Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 93

Văn bản gốc(Tây Tạng)

Trang 15 / 20 (50.000 ký tự/trang)
དས་རྣམས་ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ལ་དགོངས་པ་མཛད་ཅེས་བྱ་བ་ནི་བརྒྱད་ཅུ་གཉིས་པའོ། །བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐམས་ཅད་ཀྱི་མདོ་དང་རྒྱས་པ་
འཚལ་བར་འགྱུར་བ་ལགས་ཞེས་བྱ་བ་ནི་བརྒྱད་ཅུ་གསུམ་པའོ། །བཅོམ་ལྡན་འདས་གཟུགས་ཀྱི་དེ་བཞིན་ཉིད་ཇི་ལྟ་བུ་ལགས་ཞེས་བྱ་བ་ནི་བརྒྱད་ཅུ་བཞི་པའོ། །བཅོམ་ལྡན་འདས་ཡང་དག་པའི་མཐའ་དེ་གང་ལགས་ཞེས་བགྱི་བ་ནི་བརྒྱད་ཅུ་ལྔ་པའོ། །བཅོམ་ལྡན་
འདས་ཇི་ལྟར་ཆོས་ཐམས་ཅད་ཀྱི་མདོ་དང་རྒྱས་པ་འཚལ་བར་བགྱི་ཞེས་བྱ་བ་ནི་བརྒྱད་ཅུ་དྲུག་པའོ། །བཅོམ་ལྡན་འདས་ཆོས་གང་དག་ལྡན་པ་ཡང་མ་ལགས་མི་ལྡན་པ་ཡང་མ་ལགས་པའི་ཆོས་དེ་དག་ཀྱང་གང་ལགས་ཞེས་བྱ་བ་ནི་བརྒྱད་ཅུ་བདུན་པའོ། །བཅོམ་ལྡན་འདས་
ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བགྱི་ཞེས་བྱ་བ་ནི་བརྒྱད་ཅུ་བརྒྱད་པའོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡུན་རིང་པོ་ཇི་སྲིད་ཅིག་ཏུ་སྤྱད་ན་ཞེས་བྱ་བ་ནི་བརྒྱད་ཅུ་དགུ་པའོ། །བཅོམ་ལྡན་འདས་

ཅི་ལགས་སེམས་ཀྱི་རྒྱུན་མ་ཆད་པ་དང་མ་བྲལ་བར་རྗེས་སུ་འབྲེལ་བས་སྤྱད་པར་བགྱི་འམ་ཞེས་བྱ་བ་ནི་དགུ་བཅུ་པའོ། །བཅོམ་ལྡན་འདས་ཅི་ལགས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པ་དང་ཞེས་བྱ་བ་ནི་དགུ་
བཅུ་གཅིག་པའོ། །བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་ཞེས་བྱ་བའི་སྐབས་འདིར་བར་སྐབས་སུ་ཞུས་པའི་རྣམ་པ་བཞིའོ། །བཅོམ་ལྡན་འདས་ཅི་ལགས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གདགས་སུ་མ་མཆིས་པ་ལགས་སམ་ཞེས་བྱ་བ་ནི་དགུ་བཅུ་གཉིས་པའོ། །
བཅོམ་ལྡན་འདས་ཅིའི་སླད་དུ་སེམས་ཅན་དམྱལ་བ་གདགས་སུ་མ་མཆིས་པར་གྱུར་ཅེས་བྱ་བ་ནི་དགུ་བཅུ་གསུམ་པའོ། །བཅོམ་ལྡན་འདས་འོ་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས་ཞེས་བྱ་བ་ནི་དགུ་བཅུ་བཞི་པའོ། །བཅོམ་
ལྡན་འདས་སྐྱེ་བ་མ་མཆིས་པ་དང་། འགག་པ་མ་མཆིས་པ་ལ་ཇི་ལྟར་བསླབ་པར་བགྱི་ཞེས་བྱ་བ་ནི་དགུ་བཅུ་ལྔ་པའོ། །བཅོམ་ལྡན་འདས་ཆོས་ཐམས་ཅད་རང་གི་མཚན་ཉིད་ཀྱིས་སྟོང་པར་ཇི་ལྟར་བསླབ་པར་བགྱི་ཞེས་བྱ་བ་ནི་དགུ་བཅུ་དྲུག་པའོ། །བཅོམ་ལྡན་འདས་གལ་
ཏེ་གཟུགས་ནི་གཟུགས་ཀྱིས་སྟོང་ཞེས་བྱ་བ་ནི་དགུ་བཅུ་བདུན་པའོ། །བཅོམ་ལྡན་འདས་ཅིའི་སླད་དུ་སྤྱོད་པ་མ་མཆིས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ལགས་ཞེས་བྱ་བ་ནི་དགུ་བཅུ་བརྒྱད་པའོ། །བཅོམ་ལྡན་འདས་གལ་ཏེ་སྤྱོད་པ་མ་མཆིས་པ་ཤེས་རབ་ཀྱི་ཕ་རོལ་
ཏུ་ཕྱིན་པ་ལ་སྤྱོད་པ་ལགས་ན་ཞེས་བྱ་བ་ནི་དགུ་བཅུ་དགུ་པའོ། །བཅོམ་ལྡན་འདས་ཇི་ཙམ་གྱིས་ན་མི་དམིགས་པར་འགྱུར་ཞེས་བྱ་བ་ནི་བརྒྱ་པའོ། །འདི་མན་ཆད་ནི་བརྒྱ་ཕྲག་གཉིས་པ་ལ་བབ་སྟེ། བཅོམ་ལྡན་འདས་གཉིས་ཞེས་བགྱི་བ་ཇི་ལྟ་བུ་ལགས་ཞེས་བྱ་བ་ནི་དང་པའོ། །
བཅོམ་ལྡན་འདས་གཉིས་སུ་མ་མཆིས་པ་གང་ལགས་ཞེས་བྱ་བ་ནི་གཉིས་པའོ། །བཅོམ་ལྡན་འདས་ཅི་ལགས་དམིགས་སུ་མ་མཆིས་པ་མི་དམིགས་སམ་ཞེས་བྱ་བ་ནི་གསུམ་པའོ། །བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་

རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་དམིགས་པ་ལ་མི་ཆགས་ཤིང་མི་དམིགས་པ་ལ་ཡང་མི་ཆགས་པ་ལགས་ན་ཞེས་བྱ་བ་ནི་བཞི་པའོ། །བཅོམ་ལྡན་འདས་གལ་ཏེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་དམིགས་སུ་མ་མཆིས་ཏེ་ཞེས་བྱ་བ་ནི་ལྔ་པའོ། །བཅོམ་ལྡན་འདས་གལ་ཏེ་
བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་གཟུགས་ཀྱང་མི་དམིགས་ཞེས་བྱ་བ་ནི་དྲུག་པའོ། །བཅོམ་ལྡན་འདས་འོ་ན་སུའི་སླད་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་ལགས་ཞེས་བྱ་བ་ནི་བདུན་
པའོ། །བཅོམ་ལྡན་འདས་གལ་ཏེ་ཆོས་ཐམས་ཅད་མ་བགྱིས་པ་སྟེ། མངོན་པར་འདུས་མ་བགྱིས་པ་ལགས་ན་ཞེས་བྱ་བ་ནི་བརྒྱད་པའོ། །བཅོམ་ལྡན་འདས་གལ་ཏེ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་སྤྱན་ལྔས་ཀྱང་ཞེས་
པ་ནི་དགུ་པའོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དོན་དམ་པ་ལ་བཞུགས་ཏེ་ཞེས་བྱ་བ་ནི་བཅུ་པའོ། །བཅོམ་ལྡན་འདས་གལ་ཏེ་ཆོས་ཐམས་ཅད་སྤྲུལ་པ་ལྟ་བུ་ལགས་ན་ཞེས་བྱ་བ་ནི་བཅུ་གཅིག་པའོ། །བཅོམ་ལྡན་འདས་ཅི་ལགས་དེ་བཞིན་གཤེགས་
པ་མི་བཞུགས་ན་ཞེས་བྱ་བ་ནི་བཅུ་གཉིས་པའོ། །བཅོམ་ལྡན་འདས་གལ་ཏེ་སྤྲུལ་པ་དང་དེ་བཞིན་གཤེགས་པ་ལ་ཁྱད་པར་མ་མཆིས་ན་ཞེས་བྱ་བ་ནི་བཅུ་གསུམ་པའོ། །བཅོམ་ལྡན་འདས་གལ་ཏེ་ཆོས་ཐམས་ཅད་ཀྱི་ཆོས་ཉིད་རྣམ་པར་དཀྲུག་པར་མི་བགྱི་བ་ལགས་ན་ཞེས་
བྱ་བ་ནི་བཅུ་བཞི་པའོ། །བཅོམ་ལྡན་འདས་གལ་ཏེ་གཞན་རྣམས་ཁོང་དུ་ཆུད་པར་བགྱི་བའི་སླད་དུ། བཅོམ་ལྡན་འདས་ཀྱིས་མིང་དང་མཚན་མས་ཞེས་བྱ་བ་ནི་བཅྭ་ལྔ་པའོ། །བཅོམ་ལྡན་འདས་གལ་ཏེ་ཆོས་ཐམས་ཅད་མིང་དང་མཚན་མ་ཙམ་དུ་བས་པ་ལགས་ན་ཞེས་བྱ་བ་ནི་
བཅུ་དྲུག་པའོ། །བཅོམ་ལྡན་འདས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཅེས་གསུང་ངམ་ཞེས་བྱ་བ་ནི་བཅུ་བདུན་པའོ། །བཅོམ་ལྡན་འདས་ཐམས་ཅད་མཁྱེན་པ་ཉིད་འདི་གསུམ་ཁྱད་ཅི་ཞིག་མཆིས་ཞེས་བྱ་བ་ནི་བཅོ་བརྒྱད་པའོ། །བཅོམ་

ལྡན་འདས་ཅིའི་སླད་དུ་དེ་བཞིན་གཤེགས་པ་རྣམས་ལ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཅེས་བགྱི་ཞེས་བྱ་བ་ནི་བཅུ་དགུ་པའོ། །བཅོམ་ལྡན་འདས་ཅིའི་སླད་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་ནི་ལམ་གྱི་རྣམ་པ་ཤེས་པ་ཉིད་ཅེས་བགྱི་
ཞེས་བྱ་བ་ནི་ཉི་ཤུ་པའོ། །ཅིའི་སླད་དུ་ཉན་ཐོས་དང་རང་སངས་རྒྱས་རྣམས་ལ་ནི་ཐམས་ཅད་ཤེས་པ་ཉིད་ཅེས་བགྱི་ཞེས་བྱ་བ་ནི་ཉི་ཤུ་གཅིག་པའོ། །བཅོམ་ལྡན་འདས་ཐམས་ཅད་མཁྱེན་པ་ཉིད་འདི་གསུམ་ལས་འདིའི་སྤོང་བ་ནི་ལྷག་མ་དང་བཅས་པའོ། །འདིའི་སྤོང་བ་ནི་ལྷག་མ་མ་
མཆིས་པའོ་ཞེས་བགྱི་བར་ཉོན་མོངས་པ་སྤོང་བ་ལ་ཐ་དད་དུ་བགྱི་བ་མ་མཆིས་སམ་ཞེས་བགྱི་བ་ནི་ཉི་ཤུ་གཉིས་པའོ། །བཅོམ་ལྡན་འདས་ཅི་ལགས་ཉན་ཐོས་དང་རང་སངས་རྒྱས་དེ་དག་ཐམས་ཅད་ཀྱིས་འདུས་མ་བགྱིས་མ་ཐོབ་པར་ཉོན་མོངས་པ་སྤངས་སམ་ཞེས་བྱ་བ་ནི་ཉི་ཤུ་
གསུམ་པའོ། །བཅོམ་ལྡན་འདས་འདུས་མ་བགྱིས་པ་ལ་བྱེ་བྲག་དམིགས་སུ་མ་མཆིས་སམ་ཞེས་བྱ་བ་ནི་ཉི་ཤུ་བཞི་པའོ། །བཅོམ་ལྡན་འདས་གལ་ཏེ་དམིགས་སུ་མ་མཆིས་ན་ཅིའི་སླད་དུ་བཅོམ་ལྡན་འདས་ཀྱིས་འདི་སྐད་དུ་ཞེས་བྱ་བ་ནི་ཉི་ཤུ་ལྔ་པའོ། །བཅོམ་ལྡན་
འདས་ཅི་ལགས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ལམ་ལ་གནས་ཏེ་ཞེས་བྱ་བ་ནི་ཉི་ཤུ་དྲུག་པའོ། །སྐབས་འདིར་བར་སྐབས་སུ་ཞུས་པ་བཞིའོ། །བཅོམ་ལྡན་འདས་གལ་ཏེ་ལམ་ཡང་དངོས་པོ་མ་མཆིས་ལ་མྱ་ངན་ལས་འདས་པ་ཡང་དངོས་པོ་མ་མཆིས་ན་ཞེས་བྱ་བ་ནི་ཉི་
ཤུ་བདུན་པའོ། །བཅོམ་ལྡན་འདས་ཅི་ལགས་འདུས་མ་བགྱིས་པ་འདི་ནི་རྒྱུན་དུ་ཞུགས་པའོ་ཞེས་རབ་ཏུ་བྱེད་པ་ལགས་སོ་ཞེས་བྱ་བ་ནི་ཉི་ཤུ་བརྒྱད་པའོ། །བཅོམ་ལྡན་འདས་འཁོར་བའི་ཕྱི་མའི་མཐའ་ཇི་ལྟ་བུ་ལགས་ཞེས་བྱ་བ་ནི་ཉི་ཤུ་དགུ་པའོ། །བཅོམ་ལྡན་འདས་ཆོས་
ཐམས་ཅད་རང་གི་མཚན་ཉིད་ཀྱིས་སྟོང་ན་ཞེས་བྱ་བ་སུམ་ཅུ་པའོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བགྱི་ཞེས་བྱ་བ་ནི་སུམ་ཅུ་གཅིག་པའོ། །བཅོམ་ལྡན་འདས་གལ་ཏེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དོན་དང་ཚུལ་གྱིས་ཞེས་

བྱ་བ་ནི་སུམ་ཅུ་གཉིས་པའོ། །བཅོམ་ལྡན་འདས་ཅིའི་སླད་དུ་དོན་ཀྱང་མི་བགྱིད་དོན་མ་ལགས་པ་ཡང་མི་བགྱིད་ལགས་ཞེས་བྱ་བ་ནི་སུམ་ཅུ་གསུམ་པའོ། །བཅོམ་ལྡན་འདས་འོ་ན་འདུས་མ་བགྱིས། འཕགས་པ་ཐམས་ཅད་ཀྱི་དོན་མ་ལགས་སམ་ཞེས་བྱ་བ་ནི་སུམ་ཅུ་བཞི་པའོ། །
བཅོམ་ལྡན་འདས་འོ་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་འདུས་མ་བགྱིས་ཀྱི་ཞེས་བྱ་བ་ནི་སུམ་ཅུ་ལྔ་པའོ། །བཅོམ་ལྡན་འདས་ཅི་ལགས་གཉིས་སུ་མ་མཆིས་པའི་ཆོས་ཞེས་བྱ་བ་ནི་སུམ་ཅུ་དྲུག་པའོ། །སྐབས་འདིར་བར་སྐབས་སུ་ཞུས་པ་གསུམ་པའོ། །བཅོམ་
ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་དང་པོ་བསྐྱེད་པ་དང་ལྡན་པ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འཚལ་བ་དེ་བསོད་ནམས་ཇི་ཙམ་ཞིག་བསྐྱེད་པར་འགྱུར་ཞེས་བྱ་བ་
ནི་སུམ་ཅུ་བདུན་པའོ། །བཅོམ་ལྡན་འདས་སེམས་དང་པོ་བསྐྱེད་པས་ཅི་ཞིག་ཡིད་ལ་བགྱི་ཞེས་བྱ་བ་ནི་སུམ་ཅུ་བརྒྱད་པའོ། །བཅོམ་ལྡན་འདས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་དམིགས་པ་ཇི་ལྟ་བུ་ལགས་ཞེས་བྱ་བ་ནི་སུམ་ཅུ་དགུ་པའོ། །བཅོམ་ལྡན་འདས་ཅི་
ལགས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་འབའ་ཞིག་དངོས་པོ་མ་མཆིས་པ་ལགས་སམ་ཞེས་བྱ་བ་ནི་བཞི་བཅུ་པའོ། །བཅོམ་ལྡན་འདས་ཅིའི་སླད་དུ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ངོ་བོ་ཉིད་མ་མཆིས་པ་ལགས་ཞེས་བྱ་བ་ནི་བཞི་བཅུ་གཅིག་པའོ། །བཅོམ་ལྡན་འདས་
གལ་ཏེ་ཆོས་ཐམས་ཅད་དངོས་པོ་མ་མཆིས་པའི་ངོ་བོ་ཉིད་ལགས་ན་ཞེས་བྱ་བ་ནི་བཞི་བཅུ་གཉིས་པའོ། །བཅོམ་ལྡན་འདས་གལ་ཏེ་ཆོས་རྣམས་ཆོས་ཉིད་དང་བྲལ་བ་ལགས་སམ་ཞེས་བྱ་བ་ནི་བཞི་བཅུ་གསུམ་པའོ། །བཅོམ་ལྡན་འདས་ཅི་ལགས་འཇིག་རྟེན་གྱི་ཀུན་
རྫོབ་ཀྱང་གཞན་ཞིག་ལ་དོན་དམ་པ་ཡང་གཞན་ཞིག་ལགས་སམ་ཞེས་བྱ་བ་ནི་བཞི་བཅུ་བཞི་པའོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའི་སྤྱོད་པ་བྱང་ཆུབ་སེམས་དཔའི་སྤྱོད་པ་ཞེས་བགྱི་ན་ཞེས་བྱ་བ་ནི་བཞི་བཅུ་ལྔ་པའོ། །བཅོམ་ལྡན་འདས་སངས་རྒྱས་སངས་རྒྱས་

ཞེས་བགྱི་ན་ཞེས་བྱ་བ་ནི་བཞི་བཅུ་དྲུག་པའོ། །བཅོམ་ལྡན་འདས་བྱང་ཆུབ་བྱང་ཆུབ་ཅེས་བགྱི་ན་ཞེས་བྱ་བ་ནི་བཞི་བཅུ་བདུན་པའོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་བྱང་ཆུབ་འདི་ལ་ཞེས་བྱ་བ་ནི་བཞི་བཅུ་བརྒྱད་པའོ། །
བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་ཅེས་བྱ་བ་ནི་བཞི་བཅུ་དགུ་པའོ། །བཅོམ་ལྡན་འདས་གལ་ཏེ་གཉིས་ཀྱི་ཚུལ་གྱིས་ཞེས་བྱ་བ་ནི་ལྔ་བཅུ་པའོ། །བཅོམ་ལྡན་འདས་ཅི་ལགས་བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོས་དགེ་བའི་རྩ་བ་རྣམས་ཀྱི་སླད་དུ་ཞེས་བྱ་བ་ནི་ལྔ་བཅུ་གཅིག་པའོ། །བཅོམ་ལྡན་འདས་ཇི་ལྟར་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་བསྙེན་བཀུར་མ་བགྱིས་པ་ཞེས་བྱ་བ་ནི་ལྔ་བཅུ་གཉིས་པའོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་
དཔའ་ཆེན་པོ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་མི་འགྱུར་རམ་ཞེས་བྱ་བ་ནི་ལྔ་བཅུ་གསུམ་པའོ། །བཅོམ་ལྡན་འདས་ཅིའི་སླད་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སངས་རྒྱས་བཅོམ་ལྡན་འདས་ལ་བསྙེན་བཀུར་བགྱིས་ཞེས་བྱ་བ་ནི་ལྔ་བཅུ་བཞི་པའོ། །བཅོམ་
ལྡན་འདས་ཐབས་མཁས་པ་གང་དང་ལྡན་པས་ཞེས་བྱ་བ་ནི་ལྔ་བཅུ་ལྔ་པའོ། །བཅོམ་ལྡན་འདས་ཅི་ལགས་དངོས་པོ་མ་མཆིས་པས་དངོས་པོ་མ་མཆིས་པར་མངོན་པར་རྫོགས་པར་འཚང་རྒྱ་བར་བགྱི་བར་མི་ནུས་སམ་ཞེས་བྱ་བ་ནི་ལྔ་བཅུ་དྲུག་པའོ། །སྐབས་འདིར་བར་སྐབས་སུ་ཞུས་
པ་བཞིའོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྲོས་པ་གང་ལགས་ཞེས་བྱ་བ་ནི་ལྔ་བདུན་པའོ། །བཅོམ་ལྡན་འདས་གལ་ཏེ་ཆོས་གང་ཡང་ངོ་བོ་ཉིད་དམིགས་སུ་མ་མཆིས་ན་ཞེས་བྱ་བ་ནི་ལྔ་བཅུ་བརྒྱད་པའོ། །བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་
སེམས་དཔའ་སེམས་དཔའ་ཆེན་པོ་ལམ་ཐམས་ཅད་ཡོངས་སུ་རྫོགས་པར་བགྱིས་ཤིང་ཞེས་བྱ་བ་ནི་ལྔ་བཅུ་དགུ་པའོ། །བཅོམ་ལྡན་འདས་ཇི་ལྟར་ན་བདག་གི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལམ་འདི་དག་མ་བསྐྱེད་པར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་

བགྱིད་ཅེས་བྱ་བ་ནི་དྲུག་ཅུ་པའོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའི་ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱི་ལམ་གང་ལགས་ཞེས་བྱ་བ་ནི་དྲུག་ཅུ་གཅིག་པའོ། །བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྣམས་གང་ལགས་པ་དང་བྱང་ཆུབ་གང་ལགས་པ་ཞེས་བྱ་
བ་ནི་དྲུག་ཅུ་གཉིས་པའོ། །བཅོམ་ལྡན་འདས་ཆོས་རྣམས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཤེས་པ་དང་། མཐོང་བས་བསླབས་ནས་རྟོགས་པར་བགྱི་བའི་ཆོས་རྣམས་ནི་གང་ལགས་ཞེས་བྱ་བ་ནི་དྲུག་ཅུ་གསུམ་པའོ། །བཅོམ་ལྡན་འདས་འཕགས་པའི་ཆོས་འདུལ་
བ་ལ་ཞེས་བྱ་བ་ནི་དྲུག་ཅུ་བཞི་པའོ། །བཅོམ་ལྡན་འདས་འོ་ན་གཟུགས་ཀྱི་མཚན་ཉིད་ལ་བསླབ་པར་མི་བགྱི་འམ་ཞེས་བྱ་བ་ནི་དྲུག་ཅུ་ལྔ་པའོ། །གལ་ཏེ་ཆོས་འདི་དག་གི་མཚན་ཉིད་ལ་བསླབ་པར་མི་བགྱི་ན་བཅོམ་ལྡན་འདས་ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་
པོས་ཞེས་བྱ་བ་ནི་དྲུག་ཅུ་དྲུག་པའོ། །བཅོམ་ལྡན་འདས་གལ་ཏེ་ཆོས་ཐམས་ཅད་ལ་མཚན་ཉིད་མ་མཆིས་ཤིང་ཞེས་བྱ་བ་ནི་དྲུག་ཅུ་བདུན་པའོ། །བཅོམ་ལྡན་འདས་ཇི་ལྟར་ན་མཚན་ཉིད་མ་མཆིས་པ་ལ་སྒོམ་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསྒོམ་པར་འགྱུར་ཞེས་བྱ་བ་ནི་
དྲུག་ཅུ་བརྒྱད་པའོ། །བཅོམ་ལྡན་འདས་ཇི་ལྟར་ན་གཟུགས་ལ་བསྒོམ་པ་རྣམ་པར་འཇིག་པ་ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསྒོམ་པ་ལགས་ཞེས་བྱ་བ་ནི་དྲུག་ཅུ་དགུ་པའོ། །བཅོམ་ལྡན་འདས་གལ་ཏེ་དངོས་པོའི་འདུ་ཤེས་ཅན་ལ་མཐུན་པའི་བཟོད་པ་ཡང་མ་
མཆིས་སམ་ཞེས་བྱ་བ་ནི་བདུན་ཅུ་པའོ། །བཅོམ་ལྡན་འདས་ཅི་ལགས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་ཞེས་བྱ་བ་ནི་བདུན་ཅུ་གཅིག་པའོ། །བཅོམ་ལྡན་འདས་དངོས་པོ་ཞེས་བགྱི་བ་ནི་ཅི་ལགས་དངོས་པོ་མ་མཆིས་
པ་ཞེས་བགྱི་བ་ནི་ཅི་ལགས་ཞེས་བྱ་བ་ནི་བདུན་ཅུ་གཉིས་པའོ། །བཅོམ་ལྡན་འདས་གཉིས་ནི་གང་ལགས་གཉིས་སུ་མ་མཆིས་པ་ནི་གང་ལགས་ཞེས་བྱ་བ་ནི་བདུན་ཅུ་གསུམ་པའོ། །བཅོམ་ལྡན་འདས་གལ་ཏེ་ཆོས་ཐམས་ཅད་དངོས་པོ་མ་མཆིས་པའི་ངོ་བོ་ཉིད་ལགས་ན་

ཞེས་བྱ་བ་ནི་བདུན་ཅུ་བཞི་པའོ། །བཅོམ་ལྡན་འདས་ཇི་ལྟར་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་དངོས་པོ་མ་མཆིས་པའི་ངོ་བོ་ཉིད་ཀྱི་བསམ་གཏན་བཞི་བསྐྱེད་པར་གྱུར་ཞེས་བྱ་བ་ནི་བདུན་ཅུ་ལྔ་པའོ། །ཇི་ལྟར་ན་
ཆོས་ཐམས་ཅད་དངོས་པོ་མ་མཆིས་པའི་ངོ་བོ་ཉིད་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མཐར་གྱིས་སྤྱོད་པ་དང་ཞེས་བྱ་བ་ནི་བདུན་ཅུ་དྲུག་པའོ། །བཅོམ་ལྡན་འདས་གལ་ཏེ་ཆོས་ཐམས་ཅད་དངོས་པོ་མ་མཆིས་པའི་ངོ་བོ་ཉིད་ལགས་ན་འོ་ན་ནི་གཟུགས་ཀྱང་མ་མཆིས་ཞེས་
བྱ་བ་ནི་བདུན་ཅུ་བདུན་པའོ། །བཅོམ་ལྡན་འདས་གལ་ཏེ་ཆོས་ཐམས་ཅད་དངོས་པོ་མ་མཆིས་པའི་ངོ་བོ་ཉིད་ལགས་ན། དོན་ཅི་ཞིག་མཐོང་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་ཅན་རྣམས་ཀྱི་དོན་གྱི་སླད་དུ་ཞེས་བྱ་བ་ནི་བདུན་ཅུ་བརྒྱད་པའོ། །བཅོམ་ལྡན་
འདས་ཅི་ལགས་དམིགས་སུ་མ་མཆིས་པ་ལ་འཐོབ་པ་འམ་མངོན་པར་རྟོགས་པ་འམ་ཞེས་བྱ་བ་ནི་བདུན་ཅུ་དགུ་པའོ། །བཅོམ་ལྡན་འདས་གལ་ཏེ་མི་དམིགས་པ་ཉིད་འཐོབ་པ་ལགས་མི་དམིགས་པ་མངོན་པར་རྟོགས་པ་ལགས་ཞེས་བྱ་བ་ནི་བརྒྱད་ཅུ་པའོ། །བཅོམ་ལྡན་འདས་
མི་དམིགས་པ་དང་སྦྱིན་པ་དང་ཚུལ་ཁྲིམས་ཞེས་བྱ་བ་ནི་བརྒྱད་ཅུ་གཅིག་པའོ། །བཅོམ་ལྡན་འདས་དམིགས་པ་མ་མཆིས་པའི་སྦྱིན་པ་དང་ཚུལ་ཁྲིམས་དང་བཟོད་པ་དང་བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་དང་མངོན་པར་ཤེས་པ་རྣམས་ཇི་ལྟར་ཐ་དད་དུ་བགྱི་
བར་བསྟན་ཞེས་བྱ་བ་ནི་བརྒྱད་ཅུ་གཉིས་པའོ། །ཇི་ལྟར་སེམས་བསྐྱེད་པ་གཅིག་གིས་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་འཛིན་པ་ལགས་ཞེས་བྱ་བ་ནི་བརྒྱད་ཅུ་གསུམ་པའོ། །བཅོམ་ལྡན་འདས་ཇི་ལྟར་ན་སྦྱིན་པའི་སྦྱིན་པ་ཡང་གཉིས་ཀྱི་འདུ་ཤེས་སུ་མི་འགྱུར་བ་ལགས་ཞེས་བྱ་
བ་ནི་བརྒྱད་ཅུ་བཞི་པའོ། །བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་མཚན་མ་མ་མཆིས་པ་དང་མངོན་པར་འདུ་བགྱིད་པ་མ་མཆིས་པ་ལགས་ཞེས་བྱ་བ་ནི་བརྒྱད་ཅུ་ལྔ་པའོ། །བཅོམ་ལྡན་འདས་དེ་ལྟར་ཆོས་ཐམས་ཅད་དབྱེར་མ་མཆིས་ཤིང་ཞེས་བྱ་བ་ནི་བརྒྱད་ཅུ་

དྲུག་པའོ། །བཅོམ་ལྡན་འདས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཞེས་བགྱི་བ་ནི་གང་ལགས་ཞེས་བྱ་བ་ནི་བརྒྱད་ཅུ་བདུན་པའོ། །བཅོམ་ལྡན་འདས་ཉན་ཐོས་རྣམས་དང་རང་སངས་རྒྱས་རྣམས་ཀྱི་ཞེས་བྱ་བ་ནི་བརྒྱད་ཅུ་བརྒྱད་པའོ། །བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་
དཔའ་མཚན་ཉིད་མ་མཆིས་པའི་ཏིང་ངེ་འཛིན་གྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བགྱིས་ཤིང་ཞེས་བྱ་བ་ནི་བརྒྱད་ཅུ་དགུ་པའོ། །བཅོམ་ལྡན་འདས་སྐྱོན་ནི་གང་ལགས་སྐྱོན་མ་མཆིས་པ་ནི་གང་ལགས་ཞེས་བྱ་བ་ནི་དགུ་བཅུ་པའོ། །དམིགས་པ་ནི་གང་ལགས་ཞེས་བྱ་བ་ནི་
དགུ་བཅུ་གཅིག་པའོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་ཇི་ལྟར་ན་ཞེས་བྱ་བ་ནི་དགུ་བཅུ་གཉིས་པའོ། །བཅོམ་ལྡན་འདས་གལ་ཏེ་ཆོས་ཐམས་ཅད་དབྱེར་མ་མཆིས་པ་ལགས་ན་ཞེས་བྱ་བ་ནི་དགུ་བཅུ་
གསུམ་པའོ། །བཅོམ་ལྡན་འདས་ཆོས་ཐམས་ཅད་རྨི་ལམ་ལྟ་བུ་ཞེས་བྱ་བ་ནི་དགུ་བཅུ་བཞི་པའོ། །བཅོམ་ལྡན་འདས་ཉན་ཐོས་དང་རང་སངས་རྒྱས་ལ་མ་མཆིས་པའི་ངོ་མཚར་རྨད་དུ་བྱུང་བའི་ཆོས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་མཆིས་ཞེས་བྱ་བ་ནི་དགུ་བཅུ་
ལྔ་པའོ། །རབ་འབྱོར་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་སྦྱིན་པས་སེམས་ཅན་རྣམས་སྡུད་པ་ཡིན་ཞེ་ན་ཞེས་བྱ་བ་ནི་དགུ་བཅུ་དྲུག་པའོ། །བཅོམ་ལྡན་འདས་ཅི་ལགས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་
པོས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར་རམ་ཞེས་བྱ་བ་ནི་དགུ་བཅུ་བདུན་པའོ། །བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་འགྱུར་ན་ཞེས་བྱ་བ་ནི་དགུ་བཅུ་བརྒྱད་པའོ། །བཅོམ་ལྡན་
འདས་གལ་ཏེ་མཐའ་ལས་འདས་པ་དང་། ཐོག་མ་དང་ཐ་མ་མེད་པའི་སྟོང་པ་ཉིད་ཉེ་བར་བཟུང་སྟེ་སེམས་ཅན་ཡང་ཤིན་ཏུ་མི་དམིགས་ཞེས་བྱ་བ་ནི་དགུ་བཅུ་དགུ་པའོ། །བཅོམ་ལྡན་འདས་གལ་ཏེ་དེ་ལྟར་ཆོས་ཀྱི་དབྱིངས་ལ་ཡང་འདའ་བ་མ་མཆིས། དེ་བཞིན་ཉིད་དང་ཡང་

དག་པའི་མཐའ་ལ་ཡང་འདའ་བ་མ་མཆིས་ན་ཅི་ལགས་འོ་ན་གཟུགས་ཀྱང་གཞན་ལ་ཆོས་ཀྱི་དབྱིངས་ཀྱང་གཞན་ཞེས་བྱ་བ་ནི་བརྒྱ་པའོ། །འདི་མན་ཆད་ནི་བརྒྱ་ཕྲག་གསུམ་ལ་བབ་སྟེ། བཅོམ་ལྡན་འདས་ཅི་ལགས་ལམ་བསྒོམས་པས་འབྲས་བུ་
འབྱུང་ཞིང་འབྲས་བུ་ཐོབ་པའམ། ཐོབ་པར་འགྱུར་བ་མ་མཆིས་སམ་ཞེས་བྱ་བ་ནི་ཞུ་བ་དང་པོའོ། །བཅོམ་ལྡན་འདས་གལ་ཏེ་འདུས་བྱས་ཀྱི་ཁམས་སམ་འདུས་མ་བྱས་ཀྱི་ཁམས་རིགས་སུ་ཚར་བཅད་ཅིང་ཞེས་བྱ་བ་ནི་གཉིས་པའོ། །བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་
སེམས་དཔའ་སེམས་དཔའ་ཆེན་པོས་ཆོས་རྣམས་ཀྱི་ཆོས་ཀྱི་མཚན་ཉིད་རྟོགས་པ་ལགས་ཞེས་བྱ་བ་ནི་གསུམ་པའོ། །བཅོམ་ལྡན་འདས་སྤྲུལ་པས་ལམ་བསྒོམ་པ་ཇི་ལྟ་བུ་ལགས་ཞེས་བྱ་བ་ནི་བཞི་པའོ། །བཅོམ་ལྡན་འདས་ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་
ཆེན་པོས་དངོས་པོ་མ་མཆིས་པའི་ཆོས་རྣམས་རྟོགས་པ་ལགས་ཞེས་བྱ་བ་ནི་ལྔ་པའོ། །བཅོམ་ལྡན་འདས་ཅི་ལགས་གཟུགས་ཐམས་ཅད་ཅེས་བྱ་བ་ནི་དྲུག་པའོ། །བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཆོས་ཐམས་ཅད་སྒྱུ་མ་ལྟ་
བུར་འཚལ་ཞིང་ཞེས་བྱ་བ་ནི་བདུན་པའོ། །བཅོམ་ལྡན་འདས་གལ་ཏེ་ཆོས་ཐམས་ཅད་རྨི་ལམ་ལྟ་བུ་ཞེས་བྱ་བ་ནི་བརྒྱད་པའོ། །བཅོམ་ལྡན་འདས་མིང་ནི་གང་ལགས་མཚན་མ་ནི་གང་ལགས་ཞེས་བྱ་བ་ནི་དགུ་པའོ། །བཅོམ་ལྡན་འདས་གལ་ཏེ་ཆོས་འདི་དག་ཐམས་ཅད་
དུ་དེ་ཙམ་དུ་བས་ཏེ་ཞེས་བྱ་བ་ནི་བཅུ་པའོ། །བཅོམ་ལྡན་འདས་གལ་ཏེ་ཆོས་ཐམས་ཅད་མཚན་མ་མ་མཆིས་ཤིང་དྲན་པ་མ་མཆིས་ཏེ་ཞེས་བྱ་བ་ནི་བཅུ་གཅིག་པའོ། །བཅོམ་ལྡན་འདས་རྣམ་པ་གང་གི་ཚུལ་དུ་ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བྱ་བ་ནི་
བཅུ་གཉིས་པའོ། །བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་ཕན་ཚུན་ཐ་དད་པའི་ཆོས་དེ་དག་དེ་ལྟར་འཚལ་ན་ཞེས་བྱ་བ་ནི་བཅུ་གསུམ་པའོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་

དཔའ་ཆེན་པོ་ཆོས་ཀྱི་དབྱིངས་ལ་སློབ་པས་ཞེས་བྱ་བ་ནི་བཅུ་བཞི་པའོ། །བཅོམ་ལྡན་འདས་གལ་ཏེ་ཆོས་ཐམས་ཅད་ཆོས་ཀྱི་དབྱིངས་ལགས་ན་ཞེས་བྱ་བ་ནི་བཅོ་ལྔ་པའོ། །བཅོམ་ལྡན་འདས་གལ་ཏེ་སེམས་ཅན་ཤིན་ཏུ་དམིགས་སུ་མ་མཆིས་ལ་ཞེས་བྱ་བ་ནི་བཅུ་དྲུག་པའོ། །
བཅོམ་ལྡན་འདས་གལ་ཏེ་ཡང་དག་པའི་མཐའ་ཡང་གཞན་མ་ལགས་སེམས་ཅན་གྱི་མཐའ་ཡང་གཞན་མ་ལགས་ན་ཞེས་བྱ་བ་ནི་བཅུ་བདུན་པའོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ་ཐབས་
མཁས་པ་དང་ལྡན་པས་ཞེས་བྱ་བ་ནི་བཅོ་བརྒྱད་པའོ། །བཅོམ་ལྡན་འདས་གལ་ཏེ་ཆོས་ཐམས་ཅད་ཀྱི་རང་བཞིན་གྱིས་སྟོང་པ་ལགས་ན་ཞེས་བྱ་བ་ནི་བཅུ་དགུ་པའོ། །བཅོམ་ལྡན་འདས་གལ་ཏེ་ཆོས་ཐམས་ཅད་དབྱེར་མ་མཆིས་པ་ལགས་ན་ཅིའི་སླད་དུ་ཞེས་བྱ་བ་ནི་ཉི་ཤུ་
པའོ། །བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བྱང་ཆུབ་འཛིན་པ་ལ་ཡང་མི་སྤྱོད། མི་འཛིན་པ་ལ་ཡང་མི་སྤྱོད་ན་ཞེས་བྱ་བ་ནི་ཉི་ཤུ་གཅིག་པའོ། །བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཛིན་པ་
ལ་ཡང་མི་སྤྱོད། མི་འཛིན་པ་ལ་ཡང་མི་སྤྱོད་གཟུགས་ལ་ཡང་མི་སྤྱོད་ཅེས་བྱ་བ་ནི་ཉི་ཤུ་གཉིས་པའོ། །བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའི་ས་བཅུ་ལ་ཞེས་བྱ་བ་ནི་ཉི་ཤུ་གསུམ་པའོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོས་གང་ལ་སྤྱད་དེ་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བགྱི་བ་དང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་བགྱི་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ལམ་གང་ལགས་ཞེས་བྱ་བ་ནི་ཉི་ཤུ་བཞི་པའོ། །བཅོམ་ལྡན་འདས་ཇི་ལྟར་
ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་ཞེས་བྱ་བ་ནི་ཉི་ཤུ་ལྔ་པའོ། །བྱང་ཆུབ་སེམས་དཔའི་ལམ་གང་ལགས་ཞེས་བྱ་བ་ནི་ཉི་ཤུ་དྲུག་པའོ། །བཅོམ་ལྡན་འདས་གལ་ཏེ་ཆོས་ཐམས་ཅད་སྟོང་པ་ལགས་ན་ཞེས་བྱ་བ་ནི་ཉི་

ཤུ་བདུན་པའོ། །བཅོམ་ལྡན་འདས་ཅིའི་སླད་དུ་མི་གནས་པ་ལགས་ཞེས་བྱ་བ་ནི་ཉི་ཤུ་བརྒྱད་པའོ། །བཅོམ་ལྡན་འདས་གལ་ཏེ་ཆོས་ཐམས་ཅད་མ་སྐྱེས་ན་ཞེས་བྱ་བ་ནི་ཉི་ཤུ་དགུ་པའོ། །བཅོམ་ལྡན་འདས་འོ་ན་དེ་བཞིན་གཤེགས་པ་རྣམས་བྱུང་ཡང་
རུང་མ་བྱུང་ཡང་རུང་ཞེས་བྱ་བ་ནི་སུམ་ཅུ་པའོ། །བཅོམ་ལྡན་འདས་ཅི་ལགས་སྐྱེས་པར་གྱུར་པའི་ལམ་གྱིས་བྱང་ཆུབ་ཐོབ་པར་འགྱུར་ལགས་སམ་ཞེས་བྱ་བ་ནི་སུམ་ཅུ་གཅིག་པའོ། །འདིར་བར་སྐབས་སུ་ཞུས་པ་ལྔའོ། །བཅོམ་ལྡན་འདས་གལ་ཏེ་བྱང་ཆུབ་ཉིད་ཀྱང་
ལམ་ལགས་ལ་ཞེས་བྱ་བ་ནི་སུམ་ཅུ་གཉིས་པའོ། །བཅོམ་ལྡན་འདས་གལ་ཏེ་ཆོས་ཐམས་ཅད་རང་བཞིན་གྱིས་དབེན་པ་ལགས་ན་ཞེས་བྱ་བ་ནི་སུམ་ཅུ་གསུམ་པའོ། །བཅོམ་ལྡན་འདས་ལུས་ཀྱི་གནས་ངན་ལེན་ནི་གང་ལགས་ཞེས་བྱ་བ་ནི་སུམ་ཅུ་བཞི་པའོ། །བཅོམ་
ལྡན་འདས་ཅི་ལགས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས་ཤེས་བགྱིའམ་ཞེས་བྱ་བ་ནི་སུམ་ཅུ་ལྔ་པའོ། །བཅོམ་ལྡན་འདས་ཕུང་པོ་གང་དུ་ངེས་པ་ལགས་ཞེས་བྱ་བ་ནི་སུམ་ཅུ་དྲུག་པའོ། །བཅོམ་ལྡན་འདས་ཅི་ལགས་སེམས་དང་པོའི་བསྐྱེད་པ་ཞེས་བྱ་བ་ནི་
སུམ་ཅུ་བདུན་པའོ། །བཅོམ་ལྡན་འདས་ཅི་ལགས་ངེས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ངེས་པར་ངན་སོང་རྣམས་སུ་སྐྱེ་བར་འགྱུར་ལགས་སམ་ཞེས་བྱ་བ་ནི་སུམ་ཅུ་བརྒྱད་པའོ། །བཅོམ་ལྡན་འདས་གལ་ཏེ་ངེས་པའི་བྱང་ཆུབ་སེམས་དཔའ་སེམས་
དཔའ་ཆེན་པོ་ཞེས་བྱ་བ་ནི་སུམ་ཅུ་དགུ་པའོ། །བཅོམ་ལྡན་འདས་དགེ་བའི་ཆོས་དག་གང་ལ་གནས་ཤིང་ཞེས་བྱ་བ་ནི་བཞི་བཅུ་པའོ། །བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པའི་ཆོས་དཀར་པོ་དང་ལྡན་པ་ཞེས་བྱ་བ་ནི་བཞི་
བཅུ་གཅིག་པའོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ནི་འཕགས་ཤིང་ཟག་པ་མི་མངའ་ཞེས་བྱ་བ་ནི་བཞི་བཅུ་གཉིས་པའོ། །བཅོམ་ལྡན་འདས་དགེ་བའི་ཆོས་གང་དག་ལ་གནས་ཏེ་ཞེས་བྱ་བ་ནི་བཞི་བཅུ་གསུམ་པའོ། །བཅོམ་ལྡན་འདས་ཅི་ལགས་བྱང་ཆུབ་

སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་གཞན་ལ་མི་གནས་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབའ་ཞིག་ལ་གནས་ཤིང་ཞེས་བྱ་བ་ནི་བཞི་བཅུ་བཞི་པའོ། །བཅོམ་ལྡན་འདས་གལ་ཏེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ངོ་བོ་ཉིད་ཀྱིས་སྟོང་པ་ཉིད་ལགས་ན་ཞེས་བྱ་བ་ནི་བཞི་བཅུ་ལྔ་པའོ། །
བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བྱ་བ་ནི་བཞི་བཅུ་དྲུག་པའོ། །བཅོམ་ལྡན་འདས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བའི་ལམ་དེ་གང་ལགས་ཞེས་བྱ་བ་ནི་བཞི་བཅུ་བདུན་
པའོ། །གལ་ཏེ་ཆོས་ཐམས་ཅད་རང་གི་མཚན་ཉིད་ཀྱིས་སྟོང་པ་ལགས་ན་ཞེས་བྱ་བ་ནི་བཞི་བཅུ་བརྒྱད་པའོ། །ཅི་ལགས་བཅོམ་ལྡན་འདས་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་ཞེས་བྱ་བ་ནི་བཞི་བཅུ་དགུ་པའོ། །
བཅོམ་ལྡན་འདས་ཅི་ལགས་དེ་བཞིན་གཤེགས་པས་ཆོས་ནག་པོའམ་དཀར་པོ་ཞེས་བྱ་བ་ནི་ལྔ་བཅུ་པའོ། །བཅོམ་ལྡན་འདས་གལ་ཏེ་ཆོས་ཐམས་ཅད་རང་གི་མཚན་ཉིད་ཀྱིས་སྟོང་པ་ལགས་ན་ཇི་ལྟར་ཞེས་བྱ་བ་ནི་ལྔ་བཅུ་གཅིག་པའོ། །བཅོམ་ལྡན་འདས་ཅི་ལགས་སྡུག་
བསྔལ་འཚལ་བས་ཞེས་བྱ་བ་ནི་ལྔ་བཅུ་གཉིས་པའོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཇི་ལྟར་སྤྱོད་ན་ཞེས་བྱ་བ་ནི་ལྔ་བཅུ་གསུམ་པའོ། །བཅོམ་ལྡན་འདས་ཆོས་ཐམས་ཅད་ཀྱི་ཡང་དག་པ་ཇི་ལྟ་བ་བཞིན་
ཞེས་བགྱི་བ་གང་ལགས་ཞེས་བྱ་བ་ནི་ལྔ་བཅུ་བཞི་པའོ། །བཅོམ་ལྡན་འདས་དེ་ལྟར་ལགས་ན་བྱང་ཆུབ་དངོས་པོ་མ་མཆིས་ན་ཞེས་བྱ་བ་ནི་ལྔ་བཅུ་ལྔ་པའོ། །བཅོམ་ལྡན་འདས་གལ་ཏེ་ཆོས་ཐམས་ཅད་དངོས་པོ་མ་མཆིས་པའི་ངོ་བོ་ཉིད་ལགས་ཏེ་དེ་དག་སངས་རྒྱས་ཀྱིས་
ཀྱང་མ་མཛད་ཅེས་བྱ་བ་ནི་ལྔ་བཅུ་དྲུག་པའོ། །བཅོམ་ལྡན་འདས་བྱིས་པ་སོ་སོའི་སྐྱེ་བོ་རྣམས་གང་ལ་དངོས་པོའོ་ཞེས་མངོན་པར་ཞེན་པར་གྱུར་པ་དེ་ལྟ་བུའི་དངོས་པོ་བཞིན་མ་ནོར་བ་ཞེས་བྱ་བ་ནི་ལྔ་བཅུ་བདུན་པའོ། །བཅོམ་ལྡན་འདས་ཡང་དག་པ་མཐོང་བ་ལ་ཀུན་ནས་

ཉོན་མོངས་པར་འགྱུར་བའམ་ཞེས་བྱ་བ་ནི་ལྔ་བཅུ་བརྒྱད་པའོ། །བཅོམ་ལྡན་འདས་ཆོས་ཐམས་ཅད་ཀྱི་མཉམ་པ་ཉིད་དེ་གང་ལགས་ཞེས་བྱ་བ་ནི་ལྔ་བཅུ་དགུ་པའོ། །བཅོམ་ལྡན་འདས་གལ་ཏེ་ཆོས་ཐམས་ཅད་སྒྱུ་མ་ལྟ་བུ་ཞེས་བྱ་བ་ནི་དྲུག་ཅུ་པའོ། །བཅོམ་
ལྡན་འདས་དེ་བཞིན་གཤེགས་པས་ཆོས་གང་མངོན་པར་རྫོགས་པར་སངས་རྒྱས་པ་དེ་ཞེས་བྱ་བ་ནི་དྲུག་ཅུ་གཅིག་པའོ། །བཅོམ་ལྡན་འདས་ཆོས་དངོས་པོ་མ་མཆིས་པའི་ངོ་བོ་ཉིད་རྣམས་ལ་ཆོས་ཀྱི་མཉམ་པ་ཉིད་ཅེས་བགྱི་བ་ཡང་གང་ཞིག་མཆིས་ལགས་ཞེས་བྱ་བ་ནི་དྲུག་
ཅུ་གཉིས་པའོ། །བཅོམ་ལྡན་འདས་ཅི་ལགས་ཆོས་མཉམ་པ་ཉིད་དེ་ཞེས་བྱ་བ་ནི་དྲུག་ཅུ་གསུམ་པའོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཆོས་ཐམས་ཅད་ཀྱི་ཡུལ་ལ་མངའ་བསྒྱུར་བ་མ་ལགས་སམ་ཞེས་བྱ་བ་
ནི་དྲུག་ཅུ་བཞི་པའོ། །བཅོམ་ལྡན་འདས་གལ་ཏེ་ཆོས་ཐམས་ཅད་ཀྱི་མཉམ་པ་ཉིད་ལ་ཞེས་བྱ་བ་ནི་དྲུག་ཅུ་ལྔ་པའོ། །བཅོམ་ལྡན་འདས་གལ་ཏེ་ཆོས་མཉམ་པ་ཉིད་ལ་སོ་སོའི་སྐྱེ་བོ་རྣམས་དང་ཞེས་བྱ་བ་ནི་དྲུག་ཅུ་དྲུག་པའོ། །བཅོམ་ལྡན་འདས་ཅི་ལགས་ཇི་ལྟར་དེ་བཞིན་
གཤེགས་པ་ཆོས་མཉམ་པ་ཉིད་ལས་མི་གཡོ་བ་ཞེས་བྱ་བ་ནི་དྲུག་ཅུ་བདུན་པའོ། །བཅོམ་ལྡན་འདས་གལ་ཏེ་དེ་ལྟར་ཆོས་རྣམས་ཀྱི་ཆོས་ཉིད་ཅེས་བྱ་བ་ནི་དྲུག་ཅུ་བརྒྱད་པའོ། །བཅོམ་ལྡན་འདས་ཅི་ལགས་ཆོས་ཉིད་འདུས་བགྱིས་ལགས་སམ་ཞེས་བྱ་བ་ནི་དྲུག་ཅུ་དགུ་
པའོ། །བཅོམ་ལྡན་འདས་གལ་ཏེ་ཆོས་ཐམས་ཅད་ཀྱི་མཉམ་པ་ཉིད་ནི་རང་བཞིན་གྱིས་སྟོང་པ་སྟེ་ཞེས་བྱ་བ་ནི་བདུན་ཅུ་པའོ། །བཅོམ་ལྡན་འདས་ཅི་ཞིག་གིས་སྟོང་པ་ལགས་ཞེས་བྱ་བ་ནི་བདུན་ཅུ་གཅིག་པའོ། །བཅོམ་ལྡན་འདས་གལ་ཏེ་འཇིག་རྟེན་པའི་ཆོས་འདི་དག་
སྤྲུལ་པ་ལགས་ན་ཞེས་བྱ་བ་ནི་བདུན་ཅུ་གཉིས་པའོ། །བཅོམ་ལྡན་འདས་གང་སྤངས་པ་ཞེས་བགྱི་བ་ཞེས་བྱ་བ་ནི་བདུན་ཅུ་གསུམ་པའོ། །བཅོམ་ལྡན་འདས་གང་མ་སྤྲུལ་པའི་ཆོས་དེ་གང་ལགས་ཞེས་བྱ་བ་ནི་བདུན་ཅུ་བཞི་པའོ། །བཅོམ་ལྡན་འདས་དེ་གང་ལགས་

ཞེས་བྱ་བ་ནི་བདུན་ཅུ་ལྔ་པའོ། །བཅོམ་ལྡན་འདས་ཀྱིས་འདི་སྐད་དུ་ཞེས་བྱ་བ་ནི་བདུན་ཅུ་དྲུག་པའོ། །བཅོམ་ལྡན་འདས་ལས་དང་པོ་པའི་གང་ཟག་གིས་ངོ་བོ་ཉིད་ཀྱིས་སྟོང་པ་ཉིད་ཡོངས་སུ་བཙལ་བར་བགྱི་ན་ཇི་ལྟར་གདམས་ཤིང་རྗེས་སུ་བསྟན་པར་བགྱི་ཞེས་བྱ་བ་ནི་བདུན་ཅུ་བདུན་པའོ། །
ཞུས་པ་འདི་དག་ཐམས་ཅད་ཀྱི་འཁོར་དེ་ན་འཁོད་པའི་བྱང་ཆུབ་སེམས་དཔའ་ཕྱིར་མི་ལྡོག་པ་རྣམས་ཀྱི་དོན་དང་། མ་འོངས་པའི་སྐྱེ་བོ་རྣམས་ལ་ཕན་གདགས་པའི་ཕྱིར་ཞུས་པ་རིག་པར་བྱའོ།། །།བམ་པོ་ཉི་ཤུ་གསུམ་པ། དེ་ལ་རབ་འབྱོར་གཟུགས་ཟབ་པོ་
ཞེས་བྱ་བ་ནི། འདིར་གཟུགས་ཀྱི་དེ་བཞིན་ཉིད་ལ་གཟུགས་ཀྱི་ཚིག་ཏུ་བརྗོད་དོ། །དེ་བས་ན་ཇི་ལྟར་ཟབ་ཅེས་ཞུས་པ་དང་། རབ་འབྱོར་གཟུགས་ཀྱི་དེ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་དུ་གཟུགས་ཟབ་པོ་ཞེས་བྱ་བས་དེ་བཞིན་ཉིད་ཁོ་ན་ཡིན་པར་བསྟན་ཏེ། རྣམ་པ་གང་གིས་དེ་
བཞིན་ཉིད་ཟབ་པའི་རྣམ་པ་དེས་གཟུགས་ཟབ་པོ་ཞེས་བྱ་བའི་ཐ་ཚིག་གོ། །བཅོམ་ལྡན་འདས་གཟུགས་ཀྱི་དེ་བཞིན་ཉིད་ནི་ཇི་ལྟ་བུ་ལགས་ཞེས་ཞུས་པ་ཅི་ལས་དགོངས་ཤེ་ན་དེ་བཞིན་ཉིད་ཅེས་བྱ་བ་ནི་རྣམ་པ་མེད་པ་སྟེ། གཟུགས་ལ་སོགས་པའི་མཚན་ཉིད་དམ། གཟུགས་
ལ་སོགས་པ་ལ་རག་ལུས་པ་ཡང་མ་ཡིན་ན། གཟུགས་ཀྱི་དེ་བཞིན་ཉིད་དང་ཚོར་བའི་དེ་བཞིན་ཉིད་ཅེས་བྱ་བ་གཟུགས་ལ་སོགས་པའི་ཚིག་ཏུ་ཇི་ལྟར་བརྗོད་ཅེས་ཞུས་པའོ། །རབ་འབྱོར་གཟུགས་ཀྱི་དེ་བཞིན་ཉིད་དེ་ལ་གཟུགས་ཀྱང་མེད། གཟུགས་ལས་གུད་ན་ཡང་
དེ་བཞིན་ཉིད་མེད་དེ་གཟུགས་ཀྱི་དེ་བཞིན་ཉིད་ནི་དེ་ལྟ་བུའོ་ཞེས་བྱ་བ་ནི། ཀུན་བརྟགས་པ་སྤངས་ཏེ། ཀུན་བརྟགས་པ་ལས་གུད་ན་ཡོད་པའི་དེ་བཞིན་ཉིད་ཡོངས་སུ་གྲུབ་པ་གང་ཡིན་པ་དེ་ནི་རྣམ་པ་ཐམས་ཅད་དང་བྲལ་བ་སྟེ། གཟུགས་ལ་སོགས་པའི་སྒྲར་བརྗོད་
དུ་མི་རུང་ངོ་། །གང་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱིས་ཀུན་བརྟགས་པའི་གཟུགས་ལ་སོགས་པ་དང་དེ་དེ་ཉིད་དང་གཞན་དུ་བརྗོད་དུ་མི་རུང་བ་དྲི་མ་དང་བཅས་པའི་དེ་བཞིན་ཉིད་གང་ཡིན་པ་དེ། དེའི་གནས་སྐབས་ཉེ་བར་མཚོན་པའི་ཕྱིར་གཟུགས་ལ་སོགས་པའི་སྒྲར་སྒྲོ་བཏགས་

ཏེ་ཐ་སྙད་དུ་བྱས་སོ་ཞེས་བསྟན་པའོ། །གཟུགས་ལས་ཀྱང་བཟློག་མྱ་ངན་ལས་འདས་པ་ཡང་བསྟན་ཞེས་བྱ་བ་ནི་གཟུགས་ཟབ་པོ་ཞེས་བྱ་བ་དེས་ཀུན་བརྟགས་པའི་གཟུགས་ལས་ནི་བཟློག །ཆོས་ཉིད་ཀྱི་གཟུགས་མྱ་ངན་ལས་འདས་པ་ནི་བསྟན་པའོ། །སྐྱེས་བུ་འདོད་ཆགས་ཅན་
གྱི་དཔེ་ནི་གོ་སླའོ། །ཉིན་གཅིག་ལ་དགེ་བའི་རྩ་བ་ཡོངས་སུ་བཟུང་བ་དེས་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་རྣམས་ཡོངས་སུ་གང་བར་གྱུར་ཀྱང་། དེས་ནི་དགེ་བའི་རྩ་བའི་དེའི་ལྷག་མའི་བརྒྱའི་ཆར་ཡང་ཉེ་བར་མི་འགྲོའོ་ཞེས་བྱ་བ་ནི་ཉིན་གཅིག་ལ་དགེ་བའི་རྩ་བ་
གང་བསྩགས་པ་དེས་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་རྣམས་ཡོངས་སུ་གང་བར་གྱུར་ཀྱང་གང་གཱའི་ཀླུང་བྱེ་མ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་ཡོངས་སུ་གང་བར་གྱུར་པའི་དགེ་བའི་རྩ་བ་དེའི་ཆ་བས་ལྷག་མ་ལུས་པའི་ཆ་མང་དུ་འགྱུར་ལ། འཇིག་རྟེན་
གྱི་ཁམས་ཡོངས་སུ་གང་བའི་ཆ་ནི་ལྷག་མ་ལུས་པའི་ཆའི་བརྒྱའི་ཆར་ཡང་ཉེ་བར་མི་འགྲོའོ་ཞེས་བྱ་བའི་ཐ་ཚིག་གོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་བ་ཞིག་གིས་ཤེས་རབ་སྒོམ་པར་བྱེད་ན་ཞེས་བྱ་བ་ནི་དམིགས་སུ་མེད་པ་མཐོང་བའི་ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱི་
ཤེས་རབ་དང་མི་ལྡན་པར་འཇིག་རྟེན་པའི་ཤེས་རབ་འབའ་ཞིག་བསྒོམ་ན་ཞེས་བྱ་བའི་ཐ་ཚིག་གོ། །འདི་ལྟ་སྟེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མའོ་ཞེས་བྱ་བ་ནི་ལམ་གྱི་རྣམ་པ་ཤེས་པ་ཉིད་ལ་བྱའོ། །བཅོམ་ལྡན་འདས་གང་མངོན་
པར་འདུ་བགྱིད་པ་ཐམས་ཅད་ནི་བཅོམ་ལྡན་འདས་ཀྱིས་ཀུན་བརྟགས་པའོ་ཞེས་བཀའ་སྩལ་ན་ཇི་ལྟར་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོའི་བསོད་ནམས་ཆེས་མང་དུ་འཕེལ་བར་འགྱུར་བ་ལགས་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་བའི་བྱང་ཆུབ་སེམས་
དཔའ་བསོད་ནམས་ཀྱི་བདག་ཉིད་གང་དང་གང་མངོན་པར་འདུ་བྱེད་པ་དེ་ཀུན་བརྟགས་པ་ཡིན་ཏེ། དེ་བས་ན་བསོད་ནམས་མང་དུ་འཕེལ་བར་མི་འགྱུར་རོ། །མངོན་པར་འདུ་བགྱིད་པ་མ་མཆིས་པ་ནི་དངོས་པོ་མ་མཆིས་པ་སྟེ། དངོས་པོ་མ་མཆིས་པས་ནི་ཡང་དག་པའི་

ལྟ་བ་དང་། སྐྱོན་མ་མཆིས་པར་འཇུག་པ་ལ་སོགས་པ་བགྱིད་པར་ཡང་མི་ནུས་སོ་ཞེས་བྱ་བ་ནི་དེས་ཅི་ཡང་བྱེད་མི་ནུས་ན། དེ་ཇི་ལྟར་རིགས་པར་འགྱུར་ཞེས་གསོལ་པའོ། །བྱང་ཆུབ་སེམས་དཔའི་མངོན་པར་འདུ་བྱེད་པ་དེ་ཡང་སྟོང་པ་ཉིད་དུ་སྣང་ངོ་། །གསོབ་ཉིད་དུ་སྣང་
ངོ་ཞེས་བྱ་བ་འདིས་འདི་སྐད་དུ་ང་ནི་མངོན་པར་འདུ་བྱེད་པས་བསོད་ནམས་འཕེལ་བར་ཡང་མི་སྨྲ། མངོན་པར་འདུ་བྱེད་པ་མེད་པས་ཀྱང་བསོད་ནམས་འཕེལ་བར་མི་སྨྲའོ་ཞེས་གསུངས་པའོ། །འོ་ན་ཇི་ལྟ་བུ་ཞེ་ན་བྱང་ཆུབ་སེམས་དཔའི་བསོད་ནམས་མངོན་པར་འདུ་བྱ་བ་གང་དང་གང་
བྱུང་བ་དེ་དག་རྟག་ཏུ་རྣམ་པ་ཐམས་ཅད་དུ་སྟོང་པ་ཉིད་དང་གསོག་དང་གསོབ་ཏུ་ཇི་ལྟར་སོ་སོར་བརྟག་པར་བྱ་ཞེ་ན། དེ་ལྟར་སོ་སོར་རྟོག་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མ་བྲལ་བའི་ཕྱིར། བསོད་ནམས་དཔག་ཏུ་མེད་གྲངས་མེད་པ་འཕེལ་བར་འགྱུར་རོ་ཞེས་སྨྲའོ་ཞེས་བྱའོ། །
བྱེ་བྲག་ནི་ཅི་ཞིག་མཆིས་ཞེས་བྱ་བ་སྐབས་སུ་བབ་པའི་ཕྱིར་ཞར་ལ་དྲིས་པ་སྟེ། རབ་འབྱོར་གྲངས་མེད་པ་ཞེས་བྱ་བ་ནི་གང་ལ་བགྲང་དུ་མེད་པའོ་ཞེས་བྱ་བ་ལ་ཚིག་གིས་བགྲང་མི་ནུས་པ་ནི་གྲངས་མེད་པའོ། །དཔག་ཏུ་མེད་པ་ཞེས་བྱ་བ་ནི་དཔག་པར་མི་ནུས་པའོ། །གྲངས་
ཀྱི་དབང་གིས་ཀྱང་འདི་ཙམ་མོ་ཞེས་ཡོངས་སུ་ཆད་པར་ཚད་གཟུང་དུ་མེད་པ་ནི་ཚད་མེད་པ་སྟེ། འདི་གསུམ་ཆར་ཡང་བགྲང་བའི་བྱེ་བྲག་གོ། །གྲངས་ཀྱི་ཁམས་དང་གྲངས་མེད་པའི་ཁམས་ཞེས་བྱ་བ་ནི་འདུས་བྱས་ཀྱི་ཁམས་དང་འདུས་མ་བྱས་ཀྱི་ཁམས་ཞེས་བྱ་བའི་ཐ་
ཚིག་གོ། །གཟུགས་ཀྱང་སྟོང་པ་གྲངས་མེད་དཔག་ཏུ་མེད་ཚད་མེད་པའོ་ཞེས་བྱ་བ་ནི་གྲངས་དང་ཚད་ལ་སོགས་པ་ནི་ཀུན་བརྟགས་པ་རྣམས་ལ་ཡོད་ཀྱི། སྟོང་པ་ཉིད་ཀྱི་དབྱིངས་ལ་ནི་མེད་དེ་འདི་ནི་རྣམ་གྲངས་སུ་གཏོགས་པའོ། །དེ་བས་ན་གཟུགས་ཀྱང་སྟོང་པའོ་ཞེས་བྱེ་
བྲག་ཡོད་པར་བྱ་བའི་ཕྱིར་ཡང་ཞེས་བྱ་བ་སྨོས་སོ། །སྙིང་རྗེ་ཆེན་པོས་བཤད་པའི་རྒྱུ་མཐུན་པ་བསྟན་པའི་ཉིད་དོ་ཞེས་བྱ་བ་ནི་ཀུན་རྫོབ་ཏུ་བཤད་པ་ནི་ཐུགས་རྗེའི་རྒྱུ་མཐུན་པ་ཞེས་བྱ་བའི་ཐ་ཚིག་གོ། །བཅོམ་ལྡན་འདས་ཆོས་ཐམས་ཅད་ཀྱང་བརྗོད་དུ་མ་མཆིས་པའོ་ཞེས་བྱ་

བ་ནི་སྔར་ཆོས་ཉིད་འབའ་ཞིག་བརྗོད་དུ་མེད་པར་བསྟན་ཏེ། ད་ནི་ཆོས་ཉིད་དང་ཐ་མི་དད་པའི་ཆོས་ཐམས་ཅད་ཀྱང་བརྗོད་དུ་མེད་པ་ཉིད་དོ་ཞེས་སྟོན་ཏོ། །བཅོམ་ལྡན་འདས་ཅི་བརྗོད་དུ་མ་མཆིས་པའི་དོན་ལ་འཕེལ་བའམ། ཡོངས་སུ་འགྲིབ་པ་མ་མཆིས་
སམ་ཞེས་བྱ་བ་ལ་སོགས་པས་འདི་སྐད་བསྟན་ཏོ། །བརྗོད་དུ་མེད་པས་ནི་སྟོང་པ་ཉིད་དུ་བརྗོད་པས་སྟོང་པ་ཉིད་ནི་ཆོས་དཀར་པོའི་དབང་གིས་འཕེལ་བ་ཡང་མེད། ཆོས་ནག་པོའི་དབང་གིས་ཡོངས་སུ་འགྲིབ་པ་ཡང་མེད་དོ། །ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ལ་ཡང་འཕེལ་
བ་དང་འགྲིབ་པ་གཉིས་མེད་ན་འོ་ན་རྒྱུ་གང་གིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་བྱང་ཆུབ་པའི་སྐལ་བ་ཅན་དུ་འགྱུར་ཞེས་ཞུས་པ་སྟེ། དེ་སྐད་ཞུས་པ་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་
ཆུབ་ཇི་ལྟ་བ་དེ་བཞིན་དུ་ཡོངས་སུ་བསྔོའོ་ཞེས་བྱ་བ་ཚིག་ཐ་མའི་གཞུང་གིས་ཐབས་མཁས་པས་ཡོངས་སུ་བསྔོས་པའི་སྟོབས་ཀྱིས་འགྱུར་བར་སྟོན་ཏོ། །བཅོམ་ལྡན་འདས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཇི་ལྟ་བུ་ལགས་ཞེས་བྱ་བ་ནི་གཟུགས་ལ་སོགས་པ་
དང་ཐ་དད་པ་མ་ཡིན་པའི་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་དེ། ཡང་བསྟན་པའི་ཕྱིར་ཞུས་པའོ། །འཕེལ་བ་དང་། ཡོངས་སུ་འགྲིབ་པ་མེད་པའི་ཚུལ་གྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱད་པར་བྱའོ་ཞེས་བྱ་བས་ནི། འདི་གཅིག་པུའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་ཡིན་
པར་སྟོན་ཏོ། །བཅོམ་ལྡན་འདས་ཅི་ལགས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སེམས་དང་པོ་བསྐྱེད་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱའམ། འོན་ཏེ་སེམས་སླད་མ་བསྐྱེད་པས་མངོན་པར་རྫོགས་པར་འཚང་རྒྱ་
ཞེས་བྱ་བ་ནི་ཟབ་མོའི་གནས་ཀྱི་སྐབས་ཞུས་པ་སྟེ། དགེ་བའི་རྩ་བ་བསྩགས་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་ན། དེ་ལ་ཇི་ལྟར་དགེ་བའི་རྩ་བ་བསྩགས་པར་འགྱུར། །ཅི་འདི་ལ་བྱང་ཆུབ་སེམས་དཔའ་བསྐལ་པ་

གྲངས་མེད་པ་གསུམ་གྱི་སྔོན་རོལ་དུ་གང་ཐོག་མར་སེམས་བསྐྱེད་པ་དེའི་མཐས་མངོན་པར་རྫོགས་པར་འཚང་རྒྱའམ་འོན་ཏེ་གཉིས་པས་སམ། འོན་ཏེ་གསུམ་པས་སམ། འོན་ཏེ་ཅི་གང་བྱང་ཆུབ་ཀྱི་སྙིང་པོར་བཞུགས་པ་ན། ཐམས་ཅད་ཀྱི་ཐ་མར་སེམས་བསྐྱེད་པ་དེའི་
མཐུས་མངོན་པར་རྫོགས་པར་འཚང་རྒྱ། དེ་ལ་སེམས་གཅིག་གིས་མངོན་པར་རྫོགས་པར་འཚང་རྒྱ་བར་མི་འགྱུར་ཏེ། དེ་ལ་དེ་ལྟ་བུའི་མཐུ་མེད་པ་དང་། བསོད་ནམས་ཀྱི་ཚོགས་ལྷག་མ་རྣམས་དོན་མེད་པར་འགྱུར་བའི་ཕྱིར་རོ། །ཐམས་ཅད་ཀྱིས་ཀྱང་མ་ཡིན་ཏེ།
དེ་དག་སྐད་ཅིག་རེ་རེ་ལ་འཇིགས་པའི་ངང་ཅན་ཡིན་པས་བསྩགས་སུ་མི་རུང་བའི་ཕྱིར་རོ་ཞེས་བསྟན་པ་སྟེ། དེ་ལ་བཅོམ་ལྡན་འདས་ཀྱིས་མར་མེའི་དཔེ་བསྟན་པ། གང་གི་ཚེ་མར་མེའི་སྙིང་པོ་ཚིག་པ་ནི་སྐད་ཅིག་རེ་རེ་ལ་འཇིགས་པའི་ངང་ཅན་ཡིན་ཡང་། མར་མེའི་
སྐད་ཅིག་ཐམས་ཅད་ཀྱི་སྟོབས་ཀྱིས་ཚིག་པར་གྱུར་ཅེས་བྱའོ། །དེ་བཞིན་དུ་མངོན་པར་རྫོགས་པར་བྱང་ཆུབ་པ་ཡང་སེམས་ཐམས་ཅད་ཀྱི་མཐུས་འགྱུར་བར་བསྟན་པ་སྟེ། སྐད་ཅིག་པ་ཡིན་དུ་ཟིན་ཀྱང་། འདུ་བྱེད་ཀྱི་བག་ཆགས་བསྩགས་པའི་ཚུལ་གྱིས་འགྱུར་རོ་
ཞེས་དགོངས་པའོ། །དཀར་པོ་རྣམ་པར་མཐོང་བའི་ས་ནི་ལྷག་མཐོང་གི་ཚེའོ། །རིགས་ཀྱི་ས་ནི་འཇིག་རྟེན་པའི་ཆོས་ཀྱི་མཆོག་གོ། །བརྒྱད་པའི་ས་ནི་རྒྱུན་དུ་ཞུགས་པའི་ལམ་མོ། །དེ་ཉིད་ཀྱི་འབྲས་བུ་ནི་མཐོང་བའི་སའོ། །བསྲབ་པའི་ས་ནི་ལན་ཅིག་ཕྱིར་འོང་བའི་
ས་སྟེ། དེས་འདོད་པ་ལ་འདོད་ཆགས་དང་། གནོད་སེམས་བསྲབས་པའི་ཕྱིར་རོ། །འདོད་ཆགས་དང་བྲལ་བའི་ས་ནི་ཕྱིར་མི་འོང་བའི་ས་སྟེ། འདོད་ཆགས་དང་གནོད་སེམས་གཉིས་སྤངས་པའི་ཕྱིར་རོ། །བྱས་པ་རྟོགས་པའི་ས་ནི་དགྲ་བཅོམ་པ་ཉིད་དེ། བྱ་བ་
བྱས་པའི་ཕྱིར་རོ། །རང་སངས་རྒྱས་ཀྱི་ས་ནི་རང་བྱང་ཆུབ་ཉིད་དོ། །བྱང་ཆུབ་སེམས་དཔའི་ས་ནི་ལམ་གྱི་རྣམ་པ་ཤེས་པ་ཉིད་དོ། །སངས་རྒྱས་ཀྱི་ས་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དོ། །གཞན་ཡང་སེམས་གང་འགགས་པ་དེའི་ཕྱིར་སྐྱེ་བར་འགྱུར་རམ་ཞེས་བྱ་བ་ལ་

སོགས་པས་ཟབ་མོའི་གནས་སྐབས་སྟོན་ཏོ། །གང་འགགས་པ་ནི་སྐྱེ་བར་མི་འགྱུར་རོ། །གང་སྐྱེས་པ་ནི་འགག་པའི་ཆོས་ཅན་ཡིན་ནོ། །གང་འགག་པའི་ཆོས་ཅན་དེ་ནི་འགག་པར་མི་འགྱུར་ཏེ། དེ་བཞིན་ཉིད་ཇི་ལྟ་བ་དེ་བཞིན་ཉིད་དུ་དེ་གནས་པར་ཡང་
འགྱུར་ལ། དེ་ཐེར་ཟུག་ཏུ་གནས་པར་ཡང་མི་འགྱུར་རོ་ཞེས་བྱ་བ་དེ་ནི་ཟབ་མོའི་གནས་སོ། །གང་འགགས་པ་དེ་ནི་སྐྱེ་བར་མི་འགྱུར་ཞེས་བྱ་བ་ནི་ངོ་བོ་ཉིད་ཀྱིས་འགག་པ་སྟེ་འདུས་མ་བྱས་པ་ལ་བྱའོ། །གང་སྐྱེས་པ་དེ་ནི་འགག་པའི་ཆོས་ཅན་མ་ཡིན་ནོ་ཞེས་བྱ་བ་ནི་
འདུས་བྱས་ལ་བྱའོ། །གང་འགག་པའི་ཆོས་ཅན་དེ་ནི་འགག་པར་མི་འགྱུར་ཞེས་བྱ་བ་ནི་འགག་པ་གཉིས་པ་མེད་པའི་ཕྱིར་དེ་སྐད་ཅེས་གསུངས་སོ། །དེ་བཞིན་དུ་དེ་གནས་པར་ཡང་འགྱུར་ཞེས་བྱ་བ་ནི་དེ་བཞིན་ཉིད་ལ་བྱའོ། །དེ་ཐེར་ཟུག་ཏུ་གནས་པར་མི་འགྱུར་
ཞེས་བྱ་བ་ནི་ངོ་བོ་ཉིད་མེད་པའི་ཕྱིར་དེ་སྐད་བཤད་དོ། །རབ་འབྱོར་དེ་ཇི་སྙམ་དུ་སེམས། སེམས་དེ་ཡང་དེ་བཞིན་ཉིད་དམ་ཞེས་བྱ་བ་ནི། ཅི་འདུས་བྱས་ཀྱི་སེམས་གང་ཡིན་པ་དེ། དེ་བཞིན་ཉིད་ཀྱི་ངོ་བོ་ཉིད་ཡིན་ནམ་ཞེས་དྲིས་པའོ། །བཅོམ་ལྡན་འདས་དེ་ནི་མ་ལགས་
སོ་ཞེས་བྱ་བ་ནི། དྲི་མ་དང་བཅས་པའི་ཕྱིར་དེ་བཞིན་ཉིད་ཀྱི་ངོ་བོ་ཉིད་མ་ལགས་སོ་ཞེས་སླར་གསོལ་པའོ། །དེ་བཞིན་ཉིད་ལས་སེམས་དེ་གུད་ན་ཡོད་དམ་ཞེས་བྱ་བ་ནི་འདུས་བྱས་ཀྱི་སེམས་དེ་དེ་བཞིན་ཉིད་ལས་གཞན་ནམ་ཞེས་དྲིས་པའོ། །བཅོམ་ལྡན་འདས་དེ་ནི་མ་
ལགས་སོ་ཞེས་བྱ་བ་ནི་ཀུན་བརྟགས་པ་ནི་ཡོངས་སུ་གྲུབ་པ་ལས་དེ་ཁོ་ན་ཉིད་དམ་གཞན་དུ་བསྙད་དུ་མི་རུང་བའི་ཕྱིར་སླར་གསོལ་པའོ། །དེ་བཞིན་ཉིད་ལ་སེམས་ཡོད་དམ་ཞེས་བྱ་བ་དང་། སེམས་ལ་དེ་བཞིན་ཉིད་ཡོད་དམ་ཞེས་བྱ་བ་ནི། ཅི་ཕན་ཚུན་གནས་དང་བརྟེན་
པའི་དངོས་པོར་ཡོད་དམ་ཞེས་དྲིས་པའོ། །བཅོམ་ལྡན་འདས་དེ་ནི་མ་ལགས་སོ་ཞེས་བྱ་བ་ནི་ཀུན་བརྟགས་པ་དང་། ཡོངས་སུ་གྲུབ་པ་གཉིས་གནས་དང་བརྟེན་པའི་དངོས་པོར་ཡོད་པ་མ་ཡིན་ནོ་ཞེས་སླར་གསོལ་པའོ། །དེ་བཞིན་ཉིད་ཀྱིས་དེ་བཞིན་ཉིད་ཡང་དག་པར་

རྗེས་སུ་མཐོང་ངམ་ཞེས་བྱ་བ་ནི། སེམས་དེས་ཆོས་ཐམས་ཅད་ཡང་དག་པར་རྗེས་སུ་མཐོང་ངོ་སྙམ་དུ་སེམས་པ་ལ་དྲིས་པའོ། །བཅོམ་ལྡན་འདས་དེ་ནི་མ་ལགས་སོ་ཞེས་བྱ་བ་ནི། དེ་བཞིན་ཉིད་ཀྱི་གནས་སྐབས་དེ་ནི། དམིགས་པར་བྱ་བ་དང་། དམིགས་པར་བྱེད་པ་
མེད་པའི་ཕྱིར་སླར་གསོལ་པའོ། །བཅོམ་ལྡན་འདས་གང་དེ་ལྟར་སྤྱོད་དོ་ཞེས་བྱ་བ་དེ་ནི། ཅི་ལ་ཡང་སྤྱོད་པ་མེད་དོ་ཞེས་བསྟན་པའོ། །བཅོམ་ལྡན་འདས་དེ་ནི་གང་ལ་གཉིས་ཀུན་འབྱུང་བ་མ་མཆིས་པའི་དོན་དམ་པ་ལ་སྤྱོད་དོ་ཞེས་བྱ་བ་ནི། སྤྱོད་དོ་ཞེ་འམ་མེད་དོ་ཞེས་
བྱ་བས་དེ་ནི་གཉིས་པའོ། །དེས་མཚན་མར་འདུ་ཤེས་པ་རྣམ་པར་བཤིག་པ་ཡིན་ནམ་ཞེས་བྱ་བ་ནི། མཚན་མའི་འདུ་ཤེས་མེད་པར་བྱས་པ་ཡིན་ནམ་ཞེས་བྱ་བའི་ཐ་ཚིག་གོ། །བཅོམ་ལྡན་འདས་དེ་ནི་མ་ལགས་སོ་ཞེས་བྱ་བ་ནི། མཚན་མའི་འདུ་ཤེས་རྣམ་པར་
གཞིག་པར་བྱའོ་སྙམ་པ་དེ་ལྟ་བུའི་རྣམ་པར་རྟོག་པ། ཀུན་ཏུ་འབྱུང་བ་མེད་པའི་ཕྱིར་སླར་གསོལ་པ་སྟེ། དེ་ལྟ་བུའི་རྣམ་པར་རྟོག་པ་ཀུན་ཏུ་སྤྱོད་པ་མེད་པར་ཡང་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་ཏིང་ངེ་འཛིན་བསྒོམ་པའི་མཐུས་བདག་
ཉིད་མཚན་མའི་འདུ་ཤེས་ཀུན་ཏུ་མི་སྤྱོད་པར་འགྱུར་རོ་ཞེས་བསྟན་པའོ། །ཏིང་ངེ་འཛིན་དེ་དག་གིས་སེམས་ཅན་རྣམས་ཡོངས་སུ་སྨིན་པར་བྱེད་དོ་ཞེས་བྱ་བ་ནི་ཐབས་མཁས་པའི་མཐུས། གང་བདག་ཀྱང་སྟོང་པ་ཉིད་ལ་སོགས་པར་མཐོང་བར་འགྱུར་ལ། སེམས་
ཅན་རྣམས་ཀྱང་ཡོངས་སུ་སྨིན་པར་བྱེད་པ་སྟེ། དེ་ནི་ཐབས་ལ་མཁས་པའི་མཐུ་ཡིན་ནོ། །གང་ལ་ལ་རྨི་ལམ་དུ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་ཏིང་ངེ་འཛིན་གསུམ་ལ་སྙོམས་པར་ཞུགས་ན། དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་རྣམ་
པར་འཕེལ་ལམ་ཞེས་བྱ་བ་ནི། ཟབ་མོའི་གནས་ཀྱི་སྐབས་ཕྱེ་ནས། གནས་བརྟན་གཉིས་ཀྱིས་སྔར་འདས་པའི་ཏིང་ངེ་འཛིན་ཉིད་བསྟན་ཏེ། གལ་ཏེ་ཆོས་ཐམས་ཅད་དམིགས་སུ་མེད་ན། བྱང་ཆུབ་སེམས་དཔའ་གང་རྨི་ལམ་ན་ཏིང་ངེ་འཛིན་གསུམ་ལ་སྙོམས་

པར་ཞུགས་པ་དེའི་ཚེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་རྣམ་པར་འཕེལ་བར་འགྱུར་བའི་རིགས་སོ། །གལ་ཏེ་རྨི་ལམ་ན་ཕ་རོལ་ཏུ་ཕྱིན་པ་རྣམ་པར་འཕེལ་བར་མི་འགྱུར་ལ། གཉིད་ཀྱིས་མ་ལོག་པའི་ཚེ་ནི་འགྱུར་ན། དེ་ལྟ་ན་ནི་རྨི་ལམ་དང་། གཉིད་
ཀྱིས་མ་ལོག་པ་གཉིས་ལ་ཆོས་རྣམས་ལ་ཡོད་པ་དང་མེད་པའི་བྱེ་བྲག་འབའ་ཞིག་ཡོད་དོ་སྙམ་དུ་དགོངས་ནས་དྲིས་པའོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་གལ་ཏེ་ཉིན་པར་བསྒོམས་པས་རྣམ་པར་འཕེལ་ན། རྨི་ལམ་ན་ཡང་རྣམ་པར་འཕེལ་ལོ་ཞེས་དྲིས་པའོ། །དེ་ནས་
གནས་བརྟན་རབ་འབྱོར་གྱིས། འདི་ལ་བྱང་ཆུབ་སེམས་དཔའ་ལ་ནི་རྨི་ལམ་དང་། གཉིད་ཀྱིས་མ་ལོག་པའི་ཚེ་ཡང་། ཆོས་རྣམས་དམིགས་སུ་མེད་པར་མཚུངས་ཏེ། དེ་བས་ན་རྨི་ལམ་ཞེས་བྱ་བ་དང་། ཉིན་པར་ཞེས་བྱ་བ་ནི་ཡང་རྣམ་པར་རྟོག་པ་ཙམ་དུ་ཟད་དོ་ཞེས་རྨི་
ལམ་དང་གཉིད་ཀྱིས་མ་ལོག་པ་གཉིས་མཚུངས་པར་སྟོན་ཏོ། །དེ་ལྟར་ན་ཉིན་པར་དང་རྨི་ལམ་གཉིས་མཚུངས་ན། གལ་ཏེ་གཉིད་ཀྱིས་མ་ལོག་པའི་ཏིང་ངེ་འཛིན་གྱིས་ཤེས་རབ་རྣམ་པར་འཕེལ་བར་འགྱུར་ན། རྨི་ལམ་གྱི་ཏིང་ངེ་འཛིན་གྱིས་ཀྱང་ཤེས་རབ་རྣམ་པར་འཕེལ་
བར་འགྱུར་རོ་ཞེས་བསྟན་པའོ། །ཚེ་དང་ལྡན་པ་རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་རྨི་ལམ་དུ་ལས་ཤིག་བྱས་ན། ལས་དེ་སོགས་པའམ། འབྲི་བར་འགྱུར་བ་ཡོད་དམ་ཞེས་བྱ་བ་སྟེ། གནས་བརྟན་ཤཱ་རིའི་བུའི་དགོངས་པ་ཇི་ལྟ་བུ་ཞེ་ན།
གལ་ཏེ་ཉིན་པར་དང་རྨི་ལམ་ན་ཡང་ཆོས་རྣམས་མཚུངས་ན། གང་རྨི་ལམ་ན་སྦྱིན་པ་ལ་སོགས་པ་སྦྱིན་པ་དང་། གང་ཡང་རྨི་ལམ་ན་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་པ་དེ་གཉིས་ལས་སྔ་མ་ནི་དགེ་བའི་ལས་སོགས་པར་འགྱུར། ཕྱི་མ་ནི་ལས་རྣམས་ཟད་པར་འགྱུར་
བ་ལྟ་ཡོད་དམ། འོན་ཏེ་མེད་ཅེས་དྲིས་པའོ། །དེ་ནས་གནས་བརྟན་རབ་འབྱོར་གྱིས། གལ་ཏེ་བཅོམ་ལྡན་འདས་ཀྱིས་ཆོས་ཐམས་ཅད་རྨི་ལམ་ལྟ་བུར་གསུངས་ན། དེ་ལ་སོགས་པའམ་འབྲི་བར་འགྱུར་བ་མེད་དོ་ཞེས་གསུངས་པ་ལ་སོགས་པ་དང་འབྲི་བ་ཞེས་བྱ་བ་

ནི་དངོས་པོ་ཡོད་པ་ལས་འགྱུར་ན་འདི་ལྟར་ཆོས་ཐམས་ཅད་ནི་རྨི་ལམ་ལྟ་བུ་སྟེ། དེའི་ཕྱིར་རྨི་ལམ་དང་གཉིད་ཀྱི་མ་ལོག་པ་གཉི་ག་ན་ཡང་། ལས་དེ་དང་། བྱེད་པ་པོ་དེ་རྣམ་པ་ཐམས་ཅད་དུ་མེད་ན། དེ་ལས་སོགས་པའམ་འབྲི་བ་ཡོད་ཅེས་ཅིའི་ཕྱིར་ཟེར་ཞེས་གསུངས་
པའོ། །དེའི་ཕྱིར་རྨི་ལམ་ན་ཆོས་གང་ཡང་སོགས་པའམ་འབྲི་བ་མེད་དོ་ཞེས་བྱ་བ་གསུངས་ཏེ། གལ་ཏེ་འགའ་ཞིག་གི་རྨི་ལམ་ན་ཀླུང་ཆུས་ཡོངས་སུ་གང་བ་ཞིག་མཐོང་ངམ། རྒྱ་མཚོ་སྐམས་པ་མཐོང་ན། དེ་ལས་སོགས་པ་དང་འབྲི་བ་ཡོད་དམ། དེ་ལ་ཇི་ལྟར་རྨི་ལམ་
ན་སོགས་པ་དང་འབྲི་བ་དེ་གཉིས་མེད་པ་དེ་བཞིན་དུ། ཉིན་པར་གཉིད་ཀྱིས་མ་ལོག་པའི་ཚེ་ཡང་གང་ལ་ཡང་སོགས་པའམ་འབྲི་བ་གང་ཡང་མེད་དོ་ཞེས་བསྟན་པའོ། །དེ་ནས་གནས་བརྟན་ཤཱ་རིའི་བུས། གལ་ཏེ་སད་ནས་རྣམ་པར་རྟོག་ན་ནི་ལས་དེ་ལས་སོགས་པའམ་
འབྲི་བའང་ཡོད་དོ་ཞེས་གསུངས་པ་ནི་བདག་ནི་དམིགས་སུ་མེད་པར་ལྟ་བ་རྣམ་པར་མི་རྟོག་པའི་བྱང་ཆུབ་སེམས་དཔའི་དབང་དུ་བྱས་ནས་མི་སྨྲའི། གང་ད་ལྟའི་གསར་བུ་རྣམ་པར་རྟོག་པ་ལ་སྤྱོད་པ་དག་གལ་ཏེ་རྨི་ལམ་ན་བྱས་པའི་ལས་ལ་སད་པའི་ཚེ། རྗེས་སུ་ཡི་རང་ཞིང་
སེམས་པ་དེའི་ཚེ་མཚན་མོ་བྱས་པའི་ལས་ལ་སོགས་པ་འམ་འབྲི་བ་ཡོད་དམ་ཞེས་འདྲི་བའོ། །དེ་བས་ན་རྨི་ལམ་དང་གཉིད་ཀྱིས་མ་ལོག་པའི་ཚེ། བྱེ་བྲག་ཡོད་པར་འགྱུར་རོ་ཞེས་གནས་བརྟན་ཤཱ་རིའི་བུས་དགོངས་པའོ། །དེ་ནས་གནས་བརྟན་རབ་འབྱོར་གྱིས། ཚེ་དང་ལྡན་
པ་ཤཱ་རིའི་བུ་གང་ཉིན་པར་སྲོག་བཅད་པ་དང་། གང་རྨི་ལམ་ན་སྲོག་བཅད་པ་དེ་ལ། འདི་སྙམ་དུ་བདག་གིས་དེ་བསད་དོ། །དེ་བདག་གིས་བསད་པ་ལེགས་སོ་ཞེས་སད་ནས་རྣམ་པར་རྟོག་ན། ཚེ་དང་ལྡན་པ་ཤཱ་རིའི་བུ་ལས་དེ་ལ་ཁྱོད་ཅི་ཟེར་ཞེས་བྱ་བས། འཁྲུལ་པ་ཡོད་པར་
གསུངས་ཏེ། ཅི་ལས་དགོངས་ཤེ་ན། མི་ལ་ལས་ཉིན་པར་རམ་རྨི་ལམ་ན་སྲོག་བཅད་པ་ལས་གང་གི་ཚེ་དེ་བསད་པར་གྱུར་པ་དེའི་ཚེ། ལས་དེ་གཉིས་ཡིད་ཀྱིས་རྗེས་སུ་ཡི་རང་ཞིང་བསམས་པ་ན། ཅི་ཉིན་པར་སྲོག་བཅད་པའི་ལས་ལ་རྗེས་སུ་ཡི་རང་བའི་རྣམ་པར་སྨིན་པ་

ཆེའམ། འོན་ཏེ་རྨི་ལམ་ན་བྱས་པའི་ལས་ལ་རྗེས་སུ་ཡི་རང་བའི་རྣམ་པར་སྨིན་པ་ཆེ་སྙམ་པའོ། །དེ་ནས་ཤཱ་རིའི་བུས། ཚེ་དང་ལྡན་པ་རབ་འབྱོར་དམིགས་པ་མེད་པ་ལས་མི་འབྱུང་། དམིགས་པ་མེད་པར་སེམས་པ་མི་འབྱུང་ངོ་ཞེས་གསུངས་པའི་དགོངས་པ་ནི་
འདི་ཡིན་ཏེ། རྨི་ལམ་ན་སྲོག་བཅད་པ་དངོས་པོ་མེད་པའི་བདག་ཉིད་ཡིན་པས། དེ་ལ་དམིགས་པའི་སེམས་ནི་དངོས་པོ་མེད་པ་ལ་དམིགས་པ་ཡིན་ཏེ། དེ་བས་ན་དེ་ལ་རྣམ་པར་སྨིན་པ་ལྷག་པ་མེད་དོ་ཞེས་བྱ་བའོ། །དེ་ནས་གནས་བརྟན་རབ་འབྱོར་གྱིས། དེ་དེ་བཞིན་ནོ་ཞེས་
ཤཱ་རིའི་བུའི་ཚིག་ལ་རྗེས་སུ་ཡི་རང་བས་ཇི་སྐད་བསྟན་པར་འགྱུར་ཞེ་ན། གལ་ཏེ་དམིགས་པ་མེད་པར་ལས་མི་འབྱུང་ན། གང་ཁྱོད་ཀྱིས་འོན་ཏེ་སད་པའི་ཚེ་རྣམ་པར་རྟོག་ན། ལས་དེ་ལས་སོགས་པའམ་འབྲི་བ་ཡོད་དོ་ཞེས་སྔར་སྨྲས་པ་དེ་མི་རིགས་སོ་ཞེས་བསྟན་པ་ཡིན་ནོ། །
འདིར་ཀླན་ཀ་ལྷག་མ་ནི་གལ་ཏེ་དམིགས་པ་མེད་པར་ལས་མི་འབྱུང་ན། དེ་ལྟ་ན་ནི་རྨི་ལམ་ན་བྱས་པ་དམིགས་པ་མེད་པར་འགྱུར་ལ། གཉིད་ཀྱིས་མ་ལོག་པར་ནི་བྱས་པ་ནི་དམིགས་པ་དང་བཅས་པར་འགྱུར་བའི་ཕྱིར་རྨི་ལམ་དང་གཉིད་ཀྱིས་མ་ལོག་པ་གཉིས་བྱེ་བྲག་ཡོད་
པར་འགྱུར་ཏེ། དེ་ལྟ་ན་ནི་ཆོས་ཐམས་ཅད་རྨི་ལམ་དང་འདྲའོ་ཞེས་བྱ་བ་ཉམས་པར་འགྱུར་རོ་ཞེས་བྱ་བའོ། །དེ་བས་ན་ཀླན་ཀ་དེ་བསྩལ་བའི་ཕྱིར་གནས་བརྟན་རབ་འབྱོར་གྱིས། མཐོང་བ་དང་ཐོས་པ་དང་། བྱེ་བྲག་ཕྱེད་པ་དང་། རྣམ་པར་རིག་པའི་ཆོས་རྣམས་ལ་བློ་
འཇུག་སྟེ་མ་མཐོང་མ་ཐོས། བྱེ་བྲག་མ་ཕྱེད། རྣམ་པར་མ་རིག་པའི་ཆོས་ལ་ནི་བློ་མི་འཇུག་གོ། །དེ་ལ་བློ་ལ་ལ་ནི་ཀུན་ནས་ཉོན་མོངས་པ་ཡོངས་སུ་འཛིན་ཏོ། །བློ་ལ་ལ་ནི་རྣམ་པར་བྱང་བ་ཡོངས་སུ་འཛིན་ཏོ་ཞེས་བྱ་བ་གསུངས་ཏེ་དམིགས་པ་ཅན་དུ་སྤྱོད་པ་གསར་བུ་རྣམས།
དངོས་པོ་དག་ལ་དོན་དམ་པར་ཡོད་དམ་མེད་པ་མ་བརྟགས་པར་རྨི་ལམ་དང་། གཉིད་ཀྱིས་མ་ལོག་པའི་ཚེ་ཡང་། མཐོང་བ་དང་། ཐོས་པ་དང་། བྱེ་བྲག་ཕྱེད་པ་དང་། རྣམ་པར་ཤེས་པའི་རྗེས་སུ་འབྲང་བས་བློ་འཇུག་སྟེ་དེ་དེ་ལྟར་བློ་འཇུག་པ་ན། བློ་ལ་ལ་འབྲས་བུ་

མེད། ལ་ལ་འབྲས་བུ་ཆེ། ལ་ལ་འབྲས་བུ་ཆུང་། ལ་ལ་ཀུན་ནས་ཉོན་མོངས་པ་ཡོངས་སུ་འཛིན། ལ་ལ་ཡོངས་སུ་མི་འཛིན། ལ་ལ་རྣམ་པར་བྱང་བ་ཡོངས་སུ་འཛིན། ལ་ལ་མི་འཛིན་ཞེས་བྱ་བས་ཇི་སྐད་བསྟན་པར་འགྱུར་ཞེ་ན། འགྲོ་བ་དང་། དུས་དང་སྦྱོར་བ་དང་།
ལུས་རྣམས་ཀྱི་ཕུན་སུམ་ཚོགས་པ་དང་། རྒུད་པ་དང་། གཉིད་ལ་སོགས་པ་དང་། རྐྱེན་དང་བྲལ་བའི་དབང་ལས་འགྱུར་བར་ཤེས་པར་བྱ་བའོ་ཞེས་བསྟན་པ་ཡིན་ནོ། །ཚེ་དང་ལྡན་པ་རབ་འབྱོར་ལས་ཐམས་ཅད་དབེན་པ་དང་སེམས་པ་ཐམས་ཅད་དབེན་པའོ་ཞེས་
བཅོམ་ལྡན་འདས་ཀྱིས་གསུངས་ན་ཞེས་བྱ་བ་ཅི་ལས་དགོངས་ཤེ་ན། ཆོས་ཐམས་ཅད་ངོ་བོ་ཉིད་ཀྱིས་དབེན་པའོ་ཞེས་འབྱུང་བའི་ཕྱིར་ལས་རྣམས་དང་། སེམས་པ་དག་ངོ་བོ་ཉིད་ཀྱིས་དབེན་པ་ཡིན་ན། དེ་ལ་ཇི་ལྟར་དམིགས་པ་དང་བཅས་པའམ། དམིགས་པ་མེད་
པའོ་ཞེས་བརྟག་པར་བྱ་སྙམ་དུ་དགོངས་པའོ། །དེ་ནས་གནས་བརྟན་རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རིའི་བུ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ནི་མཚན་མར་བྱས་ནས། ལས་རྣམས་མངོན་པར་འདུ་བྱེད་དོ་ཞེས་བྱ་བ་འདིའི་དགོངས་པ་ནི་འདི་ཡིན་ཏེ། སྐབས་འདིས་
དམིགས་པ་མེད་པར་གཟིགས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་ནི་མི་བྱའི་དམིགས་པ་ཅན་དུ་སྤྱོད་པ་ལ་བྱའོ། །དེ་བས་ན་དེ་དག་གི་བློའི་རྟོག་པའི་དབང་གིས་དམིགས་པ་དང་བཅས་པ་དང་། དམིགས་པ་མེད་པ་བསྟན་ཏོ། །དེ་ནས་ཡང་གནས་བརྟན་
ཤཱ་རིའི་བུས། ཚེ་དང་ལྡན་པ་རབ་འབྱོར་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་རྨི་ལམ་ན་སྦྱིན་པ་བྱིན་པ་ནས་ཤེས་རབ་བསྒོམས་ཞེས་བྱ་བའི་བར་གྱིས་ཀླན་ཀ་གཞན་དག་སྨྲས་ཏེ། བྱང་ཆུབ་སེམས་དཔའ་གསར་བུ་ལྟ་རེ་ཞིག་ཞོག་ལ་བྱང་ཆུབ་སེམས་དཔའ་
གང་རྒྱུད་ཡོངས་སུ་སྨིན་པ་ཞིག་གལ་ཏེ་རྨི་ལམ་ན་སྦྱིན་པ་སྦྱིན་ན། དེ་ལ་ནི་རྨི་ལམ་དང་གཉིད་ཀྱིས་མ་ལོག་པ་གཉིས་མཚུངས་ཏེ། གཉིད་ཀྱིས་མ་ལོག་པ་དང་འདྲ་བར་སྦྱིན་པ་ལ་སོགས་པ་ལ་རྗེས་སུ་ཡི་རང་བ་དང་། ཡོངས་སུ་བསྔོ་བ་ལ་སོགས་པ་ལེགས་པར་བྱས་པར་

འགྱུར་རམ་ཞེས་དེ་སྐད་བསྟན་ཏོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་འདི་ཞེས་བྱ་བ་ལ་སོགས་པས། དེའི་ཚེ་ཚོགས་པའི་འདུལ་བའི་སྐྱེ་བོ་རྣམས་ལ་ཕན་གདགས་པའམ། བདག་དང་བསམ་པ་མཐུན་པར་
བསྟན་པའི་ཕྱིར་དེས་ཀླན་ཀ་དེའི་ལན་བཏབ་པའོ། །བཙུན་པ་ཤཱ་རིའི་བུ་དེ་ཇི་སྙམ་དུ་སེམས། གང་འདི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་ཞེས་བྱ་བའི་མིང་ལན་གློན་ནམ། འོན་ཏེ་གཟུགས་ལན་གློན་ཞེས་བྱ་བ་ལ་སོགས་པས། གནས་བརྟན་
ཤཱ་རིའི་བུའི་ཀླན་ཀ་དམིགས་པ་དང་བཅས་པར་སྔར་སྨྲས་པའི་ལན་བཏབ་སྟེ། འདི་ལྟར་དམིགས་པ་མེད་པར་གཟིགས་ཤིང་། རྒྱུད་ཡོངས་སུ་སྨིན་པའི་བྱང་ཆུབ་སེམས་དཔའ་ལ་ནི་རྨི་ལམ་དང་གཉིད་ཀྱིས་མ་ལོག་པ་གཉི་ག་ན་ཡང་སྦྱིན་པ་ལ་སོགས་པ་དང་། རྗེས་སུ་
ཡི་རང་བ་དང་། ཡོངས་སུ་བསྔོ་བ་ལ་སོགས་པ་རྨི་ལམ་གྱི་དངོས་པོ་བཞིན་དུ་ཡོད་པ་མ་ཡིན་ན། དེ་ཡོད་པ་མ་ཡིན་པར་མི་ཤེས་པ་ལྟ་བུར་གླན་ཀ་དྲིས་སོ་ཞེས་བྱ་བ་སྟེ། སྟོང་པ་ཉིད་དུ་བསྟན་པའོ། །གང་ཟག་དང་ཆོས་མེད་ན། བྱམས་པ་འདི་ནི་ལན་ལྡོན་པར་
འགྱུར་རོ་ཞེས་བྱ་བ་ནི་ཅི་ལས་བསམས་ཏེ་སྨྲ་ཞེས་བྱ་བ་སྟེ། གློ་བུར་གྱི་མིང་ཙམ་དུ་བཟུང་སྟེ་སྨྲའམ། འོན་ཏེ་གཟུགས་ལ་སོགས་པའམ་དེ་དག་གི་སྟོང་པ་ཉིད་ལན་ལྡོན་པར་འགྱུར་ཞེས་བརྗོད་པའོ། །ཆོས་ཐམས་ཅད་ནི་གཉིས་སུ་མེད་ཅིང་། གཉིས་སུ་བྱར་མེད་དེ་ཐ་མི་དད་དེ་
གཅིག་ཏུ་གནས་པ་ཡིན་ན། འདི་ལ་སུ་ཞིག་ཅི་ཞིག་སུ་ལ་ལན་ལྡོན་ཏེ། སུ་ཞིག་གང་གིས་ལན་ལྡོན་ཞེས་བྱ་བའི་ཐ་ཚིག་གོ། །རིགས་ཀྱི་བུ་ཆོས་དེ་དག་ཇི་སྐད་དུ་བཤད་པ་དེ་བཞིན་དུ་ཆོས་དེ་དག་ཁྱོད་ཀྱིས་མངོན་སུམ་དུ་བྱས་སམ་ཞེས་བྱ་བ་ནི་གནས་བརྟན་ཤཱ་རིའི་བུས་
འདི་སྐད་གསུངས་པ་སྟེ། གལ་ཏེ་ཁྱོད་ཀྱིས་ཆོས་དེ་དག་དེ་བཞིན་དུ་མངོན་སུམ་དུ་བྱས་ན། དེ་ལྟ་ན་ནི་མངོན་སུམ་དུ་བྱེད་པ་པོ་དང་། མངོན་སུམ་དུ་བྱ་བ་དང་། མངོན་སུམ་དུ་བྱེད་པ་ཐ་དད་དུ་དམིགས་པར་འགྱུར་རོ་ཞེས་བྱ་བའོ། །དེ་བས་ན་འཕགས་པ་བྱམས་

པས་སླར་གསུངས་པ། ཆོས་དེ་དག་ཇི་ལྟར་བདག་སྨྲས་པ་དེ་ལྟར་ཆོས་དེ་དག་མངོན་སུམ་དུ་བྱས་པ་མེད་དོ་ཞེས་བྱ་བ་ནི། མངོན་སུམ་དུ་བྱེད་པའི་དུས་ན། ཆོས་དེ་དག་དམིགས་སུ་མེད་དེ། དེ་དག་བརྗོད་དུ་ཡང་མེད་ན། ཇི་ལྟར་སྨྲ་བར་བྱ་ཞེས་བསྟན་པའོ། །ཆོས་
གང་གིས་དགྲ་བཅོམ་པར་བརྗོད་པའི་ཆོས་དེ་ཁྱོད་ཀྱིས་ཡང་དག་པར་རྗེས་སུ་མཐོང་ངམ་ཞེས་བྱ་བ་ཞེས་གསུངས་པ་དང་། གནས་གྱུར་པ་མ་གཏོགས་པར་དགྲ་བཅོམ་པ་ཞེས་བྱ་བའི་ཆོས་གང་ཡང་མེད་དོ་སྙམ་ནས། བཅོམ་ལྡན་འདས་དེ་ནི་མ་ལགས་སོ་ཞེས་སླར་གསོལ་
ཏོ། །བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བགྱིད་ཅིང་ཞེས་ཞུས་པ་ཅི་ལས་དགོངས་ཤེ་ན། གལ་ཏེ་ཆོས་ཐམས་ཅད་དམིགས་སུ་མེད་ན། གང་དག་གི་དོན་དུ་སུ་ཞིག་ཇི་ལྟར་ཕ་རོལ་ཏུ་
ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བྱེད་ཅེས་ཞུས་པའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་སེམས་ཅན་ཡོངས་སུ་འཛིན་པའི་ཚེ། སྙིང་རྗེའི་དབང་གིས་ཀུན་རྫོབ་ཏུ་དམིགས་པ་དང་བཅས་པའི་འདུ་ཤེས་ཅན་དུ་འགྱུར་བར་བསྟན་ནས། ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་
སུ་རྫོགས་པར་བྱ་བའི་ཐབས་རབ་ཏུ་དབྱེ་བ་དང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱོང་བ་དག་བསྟན་ཏེ། དེ་དག་ཐམས་ཅད་ཀྱང་དོན་གསལ་བས་རྣམ་པར་མ་ཕྱེའོ། །བྱང་ཆུབ་སེམས་དཔའི་སྨོན་ལམ་འདི་དག་ཐམས་ཅད་ཀྱང་ཐམས་ཅད་ལ་ཡོད་པ་ནི་མ་ཡིན་གྱི།
སོ་སོའི་བསམ་པ་ཐ་དད་པ་ཇི་ལྟ་བ་བཞིན་དུ་སྨོན་ལམ་དག་འབྱུང་སྟེ། ཁ་ཅིག་ནི་རྣམ་པ་ཐམས་ཅད་དུ་སྨོན་ལམ་བཏབ་ཀྱང་། ཕྱིས་སེམས་ཅན་རྣམས་ཀྱི་ལས་ཀྱི་དབང་གིས་ཅུང་ཟད་མི་འགྲུབ་པ་ཡང་ཡོད་དོ། །གང་གཱའི་ལྷ་མོ་ལུང་བསྟན་པ་ཡང་གོ་སླའོ། །དེ་ནས་
གནས་བརྟན་རབ་འབྱོར་གྱིས་རྣམ་པར་ཐར་པའི་སྒོ་གསུམ་སྒོམ་པ་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་སྒོམ་པ་ལ་ཇི་ལྟར་བྱང་ཆུབ་སེམས་དཔས་ཉན་ཐོས་དང་། རང་སངས་རྒྱས་ཀྱི་རྣམ་པར་གྲོལ་བ་སྤངས་ཏེ། བསྒོམ་པ་ཞེས་བྱ་བ་ཞུས་པའོ། །དེའི་

འོག་ཏུ་བཤད་པའི་འགྲེས་ནི་སྟོང་པ་ཞེས་བྱ་བར་སོ་སོར་བརྟག་པར་བྱའོ་ཞེས་བྱའོ། །སྟོང་པ་ཉིད་ཀྱི་ལྷག་མཐོང་མངོན་པར་འཕེལ་བའི་དུས་ན་ནི་ཅི་ནས་ཀྱང་དེ་ལྟར་སོ་སོར་བརྟགས་ནས། སེམས་གཡེང་བར་མི་འགྱུར་བ་དེ་ལྟར་སོ་སོར་བརྟག་པར་
བྱ་སྟེ་ཞེས་བྱའོ། །སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་གྱི་དུས་ན་ནི་སེམས་མི་གཡེང་བ་དང་ལྡན་པས་ཆོས་གང་མངོན་སུམ་དུ་བྱ་བའི་ཆོས་དེ་ཡང་དག་པར་རྗེས་སུ་མི་མཐོང་སྟེ་ཞེས་བྱའོ། །དེ་བཞིན་ཉིད་ཐོབ་པའི་དུས་ན་ནི་དེས་ཡང་དག་པར་རྗེས་སུ་མ་མཐོང་བས་མངོན་སུམ་དུ་
མི་བྱེད་དོ་ཞེས་བྱ་བ་ལ་སོགས་པ་ནས་ལྡན་པ་ཡང་མ་ཡིན་མི་ལྡན་པ་ཡང་མ་ཡིན་པར་མཐོང་ངོ་ཞེས་བྱ་བའི་མཐའ་ལ་ཐུག་པའི་བར་གྱི་གཞུང་གིས་བསྟན་ཏེ། དམིགས་པར་བྱ་བ་དང་། དམིགས་པར་བྱེད་པ་མཉམ་པས་མཉམ་པ་རྣམ་པར་མི་རྟོག་པ་ཉིད་དུ་བསྟན་པའོ། །
དེས་ཆོས་དེ་ཡང་དག་པར་རྗེས་སུ་མ་མཐོང་བས་མངོན་སུམ་དུ་མི་བྱེད་དོ་ཞེས་བྱ་བ་ནི། ཆོས་མ་མཐོང་བ་ཉིད། དེའི་མངོན་སུམ་དུ་མི་བྱེད་པའི་རྒྱུའོ། །གལ་ཏེ་མཐོང་ན་དེ་ལྟ་ན་ནི་མངོན་སུམ་དུ་བྱེད་དོ། །འོ་ན་མངོན་སུམ་བྱས་ན་ཉེས་པ་ཅིར་འགྱུར་ཞེ་ན། དེས་ཉན་ཐོས་
ལྟར་ཡང་དག་པའི་མཐའ་མངོན་སུམ་དུ་བྱས་པར་འགྱུར་རོ། །དེ་ལྟ་ན་ནི་དེའི་རྣམ་པར་གྲོལ་བ་ལ་སྦྱོར་བར་ཡང་འགྱུར་རོ། །ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྟོང་པ་ཉིད་ལ་གནས་ལ་སྟོང་པ་ཉིད་མངོན་སུམ་དུ་ཡང་མི་བགྱིད་པ་ལགས་ཞེས་བྱ་བ་ལ།
སྟོང་པ་ཉིད་ནི་ཆོས་གང་མངོན་སུམ་དུ་བྱ་བ་དེ་ཡང་དག་པར་རྗེས་སུ་མི་མཐོང་ཞེས་བྱ་བའི་གནས་སུ་བསྟན་ཏོ། །ཡང་ཆོས་དེ་ཡང་དག་པར་རྗེས་སུ་མ་མཐོང་བས་མངོན་སུམ་དུ་མི་བྱེད་དོ་ཞེས་བྱ་བ་ནི་སྟོང་པ་ཉིད་མངོན་སུམ་དུ་མི་བྱེད་པ་བསྟན་ཏོ། །དེ་ལ་གནས་ཀྱང་
དེ་མངོན་སུམ་དུ་ཡང་མི་བྱེད་ཅེས་བྱ་བ་འདི་ཇི་ལྟར་ཤེས་པར་རུང་ཞེས་ཞུས་པ་དང་། བཅོམ་ལྡན་འདས་ཀྱིས་དགོངས་པ་སྔ་མའི་དབང་གིས་འགྱུར་བ་བསྟན་པ། རབ་འབྱོར་གང་གི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་

ལྡན་པའི་སྟོང་པ་ཉིད་ལ་སོ་སོར་རྟོག་པ་ན་མངོན་སུམ་དུ་སོ་སོར་མི་རྟོག་གོ་ཞེས་བྱ་བ་སྟེ། སྟོང་པ་ཉིད་བསྒོམ་པར་བྱའོ་ཞེས་བྱ་བ་ནི་དགོངས་པ་སྔ་མ་ཉིད་ཀྱིས། ཉན་ཐོས་འགོག་པ་མངོན་སུམ་དུ་བྱའོ་སྙམ་པའི་བསམ་པ་ལྟ་བུར། སྟོང་པ་ཉིད་མངོན་སུམ་དུ་བྱའོ་སྙམ་པའི་
དགོངས་པ་ནི་བྱང་ཆུབ་སེམས་དཔའ་དེ་ལ་མི་མངའ་སྟེ། སྟོང་པ་ཉིད་བསྒོམ་པར་བྱའོ་སྙམ་པ་ནི་རབ་ཏུ་མཐུན་པར་བྱའོ་སྙམ་དུ་དགོངས་པ་ཉིད་ཡིན་ནོ། །དེ་བས་ན་ཕྱིས་ཀྱང་བསྒོམ་པ་འབའ་ཞིག་ཡིན་གྱི་མངོན་སུམ་དུ་བྱེད་པ་ནི་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་
བས་ན་འདི་ནི་ཡོངས་སུ་འདྲིས་པར་བྱ་བའི་དུས་ཡིན་གྱི་འདི་ནི་མངོན་སུམ་དུ་བྱ་བའི་དུས་མ་ཡིན་ནོ་ཞེས་བྱ་བར་རྟོག་གོ་ཞེས་བྱ་བ་གསུངས་ཏེ། གང་སྟོང་པ་ཉིད་ལ་ཡོངས་སུ་འདྲིས་པར་ཡང་བྱེད་ལ། མངོན་སུམ་དུ་ཡང་མི་བྱེད་པ་དེ་ནི་ཡོངས་སུ་འདྲིས་པའི་ཤེས་པ་ཉིད་ཀྱི་
མཐུ་ཡིན་ནོ། །མཉམ་པར་མ་བཞག་པ་ཉིད་དུ་སེམས་དམིགས་ལ་འདོགས་ཏེ་ཞེས་བྱ་བ་ནི་ཡོངས་སུ་འདྲིས་པའི་ཤེས་པ་ཞེས་བྱ་བ་རང་བཞིན་གྱི་སེམས་ཡིན་གྱི། དེ་མཉམ་པར་བཞག་པ་ནི་མ་ཡིན་ཏེ། དེ་བས་ན་སྐད་ཅིག་དེའི་ཚེ་ཞི་གནས་ནི་མེད་དོ། །ཞི་གནས་
མེད་པས་འཇིག་རྟེན་ལས་འདས་པའི་ལམ་མི་འབྱུང་ངོ་ཞེས་སྟོན་ཏོ། །ད་ནི་ཡོངས་སུ་འདྲིས་པའི་ཤེས་པ། དུས་དང་དུས་མ་ཡིན་པ་ཤེས་པ་སྟོན་ཏེ་འདི་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་དུས་སོ་ཞེས་བྱ་བ་ལ་སོགས་པའོ། །སྐྱེས་བུ་དཔའ་བོའི་དཔེ་དང་། བྱའི་དཔེ་དང་། འཕོང་
གི་སློབ་དཔོན་གྱི་དཔེ་དག་ཀྱང་གཞུང་དང་སྦྱར་ཏེ་གཟུང་བར་བྱའོ། །བཅོམ་ལྡན་འདས་ངོ་མཚར་ཏོ། །བདེ་བར་གཤེགས་པ་ངོ་མཚར་ཏོ་ཞེས་བྱ་བ་ནི་དེ་ལྟར་ཆོས་ཐམས་ཅད་སྟོང་པ་ཉིད་དུ་མཐོང་བ་རྣམས་པར་མ་དོར་སེམས་ཞུམ་པའི་རྒྱུས། ཏིང་ངེ་འཛིན་གསུམ་བསྒོམ་ཞིང་
ཉན་ཐོས་དང་རང་བྱང་ཆུབ་ཏུ་ལྟུང་བར་མ་གྱུར་པ་སྟེ། ངོ་མཚར་ཆེའོ་ཞེས་གསོལ་པའོ། །རབ་འབྱོར་འདི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སེམས་ཅན་ཐམས་ཅད་ཡོངས་སུ་མ་བཏང་སྟེ་ཞེས་བྱ་བ་ལ་སོགས་པས། བཅོམ་ལྡན་འདས་ཀྱིས་འདིར་སེམས་

ཞུམ་པར་མི་འགྱུར་བའི་རྒྱུ་སྟོན་ཏོ། །འདི་ལ་ཡང་འགྲེས་བདུན་ཏེ། དམ་པ་མ་ཡིན་པའི་ཆོས་ལ་འཇུག་པའི་འགྲེས་དང་། དམིགས་པར་ལྟ་བའི་འགྲེས་དང་། སེམས་ཕྱིན་ཅི་ལོག་གི་འགྲེས་དང་། གང་ཟག་དང་ཆོས་སུ་རྣམ་པར་རྟོག་པའི་
འགྲེས་དང་། མཚན་མའི་འགྲེས་དང་། སྨོན་ལམ་གྱི་འགྲེས་དང་། བྱང་ཆུབ་སེམས་དཔའ་ལ་དྲི་བའི་འགྲེས་སོ། །དེ་ལ་སེམས་ཅན་འདི་དག་ནི་དམ་པ་མ་ཡིན་པའི་ཆོས་ལ་དམ་པར་འདུ་ཤེས་པས་བསླུས་པར་གྱུར་པ་དག་སྟེ། བདག་གིས་སེམས་ཅན་མི་
ཤེས་པ་དེ་དག་ཡོངས་སུ་གཏང་བར་མི་བྱའོ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་དག་གིས་སྙིང་རྗེ་མངོན་པར་བསྐྱེད་དེ། སེམས་ཅན་ཐམས་ཅད་མི་གཏོང་བར་ཡིད་ལ་བྱེད་པའི་རྒྱུས། བར་མ་དོར་ཞུམ་པར་མི་འགྱུར་ཞིང་། ཡང་དག་པའི་མཐའ་མངོན་སུམ་དུ་མི་
བྱེད་པ་ནི་འགྲེས་དང་པོའོ། །སེམས་ཅན་འདི་དག་ནི་ཡུན་རིང་པོ་ནས་བདག་དང་། སེམས་ཅན་ལ་སོགས་པར་དམིགས་པར་ལྟ་བར་སྤྱོད་སྤྱོད་པ་དག་སྟེ། དེ་དག་གི་ལྟ་བ་དེ་བདག་གིས་མངོན་པར་རྫོགས་པར་སངས་རྒྱས་ནས་ཆོས་བཤད་པས་སྤང་བར་བྱའོ་སྙམ་
དུ་སེམས་བསྐྱེད་པའི་དབང་གིས་ཞུམ་པར་མི་འགྱུར་བ་ནི་འགྲེས་གཉིས་པའོ། །སེམས་ཅན་འདི་དག་ནི་ཡུན་རིང་པོ་ནས་རྟག་པ་དང་། བདེ་བ་དང་སྡུག་པ་དང་། བདག་ཏུ་འདུ་ཤེས་པས་ཕྱིན་ཅི་ལོག་རྣམ་པ་བཞིས་སེམས་ཕྱིན་ཅི་ལོག་ཏུ་གྱུར་པ་དག་སྟེ། བདག་གིས་
དེ་དག་དེ་ལས་བཟློག་པར་བྱའོ་ཞེས་བྱ་བ་ནི་འགྲེས་གསུམ་པའོ། །སེམས་ཅན་འདི་དག་ནི་ཡུན་རིང་པོ་ནས། སེམས་ཅན་དུ་རྣམ་པར་རྟོག་པ་དང་། གཟུགས་ལ་སོགས་པའི་ཆོས་རྣམས་སུ་རྣམ་པར་རྟོག་པ་ལ་སྤྱོད་སྤྱོད་པ་དག་སྟེ། དེ་དག་གི་དོན་དུ་བདག་གིས་
མངོན་པར་རྫོགས་པར་སངས་རྒྱས་ནས། སྟོང་པ་ཉིད་ཀྱི་ཆོས་བཤད་པར་བྱའོ་ཞེས་བྱ་བ་ནི་བཞི་པའོ། །སེམས་ཅན་འདི་དག་ནི་ཡུན་རིང་པོ་ནས་མཚན་མ་ལ་སྤྱོད་སྤྱོད་པ་བུད་མེད་དང་། སྐྱེས་པ་ལ་སོགས་པའི་མཚན་མ་དང་། གཟུགས་ལ་སོགས་པ་ཆོས་

རྣམས་ཀྱི་མཚན་མ་དག་ལ་སྤྱོད་སྤྱོད་པ་དག་སྟེ། དེ་དག་གི་དོན་དུ་བདག་གིས་མངོན་པར་རྫོགས་པར་སངས་རྒྱས་ནས། མཚན་མ་མེད་པའི་ཆོས་བཤད་པར་བྱའོ་ཞེས་བྱ་བ་ནི་ལྔ་པའོ། །དེ་བཞིན་དུ་སེམས་ཅན་འདི་དག་ནི་ཡུན་རིང་པོ་ནས་སྨོན་ལམ་ལ་སྤྱོད་སྤྱོད་པ། བརྒྱ་བྱིན་དང་།
ཚངས་པ་དང་། འཇིག་རྟེན་སྐྱོང་བ་ལ་སོགས་པའི་དོན་དང་། གཟུགས་བཟང་པོ་ལ་སོགས་པའི་ཆོས་རྣམས་ཀྱི་དོན་དུ་སྨོན་ལམ་འདེབས་པ་དག་སྟེ། དེ་དག་གི་དོན་དུ་བདག་གིས་མངོན་པར་རྫོགས་པར་སངས་རྒྱས་ནས་སྨོན་པ་མེད་པའི་ཆོས་བཤད་པར་བྱའོ་ཞེས་བྱ་
བ་ནི་དྲུག་པའོ། །བྱང་ཆུབ་སེམས་དཔའ་ལ་དྲི་བ་ལ་ཡང་། གལ་ཏེ་དེ་དག་གིས་དེ་སྐད་དྲིས་པ་ལ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་། མངོན་པར་འདུ་བྱ་བ་མེད་པ་དང་། སྐྱེ་བ་མེད་པ་དང་། དངོས་པོ་མེད་པ་དག །དེ་ལྟར་ཁྱོད་ཀྱིས་ལེགས་
པར་བསྒོམ་པར་བྱའོ་ཞེས་དེ་དག་ཉིད་བཟུང་ནས་ལན་འདེབས་ན། ལུང་བསྟན་པ་ཡིན་ནོ་ཞེས་བྱ་བར་རིག་པར་བྱ་སྟེ། ཡོངས་སུ་འདྲིས་པ་ཤེས་པའི་མཚན་ཉིད་རབ་ཏུ་རྟོགས་པའི་ཕྱིར་རོ། །གལ་ཏེ་དེ་དག་གིས་དེ་སྐད་དུ་དྲིས་པ་ལ་སྟོང་པ་ཉིད་སྒོམ་པ་ལ་སོགས་པ་སྤོང་ཞིང་།
དེ་དག་བསྒོམ་པར་མི་བྱ་སྟེ། དེ་དག་མཐོང་ལ་རྣམ་པ་གཞན་དུ་མི་རྟག་པ་ལ་སོགས་པར་བསྒོམ་པར་བྱའོ་ཞེས་ལན་འདེབས་ན། ལུང་བསྟན་པ་མ་ཡིན་ནོ་ཞེས་བྱ་བར་རིག་པར་བྱའོ། །དེ་ལྟར་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔས་ཕྱིར་མི་ལྡོག་པའི་ས་ནོན་པ་ལྟར་ཞེས་
བྱ་བ་ནི་ཇི་ལྟར་ས་བརྒྱད་པ་ཐོབ་པ་ཕྱིར་མི་ལྡོག་པར་འགྱུར་ཏེ། ས་བརྒྱད་པ་ཐོབ་པ་དེ་བཞིན་དུ་དེ་དག་ལེགས་པར་ཡོངས་སུ་འདྲིས་པར་བྱས་ནས་བསྲབས་པའི་ས་ནོན་པ་མ་ཡིན་ཏེ། དེ་ཙམ་དུ་ཡོངས་སུ་སྨིན་པ་མ་ཡིན་ཞེས་བྱ་བའི་ཐ་ཚིག་གོ། །ས་གཉིས་པ་ནས་བཟུང་
ནས་ས་བདུན་པའི་བར་ནི་བསྲབས་པའི་སའོ། །བཅོམ་ལྡན་འདས་གང་གིས་སླར་མི་ལྡོག་པར་འགྱུར་བའི་རྣམ་གྲངས་མཆིས་སམ་ཞེས་བྱ་བ་ནི་གལ་ཏེ། དེ་ཕྱིར་མི་ལྡོག་པའི་ས་བརྒྱད་པ་མ་ཐོབ་ཀྱང་། ལེགས་པར་ཡོངས་སུ་འདྲིས་པར་བྱས་ནས་ཕྱིར་མི་ལྡོག་པའི་ལན་

ལྡོན་ན། ཕྱིར་མི་ལྡོག་པའི་མཚན་ཉིད་དང་ལྡན་པའི་ཕྱིར་མི་ལྡོག་པར་འགྱུར་རམ་ཞེས་བསྟན་པའོ། །ཡོངས་སུ་སྦྱོང་བར་བགྱིས་པའི་སའམ། ཡོངས་སུ་སྦྱོང་བ་བགྱིད་པ་མ་ལགས་པའི་ས་ཡང་མི་མངོན་ཏེ་ཞེས་བྱ་བ་ནི་ས་འོག་མ་རྣམས་བསྟན་པའོ། །
བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ནི་ཉུང་ངོ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་བྱང་ཆུབ་ཀྱི་ཕྱིར་སྤྱོད་པ་མང་དུ་ཟིན་ཀྱང་། འདི་ལྟར་ས་བརྒྱད་པ་མ་ཐོབ་ཀྱང་ཡོངས་སུ་འདྲིས་པ་ལེགས་པར་བསྒོམས་པའི་བྱང་ཆུབ་སེམས་དཔའ་ཕྱིར་མི་ལྡོག་པའི་ལན་ལྡོན་
པར་འགྱུར་བ་དེ་དག་ནི་ཉུང་ངོ་ཞེས་བྱ་བའི་ཐ་ཚིག་གོ། །ཡོངས་སུ་སྦྱོང་བའི་ས་ཡང་རུང་། ཡོངས་སུ་སྦྱོང་བ་མ་ཡིན་པའི་ས་ཡང་རུང་ཞེས་བྱ་བ་ནི་ས་འོག་མ་རྣམས་བསྟན་པའོ། །དེ་ནས་ཡང་བར་སྐབས་ནས་བྱུང་བ་ཕྱིར་མི་ལྡོག་པའི་མཚན་ཉིད་དང་བདུད་ཀྱི་ལས་རྣམས་དང་།
དགེ་བའི་བཤེས་གཉེན་རྣམས་ཀྱང་གོ་སླའོ། །རབ་འབྱོར་ནམ་མཁའ་ལྟར་ཆགས་པ་མེད་པའི་མཚན་ཉིད་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ་ཞེས་བྱ་བ་ནི་ནམ་མཁའ་བཞིན་དུ་ཐོགས་པ་མེད་པའི་མཚན་ཉིད་དོ་ཞེས་བྱ་བའི་ཐ་ཚིག་གོ། །སྔར་ནི་བདུད་ཀྱི་ལས་ལ་སོགས་པས་
ཐོགས་པ་དང་བཅས་པ་བསྟན་ཏོ། །དེ་ནི་རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་མཚན་ཉིད་མེད་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཚན་ཉིད་གང་ཡང་མེད་དོ་ཞེས་བྱ་བས་ཐོགས་པ་མེད་པའི་མཚན་ཉིད་བཀའ་སྩལ་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གཞན་
གང་གི་མཚན་ཉིད་ཀྱང་མ་ཡིན་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཚན་ཉིད་ཀྱང་ཅི་ཡང་ཡོད་པ་མ་ཡིན་ཏེ། དངོས་པོ་མེད་པའི་ངོ་བོ་ཉིད་མ་ཡིན་ནོ་ཞེས་སྟོན་ཏོ། །རབ་འབྱོར་ཆོས་ཐམས་ཅད་ནི་རང་བཞིན་གྱིས་དབེན་པ། ཆོས་ཐམས་ཅད་ནི་རང་བཞིན་གྱིས་སྟོང་
པའོ་ཞེས་བྱ་བ་ནི་ཀུན་བརྟགས་པའི་ཆོས་རྣམས་ཀྱིས་དབེན་ཞིང་བྲལ་བ་ནི་ཡོངས་སུ་གྲུབ་པ་སྟེ། ཆོས་ཐམས་ཅད་ཀྱི་ངོ་བོ་ཉིད་དོ། །དེ་བས་ན་དེ་དག་ངོ་བོ་ཉིད་ཀྱིས་སྟོང་ངོ་ཞེས་བྱ་བའི་ཐ་ཚིག་གོ། །བཅོམ་ལྡན་འདས་གལ་ཏེ་ཆོས་ཐམས་ཅད་ནི་ཆོས་ཐམས་ཅད་ཀྱིས་

དབེན་ལ། ཆོས་ཐམས་ཅད་ནི་ཆོས་ཐམས་ཅད་ཀྱིས་སྟོང་ན། བཅོམ་ལྡན་འདས་སེམས་ཅན་རྣམས་ཀྱི་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་ཇི་ལྟར་མཆིས་པར་འགྱུར་ཞེས་བྱ་བ་ལ་སོགས་པས་འདི་སྐད་ཞུས་ཏེ། བཅོམ་ལྡན་འདས་གལ་ཏེ་ཆོས་ཐམས་ཅད་ངོ་བོ་ཉིད་ཀྱིས་
དབེན་ལ་སྟོང་ན་ཕྱིས་དབེན་པར་བྱར་ཡང་མེད་ལ་སྟོང་པར་བྱར་ཡང་མེད་དེ། དེ་ལྟར་གྱུར་ན་དབེན་པ་དང་སྟོང་པ་དེ་དག་ཇི་ལྟར་ཀུན་ནས་ཉོན་མོངས་པར་འགྱུར། ཇི་ལྟར་ཡང་རྣམ་པར་བྱང་བར་འགྱུར་ཞེས་ཞུས་པའོ། །དེ་སྐད་ཅེས་ཞུས་པ་དང་། རབ་འབྱོར་འདི་ཇི་སྙམ་དུ་
སེམས། སེམས་ཅན་འདི་དག་ཡུན་རིང་པོ་ནས་ངར་འཛིན་པ་དང་ང་ཡིར་འཛིན་པ་ལ་སྤྱོད་དམ་ཞེས་བྱ་བ་ལ་སོགས་པས་འདི་སྐད་བསྟན་ཏེ། ཆོས་ཐམས་ཅད་ངོ་བོ་ཉིད་ཀྱིས་དབེན་ཞིང་ངོ་བོ་ཉིད་ཀྱིས་སྟོང་དུ་ཟིན་ཀྱང་། བྱིས་པ་རྣམས་དེ་དག་དབེན་པ་དང་། སྟོང་པ་ཉིད་དུ་
མི་ཤེས་ཏེ། དེ་དག་གིས་མི་ཤེས་པའི་ཉེས་པས་ཕུང་པོ་ལྔ་ལ་སོགས་པའི་ཆོས་རྣམས་ལ། ངར་འཛིན་པ་དང་། ང་ཡིར་འཛིན་པས་ཆགས་པར་འགྱུར། ཆགས་པས་བསོད་ནམས་དང་། བསོད་ནམས་མ་ཡིན་པ་ལ་སོགས་པ་མངོན་པར་འདུ་བྱེད་པ་རྩོམ་མོ། །
དེའི་དབང་གིས་སེམས་ཅན་རྣམས་འཁོར་བར་མཚམས་སྦྱོར་ཞིང་འཁོར་ཏེ། ཉོན་མོངས་པའི་ཀུན་ནས་ཉོན་མོངས་པ་དང་། ལས་ཀྱི་ཀུན་ནས་ཉོན་མོངས་པས་ཀུན་ནས་ཉོན་མོངས་པར་འགྱུར་ཏེ། དེ་ལྟར་མི་ཤེས་པའི་ཉེས་པས་ཀུན་ནས་ཉོན་མོངས་པ་ཡོད་པར་འགྱུར་རོ། །
དེ་དག་ཀྱང་ཕྱིས་གང་གི་ཚེ་དགེ་བའི་བཤེས་གཉེན་རྙེད་ནས་མཉན་པ་དང་། བསམས་པ་ལ་སོགས་པའི་དབང་གིས། དབེན་པའི་མཚན་ཉིད་སྟོང་པའི་མཚན་ཉིད་རྟོགས་པར་འགྱུར་བ་དེའི་ཚེ། ཇི་སྐད་སྨོས་པའི་ཀུན་ནས་ཉོན་མོངས་པ་མི་སྐྱེ་བའི་ཕྱིར་རིམ་གྱིས་ཀུན་བརྟགས་
པའི་ཆོས་རྣམས་ཡོངས་སུ་བཟློག་པས་རྣམ་པར་བྱང་བ་ཡང་ཡོད་པར་འགྱུར་རོ། །དེའི་འོག་ཏུ་གཟུགས་ལ་སོགས་པའི་ཆོས་ཐམས་ཅད་ལ་སྤྱོད་པ་མེད་པར་བརྗོད་པས། བཤད་པ་འདི་ལ་སྤྱད་པ་དོན་མེད་དོ་སྙམ་དུ་སེམས་པ་རྣམས་ཀྱི་དོགས་པ་དེ་བསྩལ་བའི་ཕྱིར་འོག་

ནས་བསོད་ནམས་མང་བ་དང་། དེའི་རྒྱུ་གསུངས་ཏེ། བསོད་ནམས་མང་དུ་འཕེལ་བ་དེ་དང་། དེའི་རྒྱུ་ཡང་ནོར་བུ་རིན་པོ་ཆེའི་དཔེས་གཞུང་ཉིད་ལས་རིག་པར་བྱའོ། །བཅོམ་ལྡན་འདས་གང་ཡིད་ལ་བགྱི་བ་ཐམས་ཅད་རང་བཞིན་དང་བྲལ་བ་སྟེ།
ཡིད་ལ་བགྱི་བ་ཐམས་ཅད་རང་བཞིན་གྱིས་སྟོང་པ་ལགས་ན་ཞེས་བྱ་བ་འདིས་འདི་སྐད་ཞུས་ཏེ། གལ་ཏེ་ཡིད་ལ་བྱེད་པ་ཐམས་ཅད་ངོ་བོ་ཉིད་ཀྱིས་དབེན་ཞིང་བྲལ་ན། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཡིད་ལ་བྱེད་པ་དང་མ་བྲལ་བ་ཡིན་ནོ་ཞེས་བྱ་བ་ནི་ཇི་ལྟར་རིག་པར་
འགྱུར། ངོ་བོ་ཉིད་ཀྱིས་དབེན་ཞིང་སྟོང་པ་ལ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དམ། ཡིད་ལ་བྱེད་པའམ། བྱང་ཆུབ་སེམས་དཔའ་གང་ཡང་མི་དམིགས་སོ་ཞེས་ཞུས་པའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་། བྱང་ཆུབ་སེམས་
དཔའ་དང་། ཡིད་ལ་བྱེད་པ་རྣམས་ཆོས་གཞན་ཞིག་ཏུ་ཡོངས་སུ་བརྟགས་ནས་དེ་སྐད་གསུངས་པ་ནི་མ་ཡིན་གྱི། བྱང་ཆུབ་སེམས་དཔའ་གང་། ཆོས་ཐམས་ཅད་ངོ་བོ་ཉིད་ཀྱིས་དབེན་པར་ཤེས་པ་དེ་ཙམ་གྱིས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱེད་
པ་དང་མ་བྲལ་བའོ་ཞེས་བརྟགས་པ་ཙམ་དུ་ཟད་ཀྱི། དོན་དམ་པར་ནི་དེ་དག་ལ་ཐ་དད་པ་མེད་པར། རབ་འབྱོར་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དེ་ལྟར་ཤེས་ན་ཞེས་བྱ་བ་ལ་སོགས་པས་སྟོན་ཏོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་རང་བཞིན་གྱིས་སྟོང་
པ་སྟེ་ཞེས་བྱ་བ་ནི་རང་བཞིན་གྱིས་ཡོངས་སུ་དག་པ། དྲི་མ་མེད་པའི་ཤེས་རབ་ཆོས་ཐམས་ཅད་ཀྱིས་དབེན་པ། ཆོས་