Tàng Kinh Việt
Tàng Kinh Việt
Tạng Tây Tạng (Tibetan Canon)Nguyên tác: Tây Tạng

Luận tạng Tây Tạng (Tengyur) — Tập 93

Văn bản gốc(Tây Tạng)

Trang 14 / 20 (50.000 ký tự/trang)
ེད་པ་མེད་པའི་ཕྱིར། འགྲོ་བ་དང་འོང་བ་དང་བྲལ་བ་ཉིད་ནི་འོང་བ་མེད་པ་དང་འགྲོ་བ་མེད་པའི་མཚན་ཉིད་ཅེས་བྱའོ། །རྣམ་པ་ཐམས་ཅད་དུ་ཐམས་ཅད་རང་གི་མཚན་ཉིད་ཐམས་ཅད་དང་བྲལ་བས་མཚན་ཉིད་

མེད་པའི་བདག་ཉིད་དུ་གནས་པ་ནི་ནམ་མཁའི་མཚན་ཉིད་ཅེས་བྱའོ། །དེ་ཡང་དེ་བཞིན་གཤེགས་པས་འཇིག་རྟེན་གྱི་བརྡར་བཀའ་སྩལ་ཏེ་དོན་དམ་པར་ནི་མ་ཡིན་ནོ་ཞེས་བྱ་བ་ནི་བརྗོད་དུ་མེད་པའི་མཚན་ཉིད་དུ་གསུངས་པའོ། །ལྷའི་བུ་དག་མཚན་ཉིད་དེ་དག་ནི་ལྷ་དང་མི་དང་ལྷ་མ་
ཡིན་དུ་བཅས་པའི་འཇིག་རྟེན་གྱིས་གཞན་དུ་བྱ་བར་མི་ནུས་སོ་ཞེས་བྱ་བ་ནི་མི་འགྱུར་བར་ཡོངས་སུ་གྲུབ་པ་དང་། ཕྱིན་ཅི་མ་ལོག་པར་ཡོངས་སུ་གྲུབ་པས་ཡོངས་སུ་གྲུབ་པའི་མཚན་ཉིད་དུ་གསུངས་པའོ། །ལྷའི་བུ་དག་མཚན་ཉིད་ནི་མཚན་ཉིད་གཞན་དུ་མི་བྱེད་དོ་ཞེས་བྱ་བ་ནི་
དེ་བཞིན་ཉིད་ཀྱིས་དེ་བཞིན་ཉིད་རྣམ་པར་འཁྲུག་པར་མི་བྱེད་ཅེས་བྱ་བའི་ཐ་ཚིག་གོ། །མཚན་ཉིད་ནི་མཚན་ཉིད་མི་ཤེས་སོ་ཞེས་བྱ་བ་ནི་དེ་བཞིན་ཉིད་ཀྱིས་དེ་བཞིན་ཉིད་མི་ཤེས་ཏེ་ཇི་ལྟར་ནམ་མཁས་ནམ་མཁའ་མི་ཤེས་པ་བཞིན་ནོ། །མཚན་ཉིད་ནི་མཚན་ཉིད་མེད་པ་མི་ཤེས་སོ་
ཞེས་བྱ་བ་ནི་དེ་བཞིན་ཉིད་ཀྱིས་ཀུན་བརྟགས་པ་མི་ཤེས་ཏེ། ཇི་ལྟར་ནམ་མཁའ་རི་བོང་གི་རྭ་མི་ཤེས་པ་བཞིན་ནོ། །མཚན་ཉིད་མེད་པ་ནི་མཚན་ཉིད་མི་ཤེས་སོ་ཞེས་བྱ་བ་ནི་ཀུན་བརྟགས་པས་དེ་བཞིན་ཉིད་མི་ཤེས་ཏེ། ཇི་ལྟར་རི་བོང་གི་རྭས་ནམ་མཁའ་མི་ཤེས་པ་བཞིན་ནོ། །
མཚན་ཉིད་མེད་པས་མཚན་ཉིད་མི་ཤེས་སོ་ཞེས་བྱ་བ་ཀུན་བརྟགས་པས་ཀུན་བརྟགས་པ་མི་ཤེས་ཏེ། ཇི་ལྟར་རི་བོང་གི་རྭས་རི་བོང་གི་རྭ་མི་ཤེས་པ་བཞིན་ནོ། །མཚན་ཉིད་གང་ཡིན་པ་དང་མཚན་ཉིད་མེད་པ་གང་ཡིན་པ་གཉིས་ཀ་ལ་ཡང་གང་གིས་ཤེས་པར་བྱེད་པའི་ངོ་བོ་ཉིད་
མེད་དོ་ཞེས་བྱ་བ་ནི་དེ་བཞིན་ཉིད་རྣམ་པར་མི་རྟོག་པ་དང་ལྷུན་གྱིས་གྲུབ་པ་ཉིད་དང་སྤྱོད་པ་མེད་པའི་ཕྱིར་རབ་ཏུ་ཤེས་པའི་ངོ་བོ་ཉིད་མེད་དེ་ཀུན་བརྟགས་པ་རྣམས་མེད་པའི་ཕྱིར་རོ། །གང་གིས་ཤེས་པར་བྱེད་ཅེས་བྱ་བ་ནི་ཤེས་པ་ལ་སོགས་པས་སོ། །གང་ཤེས་པར་བྱེད་ཅེས་
བྱ་བ་ནི་གང་ཟག་གམ་ཆོས་སོ། །གང་ལ་ཤེས་པར་བྱེད་ཅེས་བྱ་བ་ནི་གང་ཟག་གམ་ཆོས་གཞན་ལའོ། །ལྷའི་བུ་དག་མཚན་ཉིད་འདི་དག་ནི་གཟུགས་ཀྱིས་མངོན་པར་འདུས་བྱས་པ་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པས་ནི་མངོན་པར་འདུ་བྱེད་པ་མེད་པའི་མཚན་ཉིད་སྟོན་ཏོ། །

མཚན་ཉིད་ཐམས་ཅད་ནི་མཚན་ཉིད་མེད་པའི་ཕྱིར་ཞེས་བྱ་བ་ནི་སྟོང་པ་ཉིད་དང་། མཚན་མ་མེད་པ་ལ་སོགས་པ་སྔར་སྨོས་པ་རྣམས་དང་། འདུས་བྱས་དང་། འདུས་མ་བྱས་པ་ཐམས་ཅད་དང་ཀུན་བརྟགས་པའི་མཚན་ཉིད་ཀྱིས་ཞེས་བྱ་བའི་ཐ་ཚིག་གོ། །
དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་མ་བྱུང་ཡང་རུང་ཞེས་བྱ་བ་ལ་སོགས་པས་ཆོས་གནས་པའི་མཚན་ཉིད་གསུངས་པའོ། །མཚན་ཉིད་ཀྱི་དབྱིངས་ནི་མཚན་ཉིད་མེད་པའི་དབྱིངས་ཇི་ལྟ་བ་བཞིན་དུ་གནས་པ་ཉིད་དེ། དེ་ནི་དེ་བཞིན་གཤེགས་པས་ཡང་དག་པར་མངོན་
པར་རྫོགས་པར་སངས་རྒྱས་ཞེས་བྱ་བ་ནི་མཚན་ཉིད་ཀྱི་རྣམ་པར་རྟོག་པ་ཐམས་ཅད་མེད་པའི་ཕྱིར་མཚན་ཉིད་མེད་པའི་དབྱིངས་ཞེས་བྱའོ། །དེའི་ཕྱིར་དེ་བཞིན་གཤེགས་པ་དེ་བཞིན་གཤེགས་པ་ཞེས་བྱའོ་ཞེས་བྱ་བ་ནི་དེ་བཞིན་ཉིད་དུ་ཐུགས་སུ་ཆུད་པའམ། དེ་བཞིན་ཉིད་
ཐུགས་སུ་ཆུད་པ་ལ་ངེས་པའི་ཚིག་གིས་དེ་བཞིན་གཤེགས་པ་ཞེས་བྱའོ། །དེ་བཞིན་གཤེགས་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡང་དག་པར་རབ་ཏུ་བསྟན་པས་མཚན་ཉིད་ཐམས་ཅད་ཡང་དག་པར་རབ་ཏུ་མཁྱེན་ཞེས་བྱ་བ་ནི། ལྷའི་བུ་དག་སྟོང་པ་ཉིད་ཀྱང་མཚན་ཉིད་དང་
མཚན་མ་མེད་པའི་མཚན་ཉིད་ཡིན་པའི་ཕྱིར། འདི་ནི་ཟབ་པའོ་ཞེས་བྱ་བ་ལ་སོགས་པ་སྔར་སྨོས་པ་སྟོན་ཏོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་ཀྱང་མཚན་ཉིད་ཐམས་ཅད་རབ་ཏུ་དབྱེ་བ་མཛད་དེ་ཞེས་བྱ་བ་ནི་དོན་དམ་པ་
རྣམ་པར་མི་རྟོག་པ་དེ་ལྟ་བུ་མངོན་པར་རྫོགས་པར་སངས་རྒྱས་ནས་ཀྱང་སེམས་ཅན་རྣམས་ལ་ཕན་གདགས་པའི་ཕྱིར་ཀུན་རྫོབ་ཀྱི་མཚན་ཉིད་རྣམས་བཤད་དོ་ཞེས་བྱ་བའི་ཐ་ཚིག་གོ། །གཟུགས་ནི་གཟུགས་སུ་རུང་བའི་མཚན་ཉིད་དེ་ཞེས་བྱ་བ་ལ་སོགས་པས་ནི་ཀུན་རྫོབ་ཀྱི་མཚན་
ཉིད་རྣམས་སྟོན་ཏོ། །འདི་ལ་བྱས་པ་གཟོ་བ་དང་བྱས་པ་ཚོར་བ་ནི་བདག་གིས་འདི་བྱས་སོ། །བདག་གིས་འདི་ཁས་བླངས་སོ་ཞེས་བྱ་བར་བདག་གིས་བྱས་པ་དང་། བསྒྲུབ་པར་རྟོགས་པའི་ཕྱིར་རོ། །མ་བྱས་པ་དང་འགྱུར་བ་མེད་པར་མངོན་པར་རྫོགས་པར་སངས་རྒྱས་

ཞེས་བྱ་བ་ནི་སུས་ཀྱང་མ་བྱས་པའི་ཆོས་རྣམས་མ་བྱས་པའི་བདག་ཉིད་དུ་མངོན་པར་རྫོགས་པར་སངས་རྒྱས་པའོ། །འགྱུར་བ་མེད་པ་ནི་མི་འགྱུར་བ་མེད་པར་མངོན་པར་རྫོགས་པར་སངས་རྒྱས་ཞེས་བྱ་བ་ནི་མི་འགྱུར་བའི་བདག་ཉིད་དུ་མཁྱེན་པའོ། །ལུས་མེད་པའི་ཕྱིར་ཞེས་བྱ་བ་
ནི་ལུས་མེད་པ་ཁོག་པ་མེད་པ་གཟུགས་མེད་པ་ཉིད་དོ། །རབ་འབྱོར་དེ་ལྟར་ན་ལུས་མེད་ཅིང་ཁོག་པ་འདི་ནི་དེ་བཞིན་གཤེགས་པས་མ་བྱས་པ་མཁྱེན་པ་དང་། མ་བྱས་པ་རིག་པའོ་ཞེས་བྱ་བ་ནི་འདུས་མ་བྱས་ཀྱི་མཚན་ཉིད་མཁྱེན་པས་མ་བྱས་པ་མཁྱེན་པའོ། །དོན་དམ་
པར་འབྱུང་བ་མེད་པའི་མཐུས་ཡེ་ཤེས་བྱས་པ་མེད་པ་ཆོས་ཐམས་ཅད་ལ་ཞུགས་སོ་ཞེས་བྱ་བ་ལ་དོན་དམ་པ་བྱུང་བ་མེད་པའི་མཐུས་ཞེས་བྱ་བ་ནི་དོན་དམ་པ། མ་སྐྱེས་མ་བྱུང་བའི་དབང་གིས་ཞེས་བྱ་བའི་ཐ་ཚིག་གོ། །དེ་བཞིན་གཤེགས་པའི་ཡེ་ཤེས་ནི་ཡོངས་སུ་གྲུབ་
པའི་ཆོས་ཀྱི་སྐུའི་མཚན་ཉིད་ཡིན་པས་མ་བྱས་པ་སྟེ། དེ་བས་ན་དེ་བཞིན་གཤེགས་པ་ནི་མ་བྱས་པ་མཁྱེན་པའོ་ཞེས་བྱ་བར་སྟོན་ཏོ། །བཅོམ་ལྡན་འདས་གང་གི་ཚེ་ཆོས་ཐམས་ཅད་སྐྱེད་པ་པོ་མ་མཆིས་ཤིང་མཐོང་བ་པོ་མ་མཆིས་པ་ཞེས་བྱ་བ་ནི་མི་སྐྱེད་པས་ན་སྐྱེད་པ་པོ་
མེད་པ་སྟེ། དེ་བས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྐྱེད་པའོ་ཞེས་བྱ་བ་ནི་མི་མཐོང་ངོ་། །མཐོང་བར་མི་བྱེད་པས་མཐོང་བ་པོ་མེད་པ་སྟེ། དེ་བས་ན་འཇིག་རྟེན་སྟོན་པའོ་ཞེས་བྱ་བ་མི་མཐོང་ངོ་ཞེས་སྟོན་ཏོ། །རབ་འབྱོར་དེ་དེ་བཞིན་ནོ་ཞེས་བྱ་བ་ལ་སོགས་པས་ཆོས་ཐམས་
ཅད་སྟོང་པ་དང་། གསོ་བ་དང་གསོག་ཡིན་པའི་ཕྱིར་སྐྱེད་པ་པོ་མེད་པ་དང་། མཐོང་བ་པོ་མེད་པ་བདེན་མོད་ཀྱི། དོན་འདི་ལྟ་བུ་ཤེས་པ་འཇིག་རྟེན་ན་སུ་ཡང་མེད་དེ། ངས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་བརྟན་ནས། དོན་ཇི་ལྟ་བ་བཞིན་དུ་མངོན་པར་རྫོགས་པར་སངས་རྒྱས་ཏེ། དེ་ལྟ་བས་ན་
དེར་བསྐྱེད་པ་ཡིན་ཞིང་སྟོན་པ་ཡིན་ནོ་ཞེས་དེ་སྐད་སྟོན་ཏེ། འདི་ནི་བསྟོད་པའི་ཚིག་ཅེས་བྱ་བའི་ཐ་ཚིག་གོ། །གཟུགས་མཐོང་བ་མེད་པའི་ཕྱིར་སྟོན་པའོ་ཞེས་བྱ་བ་ནི་གང་གི་ཕྱིར་གཟུགས་ངས་མ་མཐོང་བ་དེའི་ཕྱིར་དེ་སྟོན་པའོ། །གལ་ཏེ་གཟུགས་མཐོང་བར་གྱུར་ན་ནི་རབ་

རིབ་ཅན་བཞིན་དུ་ཡང་དག་པ་མ་ཡིན་པའི་དོན་མཐོང་བས་དེ་སྟོན་པར་ཡང་མི་འགྱུར་རོ། །རབ་འབྱོར་ནམ་གཟུགས་ལ་དམིགས་པའི་རྣམ་པར་ཤེས་པ་མི་འབྱུང་བའི་ཚེ་ཞེས་བྱ་བ་ནི་ཇི་ལྟར་རབ་རིབ་ཅན་ལ་སྐྲ་ཤད་འཛིངས་པ་ལ་སོགས་པ་ལ་དམིགས་
པའི་རྣམ་པར་ཤེས་པ་འབྱུང་བ་དེ་ཕྱིས་མི་འབྱུང་བར་གྱུར་པ་དེ་ནས་མཐོང་བ་ཡོངས་སུ་དག་པ་ཞེས་བྱ་བར་འགྱུར་ཏེ། དེ་བཞིན་དུ་འདིར་ཡང་གཟུགས་ལ་སོགས་པ་ལ་དམིགས་པའི་རྣམ་པར་ཤེས་པ་རྣམས་མི་འབྱུང་བའི་ཕྱིར་སྟོན་པ་ཞེས་བྱ་བའི་མིང་དུ་འགྱུར་རོ། །བསམ་གྱིས་
མི་ཁྱབ་ཅེས་བྱ་བར་སྟོན་ཏོ་ཞེས་བྱ་བ་ནི་དེ་བཞིན་ཉིད་རྟོག་གེའི་སྤྱོད་ཡུལ་ལས་ཡང་དག་པར་འདས་པའི་ཕྱིར་རོ། །རབ་འབྱོར་གཟུགས་ནི་བསམ་གྱིས་མི་ཁྱབ། གཞལ་དུ་མེད། དཔག་ཏུ་མེད། གྲངས་མེད་ཅིང་མི་མཉམ་པ་དང་མཉམ་པ་སྟེ་སྣང་བ་མེད་པའོ་ཞེས་བྱ་བ་ནི་
གཟུགས་ན་སྣང་བ་མེད་པ་སྟེ་ཅིའི་ཕྱིར་ཞེ་ན་ཀུན་བརྟགས་པའི་གཟུགས་ནི་རི་བོང་གི་རྭ་བཞིན་དུ་མེད་པའི་ཕྱིར་སྣང་བ་མེད་དོ། །ཆོས་ཉིད་ཀྱི་གཟུགས་ནི་རྣམ་པར་ཤེས་པ་གང་གིས་ཀྱང་གཟུང་བར་མི་ནུས་པའི་ཕྱིར་སྣང་བ་མེད་དེ། གང་གི་ཕྱིར་དེ་ལྟར་སྣང་བ་མེད་པ་དེའི་ཕྱིར་
བསམ་གྱིས་མི་ཁྱབ་ཅེས་བྱ་གཞལ་དུ་མེད་ཅེས་བྱ། དཔག་ཏུ་མེད་ཅེས་བྱ་བ་ལ་སོགས་པའོ། །བསམ་གྱིས་མི་ཁྱབ་པ་ལ་སོགས་པ་བསྟན་པ་ནི་གཞུང་ལས་འབྱུང་བ་བཞིན་དུ་བརྡ་ཕྲད་སླའོ། །དེ་ལ་ནི་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་ཀྱང་མི་དམིགས་སོ་ཞེས་བྱ་བ་
ནི་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་ཀྱིས་གཟུང་དུ་མེད་ཅེས་བྱ་བའི་ཐ་ཚིག་སྟེ། དེ་བས་ན་སྣང་བ་མེད་པ་ཞེས་བྱ་བ་གསུངས་སོ། །ཅིའི་ཕྱིར་གནས་བརྟན་རབ་འབྱོར་དོན་ཆེན་པོའི་སླད་དུ་ཉེ་བར་གནས་པའོ་ཞེས་བྱ་བ་ལ་སོགས་པ་བཤད་ཟིན་པའི་སྐབས་ཡང་སླར་
གླེངས་ཏེ་བསྟན་ཞེ་ན་འཁོར་བསྡུ་བའི་ཕྱིར་འདི་ཉིད་གླེངས་ནས་རྒྱ་ཆེར་སྤྲོ་བར་འདོད་པའི་ཕྱིར་ཡང་བསྟན་ཏེ། སྔར་ནི་སངས་རྒྱས་རྣམས་ཀྱི་སྔོན་གྱི་སྤྱོད་པ་ལ་ཕན་འདོགས་པ་ཡིན་པར་བསྟན་ཏོ། །ད་ནི་སངས་རྒྱས་ཀྱི་བྱ་བ་བྱེད་དོ་ཞེས་བསྟན་པའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་

ཕྱིན་པ་ནི་གཟུགས་ལ་ཡོངས་སུ་འཛིན་པ་མེད་པ་དང་། མངོན་པར་ཞེན་པ་མེད་པར་ཉེ་བར་གནས་པའོ་ཞེས་བྱ་བ་ནི་གང་གི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཐོང་བས་གཟུགས་ལ་སོགས་པའི་ཆོས་རྣམས་ལ་སྲེད་པས་ཡོངས་སུ་འཛིན་པ་དང་། ལྟ་བས་མངོན་པར་ཞེན་པ་མི་
འབྱུང་བ་དེའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ཡོངས་སུ་འཛིན་པ་མེད་པ་དང་། མངོན་པར་ཞེན་པ་མེད་པར་ཉེ་བར་གནས་པའོ་ཞེས་བྱ་བའི་མིང་དུ་འགྱུར་ཏེ་དོན་ཆེན་པོ་ཉིད་དུ་སྟོན་ཏོ། །རབ་འབྱོར་ངས་ཀྱང་ཞེས་བྱ་བ་ནི་བདག་ཉིད་དབང་དུ་གྱུར་པར་གསུངས་པའོ། །
དད་པས་རྗེས་སུ་འབྲང་བ་དང་ཆོས་ཀྱི་རྗེས་སུ་འབྲང་བ་དང་། དགྲ་བཅོམ་པ་དང་རང་སངས་རྒྱས་ཀྱི་བར་གྱི་ཤེས་པ་དང་། སྤྲོས་པ་གང་ཡིན་པ་དེ་ནི་བྱང་ཆུབ་སེམས་དཔའ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པའི་བཟོད་པའོ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའི་ཤེས་རབ་ནི་ཆེ་བར་
བསྟན་ཏེ། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་དགྲ་བཅོམ་པའི་ལམ་གྱི་འབྲས་བུའི་ཤེས་པ་རྣམས་དང་ཉོན་མོངས་པ་ཐམས་ཅད་སྤངས་པ་རྣམས་ནི་ས་བརྒྱད་པ་ལ་ཞུགས་པའི་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་ཙམ་ཉིད་ཀྱིས་མཐར་གཏུགས་པར་འགྱུར་ཏེ། དེ་དག་
གི་ཤེས་པ་དང་སྤང་བ་ནི་བཟོད་པ་དེ་ལས་ལྷག་པ་མེད་དོ། །དེ་ཕན་ཆད་ནི་བྱང་ཆུབ་སེམས་དཔའ་རྣམས་རྣམ་པ་ཐམས་ཅད་དུ་ཉོན་མོངས་པ་མེད་པའོ། །དེ་དག་ཤིན་ཏུ་ཡང་མི་རིང་བ་ཞིག་ཏུ་ཕྱིན་ནས་མི་སྣང་བར་གྱུར་ཏེ་ཞེས་བྱ་བ་ནི་བཤད་པ་འདིས་དེ་དག་གི་བྱ་བ་ཡོངས་སུ་
རྫོགས་པར་བསྟན་ཏོ། །དེ་ནས་གནས་བརྟན་རབ་འབྱོར་གྱིས་བཤད་པ་འདི་ལ་མོས་པ་ལ་སོགས་པ་ཕུན་སུམ་ཚོགས་པའི་གང་ཟག་རྣམས་གུས་པ་སྐྱེད་པའི་ཕྱིར་དེ་དག་གི་སྐྱེ་བ་ཞུས་པ། གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ཐོས་མ་ཐག་ཏུ་མོས་པར་འགྱུར་བ་དེ་
གང་ནས་ཤི་འཕོས་ཏེ་འདིར་སྐྱེས་པར་གྱུར་པ་ལགས་ཞེས་བྱ་བ་ལ་སོགས་པའོ། །འདིར་ཡང་བྱང་ཆུབ་སེམས་དཔའ་དཀར་པོའི་ཕྱོགས་སུ་གཏོགས་པ་གསུམ་དང་ནག་པོའི་ཕྱོགས་སུ་གཏོགས་པ་གསུམ་བསྟན་ཏེ་མི་རྣམས་ཉིད་ཀྱི་ནང་ནས་ཤི་འཕོས་ཏེ་མི་རྣམས་ཉིད་ཀྱི་ནང་དུ་

སྐྱེས་པ་ནི་དགེ་བ་སྟེ་གཅིག་གོ། །སངས་རྒྱས་ཀྱི་ཞིང་གཞན་དག་ནས་ཤི་འཕོས་ཏེ་མི་རྣམས་ཀྱི་ནང་དུ་སྐྱེས་པ་ཡང་དགེ་བ་སྟེ་གཉིས་པའོ། །དགའ་ལྡན་ནས་ཤི་འཕོས་ཏེ་འདིར་སྐྱེས་པ་ཡང་དགེ་བ་སྟེ་གསུམ་པའོ། །ནག་པོའི་ཕྱོགས་གསུམ་ནི་སྔོན་གྱི་
མཐར་མཉན་པ་དང་ཡོངས་སུ་དྲིས་པ་དང་མི་ལྡན་པས་འདིར་སྐྱེས་ན་ཡང་བཤད་པ་ལམ་མོས་པ་ནི་གཅིག་གོ། །སྔོན་གྱི་མཐར་མཉན་པ་ལ་སོགས་པ་དང་མི་ལྡན་པ་འདིར་དད་པ་ཙམ་གྱིས་ཐོས་ན་ཡང་འཕྲོགས་པར་འགྱུར་ཞིང་ལྡམ་ལྡེམ་དུ་འགྱུར་བ་ནི་གཉིས་པའོ། །གང་
སྔོན་གྱི་མཐར་བཤད་པ་འདི་དད་པ་ཙམ་གྱིས་དྲིས་ན་ཡང་འཛིན་པ་ལ་སོགས་པ་དང་མི་ལྡན་ན་ཕྱིས་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་དག་ཏུ་ལྷུང་བར་འགྱུར་རོ་ཞེས་བྱ་བ་ནི་གསུམ་པའོ། །འདིར་ཡང་རྒྱ་མཚོའི་གྲུའི་དཔེ་དང་། བུམ་པའི་དཔེ་དང་། དེ་ནས་ཡང་གྲུའི་
དཔེ་དང་མི་རྒད་པོའི་དཔེ་དག་ནི་གཞུང་ཉིད་ལས་བརྡ་ཕྲད་སླའོ། །དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ཐབས་མཁས་པ་དང་མི་ལྡན་ན་ཐེག་པ་གཉིས་སུ་ལྟུང་གི་ལྡན་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་འགྱུར་བར་བསྟན་པའི་ཕྱིར་གནས་བརྟན་
རབ་འབྱོར་གྱིས་ཇི་ལྟར་དེ་གཉིས་དང་མི་ལྡན་པར་འགྱུར་བ་དང་། ཇི་ལྟར་དེ་གཉིས་དང་མི་ལྡན་པར་མི་འགྱུར་བ་ཞུས་པ་དང་། དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་དམིགས་པའི་དབང་དང་ང་རྒྱལ་གྱི་དབང་གིས་མི་ལྡན་པའི་མིང་དུ་འགྱུར་ཏེ། དེ་ནི་ས་
གཉིས་ལས་ས་གང་ཡང་རུང་བ་གཅིག་ཏུ་ལྟུང་བར་འགྱུར་རོ། །གང་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་དམིགས་པ་དང་། ང་རྒྱལ་མེད་པ་དེ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་བྱེད་དོ་ཞེས་བསྟན་ཏོ། །འདི་ལྟར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དེ་ནི་ཚུ་རོལ་དུ་ཕྱིན་
པའོ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱི་ཕྱོགས་རྣམ་པར་མི་རྟོག་པ་ལ་ཚུ་རོལ་ཏུ་ཕྱིན་པ་ཞེས་བྱའོ། །སངས་རྒྱས་རྣམས་ཀྱི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཕྱོགས་ནི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་སྟེ་རྣམ་པར་མི་རྟོག་པའི་ཕ་རོལ་ཏུ་

ཕྱིན་པའོ། །དེ་བས་ན་ཚུ་རོལ་ཡང་ཤེས་ཕ་རོལ་ཡང་ཤེས་ཞེས་བྱ་བ་གསུངས་སོ། །དེའི་འོག་ཏུ་ཐབས་མཁས་པའི་འགྲེས་ལ་ཡང་རིམ་པ་དེ་ཉིད་དོ། །དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ཐབས་མཁས་པ་དང་མི་ལྡན་པ་དག་ཐེག་པ་གཉིས་སུ་ལྟུང་བར་འགྱུར་
བ་ཐོས་ནས་འོ་ན་ཐེག་པ་ལ་གསར་དུ་ཞུགས་པ་ལས་དང་པོ་པ་དག་ཇི་ལྟར་འགྱུར་སྙམ་ནས། བཅོམ་ལྡན་འདས་ལས་དང་པོ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱི་ཞེས་ཞུས་པ་དང་བཅོམ་ལྡན་འདས་ཀྱིས་ལས་
དང་པོ་པ་དག་ལ་དགེ་བའི་བཤེས་གཉེན་ངེས་པར་དགོས་ཏེ། དེ་བས་ན་དགེ་བའི་བཤེས་གཉེན་ལ་བརྟེན་པར་བྱ་ཞེས་བྱ་བ་བསྟན་ཏོ། །མཆོག་ཏུ་འཛིན་པར་མ་བྱེད་ཅིག་ཅེས་བྱ་བ་དང་། འདོད་པ་མ་སྐྱེད་ཅིག་ཅེས་བྱ་བ་ནི་རྣམ་པར་རྟོག་པའི་ལྟ་བ་དང་། དོན་དམ་པ་
ལ་ཆགས་པས་སྨོན་པ་མ་བྱེད་ཅིག་ཅེས་བྱ་བའི་ཐ་ཚིག་གོ། །དེ་ནས་གནས་བརྟན་རབ་འབྱོར་གྱིས་དེ་ལྟར་ཆོས་ཐམས་ཅད་རང་གི་མཚན་ཉིད་ཀྱིས་སྟོང་པ་ལ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཚོལ་བའི་བྱང་ཆུབ་སེམས་དཔའ་ནི་དཀའ་བ་བགྱིད་པའོ་ཞེས་
གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་སྐབས་དེར་འཇིག་རྟེན་ལ་ཕན་པ་དང་། བདེ་བ་དང་མགོན་དང་སྐྱབས་དང་གནས་དང་དཔུང་གཉེན་དང་གླིང་དང་། ཡོངས་སུ་འདྲེན་པ་དང་། རྟེན་དུ་འགྱུར་བར་བྱའོ་ཞེས་བྱ་བ་ཚིག་དགུས་བསྟན་ནས་དེ་ནས་ཡང་ཚིག་དེ་
དག་རེ་རེ་ནས་སྨོས་ཏེ། རྒྱ་ཆེར་བཤད་པ་མཛད་དོ། །འགྲོ་བ་རྣམས་ལས་ཡོངས་སུ་ཐར་བར་བྱས་ལ། འཇིག་པ་མེད་པའི་གནས་སུ་དགོད་པའི་བསམ་པ་ནི་ཕན་པའོ། །སྡུག་བསྔལ་རྣམས་ལས་ཡོངས་སུ་ཐར་བར་བྱས་ལ། བདེ་བ་ལ་དགོད་པའི་བསམ་པ་ནི་
བདེ་བའོ། །སྡུག་བསྔལ་རྣམས་ལས་ཡོངས་སུ་བསྲུང་བའི་ཕྱིར་ཆོས་བཤད་པའི་བསམ་པ་ནི་མགོན་ནོ། །སྡུག་བསྔལ་གྱིས་ཉམ་ཐག་པ་རྣམས་སྡུག་བསྔལ་ལས་ཡོངས་སུ་ཐར་བར་བྱས་ལ། ཕུང་པོ་མེད་པའི་མྱ་ངན་ལས་འདས་པར་དགོད་པའི་བསམ་པ་ནི་སྐྱབས་སོ། །

ཆགས་པ་མེད་པར་བྱ་བའི་ཕྱིར། ཆོས་འཆད་པའི་བསམ་པ་ནི་གནས་སོ། །གཟུགས་ལ་སོགས་པའི་ཆོས་ཐམས་ཅད་ཀྱིས་ཕ་རོལ་གྱི་ཆོས་འཆད་པའི་བསམ་པ་ནི་དཔུང་གཉེན་ནོ། །གླིང་བཞིན་དུ་ཁོ་ར་ཁོར་ཡུག་ཏུ་ཡོངས་སུ་ཆད་པའི་རྣམ་པར་
ཆོས་འཆད་པའི་བསམ་པ་ནི་གླིང་ངོ་། །སེམས་ཅན་རྣམས་ལ་སྙིང་རྗེ་ཆེན་པོས་མྱ་ངན་ལས་འདས་པར་འདྲེན་པའི་ཆོས་འཆད་པའི་བསམ་པ་ནི་ཡོངས་སུ་འདྲེན་པའོ། །མདོར་ན་འགྲོ་བའི་གནས་བརྒྱད་ཅུ་རྩ་ལྔ་ཉེ་བར་གཟུང་ནས་སོ་སོར་རྟོག་པའི་བསམ་པ་ནི་རྟེན་དུ་འགྱུར་
རོ་ཞེས་གཞུང་གི་གོ་རིམས་སོམོ། །བཅོམ་ལྡན་འདས་ཇི་ལྟར་ན་ཆོས་ཐམས་ཅད་འདྲེ་བ་མ་མཆིས་པ་ལགས་ཞེས་བྱ་བ་ནི་འཁོར་བའི་དུས་ན་ཀུན་བརྟགས་པ་དང་། ཡོངས་སུ་གྲུབ་པ་གཉིས་གང་གི་ཚེ་གཅིག་ཏུ་གྱུར་ཏེ་ཐ་དད་པ་མ་ཡིན་པར་གནས་པ་དེའི་ཚེ་དེ་གཉིས་ཐ་
དད་པ་མེད་པར་གནས་པ་ནི་འདྲེས་པ་ཞེས་བྱའོ། །གང་གི་ཚེ་ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པའི་རྒྱུ་མཐུན་པ་ཉན་པ་དང་བསམ་པ་དང་སྒོམ་པ་ལ་སོགས་པའི་མཐུས་རིམ་གྱིས་གནས་གྱུར་པ་ན། ཡོངས་སུ་གྲུབ་པ་དང་ཀུན་བརྟགས་པ་གཉིས་ཐ་དད་པར་གྱུར་ཅིང་ཤིན་
ཏུ་རྣམ་པར་དག་པ་དྲི་མ་མེད་པའི་ངོ་བོ་ཉིད་དུ་གནས་པར་གྱུར་པ་དེའི་ཚེ། འདྲེས་པ་མེད་པ་ཞེས་བྱའོ། །འབྲེལ་པ་མེད་པ་དང་། སྐྱེ་བ་མེད་པ་དང་། འགག་པ་མེད་པ་ལ་སོགས་པ་ཡང་དེ་ཉིད་ཀྱི་རྣམ་གྲངས་སུ་གཏོགས་པའོ། །གཟུགས་ཀྱི་ཕ་རོལ་གང་ཡིན་པ་དེ་ནི་
གཟུགས་མ་ཡིན་ནོ་ཞེས་བྱ་བ་ནི་དེ་བཞིན་ཉིད་གཟུགས་ཀྱི་མཚན་ཉིད་སྤངས་པའི་ཕྱིར་གཟུགས་ཀྱི་ཕ་རོལ་དུ་གྱུར་པ་ཡིན་ཏེ། དེ་བས་ན་གཟུགས་ཀྱི་ཕ་རོལ་དུ་གྱུར་པ་དེ་བཞིན་ཉིད་གང་ཡིན་པ་དེ་ཀུན་བརྟགས་པའི་གཟུགས་ཀྱི་ངོ་བོ་ཉིད་མ་ཡིན་ནོ་ཞེས་བྱའོ། །རབ་འབྱོར་
གཟུགས་ཇི་ལྟ་བར་ཆོས་ཐམས་ཅད་ཀྱང་དེ་བཞིན་ནོ་ཞེས་བྱ་བ་ཐམས་ཅད་ཀྱང་དེ་བཞིན་ཉིད་ཀྱི་ངོ་བོ་ཉིད་ཡིན་པའི་ཕྱིར་དེ་སྐད་གསུངས་ཀྱི། མངོན་པར་འབྲེལ་བའི་ཕྱིར་ནི་མ་ཡིན་ནོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མངོན་པར་

རྫོགས་པར་སངས་རྒྱས་པ་ཉིད་དུ་མི་འགྱུར་ལགས་སམ་ཞེས་བྱ་བ་ནི་ཅི་ལས་དགོངས་ཤེ་ན། གལ་ཏེ་ཆོས་ཐམས་ཅད་གཟུགས་ཇི་ལྟ་བ་བཞིན་ནོ། །འོ་ན་ནི་གཟུགས་མངོན་པར་རྟོགས་པ་ཉིད་ཀྱིས་ཆོས་ཐམས་ཅད་མངོན་པར་རྟོགས་པར་འགྱུར་ཏེ་རྣམ་པ་ཐམས་ཅད་མཁྱེན་
པ་ཉིད་ཐོབ་པར་འགྱུར་རོ་ཞེས་དགོངས་པའོ། །བཅོམ་ལྡན་འདས་གཟུགས་ཀྱི་ཕ་རོལ་ན་རྣམ་པར་རྟོག་པ་གང་ཡང་མ་མཆིས་སོ་ཞེས་བྱ་བ་ནི་གལ་ཏེ་གཟུགས་ཀྱི་ཕ་རོལ་དུ་གྱུར་པ་དེ་བཞིན་ཉིད་ལ་གཟུགས་སུ་རྣམ་པར་རྟོག་པར་གྱུར་ན། གཟུགས་ཀྱི་ཕ་རོལ་རྟོགས་པས་ཆོས་
ཐམས་ཅད་རྟོགས་པར་མི་འགྱུར་གྱི། གཟུགས་རྟོགས་པ་ཙམ་དུ་ཟད་པར་འགྱུར་བ་ཞིག་ན། འདི་ལྟར་དེ་བཞིན་ཉིད་ཡིན་པས། གཟུགས་ཀྱི་ཕ་རོལ་ལ་གཟུགས་སུ་རྣམ་པར་རྟོག་པ་མེད་དེ། དེའི་ཕྱིར་དེ་ཙམ་ཞིག་རྟོགས་པས་ཆོས་ཐམས་ཅད་རྟོག་པར་འགྲུབ་བོ། །གླིང་
ལྟ་བུའི་ཆོས་རྣམས་མཐོང་བའི་ཕྱིར་གླིང་ངོ་། །གཟུགས་ནི་སྔོན་གྱི་མཐའ་དང་ཕྱི་མའི་མཐའ་ཡོངས་སུ་ཆད་པའོ་ཞེས་བྱ་བ་ནི་གཟུགས་ནི་སྔོན་གྱི་མཐར་དོན་དམ་པར་ནམ་ཡང་མ་བྱུང་། ཕྱི་མའི་མཐར་ཡང་དོན་དམ་པར་ནམ་ཡང་འབྱུང་བར་འགྱུར་བ་མ་ཡིན་ཏེ། དུས་ཐམས་
ཅད་དུ་མེད་པའི་ཕྱིར་རོ། །རབ་འབྱོར་ཆོས་ཐམས་ཅད་གྱི་སྔོན་གྱི་མཐའ་དང་ཕྱི་མའི་མཐའ་ཡོངས་སུ་ཆད་པ་གང་ཡིན་པ་དེ་ནི་ཞི་བའོ། །དེ་ནི་གྱ་ནོམ་པའོ་ཞེས་བྱ་བ་ནི་དུས་སྟོང་པ་ཉིད་ཀྱི་ཕྱིར་ཆོས་ཐམས་ཅད་དམིགས་སུ་མེད་པ་གང་ཡིན་པ་དེ་ནི་དོན་དམ་པ་སྟེ་དེ་རིགས་པའོ་ཞེས་
སྟོན་ཏོ། །གཟུགས་ནི་ནམ་མཁའི་ཚུལ་ཅན་ནོ་ཞེས་བྱ་བ་ནི་དོན་དམ་པའི་གཟུགས་ནི་ནམ་མཁའ་བཞིན་དུ་གོས་པ་མེད་ཅིང་འགྱུར་བ་མེད་ཅེས་བྱ་བའི་ཐ་ཚིག་གོ། །གཟུགས་ཀྱི་སྟོང་པ་ཉིད་ནི་འགྲོ་བ་དང་། འོང་བ་མེད་པའོ་ཞེས་བྱ་བ་ནི་གཟུགས་ཀྱི་སྟོང་པ་ཉིད་རྣམ་པར་རྟོག་
པ་དང་བཅས་པའི་ཚེ་ཡང་གར་ཡང་མི་འགྲོའོ། །ཕྱིས་རྣམ་པར་མི་རྟོག་པའི་ཚེ་ཡང་གང་ནས་ཀྱང་མ་འོངས་སོ་ཞེས་བྱ་བའི་ཐ་ཚིག་གོ། །རབ་འབྱོར་ཆོས་ཐམས་ཅད་ནི་སྟོང་པ་ཉིད་ཀྱི་ཚུལ་ཅན་ཏེ་ཞེས་བྱ་བ་ནི་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་དོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་དག་ནི་ཚུལ་དེ་

ལས་མི་འདའོ་ཞེས་བྱ་བ་ནི་ཆོས་དེ་དག་ངོ་བོ་ཉིད་དེ་མི་འདོར་ཞེས་བྱ་བའོ། །སྐྱེ་བ་མེད་པ་དང་དངོས་པོ་མེད་པའི་ཚུལ་ཅན་ནོ་ཞེས་བྱ་བ་ནི་རྒྱུ་དང་རྐྱེན་གྱི་མཐུས་མ་སྐྱེས་ཤིང་མ་བྱུང་བ་དང་། ངོ་བོ་ཉིད་ཀྱིས་སྐྱེ་བ་མེད་པའི་ཕྱིར་དངོས་པོ་མེད་པའོ། །ཆོས་
ཐམས་ཅད་ནི་མཐའ་ཡས་པ་ཞེས་བྱ་བ་ནི་འཇིག་པ་མེད་པའི་ཕྱིར་མཐའ་ཡས་པའོ། །ཚད་མེད་པའི་ཕྱིར་ཀུན་དུ་མཐའ་ཡས་པའོ། །ཡང་ན་རྟག་པ་དང་ཆད་པ་མེད་པའི་ཕྱིར་མཐའ་ཡས་པའོ། །ལུས་མེད་པའི་ཕྱིར་ཀུན་དུ་མཐའ་ཡས་པའོ། །དབྲི་བ་དང་བསྣན་པ་མེད་པའི་
ཚུལ་ཅན་ཞེས་བྱ་བ་ནི་ཡོད་པ་ལ་སྐུར་པ་མི་འདེབས་པའི་ཕྱིར་དབྲི་བ་མེད་པའོ། །མེད་པ་ལ་སྒྲོ་མི་འདོགས་པའི་ཕྱིར་བསྣན་པ་མེད་པའོ། །འོང་བ་དང་འགྲོ་བ་མེད་པ་ཞེས་བྱ་བ་ནི་གང་ནས་ཀྱང་མ་འོངས་པའི་ཕྱིར་འོང་བ་མེད་པའོ། །གང་དུ་ཡང་མི་འགྲོ་བའི་ཕྱིར་འགྲོ་
བ་མེད་པའོ། །བླང་བ་དང་དོར་བ་མེད་པའི་ཚུལ་ཅན་ཞེས་བྱ་བ་ནི་ལས་ཀྱི་ཚེ་ནི་བླང་བ་མེད་པའོ། །རྣམ་པར་སྨིན་པའི་ཚེ་ནི་དོར་བ་མེད་པའོ། །ཕྲད་པ་མེད་པ་དང་འབྲལ་བ་མེད་པ་དང་། འདྲེ་བ་མེད་པ་དང་། མི་འདྲེ་བ་མེད་པའི་ཚུལ་ཅན་ཞེས་བྱ་བ་ནི་རྣམ་པར་རྟོག་པའི་
ཚེ་ཡང་ཀུན་བརྟགས་པ་དེ་བཞིན་ཉིད་དང་ལྷན་ཅིག་ཕྲད་པ་མེད་ལ། རྣམ་པར་མི་རྟོག་པའི་ཚེ་ཡང་ཕྱིས་འབྲལ་བ་མེད་པའོ། །དེ་བཞིན་དུ་འདྲེ་བ་དང་མི་འདྲེ་བ་ཡང་སྦྱར་རོ། །འདོད་ཆགས་བརྩལ་བས་དབེན་པའི་རང་བཞིན་ནོ་ཞེས་བྱ་བ་ནི་ངོ་བོ་ཉིད་ཀྱིས་དབེན་པའི་ཕྱིར།
འདོད་ཆགས་ལ་སོགས་པ་བརྩལ་བ་མེད་པ་སྟེ། འདོད་ཆགས་ལ་སོགས་པའི་རྟགས་རྣམས་དང་། འདོད་ཆགས་ལ་སོགས་པ་སྤྱོད་པའི་རྟགས་རྣམས་དང་། འདོད་ཆགས་ལ་སོགས་པའི་རྒྱུ་རྣམས་དང་། འདོད་ཆགས་ལ་སོགས་པའི་དམིགས་པ་རྣམས་དང་།
འདོད་ཆགས་དང་འདོད་ཆགས་མེད་པ་ལ་སོགས་པའི་ཆོས་རྣམས་ནི་སེམས་ལས་བྱུང་བ་ཡིན་ཏེ། དེའི་ཕྱིར་གོ་ཆ་དེ་ནི་གཟུགས་དང་འབྲེལ་པ་མ་ཡིན་ཏེ་ཞེས་བྱ་བ་གསུངས་སོ། །གཟུགས་ལ་སོགས་པའི་ཆོས་རྣམས་ཤིན་ཏུ་མེད་པའི་ཕྱིར་ཆོས་དེ་རྣམས་མཚན་མར་

བཟུང་སྟེ་གོ་ཆ་འདིས་བགོས་པ་ནི་མ་ཡིན་གྱི། མཚན་མ་མེད་པའི་གོ་ཆ་ཡིན་ནོ་ཞེས་བསྟན་པའོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ས་མཚམས་བཅད་དེ་སེམས་ཅན་གྱི་དོན་དུ་གོ་ཆ་བཙལ་བ་མ་ལགས་སོ་ཞེས་བྱ་བ་ནི་སེམས་ཅན་འདི་སྙེད་
ཅིག་མྱ་ངན་ལས་འདའ་འོ་ཞེས་བྱ་བར་ཡོངས་སུ་ངེས་པའི་མཚམས་བཅད་པ་གང་ཡང་མེད་དོ། །སུས་ཀྱང་བསྒོམ་པར་མི་བགྱིའོ་ཞེས་བྱ་བ་ནི་བྱེད་པ་པོ་མེད་པའི་ཕྱིར་རོ། །གང་དུ་བསྒོམ་པར་མི་བགྱི་ཞེས་བྱ་བ་ནི་ཆོས་གང་ལས་བསྒོམ་པར་བྱ་བ་མ་མཐོང་བའི་ཕྱིར་རོ། །ཇི་ལྟར་ཡང་བསྒོམ་
པར་མི་བགྱི་ཞེས་བྱ་བ་ནི་བསྒོམ་པའི་ཡིད་ལ་བྱེད་པ་ཡང་མ་མཐོང་བའི་ཕྱིར་རོ། །དེ་ནི་བསྒོམ་པ་རྣམ་པར་འཇིག་པའོ་ཞེས་བྱ་བ་ནི་བསྒོམ་པ་མེད་པར་བྱེད་ཅེས་བྱ་བའི་ཐ་ཚིག་གོ། །རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་
སེམས་དཔའ་ཆེན་པོ་ཡོངས་སུ་བརྟག་པར་བྱའོ་ཞེས་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདིས། འདི་ཕྱིར་མི་ལྡོག་པ་ཡིན་ནམ། འོན་ཏེ་མ་ཡིན་ཞེས་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་བརྟག་པར་བྱ་བའོ། །དེའི་འོག་ཏུ་བྱང་ཆུབ་སེམས་དཔའ་སེམས་
དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་མངོན་པར་ཞེན་པ་མེད་དམ་ཞེས་བྱ་བ་ནི་བརྟགས་པའི་མཚན་མ་སྟོན་སྟེ། བྱང་ཆུབ་སེམས་དཔའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་ཞེས་བྱ་བ་ནས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་བར་དང་། སྟོང་པ་ཉིད་ཐམས་ཅད་དང་
སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་མཐར་ཐུག་པའི་བར་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་དུ་བཤད་པ་ན་དེ་ལ་མངོན་པར་ཞེན་པ་མི་སྐྱེད་ཅིང་མི་གནས་ན་བྱང་ཆུབ་སེམས་དཔའ་ནི་ཕྱིར་མི་ལྡོག་པ་ཡིན་ནོ་ཞེས་ཡོངས་སུ་བརྟག་པར་བྱའོ། །ལ་ལ་རང་བཞིན་གྱིས་
གཞན་གྱིས་སྨྲས་པ་ལ་སྙིང་པོར་འདུ་ཤེས་མི་སྐྱེད་དོ། །ལ་ལ་དད་པར་མི་འགྱུར་རོ། །ལ་ལ་དེ་ལ་ཆགས་པར་མི་འགྱུར་རོ། །ཞེ་སྡང་བར་མི་འགྱུར་གྱི་བཏང་སྙོམས་སུ་གནས་པར་འགྱུར་རོ། །ལ་ལ་རང་བཞིན་གྱིས་ཕ་རོལ་ཏུ་ཕྱིན་པ་དྲུག་དང་མ་བྲལ་བ་ཡིན་ནོ། །

ལ་ལ་ཆོས་ཟབ་མོ་ཐོས་ན་སྐྲག་པ་ལ་སོགས་པར་མི་འགྱུར་གྱི་གོང་ནས་གོང་དུ་མངོན་པར་དགའ་ཞིང་ཉན་པར་འགྱུར་བ་དང་འཛིན་པ་དང་། འཆང་བར་འགྱུར་ཏེ། ཡོན་ཏན་དེ་རྣམས་དང་ལྡན་ན་ཕྱིར་མི་ལྡོག་པ་ཡིན་པར་རིག་པར་བྱའོ། །ཤེས་རབ་ཀྱི་ཕ་རོལ་
ཏུ་ཕྱིན་པ་ཟབ་མོ་འདི་རྣམ་པར་བརྟག་པར་བྱའོ་ཞེས་བྱ་བ་ནི་མངོན་པར་རྟོགས་པའི་དུས་ན་ལྷག་མཐོང་གིས་རྣམ་པར་བརྟག་པའོ། །སྟོང་པ་ཉིད་ལ་གཞོལ་བ་དང་། སྟོང་པ་ཉིད་ལ་འབབ་པ་དང་། སྟོང་པ་ཉིད་ལ་བབ་པས་ཞེས་བྱ་བ་ནི་ཆུང་ངུ་དང་འབྲིང་པོ་དང་ཆེན་
པོའི་དབང་གིས་ཚིག་གསུམ་མོ། །སྟོང་པ་ཉིད་དང་མཚན་མ་མེད་པ་དང་སྨོན་པ་མེད་པ་དང་། སྐྱེ་བ་མེད་པ་དང་། འགག་པ་མེད་པ་དང་། ཀུན་ནས་ཉོན་མོངས་པ་མེད་པ་དང་། རྣམ་པར་བྱང་བ་མེད་པ་ལ་སོགས་པའི་ཆོས་ཉིད་ཀྱིས་མངོན་པར་རྟོགས་པར་བྱས་ནས་
རྣམ་པར་བརྟག་པར་བྱའོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་སྐད་ཅེས་བཀའ་སྩལ་པ་དང་། གནས་བརྟན་རབ་འབྱོར་གྱིས། བཅོམ་ལྡན་འདས་དེ་ལྟར་སྟོང་པ་ཉིད་ལ་གཞོལ་བའི་བསམ་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་འདི་ལ་རྟོག་པར་འགྱུར་བ་དེ་བཞིན་དུ་གཟུགས་
དང་ཚོར་བ་དང་འདུ་ཤེས་ལ་སོགས་པའི་ཆོས་རྣམས་ཀྱང་དེ་ལྟར་བརྟག་པར་བགྱི་འམ། འོན་ཏེ་མི་བགྱི་ཞེས་ཞུས་པ། བཅོམ་ལྡན་འདས་ཅི་གཟུགས་ལ་རྟོག་པ་ལགས་སམ་ཞེས་བྱ་བ་ལ་སོགས་པའོ། །དེ་ནས་བཅོམ་ལྡན་འདས་ཀྱིས། རབ་འབྱོར་བྱང་ཆུབ་སེམས་དཔའ་
སེམས་དཔའ་ཆེན་པོ་ནི་གཟུགས་ལ་རྟོག་པ་མ་ཡིན་ནོ་ཞེས་བྱ་བ་ལ་སོགས་པས་འདི་སྟོན་ཏེ་མངོན་པར་རྟོགས་པའི་ཚེ་གཟུགས་ལ་སོགས་པའི་ཆོས་རྣམས་མེད་པའི་ཕྱིར་སྣང་བར་མི་འགྱུར་རོ། །དེ་བས་ན་གཟུགས་དང་ཚོར་བ་ལ་སོགས་པའི་ཆོས་རྣམས་དང་། རྣམ་པ་
ཐམས་ཅད་མཁྱེན་པ་ཉིད་ཀྱིས་མཐར་ཐུག་པ་རྣམས་ཀྱིས་མངོན་པར་རྫོགས་པར་བྱང་ཆུབ་པ་ནི་མེད་ཀྱི། དེ་དག་གི་དེ་བཞིན་ཉིད་མངོན་པར་རྟོགས་པར་འགྱུར་རོ། །དེ་བཞིན་ཉིད་དེ་ཡང་ཐ་དད་པ་མ་ཡིན་ཏེ། གཟུགས་ལ་སོགས་པ་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་དང་།

རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་གཅིག་གོ། །དེ་བས་ན་དེ་བཞིན་ཉིད་གཅིག་པའི་ཕྱིར་གཟུགས་ལ་སོགས་པའི་ཆོས་རྣམས་ལ་བརྟག་པ་མེད་དོ་ཞེས་བྱ་བའི་ཐ་ཚིག་གོ། །རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་སུས་ཀྱང་མ་བྱས། འགྱུར་བར་མ་བྱས། གང་ནས་ཀྱང་མ་འོངས།
གང་དུ་ཡང་མ་སོང་ཞེས་བྱ་བ་ལ་སོགས་པས་འདི་སྟོན་ཏེ། གལ་ཏེ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་བྱ་བ་དང་འགྱུར་བའི་ཆོས་སམ། འོང་བ་དང་འགྲོ་བ་དང་། གནས་པ་དང་ལྡན་པའམ། ཉི་ཚེ་བའམ། གྲངས་ལ་སོགས་པ་དང་ལྡན་ན་ནི། ཀུན་བརྟགས་པའི་རྣམ་
པར་འགྱུར་ཏེ། འོ་ན་ནི་གཟུགས་ལ་སོགས་པའི་ཆོས་རྣམས་སུ་མངོན་པར་རྫོགས་པར་བྱང་ཆུབ་པར་འགྱུར་བ་ཞིག་ན་གང་གི་ཕྱིར་དེའི་རྣམ་པ་དང་བྲལ་ཏེ། ནམ་མཁའི་ཆོས་ཅན་ཡིན་པ་དེའི་ཕྱིར་དེ་གཟུགས་ལ་སོགས་པར་མངོན་པར་རྫོགས་པར་འཚང་རྒྱ་བར་མི་ནུས་སོ། །
ལྷ་རྣམས་ཀྱིས་ཆོས་ཟབ་མོ་དེ་ལྟ་བུ་ཐོས་ནས། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་པོ་ཞེས་བྱ་བ་ལ་སོགས་པས་མངོན་པར་བསྔགས་ནས་དེ་བཞིན་ཉིད་དེ་ཉིད་དོན་ཐ་དད་པ་མེད་པར་སྨྲས་སོ། །གང་ལ་གཉིས་ཀུན་དུ་རྒྱུ་བ་མེད་པ་དེ་ནི་ཆོས་རྣམས་ཀྱི་ཟབ་པ་
ཉིད་དོ་ཞེས་བྱ་བ་ནི་ཆོས་ཐམས་ཅད་དེ་བཞིན་ཉིད་ཀྱི་བདག་ཉིད་ཡིན་ལ། དེ་བཞིན་ཉིད་ཀྱང་གཅིག་པའི་ཕྱིར་གཅིག་རྒྱུ་བར་འགྱུར་གྱི། གཉིས་སུ་རྒྱུ་བར་མི་འགྱུར་རོ། །ནམ་མཁའ་ཟབ་པའི་ཕྱིར་ཞེས་བྱ་བ་ལ་སོགས་པ་ནི་སྔར་བསྟན་པ་ཉིད་དོ། །ཆོས་འདི་ནི་གཟུགས་གཟུང་
བའི་སླད་དུ་བསྟན་པ་མ་ལགས། མི་གཟུང་བའི་སླད་དུ་ཡང་མ་ལགས་ཞེས་བྱ་བ་ནི། འདི་གཟུགས་སོ་ཞེས་མཚན་མར་འཛིན་པ་ནི་གཟུང་བའོ། །གཟུགས་མེད་དོ་ཞེས་རྣམ་པ་ཐམས་ཅད་དུ་སྐུར་པ་འདེབས་པ་ནི་མི་གཟུང་བའོ། །གཟུགས་ལ་ཐོགས་པ་མ་མཆིས་སོ་
ཞེས་བྱ་བ་ལ་སོགས་པས་ཆོས་ཐམས་ཅད་དང་རྗེས་སུ་མཐུན་པ་ཉིད་རྣམ་པར་བྱེད་དེ་གཟུགས་ལ་སོགས་པའི་ཆོས་ཐམས་ཅད་ལ་སྒྲོ་འདོགས་པ་དང་སྐུར་པ་འདེབས་པའི་མཐའ་མེད་པའི་ཕྱིར་ཐོགས་པ་མེད་པ་འདི་ལྟར་ཀུན་བརྟགས་པའི་གཟུགས་ནི་ཡོད་པ་མ་ཡིན་པས་སྒྲོ་

འདོགས་པའི་མཐའ་མེད་དོ། །ཆོས་ཉིད་ཀྱི་གཟུགས་ནི་ཡོད་པའི་ཕྱིར་སྐུར་པ་འདེབས་པ་མེད་དེ། དེ་བས་ན་གཟུགས་དང་རྗེས་སུ་མཐུན་པའོ། །དེ་བཞིན་དུ་ཐམས་ཅད་ལ་ཡང་སྦྱར་བར་བྱའོ། །གཟུགས་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་མ་འོངས་
མ་སོང་བ་སྟེ། དེ་བཞིན་དུ་རབ་འབྱོར་གྱི་དེ་བཞིན་ཉིད་ཀྱང་མ་འོངས་མ་སོང་ཞེས་བྱ་བ་ལ་སོགས་པས་དེ་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དང་། རབ་འབྱོར་གྱི་དེ་བཞིན་ཉིད་མཉམ་པ་ཉིད་དུ་སྟོན་ཏེ། རྗེས་སུ་སྐྱེས་པ་ཡིན་པར་བསྒྲུབ་པའི་ཕྱིར་མ་འོངས་མ་སོང་ཞེས་བྱ་
སྨོས་ཏེ། གང་ནས་ཀྱང་མ་འོངས། གང་དུ་ཡང་མ་སོང་བའོ། །དེ་བཞིན་གཤེགས་པའི་དེ་བཞིན་ཉིད་གང་ཡིན་པ་དེ་ཉིད་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ཀྱང་དེའོ། །ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་རབ་འབྱོར་དེ་བཞིན་ཉིད་ཀྱང་དེའོ་ཞེས་བྱ་བ་ནི་དེ་བཞིན་
ཉིད་གཅིག་པའི་ཕྱིར་གཅིག་གོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་བཞིན་གཤེགས་པའི་དེ་བཞིན་ཉིད་གནས་པ་ཞེས་བྱ་བ་ནི་ཆོས་གནས་པའི་མཚན་ཉིད་དུ་ཡང་གཅིག་གོ་ཞེས་སྟོན་ཏོ། །འགྱུར་བ་མེད་ཅིང་རྣམ་པར་རྟོག་པ་མེད་ཅེས་བྱ་བ་ལ། འགྱུར་བ་མེད་ཅེས་བྱ་བ་འདིས་ནི་མི་
འགྱུར་བའི་ཡོངས་སུ་གྲུབ་པས་ཡོངས་སུ་གྲུབ་པར་སྟོན་ཏོ། །རྣམ་པར་རྟོག་པ་མེད་ཅེས་བྱ་བ་འདིས་ནི་ཕྱིན་ཅི་མ་ལོག་པར་ཡོངས་སུ་གྲུབ་པས་ཡོངས་སུ་གྲུབ་པར་སྟོན་ཏོ། །ཅི་ལ་འང་ཐོགས་པ་མེད་པ་ཞེས་བྱ་བ་ནི་ཆོས་ཐམས་ཅད་ལ་ཁྱབ་པ་སྟེ། གང་ན་ཡང་ཡོད་པ་མ་ཡིན་ནོ། །
དེ་བས་ན་གང་གི་དེ་བཞིན་ཉིད་དུ་མ་གྱུར་པ་ཡང་མེད་དེ་ཞེས་བྱ་བ་གསུངས་ཏེ། ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ཀྱང་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །ནམ་ཡང་དེ་བཞིན་ཉིད་དུ་མ་གྱུར་པ་མ་ཡིན་ཞེས་བྱ་བ་ནི་དུས་ཐམས་ཅད་དུ་ཡང་དེ་བཞིན་ཉིད་དོ། །གཉིས་སུ་མེད་ཅེས་བྱ་བ་
ནི་ངོ་བོ་ཉིད་གཅིག་པའོ། །དེ་གཉིས་སུ་བྱར་མེད་ཅེས་བྱ་བ་ནི་རྣམ་པ་གཉིས་སུ་དབྱེར་མི་ནུས་པའོ། །ཇི་ལྟར་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཐ་མི་དད་པ་དབྱེར་མེད་པ་གཉིས་སུ་མེད་པ་དེ་བཞིན་དུ་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ཀྱང་ཐ་མི་དད་པར་དབྱེར་མེད་པ་དམིགས་

སུ་མེད་པའོ། །དེ་བཞིན་དུ་གནས་བརྟན་རབ་འབྱོར་གྱི་དེ་བཞིན་ཉིད་ཀྱང་ཐ་མི་དད་པ་དབྱེར་མེད་པ་དམིགས་སུ་མེད་པ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་བཞིན་དུ་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ཀྱང་དམིགས་སུ་མེད་པའི་ངོ་བོ་ཉིད་ཀྱིས་ཐ་མི་དད་དོ། །ཆོས་ཐམས་
ཅད་ཀྱི་དེ་བཞིན་ཉིད་བཞིན་དུ་གནས་བརྟན་རབ་འབྱོར་གྱི་དེ་བཞིན་ཉིད་ཀྱང་དམིགས་སུ་མེད་པའི་ངོ་བོ་ཉིད་ཀྱིས་ཐ་མི་དད་དོ་ཞེས་སྟོན་ཏེ། ཇི་ལྟར་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་གཉིས་སུ་མེད་པའི་ཕྱིར་ཐ་མི་དད་པ་དང་གཉིས་སུ་བྱར་མེད་པའི་ཕྱིར་དབྱེར་མེད་པ་དང་། དམིགས་
སུ་མེད་པའི་ཕྱིར་ངོ་བོ་ཉིད་ཀྱིས་དམིགས་སུ་མེད་དེ་གཅིག་པ་དང་། ཇི་ལྟར་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ཀྱང་ཐ་མི་དད་དབྱེར་མེད་པ་དམིགས་སུ་མེད་པའི་ངོ་བོ་ཉིད་ཡིན་པ་དེ་བཞིན་དུ་རབ་འབྱོར་གྱི་དེ་བཞིན་ཉིད་ཀྱང་དམིགས་སུ་མེད་པའི་ངོ་བོ་ཉིད་ཀྱིས་ཐ་མི་དད་དེ། དབྱེར་
མེད་དོ་ཞེས་བྱ་བའི་ཐ་ཚིག་གོ། །དེ་བཞིན་གཤེགས་པའི་དེ་བཞིན་ཉིད་གང་ཡིན་པ་དེ་ནི་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ལས་གུད་ན་ཡོད་པ་མ་ཡིན་ཏེ། ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ལས་གུད་ན་ཡོད་པ་མ་ཡིན་པ་དེ་ནི་ནམ་ཡང་དེ་བཞིན་ཉིད་མ་ཡིན་པ་མ་ཡིན་ཞིང་། དེ་ནི་རྟག་
ཏུ་དེ་བཞིན་ཉིད་དོ། །གནས་བརྟན་རབ་འབྱོར་གྱི་དེ་བཞིན་ཉིད་ཀྱང་དེ་ལྟ་བུ་སྟེ། དེའི་ཕྱིར་རྣམ་པ་གཞན་མ་ཡིན་པས་དེ་བཞིན་གཤེགས་པའི་རྗེས་སུ་སྐྱེས་ཀྱང་གང་དུ་ཡང་རྗེས་སུ་སྐྱེས་པ་མེད་དོ་ཞེས་བྱ་བས་ནི་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དུ་ཆོས་ཐམས་ཅད་ཀྱི་དེ་
བཞིན་ཉིད་ཀྱང་དམིགས་སུ་མེད་པའི་ངོ་བོ་ཉིད་ཀྱིས་ཐ་མི་དད་དོ། །ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་བཞིན་དུ་གནས་བརྟན་རབ་འབྱོར་གྱི་དེ་བཞིན་ཉིད་ཀྱང་དམིགས་སུ་མེད་པའི་ངོ་བོ་ཉིད་ཀྱིས་ཐ་མི་དད་དོ་ཞེས་སྟོན་ཏེ། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་གང་ཡིན་པ་དེ་
ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ལས་གཞན་མ་ཡིན་ལ། གང་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ལས་གཞན་པ་མ་ཡིན་པ་དེ་ཡང་ནམ་ཡང་དེ་བཞིན་ཉིད་མ་ཡིན་པ་མ་ཡིན་ཏེ། ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ནི་དུས་ཐམས་ཅད་དུ་ཡོད་པའི་ཕྱིར་རོ། །དེ་བཞིན་གཤེགས་

པའི་དེ་བཞིན་ཉིད་དེ་ལས་གཞན་མ་ཡིན་པའི་ཕྱིར། དུས་ཐམས་ཅད་དུ་ཡོད་དོ། །དེ་བཞིན་དུ་གནས་བརྟན་རབ་འབྱོར་གྱི་དེ་བཞིན་ཉིད་ཀྱང་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ལས་གཞན་པ་མ་ཡིན་པའི་ཕྱིར་དུས་ཐམས་ཅད་དུ་ཡོད་དོ། །དེ་བས་ན་དུས་ཐམས་
ཅད་དུ་ཡོད་པའི་ཕྱིར། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཀྱི་རྗེས་སུ་སྐྱེས་པ་ཞེས་བྱའོ། །སྐྱེ་བའི་མཚན་ཉིད་མེད་པའི་ཕྱིར་གང་དུ་ཡང་རྗེས་སུ་སྐྱེས་པ་མེད་པ་ཞེས་ཀྱང་བྱའོ། །ཇི་ལྟར་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་འདས་པ་མ་ཡིན་མ་འོངས་པ་མ་ཡིན། ད་ལྟར་
བྱུང་བ་མ་ཡིན་ཞེས་བྱ་བ་ལ་སོགས་པས་འདི་སྟོན་ཏེ། ཇི་ལྟར་དེ་བཞིན་གཤེགས་པ་ཀུན་བརྟགས་པའི་བདག་ཉིད་ཀྱིས་དུས་གསུམ་དུ་གཏོགས་ཀྱང་དེ་བཞིན་ཉིད་ནི་དུས་ཀྱིས་བསྡུས་པ་མ་ཡིན་པ་དེ་བཞིན་དུ་ཆོས་ཐམས་ཅད་ཀྱང་ཀུན་བརྟགས་པའི་བདག་ཉིད་དུ་དུས་གསུམ་དུ་
གཏོགས་ཀྱང་། དེ་དག་གིས་དེ་བཞིན་ཉིད་ནི་དུས་ཀྱིས་བསྡུས་པ་མ་ཡིན་ནོ། །དེ་བཞིན་དུ་གནས་བརྟན་རབ་འབྱོར་གྱི་དེ་བཞིན་ཉིད་ཀྱང་དུས་ཀྱིས་བསྡུས་པ་མ་ཡིན་ནོ། །དེའི་ཕྱིར་དེ་བཞིན་གཤེགས་པའི་རྗེས་སུ་སྐྱེས་པ་ཞེས་བྱའོ། །ལྷའི་བུ་དག་འདི་ལ་འདས་པའི་དེ་
བཞིན་ཉིད་ཀྱི་མཉམ་པ་ཉིད་ཀྱིས་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་མཉམ་པ་ཉིད་དུ་རིག་པར་བྱའོ་ཞེས་བྱ་བ་ལ་སོགས་པས་འདི་སྐད་སྟོན་ཏེ། འདི་ལྟར་འདས་པའི་ཆོས་ཐམས་ཅད་ཀྱི་འདས་པའི་དེ་བཞིན་ཉིད་ངོ་བོ་ཉིད་གཅིག་པའི་ཕྱིར་མཉམ་པས་དེའི་ཕྱིར་དེ་བཞིན་
གཤེགས་པ་ཐམས་ཅད་ཀྱང་མཉམ་མོ། །དེ་དག་ཀྱང་དེ་བཞིན་ཉིད་དེ་དང་བདག་ཉིད་གཅིག་པའི་ཕྱིར་མཉམ་མོ། །གང་གི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དེ་བཞིན་ཉིད་མཉམ་པ་དེ་ཉིད་ཀྱི་ཕྱིར་འདས་པའི་ཆོས་རྣམས་ཀྱི་དེ་བཞིན་ཉིད་ཀྱང་མཉམ་མོ། །ཅིའི་ཕྱིར་
ཞེ་ན། དེ་བཞིན་གཤེགས་པའི་དེ་བཞིན་ཉིད་དང་། ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་གཅིག་པའི་ཕྱིར་རོ། །ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་མཉམ་པ་ཉིད་ཀྱིས་དེ་བཞིན་གཤེགས་པའི་དེ་བཞིན་ཉིད་ཀྱང་མཉམ་པ་ཉིད་དུ་རིག་པར་བྱའོ། །དེ་བཞིན་གཤེགས་པའི་དེ་བཞིན་

ཉིད་མཉམ་པ་ཉིད་ཀྱིས་འདས་པའི་ཆོས་ཐམས་ཅད་མཉམ་པ་ཉིད་དུ་རིག་པར་བྱའོ། །དེ་བཞིན་དུ་གཞན་དག་ལ་ཡང་སྦྱར་བར་བྱའོ། །གཟུགས་ཀྱི་ཆོས་མཉམ་པ་ཉིད་ཀྱིས་ཞེས་བྱ་བ་ལ་སོགས་པས་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་དེ་ཉིད་རྒྱ་ཆེར་སྟོན་ཏོ། །ལྷའི་བུ་དག་
དེ་བཞིན་གཤེགས་པས་ཡང་དག་པའི་དེ་བཞིན་ཉིད་འདི་ལ་བརྟེན་ནས་དེ་བཞིན་གཤེགས་པ་ཞེས་བྱ་བའི་མཚན་ཐོབ་པར་འགྱུར་རོ་ཞེས་བྱ་བ་ནི་རབ་འབྱོར་དེ་བཞིན་གཤེགས་པ་ཞེས་བྱ་བ་དེ་ནི་ཡང་དག་པའི་དེ་བཞིན་ཉིད་ཀྱི་ཚིག་བླ་དགས་སོ་ཞེས་འབྱུང་བའི་ཕྱིར་རོ། །རྣམ་པ་
དྲག་ཏུ་གཡོས་ཞེས་བྱ་བ་ནི་གཡོ་བ་དང་། འགུལ་བ་དང་། ལྡེག་པ་དང་། ཆེམ་ཆེམ་པ་དང་། འུར་འུར་དང་། འཁྲུགས་ཞེས་བྱ་བ་རྣམ་པ་དྲུག་སྟེ། དེ་དག་ལས་ཆུང་ངུ་དང་འབྲིང་པོ་དང་ཆེན་པོའི་དབང་གིས་རེ་རེ་ལ་ཡང་རྣམ་པ་གསུམ་དུ་ཕྱེ་ན། མཚན་ལྟས་ཆེན་པོ་རྣམ་
པ་བཅོ་བརྒྱད་དང་། ཕྱོགས་དྲུག་རྣམས་སུ་མཐོ་བ་དང་། དམའ་བའི་དབང་གིས་ཕྱོགས་སུ་གྱུར་པ་རྣམ་པ་བཅུ་གཉིས་ཏེ། དེ་དག་ཀྱང་གླེང་གཞིའི་ལེའུ་ཉིད་དུ་བཤད་ཟིན་ཏོ། །དེ་ལ་གཡོས་པ་ལ་སོགས་པ་འདི་དག་ཀྱང་རྒྱུ་རྣམ་པ་གཉིས་ཀྱིས་འབྱུང་སྟེ་ལྷ་མཐུ་ཆེན་པོ་རྣམས་
དམ་པའི་ཆོས་ཐོས་ནས་དགའ་ཞིང་མགུ་བ་སྐྱེས་པའི་མཐུས་ཕན་ཚུན་ཡོངས་སུ་འཁོར་ཞིང་འཁྲུགས་པ་དང་། ཆོས་ཉིད་ཀྱི་མཐུས་གནས་པའི་འཇིག་རྟེན་གྱིས་ཀྱང་ཆོས་ཀྱི་ཆེ་བའི་བདག་ཉིད་བསྟན་པའི་ཕྱིར་འདས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བཤད་པའི་ཆོས་
ཉིད་ཀྱིས་དབང་དུ་གྱུར་པ་ཉིད་དུ་སྟོན་པ་ལྟ་བུར་གྱུར་པའོ། །དེ་ལ་ཕྱོགས་གཅིག་པར་རབ་ཏུ་ལྡེག་པ་ནི་གཡོ་བའོ། །ཤིང་ལྗོན་པ་བཞིན་བདག་ཉིད་ཐམས་ཅད་འགུལ་བ་ནི་འགུལ་བའོ། །མེ་མགལ་སྐོར་བ་བཞིན་དུ་འཁོར་བ་ནི་ལྡེག་པའོ། །སྒྲ་སྐད་རིང་དུ་འབྱུང་བའི་
སྒྲ་ནི་ཆེམ་ཆེམ་མོ། །རྣམ་པར་འཁྲུག་པ་ནི་འཁྲུག་པའོ། །སྒྲ་བེར་བེར་པོ་ནི་འུར་འུར་རོ། །ཡང་ན་ས་ནི་གཡོས་སོ། །ཤིང་ཐམས་ཅད་ནི་འགུལ་ལོ། །རི་ཐམས་ཅད་ནི་ལྡེག་གོ། །ལྷའི་རྔ་བོ་ཆེ་ལ་སོགས་པ་ནི་ཆེམ་ཆེམ་མོ། །རྒྱ་མཚོ་ལ་སོགས་པ་ནི་འཁྲུགས་སོ། །

འབྲུག་རྣམས་ནི་འུར་འུར་རོ། །དེ་དག་ཀྱང་དང་པོ་རྩོམ་པའི་ཚེ་ནི་དལ་ཞིང་མི་དྲག་པར་སྣང་ངོ་། །དེའི་འོག་ཏུ་ནི་དེ་བས་དྲག་གོ། །ཐ་མར་དེ་བས་ཀྱང་རབ་ཏུ་དྲག་སྟེ། རྣམ་པ་གསུམ་དུ་ཕྱོ་བས་བཅོ་བརྒྱད་དུ་འགྱུར་ཏེ། ཕྱོགས་རྣམས་ཀྱང་ཅིག་ཅར་མཐོ་བ་
ལ་སོགས་པར་གྱུར་ན་མུགས་ཤིང་རྣམ་པར་ཞིགས་པ་བཞིན་དུ་རབ་ཏུ་འཁྲུགས་པར་འགྱུར་བའི་ཕྱིར་མཐར་གྱིས་མཐོ་བ་དང་དམའ་བར་གྱུར་ཏོ། །དེ་ལ་གང་གི་ཚེ་ཤར་ཕྱོགས་ཀྱི་ས་དང་། ཤིང་དང་རི་ལ་སོགས་པ་རབ་ཏུ་འཁྲུགས་པར་གྱུར་པ་དེའི་ཚེ་ཤར་ཕྱོགས་མཐོ་བ་
འདྲ་བར་སྣང་ངོ་། །གང་གི་ཚེ་ཤར་ཕྱོགས་མཐོ་བར་སྣང་བ་དེའི་ཚེ་ནུབ་ཕྱོགས་རང་བཞིན་དུ་གནས་ཀྱང་དམའ་བ་འདྲ་བར་སྣང་བ་དེའི་ཚེ་ཤར་ཕྱོགས་མཐོ་ན་ནུབ་ཕྱོགས་དམའ་ཞེས་བྱའོ། །གང་གི་ཚེ་ནུབ་ཕྱོགས་ཀྱི་ས་དང་ཤིང་དང་རི་ལ་སོགས་པ་རབ་ཏུ་འཁྲུགས་པར་གྱུར་
པ་དེའི་ཚེ་ནུབ་ཕྱོགས་མཐོ་བ་འདྲ་བར་སྣང་ཞིང་ཤར་ཕྱོགས་རང་བཞིན་དུ་གནས་ཀྱང་དམའ་བ་འདྲ་བར་སྣང་ངོ་། །དེ་བཞིན་དུ་ཐམས་ཅད་ལ་སྦྱར་བར་བྱའོ། །གཟུགས་ཀྱི་རྗེས་སུ་མ་སྐྱེས། གཟུགས་ལས་གཞན་གྱི་རྗེས་སུ་མ་སྐྱེས་སོ་ཞེས་བྱ་བ་ནི་གཟུགས་སྐྱེ་བར་འགྱུར་
བའི་དངོས་པོ་མེད་པས་གནས་བརྟན་ཡང་དངོས་པོ་མེད་པའི་ཕྱིར་གཟུགས་ཀྱི་རྗེས་སུ་སྐྱེ་བའམ། གཟུགས་ལས་གཞན་པ་གང་དུ་ཡང་སྐྱེ་བར་མི་རིགས་སོ། །དེ་བཞིན་ཉིད་ཀྱང་སྐྱེ་བ་དང་འབྲེལ་པ་མེད་པས་དེ་བཞིན་ཉིད་ཀྱི་རྗེས་སུ་སྐྱེ་བའམ། དེ་བཞིན་ཉིད་
ལས་གཞན་པ་གང་དུ་ཡང་མི་རིགས་སོ། །བཅོམ་ལྡན་འདས་དེ་བཞིན་ཉིད་དང་མ་ནོར་བ་དེ་བཞིན་ཉིད་དང་གཞན་མ་ཡིན་པ་དེ་བཞིན་ཉིད་ཟབ་པོ་ཞེས་བྱ་བ་ལ་སོགས་པ་ནི་དེ་བཞིན་གཤེགས་པའི་དངོས་པོ་ནི་དེ་བཞིན་ཉིད་དོ། །མ་ནོར་བའི་དངོས་པོ་ནི་མ་ནོར་བའི་དེ་བཞིན་
ཉིད་དོ། །གཞན་མ་ཡིན་པའི་དངོས་པོ་ནི་གཞན་མ་ཡིན་པ་དེ་བཞིན་ཉིད་དེ། ཆོས་རྣམས་ཀྱི་བརྗོད་དུ་མེད་པའི་མཚན་ཉིད་ཡོངས་སུ་གྲུབ་པ་དོན་དམ་པའི་དབྱིངས་གང་ཡིན་པ་དེ་ནི་དུས་ཐམས་ཅད་དུ་དེ་བཞིན་ཉིད་དུ་འགྱུར་ཞིང་། ནོར་བར་མི་འགྱུར་གཞན་དུ་མི་འགྱུར་

བའི་ཕྱིར་དེ་བཞིན་ཉིད་དང་མ་ནོར་བ་དེ་བཞིན་ཉིད་དང་གཞན་མ་ཡིན་པ་དེ་བཞིན་ཉིད་ཅེས་བྱའོ། །ཡོངས་སུ་གྲུབ་པའི་མཚན་ཉིད་ནི་རྣམ་པ་གསུམ་སྟེ། མི་འཇིག་པར་ཡོངས་སུ་གྲུབ་པ་དང་། ཕྱིན་ཅི་མ་ལོག་པར་ཡོངས་སུ་གྲུབ་པ་དང་། མི་འགྱུར་བར་ཡོངས་སུ་གྲུབ་པའོ། །
དེ་ལ་མི་འཇིག་པར་ཡོངས་སུ་གྲུབ་པའི་ཕྱིར་དེ་བཞིན་ཉིད་དོ། །ཕྱིན་ཅི་མ་ལོག་པར་ཡོངས་སུ་གྲུབ་པའི་ཕྱིར་མ་ནོར་བ་དེ་བཞིན་ཉིད་དོ། །མི་འགྱུར་བར་ཡོངས་སུ་གྲུབ་པའི་ཕྱིར་གཞན་མ་ཡིན་པ་དེ་བཞིན་ཉིད་དོ། །ཆོས་ཉིད་དང་ཆོས་ཀྱི་དབྱིངས་དང་ཆོས་གནས་པ་ཉིད་ཅེས་
བྱ་བ་ཚིག་གསུམ་གྱིས་མཚན་ཉིད་རྣམ་པ་གསུམ་བསྟན་ཏེ། ཆོས་ཀྱི་མཚན་ཉིད་དང་། འབྱུང་གནས་ཀྱི་མཚན་ཉིད་དང་། གནས་པའི་མཚན་ཉིད་དོ། །ཆོས་ཀྱི་དངོས་པོ་ནི་ཆོས་ཉིད་དེ་ཀུན་བརྟགས་པ་དང་། རྣམ་པར་བརྟགས་པའི་ཆོས་ཐམས་ཅད་ལས་གཞན་དུ་གྱུར་
པ་ན་དེ་དང་མི་འདྲ་བ་བརྗོད་དུ་མེད་པ་ཆོས་ཀྱི་དངོས་པོར་གནས་པ་གང་ཡིན་པ་དེ་གནས་པའི་ཕྱིར་ཆོས་ཉིད་ཀྱི་སྒྲར་བརྗོད་དོ། །ཆོས་ཀྱི་དབྱིངས་ཞེས་བྱ་བ་ནི་འབྱུང་གནས་ཀྱི་མཚན་ཉིད་གསུངས་པ་སྟེ། ཆོས་ནི་སྟོབས་བཅུ་དང་། མི་འཇིགས་པ་དང་། མ་འདྲེས་པ་ལ་
སོགས་པ་སངས་རྒྱས་ཀྱི་ཆོས་རྣམས་སོ། །དབྱིངས་ཀྱི་སྒྲ་ནི་རྒྱུའི་དོན་ཏེ་སངས་རྒྱས་ཀྱི་ཆོས་རྣམས་ཀྱི་འབྱུང་གནས་ཡིན་པའི་ཕྱིར་ཆོས་ཀྱི་དབྱིངས་ཞེས་བྱ་སྟེ་ཆོས་ཀྱི་སྐུ་ཞེས་བྱ་བའི་ཐ་ཚིག་གོ། །ཆོས་གནས་པ་ཉིད་ཅེས་བྱ་བ་ནི་གནས་པའི་མཚན་ཉིད་གསུངས་པ་སྟེ།
དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་མ་བྱུང་ཡང་རུང་ཆོས་ཉིད་དང་། ཆོས་གནས་པ་ཉིད་འདི་ནི་འདུག་པ་ཉིད་དོ་ཞེས་ཇི་སྐད་དུ་གསུངས་པ་ལྟ་བུ་སྟེ་དོན་དམ་པ་བརྗོད་དུ་མེད་པས་ཡོངས་སུ་གྲུབ་པའི་ཆོས་ནི་སྔོན་དྲི་མ་དང་བཅས་པའི་གནས་སྐབས་དང་ཕྱིས་དྲི་མ་མེད་
པའི་གནས་སྐབས་ན་ཡང་དུས་ཐམས་ཅད་དུ་ཡོད་པ་ནི་ཆོས་གནས་པ་ཉིད་དོ། །ཆོས་སྐྱོན་མེད་པ་ཉིད་དང་། ཡང་དག་པའི་མཐའ་དང་། བསམ་གྱིས་མི་ཁྱབ་པའི་དབྱིངས་ཞེས་བྱ་བ་ཚིག་གསུམ་གྱིས་ངེས་པའི་མཚན་ཉིད་གསུངས་ཏེ། དེ་ལ་ཆོས་སྐྱོན་མེད་པ་ཉིད་ཅེས་

བྱ་བ་ལ་ཆོས་ནི་འདིར་ལོག་པའི་ཆོས་ལས་བཟློག་པ། ཡང་དག་པ་ཉིད་ཀྱི་ཆོས་ཏེ་དེ་དག་ལ་ངེས་པ་ཉིད་དང་། གཅིག་ཏུ་ཆད་པ་ཉིད་ནི་སྐྱོན་མེད་པ་ཉིད་དེས་རབ་ཏུ་དགའ་བའི་ཡེ་ཤེས་ཀྱིས་དང་པོ་ཉིད་དུ་དེ་བཞིན་ཉིད་རབ་ཏུ་རྟོགས་པས་བླ་ན་མེད་པ་ཡང་དག་པར་
རྫོགས་པའི་བྱང་ཆུབ་ཏུ་ངེས་པར་འགྱུར་གྱི་གཞན་དུ་ནི་མ་ཡིན་ནོ། །དེ་བས་ན་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་སངས་རྒྱས་བྱེད་པ་ཡང་དག་པ་ཉིད་ཀྱི་ཆོས་རྣམས་ཀྱི་ངེས་པའི་རྒྱུ་ཡིན་པའི་ཕྱིར་ཆོས་སྐྱོན་མེད་པ་ཉིད་ཅེས་བྱ་སྟེ་འདི་སྐད་དུ་ཡང་དག་པ་ཉིད་སྐྱོན་མེད་པ་ལ་ཞུགས་པ་ཡིན་
ནོ་ཞེས་གསུངས་པའི་ཕྱིར་རོ། །ཡང་ན་སྐྱོན་ཞེས་བྱ་བ་ནི་ཆོས་ལ་སྲེད་པ་སྟེ། སྐྱོན་གྱི་དངོས་པོ་མེད་པ་ནི་སྐྱོན་མེད་པ་ཉིད་དོ་ཞེས་སྔར་ཇི་སྐད་དུ་བསྟན་པ་ལྟ་བུའོ། །ཆོས་རྣམས་ལ་སྐྱོན་མེད་པ་ཉིད་ནི་ཆོས་སྐྱོན་མེད་པ་ཉིད་དེ། ཆོས་གང་རབ་ཏུ་རྟོགས་པས་སྐྱོན་གྱི་ཆོས་རྣམས་
རྒྱུན་བཅད་པ་དེ་ལ་ཆོས་སྐྱོན་མེད་པ་ཉིད་ཅེས་བྱའོ། །ཡང་དག་པའི་མཐའ་ཞེས་བྱ་བ་ནི་ཡང་དག་པ་དེ་ཁོ་ན་ཉིད་ཀྱི་དོན་གྱི་མཐའ་སྟེ། མཐར་ཕྱིན་པའི་ཕྱིར་ཡང་དག་པའི་མཐའ་ཤིན་ཏུ་ངེས་པ་དེ་ཁོ་ན་ཉིད་ཅེས་བྱ་བའི་ཐ་ཚིག་གོ། །བསམ་གྱིས་མི་ཁྱབ་པའི་དབྱིངས་ཞེས་བྱ་
བ་ནི་བསམ་གྱིས་མི་ཁྱབ་པའི་ངོ་བོ་ཉིད་དེ། འཇིག་རྟེན་པའི་རྟོག་པ་ཐམས་ཅད་ཀྱི་རྗེས་སུ་དཔག་པའི་སྤྱོད་ཡུལ་མ་ཡིན་པས་ཤིན་ཏུ་ངེས་པ་སོ་སོ་རང་གིས་རིག་པ་དོན་དམ་པ་ལ་བསམ་གྱིས་མི་ཁྱབ་པའི་དབྱིངས་ཤེས་བྱའོ། །ཡང་ན་ངོ་མཚར་རྨད་དུ་བྱུང་བའི་ཆོས་བསམ་
གྱིས་མི་ཁྱབ་པ་རྣམས་ཀྱི་རྒྱུ་ཡིན་པའི་ཕྱིར། བསམ་གྱིས་མི་ཁྱབ་པའི་དབྱིངས་ཏེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆོས་ཀྱི་སྐུའི་དབང་གིས་ཆོ་འཕྲུལ་ངོ་མཚར་རྣམས་འཇིག་རྟེན་དུ་འབྱུང་བའོ། །དེ་ལ་གཟུགས་མི་དམིགས་གཟུགས་ཀྱི་དེ་བཞིན་ཉིད་མི་
དམིགས་ཞེས་བྱ་བ་ནི་གཟུགས་ལ་སོགས་པའི་ཆོས་རྣམས་མེད་པའི་ཕྱིར་མི་དམིགས་སོ། །དེ་བཞིན་ཉིད་ནི་དམིགས་པར་བྱ་བ་དང་། དམིགས་པར་བྱེད་པ་མཉམ་པ་ཉིད་དུ་གྱུར་པའི་གནས་སྐབས་ན། གཟུང་བ་དང་འཛིན་པའི་དངོས་པོ་མེད་པས་མི་དམིགས་སོ། །ཡང་

ན་དྲི་མ་དང་བཅས་པ་དང་དྲི་མ་མེད་པའི་གནས་སྐབས་ཉིད་ལ་གཟུགས་ཀྱི་དེ་བཞིན་ཉིད་ཅེས་བྱ་བ་ལ་སོགས་པའི་སྒྲར་བརྗོད་པའི་ཕྱིར་དེ་སྐད་ཅེས་བྱའོ། །དེའི་འོག་ཏུ་ཆོས་མངོན་པར་རྟོགས་པ་ནི་བརྡ་ཕྲད་སླ་བས་མ་བཀྲོལ་ལོ། །བྱང་ཆུབ་སེམས་དཔའ་ཡོངས་སུ་ཉམས་པའི་ཆོས་
ཅན་དྲུག་ཅུ་ནི་ཉེ་བར་ལེན་པ་མེད་པར་ཟག་པ་རྣམས་ལས་སེམས་རྣམ་པར་གྲོལ་ཞེས་བྱ་བ་ནི་ཅིའི་ཕྱིར་བྱང་ཆུབ་སེམས་དཔའ་དེ་དག་ཡོངས་སུ་ཉམས་པའི་ཆོས་ཅན་ཡིན་ཞེ་ན། འདི་ལྟར་དེ་དག་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ཐབས་མཁས་པ་དང་བྲལ་བས་ཕ་རོལ་
ཏུ་ཕྱིན་པ་དྲུག་པོ་དག་ལ་དམིགས་པ་དང་བཅས་པའི་སྤྱོད་པ་སྤྱད་པས། དེའི་ཕྱིར་བྱང་ཆུབ་སེམས་དཔའ་དེ་དག་སྐྱོན་མེད་པར་མ་ཞུགས་ཤིང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བསྒྲུབ་པར་མ་བྱས་པའོ། །དེ་དག་གིས་སྔོན་སྟོང་པ་ཉིད་དང་མཚན་མ་མེད་པ་དང་
སྨོན་པ་མེད་པའི་བསྒོམ་པ་དེས་རྣམ་པར་གྲོལ་བའི་སྒོ་ཐོབ་པར་གྱུར་ཏེ། དེའི་ཕྱིར་དེ་དག་གིས་ཡང་དག་པའི་མཐའ་མངོན་སུམ་དུ་བྱས་ནས་དགྲ་བཅོམ་པ་ཐོབ་པར་གྱུར་ཏོ། །སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་སྒོམ་པ་དེ་ཉིད་ཐབས་མཁས་པ་དང་
བྲལ་བ་རྣམས་ནི་ཉན་ཐོས་སུ་འགྱུར་གྱི་མ་བྲལ་བ་རྣམས་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་འགྱུར་བ་འདི་ཅིའི་ཕྱིར་ཞེས་ཞུས་པ་དང་། བྱའི་དཔེ་བསྟན་ཏོ། །ཐབས་མཁས་པ་བསྟན་པ་ཡང་བརྡ་ཕྲད་སླའོ། །དེ་ནས་གནས་བརྟན་ཤཱ་རིའི་བུས།
བཅོམ་ལྡན་འདས་བདག་གིས་བཅོམ་ལྡན་འདས་ཀྱིས་གསུངས་པའི་དོན་འཚལ་བ་ལྟར་ན་ཞེས་གསུངས་པ་ནི་རིགས་ཀྱི་བྱེ་བྲག་གིས་ཤེས་རབ་དང་ཐབས་ལ་མཁས་པ་འབྱུང་སྟེ། དེ་ལས་མི་དམིགས་པའི་བློ་སྐྱེ་ཞིང་། དེས་དེ་དག་ཐམས་ཅད་གྲུབ་པར་འགྱུར་རོ་ཞེས་བསྟན་ཏོ། །
སེམས་དང་པོ་བསྐྱེད་པ་ནས་ཉེ་བར་བཟུང་སྟེ་ཞེས་བྱ་བ་ནི་ས་དང་པོ་ཉེ་བར་བཟུང་སྟེ་ཞེས་བྱ་བའི་ཐ་ཚིག་གོ། །ལྷའི་བུ་དག་ངས་ཀྱང་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མངོན་པར་རྫོགས་པར་སངས་རྒྱས་ཏེ་ངས་ནི་གང་མངོན་པར་རྫོགས་པར་འཚང་རྒྱ་བའམ། གང་གིས་མངོན་

པར་རྫོགས་པར་འཚང་རྒྱ་བའམ། གང་མངོན་པར་རྫོགས་པར་འཚང་རྒྱ་བར་བྱ་བའི་ཆོས་གང་མ་དམིགས་སོ་ཞེས་བྱ་བ་ནི་ངས་ཀུན་རྫོབ་ཀྱི་ཤེས་པ་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱིས་བསྡུས་པས་ནི་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་ཤེས་
ཀྱི་དོན་དམ་པའི་ཡེ་ཤེས་ཀྱིས་རབ་ཏུ་རྣམ་པར་ཕྱེ་ན་རྨི་ལམ་ན་མཐོང་བའི་དོན་བཞིན་དུ་ཤེས་པར་བྱེད་པའམ། ཤེས་པར་བྱ་བའི་ཆོས་གང་ཡང་མ་མཐོང་ངོ་ཞེས་བྱ་བའི་ཐ་ཚིག་གོ། །ལྷའི་བུ་དག་ཆོས་ཐམས་ཅད་ཤིན་ཏུ་རྣམ་པར་དག་པའི་ཕྱིར་རོ་ཞེས་བྱ་བ་ནི་འདིར་དངོས་
པོ་མེད་པ་ཉིད་ལ་རྣམ་པར་དག་པ་ཞེས་བྱ་སྟེ་ཤིན་ཏུ་མེད་པ་ཞེས་བྱ་བའི་ཐ་ཚིག་གོ། །བཅོམ་ལྡན་འདས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ནི་མངོན་པར་རྫོགས་པར་འཚང་རྒྱ་བར་བགྱི་བ་ནི་མི་དཀའོ་ཞེས་བྱ་བ་ནི། ཆོས་ཐམས་ཅད་མེད་པའི་ཕྱིར་ཏེ་དངོས་པོ་མེད་པ་
ལ་དངོས་པོ་མེད་པར་རྟོགས་པར་བྱ་བ་ནི་མི་དཀའི། ཡོད་པའི་ཆོས་རྣམས་ཀྱི་མཚན་ཉིད་ཡང་དག་པ་ཇི་ལྟ་བ་ཉིད་རྟོགས་པར་བྱ་བ་ནི་དཀའོ། །མེད་པ་ལ་དངོས་པོ་མེད་པ་ཙམ་དུ་ཤེས་ཤིང་སྒྲུབ་པ་ནི་མི་དཀའ་སྟེ། འདི་ལྟར་ཆོས་རྣམས་ཡོད་པ་ལ་ནི་དཀར་པོའི་ཆོས་
འཕེལ་བར་བྱ་བ་དང་། ནག་པོའི་ཆོས་སྤང་བར་བྱ་བའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་སྤྱོད་པ་བསྒྲུབ་དགོས་པར་འགྱུར་ན། གང་གི་ཕྱིར་ཆོས་འདི་རྣམས་མེད་པ་དེའི་ཕྱིར་སྒྲུབ་པ་ཡང་མི་དཀའ་འོ། །དེ་བས་ན་མངོན་པར་རྫོགས་པར་འཚང་རྒྱ་བར་མི་དཀའ་འོ་ཞེས་བྱ་
བ་གསུངས་སོ། །གནས་བརྟན་ཤཱ་རིའི་བུས་མངོན་པར་རྫོགས་པར་འཚང་རྒྱ་བ་དཀའ་བར་གསུངས་པ་དེའི་དགོངས་པ་ནི་འདི་ལྟ་སྟེ། ཆོས་ཐམས་ཅད་དངོས་པོ་མེད་པའི་ངོ་བོ་ཉིད་དེ་ནམ་མཁའ་ལྟ་བུར་དངོས་པོ་མེད་པར་རིག་ནས། གལ་ཏེ་མི་སྨྲ་བར་འདུག་པས་ཆོག་ན་
དེ་ལྟར་ན་ནི་དཀའ་བ་མ་ཡིན་པར་འགྱུར་ན། འདི་ལྟར་ཡང་དག་པར་ན་ཆོས་ཐམས་ཅད་མངོན་པར་རྫོགས་པར་བྱང་ཆུབ་པ་མེད་པར་ཡང་རིག་པར་བྱས་ལ། དེའི་འོག་ཏུ་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་རྣམས་ལ་ཡང་སྦྱོར་ཞིང་། ཆོས་ཐམས་ཅད་ཀྱང་མངོན་པར་རྫོགས་པར་

འཚང་རྒྱ་བར་བྱེད་ན་དེ་ལྟ་བུ་ན་ནི་དཀའ་འོ་ཞེས་བྱ་བར་དགོངས་པའོ། །གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་ཐམས་ཅད་ནམ་མཁའ་ལྟ་བུར་མོས་པར་མི་བྱེད་ཀྱང་ཞེས་བྱ་བ་ལ་སོགས་པས་ནི་འདི་སྐད་སྟོན་ཏེ། །གལ་ཏེ་ཆོས་ཐམས་ཅད་ཤིན་ཏུ་མེད་པའི་ཕྱིར་ནམ་
མཁའ་ལྟ་བུར་མོས་པར་མ་བྱས་ཀྱང་བྱང་ཆུབ་འཐོབ་པར་འགྱུར་ན་ནི་དེ་ལྟ་ན་སླ་སྟེ་དཀའ་བ་མ་ཡིན་ནོ། །གལ་ཏེ་དེ་ལྟར་གྱུར་ན་འཇིག་རྟེན་ན་ཡང་བྱང་ཆུབ་སེམས་དཔའ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད་པ་དག་དམིགས་པའི་འདུ་ཤེས་མ་སྤངས་པས་བླ་ན་མེད་པ་ཡང་དག་པར་
རྫོགས་པའི་བྱང་ཆུབ་ལས་ཕྱིར་ལྡོག་པར་ཡང་མི་འགྱུར་ལ་ཉན་ཐོས་དང་རང་སངས་རྒྱས་ཀྱི་སར་ལྷུང་བར་ཡང་མི་འགྱུར་བ་ཞིག་ན། གང་གི་ཕྱིར་དེ་ལྟར་དམིགས་པ་ཅན་དུ་སྤྱོད་པ་རྣམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བ་
མེད་པས། དེའི་ཕྱིར་ཆོས་དེ་དག་ཉིད་ཤིན་ཏུ་དངོས་པོ་མེད་པར་མཐོང་བས་ཆོས་དེ་དག་ཉིད་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་དེ་དཀའོ་ཞེས་བསྟན་པའོ།། །།བམ་པོ་ཉི་ཤུ་གཉིས་པ། དེ་སྐད་སྨྲས་པ་དང་། གནས་བརྟན་རབ་འབྱོར་གྱིས་བྱང་
ཆུབ་སེམས་དཔའ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་ལྡོག་གོ་ཞེས་བྱ་བ་དེ་མ་བཟོད་ནས་ཚེ་དང་ལྡན་པ་ཤཱ་རིའི་བུ་དེ་ཇི་སྙམ་དུ་སེམས་གཟུགས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ལྡོག་གམ་ཞེས་བྱ་བ་ལ་སོགས་པ་གསུངས་སོ། །འདིར་ཡང་རྣམ་
པ་དྲུག་སྟོན་ཏེ། གཟུགས་ལ་སོགས་པའི་ཆོས་རྣམས་ཕྱིར་ལྡོག་གམ། གཟུགས་ལ་སོགས་པ་ལས་གཞན་པའི་ཆོས་འགའ་ཞིག་ཕྱིར་ལྡོག་གམ། གཟུགས་ལ་སོགས་པའི་ཆོས་རྣམས་ཀྱི་དེ་བཞིན་ཉིད་དྲི་མ་དང་བཅས་པའི་ཆོས་འགའ་ཞིག་ཕྱིར་ལྡོག་གམ།
གཟུགས་ལ་སོགས་པའི་དེ་བཞིན་ཉིད་ལས་གཞན་པའི་ཆོས་འགའ་ཞིག་ཕྱིར་ལྡོག་གམ། དེ་བཞིན་ཉིད་ཤིན་ཏུ་རྣམ་པར་དག་པ་དྲི་མ་མེད་པ་གང་ཡིན་པ་དེ་ཕྱིར་ལྡོག་གམ། དེ་ལས་གཞན་པའི་ཆོས་འགའ་ཞིག་ཕྱིར་ལྡོག་གྲང་ན། དེ་ལྟར་ཆོས་རྣམས་དྲུག་པོ་དེ་དག་མེད་

ན་གང་ཕྱིར་ལྡོག་པར་འགྱུར་བའི་ཆོས་བདེན་པར་གནས་པ་དེ་གང་ཞིག་ཡོད་དེ། དེ་བས་ན་དོན་དམ་པར་ཕྱིར་ལྡོག་པར་འགྱུར་བ་གང་ཡང་མེད་དོ་ཞེས་བསྟན་པའོ། །གནས་བརྟན་རབ་འབྱོར་གྱིས་ཆོས་ཀྱི་ཚུལ་གྱི་རྣམ་པ་དེས་བསྟན་པ་ལྟར་ན་ཞེས་བྱ་བ་ལ་
སོགས་པས་ནི་གནས་བརྟན་ཤཱ་རིའི་བུས་འདི་སྐད་སྨྲས་ཏེ། གལ་ཏེ་བྱང་ཆུབ་སེམས་དཔའ་ཕྱིར་ལྡོག་པ་མེད་ན། དེ་ལྟ་ན་ནི་བྱང་ཆུབ་སེམས་དཔའ་ཐམས་ཅད་སངས་རྒྱས་སུ་འགྱུར་གྱི། ཕྱིར་ལོག་ནས་ཉན་ཐོས་དང་རང་སངས་རྒྱས་སུ་མི་འགྱུར་རོ། །དེ་ལྟར་གྱུར་ན་བྱང་
ཆུབ་སེམས་དཔའ་རྣམ་པ་གསུམ་མོ་ཞེས་བྱ་བ་བྱང་ཆུབ་སེམས་དཔའ་རྣམས་ལ་རྣམ་པ་གསུམ་དུ་འགྱུར་བ་མེད་དོ་ཞེས་དེ་སྙམ་དུ་བསམས་པ་དང་། གནས་བརྟན་གང་པོའི་ཚིག་གིས་རབ་འབྱོར་ལ་ཡང་དྲིས་པ་དང་། དེ་ནས་གནས་བརྟན་རབ་འབྱོར་གྱིས་བྱང་ཆུབ་སེམས་
དཔའ་རྣམ་པ་གསུམ་ཞེས་བྱ་བའི་ཚིག་དེ་མ་བཟོད་ནས། ཚེ་དང་ལྡན་པ་ཤཱ་རིའི་བུས་ཁྱོད་དེ་བཞིན་ཉིད་ལ་བྱང་ཆུབ་སེམས་དཔའ་གསུམ་འདོད་དམ་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། བྱིས་པ་སོ་སོའི་སྐྱེ་བོ་ཐམས་ཅད་དང་འཕགས་པའི་གང་ཟག་ཐམས་ཅད་དང་།
རང་བྱང་ཆུབ་དང་། བྱང་ཆུབ་སེམས་དཔའ་དང་། སངས་རྒྱས་ཀྱང་དེ་བཞིན་ཉིད་ཀྱི་དབང་གིས་གཅིག་ཁོ་ནར་འགྱུར་ཏེ། དེ་དག་ལ་ཐ་དད་པ་མེད་དོ་ཞེས་སྔར་ཡང་བཤད་ཟིན་ཏོ། །དེ་ལྟར་ཐམས་ཅད་གཅིག་ཏུ་ཟད་པ་ལ་བྱང་ཆུབ་སེམས་དཔའ་རྣམ་པ་གསུམ་དུ་འདོད་ན།
དེ་བཞིན་ཉིད་རྣམ་པ་ཐམས་ཅད་དུ་ཐ་དད་པ་མེད་པ་ལ། གཅིག་གམ་གཉིས་སམ་གསུམ་ཞེས་ཐ་དད་དུ་དབྱེ་བ་ཇི་ལྟར་རིགས་པར་འགྱུར་ཞེས་བསྟན་པའོ། །དེ་ནས་གནས་བརྟན་རབ་འབྱོར་ལ་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་འདི་ནི་བླ་ན་མེད་པ་ཡང་དག་
པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་འབྱུང་བར་རིག་པར་བྱའོ་ཞེས་གསུངས་པའི་སྐབས་ལས་ངེས་པར་འབྱུང་བ་བསྒྲུབ་པའི་མཚན་ཉིད་ཤེས་པར་འདོད་པའི་འཁོར་རྣམས་ཀྱི་དོན་དུ། བཅོམ་ལྡན་འདས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་འབྱུང་བར་

འཚལ་བའི་བྱང་ཆུབ་སེམས་དཔས་ཇི་ལྟར་གནས་པར་བགྱི་ཞེས་ཞུས་པ་དང་། དེའི་འོག་ཏུ་བསམ་པ་ཕུན་སུམ་ཚོགས་པ་དང་། སྦྱོར་བ་ཕུན་སུམ་ཚོགས་པས་གནས་པར་བསྟན་པ། སེམས་ཅན་ཐམས་ཅད་ལ་སེམས་མཉམ་པ་ཉིད་དུ་བསྐྱེད་པར་བྱའོ་ཞེས་བྱ་བ་ནས་ཉེ་དུ་དང་
སྣག་གི་གཉེན་མཚམས་ཀྱི་སེམས་ཀྱིས་དམིགས་པར་བྱའོ་ཞེས་བྱ་བའི་བར་དུ་ནི་བསམ་པ་ཕུན་སུམ་ཚོགས་པའོ། །བདག་གིས་ཀྱང་སྲོག་གཅོད་པ་སྤང་བར་བྱ་ཞེས་བྱ་བ་ནས་དམ་པའི་ཆོས་གནས་པ་མཐུན་པས་དགའ་བར་བྱའོ་ཞེས་བྱ་བའི་བར་དུ་ནི་སྦྱོར་བ་ཕུན་སུམ་ཚོགས་
པའོ། །དེའི་འོག་ཏུ་སྦྱོར་བའི་འབྲས་བུ་རྣམ་པ་གཉིས་ཏེ། སྒྲིབ་པ་མེད་པ་དང་། ཡོངས་སུ་འཛིན་པ་མེད་པའོ། །སེམས་ཅན་ཐམས་ཅད་ལ་མཉམ་པའི་སེམས་བསྐྱེད་པར་བྱའོ་ཞེས་བྱ་བ་ནི་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ཀྱི་དབང་གིས་སོ། །གཟུགས་སྒྲིབ་པ་མེད་པར་
འགྱུར་རོ་ཞེས་བྱ་བ་ནི་གཟུགས་ལ་སྒྲིབ་པར་མི་རྟོག་གོ་ཞེས་བྱ་བའི་ཐ་ཚིག་གོ། །སྔོན་གྱི་མཐའ་ནས་ཀྱང་གཟུགས་ཡོངས་སུ་མ་བཟུང་ངོ་ཞེས་བྱ་བ་ནི་སྔོན་གྱི་དུས་ནས་ཀྱང་གཟུགས་ལ་ལོགས་པའི་སྒྲིབ་པར་འགྱུར་བ་ཡོངས་སུ་མི་གཟུང་ངོ་། །དེ་ལྟར་ཡོངས་སུ་མ་བཟུང་ངོ་
ཞེས་བྱ་བ་ལ་སོགས་པ་གསུངས་པ་ལ། ཇི་ལྟར་གཟུགས་ཡོངས་སུ་མ་བཟུང་བ་ཞེས་བྱ་བར་འགྱུར་ཞེ་ན་ཞེས་བྱ་བ་ནི་ཐེ་ཚོམ་ཟ་བ་རྣམས་ཀྱི་ཕྱིར་གསུངས་སོ། །རབ་འབྱོར་འདི་ལྟར་གཟུགས་ཡོངས་སུ་གཟུང་དུ་མེད་པ་གང་ཡིན་པ་དེ་ནི་གཟུགས་མ་ཡིན་ཞེས་བྱ་བ་ནི་
བྱང་ཆུབ་སེམས་དཔའ་ཆོས་ཐམས་ཅད་ལ་ཡོངས་སུ་འཛིན་པ་མེད་པ་ཉིད་འཕེལ་བར་བྱེད་ཀྱི་ཡོངས་སུ་འཛིན་པ་ནི་མ་ཡིན་ནོ། །བྱང་ཆུབ་སེམས་དཔའི་ཡོངས་སུ་མི་འཛིན་པ་དེ་ཡང་གཟུགས་ལ་སོགས་པའི་ངོ་བོ་ཉིད་མ་ཡིན་ནོ། །དེ་བས་ན་ཡོངས་སུ་འཛིན་པ་མེད་པ་སྤེལ་
ན་བྱང་ཆུབ་སེམས་དཔས་གཟུགས་ལ་སོགས་པ་ཡོངས་སུ་མ་བཟུང་བར་འགྱུར་རོ། །དེ་ནས་གནས་བརྟན་རབ་འབྱོར་གྱིས་སྔར་དོན་དམ་པར་ཕྱིར་ལྡོག་པ་ཡང་མེད་བྱང་ཆུབ་སེམས་དཔའ་རྣམ་པ་གསུམ་ཡང་མེད་དོ་ཞེས་སྨྲས་པའི་ཕྱིར་དེ་ནི་སྐབས་འདིར་ཕྱིར་མི་ལྡོག་པའི་

རྟགས་རྣམས་ཞུས་པ་དང་། དེ་ནས་བཅོམ་ལྡན་འདས་ཀྱིས་ཕྱིར་མི་ལྡོག་པའི་རྟགས་རྣམ་པ་སུམ་ཅུ་རྩ་ལྔས་བསྟན་ཏེ། དེ་བཞིན་ཉིད་ལ་གཉིས་སུ་མེད་པར་མཐོང་བ་དང་། ཐམས་ཅད་ལས་ཕྱིར་ལྡོག་པ་དང་། སྟོན་པ་གཞན་ལ་རིམ་གྲོ་བྱེད་པ་ལ་སོགས་པ་
ཆོས་ངན་པ་མེད་པ་དང་། མི་ཁོམ་པར་སྐྱེ་བ་མེད་པ་དང་། མི་དགེ་བའི་ལས་ཀྱི་ལམ་སྤངས་པ་དང་། དགེ་བའི་ལས་ཀྱི་ལམ་ཡོངས་སུ་རྫོགས་པར་བྱེད་པ་དང་། སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པ་དང་། སེམས་ཅན་
ཐམས་ཅད་ཀྱི་དོན་དུ་གསུང་རབ་ཡན་ལག་བཅུ་གཉིས་ཀྱི་ཆོས་ཀུན་ཆུབ་པར་བྱེད་པ་དང་། ཆོས་ཟབ་མོ་ལ་ནེམ་ནུར་མེད་པ་དང་། ལུས་ངག་དང་། ཡིད་ཀྱི་ལས་འཇམ་ཞིང་བྱམས་པར་ལྡན་པ་དང་། སྒྲིབ་པ་རྣམ་པ་ལྔ་དང་དུ་མི་ལེན་པ་དང་། བག་ལ་ཉལ་བ་རྣམ་པ་བདུན་
མེད་པ་དང་། དྲན་པ་དང་ཤེས་བཞིན་དུ་ལྡན་པའི་སྤྱོད་ལམ་ཅན་དང་། གཙང་སྦྲར་སྤྱོད་པ་ལ་སོགས་པ་དང་ལྡན་པ་དང་། ལུས་ལ་སྲིན་བུའི་རིགས་སྟོང་མི་འབྱུང་བ་དང་། ལུས་དང་ངག་དང་སེམས་ཡོངས་སུ་དག་པ་དང་། འདོད་པ་ཆུང་ལ་ཆོག་ཤེས་ཤིང་སྦྱངས་པའི་ཡོན་ཏན་ལ་བརྟེན་
པ་དང་། སེར་སྣ་ལ་སོགས་པ་མེད་པ་དང་། བློ་བརྟན་ཞིང་ཟབ་པ་ལ་སོགས་པ་དང་ལྡན་པ་དང་། བདུད་ལ་སོགས་པས་མི་འཕྲོགས་པ་དང་། དྲིང་མི་འཇོག་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་པ་དང་། བདུད་ཀྱི་ལས་རྟོགས་པ་དང་། མི་སྐྱེ་བའི་ཆོས་ལ་
བཟོད་པ་ཐོབ་པ་དང་། ཕྱིར་ལྡོག་པ་དང་ཕྱིར་མི་ལྡོག་པ་དང་། བསམ་གཏན་དང་ཏིང་ངེ་འཛིན་དང་སྙོམས་པར་འཇུག་པའི་འབྲས་བུ་ལ་མི་རེག་པ་དང་། གཟུགས་ལ་སོགས་པའི་ཆོས་ཐམས་ཅད་ལྷུར་མི་ལེན་པ་དང་། ཕ་རོལ་ཏུ་ཕྱིན་པ་རྣམས་ལ་སྦྱོར་བ་རྣམ་པ་བཞི་ཕུན་སུམ་
ཚོགས་པ་དང་། སྦྱིན་པའི་འབྲས་བུ་གཞན་མི་དགའ་བར་འགྱུར་བ་ལ་སོགས་པ་ལ་མི་རེ་བ་དང་། རྡོ་རྗེའི་རིགས་ལྔ་ཕྱི་བཞིན་འབྲང་བ་ལ་སོགས་པའི་དབང་དང་། སྔགས་དང་བཟོ་ངན་པ་ལ་མི་བརྟེན་པ་དང་། གཏམ་ངན་པའི་སྦྱོར་བ་ལས་ལྡོག་ཅིང་ཡང་དག་པའི་ལས་དང་

བསམ་པ་ལ་འཇུག་པ་དང་། རང་གི་ས་ལ་ཐེ་ཚོམ་མེད་པ་དང་། ཆོས་ཡོངས་སུ་བཟུང་བའི་ཕྱིར་སྲོག་ཀྱང་ཡོངས་སུ་གཏོང་བ་དང་། ཆོས་བཟུང་བ་རྣམས་ཆུད་མི་གསོན་པའི་ཕྱིར་རོ། །དེ་ལ་དེ་བཞིན་ཉིད་གང་ཡིན་པ་དེ་དག་ནི་རེ་རེ་དང་གཉིས་ཀ་མ་ཡིན་པར་ཐེ་ཚོམ་ཟ་བ་གང་
ཡང་མེད་དོ་ཞེས་བྱ་བས་ནི་གང་ཟག་ཐམས་ཅད་ཀྱི་དེ་བཞིན་ཉིད་ཀྱི་དབང་གིས་དེ་བཞིན་གཤེགས་པ་གཅིག་པ་ཉིད་དུ་སྟོན་ཏེ། །ངོ་བོ་ཉིད་དམ་གཉི་གའི་ངོ་བོ་ཉིད་གང་ཡིན་པ་དེ་ནི་དེ་བཞིན་ཉིད་ཀྱི་ངོ་བོ་ཉིད་མ་ཡིན་ནོ་ཞེས་བྱ་བའི་ཐ་ཚིག་གོ། །ཆོས་ཐམས་ཅད་ནི་རྣམ་པ་མེད་པ་
མཚན་མ་མེད་པ་རྟགས་མེད་པ་ཞེས་བྱ་བ་ནི་དེ་བཞིན་ཉིད་ལ་རྣམ་པ་མེད་པའི་ཕྱིར་རོ། །བཅོམ་ལྡན་འདས་གལ་ཏེ་ཆོས་ཐམས་ཅད་རྣམ་པ་མ་མཆིས་པ་ལགས་ན་ཞེས་བྱ་བ་ལ་སོགས་པས་འདི་སྐད་སྟོན་ཏེ། གལ་ཏེ་རྣམ་པ་མེད་ཅིང་མཚན་མ་མེད་ན། ཇི་ལྟར་ཕྱིར་མི་ལྡོག་
པའི་རྣམ་པ་དང་མཚན་མ་བཤད་ཅེས་བྱ་བའི་ཐ་ཚིག་གོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་གཟུགས་ལས་ཕྱིར་ལྡོག་པ་ཞེས་བྱ་བ་ལ་སོགས་པས་རྣམ་པ་མེད་པར་ཤེས་པ་ཉིད་རྟགས་ཡིན་ནོ་ཞེས་སྟོན་ཏེ། གཟུགས་ཀྱི་རྣམ་པ་དང་། གཟུགས་
ཀྱི་རྟགས་ལས་ཕྱིར་ལྡོག་པ་ཞེས་བྱའོ། །ཤེས་པར་བྱ་བ་ཤེས་པའོ་ཞེས་བྱ་བ་ནི་ཤེས་བྱ་ཤེས་པའོ། །བལྟ་བར་བྱ་བ་མཐོང་བའོ་ཞེས་བྱ་བ་ནི་ལྟ་བ་མཐོང་བའོ། །ངོ་མཚར་དང་བཀྲ་ཤིས་ཀྱིས་དག་པར་མི་འཛིན་ཞེས་བྱ་བ་ལ་བཀྲ་ཤིས་དང་ངོ་མཚར་གྱི་བཀྲ་ཤིས་ནི་
བསམས་པ་ཙམ་གྱིས་བྱས་པ་སྟེ། ཁྲུས་དང་སྨྱུང་བར་འདུག་པ་དང་མངོན་པར་འཇུག་པ་དང་མུ་སྟེགས་དང་། མཆོད་སྦྱིན་ལ་སོགས་པས་ཞེས་བྱ་བའི་ཐ་ཚིག་གོ། །ཕྱིར་མི་ལྡོག་པའི་མཚན་མ་ཐམས་ཅད་ནི་བརྡ་ཕྲད་སླའོ། །ས་དང་པོ་ཐོབ་པ་ཉིད་ཀྱིས་ཕྱིར་མི་ལྡོག་པར་
འགྱུར་མོད་ཀྱི་འོན་ཀྱང་ས་བརྒྱད་པ་ལ་ཕྱིར་ལྡོག་པར་འགྱུར་བ་གཉིས་པ་ཡང་བསྟན་ཏོ། །ཕྱིར་ལྡོག་པ་དང་ཕྱིར་མི་ལྡོག་པ་ཞེས་བྱ་བ་ལ་ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་ལས་ཕྱིར་ལྡོག་པས་ཕྱིར་ལྡོག་པའོ། །སངས་རྒྱས་ཀྱི་ས་ལས་ཕྱིར་མི་ལྡོག་པས་ཕྱིར་མི་ལྡོག་པ་ཞེས་

བྱའོ། །དེ་ལྟར་ཕྱིར་མི་ལྡོག་པའི་ཡོན་ཏན་རྣམས་ཐོས་ནས་ཕྱིར་མི་ལྡོག་པར་འདོད་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དོན་དུ་གནས་བརྟན་རབ་འབྱོར་གྱིས་ཟབ་ཅིང་ཟབ་པའི་གནས་རྣམས་ཞུས་པ། བཅོམ་ལྡན་འདས་གནས་ཟབ་མོ་རྣམས་ལེགས་པར་བསྟན་དུ་གསོལ་ཞེས་
བྱའོ། །འདི་མན་ཆད་ནི་གནས་བརྟན་རབ་འབྱོར་གྱིས་ཞུ་བ་ཉིས་བརྒྱ་བདུན་ཅུ་རྩ་བདུན་གྱིས་ཟབ་མོའི་གནས་ཞུས་པ་དང་། བཅོམ་ལྡན་འདས་ཀྱིས་ཀྱང་ལན་གླན་པ་འབྱུང་སྟེ། དེ་ལ་བཅོམ་ལྡན་འདས་གནས་ཟབ་མོ་ཟབ་མོ་རྣམས་ལེགས་པར་བསྟན་དུ་གསོལ་ཞེས་བྱ་བ་ནི་ཞུས་
པ་དང་པོའོ། །བཅོམ་ལྡན་འདས་ཅི་ལགས་དེ་མྱ་ངན་ལས་འདས་པའི་ཚིག་བླ་དགས་སུ་བས་ཀྱི། ཆོས་ཐམས་ཅད་ཀྱི་ཚིག་བླ་དགས་མ་ལགས་སམ་ཞེས་བྱ་བ་ནི་གཉིས་པའོ། །བཅོམ་ལྡན་འདས་གཟུགས་ཀྱི་དེ་བཞིན་ཉིད་ནི་ཇི་ལྟ་བུ་ལགས་ཞེས་བྱ་བ་ལ་སོགས་པས་ནི་
གསུམ་པའོ། །བཅོམ་ལྡན་འདས་ཅི་ལགས་མངོན་པར་འདུ་བགྱིད་པ་ཐམས་ཅད་ནི་ཀུན་བརྟགས་པའོ་ཞེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ན་ཞེས་བྱ་བ་ལ་སོགས་པ་ནི་བཞི་པའོ། །བཅོམ་ལྡན་འདས་གྲངས་མ་མཆིས་པ་དང་དཔག་ཏུ་མ་མཆིས་པ་དང་ཚད་མ་མཆིས་པ་ལ་
བྱེ་བྲག་ནི་ཅི་ཞིག་མཆིས་ཞེས་བྱ་བ་ནི་ལྔ་པའོ། །བཅོམ་ལྡན་འདས་རྣམ་གྲངས་གང་གིས་གཟུགས་ཀྱང་གྲངས་མ་མཆིས་པར་འགྱུར་བ་དེ་ལྟ་བུ་མཆིས་སམ་ཞེས་བྱ་བ་ལ་སོགས་པ་ནི་དྲུག་པའོ། །བཅོམ་ལྡན་འདས་ཅི་ལགས་གཟུགས་འབའ་ཞིག་སྟོང་དུ་བས་ཀྱི་ཞེས་བྱ་བ་ལ་
སོགས་པ་ནི་བདུན་པའོ། །བཅོམ་ལྡན་འདས་བརྗོད་དུ་མ་མཆིས་པའི་དོན་ལ་འཕེལ་བ་དང་ཡོངས་སུ་འགྲིབ་པ་མ་མཆིས་སམ་ཞེས་བྱ་བ་ནི་བརྒྱད་པའོ། །བཅོམ་ལྡན་འདས་གལ་ཏེ་བརྗོད་དུ་མ་མཆིས་པའི་དོན་ལ་འཕེལ་བ་དང་ཡོངས་སུ་འགྲིབ་པ་མ་མཆིས་ན་ཞེས་བྱ་བ་ལ་
སོགས་པ་ནི་དགུ་པའོ། །བཅོམ་ལྡན་འདས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཇི་ལྟ་བུ་ལགས་ཞེས་བྱ་བ་ནི་བཅུ་པའོ། །བཅོམ་ལྡན་འདས་ཇི་ལྟར་ན་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ཇི་ལྟ་བུ་ཞིག་ཅེས་བྱ་བ་ནི་བཅུ་གཅིག་པའོ། །བཅོམ་ལྡན་འདས་ཅི་ལགས་

སེམས་དང་པོ་བསྐྱེད་པས་ཞེས་བྱ་བ་ལ་སོགས་པ་ནི་བཅུ་གཉིས་པའོ། །བཅོམ་ལྡན་འདས་བཅུ་པོ་གང་དག་ཡོངས་སུ་རྫོགས་པར་བགྱིས་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བྱ་བ་ལ་སོགས་པ་ནི་བཅུ་གསུམ་པའོ། །བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོ་སེམས་ཅན་རྣམས་ཀྱི་དོན་དུ་ཏིང་ངེ་འཛིན་གསུམ་ལ་སྙོམས་པར་འཇུག་ཅིང་ཞེས་བྱ་བ་ནི་བཅུ་བཞི་པའོ། །ཇི་ལྟར་ན་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བགྱིད་ཅིང་ཞེས་བྱ་བ་ནི་བཅོ་ལྔ་པའོ། །ཇི་ལྟར་སྟོང་པ་ཉིད་ལ་ཡོངས་སུ་འདྲིས་པར་བགྱི་ཞེས་
བྱ་བ་ནི་བཅུ་དྲུག་པའོ། །ཇི་ལྟར་ན་སྟོང་པ་ཉིད་ལ་གནས་ལ་སྟོང་པ་ཉིད་མངོན་སུམ་དུ་ཡང་མི་བགྱིད་པ་ལགས་ཞེས་བྱ་བ་ནི་བཅུ་བདུན་པའོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཚན་ཉིད་ཇི་ལྟ་བུ་ལགས་ཞེས་བྱ་བ་ནི་བཅོ་བརྒྱད་པའོ། །བཅོམ་ལྡན་འདས་
གལ་ཏེ་ཆོས་ཐམས་ཅད་ཀྱང་ཆོས་ཐམས་ཅད་ཀྱིས་དབེན་པ་ལ་ཞེས་བྱ་བ་ནི་བཅུ་དགུ་པའོ། །བཅོམ་ལྡན་འདས་ཡིད་ལ་བགྱི་བ་དེ་དག་ཐམས་ཅད་ཀྱང་རང་བཞིན་དང་བྲལ་བ་སྟེ་ཞེས་བྱ་བ་ནི་ཉི་ཤུ་པའོ། །བཅོམ་ལྡན་འདས་གལ་ཏེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རང་བཞིན་གྱིས་
དབེན་ཞིང་ཞེས་བྱ་བ་ནི་ཉི་ཤུ་གཅིག་པའོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྟོང་པ་ཉིད་དང་གསོག་ཉིད་དང་གསོབ་ཉིད་ཅེས་བྱ་བ་ནི་ཉི་ཤུ་གཉིས་པའོ། །སྐབས་འདིར་བར་སྐབས་སུ་ཞུས་པ་བཅུའོ། །བཅོམ་ལྡན་འདས་ཅི་ལགས་ཆོས་ཐམས་ཅད་སྐྱེ་
བའི་སླད་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པར་འགྱུར་རམ་ཞེས་བྱ་བ་ནི་ཉི་ཤུ་གསུམ་པའོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཉམ་པ་ཉིད་གང་ལགས་ཞེས་བྱ་བ་ནི་ཉི་ཤུ་བཞི་པའོ། །
བཅོམ་ལྡན་འདས་ཅི་ལགས་གཟུགས་བས་པར་བགྱི་བའི་སླད་དུ་སློབ་ན་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་སློབ་པ་ལགས་སམ་ཞེས་བྱ་བ་ནི་ཉི་ཤུ་ལྔ་པའོ། །བཅོམ་ལྡན་འདས་གལ་ཏེ་ཆོས་ཐམས་ཅད་རང་བཞིན་གྱིས་ཡོངས་སུ་དག་པ་ལགས་ན་ཞེས་བྱ་བ་ནི་ཉི་ཤུ་དྲུག་

པའོ། །བཅོམ་ལྡན་འདས་ཅི་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཕུན་སུམ་ཚོགས་པ་ཡང་དེས་ཐོབ་པར་བགྱི་འམ་ཞེས་བྱ་བ་ནི་ཉི་ཤུ་བདུན་པའོ། །བཅོམ་ལྡན་འདས་ཇི་ལྟར་ན་སྒྱུ་མ་ལྟ་བུའི་སེམས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་
རྫོགས་པར་འཚང་རྒྱ་བར་འགྱུར་བ་ལགས་ཞེས་བྱ་བ་ནི་ཉི་ཤུ་བརྒྱད་པའོ། །ཇི་ལྟར་ན་དབེན་པས་དབེན་པ་རྗེས་སུ་རྟོགས་པར་འགྱུར་ཞེས་བྱ་བ་ནི་ཉི་ཤུ་དགུ་པའོ། །བཅོམ་ལྡན་འདས་སངས་རྒྱས་བཅོམ་ལྡན་འདས་དེ་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སླར་
ལྡོག་པ་འམ། སླར་མི་ལྡོག་པ་གང་དག་གི་མིང་ཡོངས་སུ་བརྗོད་ཅིང་དགའ་བའི་ཚུལ་གྱིས་ཆོས་སྟོན་པར་མཛད་ཅེས་བྱ་བ་ནི་སུམ་ཅུ་པའོ། །བཅོམ་ལྡན་འདས་དེ་བཞིན་ཉིད་དུ་གནས་ནས་དེ་བཞིན་ཉིད་དུ་ནན་ཏན་བགྱིས་ཏེ་ཞེས་བྱ་བ་ནི་སུམ་ཅུ་གཅིག་པའོ། །བཅོམ་ལྡན་
འདས་གང་དེ་བཞིན་གཤེགས་པའི་སྤྲུལ་པ་ཞེས་བགྱི་བ་ཞེས་བྱ་བ་ནི་སུམ་ཅུ་གཉིས་པའོ། །བཅོམ་ལྡན་འདས་ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཇི་ལྟར་མངོན་པར་བསྒྲུབ་པར་བགྱི་ཞེས་བྱ་བ་ནི་སུམ་ཅུ་གསུམ་པའོ། །བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་
སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ནི་སུམ་ཅུ་བཞི་པའོ། །བཅོམ་ལྡན་འདས་ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ནི་
སུམ་ཅུ་ལྔ་པའོ། །ཇི་ལྟར་ན་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ནི་སུམ་ཅུ་དྲུག་པའོ། །ཇི་ལྟར་ན་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ནི་སུམ་ཅུ་བདུན་པའོ། །ཇི་ལྟར་ན་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ནི་སུམ་
ཅུ་བརྒྱད་པའོ། །ཇི་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ནི་སུམ་ཅུ་དགུ་པའོ། །ཇི་ལྟར་ན་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ནི་བཞི་བཅུ་པའོ། །ཇི་ལྟར་ན་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ནི་བཞི་བཅུ་

གཅིག་པའོ། །ཇི་ལྟར་ན་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ནི་བཞི་བཅུ་གཉིས་པའོ། །ཇི་ལྟར་ན་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ནི་བཞི་བཅུ་གསུམ་པའོ། །ཇི་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ནི་བཞི་བཅུ་བཞི་པའོ། །ཇི་ལྟར་ན་བཟོད་
པའི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ནི་བཞི་བཅུ་ལྔ་པའོ། །ཇི་ལྟར་ན་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ནི་བཞི་བཅུ་དྲུག་པའོ། །ཇི་ལྟར་ན་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ནི་བཞི་བཅུ་བདུན་པའོ། །ཇི་ལྟར་ན་
བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ནི་བཞི་བཅུ་བརྒྱད་པའོ། །ཇི་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ནི་བཞི་བཅུ་དགུ་པའོ། །ཇི་ལྟར་ན་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ནི་ལྔ་བཅུ་པའོ། །ཇི་ལྟར་
ན་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ནི་ལྔ་བཅུ་གཅིག་པའོ། །ཇི་ལྟར་ན་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ནི་ལྔ་བཅུ་གཉིས་པའོ། །ཇི་ལྟར་ན་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ནི་ལྔ་བཅུ་གསུམ་པའོ། །ཇི་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་
ཞེས་བྱ་བ་ནི་ལྔ་བཅུ་བཞི་པའོ། །ཇི་ལྟར་ན་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ནི་ལྔ་བཅུ་ལྔ་པའོ། །ཇི་ལྟར་ན་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ནི་ལྔ་བཅུ་དྲུག་པའོ། །ཇི་ལྟར་ན་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་
ཞེས་བྱ་བ་ནི་ལྔ་བཅུ་བདུན་པའོ། །ཇི་ལྟར་ན་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ནི་ལྔ་བཅུ་བརྒྱད་པའོ། །ཇི་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ནི་ལྔ་བཅུ་དགུ་པའོ། །ཇི་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་ཤིང་སྦྱིན་པའི་ཕ་རོལ་ཏུ་
ཕྱིན་པ་ཞེས་བྱ་བ་ནི་དྲུག་ཅུ་པའོ། །ཇི་ལྟར་ན་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ནི་དྲུག་ཅུ་གཅིག་པའོ། །ཇི་ལྟར་ན་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ནི་དྲུག་ཅུ་གཉིས་པའོ། །ཇི་ལྟར་ན་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ནི་དྲུག་ཅུ་གསུམ་པའོ། །

ཇི་ལྟར་ན་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་ནི་དྲུག་ཅུ་བཞི་པའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཐབས་མཁས་པ་དེ་ལྟ་བུ་དང་ལྡན་པ་དེ་ཡུན་རིང་པོ་ཇི་སྲིད་ཅིག་ནས་ཡང་དག་པར་ཞུགས་པ་ལགས་ཞེས་བྱ་བ་ནི་དྲུག་ཅུ་ལྔ་
པའོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཐབས་མཁས་པ་དེ་ལྟ་བུ་དང་ལྡན་པ་དེས་སངས་རྒྱས་ཇི་སྙེད་ཅིག་བསྙེན་བཀུར་བགྱིས་པ་ལགས་ཞེས་བྱ་བ་ནི་དྲུག་ཅུ་དྲུག་པའོ། །དགེ་བའི་རྩ་བ་ཇི་ཙམ་ཞིག་བསྐྱེད་པ་ལགས་ཞེས་བྱ་བ་ནི་དྲུག་ཅུ་
བདུན་པའོ། །བཅོམ་ལྡན་འདས་གལ་ཏེ་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པ་ལགས་ན་ཇི་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཞེས་བྱ་བ་ནི་དྲུག་ཅུ་བརྒྱད་པའོ། །བཅོམ་ལྡན་འདས་གལ་ཏེ་དོན་གྱི་རྗེས་སུ་ཞུགས་པའི་ཆོས་གང་ཡང་བྱེ་བྲག་གམ་ཐ་དད་དུ་
བགྱི་བ་མ་མཆིས་ན། ཇི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཕ་རོལ་ཏུ་ཕྱིན་པ་ལྔ་པོ་དག་གི་རབ་ཅེས་བྱ་བ་ནི་དྲུག་ཅུ་དགུ་པའོ། །བཅོམ་ལྡན་འདས་ཅི་ལགས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཆོས་གང་ཡང་ཡོངས་སུ་འཛིན་པའམ་གཏོང་བ་མ་མཆིས་སམ་ཞེས་བྱ་བ་ནི་བདུན་
ཅུ་པའོ། །བཅོམ་ལྡན་འདས་ཇི་ལྟར་ན་གཟུགས་ཡོངས་སུ་མ་བཟུང་མ་བཏང་བ་ལགས་ཞེས་བྱ་བ་ནི་བདུན་ཅུ་གཅིག་པའོ། །བཅོམ་ལྡན་འདས་གལ་ཏེ་གཟུགས་ཡིད་ལ་མི་བགྱི་ཞེས་བྱ་བ་ནི་བདུན་ཅུ་གཉིས་པའོ། །བཅོམ་ལྡན་འདས་ཅིའི་སླད་དུ་འདི་ལྟར་གཟུགས་ཡིད་
ལ་མི་བགྱི་ཞེས་བྱ་བ་ནི་བདུན་ཅུ་གསུམ་པའོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་པ་གང་ལ་གནས་པར་མི་འགྱུར་བ་ལགས་ཞེས་བྱ་བ་ནི་བདུན་ཅུ་བཞི་པའོ། །བཅོམ་ལྡན་འདས་ཅིའི་སླད་དུ་བྱང་ཆུབ་
སེམས་དཔའ་གཟུགས་ལ་གནས་པར་མི་འགྱུར་ཞེས་བྱ་བ་ནི་བདུན་ཅུ་ལྔ་པའོ། །བཅོམ་ལྡན་འདས་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་སྐྱོན་འདི་དག་མ་མཆིས་པར་འགྱུར་བ་ལགས་ཞེས་བྱ་བ་ནི་བདུན་ཅུ་དྲུག་པའོ། །

བཅོམ་ལྡན་འདས་གལ་ཏེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མ་བྲལ་བ་ལགས་སམ་ཞེས་བྱ་བ་ནི་བདུན་ཅུ་བདུན་པའོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ལམ་ནི་གང་ལགས་ལམ་མ་ལགས་པ་ནི་གང་ལགས་ཞེས་
བྱ་བ་ནི་བདུན་ཅུ་བརྒྱད་པའོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པས་ཇི་ལྟར་སྦྱིན་པ་སྦྱིན་པར་བགྱི་ཞེས་བྱ་བ་ནི་བདུན་ཅུ་དགུ་པའོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཇི་ལྟར་ཕ་རོལ་ཏུ་ཕྱིན་པ་
དྲུག་ལ་བརྩོན་པར་བགྱི་ཞེས་བྱ་བ་ནི་བརྒྱད་ཅུ་པའོ། །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ་ཞེས་གསུངས་པ་ལགས་སམ་ཞེས་བྱ་བ་ནི་བརྒྱད་ཅུ་གཅིག་པའོ། །བཅོམ་ལྡན་འདས་སངས་རྒྱས་བཅོམ་ལྡན་
འ