ་ནི་ལས་དང་ཉོན་མོངས་པའི་རྣམ་པར་རྟོག་པའི་བག་
ཆགས་རྣམས་ལས། འདིར་སེམས་ཅན་རྣམས་ཀྱི་རྒྱུ་དང་འབྲས་བུ་གཅིག་ནས་གཅིག་ཏུ་བར་མ་ཆད་པར་འབྱུང་བ་གང་ཡིན་པ་དེ། རྒྱུན་ཆད་པ་ལ་བག་ཆགས་ཀྱི་མཚམས་སྦྱོར་བ་སྤངས་པ་ཞེས་བྱའོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་ཐོབ་པར་ཉོན་མོངས་པ་སྤངས་

པ་འདུས་མ་བགྱིས་ལགས་སམ་ཞེས་བྱ་བ་ནི་འགོག་པའི་བདག་ཉིད་ཡིན་པའི་ཕྱིར་དེ་སྐད་གསུངས་ཏེ། འགོག་པ་ནི་སྤོང་བ་ཙམ་དུ་ཟད་པས། ལུས་དང་ངག་གི་འགྱུར་བ་དག་ནི་འབྱུང་ངོ་། །དེ་དག་ཀྱང་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ལ་གནོད་པར་འགྱུར་བ་ནི་མ་
ཡིན་ཞེས་བྱ་བ་ནི་མེ་ལོང་ལ་ལྟ་བ་དང་། མཆོང་ཞིང་འགྲོ་བ་ལ་སོགས་པ་དང་། པི་ལིན་ད་བད་སས་དམངས་མོའི་ཚིག་བརྗོད་པ་བཞིན་ཏེ། དེ་དག་ཀྱང་བྱིས་པ་སོ་སོའི་སྐྱེ་བོ་རྣམས་སམ་འཕགས་པ་རྣམས་གང་ལ་ཡང་གནོད་པར་ནི་མི་འགྱུར་རོ། །ཅི་ལམ་ལ་གནས་ཏེ་འམ།
ལམ་མ་ཡིན་པ་ལ་གནས་ཏེ་ཞེས་བྱ་བ་ལ་སོགས་པའི་རྣམ་པར་རྟོག་པ་ནི་བཅོམ་ལྡན་འདས་ཀྱིས་སླར་བཀའ་སྩལ་ཏེ། ལམ་ནི་དངོས་པོ་མེད་པའི་ངོ་བོ་ཉིད་ཡིན་པས་གནས་སུ་མི་རུང་ངོ་ཞེས་བྱ་བའོ། །བཅོམ་ལྡན་འདས་གལ་ཏེ་ལམ་དངོས་པོ་མ་མཆིས་ལ། མྱ་ངན་ལས་
འདས་པ་ཡང་དངོས་པོ་མ་མཆིས་ན། འོ་ན་ཅིའི་སླད་དུ་འདི་སྐད་དུ་འདི་ནི་རྒྱུན་དུ་ཞུགས་པའོ། །འདི་ནི་ལན་ཅིག་ཕྱིར་འོང་བའོ་ཞེས་བཤད་ཅེས་བྱ་བ་ལ་སོགས་པས། འཕགས་པའི་གང་ཟག་རྣམས་དང་སངས་རྒྱས་བཤད་པ། ལམ་གྱི་དབང་གིས་བཤད་དམ། མྱ་ངན་
ལས་འདས་པ་ཐོབ་པས་བཤད་གྲང་ན། གལ་ཏེ་གཉི་ག་མེད་ན་འཕགས་པའི་གང་ཟག་ཇི་ལྟར་རྣམ་པར་འགོད་ཅེས་དགོངས་པའོ། །རབ་འབྱོར་དེ་དག་ཐམས་ཅད་ཀྱང་འདུས་མ་བྱས་ཀྱིས་རབ་ཏུ་ཕྱེ་བའོ་ཞེས་བྱ་བ་ནི་ལམ་དང་མྱ་ངན་ལས་འདས་པ་གཉིས་མེད་དུ་ཟིན་ཀྱང་།
འདུས་བྱས་མེད་པའི་རང་བཞིན་དེ་བཞིན་ཉིད་ཀྱིས་རབ་ཏུ་ཕྱེ་བའོ་ཞེས་སླར་བཀའ་སྩལ་པའོ། །བཅོམ་ལྡན་འདས་ཅི་ལགས་འདུས་མ་བགྱིས་པ་དེ་འདི་ནི་རྒྱུན་དུ་ཞུགས་པའོ་ཞེས་རབ་ཏུ་འབྱེད་པ་མཆིས་སམ་ཞེས་བྱ་བ་ལ་སོགས་པས་ནི་འདུས་མ་བྱས་ཀྱིས་རབ་ཏུ་ཕྱེ་བས་འདུས་
མ་བྱས་ཀྱིས་རབ་ཏུ་ཕྱེ་བའོ་ཞེས་དགོངས་ན། ཅི་འདུས་མ་བྱས་པ་དེ་གང་ཟག་དེ་དག་རབ་ཏུ་འབྱེད་དམ། སྐྱེད་པར་འགྱུར་རམ་ཞེས་ཞུས་པའོ། །རབ་འབྱོར་འདུས་མ་བྱས་ནི་རབ་ཏུ་འབྱེད་པ་མེད་མོད་ཀྱི་ཞེས་བྱ་བ་ནི་འདུས་མ་བྱས་སྐྱེད་པར་མི་བྱེད་མོད་ཀྱི། འོན་ཀྱང་གནས་

གྱུར་པའི་དབང་གིས་དེ་བཞིན་ཉིད་ལ་འཇུག་པའི་བྱེ་བྲག་དང་། ཉོན་མོངས་པ་བག་ལ་ཉལ་བར་སྤོང་བའི་བྱེ་བྲག་གིས་དེ་དག་དེ་ལྟ་དེ་ལྟ་བུར་འགྱུར་བའི་ཕྱིར་འདུས་མ་བྱས་ཀྱིས་རབ་ཏུ་ཕྱེ་བའོ་ཞེས་བཤད་དོ་ཞེས་བསྟན་པའོ། །བཅོམ་ལྡན་འདས་འོ་ན་ཇི་ལྟར་འཁོར་བའི་ཕྱི་མའི་
མཐའ་མཆིས་པར་འགྱུར་ཞེས་བྱ་བ་ནི་སྔར་ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་ལ་སོགས་པ་བཤད་པ་ལས། འཁོར་བ་མེད་དོ་ཞེས་འཁོར་བའི་ཐོག་མ་དང་། ཐ་མ་དང་། དབུས་དམིགས་སུ་མེད་པ་སྨོས་ལ། ད་ནི་དགྲ་བཅོམ་པ་དག་འདུས་མ་བྱས་ཀྱིས་རབ་ཏུ་ཕྱེ་བར་
འགྱུར་ན། འཁོར་བའི་ཕྱི་མའི་མཐའ་ཡོད་པར་འགྱུར་རོ་སྙམ་དུ་དགོངས་ནས་ཞུས་པའོ། །རབ་འབྱོར་འཇིག་རྟེན་གྱི་ཐ་སྙད་ཚད་མར་བྱས་ཀྱི་དོན་དམ་པར་ནི་མ་ཡིན་ནོ་ཞེས་བྱ་བ་ནི་སོ་སོ་སྐྱེ་བོ་རྣམས་དང་། དགྲ་བཅོམ་པ་རྣམས་ཀྱི་དེ་བཞིན་ཉིད་ནི་དུས་ཐམས་ཅད་དུ་འཇུག་པའི་ཕྱིར་
ཕྱི་མའི་མཐའ་མེད་མོད་ཀྱི། འོན་ཀྱང་གང་ཕུང་པོ་ལྔ་ཞེས་བྱ་བ་ཀུན་བརྟགས་པའི་ཆོས་དེ། རྒྱུན་ཆད་པ་ཉེ་བར་བཟུང་ནས་འཇིག་རྟེན་གྱི་ཐ་སྙད་དུ་དེ་ལྟ་བུ་དག་བཤད་དོ་ཞེས་བསྟན་པའོ། །དེ་བས་ན་གང་དང་གང་གིས་མཐའ་ཆད་པ་ཞེས་བྱ་བ་གསུངས་སོ། །བཅོམ་ལྡན་
འདས་ཆོས་ཐམས་ཅད་རང་གི་མཚན་ཉིད་ཀྱིས་སྟོང་པ་ལ་སྔོན་གྱི་མཐའ་མི་དམིགས་ན། ཕྱི་མའི་མཐའ་སྨོས་ཀྱང་ཅི་འཚལ་ཞེས་བྱ་བ་ནི་ཀུན་བརྟགས་པ་ཕུང་པོ་ལྔའི་ཆོས་དངོས་པོ་མེད་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་རང་གི་མཚན་ཉིད་ཀྱིས་སྟོང་སྟེ། སྒྱུ་མ་ལྟ་བུ་ཡིན་པའི་ཕྱིར་དེ་
དག་སྐྱེ་བའི་འདུ་ཤེས་ཅན་རྣམས་ཀྱི་སྔོན་གྱི་མཐའ་ཡང་མེད་ན། འགག་པའི་འདུ་ཤེས་ཅན་རྣམས་ཀྱི་ཕྱི་མའི་མཐའ་ལྟ་ག་ལ་ཡོད་ཅེས་གསུངས་པའོ། །རབ་འབྱོར་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ་ཞེས་བྱ་བ་ནི་ཆོས་ཐམས་ཅད་སྐྱེ་བ་མེད་ཅིང་འགག་པ་མེད་པའི་ཕྱིར་དེའི་ཚིག་ལ་
རྗེས་སུ་ཡི་རང་བའོ། །རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཆོས་ཐམས་ཅད་ཀྱི་ཕ་རོལ་དམ་པ་སྟེ། དེའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ་ཞེས་བྱ་བ་ལ། ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ནི་འདིར་རྣམ་པར་རྟོག་པའི་དོན་བཞི་ཡོད་དེ་རེ་ཞིག་དང་པོར་ཕ་རོལ་

ཏུ་ཕྱིན་པ་ཞེས་བྱ་བའི་སྒྲ་དང་དོན་མཚུངས་པ་པ་མཐའ་ཞེས་བྱ་བའི་སྒྲ་ཡང་ཡོད་དེ། ཕ་མཐའི་དངོས་པོ་ལ་ནི་ཕ་རོལ་ཉིད་ཅེས་བྱའོ། །ཆོས་ཐམས་ཅད་ཀྱི་ཕ་མཐར་གྱུར་ཅིང་ཆོས་ཐམས་ཅད་ཀྱི་མཐར་ཐུག་པར་གནས་པའི་ཕྱིར་ཕ་རོལ་ཉིད་ཅེས་བྱའོ། །ལུང་
ལས་ཀྱང་། དངོས་པོའི་རྐྱེན་ཐ་མ་ན་ཡོད་ཀྱང་ཆོས་ཁོ་ནར་བརྗོད་དེ། དཔེར་ན་ཆུའི་ཁམས་གཤེར་བ་ལ་ཆུའི་ཁམས་གཤེར་བ་ཉིད་དོ་ཞེས་བྱ་བ་ལྟ་བུ་སྟེ། དེ་བས་ན་རབ་འབྱོར་འདི་ནི་ཆོས་ཐམས་ཅད་ཀྱི་ཕ་རོལ་ཉིད་དམ་པའོ་ཞེས་གསུངས་ཏེ། ཆོས་ཐམས་ཅད་ཀྱི་ཤིན་ཏུ་
ཕ་རོལ་ཉིད་མཐར་ཐུག་པའི་ཕ་རོལ་ཉིད་ཅེས་བྱ་བའི་ཐ་ཚིག་གོ། །ཡང་ན་ཕ་རོལ་ཞེས་བྱ་བ་ནི་མཐའོ། །ཕྱིན་པ་ནི་སོན་པ་སྟེ། དེའི་ཕྱིར་ཕ་རོལ་ཏུ་ཕྱིན་པའོ། །དེ་བས་ན་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་དང་། བྱང་ཆུབ་སེམས་དཔའ་དང་། དེ་བཞིན་
གཤེགས་པ་ཐམས་ཅད་འདིས་ཕ་རོལ་དུ་སོན་ཞེས་བྱ་བ་གསུངས་ཏེ། ཕ་རོལ་ཏུ་ཕྱིན་པ་འགྲོ་བར་བྱེད་པའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ། །ཡང་ན་དམ་པའི་སྒྲ་ནི་དོན་དམ་པ་ལ་བྱ་སྟེ། དམ་པ་ལས་བྱུང་བའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་སྟེ། དོན་དམ་པ་ལ་དམིགས་པ་ལས་
བྱུང་བའི་ཕྱིར་དམ་པ་ལས་བྱུང་བ་ཞེས་བྱའོ། །མི་གནས་པའི་མྱ་ངན་ལས་འདས་པའི་མཚན་ཉིད་དོན་དམ་པ་ཆོས་ཐམས་ཅད་མཉམ་པ་ཉིད་ཀྱི་རང་བཞིན་ལ་དམིགས་ནས་བྱུང་བའི་ཤེས་རབ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། དེ་བས་ན་དོན་དམ་པར་ཆོས་ཐམས་ཅད་དབྱེར་
མེད་པའི་དོན་གང་ཡིན་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདིས་དེ་བཞིན་གཤེགས་པ་རྣམས་ཀྱི་མངོན་པར་རྫོགས་པར་སངས་རྒྱས་ཞེས་བྱ་བ་གསུངས་ཏེ། ཤེས་རབ་ནི་དོན་དམ་པ་ལ་དམིགས་པའི་ཕྱིར་དེ་བཞིན་གཤེགས་པ་རྣམས་ཀྱིས་དོན་དམ་པ་མངོན་པར་རྫོགས་པར་
སངས་རྒྱས་སོ། །ཡང་ན་ཕ་རོལ་གྱི་སྒྲ་ནི་དེ་བཞིན་ཉིད་ལ་བྱ་སྟེ། ཐམས་ཅད་ཀྱི་ཕ་རོལ་ཏུ་གྱུར་པའི་ཕྱིར་རོ། །ཕ་རོལ་ཏུ་ཕྱིན་པར་གྱུར་པ་དེ་བཞིན་ཉིད་ཐོབ་པ་ལ་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ། །དེ་བས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདིར་དེ་བཞིན་ཉིད་ཀྱང་ཆུད། མ་ནོར་

བ་དེ་བཞིན་ཉིད་ཀྱང་ཆུད་ཅེས་གསུངས་སོ། །དེ་བཞིན་ཉིད་ལ་སོགས་པ་འདིར་ཆུད་པའི་ཕྱིར་འདི་ནི་དེ་བཞིན་ཉིད་ལ་སོགས་པ་ལ་ཁྱབ་པར་གྱུར་པ་ཞེས་བྱ་བའི་མིང་ཅན་ཡིན་ནོ། །ལྡན་པའམ་མི་ལྡན་པ་ཞེས་བྱ་བ་ལ་སོགས་པ་འདིས་མན་ཆད་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཉིད་
འབའ་ཞིག་སྟོན་ཏོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་ཆོས་ཐམས་ཅད་སྤྱོད་པར་བྱེད་པའོ། །སྤོབས་པ་ཐམས་ཅད་སྦྱིན་པར་བྱེད་པའོ་ཞེས་བྱ་བ་ནི་ཆོས་ཐམས་ཅད་ལ་སྤྱོད་ཅིང་། ཤེས་པ་ཐམས་ཅད་སྐྱེད་པར་བྱེད་ཅེས་བྱ་བའི་ཐ་ཚིག་གོ། །འདི་ལྟར་སྤྱོད་པར་བྱེད་
པ་གང་ཡིན་པ་དང་། གང་གི་ཚེ་སྤྱོད་པ་དང་། ཇི་ལྟར་སྤྱོད་པ་དེ་དག་ཐམས་ཅད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་མི་དམིགས་པའི་ཕྱིར་རོ་ཞེས་བྱ་བ་ནི་སྤྱོད་པ་པོ་དང་། སྤྱོད་པར་འོས་པ་དང་། སྤྱད་པར་བྱ་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་མི་དམིགས་པའི་ཕྱིར་
དེ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་ཡང་དེ་དག་སྤྱོད་པར་མི་འགྱུར་རོ་ཞེས་བྱ་བའི་ཐ་ཚིག་གོ། །རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ལ་ཇི་ལྟར་སྤྱད་པར་བྱ་སྟེ། འདི་ལྟ་སྟེ་མི་རྟག་པའི་དོན་
དང་སྡུག་བསྔལ་བའི་དོན་དང་། བདག་མེད་པའི་དོན་ལ་སྤྱད་པར་བྱའོ་ཞེས་བྱ་བ་གསུམ་གྱིས་ཐམས་ཅད་ཀྱི་ཐུན་མོང་གི་དོན་བསྟན་ནས། སྡུག་བསྔལ་ཤེས་པའི་དོན་དང་། ཀུན་འབྱུང་བ་ཤེས་པའི་དོན་ནས། ཡོངས་སུ་འདྲིས་པ་ཤེས་པ་དང་། སྒྲ་ཇི་བཞིན་ཤེས་པའི་དོན་གྱི་
བར་ཤེས་པ་བཅུ་གཅིག་པོ་འདི་རྣམས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་དེ་དག་གི་དོན་གང་ཡིན་པ་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ཡིན་ནོ་ཞེས་བསྟན་པའོ། །དོན་དང་ཚུལ་གྱིས་ཞེས་བྱ་བ་ལ་དོན་ནི་མི་རྟག་པ་ལ་སོགས་པའི་དོན་དེ་དག་གོ། །
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཉིད་སྔར་བསྟན་པ་དང་འོག་ནས་འབྱུང་བ་གང་ཡིན་པ་དེ་དག་ནི་ཚུལ་ལོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ལ་སྤྱོད་པས་ན། འདོད་ཆགས་བདག་གི་དོན་ཏམ། བདག་གི་དོན་མ་ཡིན་ཞེས་སྤྱད་པར་མི་བྱའོ་ཞེས་བྱ་བ་ལ་སོགས་པས་

ནི་དོན་དང་དོན་མ་ཡིན་པ་ཐ་དད་པར་རྣམ་པར་རྟོག་པ་ཡང་བསལ་བར་བྱའོ་ཞེས་བྱ་བ་སྟེ། དེ་བཞིན་ཉིད་ལ་དེ་ལྟ་བུར་འཇུག་པ་མེད་པའི་ཕྱིར་རོ་ཞེས་བསྟན་པའོ། །གཟུགས་བདག་གི་དོན་ཞེས་སྤྱད་པར་མི་བྱའོ། །གཟུགས་བདག་གི་དོན་མ་ཡིན་ཞེས་སྤྱད་པར་མི་བྱའོ་
ཞེས་བྱ་བ་ནི་གཟུགས་དམིགས་པར་ལྟ་བ་ནི་དོན་མ་ཡིན་པའོ། །གཟུགས་དམིགས་སུ་མེད་པར་ལྟ་བ་ནི་དོན་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་མ་བྱུང་ཡང་རུང་ཞེས་བྱ་བ་འདིས་འདི་སྐད་བསྟན་ཏེ། གང་ལ་ཡང་དོན་ཏམ་དོན་མ་ཡིན་པ་
མི་བྱེད་དོ་ཞེས་བྱ་བ་ནི་ཆོས་གནས་པ་འདི་ངོ་བོ་ཉིད་ཁོ་ན་སྟེ། འདི་ལྟར་དེ་ལྟར་གནས་པའི་ཕྱིར་རོ་ཞེས་བསྟན་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་གང་ལ་ཡང་མི་བྱེད་ཅེས་བྱ་བ་འདིས་ནི་འདི་སྐད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་
མཐོང་ནས། འདུས་བྱས་དང་། འདུས་མ་བྱས་ཀྱི་ཆོས་ཐམས་ཅད་མ་མཐོང་བར་འགྱུར་བའི་ཕྱིར་ཆོས་ཐམས་ཅད་བྱེད་པ་མ་ཡིན་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ནོ། དེ་ཇི་ལྟར་དོན་ཏམ་དོན་མ་ཡིན་པ་འགའ་ཞིག་བྱེད་པར་འགྱུར་ཞེས་བསྟན་པའོ། །བཅོམ་ལྡན་འདས་
འདུ་མ་བགྱིས་པ་འཕགས་པ་ཐམས་ཅད་ཀྱི་དོན་མ་ལགས་སམ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་འདུས་མ་བྱས་པ་མྱ་ངན་ལས་འདས་པ་ཐོབ་པར་བགྱིད་པ་མ་ལགས་སམ་ཞེས་དགོངས་ནས་གསོལ་པའོ། །ཕན་པའམ་གནོད་པ་ཉེ་བར་གནས་པ་མ་ཡིན་ནོ་ཞེས་བྱ་བ་
ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྒྱུས་མྱ་ངན་ལས་འདས་པ་ལ་ཕན་པའམ། གནོད་པ་གང་ཡང་མེད་དོ་ཞེས་བྱ་བའི་ཐ་ཚིག་སྟེ། །དེ་ལ་ཡང་ནམ་མཁའི་དེ་བཞིན་ཉིད་ཀྱི་དཔེ་བསྟན་ཏོ། །འདུས་མ་བགྱིས་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབས་ནས་རྣམ་པ་ཐམས་ཅད་
མཁྱེན་པ་ཉིད་ཐོབ་པར་མི་བགྱིད་དམ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་སྐྱེད་པར་བྱེད་པ་མ་ཡིན་ནམ་སྙམ་དུ་དགོངས་ནས་གསོལ་པའོ། །དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་སྤྱོད་པའི་ཚེ་ཀུན་རྫོབ་ཏུ་དེ་ལྟ་ཡིན་ནོ་ཞེས་དེའི་

ཚིག་ལ་རྗེས་སུ་ཡི་རང་ནས། གཉིས་ཀྱི་ཚུལ་གྱིས་ནི་མ་ཡིན་ནོ་ཞེས་དགག་པ་མཛད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་གཅིག་སྟེ། ཐ་དད་པ་མ་ཡིན་ལ། གཉིས་སུ་མེད་པ་དེའི་ཕྱིར་ཕན་གདགས་པར་བྱ་བ་དང་། ཕན་འདོགས་པ་
མེད་དོ་ཞེས་བྱ་བའི་ཐ་ཚིག་གོ། །བཅོམ་ལྡན་འདས་ཅི་ལགས་གཉིས་སུ་མ་མཆིས་པའི་ཆོས་གཉིས་སུ་མ་མཆིས་པའི་ཆོས་ཐོབ་པར་བགྱིད་དམ་ཞེས་བྱ་བ་ཅི་ལས་དགོངས་ཤེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྒྱུས་བྱང་ཆུབ་སེམས་དཔའ་རྣམ་པ་ཐམས་ཅད་མཁྱེན་པ་
ཉིད་ཐོབ་པར་འགྱུར་རོ་ཞེས་གྲགས་པ་དེ་ལ། ཅི་ངོ་བོ་ཉིད་མེད་པའི་བྱང་ཆུབ་སེམས་དཔའ་འདིས་གཉིས་སུ་མེད་པའི་ངོ་བོ་ཉིད་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཐོབ་པར་འགྱུར་རམ། འོན་ཏེ་གཉིས་ཀྱི་ངོ་བོ་ཉིད་ཀྱི་བྱང་ཆུབ་སེམས་དཔས་གཉིས་སུ་མེད་པའི་ངོ་བོ་ཉིད་ཀྱི་
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཐོབ་པར་འགྱུར་ཞེས་རྣམ་པར་རྟོག་པ་གཉིས་ཞུས་པ་དང་། བཅོམ་ལྡན་འདས་ཀྱིས་གཉི་གར་ཡང་བརྗོད་དུ་མི་རུང་བའི་ཕྱིར་མ་གནང་ནས་འདི་སྐད་དུ་གཉིས་ཀྱི་ཆོས་སམ་གཉིས་སུ་མེད་པའི་ཆོས་ཀྱང་མི་དམིགས་ན་དེ་ལྟར་དམིགས་སུ་མེད་པའི་
ཚུལ་གྱིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར་རོ་ཞེས་གསུངས་ཏེ། ཇི་ལྟར་ཆོས་འདི་དག་ཐམས་ཅད་གཉིས་ཀྱི་བདག་ཉིད་དམ། གཉིས་སུ་མེད་པའི་བདག་ཉིད་དུ་ཡང་དམིགས་སུ་མེད་པ་དེ་བཞིན་དུ། གཉིས་ཀྱི་ཆོས་དམིགས་སུ་མེད་པའི་ཚུལ་དང་། གཉིས་
སུ་མེད་པའི་ཆོས་དམིགས་སུ་མེད་པའི་ཚུལ་གྱིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་ཅེས་བྱའི་དེ་ལས་གཞན་པ་ནི་ཅུང་ཟད་ཀྱང་མེད་དོ།། །།བམ་པོ་ཉི་ཤུ་ལྔ་པ། དེ་ལྟ་བུའི་ཟབ་མོའི་གནས་ཐོས་ནས། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་
ཟབ་པོ་ཞེས་བྱ་བ་ལ་སོགས་པ་གསོལ་ཏེ། དཔེ་ལ་ཡང་དེ་བཞིན་དུ་སྦྱར་བར་བྱའོ། །དཔེར་ན་མི་དེས། རྩ་བ་དང་། ཤུན་པ་དང་ཡལ་ག་དང་། ལོ་མ་དང་། མེ་ཏོག་དང་། འབྲས་བུ་འདོད་པར་གྱུར་ན། ཐོག་མར་དེ་དག་མི་དམིགས་པ་དེ་བཞིན་དུ། བྱང་ཆུབ་སེམས་

དཔས་ཀྱང་ཆོས་ཐམས་ཅད་མི་དམིགས་སོ། །ཇི་ལྟར་ཕྱིས་མི་དེས་སྡོང་བུ་བསྐྱེད་ན། རྩ་བ་དང་ཤུན་པ་ལ་སོགས་པ་རྙེད་ནས་ཉེ་བར་སྤྱོད་པ་དེ་བཞིན་དུ། བསོད་ནམས་དང་། ཡེ་ཤེས་ཀྱི་ཚོགས་དུ་མ་བསྐྱེད་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་ནས་སེམས་
ཅན་ཐམས་ཅད་ལ་ཕན་པ་དང་། བདེ་བ་ཉེ་བར་སྤྱོད་པར་བྱེད་པར་ཤེས་པར་བྱའོ། །རབ་འབྱོར་དེ་བཞིན་ཉིད་གང་གིས་དེ་བཞིན་གཤེགས་པར་གདགས་པ་ཞེས་བྱ་བ་ནི་དེ་བཞིན་ཉིད་དུ་གཤེགས་པས་ན་དེ་བཞིན་གཤེགས་པ་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་ཡང་དེ་
བཞིན་ཉིད་དུ་གཤེགས་པ་ཡིན་ཏེ། དེ་བས་ན་དེ་བཞིན་གཤེགས་པ་ཉིད་དུ་བརྗོད་པར་བྱའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་བཞིན་ཉིད་འདི་ལ་གནས་ཏེ་ཞེས་བྱ་བ་འགྲེས་གཉིས་པ་ལ་དེ་བཞིན་ཉིད་ཁོང་དུ་ཆུད་ཅིང་རྟོགས་པའི་ཕྱིར་དེ་བཞིན་གཤེགས་པ་
ཞེས་བྱ་སྟེ། དེ་བཞིན་ཉིད་འདི་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ། །དེའི་འོག་ཏུ་དེ་བཞིན་ཉིད་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཕན་ཡོན་དང་བསོད་ནམས་འཕེལ་བ་ནི་གོ་སླའོ། །བྱང་ཆུབ་སེམས་དཔའ་ཞུགས་པར་གྱུར་པ་ཞེས་བྱ་བ་ནི་
ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ལམ་ལ་གནས་པའོ། །རབ་འབྱོར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཅེས་བྱ་བ་ནི་དངོས་པོ་མེད་པས། མཚན་ཉིད་མེད་པ་ཞེས་བྱ་བ་ནི་དངོས་པོའི་ཆོས་ལས་འདས་པའི་ཕྱིར་དངོས་པོ་མེད་པའོ། །རང་དང་སྤྱིའི་མཚན་ཉིད་དང་
བྲལ་བའི་ཕྱིར་མཚན་ཉིད་མེད་པའོ། །མིང་དང་མཚན་མ་ཐམས་ཅད་དང་བྲལ་བའི་ཕྱིར་མཚན་མ་མེད་པའོ། །རྩོལ་བ་མེད་པའི་ཕྱིར་ལྷུན་གྱིས་གྲུབ་པའོ། །འདུས་མ་བྱས་པའི་ཕྱིར་སྐྱེ་བ་མེད་པའོ། །གནས་པ་མེད་པའི་མཚན་ཉིད་ཡིན་པའི་ཕྱིར་འབྱུང་བ་མེད་པའོ། །
རབ་འབྱོར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་དངོས་པོ་མེད་པ་ལ་དམིགས་པའོ་ཞེས་བྱ་བ་ནི་དངོས་པོ་མེད་པ་ལས་བརྩམས་ནས་འཇུག་ཅེས་བྱ་བའི་ཐ་ཚིག་སྟེ། དམིགས་པའི་རྐྱེན་ནི་མ་ཡིན་ནོ། །དྲན་པས་དབང་བསྒྱུར་བ་ཞེས་བྱ་བ་ནི་སྔོན་གྱི་རྒྱུའི་དབང་གིས་བརྗོད་

ཀྱི་དེའི་ཚེ་ནི་མ་ཡིན་ནོ། །རབ་འབྱོར་འདུས་པ་ལས་བྱུང་བའི་ངོ་བོ་ཉིད་མེད་ཅེས་བྱ་བ་ནི་གཟུགས་དང་ཚོར་བ་ལ་སོགས་པ་ཀུན་བརྟགས་པའི་ངོ་བོ་ཉིད་དེ། རྐྱེན་གཞན་གྱི་དབང་ལས་བྱུང་བའི་ཕྱིར་འདུས་པ་ལས་བྱུང་ཞེས་བྱ་སྟེ། གཞན་གྱི་དབང་བྱ་བའི་ཕྱིར་དེ་ལྟ་བུའི་ངོ་བོ་ཉིད་ཀྱི་མིང་
དུ་འགྱུར་རོ། །གང་ལ་འདུས་པ་ལས་བྱུང་བའི་ངོ་བོ་ཉིད་མེད་པ་སྟེ་དངོས་པོ་མེད་པའོ་ཞེས་བྱ་བ་ནི་ཆོས་གང་གཞན་ལ་རག་ལས་པ་ཡིན་གྱི། ངོ་བོ་ཉིད་ཅེས་བྱ་བ་མ་ཡིན་པ་དེ་དངོས་པོ་མེད་པ་ཞེས་ཏེ། རི་བོང་གི་རྭ་ལ་སོགས་པ་ལྟར་གཏན་མེད་པའི་ཕྱིར་མེད་པ་ནི་མ་ཡིན་གྱི་དངོས་པོ་
ཡོད་པའི་ཆོས་ལས་བཟློག་པའི་ཕྱིར་དངོས་པོ་མེད་པའོ། །དངོས་པོ་མེད་པའི་ངོ་བོ་ཉིད་ཅེས་བྱ་བ་ནི་གཟུགས་ལ་སོགས་པ་ཀུན་བརྟགས་པའི་ཆོས་རྣམས་ལ་དངོས་པོ་མེད་པ་ཞེས་བྱའོ། །དེ་ལ་བཟློག་པའི་ངོ་བོ་ཉིད་ཀྱང་དངོས་པོ་མེད་པའི་ངོ་བོ་ཉིད་ཅེས་བྱའོ། །དེའི་འོག་ཏུ་
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དངོས་པོ་མེད་པའི་ངོ་བོ་ཉིད་ཡིན་པ་དང་ཐབས་མཁས་པ་དག་བསྟན་ཏོ། །དེ་ལ་བཅོམ་ལྡན་འདས་ཆོས་རྣམས་ཆོས་ཉིད་དང་བྲལ་བ་ལགས་སམ་ཞེས་བྱ་བ་ནི་ཆོས་ཐམས་ཅད་ཆོས་ཐམས་ཅད་དང་བྲལ་བ་ཡིན་ན་དེ་ལྟ་ན་ནི་ཤེས་པར་བྱ་བ་དང་
ཤེས་པར་བྱེད་པ་ཡང་མེད་པས་འདི་ནི་ཤེས་པར་བྱས་སོ་ཞེས་བྱ་བར་བརྗོད་དུ་མི་རུང་ངོ་ཞེས་བྱ་བའི་ཐ་ཚིག་གོ། །དངོས་པོས་ཀྱང་དངོས་པོ་འཚལ་བར་མི་རུང་ཞེས་བྱ་བ་ནི་ཀུན་བརྟགས་པས་ཀུན་བརྟགས་པ་ཤེས་པར་མི་རུང་སྟེ། མེད་པའི་ཕྱིར་ཇི་ལྟར་སྒྱུ་མའི་གླང་པོ་ཆེས་
སྒྱུ་མའི་གླང་པོ་ཆེའི་རྗེས་ལྟ་བུའོ། །དངོས་པོ་མེད་པས་ཀྱང་དངོས་པོ་མེད་པ་ཤེས་པར་མི་རུང་སྟེ། ཇི་ལྟར་ནམ་མཁས་ནམ་མཁའ་ལྟ་བུའོ། །དངོས་པོས་ཀྱང་དངོས་པོ་མེད་པ་ཤེས་པར་མི་རུང་སྟེ། ཇི་ལྟར་སྒྱུ་མའི་མིས་ནམ་མཁའ་ལྟ་བུའོ། །དངོས་པོ་མེད་པས་ཀྱང་དངོས་
པོ་ཤེས་པར་མི་རུང་སྟེ། ཇི་ལྟར་ནམ་མཁས་སྒྱུ་མའི་མི་བཞིན་ཏེ་འདི་ནི་དངོས་པོ་ཡོད་པ་དང་དངོས་པོ་མེད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །བཅོམ་ལྡན་འདས་ཅི་ལགས་འཇིག་རྟེན་གྱི་ཀུན་རྫོབ་ཀྱང་གཞན་ཞིག་ལ། དོན་དམ་པ་ཡང་གཞན་ལགས་སམ་ཞེས་བྱ་བ་ནི་

འཇིག་རྟེན་གྱི་ཀུན་རྫོབ་དངོས་པོ་མེད་པའི་མཚན་ཉིད་ཡིན་པའི་ཕྱིར་དོན་དམ་པ་ཞུས་པའོ། །འཇིག་རྟེན་ཀུན་རྫོབ་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ཉིད་དོན་དམ་པའི་དེ་བཞིན་ཉིད་ཡིན་ཞེས་བྱ་བ་ནི་འཇིག་རྟེན་གྱི་ཀུན་རྫོབ་ཅེས་བྱ་བ་གཟུགས་ལ་སོགས་པའི་ཆོས་
ཐམས་ཅད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ཉིད་དོན་དམ་པའི་དེ་བཞིན་ཉིད་དོ་ཞེས་བྱ་བའི་ཐ་ཚིག་གོ། །རབ་འབྱོར་ཡང་དག་པའི་དོན་ནི་སངས་རྒྱས་ཞེས་བྱ་སྟེ་ཞེས་བྱ་བ་ནི་སངས་རྒྱས་ཀྱི་ངོ་བོ་ཉིད་ཀྱི་མཚན་ཉིད་གསུངས་པ་སྟེ་ཡང་དག་པའི་དོན་དེ་བཞིན་ཉིད་ཆོས་ཀྱི་སྐུ་ལ་སངས་རྒྱས་
ཞེས་བྱ་བའི་ཐ་ཚིག་གོ། །དེས་ཡང་དག་པའི་དོན་མངོན་པར་རྫོགས་པར་སངས་རྒྱས་པས་ཞེས་བྱ་བ་ལ་སོགས་པ་རྣམ་པ་གསུམ་གྱིས་ངེས་པའི་ཚིག་གསུངས་པ་སྟེ། བཅོམ་ལྡན་འདས་ཀྱིས་ནི་དགྲ་བཅོམ་པའི་ལམ་གྱི་ཡེ་ཤེས་ཀྱིས་ཡང་དག་པའི་ཆོས་མྱ་ངན་ལས་
འདས་པ་ཉིད་སངས་རྒྱས་པར་འགྱུར་བ་དང་། དེའི་འོག་ཏུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ཀྱིས་ཡང་དག་པའི་དོན་སྟོང་པ་དང་ཞི་བ་ལ་སོགས་པའི་དོན་དུ་རྟོགས་པ་དང་། དེའི་རྗེས་ལ་ཐོབ་པ་དང་ཐམས་ཅད་མཁྱེན་པ་ཉིད་པའི་ཡེ་ཤེས་ཀྱིས་ཐམས་ཅད་ཀྱི་མཚན་
ཉིད་ཇི་ལྟ་བ་བཞིན་དུ་རྗེས་སུ་རྟོགས་པར་འགྱུར་ཏེ། དེ་ལྟར་ཡང་དག་པའི་ཆོས་མངོན་པར་རྫོགས་པར་སངས་རྒྱས་པ་དང་། ཡང་དག་པའི་དོན་རབ་ཏུ་རྟོགས་པ་དང་། ཆོས་ཐམས་ཅད་ཇི་ལྟ་བ་བཞིན་དུ་མངོན་པར་རྫོགས་པར་སངས་རྒྱས་པའི་ཕྱིར་སངས་རྒྱས་ཞེས་བྱའོ། །
བཅོམ་ལྡན་འདས་བྱང་ཆུབ་ཅེས་བགྱི་བ་དེ་གང་གི་ཚིག་བླ་དགས་ལགས་སོ་ཞེས་བྱ་བ་ནི་བྱང་ཆུབ་ཀྱང་རྣམ་པ་གསུམ་དུ་བསྟན་ཏེ་ངོ་བོ་ཉིད་དང་མཚན་ཉིད་དང་ངེས་པའི་ཚིག་གིས་སོ། །དེ་ལ་ངོ་བོ་ཉིད་རྣམ་པ་གཉིས་ཏེ། ཡོངས་སུ་གྲུབ་པའི་ངོ་བོ་ཉིད་དང་། ཀུན་བརྟགས་པའི་
ངོ་བོ་ཉིད་དོ། །དེ་ལ་ཡོངས་སུ་གྲུབ་པའི་ངོ་བོ་ཉིད་ནི་རབ་འབྱོར་བྱང་ཆུབ་ཅེས་བྱ་བ་དེ་ནི་སྟོང་པ་ཉིད་ཀྱི་ཚིག་བླ་དགས་སོ་ཞེས་གསུངས་པའོ། །ཀུན་བརྟགས་པའི་ངོ་བོ་ཉིད་ནི་རབ་འབྱོར་འདི་ལྟར་ཡང་། བྱང་ཆུབ་ཅེས་བྱ་བ་དེ་ནི་མིང་ཙམ་ཞེས་གསུངས་པའོ། །མཚན་ཉིད་ནི་

ཡང་དག་པའི་དོན་ནི་བྱང་ཆུབ་ཀྱི་དོན་ཏོ་ཞེས་གསུངས་པ་སྟེ། དོན་དམ་པའི་མཚན་ཉིད་ནི་ཡང་དག་པར་དོན་དམ་པའི་དོན་ཞེས་བྱའོ། །ངེས་པའི་ཚིག་ནི་དེ་ནི་ཆོས་ཐམས་ཅད་མིང་དང་མཚན་མ་ཙམ་དུ་རྟོགས་པར་བྱེད་པ་ཞེས་བྱ་བ་ལ་སོགས་པ་རྣམ་པ་གསུམ་སྟེ། དེ་ལ་ཀུན་
བརྟགས་པའི་མཚན་ཉིད་རྟོགས་པའི་ངེས་པའི་ཚིག་ནི་དེ་ནི་ཆོས་ཐམས་ཅད་མིང་དང་མཚན་མ་ཙམ་དུ་རྟོག་པར་བྱེད་པ་ཞེས་གསུངས་པའོ། །གཞན་གྱི་དབང་རྟོགས་པས། གནས་གྱུར་པའི་མཚན་ཉིད་ཆོས་ཀྱི་སྐུའི་ཚུལ་ནི་དེ་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བྱང་
ཆུབ་སྟེ། དེའི་ཕྱིར་བྱང་ཆུབ་ཅེས་བྱའོ་ཞེས་གསུངས་པའོ། །ཡོངས་སུ་གྲུབ་པའི་མཚན་ཉིད་རྟོགས་པ་ནི་དེ་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་མངོན་པར་རྫོགས་པར་སངས་རྒྱས་ན་དེའི་ཕྱིར་བྱང་ཆུབ་ཅེས་བྱའོ་ཞེས་གསུངས་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་
ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་ནི་ཆོས་གང་ཡང་བསྩགས་པའི་ཕྱིར་རམ། འགྲིབ་པར་བྱ་བའི་ཕྱིར་ཞེས་བྱ་བ་ནི་སྦྱིན་པ་ལ་སོགས་པའི་དགེ་བའི་རྩ་བ་རྣམས་བསྩགས་པའི་ཕྱིར་རམ། སེར་སྣ་དང་འཆལ་པའི་ཚུལ་ཁྲིམས་ལ་སོགས་པ་འགྲིབ་པར་བྱ་བའི་ཕྱིར་རམ། ནག་པོའི་
ཕྱོགས་རྣམས་ཉམས་པར་བྱ་བའི་ཕྱིར་རམ། དཀར་པོའི་ཕྱོགས་རྣམས་འཕེལ་བར་བྱ་བའི་ཕྱིར་རམ། སངས་རྒྱས་ཀྱི་ཆོས་མ་སྐྱེས་པ་རྣམས་བསྐྱེད་པར་བྱ་བའི་ཕྱིར་རམ། ཀུན་ནས་ཉོན་མོངས་པ་སྐྱེས་པ་རྣམས་དགག་པའི་ཕྱིར་རམ། དྲི་མ་དང་བཅས་པའི་གནས་
སྐབས་ན་ཀུན་ནས་ཉོན་མོངས་པར་བྱ་བའི་ཕྱིར་རམ། དྲི་མ་མེད་པའི་གནས་སྐབས་ན་རྣམ་པར་བྱང་བར་བྱ་བའི་ཕྱིར་དམིགས་པའི་ཚུལ་གྱིས་ཉེ་བར་གནས་པ་མ་ཡིན་ནོ་ཞེས་བྱ་བ་ལ། བྱང་ཆུབ་ནི་དམིགས་པ་ཐམས་ཅད་སེལ་བའི་རང་བཞིན་ཡིན་པའི་ཕྱིར་དེ་སྐད་ཅེས་གསུངས་
སོ། །གཉིས་ཀྱི་ཚུལ་གྱིས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅེས་བྱ་བ་ནི་དམིགས་པར་བྱ་བ་དང་དམིགས་པར་བྱེད་པའི་དངོས་པོས་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལྟར་དགེ་བའི་རྩ་བ་དང་ལྡན་པའི་ཕྱིར་བྱང་ཆུབ་སེམས་དཔའ་ཡང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་

མི་ནུས་ཞེས་བྱ་བ་ནི་དམིགས་པའི་དབང་གིས་ཐབས་མཁས་པ་དང་མི་ལྡན་པའི་ཕྱིར་རོ་ཞེས་དེ་མ་ཐག་ཏུ་འོག་ནས་འཆད་དོ། །ཇི་ལྟར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་ཞེས་བྱ་བ་ནི་བྱང་ཆུབ་ལ་དམིགས་ནས་སྦྱིན་པ་བྱིན་ན་སྦྱིན་པའི་ཕ་
རོལ་ཏུ་ཕྱིན་པའི་མིང་དུ་འགྱུར་རོ་སྙམ་ནས་གསོལ་པའོ། །གཉིས་ཀྱི་ཚུལ་གྱིས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ་ཞེས་བྱ་བ་ནི་འདི་བྱང་ཆུབ་ཀྱི་ཕྱིར་བྱའོ་ཞེས་དམིགས་པར་བྱ་བ་དང་དམིགས་པར་བྱེད་པ་གཉིས་ཀྱི་དངོས་པོར་རྣམ་པར་བརྟགས་ནས་མི་སྤྱོད་དོ་ཞེས་བྱ་བའི་ཐ་
ཚིག་གོ། །བཅོམ་ལྡན་འདས་གལ་ཏེ་གཉིས་ཀྱི་ཚུལ་གྱིས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་ན་ཞེས་བྱ་བ་ནི་གལ་ཏེ་གཉིས་ཀྱི་ཚུལ་གྱིས་བྱང་ཆུབ་ཀྱི་ཕྱིར་ཡོངས་སུ་སྔོ་ཞིང་མི་བྱེད་ན་ཇི་ལྟར་དགེ་བའི་རྩ་བ་རྣམས་མངོན་པར་འཕེལ་བར་འགྱུར་ཞེས་ཞུས་པའོ། །
རབ་འབྱོར་གང་གཉིས་ལ་སྤྱོད་པ་དེ་དག་ནི་དགེ་བའི་ཆོས་རྣམས་རྣམ་པར་འཕེལ་བར་འགྱུར་རོ་ཞེས་བྱ་བ་ནི་གཉིས་སུ་མེད་པར་སྤྱོད་པ་ཉིད་དགེ་བའི་རྩ་བ་འཕེལ་བའི་རྒྱུ་ཡིན་གྱི་གཉིས་སུ་སྤྱོད་པ་ནི་མ་ཡིན་ནོ་ཞེས་བསྟན་པ་སྟེ། འདི་ནི་གཉིས་སུ་མེད་པར་སྤྱོད་པའི་ཤེས་
རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ། །དེ་ནས་ཡང་ཐབས་མཁས་པས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པ་དང་། བྱང་ཆུབ་ཀྱི་ཕྱོགས་ལ་སྤྱོད་པ་དང་། སངས་རྒྱས་ཀྱི་ཆོས་ལ་སྤྱོད་པ་དང་། བྱང་ཆུབ་སེམས་དཔའ་བསྔགས་པའི་ངོ་བོ་ཉིད་ལས་མི་གཡོ་བ་རྣམས་ནི་
གཞུང་ཉིད་ལས་གོ་སླའོ། །དངོས་པོ་མ་མཆིས་པས་དངོས་པོ་མ་མཆིས་པ་མངོན་པར་རྫོགས་པར་བྱང་ཆུབ་པར་བགྱི་བར་ནུས་སམ་ཞེས་བྱ་བ་ལ་སོགས་པ་རྣམ་པར་རྟོག་པ་བཞི་ནི་མངོན་པར་རྫོགས་པར་བྱང་ཆུབ་པ་ལ་དེ་ལྟ་བུའི་རྣམ་པར་རྟོག་པས་སྤྲོར་རུང་བ་མ་ཡིན་
པའི་ཕྱིར་འདི་ལ་ཤེས་པར་བྱེད་པ་མེད་དོ། །ཇི་ལྟར་དངོས་པོ་དང་དངོས་པོ་མེད་པ་ཡང་མ་ཡིན་པ་དེ་ལྟར་མཉམ་པ་ཉིད་མཐོང་བ་ནི་མངོན་པར་རྟོགས་པ་ཞེས་བྱ་བ་ནི་སྒྱུ་མ་བྱས་པ་བཞིན་ཏེ་ཀུན་བརྟགས་པ་ནི་དངོས་པོའི་རྣམ་པ་མ་ཡིན་ལ་རི་བོང་གི་རྭ་ལྟར་ཤིན་ཏུ་མེད་པའི་

རྣམ་པ་ཡང་མ་ཡིན་ནོ། །དངོས་པོ་དང་དངོས་པོ་མེད་པ་མཉམ་པ་ཉིད་གང་ཡིན་པ་དེ་ནི་དངོས་པོ་དང་དངོས་པོ་མེད་པ་མཉམ་པ་ཉིད་མཐོང་བ་མངོན་པར་རྟོགས་པ་ཞེས་བྱ་སྟེ། འདི་ནི་སྤྲོས་པ་མེད་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན། དགྲ་བཅོམ་
པས་ལམ་ཐམས་ཅད་ལ་བསླབས་ནས་ཞེས་བྱ་བ་ནི་རྒྱུན་དུ་ཞུགས་པ་དང་། ལན་ཅིག་ཕྱིར་འོང་བ་དང་ཕྱིར་མི་འོང་བ་དང་། དགྲ་བཅོམ་པའི་ལམ་ལ་བསླབས་ནས་སོ། །ཡང་དག་པ་ཉིད་སྐྱོན་མེད་པ་ལ་འཇུག་སྟེ་ཞེས་བྱ་བ་ནི་དགྲ་བཅོམ་པ་ཉིད་ཀྱི་སྐྱོན་མེད་པ་འཇུག་
པའོ། །རེ་ཞིག་ལམ་གྱི་སྐད་ཅིག་ལ་དགྲ་བཅོམ་པའི་ལམ་གྱི་འབྲས་བུ་མ་ཐོབ་ཀྱི་བར་དུ་ཞེས་བྱ་བ་ནི་ཇི་སྲིད་དུ་ཐ་མ་ལ་རྣམ་པར་གྲོལ་བའི་ལམ་གྱི་སྐད་ཅིག་མི་སྐྱེད་ཅེས་བྱ་བའི་ཐ་ཚིག་གོ། །སྐད་ཅིག་གཅིག་དང་ལྡན་པའི་ཤེས་རབ་ཀྱིས་ཞེས་བྱ་བ་ནི་རྡོ་རྗེ་ལྟ་བུའི་ཏིང་ངེ་
འཛིན་གྱི་སྐད་ཅིག་དང་ལྡན་པས་སོ། །ཤེས་པ་དང་མཐོང་བས་ས་བརྒྱད་པོ་དག་ལ་རྣམ་པར་བལྟས་ནས་ཡོངས་སུ་འདའ་སྟེ་ཞེས་བྱ་བ་ནི་ཡོངས་སུ་དྲིས་པའི་ཤེས་པ་བསྟན་པའི་སྐབས་སུ་སྔར་ཇི་སྐད་དུ་བསྟན་པ་བཞིན་ནོ། །དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་
པོས་སྐད་དང་བརྡ་དང